བླ་མའི་ཐུགས་སྒྲུབ་ཡན་ལག་རྣམ་པ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་བའི་བུམ་བཟང་།
བླ་མའི་ཐུགས་སྒྲུབ་ཡན་ལག་རྣམ་པ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །
གུ་རུ་སརྦ་བུདྡྷ་ས་མཱ་ཛྙཱ་ཡ་ན་མཱ་མི། །མི་འགྱུར་མི་ཤིགས་རང་ཤར་འོད་ལྔའི་ཀློང་། །གདོད་ནས་བཞུགས་པ་དྭངས་མ་རིགས་བརྒྱའི་མགོན། །རབ་འབྱམས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་གཞི། གུ་རུ་བདེ་བ་ཆེན་པོ་སྙིང་དབུས་མཆོད། གང་གི་སྒྲུབ་ཐབས་བྱེ་བ་བསམ་ཡས་ལས། སྙིང་པོའི་ཡང་བཅུད་སྙིགས་འགྲོའི་དཔལ་ཤར་བ། བར་ཆད་སེལ་དང་དངོས་གྲུབ་སྒྲུབ་པ་ཡི། སྒྲུབ་ཆེན་ལས་ཀྱི་རིམ་པ་འདིར་གསལ་བྱ། དེའང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དང་མཇལ་ཞིང་ཚེ་གཅིག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་བླ་མའི་ཐུགས་ཀྱི་སྒྲུབ་པ་ནན་ཏན་སྙིང་པོ་བྱ་དགོས་པ་ཡིན་ཅིང་། གངས་ཅན་ལྗོངས་སུ་སྐྱེས་པ་རྣམས་ཀྱི་བླ་མའི་སྐལ་
པ་ནི་སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་ཁོ་ན་ཡིན་ལ༔ དེ་ཉིད་སྒྲུབ་པའི་ཚུལ་ནི་འདི་ཉིད་ཀྱི་གཏེར་གཞུང་ལས༔ ང་ཡི་ཐུགས་སྒྲུབ་བསམ་གྱིས་མི་ཁྱབ་པ་བྱེ་བ་ས་ཡ་སྦས་པའི་ནང་ནས༔ སྐུ་གསུམ་རབ་འབྱམས་སུ་སྒྲུབ་པ་དང་༔ རྩ་གསུམ་རབ་འབྱམས་སུ་སྒྲུབ་པ་དང་༔ ལྷག་པར་བར་ཆད་སེལ་བར་བྱེད་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་༔ དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་པ་བླ་མ་དངོས་གྲུབ་རྒྱ་མཚོ་དང་བདེ་བ་ཆེན་པོ་ཡིད་བཞིན་ནོར་བུ་དང་བཅས་པ་འདི་དག་ནི༔ ད་ལྟ་དང་མ་འོངས་པའི་དུས་ན་ཡོངས་སུ་གྲགས་པའི་ངའི་རྗེས་འཇུག་རྣམས་ཀྱིས་ལུགས་དེ་གཉིས་ཁོ་ན་གཙོ་བོ་བྱ་དགོས་ཤིང་༔ བྱེད་པར་འགྱུར་ལ༔དེ་དག་གང་ཡང་རྣལ་འབྱོར་པ་གཅིག་གིས་མཆོག་ཐུན་དངོས་གྲུབ་བསྒྲུབ་པའི་ཆ་རྐྱེན་ཏུ་བསྒྲེགས་ཏེ་ཉམས་སུ་བླང་པར་བྱ་བ་
ནི༔ རྒྱུད་ལས༔ ཕུན་སུམ་ཚོགས་པས་གཞི་བཟུང་ཏེ༔ བསྙེན་པ་དང་ནི་ཉེ་བསྙེན་དང་༔ སྒྲུབ་པ་དང་ནི་སྒྲུབ་ཆེན་གྱིས༔ རིག་འཛིན་མཆོག་གི་དངོས་གྲུབ་འགྲུབ༔ ཅེས་གསུངས་པ་ལྟར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་འཇུག་པར་བྱེད་པ་ཡིན༔ ཅེས་པས་སྤྱིར་བསྟན་ཅིང་བྱེ་བྲག་དེ་རེ་རེ་ལའང་ནང་གསེས་ཀྱི་ཡན་ལག་བཞི་བཞིས་བསྟན་པ་ནི་ཕལ་ཆེར་ངེས་རྫོགས་ཀྱི་ཚུལ་དུ་མཛད་པ་ལག་ལེན་ཏུ་ཐེབས་དཀའ་བས། དེང་སང་འདྲ་འབག་མོས་སློབ་ཙམ་བྱེད་པའི་ལག་ལེན་སྤྱི་དང་བསྟུན་ན། དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་ཐུགས་སྒྲུབ་སོ་སོའི་གཞུང་བཞིན་དུས་རྟགས་གྲངས་ཀྱི་བསྙེན་པ་གང་རུང་མཐར་སོན་པའི་སྒྲུབ་པ་པོས་ཚོམ་བུ་ཆོགས་སུ་སྒྲུབ་པའི་ལས་རིམ་ལ་འཇུག་པ་ན། གནས་དུས་སྟོན་འཁོར་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་སྤྱི་ལྟར་ཚོགས་པར་བྱས་ནས། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ་ལའང་སྔོན་ཏུ་བསྙེན་པ་དང་ཉེ་བསྙེན། དངོས་གཞི་སྒྲུབ་པ། རྗེས་སྒྲུབ་པ་ཆེན་པོ་མཐའ་རྒྱས་དང་བཅས་པའོ། །དང་པོ་ལ། འགལ་རྐྱེན་སེལ་ཞིང་བསོད་ནམས་ཀྱི་དཔུང་བསྐྱེད་པའི་ཕྱིར་སྒོ་གསུམ་གྱི་སྒྲིབ་སྦྱོང་། སྒྲུབ་ཁང་གི་ཕྱོགས་བཞིར་མདོ་བཀླགས་པ། མགྲོན་བཞི་ལ་གཏོར་མ་གཏོང་བ། སྦྱིན་བཏང་བྱ་བ་རྣམས་རྒྱས་བསྡུས་གང་ལྕོགས་སྔོན་དུ་བཏང་། ཐོག་མར་པའི་ཆོ་ག་བྱ་བ་ལ་བཞི། དང་པོ་སློང་བ་ནི། དཀྱིལ་འཁོར་གང་དུ་བཞེངས་པའི་ས་གཞི་བྱི་
དོར་བྱས་པར་མེ་ཏོག་གི་ཚོམ་བུ་གཅིག་བཀོད། དེའི་མདུན་ཏུ་མཆོད་གཏོར་དཀར་ཟླུམ་ཐབས་རིལ་གྱིས་མཚན་པ་དང་གསེར་སྐྱེམས། མཐའ་བསྐོར་དུ་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་བཤམ། སློབ་དཔོན་གྱི་མདུན་ཏུ་ཌ*ཌཱ་དྲི*་སོགས་ཉེར་སྤྱད་རྣམས་དང་། སྒྲུབ་པ་པོ་རྣམས་ཀྱི་དགོས་པའི་ཡོ་བྱད་ཚོགས་པར་བྱ། ཐམས་ཅད་གདན་ལ་འཁོད་ནས་ཚིག་བདུན་གྱིས་ཐོག་དྲངས། སྤྲོས་བྲལ་བདེ་ཆེན་སོགས་གསོལ་འདེབས་སོ་སོའི་བརྒྱུད་འདེབས་སྔོན་ཏུ་འགྲོ་བས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཕྲིན་ལས་སྔོན་འགྲོ་དང་། ཡིད་བཞིན་ནོར་བུ་ལ་ལས་བྱང་ལྟར་སྐྱབས་སེམས་ཚོགས་གསོག་རྣམས་ལན་གསུམ་གསུམ་བཏང་། རང་ཉིད་སྐད་ཅིག་གི་ས་མ་ཧཱ་གུ་རུ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་སྐུར་གྱུར་བར་བསམ། གཏོར་མཆོད་རྣམས། རྃ་ཡྃ་ཁྃ༔གིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཆོས་ཉིད་དག་པའི་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས་གཏོར་མ་བདུད་རྩིའི་རང་བཞིན་མཆོད་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ། ཨོཾ་ཨཱ༔ཧཱུྃ༔ ཞེས་པས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སའི་ལྷ་མོ་ཡུལ་བདག་དང་བཅས་པ་སྐད་ཅིག་གིས་མདུན་དུ་ལྷག་པར་བསམ་ལ། དྷཱུ་མི་པ་ཏིས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ བྷཱུ་མི་པ་ཏིས་པ་རི་བཱ་ར་པུཥྤེ་དྷཱུ་པེ་
ཨཱ་ལོ་ཀེ་གནྡྷེ་ནེ་བི་ཏྱཱ་ཤཔྟ་པཱུ་ཛ་ཧོ༔ བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་མཆོད་གཏོར་ཕུལ་ལ་ཕྲིན་ལས་གསོལ་བ་ནི། ཧཱུྃ༔ སྟོང་གསུམ་ཁྱད་པར་ཛམ་གླིང་གི༔ རིན་ཆེན་ས་ལ་མངའ་མཛད་པའི༔ ས་ཡི་ལྷ་མོ་བརྟན་མ་དང་༔ ས་བདག་རྒྱལ་བློན་འབངས་འཁོར་བཅས༔ གནས་དང་ཡུལ་གྱི་བདག་པོ་རྣམས༔ གངས་རི་ལུ་མ་སྐྱེད་མོའི་ཚལ༔ མཚོ་རྫིང་ལྡིང་ཀ་ཐམས་ཅད་ནས༔ ཞི་ཞིང་འདུན་པའི་སེམས་ཀྱིས་སུ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ གཙང་སྦྱར་འདོད་ཡོན་རྣམ་ལྔ་དང་༔ མཆོད་སྦྱིན་གཏོར་མ་གསེར་སྐྱེམས་བཅས༔ ས་རིན་བཟང་པོ་འདི་བཞེས་ལ༔ སྔོན་ཚེ་སྟོན་པའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ ས་འདིར་བདག་གིས་སྟོན་པ་ཡི༔ བཀའ་གསང་གཞུང་བཞིན་བསྒྲུབ་ལགས་ན༔ དེ་ཕྱིར་སྒྲུབ་པའི་ས་འདི་སྩོལ༔ མཐུན་རྐྱེན་དགེ་ཞིང་བཀྲ་ཤིས་སྤེལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཞེས་གསོལ་བས་རིག་པ་འཛིན་པ་ཁྱོད་ས་གཞི་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་རང་གནས་སུ་དགྱེས་བཞིན་གཤེགས་པར་གྱུར་པར་བསམ་ཞིང་འཇམ་རོལ་བཅས་གཏོར་མ་གསེར་སྐྱེམས་ཕྱིར་འབུལ།
ཚོམ་བུ་དང་མཆོད་པ་བསྡུ། གཉིས་པས་བཟུང་བ་ནི། སེང་ལྡེང་གི་ཕུར་པ་སོར་བརྒྱད་དར་དམར་གྱི་ཅོད་པ་དང་བཅས་པ་མདུན་ཏུ་བཀྲོད་ནས། རང་ཉིད་བླ་མ་སྣང་སྲིད་ཟིལ་གནོན་ཏུ་གསལ་བའི་ཐུགས་ཀ་ནས་ཧྲཱིཿ ཡིག་མར་མེ་ལྟར་འབར་བ་འཕྲོས༔ ཕུར་བུ་ལ་ཐིམ་པས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་པདྨ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་པའི་དཔལ་ཅན་དུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ལན་བརྒྱ་རྩ་བཟླས་ནས་ས་གཞི་ལ་བཏབ། དེ་ལས་འོད་ཟེར་འཕྲོས༔ ས་གཞི་ལ་ཁྱབ་པས༔ སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ༔ གསུམ་པ་སྦྱོང་བ་ནི་བདག་ཉིད་རིགས་འདུས་སྣང་སྲིད་ཟིལ་གནོན་ཏུ་གསལ་བའི་ཐུགས་ཀ་ནས༔ རྃ་ཡྃ་ཁྃ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་པ་སྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྣང་སྲིད་ཐམས་ཅད་བླ་མའི་ཞིང་ཁམས༔ ཡེ་ཤེས་ཀྱི་རྣམ་རོལ༔ བདེ་བ་ཆེན་པོའི་ངོ་བོ༔ འོག་མིན་དྲྭ་བ་ཆེན་པོའི་སྣོད་བཅུད་ཡོངས་སུ་རྫོགས་པར་གསལ་བའི་ཏིང་འཛིན་རྩེ་གཅིག་པས༔ ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ༔ སྭ་བྷཱ་བ་ཤུདྡྷོ྅ཧཾ༔། ཞེས་པདྨ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་བསྐོར་ཞིང་རེག་པར་བྱའོ། བཞི་པ་སྲུང་བ་ནི། ཐོག་མར་སོ་སོའི་གཞུང་ལྟར་བགེགས་
ལ་གཏོར་མ་སྦྱིན་ཅིང་བཀའ་བསྒོ། གུ་གུལ་ཡུངས་ཐུན་དྲག་པོའི་ཚམ་རྔམས་དང་བཅས་རྒྱང་རིང་དུ་བསྐྲད། མཚམས་ཕུར་གདབ་པ་ནི། ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་བཅུ་ཁྲོ་བོ་བཅུའི་སྔགས་བྱང་ངམ་ཧཱུྃ་ཡིག་མཚན་པ་དང་ཡུངས་ཀར་གྱི་ཐུམ་པོ་གདག་པ་མདུན་དུ་གོ་རིམ་མ་འཆོལ་བར་བཀོད། རང་ཉིད་རིགས་འདུས་བླ་མ་དྲག་པོ་ཧེ་རུ་ཀ་ཁྲོ་བོ་རབ་འབྱམས་ཀྱི་སྤྲིན་འཕྲོ་བའི་སྐུར་གྱུར་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཕོག་པས༔ སྣང་སྲིད་འཁོར་ལོ་རྩིབས་བཅུར་འབར་བའི་ཕྱོགས་མཚམས་སྟེང་འོག་རྣམས་སུ་ཕྱོགས་སྐྱོད་བཅུ་བཀུག་སྟེ་གདན་ཏུ་བྱས༔ སླར་ཡང་བདག་གི་ཐུགས་ཀ་ནས་ཧཱུྃ་བཅུ་འཕྲོས༔ ཕུར་བུ་ལ་ཐིམ་པས་ཁྲོ་བོ་ཆེན་པོ་བཅུ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ༔ སྐུ་སྨད་ཕུར་བུའི་དཔལ་ཅན་མེ་ཕུང་འབར་ཞིང་འཁྲུགས་པས་ཕྱོགས་བཅུའི་བགེགས་རྣམས་ཀྱི་སྙིང་གར་བཏབ་པར་བསམ་ལ་འབར་བའི་སྟངས་སྟབས་དང་བཅས་པས་གདབ་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཅེས་པའི་མཐར་སྡེར་མོའི་སྔགས་ཀྱི་མཚོན་ཆ་གདགས་པ་འོག་མ་རྣམས་ལའང་རིགས་འགྲེ་ཤེས་པར་བྱས་ཏེ། ཨོཾ་བྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱ་ན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏེ་སརྦ་བིགྷཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་
ཕཊ༔ ཞེས་བཟླ་ཞིང་ཤར་གྱི་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་རུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཏུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལཱི་ཧཱུྃ༔ ཙྪིནྡ་ཙྪིནྡཧཱུྃ་ཕཊ༔ བྱང་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བིཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བྱང་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་བ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་དུ་གདབ། ཨོཾ་བཛྲ་ཀྲོ་དྷ་ཨ་ཙ་ལེ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ལྷོ་ནུབ་ཏུ་གདབ། ཨོཾ་བཛྲ་ཀྲོ་དྷ་ནི་ལཾ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཤར་ལྷོར་གདབ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོཊ་སྥོཊ་ཧཱུྃ་ཕཊ༔ ནུབ་ཀྱི་ནུབ་ཏུ་གདབ། ཁྲོ་བོ་བཅུ་ལས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་དུ་གྱུར་པར་བསམ། སྤྲོས་པ་བསྡུ་ན་ཕུར་པ་གཅིག་ལ་ཏིང་ངེ་འཛིན་གོང་ལྟར་གསལ་བས་ཧཱུྃ་བཅུ་བཟླས་ཏེ་བྱང་ཤར་གྱི་གྲར་བཏབ་པས་ཀྱང་ཆོག་གོ། །དེ་རྣམས་ནི་ས་གཞི་རུང་བར་བྱ་བའི་ཆོ་གའོ། །གཉིས་པ་བར་ཆད་ཀྱིས་དངོས་གྲུབ་མི་འཕྲོག་པའི་མཚམས་བཅད་པ་ལ་གསུམ། དང་པོ་ཕྱིའི་མཚམས་གཅོད་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཉེ་རིང་འཚམས་པར་ཐོ་བཞི་བརྩིགས་ཏེ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བྲིས་པ་གཟུག །མདུན་ཏུ་སྟིགས་གཙང་མར་གཏོར་མ་དཀར་ཟླུམ་ཐེབས་རིལ་གྱིས་མཚན་པ་དང་། གཡོན་ཕྱོགས་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་ཐོགས་ལ་སེར་སྦྲེང་གི་ཚུལ་གྱིས་ཤར་
གྱི་ཐོ་བདུན་ཏུ་འཁོད་ལ། རྃ་ཡྃ་ཁྃ༔བརྗོད་པས་སྦྱང་། ཨོཾ་ཨ་ཧཱུྃ་གིས་འདོད་ཡོན་ཏུ་བྱིན་གྱིས་བརླབས། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་དྷྲྀཥྚ་རཥྚ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། སྔགས་མཐར་ས་པ་རི་ཝཱ་ར་ཨི་དཾ་བྷ་ལི༚་ཏ་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད་པ་དང་རོལ་མོ་བྱ། བསྟོད་པ་ནི། ཧཱུྃ་ཕྱི་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང་༔ ནང་ལྟར་བུདྡྷ་ཧེ་རུ་ཀ༔ གསང་བ་རྣམ་པར་སྣང་མཛད་དེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་ཏུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་བཅོལ། མེ་ཏོག་འཐོར་ལ། ཏིཥྛ་བཛྲས་བརྟན་བཞུགས་བྱ། ལྷོའི་ཐོ་མདུན་ཏུ་འཁོད་ལ། རྃ་ཡྃ་ཁྃ༔ ཨོཾ་ཨཱ་ཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དཔུང་དང་བཅས་པ་སྤྱན་དྲངས༔བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བཻ་རུ་ཌྷཱ་ཀཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ༔ མཐར་ས་པ་རི་
བཱ་ར་ཨི་དཾ་བ་ལིང་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས། བསྟོད་པ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་འཕགས་སྐྱེས་པོ༔ནང་ལྟར་ཀརྨ་ཧེ་རུ་ཀ༔ གསང་བ་དོན་ཡོད་གྲུབ་པ་སྟེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་ཏུ༔ བཀའ་གསང་གཞུང་བཞིན་བསྒྲུབ་པ་ལ། མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ ནུབ་ཀྱི་ཐོ་རྩར་འཁོད་ལ། རྃ་ཡྃ་ཁྃ༔ ཨོཾ་ཨཱ༔ཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛ༔ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བི་རུ་པཱཀྵཱ་ཡེ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས། བསྟོད་པ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་སྤྱན་མི་བཟང་༔ ནང་ལྟར་པདྨ་ཧེ་རུ་ཀ༔ གསང་བ་སྣང་བ་མཐའ་ཡས་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་ཏུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔བྱང་གི་ཐོ་རྩར་འཁོད་ལ་རྃ་ཡྃ་ཁྃ༔ ཨོཾ་ཨཱ༔ཧཱུྃ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དཔུང་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པར་
རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྱུར༔ ཨོཾ་བཻ་ཤྲ་བ་ཱ་ཡ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། མཐར་ས་པ་རི་བཱ་ར་ཨི་དཾ་བ་ལི༚་ཏ་ཁཱ་ཧི༔ ཨོཾ་བཛྲ་པུཥྤེ་སོགས། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་རྣམ་ཐོས་སྲས༔ ནང་ལྟར་རཏྣ་ཧེ་རུ་ཀ༔ གསང་བ་རིན་ཆེན་འབྱུང་ལྡན་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་ཏུ༔ བཀའ་གསང་གཞུང་བཞིན་སྒྲུབ་པ་ལ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ ཞེས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ལས། དམ་སྲི་མནན་པ་ནི། ར་སོག་གམ་དུག་ཤོག་ལ་དམ་སྲིའི་གཟུགས་བྱ་མགོ་ཡན་ལག་ལྕགས་སྒྲོག་གིས་བཅིངས་པ་སྙིང་གར་ཏྲི་མཐར་ཡ་མ་དམ་སྲི་གཾ་པ་རི་སྟཾྭ་བྷ་ཡ་ནན་ཅེས་པ་བྲི༔ དུག་ཁྲག་གིས་བྱུགས་པ་ལྕགས་སྣོད་དུ་བཀོད༔ གསེར་སྐྱེམས་རྃ་ཡྃ་ཁྃ་གིས་བསང་ཞིང་། ཨོཾ་ཨཱཿཧཱུྃ་གིས་བརླབས་ལ། བླ་མ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ སྒྲུབ་མཆོག་བདག་གི་གཟུ་དང་དཔང་མཛོད་ཅིག༔ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ རྡོ་རྗེའི་ཆོས་སྲུང་སྣང་སྲིད་དྲེགས་པའི་སྡེ༔ གསེར་སྐྱེམས༴ སྒྲུབ་མཆོག༴ མཐུ་རྩལ༴ འགོ་ཞིང་སྲུང་སྐྱོབས་དཀར་ཕྱོགས་སྐྱོང་བའི་དཔུང༔ གསེར་སྐྱེམས༴ སྒྲུབ་མཆོག༴ མཐུ་རྩལ༴ ཅེས་
དཔང་དུ་གསོལ། སྒོ་འོག་ཏུ་དོང་གྲུ་གསུམ་ཁྲུ་གང་བྲུས་པའི་ནང་དུ་བཅུག །ན་མོ༔ དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་༔ རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་བཀའ༴ རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་བཀའ་ཉན་ལས་བྱེད་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་གནོད་བྱེད་ཡ་མ་དམ་སྲི་གཾ་ཕ་རི་ཨངྐུ་ཤཛ༔ ཞེས་ཡང་ཡང་བརྗོད་པས་བསྟིམ། ལྕགས་སམ་དྲག་པོའི་ཤིང་གི་ཕུར་བུ་སོར་གསུམ་པར་དར་ནག་གི་ཅོད་པན་ལ། ཨོཾ་བཛྲ་ཀྲོ་དྷཱ་ཨཱརྻ་ཨ་ཙ་ལ་དགྲ་བགེགས་དམ་སྲི་བྷནྡྷ་བནྡྷ་ཧཱུྃ་ཕཊ༔ ཞེས་བྲིས་པ་གདགས་སྟེ༔ ཕུར་བུ་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་སྐུ་མདོག་ལྗང་ནག་རལ་གྲི་དང་ཞགས་པ་འཛིན་པའི་སྐུ་སྨད་ཕུར་བུའི་དཔལ་རབ་ཏུ་འབར་བའི་གཟི་བྱིན་འཕྲོས་པར་བསམ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨརྻ་ཨ་ཙ་ལ་ཧཱུྃ་ཕཊ༔ བརྒྱ་རྩ་སོགས་བཟླས་པས་བརླབ། ཧཱུྃ་ཧཱུྃ༔ དངོས་གྲུབ་སྒྲུབ་པའི་བར་ཆད་བགེགས༔ ཡ་མ་དམ་སྲི་ཞེས་བྱ་བ༔ རྒྱུ་ནི་དུག་གསུམ་ལས་བྱུང་ཞིང་༔ རྐྱེན་ནི་རྣམ་རྟོག་འཁྲུལ་པས་སློང་༔ དངོས་གྲུབ་སྒྲུབ་པའི་བགེགས་ཁྱོད་ནི༔ འདུལ་ཞིང་བསྒྲལ་བའི་དུས་ལ་བབས༔ ཧཱུྃ༔ རང་བཞིན་དབྱིངས་ལས་འབར་བའི་སྐུ༔ ཧཱུྃ་མཛད་
ཁྲོ་བོ་ཆོས་ཀྱི་རྗེ༔ ཐུགས་དམ་གནད་ནས་ད་བསྐུལ་གྱི༔ གདུག་པ་འདུལ་བའི་དུས་ལ་བབས༔ གཏུམ་ཆེན་ཁྲོ་རྒྱལ་མི་གཡོ་བ༔ དུར་ཁྲོད་བགེགས་འཇོམས་ཚོགས་ཀྱི་གཙོ༔ དམ་སྲི་དཔུང་བཅས་ཚར་གཅོད་ཕྱིར༔ ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་དགྲ་བགེགས་དམ་སྲི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཞེས་བཟླས་ཤིང་ཕུར་བུ་དམ་སྲིའི་སྙིང་གར་གདབ་པས་ཆོས་ཉིད་ཀྱི་ངང་དུ་བརྒྱལ་བར་བསམ་ལ༔ ཧཱུྃ༔ ལས་ངན་དམ་སྲི་བདུད་ཀྱི་རིགས༔ མི་ལྡང་མནན་པར་བྱ་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་མཚོན་ཆས་བསྒྲལ༔ ཡེ་ཤེས་ལྔ་དང་དབྱེར་མེད་པའི༔ ཡུམ་ལྔའི་རང་བཞིན་འབྱུང་ལྔས་མནན༔ རི་རབ་ཆེན་པོའི་རྨངས་སུ་བསྐྱུར༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྦ༔ ལས་ཀྱི་གཤིན་རྗེའི་ལག་ཏུ་གཏད༔ བྱང་ཆུབ་སེམས་ནི་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཡ་མ་དམ་སྲི་སྟཾྭ་བྷ་ཡ་ནན༔ ཅེས་བརྗོད་ཅིང་མེ་རླུང་ས་ཆུ་རྒྱ་གྲམ་རང་འཐག་ལ་བྲིས་པའི་རི་རབ་གླིང་བཞི་སཱཙྪ་ཡེ་དྷརྨཱ་མེད་པ་ནག་པོ་དང་བཅས་པས་མནན། སྒྲུབ་པ་པོའི་གཙོ་བོ་ཤར་དུ་ཕྱོགས་པས་ལག་སྦྲེལ་ལ་བྲོ་ར་ཟླུམ་པོར་བསྐོར་ཞིང་། ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ གཏི་མུག་བདེ་གཤེགས་འཁོར་བཅས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་སྟོབས་
ཀྱིས་ཞི་བར་མཛད༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ་བཞི་པའི་སྔགས་དང་༔ ཨོཾ་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཅེས་བརྗོད་ཅིང་བྲོ་བརྡུང་ངོ་༔ དེ་བཞིན་ཏུ་ལྷོར་ཕྱོགས་པས་བྲོ་ར་གྲུ་བཞིར་བསྐོར་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ ང་རྒྱལ་བདེ་གཤེགས༴ འཇིག་རྟེན་ཁམས་ནི༴ ཤིན་ཏུ་ཁེངས་པའི༴ ཐུགས་རྗེའི་སྟོབས་ཀྱིས་རྒྱས་པར་མཛད༔ རྒྱས་པར་མ་གྱུར་གང་༴ རྒྱས་མཛད་ལྷ་ལ༴ སུམྦྷ་དང་། བྷཱུཾ་པུཥྚི༚་ཀུ་རུ་ཨོཾ༔ དེ་བཞིན་ཏུ་ནུབ་ཕྱོགས་པས་བྲོ་ར་ཟླ་གམ་དུ་བསྐོར་ལ། ཧཱུྃཿ སངས་རྒྱས་ཀུན་གྱི་རང་བཞིན༴ འདོད་ཆགས༴ བདེ་གཤེགས༴ ཤིན་ཏུ་ཆགས་པའི༴ ཐུགས་རྗེའི་སྟོབས་ཀྱིས་དབང་དུ་མཛད༔ དབང་དུ༴ དབང་མཛད༴ སུམྦྷ་དང་། ཧྲཱིཿ བཱ་ཤཾ་ཀུ་རུ་ཧོཿ དེ་བཞིན་བྱང་དུ་ཕྱོགས་པས་བྲོ་ར་གྲུ་གསུམ་དུ་བསྐོར་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་རང་༴ ཞེ་སྡང་བདེ༴ ཤིན་ཏུ་གཏུམ་པའི༴ ཐུགས་རྗེའི་སྟོབས་ཀྱིས་བརླག་པར་མཛད༔ བརླག་པར༴ བརླག་མཛད༴ སུམྦྷ་དང་། ཧཱུྃ་མཱ་ར་ཡ་ཕཊ༔ཅེས་རྡོ་རྗེའི་བྲོས་རྒྱས་གདབ་པས་ནམ་ཡང་འདའ་བ་མེད་པར་བསམ། བསྡུ་ན་ཧཱུྃ་བཞི་པའི་གླུ་བླངས་ཤིང་སྟངས་སྟབས་ཀྱིས་རྒྱས་གདབ་པ་ཙམ་གྱིས་འཐུས་སོ། །སྒོ་བྱང་གདགས་པ་ནི་ར་སོགས་གཡས་པར་གཤིན་རྗེའི་སྐུ་འོག་ནས་འབྱུང་བ་ལྟར་དང་། དར་ནག་པོ་ལ་སྔགས་བྱང་བྲིས་པ། དྲག་
ཤིང་གི་ཕུར་བུ་སོར་བརྒྱད་པ་རྣམས་སྒོ་དྲུང་དུ་གདགས། དམར་གཏོར་ཐེབས་རིལ་ཅན་དང་མཆོད་པ་བཤམས་ལ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བརླབ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་གཤིན་རྗེ་མཐིང་ནག་ཐོད་དབྱུག་དང་འཁོར་ལོ་འཛིན་པ་གཅེར་བུ་རྒྱན་མེད་ཆུ་གླང་གི་གདན་ལ་འགྱིང་ཞིང་པད་ཉི་དང་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པ༔ བཛྲ་ས་མཱ་ཛ༔ ཡེ་ཤེས་པ་སྤྱན་དྲངས༔ ཛཿཧཱུྃ་བྃ་ཧོ༔ གཉིས་སུ་མེད་པར་ཐིམ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱེ་ཤབྡ་པཱུ་ཛ་ཧོཿ ཨོཾ་ཀརྨ་ཡ་མ་རཱ་ཛཿཧཱུྃ་ཕཊ༔ ཅེས་བཟླས་པས་རྒྱུད་བསྐུལ་ཞིང་༔ སྔགས་ཤམ་དུ༔ ས་པ་རི་བཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པས༔ བསྒྲུབ་པའི་འབྲས་བུ་མཆིས་ཀྱི་བར༔ ལས་ཀྱི་གཤིན་རྗེ་ཆོས་རྒྱལ་ལ༔ བཅོམ་ལྡན་ཆོས་རྗེའི་བཀའ་རྩལ་ལྟར༔ དངོས་གྲུབ་འཕྲོག་པའི་ཉམས་ལེན་བདུད༔ ལྷ་དང་འབྱུང་པོ་སྲིན་པོ་གང་༔ ཁྱེད་ཀྱི་འཁོར་དང་གཡོག་ལགས་པས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ ས་འདི་ཡན་ཆད་མ་བཏང་ཞིག༔ གསང་
བ་མཆོག་གི་ཕོ་བྲང་ཆེའི༔ སྒོ་སྲུང་གཡར་དམ་ཐུབ་པར་མཛོད༔ ས་མ་ཡ་སྟྭཾཾ༔ ཞེས་པས་བརྟན་པར་བྱའོ། དམ་བཅའ་བ་མཚོན་པའི་སླད་དུ། སྒོ་གང་དུ་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་དངོས་གྲུབ་མ་ཐོབ་ཀྱི་བར་དུ་སྒོ་འདི་ལས་ཕྱིར་མི་འདའ་འོ། ཞེས་བྲིས་པའི་བྱང་བུ་གདགས། སྒོའི་ནང་དུ་དམ་སྲིའི་ལིང་ག་བྲིས་པའི་སྙིང་གར་ཕུར་བུ་བཏབ་པ་འབྲུབ་ཁུང་དུ་བཅུག་ལ་ཐེ་མ་འོག་ཏུ་བཞག །སྒོ་འདི་ཡན་ཆད་འབྱུང་པོ་སུའང་མ་འདའ་ཞིག །ཅེས་བྲིས་པའི་དར་ནག་གི་ཅོད་པན་དང་བཅས་པའི་ཕུར་བུའང་སྒོ་སྐྱེས་ལ་གཟེར་རོ། །གསུམ་པ་གསང་མཚམས་ལ་མ་ཊཾྭ་བསྒྲལ་ཆོག་ནི། དཀྱིལ་འཁོར་བྱ་བའི་གཞིར་མ་ཊཾྭ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག །སྒྲུབ་པ་པོ་རྣམས་དྲག་པོའི་ཆས་སུ་ཞུགས་ལ། མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀོ྅ཧཾ༔ རང་ཉིད་སྐད་ཅིག་གིས་བླ་མ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པར་བསམ། ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ། ཧཱུྃ༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་ཡེ་ཤེས་རོལ་རྩལ་ལས༔ དཀྱིལ་འཁོར་ལྷ་ཚོགས་ཅིར་ཡང་ཤར༔ བླ་མ་རྩ་གསུམ་ལྷ་ཚོགས་ཀྱི༔ བྱིན་བརླབས་མཐུ་ནུས་ལྡན་པ་ཡིས༔ ངོ་བོ་དངོས་གྲུབ་འཕྲོག་པའི་བགེགས༔ རྣམ་པ་མ་ཊཾྭ་གཟུགས་བརྙན་ཏེ༔ སྟོང་ཁམས་ཁྱབ་པའི་བདུད་རིགས་རྣམས༔ མ་རིག་ཉོན་མོངས་ལས་བྱུང་བའི༔ རུ་དྲའི་ཕུང་པོ་འདི་ལ་ཁུག༔ མ་ཊཾྭ་རུ་
དྲ་ཨཱ་ཀརྵ་ཡ་ཛཿ ཞེས་བཀུག་སྟེ་གཟུགས་ལ་བསྟིམ། སློབ་དཔོན་གྱི་ཞབས་འདོར་ཐབས་གཡས་འོག་ཏུ་མནན་པར་བསམ་ལ། ཧཱུྃ༔ བདག་ཏུ་བལྟ་བའི་རུ་དྲ་འདིས༔ སྔོན་ཡང་སྒྲུབ་པ་ཀུན་ལ་སྒྲིབ༔ ད་ཡང་སྒྲུབ་པའི་བར་ཆད་བགེགས༔ ཁུངས་དང་་རྫས་བཅས་གང་ལས་བྱུང་༔ ཁུངས་དང་རྫས་བཅས་བདག་ལས་བྱུང་༔ བདག་མེད་རྟོགས་པས་དབྱིངས་སུ་བསྒྲལ༔ སྔོན་ཚེ་རང་བྱུང་ཧེ་རུ་ཀས༔ གསང་བ་མཆོག་གི་དུར་ཁྲོད་དུ༔ བདག་ཏུ་བལྟ་བའི་རུ་དྲ་ནི༔ མགོ་བོ་ལྷོ་ནུབ་རྐང་བྱང་ཤར༔ བྱས་ཏེ་དཔལ་གྱི་ཞབས་འོག་མནན༔ ཡེ་ཤེས་འབར་བའི་མཚོན་ཆ་ཡིས༔ བསྒྲལ་ཏེ་དུར་ཁྲོད་ཕོ་བྲང་བྱས༔ དཔལ་ཆེན་འབར་བའི་ཏིང་འཛིན་དང་༔ རོལ་པའི་སྟབས་ཀྱིས་རབ་ཏུ་གཟིར༔ སྐུ་གསུང་ཐུགས་ཀྱི་མཚོན་རྣོན་པོས༔ དུག་གསུམ་རུ་དྲ་དབྱིངས་སུ་བསྟིམ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ འབར་བའི་གཞལ་ཡས་ཆེན་པོ་གྲུབ༔ མ་ཊཾ་རུ་ཏྲ་ཕཊ༔ ཁ་ཊྭཱ་ག་རུ་དྲ་ཕཊ༔ མ་ཊཾ་ཀ་རུ་ཊ་ཕཊ༔ སྐུ་གསུམ་རང་བཞིན་ཁ་ཊཾྭ་རྩེ་གསུམ་སྙིང་གར་བསྣུན་པས། མ་ཊཾཱ་གྱི་ཕུང་པོ་ཁྲོལ་གྱིས་ཞིག༔ བདག་ཏུ་ལྟ་བའི་རྣམ་ཤེས་ཏྲི་ནག་པོའི་རྣམ་པར་གནས་པ་བདག་མེད་བལྟ་བའི་སྟོང་ཉིད་ཨ་དཀར་པའི་རང་བཞིན་དུ་གནས་གྱུར་ཏེ་བདག་གི་ཐུགས་ཀར་ཐིམ་པར་བསམ་ལ་ཡེ་ཤེས་ཀྱི་རང་བཞིན་རལ་གྲིས་ལྷུ་ཕྲལ་ཞིང་། མགོ་བོ་ལྷོ་ནུབ། སྙིང་ནུབ། ལག་གཡོན་ནུབ་
བྱང་། རྐང་གཡོན་བྱང་། མཚན་མ་བྱང་ཤར། རྐང་གཡས་ཤར། ལག་གཡས་ཤར་ལྷོ། གློ་བ་ལྷོ། ཁོག་པ་དབུས་སུ་བཞག་ལ། སྒྲུབ་པ་པོ་རྣམས་སྲིན་ལག་ལུ་གུ་རྒྱུད་ལ་སྤྲེལ་ཞིང་། ཧཱུྃ༔ སྟོང་པ་ཉིད་ནི་ཆོས་ཀྱི་དབྱིངས༔ མ་བཅོས་ངང་དུ་བྲོ་བརྡུངས་པས༔ གཏི་མུག་རུ་དྲ་ཐལ་བར་བརླག༔ འོད་གསལ་ཆེན་པོའི་ཀློང་དུ་ཐིམ༔ མེ་ལོང་ཡེ་ཤེས་ངང་ཉིད་དུ༔ སྣང་སྟོང་འཛིན་མེད་བྲོ་བརྡུངས་པས༔ ཞེ་སྡང་རུ་དྲ་ཐལ་བར་བརླག༔ གསལ་བ་ཆེན་པོའི་ཀློང་དུ་ཐིམ༔ ཐམས་ཅད་མཉམ་པའི་དབྱིངས་ཉིད་དུ༔ གསལ་སྟོང་ཞེན་མེད་བྲོ་བརྡུངས་བས༔ ང་རྒྱལ་རུ་དྲ་ཐལ་བར་བརླག༔ ཕྱོགས་ལྷུང་མེད་པའི་ཀློང་དུ་ཐིམ༔ སོ་སོར་རྟོགས་པའི་དབྱིངས་ཉིད་དུ༔ མ་འདྲེས་ཡོངས་རྫོགས་བྲོ་བརྡུངས་པས༔ འདོད་ཆགས་རུ་དྲ་ཐལ་བར་བརླག༔ བདེ་བ་ཆེན་པོའི་ཀློང་དུ་ཐིམ༔ བྱ་བ་གྲུབ་པའི་དབྱིངས་ཉིད་དུ༔ རིག་པ་ཟངས་ཐལ་བྲོ་བརྡུངས་པས༔ ཕྲག་དོག་རུ་དྲ་ཐལ་བར་བརླག༔ ལྷུན་གྲུབ་ཆེན་པོའི་ཀློང་དུ་ཐིམ༔ ཞེས་བྲོ་རྒྱས་པར་བརྡུངས་པའམ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་ཁོ་ནས་ཀྱང་ཆོག །རུ་དྲའི་སྲོག་གི་སྒོར་ཞུགས༔ བདག་ཏུ་བལྟ་བའི་དྲེགས་པ་བཅོམས༔ ཕུང་པོ་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོར་ལྷུན་གྱིས་གྲུབ་པར་བསམ༔ ལག་གཉིས་རྡོ་རྗེ་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་དཔལ་ཆེན་པོའི་འགྱིང་བ་དང་བཅས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧ་ཧ་ཧ་ཕཊ་ཕཊ་ཕཊ༔ ཞེས་བརྗོད་
བཞིན་ཏུ་དཀྱིལ་འཁོར་གྱི་གཞི་ལ་བསྐོར་རོ། །གཉིས་པ་ཉེ་བར་བསྙེན་པའི་ཡན་ལག་ལ་ལྔ། སྟ་གོན། དཀྱིལ་འཁོར་བཞེངས་པ། བསྲེ་བསྣན། མངའ་གསོལ། བྱིན་དབབ་པའོ། །དང་པོ་སྟ་གོན་ལ་བཞི། ལྷ་བུམ་པ། ཡོ་བྱད་སློབ་མ་སྟ་གོན་ཏུ་བྱ་བའོ། །དང་པོ་ལྷ་ལ་སྙན་གསན་འབེབས་པ་སྟེ། ཆག་ཆག་གདབ་པ་ནི། ཀ་པཱ་ལར་ཆང་དང་བདུད་རྩི་ལྔ་སྦྱར་བ། བླ་མ་རིག་འཛིན་ཡབ་ཡུམ་གྱི་བྱང་ཆུབ་སེམས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་ཐིག་ལེར་གྱུར་པར་བསམ་ལ་གཡས་བསྐོར་དུ་ཆག་ཆག་གདབ་ཅིང་། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་འདིར༔ སྙིང་པོ་དོན་གྱི་དཀྱིལ་འཁོར་བཞེངས་པའི་ཕྱིར༔ དངོས་གྲུབ་འཛིན་པའི་བདུད་རྩི་ཆེན་པོ་ལྔས༔ གཉིས་མེད་ཡུམ་ལྔའི་དབྱིངས་སུ་ཆག་ཆག་གདབ༔ མི་འདའ་རྡོ་རྗེའི་ཡེ་ཤེས་སྒྲུབ་པའི་གནས༔ འོག་མིན་བཀོད་པ་ཆེན་པོའི་ཞིང་དུ་གྱུར༔ པཉྩ་ཛྙཱ་ན་མཎྜ་ལ་བྷཱུྃ༔ ཞེས་ཁྱེམ་མེད་པར་བྱུགས། ཐིག་གདབ་པ་ནི། སློབ་དཔོན་ནུབ་དང་རིག་མ་ཤར་དུ་འཁོད། ཚོན་སྣ་བསྒྲིལ་བའི་ཐིག་སྐུད་འདུ་བྱས་ལ། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་བདེ་བ་ཆེན་པོ་པདྨ་བཛྲ་རྩལ་གསང་བ་ཡེ་ཤེས་ཀྱི་དྷཱ་ཀི་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པའི་གནས་ལྔར་འཇའ་ཟེར་ཐིག་ལེ་དྭང་མར་འཁྲུགས་པའི་ཀློང་དུ་རིགས་ཀྱི་ཡབ་ལྔ་དང་ཡུམ་ལྔ་གཟི་བྱིན་ལམ་མེར་གསལ་བ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་ཅིང་༔ དེ་འདྲ་བའི་དམ་ཚིག་གི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་སྤྲིན་གྱིས་
ས་གཞི་ལ་བྲིས་པར་བསམ་ལ། ཧཱུྃ༔ བླ་མ་ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བའི༔ བྱང་ཆུབ་སེམས་སྤྲིན་ནམ་མཁའ་གང་བར་སྤྲོས༔ ཡེ་ཤེས་དཀྱིལ་འཁོར་ནམ་མཁའ་གང་བར་སད༔ དམ་ཚིག་དཀྱིལ་འཁོར་ཡུམ་གྱི་ས་གཞི་ལ༔ སྒྲུབ་པའི་ལྷ་ཚོགས་བཞུགས་གནས་ལྷུན་གྱིས་གྲུབ༔ སྒྱུ་འཕྲུལ་ཆེན་པོའི་ཕོ་བྲང་འབྱམས་ཀླས་གྱུར༔ བྷཱུཾ་ཛྙཱ་ན་མཎྜལ་བྷཱུཾ༔ ཞེས་བརྗོད་བཞིན་ཏུ་བསྐོར་ཕྱོགས་མ་འཁྲུལ་པས་ཐོག་མར་ཡེ་ཤེས་ཀྱི་ཐིག་ནམ་མཁའ་ལ་གདབ། ཧཱུྃ་གླུར་བླངས་བཞིན་ཏུ་ལས་ཀྱི་ཐིག་ས་ལ་གདབ་ཅིང་ཐུགས་སྒྲུབ་སོ་སོའི་དཀྱིལ་འཁོར་དང་མཐུན་པར་ཆ་དབྱེ། གཙོ་བོའི་ལྷ་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང་། འཁོར་གྱི་གནས་རྣམས་སུ་ཟླུམ་པོར་བཀོད། མེ་ཏོག་སིལ་མའི་ཚོམ་བུ་སོ་སོའི་ལྷ་སྔགས་ཀྱི་མཐར། ས་མ་ཡ་སྟཾྭ་ཞེས་བརྗོད་ཅིང་སྤུངས༔ དེའང་བར་ཆད་ཀུན་སེལ་ལ་སོ་སོའི་སྔགས་བྱང་ཛབ་བསྐུལ་ལྟར་དང་། ཡིད་བཞིན་ནོར་བུ་ལ་སྤྱི་སྔགས་བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་ལྷ་གྲངས་བྱས་པས་ཀྱང་འཐུས། སྨན་རཀ་གཏོར་གསུམ་ཉེར་སྤྱོད་བཅས་བཤམས་ལ་བྱིན་གྱིས་བརླབས་པ་ནི། རྃ་ཡྃ་ཁྃ༔ ཡེ་ཤེས་རང་སྣང་སྙིང་པོའི་གཞལ་ཡས་སུ༔ ཕྱི་ནང་གསང་བ་བླ་མེད་མཆོད་པའི་སྤྲིན༔ བདེ་བ་ཆེན་པོའི་ལོངས་སྤྱོད་བསམ་མི་ཁྱབ༔ འཕེལ་འགྲིབ་བྲལ་བ་དབྱིངས་ཀྱི་རྒྱན་དུ་རྫོགས༔ ཨོཾ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ༔ ཚོམ་བུ་རྣམས་དྲིའི་ཆུས་བསངས། རྃ་ཡྃ་ཁྃ༔ ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། བར་ཆད་ཀུན་སེལ་ལ། སྟོང་
པའི་ངང་ལས་མདུན་གྱི་ནམ་མཁའི་གཞིར༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ བདེ་གཤེགས་ཀུན་འདུས་རིག་འཛིན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་སོགས་ཕྲིན་ལས་སྙིང་པོའི་ལྷ་བསྐྱེད་ནས་བསྟོད་པའི་བར་ཚང་བར་བཏང་། ཡིད་བཞིན་ནོར་བུ་ལ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་གཞིར༔ བྷཱུྃ་ཡིག་ཡོངས་གྱུར་རིན་ཆེན་གཞལ་མེད་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན༔ སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་བཏང་༔ དེ་ནས་སྒྲུབ་པ་པོ་རྣམས་ལངས་ཏེ་ཐལ་མོ་སྦྱར་ཞིང་བཏུད་དེ། ཧོཿ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་སོ་སོར་སྨིན༔ དེ་ལྡོག་ཕྱིར་ན་རྒྱལ་བའི་དམ་མནོས་ཏེ༔ བདག་ཅག་མ་རིག་ལུས་དང་དག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ནས་ལས་ཀྱི་དངོས་གྲུབ་སྩོལ༔ ཅེས་གསོལ་བ་གདབ་ཅིང་། ཨོཾ་ཨཱཿཧཱུྃ་བྷཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ། ཅེས་པས༔ སྟ་གོན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་བྱོན་པར་བསམ༔ ཛཿ ཞེས་བརྗོད་པས་
ཡེ་ཐིག་གི་དཀྱིལ་འཁོར་དང་དབྱེར་མེད་བཞུགས་པར་བསམ་ལ༔ སློབ་དཔོན་གྱིས་འཁོར་ལོས་བསྒྱུར་བའི་ཆས་སུ་ཞུགས། སྟེགས་བུའི་དབུས་ཀྱི་ཆར་སྙེམས་པ་དང་བཅས་འདུག་ལ་ཕྱོགས་བཞི་ནས་རྒྱལ་ཐེབས་བཞིས་སློབ་དཔོན་དང་མཐུན་པའི་ཆས་སུ་ཞུགས༔ མཆེད་ལྕམ་རྣམས་ཀྱིས་དཀྱིལ་འཁོར་བསྐོར་ལ་རོལ་མོ་དང་བཅས་མཆོད་པའི་སྤྲིན་གྱི་ཚོགས་དང་བཅས་ཏེ་གསོལ་བ་གདབ་པ་ནི། ཤར་ནས། བདེ་གཤེགས་སྐུ་ཡི་ལྷ་ཚོགས་དང་༔ སངས་རྒྱས་སྲས་དང་བཅས་རྣམས་ལ༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྨད་བྱུང་མཆོད་སྤྲིན་འབུལ་གྱིས་བཞེས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཧོཿ དཀྱིལ་འཁོར་གཙོ་བོ་བདེ་གཤེགས་བདག༔ བདེ་གཤེགས་དངོས་གྲུབ་ཐོབ་བྱའི་ཕྱིར༔ བདེ་གཤེགས་དཀྱིལ་འཁོར་བཞེངས་ལགས་ན༔ བདེ་གཤེགས་རིགས་ཀྱིས་དངོས་གྲུབ་སྩོལ༔ སླར་ཡང་ཤར་ནས། བདེ་གཤེགས་ཐུགས་ཀྱི་ལྷ་ཚོགས་དང་༔ ཞེས་སོགས་ཀྱིས་མཆོད་ཅིང་། ཧོཿ དཀྱིལ་འཁོར་གཙོ་བོ་རྡོ་རྗེའི་བདག༔ རྡོ་རྗེའི་དངོས་གྲུབ༴ རྡོ་རྗེའི་དཀྱིལ་འཁོར༴ རྡོ་རྗེའི་རིགས༴ ལྷོ་ནས། བདེ་གཤེགས་ཡོན་ཏན་ལྷ་ཚོགས་དང་༔ སོགས་ཀྱིས་མཆོད། ཧོཿ དཀྱིལ་འཁོར་གཙོ་བོ་རིན་ཆེན་བདག༔ རིན་ཆེན་དངོས་གྲུབ༴ རིན་ཆེན་དཀྱིལ་འཁོར༴ རིན་ཆེན་རིགས༴ ནུབ་ནས་བདེ་གཤེགས་གསུང་གི་ལྷ་ཚོགས་དང་༔ སོགས་ཀྱིས་མཆོད། ཧོཿ དཀྱིལ་འཁོར་གཙོ་བོ་པདྨའི་བདག༔ པདྨའི་དངོས་
གྲུབ༴ པདྨའི་དཀྱིལ་འཁོར༴ པདྨའི་རིགས༴ བྱང་ནས། བདེ་གཤེགས་ཕྲིན་ལས་ལྷ་ཚོགས་དང་༔ སོགས་ཀྱིས་མཆོད། ཧོཿ དཀྱིལ་འཁོར་གཙོ་བོ་ལས་ཀྱི་བདག༔ ལས་ཀྱི་དངོས༴ ལས་ཀྱི་དཀྱིལ༴ ལས་ཀྱི་རིགས༴ དེ་ལྟར་གསོལ་བ་གདབ་པ་གསན་ནས་སློབ་དཔོན་སྙིང་རྗེ་ཆེན་པོས་སློབ་མ་རྣམས་ལ་སྙིང་བརྩེ་བ་སྔོན་ཏུ་འགྲོ་བས་ནམ་མཁའི་དཀྱིལ་འཁོར་བ་ལ་གནང་བ་ནོད་པ་ནི། བདེ་གཤེགས་རིགས་འདུས་ལྷ་ཚོགས་དང་༔ཞེས་སོགས་ཀྱིས་མཆོད༔ ཧོ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རིག་འཛིན་གཙོ་ལ་ཕྱག་འཚལ་ལོ། བདག་ནི་སྙིང་རྗེའི་དབང་གྱུར་ཏེ༔ ཁྱེད་རྣམས་མཆོད་དང་སློབ་མ་ལ༔ ཕན་ཕྱིར་དཀྱིལ་འཁོར་འབྲི་བར་འཚལ༔ ཐུགས་རྗེའི་བདག་ཉིད་མགོན་རྣམས་ཀྱིས༔ རྗེས་སུ་གནང་བ་མཛད་པར་རིགས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་མཆོག་ཀུན༔ འོད་གསལ་སྙིང་པོ་རྡོ་རྗེ་སེམས༔ རིགས་འདུས་བླ་མའི་འཁོར་ལོར་རྫོགས༔ འཁོར་ལོའི་དབང་ཕྱུག་ཁྱེད་མཆོད་ན༔ ཐུགས་རྗེས་མངོན་སུམ་འདིར་གཤེགས་ནས༔ བདག་དང་སློབ་མར་བཅས་པ་ལ༔ བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཅེས་ལན་གསུམ་གསོལ་བ་གདབ་པས། དཀྱིལ་འཁོར་པ་རྣམས་དགྱེས་བཞིན་ཏུ༔ རྡོ་རྗེ་འཛིན་པ་སྙིང་རྗེ་ཆེ༔ ཁྱེད་ཀྱིས་འགྲོ་ལ་ཕན་དོན་ཏུ༔ དཀྱིལ་འཁོར་ལས་རྣམས་
ཚུལ་བཞིན་སྒྲུབས༔ དངོས་གྲུབ་ཀུན་བདག་ཁྱོད་འགྱུར་རོ༔ ཅེས་སྒྲ་བརྙན་ལྟ་བུའི་གླུས་གནང་བ་བྱིན་པར་བསམ་ལ༔ ཧཱུྃ༔ ཞེས་འགྱིད་པ་དང་བཅས་པས་ལངས་ཏེ་ཕྱོགས་སོ་སོ་ནས་སུ་ར་རོའི་གླུ་བླང་བའམ་ཧཱུྃ་ཞེས་བཟླ་ཞིང་དཀྱིལ་འཁོར་གྱི་གཞི་ལ་བསྐོར་ནས་བྱང་ཤར་གྱི་གྲྭར་འཁོད་ལ། ཚོན་བྱིན་གྱིས་བརླབས་པ་ནི། ཁ་དོག་རྣམ་པར་བཀྲ་བའི་ཚོན་ལྔ་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་དགོད། ཚོན་ལྔ་རིན་པོ་ཆེའི་ཕྱེ་མ་འོད་འབར་བའི་རྣམ་པ་ལ་ཡེ་ཤེས་ལྔའི་རང་བཞིན་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་ལས་བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ འཕགས་པ་རྣམས་ཀྱི་ཐུགས་བརྒྱུད་བསྐུལ༔ རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ་ནས་ཡེ་ཤེས་རིགས་ལྔའི་རང་བཞིན་འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས༔ རྡུལ་ཚོན་ལ་ཐིམ་པས་ཡེ་ཤེས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ༔ འཐུ་ལྔ་བཟླས་པས་བྱིན་བརླབས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དམ་ཚིག་གི་དཀྱིལ་འཁོར་ས་གཞི་ལ་བཀྲ་ལམ་གྱིས་གསལ་བར་བསམ༔ བྷཱུྃ་བཟླས་པས་ཚོན་རྣམས་མ་ནོར་བར་ཐུགས་སྒྲུབ་སོ་སོའི་གཞུང་དང་མཐུན་པར་བྱང་ཤར་གྱི་བརྩིག་པ་ནས་བརྩམ་ཏེ་བྲི་ཞིང་དེར་ཐོད་པས་དག་པ་ལ་བཞག །བྲིས་ཟིན་པ་ན་ཚོན་རྣམས་མ་ལུས་པར་དྭང་ཞིང་གསལ་ན་དངོས་གྲུབ་ཐོབ་པའི་རྟགས་སུ་བཤད་དོ། མཐར་ཧཱུྃ་ཞེས་པས་ཚོན་ལྷག་མར་བསྟིམ་པའི་ཡེ་ཤེས་ཀྱི་བྱིན་རླབས་རང་གི་སྙིང་གར་ཐིམ་པར་བསམ༔ རས་བྲིས་ཀྱི་ཕྱོགས་
ལ་སྤྲོས་པ་བསྡུ་ན་ཐིག་ཚོན་གྱི་བྱ་བ་རྣམས་དོར་ལ་ཆག་ཆག་གདབ། སྔགས་བཅས་ཚོམ་བུ་དང་མཆོད་གཏོར་བཤམ། བྱིན་རླབས་ནས་བསྟོད་པའི་བར་བཏང་། བཟོད་གསོལ་མཐར་ལྷ་ནམ་མཁར་བཏེགས་པ་ཙམ་གྱིས་འཐུས་སོ། །གཉིས་པ་དབང་བསྐུར་བའི་སླད་དུ་བུམ་པ་སྟ་གོན་ཏུ་བྱ་བ་ནི། སྟེགས་བུ་གཞན་ཞིག་ཏུ་དབང་རྟེན་གྱི་བུམ་པ་ལྷ་གྲངས་སམ། རིགས་དྲུག་གམ། དཀྱིལ་འཁོར་གྱི་བུམ་པ་རྣམ་པར་རྒྱལ་བ་གཅིག་དང་། ལས་ཀྱི་བུམ་པ་སྟེ་གཉིས་འདུ་བྱ། ལྷ་གྲངས་ཀྱི་ཚེ་དབང་བསྐུར་བ་ན་ལྷ་སོ་སོའི་སྔགས་དང་བཅས་ཏེ་ཆུ་དབང་བསྐུར། དྲུག་གི་ཚེ་རྡོ་རྗེ་སེམས་དཔའི་བུམ་པ་ཆུ་དབང་དང་། གཞན་རྣམས་རིགས་སོ་སོའི་དབང་གི་མཐའ་བརྟན་ཏུ་བྱ། གང་ཡང་གུ་གུལ་གྱིས་བདུག །ཡུངས་ཀར་བརྡེག །རྒྱུན་འབབས་ཀྱི་ཆུ་རིགས་བཟང་ཕ་མ་འཛོམ་པའི་ཁྱེའུ་ཕོ་མོས་བླངས་པ་བླུགས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ༔སརྦ་དྷརྨཱ༔སྭ་བྷཱ་བ་ཤུདྡྷོ་྅ཧཾ༔ཞེས་བཟླ། ཨོཾ་ཨཱ༔ཧཱུྃ་སྭཱ་ཧཱ༔ ཞེས་བཟླ་ཞིང་ལྔ་ཚན་ལྔ་བཅུག །དེའང་གཏེར་གཞུང་ལས། རིན་ཆེན་གསེར་དངུལ་བྱེ་རུ་དང་༔ མུ་ཏིག་རྣམ་ལྔས་འབྱོར་པ་སྤེལ༔ ནས་འབྲས་གྲོ་དང་སྲན་མ་དཀར༔ སོ་པའི་འབྲུ་ཡིས་བསོད་ནམས་བསྐྱེད༔ ཤུ་ངག་དབང་ལག་ཚེར་མ་གཉིས༔ ཨ་རུའི་སྨན་གྱིས་ནད་རྣམས་ཞི༔ ལན་ཚྭ་མར་སྦྲང་བུ་རམ་དང་༔ ཏིལ་གྱི་སྙིང་པོས་ཡེ་ཤེས་ཐོབ༔ ཙནྡན་དཀར་དམར་གུར་གུམ་དང་༔ ག་བུར་ལི་ཤིས་ཚུལ་ཁྲིམས་གཙང་༔ དེ་ལྟར་ལྔ་ཚན་ལྔར་བཅས་པའི༔ བཅུད་ཀྱིས་ལེགས་སླེ་ཏྲེ་དང་ཀུཎྜ་ཀཱ་རི། གཏམས་བྱིན་རླབས་པས༔ ནད་གདོན་ཉོན་མོངས་རྣམ་ལྔ་སོགས༔
ཕུང་པོ་གནས་གྱུར་རིགས་ལྔ་ཡི༔ ཡེ་ཤེས་དངོས་གྲུབ་མངོན་ཏུ་འགྱུར༔ ཅེས་གསུངས་པ་ལྟར་རོ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཞེས་ཤ་ལྔ་དང་བདུད་རྩི་ལྔ་བླུགས། ཨོཾ་ཧྲཱིཿཔཉྩ་ལི་ཀ་ཨཱཿཧཱུྃ༔ ཞེས་མགུལ་ཆིངས་བྱ། ཨོཾ་ཨཱཿབོདྷི་གརྦྷ་བྲྀཀྵ་ཧཱུྃ༔ ཞེས་ཁ་རྒྱན་གཟུག །ཧཱུྃ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ༔ ཞེས་གཟུངས་ཐག་རྡོ་རྗེ་གདགས། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་རིགས་ལྔའི་ཕྱག་མཚན་གྱིས་བརྒྱན་ལ་སྟེགས་བུའི་ཁར་དགོད། སྨན་རཀ་གཏོར་གསུམ་ཉེར་སྤྱོད་ཀྱིས་བསྐོར། བུམ་པའི་ལས་སྦྱོར་མྱོང་གྲོལ་བུམ་པ་སྟ་གོན་ཏུ་བྱ་བ་ནི། སངས་རྒྱས་བྱང་སེམས་རྣམས་ཀྱི་གདུང་༔ སྐྱེ་བ་བདུན་པའི་ཤ་སྔོན་གྱི་རིག་འཛིན་རྩལ་འཆང་རྣམས་ཀྱིས་བསྒྲུབས་པའི་སེལ་མེད་ཀྱི་དམ་རྫས་ཨ་མྲྀ་ཏ་རྣམས་རྟག་དུ་རིགས་གསུམ། བྱ་རྒོད་ཀྱི་ཤ་རྣམས་དང་སྦྱར་ཏེ་རིལ་བུ་དྲིལ་ལ་རྩི་དམར་པོའམ་སེར་པོ་གསོལ་བ་རིན་པོ་ཆེའི་བུམ་པར་བླུགས་ལ་ཁ་བཅད། རིགས་ལྔའི་དབུ་རྒྱན་གསོལ་ལ་སྟེགས་བུར་བཞག །རྒྱས་པར་སྤྲོ་ན་གོང་ལྟར་མཆོད་པ་བྱིན་བརླབས། བསང་སྦྱང་། སྟོང་པའི་ངང་ལས་བྷྲུྃ་ཡིག་ཡོངས་གྱུར་ཏེ༔ ཕྱི་ནི་རིན་ཆེན་བུམ་པ་རྒྱན་དང་ལྡན༔ ནང་ནི་རང་བྱུང་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ སོགས་བར་ཆད་ཀུན་སེལ་ཕྲིན་ལས་སྙིང་པོ་ལྟར་དང་། ཡིད་བཞིན་ནོར་བུ་ལ་གོང་གི༔ མཚན་ཉིད་རྫོགས༔ ཞེས་པའི་འཕྲོས་སུ། འོག་མིན་པདྨ་དྲྭ་བའི་ཕོ་བྲང་དབུས༔ ཞེས་པ་ནས་
བརྩམ་བསྟོད་པའི་བར་བཏང་། བསྡུ་ན། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོ་ལྷ་རྣམས་དྭངས་པའི་མཚོལ་གཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བར་གྱུར༔ཅེས་དམིགས་ལ་སྔགས་ཙམ་གྱིས་མཆོད་བསྟོད་པ་ཤློ་ཀ་གཅིག་བརྗོད། གཟུངས་ཐག་བླངས་ལ། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་བཀང་བར་གྱུར༔ ཅེས་དམིགས་ལ་སོ་སོའི་སྔགས་ཅི་རིགས་བཟླ་མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་བར་བསམ༔ མྱང་གྲོལ་བུམ་པར་དམིགས་ཏེ། རིལ་བུའི་བུམ་པར་ཀུན་བཟང་པདྨ་འབྱུང་༔ གུ་རུ་དྲུག་གི་སྤྲིན་ཕུང་འཕྲོ་བ་ལས༔ འོད་ཟེར་སྤྲོ་བསྡུས་སངས་རྒྱས་མཛད་པ་བསྒྲུབ༔ ལྷ་སྔགས་ནུས་པའི་གཟི་བྱིན་འབར་བར་གྱུར༔ ཅེས་བསྒོམ་ཞིང་སྐུ་གསུམ་མམ། གཙོ་སྔགས་ལ་མྱང་གྲོལ་སྔགས་ཤམ་བཏགས་པ་ཅི་རིགས་བཟླ། ལས་བུམ་ལ་དམིགས། ལས་བུམ་ནང་དུ་པད་ཉིའི་སྟེང་༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ། དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང་༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧྱ་
གྲི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་བཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ༔ ཅེས་ཕྲིན་ལས་བཅོལ་ལོ། གསུམ་པ་སྒྲུབ་རྫས་ཡོ་བྱད་སྟ་གོན་ཏུ་བྱ་བ་ནི། ཡབ་ཀྱི་སྐུ་རྟེན་ཏུ་སྐུ་འབག་རིན་པོ་ཆེའི་ཟེའུ་ཁང་དུ་བཞུགས་པ། ཡུམ་གྱི་རྟེན་དུ་ཁ་ཊྭཱཾ་ག་དར་སྣ་ལྔས་བརྒྱན་པ། ཞི་བའི་རྟེན་རྡོ་རྗེ་དང་དྲིལ་བུ་དར་དཀར་དམར་གྱིས་བསྣོལ་མར་བཅིངས་པ། དྲག་པོའི་རྟེན་དུ་ཕུར་པ་ཁྲོ་ཞལ་ཅན་དར་སྣ་ལྔས་བརྒྱན་པ༔ རྩ་གསུམ་ཐམས་ཅད་ཀྱི་སྲོག་རྟེན་ཐོད་པ་མཚན་བཟང་ནང་མཚལ་གྱིས་བྱུགས་ལ་འཁོར་ལོ་རྩིབས་བཞི་རིན་ཆེན་ཟུར་བརྒྱད་མུ་ཁྱུད་དང་བཅས་པ་བྲི། ལྷ་གནས་སོ་སོར་སོ་སོའི་སྲོག་ཡིག༔ མུ་ཁྱུད་དང་པོ་ལ་རྩ་བ་གསུམ་གྱི་སྙིང་པོ། ཕྱི་མ་ལ་དབྱངས་གསལ་རྟེན་སྙིང་གི་མཐར། རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་སྒྲུབ་པ་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཅིག༔ ཅེས་བྲི། ཡང་ན་དར་རམ་ཤོག་གུལ་སོ་སོའི་སྲོག་འཁོར་བྲིས་པ་ལྟེ་བ་མ་ཉམས་པར་བལྟེ་བ་ལ། རིན་པོ་ཆེ། འབྲུ་སྣ། སྨན་སྣ། ཁྱད་པར་རང་རང་གི་བླ་མ་བརྒྱད་པ་དང་བཅས་པའི་དམ་ཚིག་གི་རྫས་དང་། དབུ་སྐྲ། ན་བཟའ་གཙོ་བོར་གྱུར་པའི་དང་པའི་རྟེན་རྣམས་ཀྱིས་ཕྱུར་བུར་བཀང་། སྲོག་ཕུར་སོར་བཞིའམ་བརྒྱད་པ་རྡོ་དྲིལ་གྱིས་མཚན་པ་དང་། གཙོ་འཁོར་གང་ནུས་ཀྱི་སྐུ་གཟུགས་དང་བཅས་པའང་ཐོད་པའི་ནང་དུ་གཞུག །དར་སྣ་ལྔས་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པ་རྣམས་སྒྲུབ་
རྟེན་གྱི་གཙོ་བོ་ཡིན་ལ། སྨན་སྒྲུབ་དང་འབྲེལ་ན་བདུད་རྩི་སྨན་གྱི་ཕོ་བྲང་ཐོད་པ་ཁ་སྦྱོར་གྱི་ནང་དུ་ཨ་མྲྀ་ཏས་གཏམ་ཞིང་དར་སྣས་དྲིལ་ལ་ཚོན་སྐུད་ཀྱིས་བཅིངས་ཏེ་རྡོར་དྲིལ་གྱིས་རྒྱས་གདབ་ལ་དབུ་རྒྱན་གསོལ། བཀྲ་ཤིས་ཚེའི་འབྲང་རྒྱས་ཚེ་གཏོར་བུམ་གཟུགས་ཉི་ཟླ་ནོར་བུས་མཚན་པ་རིལ་བུས་བསྐོར་ཞིང་ཚེའི་ཛ་གང་དང་བཅས་པའང་འདུ་བྱ། གཞན་ཡང་རྟེན་སྒྲུབ་མཆོད་པའི་གཏོར་མ་སོགས་འོག་ཏུ་འབྱུང་བ་རྣམས་ཀྱང་ཚོགས་པར་བྱའོ། །བཞི་པ་སློབ་མ་སྟ་གོན་ཏུ་བྱ་བ་ནི། སྒྲུབ་ཆེན་གྱི་མཇུག་ཏུ་དབང་བསྐུར་རྒྱས་པ་སྦྲེལ་ན་འདི་སྟ་གོན་གྱི་རིམ་པ་བར་ཆད་ཀུན་སེལ་གྱི་རྩ་དབང་ལྟར་སྦྱར༔ དབང་ཆེན་མི་བསྐུར་བ་དང་འབྲིང་བསྡུས་ཙམ་བསྐུར་བ་ལ་ནི་སྟ་གོན་གྱི་བྱ་བ་མི་དགོས་སོ། རྡུལ་ཚོན་མི་འགྲུབ་ན་སྐབས་འདིར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་མོ། །གཉིས་པ་སྒྲུབ་པའི་རྟེན་དང་རྒྱན་བཀོད་པ་ནི། ཕུག་ལོགས་སོགས་གང་བདེར་བདག་བསྐྱེད་མཆོད་གཏོར་བཤམ། དཀྱིལ་འཁོར་མདུན་སྟེགས་སུ་སྔར་བཤད་པའི་སྒྲུབ་རྟེན་གཏེར་གཞུང་ལས་དངོས་བསྟན་རྣམས་དང་། སྤྱི་ལྟར་སྐུ་རྟེན་གུ་རུའི་སྐུ་ཚབ། གསུང་རྟེན་རྒྱུད་དང་གཞུང་པོད། ཐུགས་རྟེན་ཤེལ་རྡོ་བླ་མའི་གཏོར་ཆེན་རིན་ཆེན་ཟུར་བརྒྱད་རྒྱན་སྤྲོས་ཅན། མདའ་དར་རལ་གྲི་སྐབ་སྐོར་གྱིས་མཚོན་དཀྱིལ་འཁོར་རྒྱན་རྫས༔ ཕྱི་ནང་མཆོད་རྫས་རྣམས་བཀོད་བརྒྱུད་འདེབས་སྐྱབས་སེམས་སྔོན་ཏུ་འགྲོ་བས་ཐུགས་སྒྲུབ་སོ་སོའི་བདག་བསྐྱེད་རྒྱུན་གྱི་རྣལ་འབྱོར་བཟླས་པ་དང་བཅས་བྱས་ཀྱང་ཆོག་ལ། ཅུང་ཟད་སྤྲོ་ན་སོ་སོའི་ཕྲིན་ལས་བསྡུས་པ་བཏང་།
གང་ལྟར་བཟླས་པའི་མཐར། སྒྲུབ་རྫས་རྣམས་ལ་སྤྲོས་པ་རྒྱས་ན། ཞི་དྲག་གི་སྦྱང་བ། བགེགས་བསྐྲད། ཁྲུས་གསོལ་བཅས། བསྡུ་ན་ལས་སྔགས་ཀྱིས་ཐོག་དྲངས་པའི་དྲག་སྔགས་བརྗོད་ལ་ཡུངས་ཐུན་བྲབས། གུ་གུལ་བདུག །ལས་ཐམས་ཅད་པའི་བུམ་ཆུས་ཁྲུས་བྱ། སྭ་བྷཱ་བས་སྦྱང་། སྒྲུབ་རྫས་རྣམས་སྟོང་པའི་ངང་ལས་བླ་མ་རིག་འཛིན་གཙོ་དང་འཁོར་དུ་བཅས་པའི་དཀྱིལ་འཁོར་སྣོད་བཅུད་ཡོངས་སུ་རྫོགས་པ་ལྷ་སོ་སོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏུ་གསལ་བར་གྱུར་པར་བསམ་ལ་སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་རྒྱན་གྱིས་སྤྲས། རང་གྲལ་ནས་བཞེངས་ཏེ། རང་ཉིད་མ་ཧཱ་གུ་རུའི་སྐུར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་བླ་མ་རིག་འཛིན་བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་སྤྲིན་གཏིབས་པ་བཞིན་གནས་འདིར་བྱོན་ཏེ༔ སྒྲུབ་པའི་རྟེན་དང་དབྱེར་མེད་པར་ཕོ་བྲང་ནང་དུ་སོ་སོའི་གདན་ལ་བཞུགས་བར་གྱུར་པར་བསམ། ཧཱུྃ་ཧྲཱི༔ ཆོས་སྐུའི་དབྱིངས་ཉིད་མཚན་མ་ལས་འདས་ཀྱང་༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་སྐུར་བཞེངས་ཏེ༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་མ་ལུས་པ༔ ངོ་མཚར་ལྟས་བཅས་རོལ་ཅིང་གཤེགས་སུ་གསོལ༔ ཞེས་བསྐུལ་ཞིང་རོལ་མོ་བསྒྲག །སྐུ་གསུམ་མམ་གཙོ་བོའི་
ཛབ་དབྱངས་བྱ་ཞིང་སློབ་དཔོན་གྱིས་ཐོག་དྲངས། མཆེད་ལྕམ་རྣམས་ཀྱིས་སྒྲུབ་རྫས་སོ་སོར་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་གྱི་མཐར་མདུན་ཏུ་འཁོད་ལ་དབྱངས་དང་བཅས་ཏེ། ཧཱུྃ༔ སྔོན་གྱི་བདེ་གཤེགས་རིག་འཛིན་བླ་མ་ཡིས༔ མི་འདའ་སྒྲུབ་པའི་རྟེན་ཏུ་བསྔགས་པ་ནི༔ འཕྲུལ་བཞད་ཡིད་བཞིན་འདོད་འབྱུང་ཀ་པཱ་ལ༔ རྐང་མེད་མཁའ་འགྲོ་ཏོག་ཏོག་སྐད་གདངས་ཅན༔ ལོག་པར་ལྟ་བ་སྒྲ་ཐོས་ཙམ་གྱིས་བརླག༔ དཀར་པོ་ཟང་ཡག་བཀྲ་ཤིས་ལྕང་ལོ་འཕྱོ༔ མཚན་ཉིད་ཀུན་ལྡན་མཐུར་དུ་གཏིང་རིང་གཏིབས༔ སྔོན་རབས་འདས་དང་ད་ལྟ་སླད་ནས་འབྱོན༔ དུས་གསུམ་བདེ་གཤེགས་རྣམས་ལ་ཤིན་ཏུ་མཚོན༔ སྐུ་གསུང་ཐུགས་རྟེན་ཤ་ལྔ་བདུད་རྩི་ལྔ༔ དབང་པོ་རྣམ་ལྔ་སྣོད་བཅུད་རྒྱན་དང་ལྡན༔ འདི་ནི་སྔོན་གྱི་སྐྱེས་མཆོག་སྒྲུབ་པའི་རྫས༔ ད་ཡང་རྩ་གསུམ་སྒྲུབ་པའི་རྟེན་དུ་འབུལ༔ ཅེས་ཛབ་དབྱངས་བྱ་ཞིང་དཀྱིལ་འཁོར་གྱི་སྟེང་དུ་ལྡེང་ཁྲི་རིམ་པ་གསུམ་བཀོད་པའི་བར་མའི་དབུས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་ལ་བཀོད། ཧཱུྃཿ དུས་གསུམ་བདེ་གཤེགས་མ་ལུས་བཞུགས་པའི་གནས༔ སྨིན་གྲོལ་མཛད་པ་དབང་གི་བུམ་པ་མཆོག༔ སྣོད་བཅུད་ཡོངས་རྫོགས་ཞིང་ཁམས་ཆེན་པོར་གནས༔ འགྲོ་བའི་དོན་ཕྱིར་དགྱེས་ཤིང་བརྟན་པར་བཞུགས༔ ཞེས་བསྐུལ་ཞིང་དབང་གི་བུམ་པ་གཙོ་བུམ་གཡས། མྱང་གྲོལ་བུམ་པ་གཡོན།
གཞན་རྣམས་མཐའ་བསྐོར་དུ་བཀོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་གུ་རུ་པདྨ་ཡི༔ ཞལ་དང་མི་གཉིས་སྐུ་ཚབ་རིན་པོ་ཆེ༔ འགྲོ་མགོན་བླ་མའི་སྐུ་གསུང་ཐུགས་ཀྱི་རྟེན༔ གསང་བ་ཡུམ་གྱི་རྟེན་མཆོག་ཁ་ཊཱཾྭ་ག༔ བདེ་གཤེགས་ཡབ་ཡུམ་ཐབས་ཤེས་རྡོར་དྲིལ་དང་༔ དབུ་རྒྱན་རིགས་ལྔ་དད་ཅིང་མོས་པའི་རྟེན༔ བདེ་གཤེགས་བླ་མ་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ ཧཱུྃ༔ བདེ་གཤེགས་རྩ་གསུམ་བླ་མ་རིག་འཛིན་ཚོགས༔ ཞལ་མཇལ་བར་དུ་རྩེ་གཅིག་བསྒྲུབ་པའི་ཕྱིར༔ སྐུ་རྟེན་སྐུ་དང་གསུང་རྟེན་རྒྱུད་ལུང་རྣམས༔ ཐུགས་རྟེན་ལ་སོགས་དད་པའི་རྟེན་ཏུ་བཞུགས༔ ཞེས་བླ་མའི་ཛབ་དབྱངས་དང་བཅས་ཏེ་རྟེན་དེ་རྣམས་ལྡིང་ཁྲི་གང་མར་བཀོད། གཙོ་འཁོར་ཡོངས་རྫོགས་ཀྱི་སྐུ་རྟེན་བྲིས་འབུར་ཡོད་ན་ལྷ་གནས་སོ་སོར་བཀོད། མེད་ན་ཐང་སྐུ་སོགས་ལ་དམིགས་ཏེ༔ བར་ཆད་ཀུན་སེལ་ལ། ཨོཾ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་ཤིང་སྤྲུལ་པའི་སྐུ༔ རིགས་ཀུན་ཁྱབ་བདག་ཚེ་དཔག་མེད༔ འགྲོ་བ་འདུལ་མཛད་སྤྱན་རས་གཟིགས༔ དཀྱིལ་འཁོར་གཙོ་མཆོག་ཐོད་ཕྲེང་རྩལ༔ རྒྱལ་བའི་གདུང་འཚོབ་འགྲོ་བའི་མགོན༔ མཁྱེན་རབ་མཐར་ཕྱིན་སྨྲ་བའི་སེང་༔ དངོས་གྲུབ་མཆོག་བརྙེས་པདྨའི་ཞལ༔ མུ་སྟེགས་འདུལ་མཛད་བདུད་ཀྱི་
གཤེད༔ ལྷ་དང་གཉིས་མེད་འཛམ་གླིང་རྒྱན༔ འཆི་མེད་རིག་འཛིན་པདྨ་འབྱུང་༔ ཁྱད་འཕགས་རིག་འཛིན་ཀུན་ཏུ་འཆད༔ དྲེགས་པ་ཚར་གཅོད་གྲོ་བོ་ལོད༔ འཁོར་འདས་ཟིལ་གནོན་དྲག་པོ་རྩལ༔ ཀློང་དགུའི་རིག་འཛིན་དཔལ་ཆེན་པོ༔ སྲིན་པོའི་ཁ་གནོན་ཐོད་ཕྲེང་རྩལ༔ སྐུ་གསུམ་དབྱེར་མེད་བདེ་ཆེན་རྒྱལ༔ ཕྲིན་ལས་བཞི་མཛད་སྒོ་སྐྱོང་ཚོགས༔ སོ་སོའི་རིགས་ཀྱི་ཚོམ་བུར་བཅས༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཅེས་བརྗོད། ཡིད་བཞིན་ནོར་བུ་ལ། ཧཱུྃ་ཧྲཱི༔ ཀ་དག་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་འོད་གསལ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཅིར་ཡང་སྤྲུལ་པའི་སྐུ༔ རིགས་ཀུན་ཁྱབ་བདག་བདེ་བ་ཆེ༔ ཧོར་སོགས་དམག་ཟློག་ཆེ་བའི་མཆོག༔ ཉོན་མོངས་ནད་སེལ་སྨན་གྱི་བླ༔ ལོངས་སྤྱོད་ཆར་འབེབས་དབང་གི་རྒྱལ༔ དངོས་གྲུབ་ཀུན་སྩོལ་ལྷག་པའི་ལྷ༔ སྒྲུབ་པོའི་ལམ་སྟོན་ཐུགས་རྗེའི་གཏེར༔ འཇིགས་པ་སྐྱོབས་མཛད་གིང་གི་གཙོ༔ འབྱུང་བཞིར་དབང་སྒྱུར་ནམ་མཁའི་རྒྱལ༔ མདུངས་འཆིང་མཛད་ཕྱག་རྒྱའི་བདག༔ བདུད་སྡེའི་གཡུལ་འཇོམས་རྡོ་རྗེའི་རྒྱལ༔ འཆི་བའི་གདུང་སེལ་སྣང་མཐའ་ཡས༔ བར་དོ་རང་གྲོལ༔
དུས་གསུམ་མཁྱེན༔ ངན་སོང་ཀུན་འདྲེན་བདེ་ཆེན་རྒྱལ༔ འགྲོ་དྲུག་མགོན་སྐྱབས་ཐོད་ཕྲེང་རྩལ༔ བདུད་བཞི་འཇོམས་མཛད་ཁྲོ་རྒྱལ་བཞི༔ སོ་སོའི་རིགས་ཀྱི་ཚོམ་བུར་བཅས༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་༔ བསམ་དོན་ལྷུན་གྱིས་གྲུབ་པ་དང་༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ཅེས་བརྗོད། ཧཱུྃ༔ མ་རིག་དྲྭ་པ་གཅོད་པའི་འབར་བའི་མཚོན༔ འཇམ་དཔལ་རྣོན་པོའི་ཤེས་རབ་རལ་གྲི་བཞི༔ མ་རུངས་འདུལ་བའི་བཛྲ་ཀཱི་ལ་ཡ༔ ཁྲོ་བོའི་དམག་དཔུང་སྡུད་པའི་རུ་མཚོན་དང་༔ ཡེ་ཤེས་རྣམ་པར་གསལ་བའི་མེ་ལོང་བཞི༔ ཐབས་ཀྱི་མདའ་ལ་ཤེས་རབ་སྒྲོ་བསྒྲོན་ཏེ༔ ཟུང་འཇུག་ཡེ་ཤེས་བཞི་ཡི་དར་གྱིས་བརྒྱན༔ བསོད་ནམས་ཡེ་ཤེས་དུ་མའི་རྒྱལ་མཚན་འཕན༔ གདུགས་དང་བ་དན་ལྡ་ལྡི་ཡོལ་བ་བཅས༔ རྣམ་རྟོག་རབ་འཆིངས་ཚོན་སྐུད་དྲྭ་བའི་ཚོགས༔ ཆོས་ཀྱི་དབྱིངས་སུ་ཡེ་ཤེས་ཨེ་རུ་བྲན༔ དཀྱིལ་འཁོར་གསལ་བཀྲ་འོད་གསལ་ཐ་ལེ་བ༔ ཀུན་ཏུ་བཟང་པོའི་རྒྱན་རྣམས་བཞུགས་སུ་གསོལ༔ ཅེས་ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཙུགས་ལ་ཚོན་སྐུད་ཀྱིས་དྲྭ་བས་སྤེལ། གཞན་ཡང་ཟུར་བཞིར་རྒྱལ་མཚན་བཞི། ལོགས་རྣམས་སུ་བ་དན་དང་རུ་མཚོན། དར་གྱི་དྲྭ་ཕྱེད་
སོགས་ཕྱག་ལེན་ལྟར་མཛེས་ཤིང་བརྗིད་པར་བཀྲམ། སྟེང་ན་དར་གྱི་གདུགས་དབུབ། སྟག་གཟིག་གི་སྒབ་དཀྲིས་ཀྱིས་བསྐོར། ཁྲོ་བོ་བཅུའི་ཕུར་པ་དྲག་སྔགས་ཀྱིས་བྲབ་བདུག་བྱུག་གསུམ་བྱ་ཞིང་གཟི་བྱིན་བསྐྱེད། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱི་ཆོ་འཕྲུལ་དཔལ་ཆེན་ཁྲོ་རྒྱལ་བཅུ༔ གདུག་པ་འདུལ་ཕྱིར་དུས་ལས་མི་གཡེལ་བས༔ ཕྱོགས་མཚམས་སྲུང་བའི་བདག་པོར་བཞུགས་སུ་གསོལ༔ བཛྲ་མ་ཧཱ་ཀྲོདྷ་ས་མ་ཡ་སྟཾྭ༔ ཞེས་ཕྱོགས་མཚམས་བཅུར་བཀོད། མཆོད་རྫས་རྣམས། རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས༔ བྷཱུཾ་ལས་བྷཉྫ་འབར་བའི་གཞལ་ཡས་ཁང་རྣམས་ཀྱི་ནང་དུ་རིགས་ལྔ་ཡབ་ཡུམ་སྦྱོར་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩིའི་བཅུད་བསྡུས་ཏེ་བྱང་ཆུབ་སེམས་སུ་ཞུ་བའི་བདུད་རྩི༔ གཱི་ཏི་དམར་མོའི་མཁའ་གསང་ནས་བབ་པའི་བྱང་སེམས་དམར་པོའི་རཀྟ༔ ཨོཾ་ཨཱཿཧཱུྃ་ལས་གཏོར་མ་འདོད་ཡོན་གྱི་ཕུང་པོཿ གཞན་ཡང་ཧཱུྃ་ལས་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་གང་བར་གྱུརཿ ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབ་ཅིང་སྤེལ། ཧཱུྃ་ལས་རྡོ་རྗེ༔ མུཾ་ལས་དྲིལ་བུ༔ ལག་གཉིས་ཨ་དང་མ་ལས་ཉི་མ་དང་ཟླ་བ༔ ཧྲཱིཿ ལས་རོལ་མོའི་ཚོགས་བསམ་གྱིས་མི་ཁྱབ་པར་གྱུར་པར་བསམ་
ལ། ཨོཾ༔ སྣང་སྲིད་དངོས་པོ་ཅིར་སྣང་བ༔ ཐམས་ཅད་ཕྱག་རྒྱ་བཞི་ཡི་ངང་༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཉིད༔ མཁའ་དབྱིངས་ཁྱབ་པར་རབ་སྤྲུལ་ཏེ༔ རྒྱལ་བ་དགྱེས་ཕྱིར་གནས་གྱུར་ཅིག༔ ཅེས་ཕྱག་མཆོད་རོལ་མོ་རྣམས་བྱིན་གྱིས་བརླབས་ལ༔ དཀྱིལ་འཁོར་མདུན་རྒྱབ་གང་བདེར་ཁ་ཟས་བཟང་དགུས་བརྒྱན་པའི་གཏོར་མ་དང་༔ བདུད་རྩི་དང་རཀྟའི་སྣོད། ཆོས་གཏེར་སྲུང་མ་སྤྱི་དང་བྱེ་བྲག་གི་གཏོར་འབུལ། ཆད་བརྟན་རྒྱུན་བཞག་རྣམས་ལག་ལེན་ལྟར་བཀོད༔ མདུན་ཏུ་རྒྱུན་ཏུ་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། མཆོད་པ་བརྒྱ་རྩའི་རིགས་འཛོམ་ན་མཐའ་བསྐོར་སྟེགས་བུ་རིམ་པ་ཅན་ལ་གོ་རིམ་མ་འཆོལ་བ་བཤམཿ ཉིན་རེ་རེ་བཞིན་འབུལ་རྒྱུའི་སོན་གཏོར༔ ཚོགས་ཀྱི་ཡོ་བྱད༔ ཆོས་སྲུང་གཏོར་འབུལ་རིགས་སོགས་ཕྲིན་ལས་ལ་དགོས་པ་རྣམས་དང་། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ལྕགས་ཧོམ། ཉུ་ལེའི་ལིངྒ༔ ལས་ཕུར་སྟེགས་བཅས། ཡུངས་དཀར་སོགས་ཐུན་རྫས་རྣམས་ཀྱང་འདུ་བྱ། སློབ་དཔོན་གྱི་མདུན་གཡོན་ནས་བརྩམ་ཏེ། ནང་མཆོད། ལས་བུམ། རྡོར་དྲིལ། ཌཱ་མ་རུ། གཡབ་དར༔ མེ་ཏོག་གི་སྣོད༔ཡུངས་ཐུན་རྣམས་བཞག་གོ། །གསུམ་པ་མཆེད་གསར་རྙིང་བསྲེ་བ་ནི། སློབ་དཔོན་གྱིས་ཁྲོ་བོ་འཆོབ་བའི་སྔགས་བརྗོད་ཅིང་། ཡུངས་དཀར་བྲབ་གུ་གུལ་བདུག་ལ་སློབ་མ་གསར་བུ་རྣམས་བགེགས་བསྐྲད་ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་ཁྲུས་བྱ། སློབ་བུ་རྣམས་ཀྱིས་མཎྜལ་ཕུལ། ཧཱུྃ༔ བདེ་
གཤེགས་ཀུན་འདུས་བླ་མ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་མ་ལུས་བདག་གིས་བཟུང་༔ དངོས་གྲུབ་སྐལ་པ་སྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་རྒྱུད་སྦྱང་ཞིང་སྡོམ་པ་བཟུང་། སློབ་དཔོན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་ནག་པོ་མེ་འབར་བ་འཕྲོས༔ ཡེ་ཤེས་ཀྱི་མེ་འབར༔ སློབ་བུའི་ལུས་ལ་ཕོགས་པས་སྡིག་སྒྲིབ་ཐམས་ཅད་ཐུལ་གྱིས་བསྲེགས་པར་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཡཀྵ་ཀྲོ་དྷ་སརྦ་པཱ་པཾ་ཛྭ་ལ་རཾ༔ ཞེས་བཟླས༔ སྟོང་པའི་ངང་ལས་ཧཱུྃ་ལས་སློབ་བུ་རྣམས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ༔ སེམས་དཔའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡིག་འབྲུ་གསུམ་རྣམས་སྤྱན་དྲངས་ཏེ་དེ་ཉིད་ལ་ཐིམ་པར་གྱུར༔ སློབ་དཔོན་གྱི་ལག་གཡོན་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ། ཧཱུྃ༔ སྣང་སྲིད་ཅིར་སྣང་ཐམས་ཅད་ཀུན༔ དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ༔ གྲགས་པ་སྔགས་རླུང་ཐམས་ཅད་ནི༔ དེ་བཞིན་གཤེགས་པའི་རྡོ་རྗེའི་གསུང་༔
གང་ཤར་མ་བཅོས་རིག་པ་ནི༔ དེ་བཞིན་གཤེགས་པའི་རྡོ་རྗེའི་ཐུགས༔ སྐུ་གསུང་ཐུགས་སུ་ཡེ་ནས་གནས༔ གསང་གསུམ་དངོས་གྲུབ་སྣོད་དུ་འགྱུར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་གྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ དམ་བསྒྲག་པ་ནི༔ དེང་ཕྱིན་སྐལ་ལྡན་ཁྱེད་རྣམས་ཀྱིས༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ གསང་སྔགས་སྤྱི་ཡི་དམ་ཚིག་དང་༔ སྒྲུབ་པ་ལུང་གི་ཉི་ཤུ་པ༔ ཤེས་དང་མི་སྤང་སྦྱང་བྱ་དང་༔ དང་དུ་བླང་དང་བསྒྲུབ་བྱ་དང་༔ ཉི་ཤུ་ལྔ་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མ་བཏང་ཞིག༔ གལ་ཏེ་དམ་ལས་འདས་གྱུར་ན༔ རྡོ་རྗེ་ཡཀྵ་ཁྲོ་ས་ནས་སུ༔ ཐར་པའི་སྲོག་རྩ་འཆད་པར་འགྱུར༔ སྒྲུབ་པའི་སྲོག་ནི་དམ་ཚིག་སྟེ༔ ཐར་པ་འདོད་རྣམས་ངང་དུ་ལོངས༔ ཞེས་བསྒྲག་སྟེ། སློབ་མ་རྣམས་ཀྱིས༔ ས་མ་ཡ་ཨི་དཾ་ན་ར་ཀ་ན༔ ཞེས་བྲོ་བོར༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་བདུད་རྩི་བླུད་ཅིང་༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ་ཧཱུྃ༔ ཞེས་རྡོ་རྗེ་སྤྱི་བོར་བཞག་ཅིང་དམ་ཚིག་བརྟན་པར་བསམ༔ སྤྲོ་ན་སྐབས་འདིར་དབང་བསྐུར་ཞིང་དམ་ཚིག་རྒྱས་པར་བཤད༔ རྒྱུད་ལུང་གི་དོན་གསོལ་ཞིང་ཚིག་གི་ལུང་འབོག །བསྡུ་ན་དམ་ཚིག་འབོག་པའི་མཐར་མཆེད་གསར་བུ་རྣམས་རང་རང་གི་གྲལ་དུ་འཁོད་ལ་གསར་རྙིང་བསྲེ༔ ཐམས་ཅད་ལ་བདུད་རྩི་གཡོན་སྐོར་དུ་དྲངས་ཤིང་༔ ཧཱུྃ༔ མི་འགྱུར་ཡེ་ཤེས་ཆེན་པོའི་དཀྱིལ་
འཁོར་འདིར༔ མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྲོག་ཏུ་བཟུང་༔ མ་འགྲུབ་བར་དུ་བསྐྱེད་དང་རྫོགས་པའི་རིམ༔ གཡེལ་བ་མེད་པར་བསྒོམ་པར་དམ་བཅའ་འོ༔ ཞེས་བརྗོད༔ སློབ་དཔོན་གྱིས་ཕྲེང་བས་དབང་བསྐུར་ཅིང་ལག་ཏུ་གཏད༔ མཆེད་ལྕམ་རྣམས་རིག་འཛིན་བླ་མ་གཙོ་འཁོར་གྱི་སྐུ་གསུང་ཐུགས་སུ་གསལ་བཏབ་ལ༔ ཧཱུྃ༔ སྒྲུབ་པའི་དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར༔ ལུས་ལྷ་ངག་སྔགས་སེམས་ནི་ཏིང་ངེ་འཛིན༔ རྒྱུན་མི་འཆད་ཅིང་ལུ་གུ་རྒྱུད་དུ་འབྲེལ༔ དངོས་གྲུབ་རྣམ་གཉིས་སྒྲུབ་བའི་དབང་ཐོབ་ཤོག༔ བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚོགས་སྒྲུབ་ཀྱི་ལས་ལ་འཇུག་རུང་བྱ་བ་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པ་ནི༔ རྒྱལ་ཐེབས་གཙོ་བོས་དབྱངས་བོར་ལེན་དང་༔ ལས་ཀྱི་རྡོ་རྗེས་ཐོད་ཆང་གཞུང་ཚིག་དང་བསྟུན་སོ་སོར་དྲངས་ལ༔ ཧོཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་འདུས་པའི་གཙོ༔ ཉོན་མོངས་བདུད་འཇོམས་ཡེ་ཤེས་ལྔ་ཡི་བདག༔ བསྟན་པའི་སྒྲོན་མ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེའི་གདུང་འཚོ་བ་ཕྲིན་ལས་རྣམ་བཞིའི་བདག༔ རྒྱལ་ཚབ་སློབ་དཔོན་མངའ་གསོལ༴ ཤེས་རབ་དབྱིངས་ལས་བདེ་བའི་ཡེ་ཤེས་སྟེར༔ ཀུན་བཟང་ཡུམ་དུ་མངའ་གསོལ༴
བསྐྱེད་རིམ་གསལ་སྟོན་ལས་ཀྱི་གཞུང་བསྲང་མཛད༔ རྡོ་རྗེ་ཕྲིན་ལས་མངའ༴ མཆོད་པའི་བྱ་བས་དཀྱིལ་འཁོར་དགྱེས་པ་སྐྱེད༔ ལས་ཀྱི་རྡོ་རྗེ༴ ཕྱི་ནང་དྲོད་ཚང་དུས་དང་རྟགས་རྣམས་མཁྱེན༔ རྡོ་རྗེ་སྲིན་པོ་མངའ༴ དངོས་གྲུབ་ལྟས་མཐོང་བར་ཆད་གཟིར་ཞིང་སྐྲོད༔ རྡོ་རྗེ་སྤྱན་པ༴ཕྱི་ནང་ཉམས་ལེན་འབྱུང་པོ་ཐོགས་མེད་བསྒྲལ༔ རྡོ་རྗེ་གིང་ཆེན༴དགྲ་བགེགས་གནས་སྦོར་གཟུགས་ཕུང་ཞལ་དུ་སྟོབས༔ སྒྲོལ་གིང་ལས་མཛད༴ འདུ་བར་འོས་མིན་སྲུང་བའི་ཕྲིན་ལས་མཛད༔ རྡོ་རྗེ་མཚམས་པ༴ཚོགས་ཀྱི་བྱ་བ་གཙང་ཞིང་དག་པར་སྦྱོར༔ རྡོ་རྗེ་ཕྱག་ཚང་༴ ཕྱི་ཡི་ཉུལ་ལེ་སྐྲོད་ཅིང་ལས་རྣམས་སྒྲུབ༔ རྡོ་རྗེ་སྐུ་ལ་ཕྱག་མངའ༴ ཛབ་བསྙེན་གསལ་དག་རྒྱུན་མི་འཆད་པར་སྒྲོག༔ རྡོ་རྗེ་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་མངའ་གསོལ་ཞིང་ལས་ཀྱི་བསྐོས་གདབ། རང་གྲལ་དེ་ལས་མ་འཆུག་པ་བྱ་དགོས་སོ། །ལྔ་པ་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་གཟི་བྱིན་བསྐྱེད་ལ་དཀྱིལ་འཁོར་གྱི་མཐར་འཁོད། དར་སྣའི་གཡབ་མོ་དང་དྲི་བཟང་གི་སྤོས་བཏུལ། དད་གུས་གདུང་ཤུགས་ཀྱིས་དབྱངས་རོལ་བཅས་ཚིག་བདུན་ལན་གསུམ་སྔོན་ཏུ་འགྲོ་བའི་ལས་བྱང་སོ་སོའི་བྱིན་འབེབས་བཏང་། མཐར་དཀྱིལ་འཁོར་ལ་བསྐོར་བ་དང་ཛབ་དབྱངས་ལན་གསུམ་བྱ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཅས་
ཀྱིས་སྔོན་འགྲོའི་རིམ་པ་རྣམས་གྲུབ་བོ། །གསུམ་པ་ལྷ་དང་དབྱེར་མེད་དུ་སྒྲུབ་པའི་རིམ་པ་ལ་གསུམ། ཕྲིན་ལས་ཀྱི་གཞུང་བསྲང་ཞིང་བཟླས་པས་ཐུགས་རྒྱུད་བསྐུལ་བ། སྒྲུབ་པའི་བར་གཅོད་བསལ་ཞིང་བྱིན་འབེབས་པ། དུས་གྲངས་རྟགས་ཀྱི་རིམ་པས་ཚད་བཟུང་བའོ། །དང་པོ་ནི། ཡན་ལག་གི་ཐུགས་སྒྲུབ་རྣམ་གཉིས་གང་བྱེད་ཀྱང་རབ་ཉིན་མཚན་ལན་གསུམ་རེ་སྟེ་དུས་དྲུག །འབྲིང་ཉིན་གཉིས་མཚན་གཉིས་ཏེ་དུས་བཞི། ཐ་མས་ཀྱང་ཉིན་མཚན་གཉིས་ལ་ལས་གཞུང་ཚར་རེ་བཏང་དགོས་པས་ཐུན་དང་པོ་ལ་ཚིག་བདུན་དང་གསོལ་འདེབས་གང་འོས་ཀྱིས་ཐོག་དྲངས་ བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་སྔོན་འགྲོ་རྣམས་རྒྱས་པར་བཏང་། དངོས་གཞི་ཏིང་འཛིན་གསུམ ་གྱིས་བདག་མདུན་དབྱེར་མེད་དུ་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་བསྟིམ་ཞིང་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་བྱ། བཟླས་པའི་དབུར་སྔགས་ཀྱིས་མདུན་དཀྱིལ་འཛབ་ཁང་ཕྱེས་ཏེ་འཛབ་བསྐུལ་བརྗོད་ལ་གཟུངས་ཐག་ལེན་བར་ཆད་ཀུན་སེལ་སྐབས་ཛབ་ཀྱི་བཀོལ་བྱང་ལྟར་ཆོས་ལོངས་སྤྲུལ་གསུམ་ནས་སྒོ་བ་བཞིའི་བར་དུ་བཟླས་དམིགས་རེ་རེ་དང་བསྒྲགས་ལ་སོ་སོའི་བཟླས་པའི་མཐར་སྟོང་ཚིགས་དང་གསོལ་འདེབས་རེ་རེ་བཞིན་འགྲེས་སུ་སྦྱར། ཆོས་ལོངས་སྤྲུལ་གསུམ་དང་ཐོད་ཕྲེང་རྩལ་སྒྲུབ་བཟླས་ཀྱི་དངོས་གཞི་ཡིན་པས་མང་དགོས། འདི་རྣམས་ལ་ཛབ་དབྱངས་ལན་གསུམ་རེས་ཐོག་དྲངས་རྣམ་འཕྲུལ་བཅུ་གཉིས་བརྒྱ་རྩ་རེ་ཆ་མཉམ་དང་། སྒོ་བ་བཞི་ཉེར་གཅིག་ཙམ་རེས་ཆོག །འགྲོ་ལུགས་དེ་ལྟར་ལ་གྲངས་མང་ཉུང་ཉི་ཚོད་ཀྱི་ལོངས་སྐབས་དང་བསྟུན། ཁྱད་པར་མྱོང་གྲོལ་རིལ་
བུ་སྒྲུབ་པའི་སྐབས། བུམ་པ། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲུྃ་ལས་ཁ་དོག་ལྔ་ལྡན་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་འཇའ་ཟེར་ཐིག་ལེ་དྭང་མར་འཁྲུགས་པའི་ཀློང་ནས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ལས་གུ་རུ་པདྨ་རྡོ་རྗེ་འཆང་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ལྷ་ལྕམ་དཀར་མོ་དང་གཉིས་མེད་དུ་འཁྲིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སྐུ་ལས་འོད་ཟེར་བྱེ་བ་ཕྲག་བསམ་གྱིས་མི་ཁྱབ་པ་འཕྲོ་བ༔ དེའི་མདུན་གྱི་བར་སྣང་གི་སྟེང་འོག་དང་ཕྱོགས་བཞིར་པད་ཟླའི་གདན་རེ་རེའི་སྟེང་དུ༔ སྟེང་དུ་ལྷའི་གུ་རུ་སྲིད་ཐུབ་འཛིན་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔དར་དང་རིན་པོ་ཆེས་བརྒྱན་པ༔ ཤར་དུ་བྱོལ་སོང་གི་གུ་རུ་སེང་གེ་རབ་བརྟན་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དཔྱངས་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ལྷོར་མིའི་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་སྨུག་བྷ།།།དང་ཐོད་པ་བདུད་རྩིས་གང་བ་འཛིན་ཅིང་པད་ཞྭ་དང་ཆོས་གོས་རྣམ་གསུམ་གྱིས་བཀླུབས་པ༔ ནུབ་ཏུ་ཡི་དྭགས་ཀྱི་གུ་རུ་རྣམ་པར་སྣང་བྱེད་དམར་པོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་སྒྲོམ་བུ་འཛིན་ཅིང་དར་དང་
རིན་པོ་ཆེས་བརྒྱན་པ༔ བྱང་དུ་ལྷ་མིན་གྱི་གུ་རུ་རྣམ་པར་རྒྱལ་བ་ལྗང་གུ་ཁ་ཊཾྭཱ་གདང་ཀ་པཱ་ལ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ༔ འོག་ཏུ་དམྱལ་བའི་གུ་རུ་རྣམ་པར་གནོན་སྨུག་ནག་རྡོ་རྗེ་དང་སྡིག་པ་འཛིན་ཅིང་སྟག་ཤམ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ དེ་ཐམས་ཅད་ཀྱང་ཞབས་གཉིས་འགྲོ་བའི་དོན་ལ་བཞེངས་པའི་སྟབས་ཀྱིས་མཐའ་ཡས་པའི་སེམས་ཅན་གྱི་དོན་ལ་དགྱེས་པས་འོད་ཟེར་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བའི་ཀློད་ན་བཞུགས་པ༔ སྐུ་ལས་རིལ་བུ་དང་དབྱེར་མེད་པའི་སྤྲུལ་པ་འབུམ་ཕྲག་དུ་མ་འཕྲོ་བས་འཁོར་བ་དོང་ནས་སྤྲུག་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་རོལ་ཅིང་ཡང་འཆར་བའི་གནས་གསུམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་ཨོཾ་ཨཱཿཧཱུྃ་གིས་མཚན་ཅིང་༔ རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་དབང་བསྐུར་བས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཡོངས་སུ་འདུས་པའི་བདག་ཉིད་ཆེན་པོར་གསལ་བར་གྱུར༔ སྤྲོ་ན་སྤྱན་འདྲེན་ནས་བསྟོད་པའི་བར་ཕྲིན་ལས་སྙིང་པོ་ལྟར་བྱ། གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་སྲེག་སྔགས་ཕྲེང་དང་བཅས་ལས་ཡེ་ཤེས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་གནས་གསུམ་དུ་ཕོག་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ༔ དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་
མཆོད་ཅིང་༔ འོད་ཟེར་ཚུར་འདུས་པ་དང་ལྷན་ཅིག་ཏུ་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་རིལ་བུ་ལ་ཐིམ་པས་རིལ་བུ་འགྲོ་དྲུག་གི་སྡུག་བསྔལ་མ་ལུས་པ་སྦྱང་བའི་མཐུ་དང་ལྡན་ཅིང་བྱིན་རླབས་ཀྱི་གཟི་བྱིན་རབ་ཏུ་འབར་བའི་སྣང་བས་འཁོར་བ་དོང་ནས་སྤྲུགས་པར་གྱུར༔ སྐུ་གསུམ་གྱི་སྙིང་པོའི་མཐར། ཨ་ར་པ་ཙ་མི་ཏ་ཧྲཱི་ད་ཡ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ་ཞིང་སྔགས་རྒྱུན་གྱི་གཙོ་བོ་དེ་ལ་བྱ་དགོས། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་བརྗོད་པས་ལྷག་ཆད་བསྐང་ཞིང་བརྟན་པར་བྱ། གཞི་བསྟོད་ནོངས་བཤགས་དབང་ལེན་བྱས་ལ་ཛབ་ཁང་བསྡུ། ཐུན་པ་རྣམས་ཀྱིས་ཀྱང་གྲུབ་ན་རྒྱུན་གྱི་རྣམ་འབྱོར་ཙམ་གྱིས་བདག་མདུན་གསལ་བཏབ་ལ་ཆོས་ལོངས་སྤྲུལ་གསུམ་ཐོད་ཕྲེང་རྩལ་རྣམས་སྦྲེལ་བའི་སྔགས་རྒྱུན་བར་མ་ཆད་པར་བྱ། དེ་ནས་ཉུ་ལེ་བསྒྲོད་པ་རྒྱས་པ་མི་ལྕོགས་ན། རྡོ་རྗེ་མཚམས་པས་གུ་གུལ་དུད་པ་དང་ཐུན་གྱིས་ཐབས་ཏེ་བསྐོར་ལ༔ དྲག་སྔགས་སོ་ལྔ་པ་སོགས་དང་༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་སྡེར་མོའི་སྔགས་དྲག་ཏུ་བརྗོད་པས་ཚར་བཅད་ལ་སྲུང་འཁོར་གསལ་གདབ༔ བྱིན་འབེབས་ཀྱང་སྟས་བདེར་བྱེད་ན་བཀའ་མ་སྤྱི་ལས་འབྱུང་བ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་འབྱུང་བའི་དུས་ལ་བབ། བྱིན་གྱིས་རློབ་པའི་དུས་ལ་བབ། དབང་མཆོག་སྐུར་བའི་དུས་ལ་བབ། དངོས་གྲུབ་སྩོལ་བའི་དུས་
ལ་བབ། མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། བདག་ཅག་ལས་འབྲས་མཆིས་པར་མཛོད། ཅེས་དང་། སྙིང་པོའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཨ་ཧ་ཛྷཻ༔ ཞེས་བརྗོད་ཅིང་ལས་རྡོར་གྱིས་གཡབ་དར་བཅས་དཀྱིལ་འཁོར་ལ་བསྐྲོར་བས་འཐུས། དེ་ནས་ཛབ་དབྱངས་ལན་གསུམ་བྱས་པས་ཐུན་དང་པོ་འགྲུབ། ཡིད་བཞིན་ནོར་བུའི་སྐབས་ཀྱང་སྤྱི་ཁོག་དེ་དང་མཚུངས་པ་ལས། འཛབ་ཁང་ཕྱེས་ཏེ་འཛབ་བསྐུལ་འཕྲོས་ཛབ་དབྱངས་ལན་གསུམ་གྱིས་ཐོག་དྲངས་བཟླས་པ་བཛྲ་གུ་རུ་ཁོ་ན་ལ་དངོས་གཞི་བྱ༔མཐར་འཛབ་དབྱབས་དང་བཅས་ཐོད་ཕྲེང་རྩལ་ཅི་འགྲུབ་བཟླས་ལ་སྟོང་ཚིགས་ཕུལ། མྱང་གྲོལ་རིལ་བུ་སྒྲུབ་པ་དང་འབྲེལ་ན་གོང་གསལ་ཉིད་འདིར་སྦྱར་ལ་སྟོང་ཚིགས་ཕུལ་གྲུབ་རྗེས་གསོལ་འདེབས་བསམ་པ་ལྷུན་འགྲུབ་འདོན་ལ་ཐུང་ལེ་བསྐྲོད་པ་དང་བྱིན་འབེབས་ཛབ་དབྱངས་བཅས་སྔར་ལྟར་བྱ་བ་ཡིན་ནོ། ཐུན་གཉིས་པ་ལ་མཆོད་ཁ་གསོས་ལ་ཐུགས་སྒྲུབ་གཉིས་ཀའི་ཕྲིན་ལས་ཆུང་བའི་མཆོད་པ་བྱིན་རླབས་ནས་བསྟོང་པའི་བར་བཏང་ལ་འཛབ་ཁང་དབྱེ་ཞིང་བསྐུལ་བཅས་སོ་སོའི་བསྙེན་བཟླས་མཐར་ཁ་སྐོང་དང་སྟོང་ཚིགས་འབུལ། བར་ཆད་ཀུན་སེལ་སྐབས་གསོལ་འདེབས་བར་ཆད་ལམ་སེལ་དང་ཡིད་བཞིན་ནོར་བུ་ལ་བསམ་ལྷུན་བརྗོད་ནས་ཉུ་ལེ་བསྐྲོད་པ་བྱིན་འབེབས་འཛབ་དབྱངས་བཅས་ཀྱིས་འགྲུབ། ཐུན་གསུམ་པའང་དེ་དང་འདྲ་བ་ལས་བཟླས་པ་སྟོང་ཚིགས་གསོལ་འདེབས་བཅས་གྲུབ་ནས། སྨིན་ལུགས་དམ་ཅན་སྤྱི་གཏོར་ལྟ་བུའི་ཁོང་དུ་བར་ཆད་ཀུན་སེལ་སྐབས་ཚེ་རིང་མ་བརྟན་མ། ཁ་རག་ཁྱུང་བཙུན་རྣམས་
དང་། ཡིད་བཞིན་ནོར་བུ་ལ་ཀླུ་བཙན་མཆེད་བདུན་གྱི་གཏོར་ཆོག་སྦྱར། ཕྲིན་ལས་རྒྱས་པའི་ཚོགས་མཆོད་སྐོང་བ་བཅས་འདི་སྐབས་སྨིན་ལུགས་ལྟར་ལྕོགས་ན་ཕྱི་རོལ་དུ་ཆ་གསུམ་གཏོར་མ་བཏང་། ཚོགས་ལ་རོལ་ཞིང་ལྷག་མ་བཏང་ལ་བཙོན་དུ་འཛིན། ཆོས་སྐྱོང་གཏོར་འབུལ་སོགས་རྗེས་ཆོག་མཐར་དབྱུང་། ལས་བྱང་གི་བསྐུལ་པ་ཆད་བརྟན་རྟ་བྲོ་བརྡུང་། གཏང་རག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན། ཤིས་བརྗོད་བཅས་གྲུབ་ནས་མུན་རུབ་དང་སྦྱར་ནས་ཉུ་ལེ་བསྐྲོད་ཅིང་བྱིན་འབེབ་བཅས་རྒྱས་པར་བྱ་ཞིང་འཛབ་དབྱངས་ལན་གསུམ་གྱིས་ཉིན་ཐུན་གྲུབ་བོ༔ མཚན་ཐུན་གསུམ་པོའི་འདོན་འགྲིགས་ཉིན་ཐུན་གཉིས་པ་དང་མཚུངས་ལ་ཐུན་འཇུག་སོ་སོར་བར་ཆད་བསལ་ཞིང་བྱིན་འབེབས་པ་བར་མ་ཆད་པ་དང་༔ ཐོར་ཐུན་གཤམ་དུ་ཚོགས་མཆོད་རེའང་གལ་ཆེའོ། གཉིས་པ་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་ཅིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། སློབ་དཔོན་ནམ་རྒྱལ་ཐེབས་མདུན་ཏུ་ཧོམ་ཁུང་ཉུ་ལེའི་ལྒིང་བཅས་པ་དང་། ལས་ཕུར། ཐུན་རྫས་རྣམས་དགོད་ལ། པདྨ་ཧེ་རུ་ཀོ྅ཧཾ། སྣང་སྲིད་ཐམས་ཅད་ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ་གྱུར། ཅེས་ཡི་དམ་དྲག་པོའི་གསལ་སྣང་དང་ང་རྒྱལ་བརྟན་པོས་རྟེན་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རྀ། གྲུབ་ཁུངས་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཧྲཱིཿལས། དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ༔ ན་མོ༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་
གྱི་བཀའ་བདེན་པ་དང་༔ རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་བཀའ་བདེན་པ་དང་༔ རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་ཉན་ལས་བྱེད་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་དམ་སྲི་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཨྐུང་ཤཛ༔ ལན་གསུམ་གྱིས་འགུགས་གཞུག་བྱས་ལ༔ ཕུར་ཐུན་ཚོམ་བུར་བསྐུལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་བསྟན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རུ་བ་ཀརྨ་ནཾ་ནཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་བཅས་དང་གང་ལྟར་སྡེར་མོའི་སྔགས་བརྗོད་པས་ལྒིང་ལ་དབབ་ཅིང་ཐུན་བྲབ་ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ སྒྲུབ་བ་ལུང་གི་ཕོ་ཉ་
ཆེན་མོ་ནི༔ དབྱིངས་ནས་སྐུར་བཞེངས་འབར་བའི་སྐུ་གཅིག་མ༔ རྟ་གདོང་ཞལ་ཅན་ཧེ་རུ་ཀ་དཔལ་དང་༔ པདྨ་གཟི་ལྡན་ཤིན་ཏུ་ཁྲོས་བའི་ཚུལ༔ རྡོ་རྗེ་སྲིན་པོ་མ་ནིང་འབར་བའི་གདོང་༔ རྣམ་པར་བསྒྱུར་བའི་སྣ་ཚོགས་ཕྱག་བརྙན་ཞལ། འཇོམས་བྱེད་ཆེན་པོ་སྐུ་མདོག་ཅིར་ཡང་སྟོན༔ ཞེ་སྡང་བདུད་ཀྱི་མགོ་དང་གཤིན་རྗེའི་མགོ༔ དམ་སྲི་འབྱུང་པོ་ཐོད་པའི་རྒྱན་ཕྲེང་ཅན༔ གློག་འགྱུ་ཙམ་ལ་སྟོང་གསུམ་འབིགས་ཤིང་རྒྱུག༔ དཔལ་གྱི་ཕོ་ཉ་ཉི་ཟེར་རྡུལ་དང་མཉམ༔ དགྲ་དཔུང་ཚར་གཅོད་བགེགས་དཔུང་རྡུལ་དུ་རློག༔ བར་ཆད་འབྱུང་པོའི་སྙིང་ཁྲག་ཧུབ་ཀྱིས་འཐུང་༔ རི་རབ་འགུལ་ཞིང་རྒྱ་མཚོ་སྐོམ་དུ་རོལ༔ འབར་བའི་ཉི་ཟླ་གཉིས་ཀྱང་ཚོགས་པོར་འཕེན༔ མཉམ་པ་མེད་པའི་མཐུ་སྟོབས་རྩལ་འཆང་བ༔ སྔོན་གྱི་ཐུག་དམ་བཞིན་ཏུ་དུས་ལ་བབ༔ དམ་སྲི་ཉུ་ལེའི་ཚོགས་རྣམས་ཚར་ཅོད་ཅིག༔ གསང་བ་སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཨོཾ་གྲུམ་པུ་ཨ་པ་ཙེ༔རུ་པ་ཙེ༔ ན་ལ་ཙེ༔ ཙ་མེ་ཐུན༔ ནཱ་ག་ཡ༔ སྟྭམ་བྷ་ཡ༔ བྱི་ནཱ་ཡཱ་ཀ༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཅེས་དྲག་ཏུ་བརྗོད་ལ་གུ་གུལ་དུད་པ་རོལ་མོའི་ཚམ་དམ་ཁྱད་པར་དབྱུགས་པས་བསྡིགས་ཤིང་ཐུན་གྱིས་ཐབ་བོ༔ དེ་ནས་ཆས་སོགས་གར་བཤད་ལྟར་བྱས་ལ་ལས་གཞུང་གི་བྱིན་འབེབས་བརྗོད་ཅིང་དཀྱིལ་འཁོར་ལ་
བསྐོར་བ་དང་འཛབ་དབྱངས་ལན་གསུམ་བྱའོ། །གསུམ་པ་སྒྲུབ་པའི་ཚད་ནི༔ མོས་སློབ་ཀྱི་དབང་དུ་བྱས་ནས་དུས་ཟླ་བ་གཅིག་གམ༔ བདུན་གསུམ་མམ་ཞག་གསུམ་གྱིས་མཐའ་བརྟེན་པར་བསྒྲུབ་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་བར་གསུངས་སོ། །ཐངས་དང་རྟགས་ནི་གསང་བ་སྤྱི་དང་སོ་སོའི་གཞུང་ལས་འབྱུང་བ་ལྟར་རོ། །གལ་ཏེ་རྟགས་ཚད་ངན་པ་བྱུང་ན་ཉུ་ལེ་སྐྲོད། རྟ་བྲོ་བརྡུང་། དམ་སེལ་གྱི་ལྟས་ལ་ཡིག་བརྒྱ་བཟླ་ཞིང་བཤགས་རྒྱུད་བཀླག༔ གྲིབ་མི་གཙང་པ་ལ་རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་བུམ་ཁྲུས་བྱ། རྟགས་ཚད་བཟང་ངན་གང་ལའང་རེ་དོགས་དང་དགག་སྒྲུབ་མེད་པར་དབྱིངས་སུ་བསྐྱེལ་བ་གནད་ཡིན། དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་ཉིད་དུ་རྒྱུན་གྱི་དངོས་གྲུབ་ལེན་པ་གནད་དུ་ཆེ་བས་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་མདུན་ཏུ་བཞག་ལ། ཧཱུྃཿ བདེ་གཤེགས་རྒྱལ་བ་མ་ལུས་དགོངས་སུ་གསོལ༔ རིག་འཛིན་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ ལྷ་ཡི་དགེ་བསྙེན་དམ་ལྡན་ཐམས་ཅད་ཀྱིས༔ ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ ཚེ་དང་ཆོས་དང་ཕྲིན་ལས་རྣམ་བཞི་དང་༔ རྐང་མགྱོགས་མིག་མཐོང་རིལ་བུ་མཁའ་སྤྱོད་དང་༔ མཐུ་དང་རྫུ་འཕྲུལ་མངོན་ཤེས་ནུས་མཐུ་དང་༔ སྲིད་ནོར་ཟས་དང་འདོད་དགུའི་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོཿ ཞེས་བརྗོད་ལ་བདུད་རྩི་མྱང་ངོ་། བཞི་པ་སྒྲུབ་པ་ཆེན་པོ་ནི་སྒྲུབ་པ་མཐར་ཕྱིན་ནས་དངོས་གྲུབ་ལེན་པ་སྟེ། དངོས་སྦྱོར་སྒྲོལ་ལ་བརྟེན་པར་གསུངས་ཀྱང་མོས་སློབ་སྐབས་རྫས་
ལ་བརྟེན་ཏེ་དངོས་གྲུབ་ལེན་པ་ལ་གཉིས། དངོས་གྲུབ་ལེན་པ་དངོས། རྗེས་མཐར་རྒྱས་ཀྱི་ལས་རིམ་མོ། །དང་པོ་ལ་གསུམ། རྫས་བཤམས་པ། ཆོ་གའི་སྔོན་འགྲོ། ཆོ་ག་དངོས་སོ། དང་པོ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གཞི་སྟེགས་དཀར་པོའི་སྟེང་འབྲུ་དཀར་གྱི་གཡུང་དྲུང་། གཡས་བསྐོར་དུ་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་ཟས་སྣ་དང་སྤོས་སྣ་ཚོགས་སྦྱར་བ་ལས་དབུས་སུ་རིན་པོ་ཆེ་འབར་བའི་དབྱིབས་དང་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་འབྲང་རྒྱས་རིགས་ལྔའི་ཕྱག་མཚན་ས་བོན་བཅས་པ་དང་ཉི་ཟླས་སྤྲས་པ་བཀོད། དེ་སྟེང་རྐང་གསུམ་ཁར་ཐོད་པ་མཚན་ལྡན་ཆང་ལ་ཆོས་སྨན་དང་མངར་གསུམ་སྦྱང་བས་བཀབ་པ་བཞག །མཐའ་བསྐོར་དུ་མཱཾ་ས་ཟླ་རྒྱས་ཟླ་ཕྲམ་ཚེ་ག་ལ་ཁུར་བ་ཤིང་ཏོག་དཀར་གསུམ་མངར་གསུམ་འབྲས་ཆན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མཆེད་རྣམས་ལ་འདོང་ངེས་ཀྱིས་བསྐོར་ལ་དར་དམར་མཐིང་གི་ཁེབས་ཀྱིས་དགབ་བོ། །གཉིས་པ་ནི། ཐོར་ཐུན་སྔ་བ་ནས་ཕྲིན་ལས་ཀྱི་གཞུང་བསྲང་རྩ་བཟླས་པ་ཁ་སྐོང་སྟོང་ཚིག་པ་སོགས་སོ་སོའི་གཞུང་ལྟར་གྲུབ་ནས་བསྙེན་རྒྱུན་སྔ་མ་གྲོལ། སྙིང་པོ་ལ་ཀཱ་ཡ་སིངྡྷི་སོགས་དངོས་གྲུབ་བླང་སྔགས་བཏགས་པ་རྒྱུན། སྲུང་མའི་གཏོར་ཆོག །ཚོགས་སྐོང་རྒྱས་པར་བྱ། ཚོགས་ཐ་མའི་སྐབས་ཉུ་ལེའི་ལྒིང་མེར་བསྲེགས་པའི་ཐལ་པ་ཆོས་སྲུང་གཏོར་མར་བསྟབས། དེ་ནས་དངོས་གྲུབ་འཕྲོག་པའི་བགེགས་བསྐྲད་པ་ནི། སྒྲུབ་པ་པོ་རྣམས་ཞྭ་གོས་སོགས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་འདིར༔དངོས་གྲུབ་འཕྲོག་པར་བྱེད་པའི་བགེགས༔ ལྷའམ་འོན་ཏེ་བདུད་ཀྱང་རུང་༔ང་ལ་བར་ཆད་བྱེད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་
པའི༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དྲག་སྔགས་རོལ་མོ་བཅས་ཡུངས་ཀར་གྱིས་བྲབ། གུ་གུལ་དུད་པས་བདུག་ལ་མཚམས་བཅད་པ་ནི། ཧཱུྃ༔ ཡེ་ནས་སྣང་བ་ལྷ་ཡི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་རྫོགས༔ རིག་པ་རང་ཤར་ཁྲོ་ཚོགས་མཚོན་ཆའི་ཚོགས༔ མ་བཅོས་དབྱིངས་སུ་གསལ་བས་མཚམས་བཅད་དོ༔ ཧཱུྃ་བཛྲ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམས་ལ་སྤོས་རོལ་གཡབ་དར་བཅས་ལས་གཞུང་སོ་སོ་ལྟར་བྱིན་དབབ། དེ་ནས་སྒྲུབ་རྫས་བྱིན་བརླབས་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་སྙིང་པོའི་ཐུགས་ཀྱི་ཆོ་འཕྲུལ་ལས༔ མེ་ཆུ་རླུང་གིས་དངོས་འཛིན་བསྐལ་པ་བཤིག༔ དག་པའི་སྒྲུབ་གནས་བྷཉྫ་གཞལ་ཡས་ཁང་༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱ་ལས་བདུད་རྩི་ལྔ༔ མཱུྃ་ལཱྃ་མཱྃ་བཱྃ་ཏཱྃ་ལས་ཤ་ལྔར་གྱུར༔ ཁམས་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་ལས༔ རིག་པའི་ཆོ་འཕྲུལ་མེ་རླུང་སྦྱོར་བ་ཡིས༔ དབྱིངས་རིག་དབྱེར་མེད་བདེ་སྟོང་ངང་དུ་ཞུ༔ ཡེ་ཤེས་ལྔ་ཡི་འོད་ཟེར་བསམ་ཡས་འཕྲོས༔ འཁོར་འདས་དྭངས་མའི་བཅུད་བསྡུས་རིགས་ལྔར་གྱུར༔ ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་སུ་ཞུ༔ རྫས་རྣམས་ཡེ་ཤེས་བདུད་རྩིར་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བཟླས་ཤིང་བྱིན་གྱིས་བརླབ༔ འཁོན་གཅུགས་བཤགས་པ་ནི༔ ཧཱུྃ་ཧྲཱིཿ ཡེ་ཤེས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་འབྲས་བུ་སོ་སོར་སྨིན༔ དེ་ལྡོག་ཕྱིར་ན་རྒྱལ་བའི་དམ་
མནོས་ཀྱང་༔ སྙོམ་ལས་དབང་གིས་དམ་ལས་འགལ་གྱུར་རྣམས༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་བཟོད་པར་གསོལ༔ བཟོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ༔ ཅེས་དང་ཡིག་བརྒྱ་བརྗོད། གསུམ་པ་དངོས་གྲུབ་བསྡུ་བ་ནི། ཧཱུྃ་ཧྲཱིཿ རང་རིག་དབྱིངས་དང་གཉིས་སུ་མེད་པ་ཡི༔ ལྷ་ཚོགས་བདེ་ཆེན་རྒྱས་པའི་སྦྱོར་མཚམས་ནས༔ འོད་ཟེར་མཐའ་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་བའི་སྒྲིབ་པ་སྦྱངས༔ མཆོག་དང་ཐུན་མོངས་དངོས་གྲུབ་ཀུན་འདུས་ཏེ༔ བདག་ལ་ཐིམ་པས་གང་འདོད་ལྷུན་གྱིས་གྲུབ༔ རྫས་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་གྱུར༔ ཞེས་བསྐུལ་ཞིང་དམིགས་ལ་ལྷ་རྣམས་ཀྱི་སྙིང་པོའི་མཐར། སརྦ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་སིངྡྷི་ཧཱུྃ་ཧཱུྃ༔ ཞེས་སྟོང་ཕྲག་བཟླ། གནད་ནས་བསྐུལ་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས༔ བླ་མ་རིག་འཛིན་རྒྱལ་བ་སྲས་བཅས་བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས་བུ་ཡུག་འཚུབས་པ་ལྟར་བྱོན་ནས་རང་དམ་ཚིག་པ་ལ་ཐིམ་པར་བསམ། ཧཱུྃ་ཧྲཱཾ། བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ བདེ་གཤེགས་ཞི་ཁྲོ་མཁའ་འགྲོ་དམ་ཅན་རྣམས༔ འོག་མིན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ །དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ༔
གནས་འདིར་བདེ་གཤེགས་དངོས་གྲུབ་མི་སྟེར་ན༔ སྔོན་གྱི་ཐུགས་དམ་གཉན་པོ་མི་འགལ་ལམ༔ དེ་བས་ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ ཞེས་བསྐུལ་ཞིང་སྙིང་པོའི་མཐར། ས་མ་ཡ་བཛྲ་ས་མ་ཡ༔ ཞེས་བཏགས་པ་སྟོང་ཕྲག་བཟླ། དེ་ནས་དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༔ ལོངས་སྤྱོད་རྫོགས་སྐུ་ཞིང་ཁམས་ཆེན་པོ་འདིར༔ རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ཚོགས༔ དང་པོ་མ་རིག་མུན་པའི་སྨག་གཏིབས་ནས༔ རང་དང་དབྱེར་མེད་བཞུགས་ཀྱང་ཞལ་མ་མཇལ༔ དེ་ནས་བཀའ་དྲིན་ཅན་གྱི་བླ་མ་ཡི༔ ཐུགས་རྗེའི་མན་ངག་ཟབ་མོའི་སྒྲོན་མེ་ཡིས༔ རང་རིག་རང་གསལ་ལྷ་དང་དཀྱིལ་འཁོར་མཇལ༔ བར་དུ་ཡི་དམ་སྐྱབས་འོས་མཆོད་པའི་གནས༔ བསྒྲུབས་བསྒྲུབས་བསྙེན་བསྙེན་གྲུབ་པ་མཐར་ཕྱིན་ནས༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྨིན༔ ད་ནི་ལྷ་མཆོག་ཁྱེད་དང་གཉིས་སུ་མེད༔ རྡོ་རྗེ་སེམས་དཔའི་ནམ་ཡང་ལངས་ལ་ཁད༔ བདེ་གཤེགས་ཀུན་འདུས་མཁའ་ཀློང་ཡངས་པ་རུ༔ མ་རིག་རང་སངས་ཐུགས་རྗེའི་ཉི་མ་ཤར༔ ད་ནི་དངོས་གྲུབ་འབྱུང་བ་འདུས་ལ་བབ༔ འདོད་པའི་འབྲས་བུ་མྱུར་དུ་མཆིས་པར་མཛོད༔ ཅེས་བསྐུལ་ལ་ཐུགས་སྒྲུབ་སོ་སོའི་ལས་བྱང་ནས་འབྱུང་བའི་དངོས་གྲུབ་བླང་པའི་ཚིག་བརྗོད་ལ་སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས། སྔགས་འཛབ་དབྱངས་ཀྱི་ཚུལ་དུ་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་སློབ་དཔོན་ནས་བརྩམས་མཆེད་ལྕམ་ཐམས་ཅད་ལ་བཀྱེ།
དྲི་མེད་ཆོ་གའི་ལག་ལེན་འདི་ཉིད་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པས་བཀའ་སྩལ་མེ་ཏོག་སྤྱི་བོར་བཅིངས་ཤིང་། སྔ་ཕྱིར་དོན་གཉེར་ཅན་འགའ་ཞིག་གི་བཞེད་པ་སྐོང་བའི་ཕྱིར་དང་། ཆོས་ཚུལ་ཁྱད་པར་འཕགས་པ་འདི་ཉིད་དར་ཞིང་རྒྱས་པར་གྱུར་ན་ཅི་མ་རུང་སྙམ་དུ་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ། ཡོན་ཏན་རྒྱ་མཚོའི་མིང་ཅན་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ། །ཞེས་པ་འདིའང་ནཱ་ཐ་སིངྡྷིའི་སྤར་དུ་བསྒྲུབས་པའོ། །
ཇི་བཞིན་ཏུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་ཏུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ནུབ་ཀྱི་ཐོ་རྩར་ཕྱིན་ལ༔ བྱིན་རླབས་གཏོར་མཆོད་སྔགས་ཀྱིས་ཕུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་སྤྱན་མི་བཟང་༔ ནང་ལྟར་པདྨ་ཧེ་རུ་ཀ༔ གསང་བ་སྣང་བ་མཐའ་ཡས་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་ཏུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་ཏུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུཿ བྱང་གི་ཐོ་རྩར་འཁོད་ལ། བྱིན་རླབས་གཏོར་མཆོད་སྔགས་ཀྱིས་འབུལ། ཧཱུྃ༔ ཕྱི་ལྟར་རྒྱལ་ཆེན་རྣམ་ཐོས་སྲས༔ ནང་ལྟར་རཏྣ་ཧེ་རུ་ཀ༔ གསང་བ་རིར་ཆེན་འབྱུང་ལྡན་ཏེ༔ སྔོན་གྱི་ཐུགས་དམ་ཇི་བཞིན་ཏུ༔ སྒྲུབ་པ་སྲུང་མཛད་སྐུ་དྲིན་ཏུ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུཿ ཞེས་གཤེགས༔ སྒོ་བྱང་བཀྲོལ་བ་ནི། ཕྱི་སྒོར་མཆོད་གཏོར་བཤམས་ལ་སྔར་བཞིན་བྱིན་བརླབ། ཨོཾ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ་ས་པ་རི་བཱ་ར་སོགས་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ དཔལ་གྱི་ཕོ་ཉ་སྒོ་སྲུང་ནི༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ གཏོང་རག་མཆོད་པ་འདི་འབུལ་ལོ༔ ཉམས་ཆགས་འགལ་འཁྲུལ་ཐམས་ཅད་བཤགས༔ སླར་ཡང་འཁོར་སྲུང་རྐྱེན་རྣམས་ཟློག༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལཿ གཙྪ་ས་རང་གནས་སུ་གཤེགས་ལ་སྒོ་བྱང་བསྡུ༔
དེ་ནས་ནང་དུ་ཕྱིན་ལ་སློབ་དཔོན་རྣམ་རྒྱལ་ཐེབས་དཀྱིལ་འཁོར་ནུབ་ཏུ་འཁོད་ལ། ཨོཾ་བཛྲ་ཀཱི་ཡ་ལ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷཱ་རོ་དམ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཅེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་ཕུར་རྩེ་འོ་མས་བཀྲུ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་རས་བྲིས་དཀྱིལ་འཁོར་བསྡུ༔ རྡུལ་ཚོན་ཡིན་ན་ཤར་ནས་དབུས་སུ་བསྡུ་ཞིང་ཆོས་སུ་སྤྱི་བོར་མཆོད། ལྷག་མ་ཀླུ་ཆོག་བཅས་ཆུ་ཀླུང་ཆེན་པོར་གཤེགས་སོ། །གསུམ་པ་ནི། གཞུང་ཆེན་པོ་རྣམས་སུ་སྐབས་འདིར་སློབ་དཔོན་ལ་བཟོད་པ་གསོལ་ཞིང་གཏང་རག་འབུལ་བ། མཆེད་ཀྱི་ནོངས་བཤགས་རྣམས་འབྱུང་ཡང་ལུགས་འདིར་མ་བཤད་པས་ས་ཅད་ཙམ་དུ། ཡེ་ཤེས་སྐུ་མཆོག་སོགས་དང་། རྗེ་བཙུན་བླ་མ་རྣམས་ཀྱི་སོགས་བརྗོད། ལས་གཞུང་སོ་སོ་ནས་འབྱུང་བའི་སྨོན་ལམ་སྤྱིར་གདབ། ཁྱད་པར་མར་མེ་སྨོན་ལམ་ནི། ཐམས་ཅད་ཀྱི་ལག་པ་ལུ་གུ་རྒྱུད་དུ་སྤྲེལ་ཞིང་གཡས་སུ་མར་མེ་ཐོགས། སློབ་དཔོན་ནམ་རྒྱལ་ཐེབས་ཀྱིས་བྱང་དྲངས་ལ། ཧོཿ ཡང་གསང་རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆོག་གི་བཀའ་དྲིན་གྱིས༔ དུས་གསུམ་འབྲལ་མེད་འགྲོགས་པའི་མཆེད་ལྕམ་རྣམས༔ དཀྱིལ་འཁོར་གསུམ་དུ་བསྙེན་སྒྲུབ་མཐར་ཕྱིན་པའི༔ ཏིང་འཛིན་རྩེ་གཅིག་ཟབ་མོ་འདི་ཡི་མཐུས༔ རིགས་ཀྱི་གཙོ་བོ་རྡོ་རྗེ་སློབ་དཔོན་དང་༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་དང་༔ ཟབ་མོའི་དབང་གིས་འབྲེལ་བའི་
གཟུངས་མ་གསུམ༔ ཚེ་རབས་ཀུན་ཏུ་མི་འབྲལ་ལྷན་ཅིག་པས༔ བདེ་ཆེན་ཚོགས་ཀྱི་འདུ་བར་རྟག་སྤྱོད་ཅིང་༔ བླ་མེད་གསང་བའི་མྱུར་ལམ་ལ་བརྟེན་ནས༔ ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་༔ སྣང་བའི་གོ་འབྱེད་ཡེ་ཤེས་མར་མེ་འདིས༔ གཏི་མུག་མུན་པའི་སྨག་རུམ་དབྱིངས་སུ་བསལ༔ འདོད་ཆགས་གཅོང་རོང་རྣམས་སུ་མི་འཁྱམས་ཤིང་༔ ཞེ་སྡང་དམྱལ་བའི་ཟངས་ཁར་མི་འགྲིམ་དང་༔ ང་རྒྱལ་གཅན་གཟན་གདུག་པའི་སྐད་མི་ཐོས༔ ཕྲག་དོག་མཚོན་ཆ་རྣོན་པོས་མི་འཕོག་ཤོག༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེན་པོ་དང་༔ ལྷུན་གྱིས་གྲུབ་པའི་གོ་འཕང་ཉེར་བགྲོད་དེ༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ༔ རིག་འཛིན་བླ་མ་རྣམས་གྱིས་མདུན་བསུས་ཤིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ མ་ཚོགས་མཁའ་འགྲོ་རྣམས་ཀྱིས་མཐའ་སྐྱོར་ཤིག༔ འཁོར་ལོ་ཚོགས་ཆེན་གནས་སུ་ལམ་སྣ་དྲོངས༔ འོད་གསལ་བླ་མ་ཆོས་སྐུའི་ཞལ་མཐོང་ནས༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོར་ལྷུན་གྱིས་གྲུབ༔ མ་འགགས་སྤྲུལ་པའི་སྒྱུ་འཕྲུལ་རྩལ་འཆང་བས༔ ཁམས་གསུམ་ཐིག་ལེ་ཆེན་
པོར་དོང་སྤྲུགས་ཤོག༔ བླ་མ་རིག་འཛིན་བསྒྲུབས་པའི་ས་ཕྱོགས་འདིར༔ ནད་མུག་འཁྲུགས་རྩོད་སྐལ་ངན་ཀུན་ཞི་ཞིང་༔ དགེ་ལེགས་ཡོན་ཏན་ངང་གིས་འདུ་བ་དང་༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ ཅེས་བརྗོད། གཞན་ཡང་ཐེག་པ་ཆེན་པོ་སྤྱི་དང་གསང་བ་བླ་མེད་ཀྱི་སྨོན་ལམ་ཇི་ལྟར་རིགས་པ་གདབ༔ ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས། ལས་གཞུང་སོ་སོ་ནས་འབྱུང་བའི་བཀྲ་ཤིས་སོགས་ཤིས་བརྗོད་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་དང་རོལ་མོ་སྙན་ལ་རིང་བས་དྭང་སྤྲོ་བར་བྱ། ཁ་སྐོང་དུ་རྒྱས་པའི་སྦྱིན་སྲེག་དང་ཞག་གསུམ་སོགས་གནས་བསྲུང་ཞིང་ཚོགས་མཆོད་ལ་སོགས་པའི་དགའ་སྟོན་རྒྱས་པར་སྤེལ་བས་ལེགས་ཚོགས་རྒྱུན་མི་འཆད་པར་འཕེལ་བའི་རྟེན་འབྲེལ་དུ་འགྱུར་རོ། །གསང་ཆེན་བླ་མེད་མྱུར་ལམ་མཐར་ཐུག་གི། བདུད་རྩིའི་བཅུད་མྱོང་རིག་འཛིན་ཚོམས་བུའི་ཚོགས། གྲངས་ལས་འདབ་པས་འཇིག་རྟེན་ཀུན་ཁྱབ་སྟེ། ཁམས་གསུམ་གདོད་མའི་དབྱིངས་སུ་གྲོལ་གྱུར་ཅིག །ཡན་ལག་གི་ཐུགས་སྒྲུབ་གཉིས་པོའི་སྒྲུབ་ཁོག་མྱོང་གྲོལ་སིངྡྷི་རིལ་བུའི་སྒྲུབ་པ་དང་འབྲེལ་བ་འདི་ཉིད་གཏེར་ཆེན་མཆོག་གྱུར་གླིང་པས་གོ་སྟོང་འོད་འབར་བྲག་ནས་སྤྱན་དྲངས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་ཕྱག་བྲིས་གཞན་གྱིས་ཀློག་ཏུ་མི་གཏུབ་པས་གོང་གསལ་གྱི་དཔེ་གཉིས་པ་འབྲི་བར་བཞེད་ཀྱང་རིམ་ལུས་སུ་གྱུར་པ། སླད་ནས་ཞབས་བསྐུལ་ནན་ཏུ་ཞུས་པས་གཏེར་གཞུང་དངོས་སྟོད་ཆ་ཙམ་དང་འདོན་ཆ་ཚང་བ་གསལ་བཀོད་བཀའ་དྲིན་ཏུ་སྩལ་
བ་ཐོར་པས། ཡན་ལག་ཐུགས་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་དམིགས་བསལ་ཡོད་བཞིན་ཏུ་རྩ་བའི་ཐུགས་སྒྲུབ་ཀྱི་རྒྱས་འགེབ་པར་མགོ་ལུག་སྦྱར་སོགས་རང་བཟོའི་རིགས་མི་བྱ་ཀ་མེད་བྱུང་བ་རྣམས་ལ་ཕན་འདོད་ཀྱི་བསམ་པས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པའི་ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་ཞུས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།
ཤོག་སྟོང་།