འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན་གྱི་ངོར་གནང་བ།
རྗེ་འཆི་མེད་པདྨའི་མཛད་པ་དྲན། །སྐྱབས་ཨོ་རྒྱན་གུ་རུའི་བཀའ་དྲིན་དྲན། །སྤྱིར་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་དྲན། །སྒོས་སྒྲུབ་བརྒྱུད་གོང་མའི་ངོ་མཚར་དྲན། །བདག་སྙིང་ནས་གུས་པས་གསོལ་བ་འདེབས། །མགོན་ཐུགས་རྗེ་མ་ཆུང་བྱིན་གྱིས་རློབས། །གནས་གཡའ་གངས་བྲག་རི་ནགས་ཁྲོད་འགྲིམ། །ཟས་ཆགས་མེད་ཞེན་མེད་ཚོགས་སུ་རོལ། །གོས་དྲོ་འཁྱག་བཟོད་ཙམ་གང་བྱུང་གྱོན། །གྲོགས་དམ་ཚིག་གཙང་བ་སུ་རྙེད་འགྲོགས། །ལས་བླང་དོར་མེད་པར་ཐད་ཀར་སྤྱོད། །ཚུལ་འདི་འདྲ་བྱེད་པའི་མི་རེ་སྐྱིད། །དོན་འདི་མཐའ་འཁྱོལ་ན་དགའ་བ་ལ། །ཕ་གུ་རུའི་བཀའ་ལུང་མ་གཏོགས་པ། །གཞན་ཚུལ་འཆོས་བྱ་བཞག་བློ་ཡིས་བཏང་། །དུས་དེ་འདྲའི་སྐབས་སུ་སླེབ་ཙ་ན། །ཚིག་ཐ་སྙད་རྗེས་སུ་མ་འབྲང་ཡང་། །དོན་ཀུན་བཟང་དགོངས་པ་སྙིང་ལ་ཤར། །བློ་རེ་དོགས་མདུད་པ་ལོང་ནས་གྲོལ། །སེམས་གང་ཤར་ཆོས་སྐུའི་དབྱིངས་སུ་གནས། །གདིང་རང་བྱུང་རིག་པའི་ངང་དུ་འཆའ། །འཁྲུལ་རྟོག་ཚོགས་ཉོན་མོངས་སྤྲིན་གཏིབས་ཀྱང་། །དབྱིངས་ཀ་དག་མཁའ་ལས་གཡོས་པ་མེད། །ཕན་མ་བཏགས་གནོད་པ་མ་བསྐྱལ་ཞིང་། །ཀུན་མ་སྤངས་ཡེ་ཤེས་རོལ་པའི་རྒྱན། །ཕར་དགག་བྱའི་དོགས་པ་གཏིང་ནས་སངས། །ཚུར་བསྒྲུབ་བྱའི་རེ་བ་རྩད་ནས་ཟད། །ཤར་གྲོལ་ལ་ཡེ་
ཤེས་རེ་བ་དང་། །འགྱུ་སྟོང་ལ་ཆོས་སྐུར་གདགས་པ་དང་། །འཛིན་སྟངས་ལ་རྟོགས་པར་རློམས་པ་སོགས། །འཕྲང་ཆེ་ཆུང་ལ་རྩལ་མཆངས་རྒྱས་ནས་སུ། །ཚིག་འདི་ཐོས་མེད་པར་དོན་རྩ་གོ། །ངོ་སུས་སྤྲད་མེད་པར་རང་ཞལ་མཇལ། །ལམ་འདིར་བགྲོད་མེད་པར་ དགོས་སར་སླེབ། །བདག་རང་རྒྱུས་མེད་པ ་དགོད་བག་བྲོ། །མཁའ་སྤྲིན་བྲལ་ལྟ་བུའི་ཀ་དག་དབྱིངས། །ཟང་ཐལ་གྱི་རིག་པ་འོད་གསལ་བ། །ཡེ་གདོད་ནས་འདུ་འབྲལ་མེད་པའི་གཤིས། །འཁྲུལ་བ་དང་གྲོལ་བ་མིང་དུ་ཟད། །འཁོར་བ་དང་མྱང་འདས་བཏགས་པ་ཙམ། །གཉིས་འཛིན་ཏུ་སྣང་བ་འཁྲུལ་པའི་སེམས། །སེམས་གདོད་མའི་གཤིས་སུ་གྲུབ་མ་མྱོང་། །གྲུབ་པའི་དབྱིངས་སུ་ལ་ཟློ་བ། །ང་སྤྲང་འཆལ་རྣལ་འབྱོར་ཁྱད་ཆོས་ཏེ། །གཞན་ཕལ་པའི་བློ་ལ་མ་ཤོང་ཡང་། །རྗེ་པདྨའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་ཀྱི་རིག་འཛིན་ཡིན་པའི་རྟགས། །དཔལ་ཨོ་རྒྱན་ཡབ་ཡུམ་བྱིན་བརླབ་པ། །གནས་ངོ་མཚར་དཀར་མོ་སྟག་ཚང་དུ། །ཉམས་སྣང་བ་དགའ་བའི་གླུ་རུ་བླངས། །ཚིག་འདི་ཡང་ཐོས་གྲོལ་དུས་མཉམ་ཤོག །གུ་ས་སོ། །
ན་མོ་གུ་རུ་བེ། །དལ་འབྱོར་ལན་གཅིག་ཐོབ་འདིར་དུད་འགྲོ་ལྟར། །ཡེངས་མ་ལམ་དུ་ཆུད་ཟོས་མི་བཏང་བར། །ཕྱི་མའི་དོན་བསྒྲུབས་དེ་ལ་གྲངས་མང་ཡང་། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཁོ་ནར་དྲིལ། །དེ་ཡི་སྲོག་རྩ་དྲན་དང་ཤེས་བཞིན་བསྟེན། །དེ་དོན་མཐར་ཐུག་ཕྱག་ཆེན་རྫོགས་ཆེན་ལགས། །བློ་སྣ་མི་མང་བརྩོན་འགྲུས་མཐར་ཕྱིན་ན། །ཚེ་གཅིག་ཐར་པའི་ལམ་བཟང་བགྲོད་པར་འགྱུར། ཅེས་འབྲས་ལྗོངས་བླ་མ་ཨོ་རྒྱན་བསྙན་འཛིན་གྱི་ཐུགས་བཞེས་ལྟར་བློ་གྲོས་མཐའ་ཡས་ཀྱིས་ཕུལ་བ་དགེ། །འདིར་སྣང་སྒྱུ་མའི་ཆོས་ལ་བློ་གཏད་སྤངས། །གཉིས་འཛིན་འཁྲུལ་པའི་རྩ་བ་རྨིངས་ནས་ཤིགས། །ཉམས་ལམ་ཞེན་རྟོགས་པའི་གདིང་ཆེན་ཚོགས། །སྒོམ་མེད་རྟོགས་ཀྱང་ཡེངས་མེད་དྲན་པ་བསྟེན། །མོས་གུས་སྙིང་རྗེ་ཐང་ལྷོད་མ་ཤོར་འཚལ། །གདམས་ངག་ཉམས་ལེན་གནད་བསྡུས་དེ་ལ་མཛོད། གུ་ས་སོ། །