ལོ་ཆེན་རིན་ཆེན་བཟང་པོ་དང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས།
༈ ༼དེ་ལ་ལོ་ཆེན་རིན་ཆེན་བཟང་པོ་ནི། ༽པཎྜི་ཏ་བདུན་ཅུ་ཙམ་བསྟེན་ནས་ཆོས་མང་དུ་གསན། ལྷ་ལྡེ་བཙན་གྱི་དབུའི་མཆོད་གནས་སུ་གྱུར། གནས་གཞི་དང་གཙུག་ལག་ ཁང་མཆོད་རྟེན་ལ་སོགས་པ་མང་དུ་བཞེངས། གུར ་ཤིང་བརྩོན་འགྲུས་རྒྱལ་མཚན་ལ་སོགས་པའི་སློབ་མ་མཁས་གྲུབ་མང་དུ་ཐོན། ཞུས་ཆེན་ཕེར་བའི་ལོ་ཙཱ་བ་བཅུ་ལྷག་ཙམ་བྱུང་། མཚན་བརྗོད་སཾ་སྐྲྀ་ཏའི་སྐད་དུ་འབུམ་ཕྲག་གཅིགབོད་སྐད་དུ་འབུམ་ཕྲག་གཅིགགཞན་ལ་ཡོན་བྱིན་ཏེ་འབུམ་ཕྲག་གཅིག་བཏོན། མཐར་ཇོ་བོས་སྒྲུབ་པ་ལ་བཙུད་དེ། སྒྲུབ་ཁང་གི་ཕྱི་རོལ་ན་སྒོ་གསུམ་རིམ་དུ་ཡོད་པ་ལ། ཚེ་འདིའི་རྣམ་རྟོག་དང་། རང་དོན་ཡིད་བྱེད་ཀྱི་རྣམ་རྟོག་དང་། ཐ་མལ་གྱི་རྣམ་རྟོག་རྣམས་སྐད་ཅིག་རེ་སྐྱེས་ན། བསྟན་བསྲུང་རྣམས་ཀྱིས་ཁོ་བོའི་མགོ་བོ་ཁོས་ཤིག་ཅེས་པའི་སྒོ་ཡིག་སྦྱར་ནས། རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་དགུང་ལོ་དགུ་བཅུ་རྩ་བརྒྱད་པ་ཤིང་མོ་ལུག་གི་ལོ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། ༈ །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནི། གདུང་རུས་ཡང་ཞེར། ཡབ་རྟ་གསུམ་ཤུ་བཞེར། ཡུམ་ཁུ་ལྟོ་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་ཤིང་མོ་སྦྲུལ་ལོ་ལ་སྟོད་ལུང་ཕུར་འཁྲུངས། རྒྱ་གར་དུ་ཕེབས་པའི་ལམ་ཁར་ཇོ་བོ་སྐྱིད་རོང་དུ་ཕེབས་པ་དང་མཇལ། ཆོས་མང་དུ་གསན་སླར་དབུས་སུ་ཕེབས་ནས་རྭ་སྒྲེང་གི་གཙུག་ལག་ཁང་བཏབ། ཇོ་བོ་རྗེ་གཤེགས་སྐབས་འབྲོམ་ལ་ངའི་བསྟན་པ་ཁྱོད་ལ་གཏོད་པས་ཟུངས་གསུང་བ་ལ། སྤྱིར་བདག་
འཁོས་ཆུང་། ཁྱད་པར་རྟེན་དགེ་བསྙེན་དུ་སོང་བས་བྱ་བ་ཆེན་པོ་སྒྲུབ་མི་ནུས་ཞུས་པས། ང་རང་གིས་བྱིན་གྱིས་རློབ་པས་སེམས་ཁྲལ་མི་དགོས་གསུངས་ནས་གཤེགས་སོ། །དེ་ནས་བཟུང་ཇོ་བོའི་སློབ་མ་རྣམས་ཀྱང་བསྐྱངས་པས་སློབ་མ་བསྟན་པ་ལ་བྱ་བ་ནུས་པ་མང་པོ་བྱུང་ཞིང་། མཆོག་ཏུ་གྱུར་པ་དགེ་བའི་བཤེས་གཉེན་པོ་ཏོ་བ། སྤྱན་སྔ་བ། ཕུ་ཆུང་བ་གསུམ་བྱུང་བ་རྣམས་ལ་སྐུ་མཆེད་རྣམ་པ་གསུམ་དུ་གྲགས། པོ་ཏོ་བ་ལ་གདམས་པ་བསྟན་པ་ཙམ་གྱིས་ཇི་ལྟ་བ་བཞིན་ཐུགས་རྒྱུད་ལ་འཁྲུངས། སྤྱན་སྔ་བ་ལ་ཁྱོད་རང་སྟོང་པ་ཉིད་ཁོ་ན་ལེགས་པར་སྒོམས་དང་གསུངས། ཇོ་བོའི་མན་ངག་མང་པོ་ཡང་ཁོང་ལ་གནང་བས་སྤྱན་སྔ་བར་མཚན་ཐོགས། ཕུ་ཆུང་པ་ལ་འཕགས་པའི་བདེན་པ་བཞི་ལས་བརྩམས་ཏེ་ཆོས་བསྟན་ནས་ཐམས་ཅད་བསམ་གཏན་ལ་མཉམ་པར་འཇོག་ཏུ་བཅུག་པས། རྒྱལ་བའི་བཀའ་མ་ལུས་པ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་འཁྱེར་དགོས་པར་དགོངས་ནས་ཉམས་ལེན་མཛད་པས་དེ་རྣམས་ནས་བཀའ་གདམས་པ་ཞེས་པའི་མཚན་ཐོགས། དེ་ནས་འབྲོམ་སྟོན་མྱ་ངན་ལས་འདས་ཁར། པོ་ཏོ་བ་ལ། ངས་ཁྱེད་རྣམས་ཀྱི་རྟེན་ས་གཞན་མ་མཐོང་བས། སློབ་དཔོན་མདོ་སྡེ་ལ་ཆོལ། ཞེས་སོགས་ཞལ་གདམས་གནང་ནས་དགུང་ལོ་དྲུག་ཅུ་པ་ཤིང་ཕོ་འབྲུག་ལ་མྱ་ངན་ལས་འདས། དེ་ནས་ཕུ་ཆུང་པས་ནི་ཤ་གཟུགས་རང་ཟ་གསུངས་ནས་ཚོགས་པ་མ་བསྐྱངས། པོ་ཏོ་བས་འབྲོམ་གཤེགས་ནས་རང་ལོ་ལྔ་བཅུའི་བར་དུ་ཐུགས་དམ་འབའ་ཞིག་མཛད། ལྔ་བཅུ་རྩ་གཅིག་ནས་གཞན་དོན་མཛད་དེ་བཞུགས་པ་མཁན་བྲག་དང་། སྒྲོ་ལག་དགོན་དང་། མཐར་ཐོག་དང་། སྟག་ལུང་ལ་སོགས་པ་གནས་ངེས་མེད་དུ་བཞུགས། ཚོགས་པའང་རྒྱུན་དུ་རྗེས་སུ་འབྲང་བ་སྟོང་ཕྲག་ལྷག་པ་རེ་འདུས། གཞན་གྱིས་གནོད་པ་བྱེད་པ་བྱུང་ན་ཡང་སྤྱིར་དགེ་སློང་ཁས་ཉེན། བྱེ་བྲག་བྱང་ཆུབ་སེམས་དཔའ་ཁས་ཉེན་གསུངས་ནས་གནོད་ལན་ཡེ་མི་མཛད། ཆོས་ནི་ལམ་སྒྲོན། མདོ་སྡེ་རྒྱན། བྱང་ས། བསླབ་པ་ཀུན་ལས་བཏུས། སྐྱེས་རབས་དང་ཆེད་དུ་བརྗོད་པའི་ཚོམ་ལ་ནན་ཏན་དུ་གསུངས་བས་བཀའ་གདམས་གཞུང་དྲུག་ཏུ་གྲགས། སྐུ་ཚེའི་སྨད་ལ་པོ་ཏོ་དགོན་བཏབ།
ཁོ་རང་གིས་འཕགས་པའི་གནས་བརྟན་ཡན་ལག་འབྱུང་དུ་ཡང་ཞལ་གྱིས་བཞེས། སློབ་མ་ཡང་། དོལ་ནས་རོག་དམར་ཞུར་བ། ཁ་རག་སྒོམ་ཆུང་། དྲེའུ་ལྷས་པ། གླང་རི་ཐང་པ། ཤར་པ་ལ་སོགས་པ་མང་དུ་བྱུང་། དགུང་ལོ་བདུན་ཅུ་རྩ་ལྔ་པ་ཤིང་མོ་བྱ་ལ་མྱ་ངན་ལས་འདས།