Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of ཀུན་གྱི་རྣམ་ཤེས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
མི་ཏྲ་བརྒྱ་རྩའི་དབང་བཤད་སྐལ་ལྡན་ཡིད་ཀྱི་ངལ་གསོ།
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of ཀུན་གྱི་རྣམ་ཤེས་
[Clear Hits]

 
previousམི་ཏྲ་བརྒྱ་རྩའི་དབང་བཤད་སྐལ་ལྡན་ཡིད་ཀྱི་ངལ་གསོ།next

མི་ཏྲ་བརྒྱ་རྩའི་དབང་བཤད་སྐལ་ལྡན་ཡིད་ཀྱི་ངལ་གསོ།


LT39_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཏྲ་བརྒྱ་རྩའི་དབང་བཤད་སྐལ་ལྡན་ཡིད་ཀྱི་ངལ་གསོ་ཞེས་བྱ་བ་བཞུགས་སོ། །


LT39_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འོ་རིགས་ཀྱི་བུ་སྐལ་བ་དང་ལྡན་པ་རྣམས་གསན་འཚལ། དེ་ཡང་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཟབ་མོའི་ཤེས་རབ་ཡིན་ཅིང་། དེའི་ཡང་སྔོན་དུ་ལྷག་པའི་བསམ་པ་འགྲོ་དགོས། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་དཀར་པོའི་ཕྱོགས་ཀྱི་ཡོན་ཏན་མཐའ་དག་དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་། དེ་ཉིད་ཀྱི་གདམས་བྱའི་གཙོ་བོ་བྱང་ཆུབ་ཀྱི་སེམས་བཟང་པོ་ཁོ་ན་ལགས་ཏེ། དེ་ལ་མ་བསྟེན་པར་སངས་རྒྱས་ཐོབ་མི་ནུས་པས་ན། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མཐའ་གཉིས་ལ་མི་གནས་པ་ཟུང་འཇུག་གི་སྐུ་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་གསང་ལམ་ཟབ་མོ་ལ་


LT39_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་བགྱི་བའི་ཐོག་མར་དབང་བསྐུར་ཞུའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་རེ་མཛོད་ལ་གསན་པར་ཞུ། དེ་ཡང་འོ་སྐོལ་རྣམས་མ་རིག་པས་བསྐྱེད་པའི་ལས་ཀྱི་ཤུགས་དྲག་པོས་སྐྱེ་བ་གྲངས་མེད་པ་ཞིག་ཏུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཕངས་ཏེ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པས་བདེ་བའི་བར་མཚམས་མེད་པར་གདུང་ཞིང་། ད་དུང་ཡང་མི་ལུས་ཐོབ་ཏུ་ཟིན་ཀྱང་དེ་ལ་སྙིང་པོ་ལོན་པའི་དམ་ཆོས་རྣམ་དག་ཅིག་བསྒྲུབ་མ་ནུས་ཕྱིན་སྔར་སྐྱེས་པའི་སྐྱེ་བའི་གྲངས་ལས་ཀྱང་མང་བའི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་མེད་པ་ཞིག་མྱོང་བ་ལས་འོས་མེད། དེ་ཐམས་ཅད་བློ་ཆོས་སུ་མ་


LT39_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བས་ལན། དེ་ཡང་རྒྱུ་དད་བརྩོན་ཤེས་རབ། རྐྱེན་བླ་མ་དང་དམ་ཆོས་རྣམ་དག་མ་འཕྲད་པས་ལན་པ་ཡིན་ལ། ད་རེས་ཀྱི་སྐབས་འདིར་སྐྱེ་བ་གཞན་ཏུ་འཕེན་རྫོགས་གཅིག་ཏུ་དགེ་བའི་ལས་ཀྱི་འབྲས་བུ་བཟང་པོ་ལ་སྤྱོད་པས་ཆོས་སྒྲུབ་པའི་མཐུན་རྐྱེན་མ་ཚང་བ་མེད་པས་འབྱོར་པར་མ་ཟད། གསང་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་པའི་སྐལ་པ་དང་ལྡན་པ་ནི་བསགས་རྒྱབ་ཕུན་སུམ་ཚོགས་པ་ཡིན་པས་ན། སེམས་གཞན་ཏུ་གཡེངས་ཤིང་རྣམ་རྟོག་གི་ཕྲེང་བ་ལུ་གུ་རྒྱུད་དུ་འབྱམས་པ་སོགས་བརྗེད་ངས་པའི་བློ་སྤངས་ནས་དད་པ་དང་མོས་པའི་སྤོབས་པ་བསྐྱེད། དམིགས་པ་བརྡ་སྤྲད་པ་རྣམས་རེ་རེ་བཞིན་གསལ་ཐེབས་པར་བྱ། ཕྱིའི་སྤྲོས་བཅས་རྫས་ཀྱི་དབང་བསྐུར་བ་ལ་དབང་དུ་རེ་བ་ཙམ་མ་ཡིན་པར་ནང་ཏིང་ངེ་འཛིན་གྱི་དབང་ཡོངས་སུ་ལེན་པའི་སྙིང་སྟོབས་མི་ཞུམ་པར་དགོས། དེ་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་བརྗོད་བྱ་བསླབ་པ་གསུམ་དང་། རྗོད་བྱེད་སྡེ་སྣོད་གསུམ་དུ་འདུ་ཞིང་། གསུམ་ཀའང་གང་ཟག་གཅིག་གི་རྒྱུད་ལ་ཚང་ཞིང་རྫོགས་པ་ན་ཉོན་མོངས་པའི་རྩ་བ་མ་ལུས་པ་དྲུངས་ནས་འབྱིན་ཏེ། དོན་གཉིས་མཐར་ཕྱིན་པའི་བྱང་ཆུབ་དམ་པ་མངོན་ཏུ་འགྱུར་ལ། རྫོགས་ཚུལ་སོ་ཐར་ནས་བརྩམས་ཏེ་ཡར་ལྡན་དུ་རྫོགས་པ་དང་། སྔགས་སྡོམ་གྱི་


LT39_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་འོག་མ་གཉིས་པོ་ཞར་བྱུང་དུ་རྫོགས་པའི་ཚུལ་གཉིས་སུ་མཆིས་ཀྱང་གསུམ་ཀའི་སྙིང་པོར་གྱུར་པ་ནི་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཅེས་བྱ་བ། སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་གསང་ཆེན་དུ་གྱུར་པ་འདི། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་གསུམ་གྱིས་འཕགས་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས་ཐེག་དམན་ནི་ཐབས་མི་ཤེས་པས་དབང་པོ་བརྟུལ་བའི་ཕྱིར་ཉན་རང་གི་བྱང་ཆུབ་ལས་མི་ཐོབ། ཕར་ཕྱིན་པ་ནི་ཐབས་ལ་འཁྲུལ་བས་དབང་པོ་འབྲིང་སྟེ་མགོ་དང་རྐང་ལག་སྦྱིན་པ་སོགས་དཀའ་བ་དུ་མ་དང་བཅས་གྲངས་མེད་ཀྱི་བསྐལ་པ་མང་པོའི་མཐར་བྱང་ཆུབ་ཐོབ་པར་འདོད། སྔགས་པས་ནི་རྒྱུའི་རྒྱུད་ཁམས་དྲུག་ལྡན་པའི་རྟེན་གྱི་གང་ཟག་གིས། ཐབས་ཀྱི་རྒྱུད་ལས་རིམ་ཟབ་མོ་གཞན་གྱིས་སྤྱད་ན་ངན་སོང་དུ་འགྲོ་བའི་ལས་ཀྱང་ཟབས་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཐོབ་པའི་རྒྱུར་འགྱུར་བར་ནུས་པས། འབྲས་བུའི་རྒྱུད་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་རྣམ་བཅས་རྣམ་པ་དང་བྲལ་བ་བདེ་བ་ཆེན་པོ་ཉིད། །དབང་རབ་བརྩོན་འགྲུས་དང་ལྡན་པས་


LT39_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདིར་མངོན་དུ་བྱེད་པ་ནི། དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱེད་པ་ཀུན། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་དང་། དབང་པོ་འབྲིང་བརྩོན་འགྲུས་དང་མི་ལྡན་ཡང་ལྟུང་བ་མེད་ན་སྐྱེ་བ་གསུམ་མམ་བདུན་ན་འཚང་རྒྱ་སྟེ། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ནས་ནི། །མ་བསྒོམས་པར་ཡང་སངས་རྒྱས་ཐོབ། །ཞེས་དང་དབང་པོ་ཐ་མ་བློ་ཤིན་ཏུ་དམན་པ་དག་ཀྱང་སྔགས་ལ་ཞུགས་ནས་ལྟུང་བ་མ་ཕོག་ན་སྒོམ་མ་ནུས་ཀྱང་སྐྱེ་བ་བཅུ་དྲུག་ན་འབྲས་བུ་ཐོབ་སྟེ། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་སོ། །དེའང་བདག་ཅག་གི་སྟོན་པ་འདི་ཉིད་གཞི་གདོད་མའི་དབྱིངས་སུ་རིག་པའི་ཡེ་ཤེས་རང་ཤར་བས་ཆོས་ཐམས་ཅད་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་བྱང་ཆུབ་ནས་རང་སྣང་གི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་བཀོད་ནས་ཐོག་མཐའ་མེད་པར་ཆོས་ཆེན་དབྱངས་ཀྱིས་ཁམས་སྣ་ཚོགས་པའི་སྒྲིབ་པ་དྲལ་བར་མཛད་ཅིང་། གདུལ་བྱ་དག་མ་དག་སྣ་ཚོགས་པའི་ངོར། འགྲོ་འདུལ་སྤྲུལ་པའི་ཞིང་རྣམས་སུ་


LT39_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དུ་གཤེགས་བཞུགས་འབྱོན་པའི་རྡོ་རྗེ་འཆང་གང་འབུལ་ཞི་ཁྲོའི་རོལ་པ་མ་འགག་པར་སྣང་བས་དུས་དང་ཚད་མ་ངེས་པར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་པར་གསུངས་པ་རྣམས་ཀྱང་བགྲོད་གཅིག་ལ་དགོངས་ཏེ་ལམ་གྱི་རྒྱུད་གཅིག་ནས། ཉོན་མོངས་པ་དུ་མའི་གཉེན་པོར་དགོངས་ཏེ་རིགས་མཐའ་ཡས་པའི་བར་དུ་དབྱེ་བསྡུ་ཇི་སྙེད་ཅིག་མཆིས་པ་ལས་སྦྱང་བྱ་མི་རིགས་བཞི། འདོད་ཆགས་བཞི། ཉོན་མོངས་བཞི། གྲུབ་མཐའ་སྨྲ་བ་བཞི། བློའི་ཁྱད་པར་བཞི་ལ་སོགས་པ་ལ་དགོངས་ནས་གསུངས་པའི་གཏན་ཚིག་གིས། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་གསུངས་པ་ལྟར་རྒྱུད་སྡེ་བཞིར་འདུ་བར་བཞེད། དེ་ལ་བྱ་རྒྱུད་ནི། སྟོན་པ་མཆོག་གི་སྤྲུལ་སྐུས་གནས་འོག་མིན་ཆུང་ངུ་དང་རི་རབ་ཀྱི་རྩེ་མོ་ལ་སོགས་པར་འཁོར་གྱི་དཀྱིལ་འཁོར་ལ་བགོད་པ་དང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ལ་གསུངས། སྤྱོད་རྒྱུད་ནི། སྟོན་པ་མཆོག་གི་སྤྲུལ་སྐུས་གནས་མེ་ཏོག་གི་རྒྱན་བཀོད་པ་དང་། དེའི་ཞིང་ཁམས་བར་མ་ལྕང་ལོ་ཅན་ལ་སོགས་པར་འཁོར་གོང་དང་མཚུངས་པར་གསུངས།


LT39_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ག་ནི། བཏགས་པའི་ལུས་བཀའ་ཐུབ་ཀྱི་གནས་སུ་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་ཏུ་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་བྱང་ལྔས་བྱིན་གྱིས་བརླབས་ནས་རྡོ་རྗེ་དབྱིངས་ཆེན་པོར་སངས་རྒྱས་ཏེ། རྡོ་རྗེ་ནོར་བུའི་ཁང་པ་དང་རྒྱ་མཚོའི་འགྲམ་ལ་སོགས་པར་འཇིག་རྟེན་པ་དང་བྱང་སེམས་ཅི་རིགས་པར་གསུངས། བླ་མེད་ལ། གཉིས་མེད་དུས་ཀྱི་འཁོར་ལོ་ནི། སྟོན་པ་སངས་རྒྱས་པའི་ཚུལ་བསྟན་ནས་ནག་པའི་ཉ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སྟེང་དུ་ཆོས་དབྱིངས་གསུངས་དབང་དང་། འོག་ཏུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ནས་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་གསུངས། ཕ་རྒྱུད་གསང་བ་འདུས་པ་ནི། ཐོ་རང་ན་འཚང་རྒྱ་བའི་ནམ་ཕྱེད་བདུད་བཏུལ་ཏེ་དགའ་ལྡན་དུ་བྱོན། དེར་སྐུའི་འབྱུང་བ་ཆེན་པོ་ལས་གཞལ་ཡས་ཁང་། ཕུང་ཁམས་ལས་དཀྱིལ་འཁོར་བཀོད་པའི་ལྷ་རྣམས་སྤྲུལ། འཁོར་ནམ་མཁས་ཁྱབ་པའི་གསོལ་བ་བཏབ་པའི་ངོར་འདོད་ཆགས་ཅན་རྗེས་སུ་བཟུང་བའི་ཕྱིར་གསུངས་པ་དང་། ཁ་ཅིག་མཉན་ཡོད་དུ་བཞུགས་པའི་ཚེ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷིས་གསོལ་བ་བཏབ་པས་སྤྱན་དྲངས་ཤིང་འདོད་ཡོན་མ་སྤངས་པར་འཚང་རྒྱ་བའི་གདམས་


LT39_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཞུས་པ་ན་དཀྱིལ་འཁོར་སྤྲུལ་བཤད་མཛད་པར་བཞེད་པ་དང་། གཤེད་སྐོར་ནི། །མངོན་པར་བྱང་ཆུབ་ཏུ་ཉེ་བ་ན་བདུད་དཔུང་གིས་བར་དུ་གཅོད་པའི་ཚེ་སྐུ་གསུང་ཐུགས་རྡོ་རྗེ་ལས་ཁྲོ་བོ་གཤིན་རྗེ་གཤེད་ཕྱུང་། བདུད་ཐམས་ཅད་བཏུལ་ནས་རྒྱུད་གསུངས། མ་རྒྱུད་བདེ་མཆོག་ནི། ཐོག་མ་མེད་པའི་དུས་དང་གཉིས་ལྡན་གྱི་དུས་སུ་སངས་རྒྱས་ཐམས་ཅད་དང་སྟོན་པ་འདི་ཉིད་སངས་རྒྱས་པས་ཀྱང་བསྟན་ཞིང་། །རྩོད་ལྡན་གྱི་དུས། དྲག་པོ་འཇིགས་བྱེད་དུས་མཚན་རྗེས་འབྲང་དང་བཅས་པས་ཡུལ་ཉེར་བཞི། དུར་ཁྲོད་བརྒྱད་ལ་དབང་བསྒྱུར་བ་དེ་འདུལ་བའི་དོན་ཏུ་སྟོན་པ་རྡོ་རྗེ་འཆང་དཔལ་ཧེ་རུ་ཀའི་རྣམ་པར་ཤར་བས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ཏེ་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པའི་འཁོར་རྣམས་ཀྱི་ངོར་རྒྱུད་གསུངས་པ་དང་། དགྱེས་པ་རྡོ་རྗེ་ནི། འཛམ་གླིང་དུ་སྤྲུལ་པའི་སྐུས་མ་ག་དྷར་བདུད་བཞི་འཇོམས་པའི་དུས་སུ་གསུངས་ཏེ། དེ་ཡང་རྡོ་རྗེ་བཙུན་མོའི་བྷ་གར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་དུ་མ་ལ་གསུངས་པ་སོགས་རྒྱུད་སྡེ་སོ་སོ་ནས་སྨོས་ཀྱིས་མི་ལོང་མཐའ་ཡས་ཤིང་། ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས་རྒྱུད་དེ་རྣམས་བསྡུས་ཏེ་གདོད་ནས་གྲུབ་པའི་


LT39_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་སུ་བཞུགས་པ་ལས་དབང་ཐོབ་ཅིང་མཆོག་བརྙེས་པའི་གྲུབ་ཆེན་བརྒྱད་ཅུར་གྲགས་པ་སོགས་ཀྱིས་མི་ཡི་འགྲོ་བའི་བསོད་ནམས་སུ་ཆ་ཤས་ཙམ་སྣང་བར་མཛད་ཅིང་བཤད་སྒྲུབ་ཀྱིས་འཛིན་སྐྱོང་མཛད་དེ། དེ་ལྟ་བུའི་གསང་སྔགས་སུ་འཇུག་པའི་སྒོ་ནི་དབང་དང་སྲོག་དམ་ཚིག་ཏུ་གསུངས་པས་དབང་མ་ཐོབ་ན་རྒྱུད་ཉན་དུ་མི་རུང་བ་དང་། དོན་ཤེས་ཀྱང་གཞན་ལ་འཆད་དུ་མི་རུང་ཞིང་སྔགས་དང་བསམ་གཏན་བསྒྲུབ་ཀྱང་མི་འགྲུབ་པ་མ་ཟད་ལྟུང་པ་འབྱུང་སྟེ། ཕྱག་ཆེན་ཐིག་ལེ་ལས། དང་པོར་རེ་ཞིག་གང་ཚེ་སློབ། །ལན་ཅིག་དབང་རྣམས་ཀྱིས་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་འགྱུར་བའོ། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ། །ཞེས་དང་། སངས་རྒྱས་ཐོད་པ་ལས། དཔེར་ན་པི་ཝཾ་སྦྱོར་ཀུན་འཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་སོགས་གསུངས་ཤིང་། སྤྱིར་རྒྱུ་


LT39_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་དབང་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་རྒྱུད་སྦྱངས་པའི་སློབ་བུ་སྣོད་ལྡན་ལ། སྦྱང་བྱའི་དྲི་མ་གཏོང་ཞིང་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་བླུག་པ་རྫས་སྔགས་ཏིང་ངེ་འཛིན་གསུམ་འཛོམ་པའི་ཆོ་ག་ཁྱད་པར་ཅན་གྱིས་རྒྱུད་བྱིན་གྱིས་བརླབས་པས་དྲི་མ་ཅི་རིགས་པ་དག་པའམ་ཉམས་སྨད། རང་གནས་ཀྱི་ཡེ་ཤེས་གསོས་ཐེང་པའི་མཐུས་རིམ་པ་གཉིས་ཀྱི་ཡེ་ཤེས་སྐྱེས་སམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ། ལམ་དུས་ཀྱི་དབང་སྔར་གྱི་རྒྱུད་སྨིན་པ་ཉིད་གོང་འཕེལ་དུ་བྱེད་པའི་ཕྱིར། ཕྱིས་ནས་བླ་མ་ལས་སམ་སྡོམ་ལྡན་རང་ཉིད་ཀྱིས་ལེན་པ་དང་། འབྲས་དུས་ཀྱི་དབང་སློབ་ལམ་རྫོགས་པའི་རྒྱུན་མཐའི་དུས་སུ་བསྐུར་བ་བཅས་ཡོད་པ་ལས་འདིར་སྔ་མ། དེ་ཡང་རྒྱུད་སྡེའི་མཐར་ཐུག་བླ་མེད་དུ་མཆོག་དབང་གོང་མ་གསུམ་གང་དུ་བསྐུར་བའི་དཀྱིལ་འཁོར། ནང་ལུས་རྩ། ཡི་གེ་བྷ་ག །ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་ཡང་། ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་དགོས་ཤིང་། དེ་ཡང་དབང་རབ་ཚོམ་བུ། འབྲིང་རས་བྲིས། ཐ་མ་རྡུལ་ཚོན་ནམ། སློབ་དཔོན་ཛ་ཡ་སེ་ནས། རྡུལ་ཚོན་བྲི་བར་མི་ནུས་ན། །དཀྱིལ་འཁོར་


LT39_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་གཟུགས་དང་བཅས་པ་བྲི། །ཞེས་གསུངས་པ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་སྔོན་དུ་འགྲོ་དགོས་པ་ལས། ད་ལམ་རས་བྲིས་ཆུ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཞིང་། དེ་ལ་བརྟེན་ནས་རིག་འཛིན་སྔགས་ཀྱི་སྡོམ་པ་སྐྱེ་སྟེ། དགྱེས་རྡོར་ལས། སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ ཤེས་པར་བྱ། །ཞེས་ཨེ་ཝཾ་གྱིས་མཚོན་པའི་རྣམཀུན་མཆོག་ལྡན་གྱི next hit་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་ཞུ་བདེ་དྲངས་པས། འདོད་ཆགས་ཆེན་མོའི་ཐིག་ལེའི་འགྲོས་ལས་ཤར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་སྟོང་གཟུགས་དང་ངོ་བོ་གཅིག་ཏུ་གྱུར་པ་ནི་ཟུང་འཇུག་གི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་སངས་རྒྱས་ཀུན་གྱི་སྡོམ་པ་སྟེ། དེས་སྤང་བྱ་འཛག་བདེ་འཕོ་བའི་བག་ཆགས་དང་། མཚན་རྟོག་ལས་ཡིག་བདེ་མྱུར་གྱི་སྒོ་ནས་སྐྱོབ་བའི་ཕྱིར་བླ་མེད་ཀྱི་དབང་བཞི་པའི་སྡོམ་པ་ཡིན་ལ། ཡེ་ཤེས་དེ་འདྲེན་བྱེད་ཀྱི་ཐབས་རིང་བ་དང་ཉེ་བ་དང་། ཤིན་ཏུ་ཉེ་བ་ལ་དགོངས་ནས་དབང་འོག་མ་རྣམས་དགོས་པ་ཡིན་པས། དེའི་ཡན་ལག་བརྗོད་པ་ཁས་བླང་གིས་སྔགས་སྡོམ་བཏགས་


LT39_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་བ་སྐྱེ། ངེད་རྡོ་རྗེ་སློབ་དཔོན་དུ་འགྱུར། །དབང་བསྐུར་བས་སྡོམ་པའི་དངོས་གཞི་སྐྱེ། ངེད་འཁོར་ལོའི་མགོན་པོར་འགྱུར་བ་ཡིན། །རྒྱུད་སྡེ་བཞི་ལ་དབང་གི་བབ་མི་འདྲ་བ་བཞི་ཡོད་དེ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུར་བརྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་ཤིང་། གཞན་ཡང་དབང་དེ་རྣམས་ཐོབ་པ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་དེ། སྤྱི་རྒྱུད་ལས། དབང་བསྐུར་དང་པོ་ཐོབ་པ་ནི། །སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར། །ཞེས་སོགས་ནས། །དེ་ཡིས་སྦྱར་ན་སྒྲུབ་པ་པོས། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ནི་ཅིས་ཀྱང་མི་ཚུགས་ཤིང་། །ལྷ་རྣམས་ཀུན་གྱིས་མཆོད་པར་འགྱུར། །འཁོར་བ་ན་ནི་འཁོར་བ་ན། །དེ་ནི་ངན་སོང་ལྟུང་མི་འགྱུར། །ཡན་ལག་ཉམས་


LT39_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབུལ་བ་དང་། །སྨད་པ་རྣམས་སུ་སྐྱེ་མི་འགྱུར། །ཚེ་རབས་དྲན་ཤིང་ལོངས་སྤྱོད་ཆེ། །ཚུལ་ཁྲིམས་ལྡན་ཞིང་གཟུགས་ཀྱང་བཟང་། །རྟག་ཏུ་ལྷ་དང་མི་རྣམས་ཀྱི། །མཐོ་རིས་དག་ཏུ་སྐྱེ་བར་འགྱུར། །དེ་ཡི་བསོད་ནམས་མཐུ་ཡིས་ནི། །སངས་རྒྱས་བྱང་ཆུབ་ལས་མི་ལྡོག །དེས་ནི་རིང་པོར་མི་ཐོགས་པར། །བྱང་ཆུབ་ཚོགས་ནི་རྫོགས་པར་འགྱུར། །ཞེས་གསུངས་པ་དང་། དབང་བསྐུར་ཐོབ་ནས་དམ་ཚིག་མ་ཉམས་པར་བསྲུང་ན། དངོས་གྲུབ་ཆུང་ངུ་ཞི་སོགས་ལས་ཆེན་བརྒྱད། འབྲིང་རལ་གྲི་སོགས་གྲུབ་པ་བརྒྱད། ཆེན་པོ་ཕྲ་ཡང་ལ་སོགས་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པའི་འདོད་གཟུགས་ཀྱི་རིག་པ་འཛིན་པ་ཐོབ་ཅིང་། མཐར་དཔེ་དོན་གྱི་འོད་གསལ་འདྲེས་ནས་ཡང་དག་པའི་མཐའ་མངོན་དུ་བྱས་ཏེ་མི་སློབ་པའི་ཟུང་འཇུག་གི་སྐུར་ལྡང་ནས་འཚང་རྒྱ་བར་འགྱུར་ཞིང་། གལ་ཏེ་དམ་ཚིག་དང་སྡོམ་ལ་མི་གནས་པ་སོགས་ཀྱིས་དབང་བསྐུར་དུ་མི་རུང་བའི་གང་ཟག་དག་ཀྱང་འཇུག་པ་ཙམ་གྱིས་རྗེས་སུ་བཟུང་བས་འཁོར་བ་ལས་འདའ་བའི་སྐལ་བ་ཅན་ཏུ་འགྱུར་ཏེ། རྩེ་མོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ནི་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་


LT39_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་དུ་འཇུག་ཏུ་རུང་ངོ། །སྣོད་དང་སྣོད་མ་ཡིན་པ་ཡོངས་སུ་བརྟགས་པར་མི་བྱ་སྟེ། གཞུག་པ་ཙམ་ལ་མངོན་པར་ཞེན་པ་ཡོངས་སུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དད་པ་མེད་པ་དང་། དགེ་བའི་རྩ་བ་མ་བསགས་པ་དང་། རྒྱུད་ཡོངས་སུ་མ་སྨིན་པ་དང་། མོས་པ་མེད་པ་མང་དུ་ཟིན་ཀྱང་མཐོང་བ་ཙམ་གྱིས་སོ། །ཞེས་གསུངས་ལ། སྔར་དཀྱིལ་འཁོར་དུ་ཞུགས་པ་རྣམས་ཀྱིས་ཀྱང་དམ་ཚིག་དང་སྡོམ་པ་གསོ་བ་དང་། སླར་སྡོམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བར་གསུངས་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། འདིར་གང་གི་ཚེ་དབང་བདུན་ལ་གནས་པའམ། བུམ་པ་དང་གསང་བའི་དབང་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན། དེའི་ཚེ་དག་པའི་སླད་དུ་དཀྱིལ་འཁོར་འདི་བྲིས་ནས་སླར་མི་ཕྱེད་པའི་དོན་དུ་སླར་ཡང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་བྱའོ། །ཞེས་སོགས་གསུངས་པ་དང་། དབང་ཐོབ་པའི་ས་མཚམས་ཀྱང་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ་རྟོགས་པ་ན་བུམ་དབང་ཐོབ་པ་སོགས་དབང་སོ་སོའི་རང་སྐལ་གྱི་སྒྲིབ་པ་སྤངས་ཤིང་། ཡེ་ཤེས་སྐྱེ་བར་དགོས་མོད་ཀྱི། དབང་དུས་


LT39_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཡེ་ཤེས་དངོས་སུ་མ་སྐྱེས་ཀྱང་དབང་གིས་སྨིན་པའི་ཆེད་དུ་འགྲོ་བའི་འཐད་པ་ནི། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟག་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར་དེ་ཕྱིར་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཞེས་ཕར་ཕྱིན་ཐེག་པར་རྟེན་དེ་ཉིད་ལ་མཐོང་སྤང་སྤང་རུང་དང་། མཐོང་ལམ་སྐྱེ་རུང་ལ་སྨིན་པའི་ཚད་དུ་འཇོག་པ་ལྟར། སྔགས་བླ་ན་མེད་པའི་ཐེག་པ་འདིར་བར་ཆད་མེད་པར་བསྒྲུབ་པའི་དབང་དུ་བྱས་ཏེ་ཚེ་འདི་ཉིད་ལ་སྤང་བ་སྤང་རུང་དང་ཐོབ་བྱ་མཆོག་གི་དངོས་གྲུབ་ཐོབ་རུང་གི་ནུས་པ་འཇོག་པའི་ཕྱིར། དབང་ཐོབ་པ་ཉིད་རྒྱུད་སྨིན་པའི་ཚད་ཡིན་ལ། ཆུ་ལུད་དྲོད་གཤེར་འཛོམ་ན་ཞིང་ལ་ས་བོན་ཐེབས་པ་བཞིན་ཏེ། དེ་ལྟ་བུའི་རྒྱུད་སྡེ་ཆེན་པོ་བཞིའི་རིགས་ཀྱི་གཙོ་བོའི་དབང་བསྐུར་ཡོངས་སུ་རྫོགས་པ་འདུས་པ་རྡོ་རྗེ་ཕྲེང་བའམ། མི་ཏྲ་བརྒྱ་རྩར་གྲགས་པ་ཉིད་ད་རེས་ཀྱི་སྐབས་སུ་བསྐུར་བར་བྱ་བ་ཡིན། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད། བསྐལ་བཟང་རྒྱལ་བ་སྟོང་གི་འབྱུང་གནས། གངས་ཅན་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་ཉིད་དཀྱིལ་འཁོར་སོ་སོའི་གཙོ་བོ་དང་ཐ་དད་མེད་པར་ཉིད་


LT39_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲུལ་པ་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་བྱིན་གྱིས་རླབས་ཤིང་གདམས་པ་སྩལ་ལ། བདག་ཉིད་ཆེན་པོ་དེ་ནི་ངོ་མཚར་བའི་རྣམ་པར་ཐར་པ་བཅོ་བརྒྱད་དང་ལྡན་པར་གྲགས་ཏེ། རྒྱ་གར་གྱི་ཤར་ཕྱོགས་སོགས་ནས། རྒྱུད་སྡེ་ཐམས་ཅད་ཀྱི་དབང་དུས་གཅིག་ལ་བསྐུར། བར་དུ་སྦྱར། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་འབད་རྩོལ་ཆེན་པོས་གདན་དྲངས་ཏེ་བོད་དུ་ཡང་བྱོན་ནས་སྐལ་ལྡན་མང་པོ་རྗེས་སུ་བཟུང་། དེ་ལྟ་བུའི་གྲུབ་ཐོབ་ཆེན་པོ་དེས་པཎྜི་ཏ་དོན་ཡོད་རྡོ་རྗེ་ལ་གནང་། དེས་གསང་མདའ་ཁྲ་ལུང་གི་གཉེན་འོད་སྲུང་མགོན་པོ་ལ་དབང་བཀའ་འདི་དག་སྐྱེལ་དུ་བྱོན་ནས། སླར་མདོ་ཁམས་སུ་བཞུད་པའི་དུས་སུ་ཀྲེ་ཡི་བྲག་ཕུག་ཏུ་དབང་བཀའ་ཚར་བ་ལན་གཅིག་མཛད་ཀྱང་ཕྱིས་སུ་རྒྱུན་ཆད་པས། མདོ་ཁམས་ཀྱི་དགེ་བའི་བཤེས་གཉེན་འགའ་ཞིག་སྐྱེ་སྨད་ཁྲ་ལུང་དུ་རྩད་གཅོད་བྱས་ནས་འོང་བས། གཉན་འོད་སྲུང་མགོན་པོ་ལ་སློབ་མ་མགོ་ཁམས་ཇོ་སྲས་བྱ་བ་ཞིག་འཕེན་ཡུལ་རྒྱལ་ན་ཡོད་པར་ཐོས་ཏེ། དེར་རྩད་གཅོད་དུ་ཕྱིན་པ་ན། རྒྱལ་དགེ་བཤེས་བྱམས་པ་སེང་གེ་གསང་ཕུར་བྱམས་ཆོས་གསན་ཏུ་ཕེབས་པ་དང་འཕྲད་ནས་ཁ་སྐད་དྲིས་པས། ཇོ་སྲས་དེ་ངེད་ཀྱི་ཡུལ་པ་ཡིན། དེ་འདྲའི་དབང་བཀའ་བརྒྱ་རྩ་


LT39_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་སྙམ་པ་མ་བྱུང་། སྔགས་པ་ཇོ་བོ་བཟང་ལ་དགེ་སྦྱོར་ལ་གནས་པའི་བགྲེས་པོ་ཞིག་ཡོད། ཁྱེད་ཀྱི་ཞོར་ལ་ངེད་ཀྱིས་ཀྱང་ཞུ་བ་ཡིན་གསུངས་ཏེ་དེར་མཉམ་དུ་ཞུས། དེ་ནས་རྒྱལ་ལྷ་ཁང་པ་བྱམས་པ་སེང་གེ་ལ། བ་ལམ་རིན་ཤེས་ཨ་བྷའི་རྡོ་རྗེ་ཕྲེང་བ་དང་དབང་བརྗེད་བྱས་ནས་ཞུས། དེ་ལ་གཡུང་སྟོན་པ་རྡོ་རྗེ་དཔལ་གྱིས་མཚུར་ཕུར་གསན། དེ་ལས་བརྒྱུད་པའི་བཀའ་སྲོལ་འགའ་ཞིག་གྱེས་པ་ལས་འདིར་གཡུང་སྟོན་པ། མཁན་པོ་གྲགས་ཚུལ། མཁས་གྲུབ་ཆོས་དར་བ། ཀུ་ལུང་པ་སངས་རྒྱས་དཔལ། ཤངས་པ་གྲགས་པ་དཔལ་བཟང་། ཟུར་ཁང་པ་རིན་ཆེན་ཀུན་དགའ། རབ་འབྱམས་ཆོས་ཀྱི་རྗེ་ཚུལ་ཁྲིམས་དབང་ཕྱུག །དཔལ་ལྡན་གཙུག་ལག་འཕྲེང་བ། རྗེ་བཙུན་དཀོན་མཆོག་ཡན་ལག །ཡོངས་འཛིན་རྣམ་རྒྱལ་དཔལ་བཟང་། རྗེ་ངག་དབང་རྣམ་རྒྱལ། སྟག་ལུང་བཀྲ་ཤིས་དཔལ་གྲུབ། རྗེ་བཙུན་རྣམ་རྒྱལ་ལེགས་གྲུབ། ལུང་རིག་སྨྲ་བ་ཕྲིན་ལས་ཤེས་རབ། དེ་གཉིས་ཀ་ལ་རྗེ་བཙུན་ཡེ་ཤེས་རྡོ་རྗེ་ཞེས་ཆུ་ལ་འཕུར་བའི་གྲུབ་རྟགས་བསྟན་པ་དེས་གསན། དེ་སྐབས་དམ་པ་འདི་ཙམ་མ་གཏོགས་དབང་ལུང་འདི་ཡི་རྒྱུན་བཞུགས་པ་བམས་དབུས་གཉིས་ཀར་


LT39_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་པ་ལས། སྤྲུལ་པའི་གཏེར་སྟོན་རོལ་པ་རྡོ་རྗེ་གྲགས་པས་ཐུགས་བསྐྱེད་ཆེན་པོས་དམ་ཆོས་ཟབ་མོ་འདི་ནུབ་ན་ཤིན་ཏུ་ཕོངས་པར་དགོངས་ཏེ། ཕྱོགས་ཀུན་ཏུ་རྩད་གཅད་པའི་སྐབས། ནུབ་གཅིག་དཔལ་དགྱེས་པ་རྡོ་རྗེ་གསེར་བཙོ་མའི་མདོག་ལྟ་བུ་འཁོར་གླིང་བུ་མ་བཞི་ཡིན་རྩིས་ལ། གཙོ་བོ་སྐུ་མདོག་མ་གཏོགས་ཐོད་པ་ཅན་དཀྱུས་མ། ལྷ་མོ་བཞི་ཞལ་གསུམ་ཕྱག་དྲུག་པ་དང་པོ་རས་བྲིས་ཡིན་པ་ལ་མཐར་མགུལ་བ་དང་གཡོ་བ་དང་བཞད་པ་འོད་ཕུང་འཕྲོ་བ་ཞིག་རང་གིས་བདག་པོ་བྱས་ནས་གུར་གྱི་སྟེང་དུ་གསེར་འཕྲུའི་རྣམ་པར་བཞག་ནས་དད་གུས་ཐུན་མོང་མ་ཡིན་པ་སྐྱེས་པའི་རྨི་ལམ་བྱུང་། ཕྱིར་ཉིན་འཇོ་ཕུ་དགོན་དུ་གདན་འདྲེན་པ་བྱུང་བ་ལྟར་ཕེབས་པའི་ཚེ། བླ་མ་དམ་པ་ཛྙཱ་ན་བཛྲ་དང་གསུང་གླེང་མཛད་པས་མི་ཏྲ་བརྒྱ་རྩའི་དབང་རྒྱུན་རྣམ་པར་དག་པ་བརྒྱུད་པ་ལ་དམ་སེལ་གྱིས་མཆོད་པར་བཞུགས་པས་སྔར་གྱི་དག་སྣང་དེ་ཡང་རྟེན་འབྲེལ་ལེགས་པར་དགོངས་ནས་བར་ཆད་ཀྱི་དབང་དུ་མ་བཏང་བར་ཐུགས་བརྩོན་ཆེན་པོས་གསན་ཏེ། དཔལ་ཤ་བ་རི་ཡི་རྣམ་འཕྲུལ་དུ་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་རིག་འཛིན་གསུང་རབ་རྒྱ་མཚོ་སོགས་སྐྱེས་ཆེན་མང་པོ་ལ་སྩལ། ཆེ་ཚང་རིན་པོ་ཆེས་འཕགས་ཡུལ་གྱི་ཤིང་རྟ་


LT39_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམས་དང་མཁྱེན་རྟོགས་དབྱེ་བ་མེད་པ་འཇམ་མགོན་མི་ཡི་ཟོལ་འཛིན་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལ་སྩལ། དམ་པ་དེས་མཐོན་མཐིང་ཅོད་པན་འཛིན་པ་བཅུ་གསུམ་པ་སྤྱན་རས་གཟིགས་དངོས་བདུད་ཚོགས་འདུལ་བའི་རྡོ་རྗེ་ལ་སྩལ། དེ་ཉིད་ཀྱིས་པདྨཱ་ཀ་རས་ལུང་བསྟན་པ་བརྙེས་ཤིང་རྒྱུན་མཐའི་ས་ལ་ངེས་པར་བཞུགས་པ་རྡོ་རྗེ་འཆང་དང་རྣམ་དབྱེར་མེད་པའི་མཁྱེན་བརྩེ་ནུས་ལྡན་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་པདྨ་ཉིན་བྱེད་དབང་པོ་ལ་སྩལ། རྗེ་བཙུན་བླ་མ་མཆོག་དེས་རྟོགས་ལྡན་ཀརྨ་ཡན་ལག་འབྱུང་ཞེས་དོན་དམ་རྟོགས་པའི་དབང་ཕྱུག་སྐྱེ་བདེ་ཉིད་ཀྱིས་ཕྱིར་མི་ལྡོག་པའི་སྲིད་པ་ཐ་མ་པར་དཔལ་ལྡན་ཀརྨ་པ་ཆེན་པོས་ལུང་དུ་སྩལ་བ་དེ་ལ་གནང་། དེས་བདག་ཅག་གི་བླ་མ་ཆོས་ཉིད་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པ་གཟིགས་པས་གྲུབ་པའི་ས་ཆེན་པོ་ལ་བཞུགས་ཀྱང་སྦས་ཚུལ་སྒྲུབ་པ་པོའི་རྣམ་པས་འབྲེལ་ཚད་ཐར་ལམ་དུ་སྦྱོར་བ་ཚེ་དབང་ནོར་བུ་པདྨ་བཀྲ་ཤིས་ལ་སྩལ། རྡོ་རྗེ་འཛིན་པ་དེ་ཉིད་ཀྱིས་བདག་ལ་དགྱེས་བཞིན་དུ་གནང་བའི་དབང་ཆེན་ཟབ་མོ་འདི་ཉིད་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སྔོན་འགྲོ་སྟ་གོན་ནམ། དངོས་


LT39_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། །བརྗོད་བྱས་སྟོང་པའི་སྙན་ཆིག་དབང་པོའི་གཞུ། །ཁེངས་དང་བརྒྱགས་པའི་བློ་ཡིས་བྲི་བ་ལས། །ཟབ་མོའི་བརྗོད་པ་བདུད་རྩིའི་ཆར་ཕབ་པས། །དོན་བཟང་ཐད་མར་བརྡལ་འདི་མི་དགའ་འམ། །ཞེས་པའང་འཁོར་ལོའི་མགོན་པོ་དབོན་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་བཀའ་ཡི་རྗེས་སུ་གནད་པ་ལྟར། བཙུན་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་སར་བྲིས་པ་དགེ་ལེགས་འཕེལ།། །།


LT39_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམི་ཏྲ་བརྒྱ་རྩའི་དབང་བཤད་སྐལ་ལྡན་ཡིད་ཀྱི་ངལ་གསོ།next