གཞུང་གི་ས་ཁོངས་གཅོད་ཚུལ།
གཞུང་གི་ས་ཁོངས་གཅོད་ཚུལ། དེ་ཇི་ལྟར་འཆད་ཚུལ། གཞུང་དོན་དངོས་བཤད་པ་དང་གསུམ། དང་པོ་ལ། མཆོད་བརྗོད་དང་དམ་བཅའ་སོང་བའི་རྗེས་སུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་རྒྱས་པར་དགའ་བ་ལ་རྣམ་མཁྱེན། ལམ་ཤེས། གཞི་ཤེས་ཏེ་ཡུལ་མཁྱེན་པ་གསུམ། རྣམ་རྫོགས། རྩེ་སྦྱོར། མཐར་གྱིས་པ། སྐད་ཅིག་མ་བཅས་ལམ་སྦྱོར་བ་བཞི། འབྲས་བུ་ཆོས་སྐུ་སྟེ་དོན་ཚན་བརྒྱད་ལ་སྐབས་རེ་རེ་བྱས་པ་ལས། མཚོན་བྱེད་དོན་རྐང་བཅུ་ཕྲག་བདུན་དུ་འབྱེད་པའི་མདོར་བསྟན། སེམས་བསྐྱེད་པ་དང་གདམས་ངག་དང་། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་རྣམ་མཁྱེན་མཚོན། མོག་མོག་པོར་བྱེད་ལ་སོགས་དང་། །ཞེས་སོགས་ཚིགས་བཅད་གསུམ་གྱིས་ལམ་ཤེས། ཤེས་པས་སྲིད་ལ་མི་གནས་ཤིང་། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་གཞི་ཤེས། རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་རྣམ་རྫོགས་སྦྱོར་བ། དེ་ཡི་རྟགས་དང་རྣམ་འཕེལ་དང་། །ཞེས་སོགས་ཚིགས་བཅད་གཉིས་དང་རྐང་པ་ཕྱེད་ཀྱིས་རྩེ་སྦྱོར། མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ་ཞེས་པས་མཐར་གྱིས་པ། སྐད་ཅིག་མ། ཞེས་སོགས་རྐང་པ་ཕྱེད་དང་གསུམ་གྱིས་སྐད་ཅིག་མའི་སྦྱོར་བ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །ཞེས་སོགས་ཚིགས་བཅད་ཀྱིས་འབྲས་བུ་ཆོས་སྐུ་རྣམས་མཚོན། དེ་དག་ཡན་ལག་རྒྱས་བཤད་སྐབས་དང་པོར། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས་ཚིགས་བཅད་གསུམ་གྱིས་ཆོས་བཅུའི་དང་པོ་སེམས་བསྐྱེད། སྒྲུབ་དང་བདེན་
པ་རྣམས་དང་ནི། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་གདམས་ངག །ཞར་བྱུང་གི་དོན། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་སོགས་ཚིགས་བཅད་གཉིས་ཀྱིས་དགེ་འདུན་ཉི་ཤུ། དམིགས་པ་དང་ནི་རྣམ་པ་དང་ཞེས་པ་ནས། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པའི་བར་ཚིགས་བཅད་བཅུ་གཉིས་ཀྱིས་ཐེག་ཆེན་སྦྱོར་ལམ་བཞི། དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་དེ་རྗེས་འབྲངས་དང་བཅས་པ་ངེས་འབྱེད་ཡན་ལག་རྣམ་པ་བཞི། རྟོགས་པ་ཡི་ནི་ཆོས་དྲུག་དང་ཞེས་པ་ནས། འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་དང་། དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པའི་བར་ཚིགས་བཅད་གསུམ་གྱིས་ངེས་འབྱེད་ཆ་མཐུན་ཆོས་བཞི་དང་། མཐོང་སྒོམ་གཉིས་ཏེ་རྟོགས་པའི་ཆོས་དྲུག །གཉེན་པོ། སྤོང་བའི། དེ་དག་ཡོངས་སུ་གཏུགས་པ། ཤེས་རབ་སྙིང་བརྩེར་བྱས་པ། སློབ་མ་ཐུན་མོང་མིན་པ། གཞན་དོན་གྱི་གོ་རིམ། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་སྟེ་ཆོས་བཅུ་གསུམ་དོགས་སེལ་དང་བཅས་པ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། ཞེས་པ་ནས། གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་དགེ་མི་དགེ་ལུང་མ་བསྟན། འཇིག་རྟེན་པའི་ཕུང་པོ་ལྔ། དེ་ལས་འདས་པའི་བསམ་གཏན་བཞི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ། ཟག་མེད་དྲན་པ་ཉེར་བཞག་བཞི། འདུས་བྱས་ཁམས་གསུམ། འདུས་མ་བྱས་དེ་བཞིན་ཉིད། ཐུན་མོང་པ་བསམ་གཏན་བཞི། ཐུན་མིན་ཐུབ་པའི་སྟོབས་བཅུ་སྟེ་དམིགས་པ་རྣམ་གྲངས་བཅུ་གཅིག །སེམས་ཅན་ཀུན་མཆོག་ཉིད་སེམས་དང་། ཞེས་པ་ནས། ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་པའི་བར་ཚིགས་བཅད་གཅིག་གིས་སེམས། སྤོང་བ། རྟོགས་པ་སྟེ་ཆེན་པོ་གསུམ། དེ་དག་སོ་སོར་སྦྱིན་ལ་སོགས། ནས། དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པའི་བར་ཚིགས་བཅད་གཅིག་གིས་ཕར་ཕྱིན་དྲུག་གི་གོ་དྲུག་གམ། སྦྱིན་པ་ནས་ཤེས་རབ་ཀྱི་བར་སུམ་ཅུ་རྩ་དྲུག །བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། ནས། འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསམ་གཏན་གཟུགས་མེད། ཕར་ཕྱིན་དྲུག་མཐོང་སྒོམ། ཚད་མེད་བཞི། དམིགས་མེད་དང་ལྡན་པ། འཁོར་
གསུམ་རྣམ་དག །ཆེད་དུ་བྱ་བ། མངོན་ཤེས་དྲུག །རྣམ་མཁྱེན་ཉིད་ལ་འཇུག་པའི་སྒྲུབ་པའི་བར་འཇུག་པའི་བྱ་བ་རྣམ་གྲངས་དགུ། བརྩེ་དང་སྦྱིན་ལ་སོགས་པ་དྲུག་ནས། རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བརྩེ་བ་སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ་ནས། ཕར་ཕྱིན་དྲུག །ཞི་གནས། ལྷག་མཐོང་། ཟུང་དུ་འབྲེལ་བ། ཐབས་མཁས། ཡེ་ཤེས། བསོད་ནམས། ལམ། གཟུངས། ས་དང་། གཉེན་པོ་སྟེ་ཚོགས་སྒྲུབ་བཅུ་བདུན་དུ་ཕྱེ་ནས། དེ་ཡང་ཡེ་ཤེས་ཀྱི་ཚོགས་ལ་སྟོང་ཉིད་ཉི་ཤུ་དང་། སའི་ཚོགས་ལ་ཡོངས་སྦྱོངས་དགུ་བཅུ་གོ་ལྔར་བཤད་པའི་ཕྱི་མའི་ནང་གསེས། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡི། ནས། ཡོངས་སུ་སྦྱོང་བ་ཤེས་པར་བྱ། །ཞེས་པའི་བར་ཚིགས་བཅད་གསུམ་གྱིས་ས་དང་པོའི་ཡོངས་སྦྱོང་ལྷག་པའམ་དྲང་པོའི་བསམ་པས་དམ་ཆོས་འཛིན་པ་ལ་སྤྲོ་བ་དང་། རང་གཞན་དོན་སྒྲུབ་ལ་ཕན་པའི་དངོས་པོ་ཉིད་དེ་རང་བཞིན་ཅན་དང་། སེམས་ཅན་རྣམས་ལ་ཚད་མེད་བཞིའི་སྒོ་ནས་སེམས་མཉམ་པ་དང་། དགེ་རྩ་ཐམས་ཅད་གཏོང་བ་ལ་སེར་སྣ་མེད་པ་དང་། དགེ་བའི་བཤེས་གཉེན་བསྟེན་པར་བྱེད་པ་དང་། ཤིན་ཏུ་རྒྱས་པའི་སྡེ་སྣོད་འཚོལ་བ་ལ་དམིགས་པ་དང་། རྟག་ཏུ་ངེས་འབྱུང་གི་སེམས་དང་བཅས་པ་དང་། གཞན་དོན་དུ་སངས་རྒྱས་ཀྱི་སྐུ་ཐོབ་པར་འདོད་པ་དང་། ཆོས་སྟོན་པ་ལ་དཔེ་མཁྱུད་མེད་པ་དང་། ཚིག་བདེན་པར་སྨྲ་བ་དང་བཅུ། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། ནས། བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་ས་གཉིས་པའི་ཡོངས་སྦྱོང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པར་ཐོབ་པ་དང་། བྱས་པ་གཟོ་བ་དང་། གནོད་པ་ལ་བཟོད་པ་དང་། དགེ་ཆོས་སྒྲུབ་པ་ལ་རབ་ཏུ་དགའ་བ་དང་། འགྲོ་ལ་སྙིང་བརྩེ་བ་དང་། མཁན་པོ་སོགས་ལ་བཀུར་སྟི་བྱེད་པ་དང་། བླ་མས་བསྟན་པའི་ཆོས་སྒྲུབ་པ་དང་། ཕར་ཕྱིན་དྲུག་གི་ཉམས་ལེན་ལ་བརྩོན་པ་སྟེ་བརྒྱད། ཐོས་པས་མི་ངོམས་ཉིད་དང་ནི། ནས། རློམ་མེད་བདག་ཉིད་དེ་རྣམས་ལྔ། །ཞེས་པའི་བར་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་ས་གསུམ་པའི་ཡོངས་སྦྱོང་། མང་དུ་ཐོས་པས་མི་ངོམས་པ་དང་། ཉོན་མོངས་པའི་ཟང་ཟིང་
མེད་པའི་ཆོས་ཀྱི་སྦྱིན་པ་དང་། རང་གང་དུ་སངས་རྒྱ་བའི་སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་། འགྲོ་བས་ཕན་ལན་དུ་གནོད་པ་བྱེད་པ་ལ་ཡོངས་སུ་མི་སྐྱོ་བ་དང་། རང་དང་གཞན་ལ་ལྟོས་ནས་མི་དགེ་བའི་ཆོས་མི་བྱེད་པ་དང་ལྔ། ནགས་གནས་འདོད་ཆུང་ཆོག་ཤེས་དང་། ནས། མི་ཞུམ་པ་དང་ལྟ་བ་མེད། །ཅེས་པའི་བར་ཚིགས་བཅད་ཕྱེད་གཉིས་ཀྱིས་ས་བཞི་པའི་ཡོངས་སྦྱོང་། ཉན་རང་ཡིད་བྱེད་ཀྱི་བསམ་པས་དབེན་པའི་ནགས་ན་གནས་པ་དང་། ཟས་གོས་སོགས་དོན་གཉེར་མེད་པས་འདོད་པ་ཆུང་བ་དང་། བཟང་པོ་ལ་མི་སྲེད་པས་ཆོག་ཤེས་པ་དང་། སྦྱངས་ཡོན་བཅུ་གཉིས་ལ་བརྟེན་པ་དང་། ཁས་བླངས་པའི་བསླབ་པ་མི་གཏོང་བ་དང་། འདོད་ཡོན་ལ་ཉེས་དམིགས་སུ་ལྟ་བས་སྨོད་པ་དང་། གཞན་མྱང་འདས་ལ་འགོད་པ་དང་། བདོག་པ་གཏོང་བ་ལ་སེར་སྣ་མེད་པ་དང་། རྒྱལ་སྲས་ཀྱི་སྤྱོད་པ་ལ་མི་ཞུམ་པའི་སྤྲོ་བ་དང་། དངོས་པོ་ཐམས་ཅད་ལ་མི་ལྟ་བ་དང་བཅུ། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། ནས། ས་ལྔ་པ་ནི་ཡང་དག་ཐོབ། །ཅེས་པའི་བར་ཚིགས་བཅད་གཉིས་ཀྱིས་ས་ལྔ་པའི་ཡོངས་སྦྱོང་། རྙེད་བཀུར་གྱི་ཆེད་དུ་ཁྱིམ་པ་དང་རབ་ཏུ་བྱུང་བ་སོགས་ལ་འགྲོགས་འདྲིས་བྱེད་པ་སྤོང་བ་དང་། ཁྱིམ་ལ་འཁྲེན་པས་དད་ཅན་གྱི་ཁྱིམ་གཞན་ལ་མི་སྟོན་པ་དང་། འདུ་འཛིར་གྱུར་པའི་གནས་དང་། ཉན་རང་ཡིད་བྱེད་ཀྱི་བསམ་པ་སྤོང་བ་དང་། བདག་བསྟོད་གཞན་སྨོད་སྤོང་བ་དང་། མི་དགེ་བའི་ལམ་བཅུ་སྤོང་བ་དང་། ཐོས་སོགས་ཀྱི་རློམ་སེམས་སྤོང་བ་དང་། དགེ་སྡིག་ལ་བླང་དོར་ཕྱིན་ཅི་ལོག་སྤོང་བ་དང་། བློ་ངན་ཏེ་འཇིག་ལྟ་སྤོང་བ་དང་། ཆགས་སྡང་དང་དུ་ལེན་པ་སྤོང་བ་སྟེ་བཅུ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། ནས། ས་ནི་དྲུག་པ་ཡང་དག་ཐོབ། །ཅེས་པའི་བར་ཚིགས་བཅད་གཉིས་ཀྱིས་ས་དྲུག་པའི་ཡོངས་སྦྱོང་། ལུས་ལོངས་སྤྱོད་ཐམས་ཅད་སྦྱིན་པར་བྱེད་པའི་ཉམས་ལེན་ལྷག་པར་ཐོབ་པས་ཉན་ཐོས་ཀྱི་བྱང་ཆུབ་ལ་དགའ་བའི་སེམས་སྤངས་པ་དང་། རང་དོན་ཡིད་བྱེད་ཀྱི་སེམས་སྤོང་བའི་ཚུལ་ཁྲིམས་ལ་ཉམས་ལེན་ལྷག་པས་བསེ་རུ་རང་རྒྱལ་གྱི་བྱང་ཆུབ་ལ་དགའ་བའི་སེམས་སྤངས་པ་དང་། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ལྷག་པས་དེའི་དོན་ལ་སྐྲག་པའི་སེམས་
སྤངས་པ་དང་། སྦྱིན་པ་ལ་སྤྲོ་བའི་བརྩོན་འགྲུས་ལྷག་པས་སློང་བ་པོས་བསླངས་ན་སེམས་མི་ཞུམ་པ་དང་། སྦྱིན་པ་ལ་སེམས་རྩེ་གཅིག་པའི་བསམ་གཏན་ལྷག་པས་ཕྱི་ནང་གི་བདོག་པ་ཀུན་བཏང་ལ་འགྱོད་པའི་སེམས་སྤངས་པ་དང་། སྦྱིན་པའི་ཕན་ཡོན་རྟོགས་པའི་ཤེས་རབ་ལྷག་པས་དེའི་མཐར་རང་ཉིད་དབུལ་ཡང་སློང་བའི་སྐྱེ་བོ་མི་སྤོང་བ་སྟེ་ཕར་ཕྱིན་དྲུག་དང་དེའི་སྤང་བྱ་དྲུག་བཅས་བཅུ་གཉིས། བདག་དང་སེམས་ཅན་འཛིན་པ་དང་། ནས། སྟོང་པ་ཉིད་དང་ཉི་ཤུའོ། །ཞེས་པའི་བར་ཚིགས་སུ་བཅད་པ་བདུན་གྱིས་ས་བདུན་པའི་ཡོངས་སྦྱོང་། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། ཆད་པ་དང་། རྟག་པ་དང་། མཚན་མ་དང་། རྒྱུ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཁམས་གསུམ་ལ་གནས་པ་དང་། ཆགས་པ་དང་། སེམས་ཀུན་ཏུ་ཞུམ་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་སུ་ལྟ་བའི་མངོན་ཞེན་དང་། སྟོང་པ་ཉིད་ལ་རྩོད་པ་དང་། འགལ་བ་བརྗོད་པ་སྟེ་སྤང་བྱ་ཉི་ཤུ་དང་དེའི་གཉེན་པོ་རྣམ་ཐར་སྒོ་གསུམ་འཁོར་གསུམ་ཡོངས་དག་སོགས་ཉི་ཤུ་སྦྱར་བ། སེམས་ཅན་ཀུན་ཡིད་ཤེས་པ་དང་། ནས། ལས་ནི་རྣམ་པ་འདི་བརྒྱད་བཤད། །ཅེས་པའི་བར་ཚིགས་བཅད་གཉིས་ཀྱིས་ས་བརྒྱད་པའི་ཡོངས་སྦྱོང་། སེམས་གཅིག་གིས་སེམས་ཅན་ཀུན་གྱི་ཡིད་ཀྱི་སྤྱོད་པ་བཟང་ངན་ཤེས་པ་དང་། སངས་རྒྱས་བཞུགས་པའི་འཇིག་རྟེན་གྱི་ཁམས་བལྟ་ཕྱིར་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་བརྩེ་བ་དང་། རང་གང་དུ་སངས་རྒྱ་འགྱུར་གྱི་ཞིང་བཟང་པོ་སྒྲུབ་པ་དང་། ཆོས་ཀྱི་ཚིག་དོན་ཡོངས་སུ་བརྟག་པའི་ཕྱིར་སྒོ་གསུམ་གྱིས་སངས་རྒྱས་བསྟེན་པ་དང་། ལྷའི་མིག་གིས་སེམས་ཅན་གྱི་དབང་པོ་ཤེས་པ་དང་། རྒྱལ་བའི་ཞིང་གི་སེམས་ཅན་གྱི་ཉོན་མོངས་པ་སྦྱོང་བ་དང་། དེ་ཀུན་བདེན་སྟོང་སྒྱུ་མ་ལྟ་བུར་གནས་པ་དང་། སེམས་ཅན་ཀུན་གྱི་དོན་དུ་བསམ་ཞིང་སྲིད་པར་སྐྱེ་བ་ལེན་པ་དང་བརྒྱད་དོ། །སྨོན་ལམ་དང་ནི་མཐའ་ཡས་དང་། ཞེས་པ་ནས། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་ས་དགུ་པའི་ཡོངས་སྦྱོང་། ཕྱིན་དྲུག་གི་ཉམས་ལེན་རྫོགས་པས་ཇི་ལྟར་སྨོན་པའི་དོན་
ལ་སྨོན་ལམ་མཐའ་ཡས་པ་འགྲུབ་པ་དང་། སོ་སོ་ཡང་དག་རིག་པ་ཐོབ་པས་ལྷ་ལ་སོགས་པའི་སྐད་ཤེས་པ་དང་། ཆོས་སྟོན་པ་ལ་སྤོབས་པ་ཆུ་བོ་ལྟ་བུ་རྒྱུན་མི་ཆད་པ་དང་། བུད་མེད་སྒྱུ་འཕྲུལ་མ་ལྟ་བུའི་མངལ་དུ་སྐྱེ་བ་མཆོག་དང་། རྒྱལ་པོ་དང་བྲམ་ཟེའི་རིགས་མཆོག་དང་། བུ་རམ་ཤིང་པ་ལྟ་བུའི་རུས་མཆོག་དང་། ཕ་མ་ནས་བདུན་བརྒྱུད་བར་མ་ཆད་པའི་ཆོ་འབྲང་དང་། རང་དབང་བའི་འཁོར་དང་། མི་མཆོག་རྣམས་ཀྱིས་བསྟོད་པར་སྐྱེ་བ་དང་། གནས་གཙང་མའི་ལྷས་བསྐུལ་ནས་ངེས་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཤིང་ཨཱ་ཤྭཏྠ་ལྟ་བུའི་དྲུང་ན་འདུག་པ་དང་། མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་བཅུ་གཉིས་ཏེ་རྒྱུའི་ས་དགུ་དང་། འབྲས་བུའི་ས་བཅུ་པ་ཡོངས་སྦྱོང་གི་སྒོ་ནས་མ་བཤད་པས་མཚན་ཉིད་ཀྱི་སྒོ་ནས་བསྟན་པ། ས་དགུ་འདས་ནས་ཡེ་ཤེས་ནི། ནས། བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་པའི་བར་ཚིགས་བཅད་གཅིག་གིས་དམན་པ་ས་བརྒྱད་དང་རྒྱུའི་ས་དགུ་བྱང་ཆུབ་སེམས་དཔའི་ས་ཞེས་གཅིག་ཏུ་བྱས་པའི་ས་དགུ་སྔ་མ་ལ་ཤེས་མཐོང་དང་། ཕྱི་མ་ལ་གནས་ནས་འདས་ཏེ་འདས་པའི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་བཤད་དོ། །མཐོང་དང་སྒོམ་པའི་ལམ་དག་ལ། ནས། གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་པའི་བར་ཚིགས་བཅད་གཅིག་གིས་གཉེན་པོའི་ཚོགས་གཟུང་བའི་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་དངོས་པོ་ཙམ་དང་། གཉེན་པོ་རྣམ་བྱང་གི་གཟུང་རྟོག་གཉིས་དང་། འཛིན་པའི་རྣམ་པར་རྟོག་པ་གང་ཟག་རྫས་སུ་ཡོད་པ་དང་། སྐྱེས་བུ་བཏགས་པའི་རྟེན་ཅན་གྱི་འཛིན་རྟོག་གཉིས་ཀུན་བཏགས་ལྷན་སྐྱེས་ཀྱི་ས་བོན་སོ་སོར་མཐོང་བའི་ལམ་དང་སྒོམ་པའི་ལམ་ལ་སྤོང་བ་སྟེ་བརྒྱད་དུ་བཤད། རྣམ་མཁྱེན་གྱི་ཆོས་བཅུ་པ་ངེས་འབྱུང་སྒྲུབ་པ་ནི། ཆེད་དུ་བྱ་དང་མཉམ་ཉིད་དང་། ནས། ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་ཆེད་དུ་བྱ་བ་ཆེན་པོ་གསུམ་གཅིག་ཏུ་བྱས་པ་དང་། བདེན་སྟོང་མཉམ་ཉིད་མཁྱེན་པའི་ཐུགས་རྗེ་ཆེན་པོ་དང་། སེམས་ཅན་གྱི་དོན་བྱེད་པའི་ཡེ་ཤེས་དང་། འབད་མེད་ལྷུན་གྲུབ་ཀྱི་གཞན་དོན་དང་། སྲིད་ཞིའི་མཐའ་སྤངས་
པས་སྤང་བྱ་ཟད་པ་དང་། རྟོགས་བྱའི་དོན་ཐམས་ཅད་ཐོས་པ་དང་། ཆོས་བཅུ་རྣམ་པ་ཐམས་ཅད་དུ་མངོན་སུམ་མཁྱེན་པའི་རྣམ་མཁྱེན་དང་། དེའི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ངེས་འབྱུང་སྒྲུབ་པ་བརྒྱད་རྣམས་བསྟན་ནས་སྐབས་དང་པོ་རྫོགས། སྐབས་གཉིས་པ་ལམ་ཤེས་ལ་ཆོས་བཅུ་གཅིག་ཡོད་པའི་དང་པོ་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར། ནས། རང་བཞིན་དང་ནི་དེ་ཡི་ལས། །ཞེས་པའི་བར་ཚིགས་བཅད་གཅིག་གིས་ལམ་ཤེས་ཀྱི་ཡན་ལག་ཏུ་གྱུར་པའི་གེགས་ང་རྒྱལ་མངོན་གྱུར་བ་དང་བྲལ་བ། ཡུལ་ངེས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། རིགས་ཀྱིས་ཁྱབ་པ། རང་བཞིན། ལམ་ཤེས་ཀྱི་བྱེད་ལས་དང་ལྔ་བསྟན། ལམ་ཤེས་ཀྱི་ཆོས་གཉིས་པ་སློབ་མའི་ལམ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། ནས། སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་པའི་བར་ཚིགས་བཅད་དྲུག་གིས་བྱང་འཕགས་ཀྱི་རྒྱུད་ཀྱི་ཉན་ཐོས་ཀྱི་ལམ་ཤེས་པ་དང་། སངས་འཕགས་ཀྱི་ རྒྱུད་ཀྱི་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་གཉིས་དོགས་སེལ་དང་བཅས་པ། ལམ་ཤེས་ཀྱི་ཆོས་གསུམ ་པ་བསེ་རུའི་ལམ་ནི། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། ནས། རྣམ་པ་ཅན་གྱི་ཆོས་ཀྱི་མཆོག །ཅེས་པའི་བར་ཚིགས་བཅད་ གསུམ་གྱིས་བྱང་འཕགས་ཀྱི་རྒྱུད ་ཀྱི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དང་། སངས་འཕགས་ཀྱི་རྒྱུད་ཀྱི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་གཉིས་ངེས་འབྱེད་ཀྱི་ཆ་མཐུན་དང་བཅས་པ། ལམ་ཤེས་ཀྱི་ཆོས་བཞི་པ་མཐོང་ལམ་ནི། བདེན་དང་བདེན་ལ་བཟོད་པ་དང་། ནས། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པའི་བར་ཚིགས་བཅད་དྲུག་གིས་ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་དང་། དེའི་མཐོང་ལམ་རྗེས་ཐོབ་གཉིས། དེ་གཉིས་མ་ཡིན་པའི་མཐོང་ལམ་ཡེ་ཤེས་དང་གསུམ། ལམ་ཤེས་ཀྱི་ཆོས་ལྔ་པ་སྒོམ་ལམ་གྱི་བྱེད་པ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། ནས། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་པའི་བར་ཚིགས་བཅད་གཅིག་གིས་སེམས་ལ་རང་དབང་དུ་བྱེད་པའི་ཀུན་ནས་ཞི་བ་དང་། སྐྱེ་བོ་ཐམས་ཅད་ལ་འདུད་པ་དང་། ཉོན་མོངས་པའི་གཡུལ་ལས་རྒྱལ་བ་དང་། སྡུག་བསྔལ་གྱི་གནོད་པས་ནམ་ཡང་མི་བརྫི་བ་དང་། བྱང་
ཆུབ་འགྲུབ་པའི་ནུས་པ་དང་ལྡན་པ་དང་། རྟེན་བྱང་སེམས་སྒོམ་ལམ་པ་གང་དུ་བཞུགས་པའི་ས་ཕྱོགས་མཆོད་རྟེན་དུ་འགྱུར་བའི་བྱེད་པ་དང་དྲུག །ལམ་ཤེས་ཀྱི་ཆོས་དྲུག་པ་སྒོམ་ལམ་གྱི་མོས་པ་ནི། མོས་པ་རང་གི་དོན་དང་ནི། ནས། རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པའི་བར་ཚིགས་བཅད་གཉིས་ཀྱིས་རྩ་བ་རང་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ། གཞན་དོན་མོས་པ་སྒོམ་ལམ་གསུམ་པོ་དེ་ཡན་ལག་གི་སྒོ་ནས་དབྱེ་ན་གསུམ་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་སྟེ་དགུ། དགུ་པོ་ཡང་རེ་རེ་ནས་ཆུང་འབྲིང་ཆེན་པོ་གསུམ་གྱི་དབྱེ་བས་རྣམ་པ་ཉི་ཤུ་རྩ་བདུན། ལམ་ཤེས་ཀྱི་ཆོས་བདུན་པ་མོས་པ་སྒོམ་ལམ་གྱི་ཕན་ཡོན་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། ནས། བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་པའི་བར་ཚིགས་བཅད་གཅིག་གིས་བསྟོད་པ་དགུ། བཀུར་བ་དགུ། བསྔགས་པ་དགུ་སྟེ་ཉེར་བདུན། ལམ་ཤེས་ཀྱི་ཆོས་བརྒྱད་པ་བསྔོ་བ་སྒོམ་ལམ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། ནས། བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྔོ་བ་ཁྱད་པར་ཅན། མི་དམིགས་པའི་རྣམ་པ། ཕྱིན་ཅི་མ་ལོག་པའི་རྣམ་པ། དབེན་པ། དེ་བཞིན་གཤེགས་པའི་དགེ་བའི་རྩ་བའི་ཚོགས་ཀྱི་རང་བཞིན་དྲན་པ། ཐབས་མཁས། མཚན་མ་མེད་པ། སངས་རྒྱས་ཀྱིས་གནང་བ། ཁམས་གསུམ་པོར་མ་གཏོགས་པ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ་བསྔོ་བ་རྣམ་པ་བཅུ་གཉིས། ལམ་ཤེས་ཀྱི་ཆོས་དགུ་པ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ནི། ཐབས་དང་མི་དམིགས་པ་དག་གིས། ནས། བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་པའི་བར་ཚིགས་བཅད་གཅིག་གིས་རང་གི་དགེ་རྩ་ལ་དགའ་བ་སྒོམ་པའི་རྗེས་སུ་ཡི་རང་དང་། གཞན་གྱི་དགེ་རྩ་ལ་དེ་སྒོམ་པའི་རྗེས་སུ་ཡི་རང་གཉིས། ལམ་ཤེས་ཀྱི་ཆོས་བཅུ་པ་སྒྲུབ་པ་སྒོམ་ལམ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། ནས། གཏོད་པར་བྱེད་པ་དོན་ཆེན་ཡིན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་ངོ་བོའི་ཁྱད་པར་དུ་བྱས་པའི་སྒྲུབ་པ་སྒོམ་ལམ་དང་། འབྲས་བུ་མཆོག་གི་ཁྱད་པར་དུ་བྱས་པ། བྱེད་ལས་ཀྱི་ཁྱད་པར་དུ་བྱས་པ། གནས་སྐབས་ཡོན་ཏན་གྱི་ཁྱད་པར་དུ་བྱས་པ། དོན་
ཆེན་པོ་མཐར་ཐུག་གི་ཡོན་ཏན་དང་འབྲེལ་བའི་སྒྲུབ་པ་སྒོམ་ལམ་དང་ལྔ། ལམ་ཤེས་ཀྱི་ཆོས་བཅུ་གཅིག་པ་རྣམ་དག་སྒོམ་ལམ་ནི། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། ནས། གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་པའི་བར་ཚིགས་བཅད་དྲུག་གིས་ས་བཅུའི་རྣམ་དག་སྒོམ་ལམ་བཅུའོ། །ཆུང་འབྲིང་ཆེན་པོ་སོགས་དགུ་རྣམས་སུ་བཤད་དེ་སྐབས་གཉིས་པ་རྫོགས། སྐབས་གསུམ་པ་གཞི་ཤེས་མཚོན་བྱེད་ཀྱི་ཆོས། ཤེས་པས་སྲིད་ལ་མི་གནས་པའི་:ལམ་༼གཞི་༽ཤེས་དང་། སྙིང་རྗེས་ཞི་ལ་མི་གནས་པའི་:ལམ་༼གཞི་༽ཤེས་སོགས་ཆོས་དགུ་ཡོད་པའི་དང་པོ་གཉིས་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། ནས། ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པའི་བར་ཚིགས་བཅད་གཅིག་གིས་ཀུན་རྫོབ་ལ་ལྟོས་ཏེ་སྲིད་མཐའ་འགོག་བྱེད་ཀྱི་:ལམ་༼གཞི་༽ཤེས་དང་། དོན་དམ་ལ་ལྟོས་ཏེ་ཞི་མཐའ་འགོག་བྱེད་ཀྱི་:ལམ་༼གཞི་༽ཤེས་གཉིས། ཕྱི་མ་ལའང་ཀུན་རྫོབ་དང་དོན་དམ་ལ་ལྟོས་པ་གཉིས་ཡོད། གཞི་ཤེས་ཀྱི་ཆོས་གསུམ་པ་ཐབས་མ་ཡིན་པས་རིང་བ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་རྐང་པ་གཉིས་ཀྱིས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་གསུམ་གོང་དུ་སྨོས་པ་ལྟར་རོ། །གཞི་ཤེས་ཀྱི་ཆོས་བཞི་པ་ཐབས་ཀྱིས་རིང་བ་མ་ཡིན་པ་ནི། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་རྐང་པ་གཉིས་ཀྱིས་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ལ་གསུམ་ལས། དེ་ཡང་སྔར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཞི་ཆོས་ལྔ་པ་མི་མཐུན་ཕྱོགས་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། ནས། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་ཚིགས་བཅད་གཅིག་གིས་རང་རྒྱལ་འཕགས་རྒྱུད་ཀྱི་མཁྱེན་པ་དང་། ཉན་ཐོས་འཕགས་རྒྱུད་ཀྱི་མཁྱེན་པ་གཉིས་སུ་དབྱེ། གཞི་ཆོས་དྲུག་པ་གཉེན་པོའི་ཕྱོགས་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། ནས། ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་ཚིགས་བཅད་བཞིས་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་གསུམ་སྔར་བཞིན་དང་། ཆགས་པ་ཕྲ་མོ། སྤང་བ། ཟབ་པ། རྫོགས་པར་དཀའ་བ། མཇུག་བསྡུ་
དང་བཅས་པ་བསྟན། གཞི་ཆོས་བདུན་པ་སྦྱོར་བའི་ལམ་ནི། གཟུགས་སོགས་དེ་མི་རྟག་སོགས་དང་། ནས། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་པའི་བར་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་ཁྱད་གཞི་གཟུགས་སོགས་ལ་བདེན་ཞེན་བཀག་པའི་སྦྱོར་བ། ཁྱད་ཆོས་མི་རྟག་སོགས་ལ་བདེན་ཞེན་བཀག་པའི་སྦྱོར་བ། ཡོན་ཏན་གྱི་རྟེན་དུ་རྫོགས་མ་རྫོགས་ལ་བདེན་ཞེན་བཀག་པའི་སྦྱོར་བ། བདེན་པར་ཆགས་པ་ཉིད་ལ་གནས་ནས་བདེན་ཞེན་གྱི་སྤྱོད་པ་བཀག་པའི་ལས་སུ་བྱ་བའི་སྦྱོར་བ། བྱེད་པ་པོ་བྱ་བ་འབྲས་བུ་གསུམ་ལ་བདེན་ཞེན་བཀག་པ་མི་འགྱུར་བའི་སྦྱོར་བ། དོན་དམ་པར་བྱེད་པ་པོ་མེད་པ་ལ་བདེན་ཞེན་བཀག་པའི་སྦྱོར་བ། བྱ་དཀའ་བ་གསུམ་ལ་བདེན་ཞེན་བཀག་པའི་སྦྱོར་བ། སྐལ་བ་ཇི་བཞིན་འབྲས་བུ་ཐོབ་པས་འབྲས་བུ་ཡོད་པ་ལ་བདེན་ཞེན་བཀག་པའི་སྦྱོར་བ། གཞན་ལ་རག་མ་ལས་པ་ལ་བདེན་ཞེན་བཀག་པའི་སྦྱོར་བ། ཤེས་བྱེད་དཔེའི་སྒོ་ནས་སྣང་བ་རྣམ་བདུན་ལ་བདེན་ཞེན་བཀག་པའི་སྦྱོར་བ་སྟེ་བཅུ། གཞི་ཆོས་བརྒྱད་པ་མཉམ་ཉིད་ནི། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་རྐང་པ་གཉིས་ཀྱིས་གཟུགས་སོགས་ཀྱི་ངོ་བོ་དང་། མཚན་མ་དང་། དབྱེ་བ་དང་། ཡུལ་ཅན་རྣམས་བདེན་སྟོང་དུ་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་བཞི། གཞི་ཆོས་དགུ་པ་མཐོང་ལམ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། ནས། རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་ཚིགས་བཅད་དྲུག་གིས་བདེན་པ་བཞི་པོ་སོ་སོ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་རྣམས་ཏེ། མཐོང་ལམ་ཤེས་བཟོད་སྐད་གཅིག་མ་བཅུ་དྲུག་རྣམས་བསྟན་ཏེ་སྐབས་གསུམ་པ་རྫོགས། སྐབས་བཞི་པ་སྦྱོར་བ་བཞིའི་དང་པོ་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ཡོད་པའི་དང་པོ་རྣམ་པ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། ནས། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་པའི་བར་ཚིགས་བཅད་ལྔས་གཞི་ཤེས་ཀྱི་ཤེས་རྣམ། ལམ་ཤེས་ཀྱི་ཤེས་རྣམ། རྣམ་མཁྱེན་གྱི་ཤེས་རྣམ་གསུམ། དེ་ཡང་གཞི་ཤེས་ཀྱི་ཤེས་རྣམ་ལ་མེད་པའི་རྣམ་
པ་ནས་མི་གཡོ་བའི་རྣམ་པའི་བར་བདེན་པ་དང་པོ་གསུམ་ལ་བཞི་བཞི་དང་། ལམ་བདེན་ལ་བཅོ་ལྔ་བཅས་ཉི་ཤུ་རྩ་བདུན། ལམ་ཤེས་ཀྱི་ཤེས་རྣམ་ལ་རྒྱུ་ཀུན་འབྱུང་། ལམ་བདེན། འབྲས་བུ་སྡུག་བསྔལ། འགོག་པ་ལ་བསྟན་པའི་ཤེས་རྣམ་རྣམས་སོ་སོར་བརྒྱད་དང་། བདུན་དང་། ལྔ་དང་བཅུ་དྲུག་སྟེ་སུམ་ཅུ་རྩ་བདུན། རྣམ་མཁྱེན་གྱི་ཤེས་རྣམ་ལ། ཉན་ཐོས་ལ་ཡོད་པ་དང་རྗེས་མཐུན་སུམ་ཅུ་རྩ་བདུན། བྱང་སེམས་ལ་ཡོད་པ་དང་རྗེས་མཐུན་སུམ་ཅུ་རྩ་བཞི། ཐུན་མོང་མིན་པ་སུམ་ཅུ་རྩ་དགུ་སྟེ་བརྒྱ་དང་བཅུ། རྣམ་རྫོགས་ཀྱི་ཆོས་གཉིས་པ་སྦྱོར་བར་བཅས་པ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། ནས། དེ་ནི་དག་པ་མཚམས་དང་བཅས། །ཞེས་པའི་བར་ཚིགས་བཅད་དྲུག་གིས་གཟུགས་སོགས་ལ་མི་གནས་པའི་སྦྱོར་བ། དེ་བཞིན་དུ་གནས་པ་བཀག་པ། ཟབ་པ། གཏིང་དཔག་དཀའ་བ། ཚད་མེད་པ། ཚེགས་ཆེན་ཡུན་རིང་རྫོགས་པ། ལུང་བསྟན་ཐོབ་པ། ཕྱིར་མི་ལྡོག་པ། ངེས་པར་འབྱུང་བ། བར་ཆད་མེད་པ། བྱང་ཆུབ་ལ་ཉེ་བ། མྱུར་བར་འཚང་རྒྱ་བ། གཞན་དོན། དོན་དམ་དུ་འཕེལ་འགྲིབ་མེད་པ། ཆོས་དང་ཆོས་མིན་སོགས་མི་མཐོང་བ། གཟུགས་སོགས་བསམ་མི་ཁྱབ་མི་མཐོང་བ། གཟུགས་སོགས་དེའི་མཚན་མར་མི་རྟོག་པ། གཟུགས་སོགས་ཀྱི་ངོ་བོར་མི་རྟོག་པ། འབྲས་བུ་ཤེར་ཕྱིན་སྦྱིན་བྱེད། རྣམ་པར་དག་པའི་ས་མཚམས་ཀྱི་སྦྱོར་བ་དང་ཉི་ཤུ། རྣམ་རྫོགས་ཀྱི་ཆོས་གསུམ་པ་ཡོན་ཏན་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་རྐང་པ་གཉིས་ཀྱིས་བདུད་ཀྱི་མཐུ་བཅོམ་པ། སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་དང་། མངོན་སུམ་དུ་མཛད་པ། བྱང་ཆུབ་དང་ཉེ་བར་འགྱུར་བ། དོན་ཆེན་པོ་ཉིད་ལ་སོགས་པ་དང་། ཡུལ་དཔྱད་པ་དང་། ཟག་མེད་ཀྱི་ཡོན་ཏན་རྫོགས་པ་དང་། སྨྲ་བའི་སྐྱེས་བུ་ཉིད་དང་། མི་ཕྱེད་པ་དང་། དགེ་རྩ་ཐུན་མོང་མ་ཡིན་པ་སྐྱེ་བ་དང་། དམ་བཅའ་སྒྲུབ་པ་དང་། འབྲས་བུ་རྒྱ་ཆེན་འཛིན་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་དང་། ཡུམ་ངེས་པར་ཐོབ་པའི་ཡོན་ཏན་དང་རྣམ་པ་བཅུ་བཞི། རྣམ་རྫོགས་ཀྱི་ཆོས་བཞི་པ་སྐྱོན་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་
བྱ། །ཞེས་རྐང་པ་གཉིས་ཀྱིས་ཚེགས་ཆེན་པོས་ཐོབ་པ་ནས། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་དགའ་བ་བསྐྱེད་པའི་བར་སྦྱོར་བའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་པ་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། འགལ་རྐྱེན་གཞན་ལ་བརྟེན་པ་རྣམ་གསུམ་སྟེ་ཁྱོན་བཞི་བཅུ་ཞེ་དྲུག །རྣམ་རྫོགས་ཀྱི་ཆོས་ལྔ་པ་མཚན་ཉིད་ནི། གང་གིས་མཚོན་ཏེ་མཚན་ཉིད་དུ། ནས། མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་པའི་བར་ཚིགས་བཅད་བཅུ་དགུས་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའམ། ཞི་ལྷག་ཟུང་འབྲེལ་གྱི་སེམས་དཔའི་རྣལ་འབྱོར་དེ་ཤེར་ཕྱིན་རྣལ་འབྱོར་གྱི་མཚན་ཉིད། དེ་ལ་ཤེས་མཚན། ཁྱད་མཚན། བྱེད་མཚན། ངོ་བོ་ཉིད་མཚན་དང་བཞི། ཐབས་ཤེས་གཉིས་པོ་རེ་རེ་ལའང་དབྱེ་ན་བརྒྱ་བདུན་ཅུ་རྩ་གསུམ་རེ་ཡོད་ཅེས་པ་ཁ་ཅིག་ལ་སྣང་། རྣམ་རྫོགས་ཀྱི་ཆོས་དྲུག་པ་ཐར་པ་ཆ་མཐུན་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། ནས། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་བར་ཚིགས་བཅད་གསུམ་གྱིས་སྐད་ཅིག་མར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ། རྣམ་རྫོགས་ཀྱི་ཆོས་བདུན་པ་ངེས་འབྱེད་ཆ་མཐུན་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། ནས། སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་པའི་བར་ཚིགས་བཅད་གསུམ་གྱིས་འདིར་བསྟན་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་སྦྱོར་ལམ་དྲོད་སོགས་བཞི། རྣམ་རྫོགས་ཀྱི་ཆོས་བརྒྱད་པ་ཕྱིར་མི་ལྡོག་པའི་རྟགས་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ནས། ཐབས་ལ་མཁས་པས་ཟབ་པ་ཡིན། །ཞེས་པའི་བར་ཚིགས་བཅད་ཉི་ཤུ་རྩ་གཉིས་ཀྱིས་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཡོན་ཏན། མཐོང་ལམ་པ་དེ་ཐོབ་པའ་ིདགེ་འདུན། སྒོམ་ལམ་པ་དེ་ཐོབ་པའི་དགེ་འདུན་གསུམ་གྱི་མཚན་ཉིད་དབྱེ་བ་སོགས་རྒྱས་པར་བསྟན། རྣམ་རྫོགས་ཀྱི་ཆོས་དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། ནས། ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་ཚིགས་བཅད་གཅིག་གིས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དག་ས་གསུམ་གྱི་ཡེ་ཤེས་སུ་བཤད། རྣམ་རྫོགས་ཀྱི་ཆོས་བཅུ་པ་ཞིང་དག་
པའི་སྦྱོར་བ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། ནས། སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་པའི་བར་ཚིགས་བཅད་གཅིག་གིས་སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་དག་པའི་སྦྱོར་བ་གཉིས། རྣམ་རྫོགས་ཀྱི་ཆོས་བཅུ་གཅིག་པ་ཐབས་མཁས་ཀྱི་སྦྱོར་བ་ནི། ཡུལ་དང་སྦྱོར་བ་ཅན་འདི་ནི། ནས། ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བདུད་བཞི་ལས་འདས་པའི། དོན་དམ་དུ་མི་གནས་ཐ་སྙད་དུ་གནས་པའི། གཞན་དོན་སྔོན་སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པ། ཐུན་མོང་མིན་པ། ཆོས་ཉིད་ལ་བདེན་འཛིན་མེད་པ། བདེན་པར་མི་དམིགས་པ། མཚན་མ་མེད་པ། སྨོན་པ་མེད་པ། ཕྱིར་མི་ལྡོག་པའི་རྟགས། ཚད་མེད་པའི་ཐབས་མཁས་སྦྱོར་བ་དང་བཅུ་བཤད་དེ་སྐབས་བཞི་པ་རྫོགས། སྐབས་ལྔ་པ་སྦྱོར་བ་བཞིའི་གཉིས་པ་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་ཡོད་པའི་དང་པོ་རྟགས་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན། ནས། རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་པའི་བར་ཚིགས་བཅད་གཅིག་གིས་རྩེ་མོའི་མངོན་རྟོགས་ཐོབ་པའི་རྟགས། རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་བལྟ་བ། དམན་པའི་ས་ལ་དགའ་བ་མེད་པ། དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ། རྫུ་འཕྲུལ་དམིགས་པ། ཆོས་སྟོན་པའི་སེམས་སྐྱེ་བ། ངན་སོང་སྤོང་བ་རྗེས་དྲན། བདེན་ཚིག་གྲུབ་པ། བྱིན་རླབས་གྲུབ་པ། བཤེས་གཉེན་བསྟེན་པ། ཤེར་ཕྱིན་ལ་སློབ་པ། མངོན་ཞེན་མེད་པ། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བ་བཅས་བཅུ་གཉིས། རྩེ་སྦྱོར་གྱི་ཆོས་གཉིས་པ་རྣམ་པར་འཕེལ་བ་ནི། འཛམ་བུ་གླིང་གི་སྐྱེ་བོ་སྙེད། ནས། རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་ཚིགས་བཅད་གཅིག་གིས་སྟོང་གསུམ་འཇིག་རྟེན་གྱི་ཁམས་སེམས་ཅན་སྙེད་ཀྱིས་སངས་རྒྱས་མཆོད་པ་བས་ལྷག་པ་ལ་སོགས་པ་བརྒྱད་དང་། རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པས་བསླབ་པ་ལ་སོགས་པ་བརྒྱད་དེ་བསོད་ནམས་གོང་འཕེལ་གྱི་གནས་སྐབས་བཅུ་དྲུག །རྩེ་སྦྱོར་གྱི་ཆོས་གསུམ་པ་ངེས་བརྟན་ནམ་བཟོད་པ་ནི། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། ནས།
བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་ཚིགས་བཅད་གཅིག་གིས་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཆུང་འབྲིང་ཆེན་པོ་གསུམ། རྩེ་སྦྱོར་གྱི་ཆོས་བཞི་པ་སེམས་ཅན་ཀུན་ཏུ་གནས་པ་ནི། གླིང་བཞི་པ་དང་སྟོང་དག་དང་། ནས། ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་ཚིགས་བཅད་གཅིག་གིས་ཐེག་ཆེན་གྱི་ཆོས་མཆོག་རྩེ་སྦྱོར་ཆུང་འབྲིང་ཆེན་པོ་དང་བཅས་པ་གསུམ། རྩེ་སྦྱོར་གྱི་ཆོས་ལྔ་པ་མཐོང་ལམ་ནི། འཇུག་པ་དང་ནི་ལྡོག་པ་ལ། ནས། ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་པའི་བར་ཚིགས་བཅད་བཅུ་དགུས་གཟུང་བའི་རྣམ་རྟོག །འཇུག་པའི་རྟེན་ཅན། ལྡོག་པའི་རྟེན་ཅན། སོ་སྐྱེའི་འཛིན་རྟོག་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་རྣམས་ཏེ་སོ་སོར་རྣམ་པ་དགུ་སྟེ་མི་མཐུན་ཕྱོགས་དང་། མཐོང་ལམ་གྱི་རྒྱུ། རྣལ་མ། རྟེན་འབྲེལ་སོགས་རང་ཡིན་པར་གྱུར་པའི་བཟོད་པ་བརྒྱད་དང་ཤེས་པ་བརྒྱད། རྩེ་སྦྱོར་གྱི་ཆོས་དྲུག་པ་སྒོམ་ལམ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། ནས། རྣམ་པ་ཀུན་ཏུ་བརྟེན་པར་བྱེད། །ཅེས་པའི་བར་ཚིགས་བཅད་བཅུ་གསུམ་གྱིས་འགོག་པ་ནས་ཐོད་རྒལ་གྱི་བར་གྱི་སྒོམ་ལམ་དང་། དེའི་མི་མཐུན་ཕྱོགས་གཟུང་རྟོག་དགུ་ཚན་གཉིས་དང་། འཛིན་རྟོག་དགུ་ཚན་གཉིས་ཏེ་བཞི། གཉེན་པོ་བཞི། རྣམ་པར་རྟོག་པ་དང་ཉོན་མོངས་པ་སོ་སོར་བརྒྱ་རྩ་བརྒྱད་རེ་སྤངས་པས་ཡོན་ཏན་ཕུན་སུམ་ཚོགས་པ་སོགས། རྩེ་སྦྱོར་གྱི་ཆོས་བདུན་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། ནས། རབ་ཏུ་སྨྲ་རྣམས་ རྒྱུད་མར་རྒོལ། །ཞེས་པའི་བར་ཚིགས་བཅད་གསུམ ་གྱིས་བསོད་ནམས་ཀྱི་དངོས་པོ་མང་པོས་མཚོན་ཏེ་བསྟན་པ་དང་། དམིགས་རྣམ་བསྟན་པ་གཉིས། རྩེ་སྦྱོར་གྱི་ཆོས་བརྒྱད་པ་ལོག་སྒྲུབ་ནི། དམིགས་པ་འཐད་དང་དེ་ཡི་ནི། ནས། རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་པའི་བར་ཚིགས་བཅད་གསུམ་གྱིས་དམིགས་པ་འཐད་པ་ལ་ལོག་པར་རྟོག་པ། དམིགས་པའི་ངོ་བོ་ཉིད་ངེས་པར་བཟུང་བ་ལ་ལོག་པར་རྟོག་པ། རྣམ་མཁྱེན་ཉིད་ཀྱི་ཡེ་ཤེས་ལ་ལོག་པར་རྟོག་པ། བདེན་གཉིས་ལ་ལོག་པར་རྟོག་པ། སྦྱོར་བ་ལ་ལོག་པར་རྟོག་པ། དཀོན་མཆོག་གསུམ་
ལ་ལོག་པར་རྟོག་པ། ཐབས་མཁས་ལ་ལོག་པར་རྟོག་པ། ཐུབ་པའི་མངོན་རྟོགས་ལ་ལོག་པར་རྟོག་པ། ཕྱིན་ཅི་ལོག་ལ་ལོག་པར་རྟོག་པ། ལམ་ལ་ལོག་པར་རྟོག་པ། མི་མཐུན་ཕྱོགས་དང་གཉེན་པོ་ལ་ལོག་པར་རྟོག་པ། ཆོས་ཀྱི་མཚན་ཉིད་ལ་ལོག་པར་རྟོག་པ། སྒོམ་པ་ལ་ལོག་པར་རྟོག་པ་དང་བཅུ་དྲུག་རྣམས་བསྟན་ཏེ་སྐབས་ལྔ་པ་རྫོགས། །སྐབས་དྲུག་པ་སྦྱོར་བ་བཞིའི་གསུམ་པ་མཐར་གྱིས་པའི་ཆོས་བཅུ་གསུམ་ནི། སྦྱིན་པ་ཤེས་རབ་བར་དག་དང་། ནས། མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་ཚིགས་བཅད་གཅིག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་སྦྱོར་བ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་སྦྱོར་བ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་སྦྱོར་བ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་སྦྱོར་བ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་སྦྱོར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་སྦྱོར་བ་དྲུག་དང་། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ། ཆོས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ། དགེ་འདུན་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ། ཚུལ་ཁྲིམས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ། གཏོང་བ་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ། ལྷ་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ། དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པའི་སྦྱོར་བ་དང་བཅུ་གསུམ་བཤད་ནས་སྐབས་དྲུག་པ་རྫོགས། སྐབས་བདུན་པ་སྦྱོར་བ་བཞིའི་ཕྱི་མ་སྐད་གཅིག་མའི་སྦྱོར་བ་ལ་ཆོས་བཞི་ཡོད་པའི་དང་པོ་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། ནས། སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་རྣམ་པར་སྨིན་པ་མ་ཡིན་པ་ཟག་མེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པ། སྐད་ཆོས་གཉིས་པ་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། ནས། དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་ཚིགས་བཅད་གཅིག་གིས་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ། སྐད་ཆོས་གསུམ་པ་ནི། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། ནས། སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་
ཚིགས་བཅད་གཅིག་གིས་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ། སྐད་ཆོས་བཞི་པ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད། ནས། དེ་ཉིད་སྐད་གཅིག་ཅིག་གིས་མཐོང་། །ཞེས་ཚིགས་བཅད་གཅིག་གིས་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞི་བཤད་དེ་སྐབས་བདུན་པ་རྫོགས། །སྐབས་བརྒྱད་པ་འབྲས་བུ་ཆོས་སྐུ་བཤད་པ་ལ་ཆོས་བཞི་ཡོད་པའི་དང་པོ་ངོ་བོ་ཉིད་སྐུ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་ཚིགས་བཅད་གཅིག་གིས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་གི་དབྱིངས་རང་བཞིན་རྣམ་དག་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས། གཉིས་པ་ཆོས་སྐུ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་བར་ཚིགས་བཅད་ལྔས་བྱང་ཕྱོགས་སོ་བདུན། ཚད་མེད་བཞི། རྣམ་ཐར་བརྒྱད། མཐར་གྱིས་སྙོམས་འཇུག་དགུ། ཟད་པར་གྱི་ཏིང་འཛིན་བཅུ། ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད། ཉོན་མོངས་མེད་པ། སྨོན་ནས་མཁྱེན་པ། མངོན་ཤེས་དྲུག །སོ་སོར་ཡང་དག་རིག་པ་བཞི། རྣམ་པ་ཐམས་ཅད་ཡོངས་སུ་དག་བཞི། དབང་བཅུ། སྟོབས་བཅུ། མི་འཇིགས་པ་བཞི། བསྲུང་བ་མེད་པ་རྣམ་གསུམ། དྲན་པ་ཉེར་བཞག་རྣམ་གསུམ། བསྙེལ་བ་མི་མངའ་བའི་ཆོས་ཉིད། སྒྲིབ་གཉིས་ཀྱི་བག་ཆགས་ཡང་དག་པར་བཅོམ་པ། སྐྱེ་བོ་ཐམས་ཅད་ལ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། རྣམ་པ་ཐམས་ཅད་མཁྱེན་པ་སྟེ་སྡེ་ཚན་ཉེར་གཅིག །ཉན་ཐོས་ཉོན་མོངས་མེད་པའི་ལྟ། ནས། རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་པའི་བར་ཚིགས་བཅད་ལྔས་ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་འཛིན་དང་། སྨོན་ནས་ཤེས་པ་བས་སངས་རྒྱས་ཀྱི་དེ་གཉིས་ཁྱད་པར་དུ་འཕགས་པ་དང་། མཛད་པ་རྒྱ་ཆེ་བས་ཁྱབ་པ་དང་ཟད་པ་མེད་པས་རྟག་པ་ལ་སོགས་པ་བསྟན། གསུམ་པ་ལོངས་སྐུ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང་། ནས། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པའི་བར་ཚིགས་བཅད་ལྔས་མཚན་བཟང་སུམ་ཅུ་རྩ་གཉིས་
དང་། འདི་ལ་མཚན་ནི་གང་གང་གིས། ནས། མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་པའི་བར་ཚིགས་བཅད་གསུམ་གྱིས་མཚན་བཟང་གི་རྒྱུ། ཐུབ་པའི་སེན་མོ་ཟངས་མདོག་དང་། ནས། སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པའི་བར་ཚིགས་བཅད་བཅུ་གཉིས་ཀྱིས་དཔེ་བྱད་བརྒྱད་ཅུ་སྟེ་བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི་བདག་ཉིད་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་པ་ལོངས་སྐུ། བཞི་པ་སྤྲུལ་སྐུ་ནི། གང་གིས་སྲིད་པ་ཇི་སྲིད་བར། ནས། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་པའི་བར་ཚིགས་བཅད་གཅིག་གིས་འཁོར་བ་ཇི་སྲིད་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་འདོད་པའི་དོན་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱི་སྤྲུལ་པའི་སྐུ་བཟོ། སྐྱེ་བ། མཆོག་གི་སྤྲུལ་སྐུ་དང་གསུམ། དེ་བཞིན་འཁོར་བ་ཇི་སྲིད་འདིའི། ནས། རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པའི་བར་ཚིགས་བཅད་བདུན་གྱིས་སངས་རྒྱས་ཀྱི་འཕྲིན་ལས། རང་གི་བདག་རྐྱེན་དུ་གྱུར་པའི་ཡེ་ཤེས་ཆོས་སྐུ་ལ་བརྟེན་ནས་རྣམ་དཀར་གྱི་ཡོན་ཏན་དེ་མཚན་ཉིད། རྩ་བའི་སྒོ་ནས་དབྱེ་ན། བྱ་བ་ཡུལ་ལ་ཡོད་པ་དང་། བྱེད་པ་པོ་རང་ལ་ཡོད་པ་གཉིས། ཡན་ལག་གི་སྒོ་ནས་དབྱེ་ན། འགྲོ་རྣམས་ཞི་བའི་ལས་ལ་འགོད་པའི་སངས་རྒྱས་ཀྱི་ཕྲིན་ལས་ནས། མྱང་འདས་ལ་འགོད་པའི་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་བར་ཉི་ཤུ་རྩ་བདུན། ས་མཚམས་མ་ཐ་ལམ་མ་ཞུགས་ནས་ཡ་ཐ་སངས་རྒྱས་ཀྱི་སའི་བར། འཇུག་ཡུལ་རྒྱ་ཆེ་བ་དང་རྒྱུན་མི་ཆད་པ་གཉིས་ཀྱི་སྒོ་ནས་གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པར་འབད་མེད་ལྷུན་གྲུབ་ཏུ་འཇུག །ཡུན་ཚད་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འཇུག་ཡུལ་གྱི་གདུལ་བྱའི་རྒྱུད་ལ་འཇུག་ཅིང་གནས་པར་བསྟན་ཏེ་སྐབས་བརྒྱད་པ་རྫོགས་པའོ།། །།
གཉིས་པ་དེ་ཇི་ལྟར་འཆད་པའི་ཚུལ་ལ། དགོས་དོན། བསྡུས་དོན། མཚམས་སྦྱར། བརྒལ་ལན་ཏེ་ཡན་ལག་ལྔའི་སྒོ་ནས་འཆད་དེ། ཉན་པ་པོ་སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་དགོས་དོན། དེ་འགྲུབ་པའི་ཡན་ལག་ཏུ་བསྡུས་དོན། དེ་དག་གཏན་ལ་འབེབས་པའི་ཡན་ལག་ཏུ་ཚིག་དོན། དེ་ཡང་སྔ་ཕྱི་འབྲེལ་ཆགས་སུ་གོ་བའི་ཡན་ལག་ཏུ་མཚམས་སྦྱར་དང་། དེ་དག་འགལ་མེད་ཏུ་གོ་བའི་ཡན་ལག་ཏུ་བརྒལ་ལན་ཏེ་ལྔའི་སྒོ་ནས་སྟོན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་རྣམ་བཤད་རིག་པར། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་སོ། །གསུམ་པ་གཞུང་གི་དོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམ་བྱ་གཞུང་གི་རང་བཞིན། བཤད་པ་རྫོགས་པའི་བྱ་བ་དང་གསུམ། དང་པོ་ལ་གཉིས་ཏེ། གདུལ་བྱ་དང་བ་བསྐྱེད་པའི་ཡན་ལག་ཏུ་མཆོད་པར་བརྗོད་པ་ནི། ཉན་ཐོས་ཞི་བ་འཚོལ་རྣམས། ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་བསྟོད་ཕྱག་མཛད་པའི་ཡུལ་ནི། མཁྱེན་གསུམ་གྱི་ཡོན་ཏན་མངའ་བའི་འབྲས་ཡུམ་ཡིན་ལ། དེ་ལ་མཁྱེན་གསུམ་གྱི་ཡོན་ཏན་ཇི་ལྟར་ཡོད་ཅེ་ན། གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་མཁྱེན་པ་དང་། ཐེག་པ་གསུམ་ཀའི་ཡོན་ཏན་ཡར་ལྡན་དུ་ཡོད་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ན་ཡུམ་འདི་ལ་ཡོན་ཏན་གཞན་ཡང་ཡོད་མོད། མཁྱེན་གསུམ་ཁོ་ནའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་ཕྱག་མཛད་པ་ཅི་ཞེ་ན། མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་ཀའི་ཡོན་ཏན་བསྡུས་པའི་རྒྱུ་མཚན་གྱིས་སོ། །འོ་ན་རྣམ་མཁྱེན་གཅིག་པུའི་སྒོ་ནས་བསྟོད་པར་རིགས་སོ་ཞེ་ན། མ་ཡིན་ཏེ། ཉན་རང་གི་རིགས་ཅན་དང་། མཉན་པ་ལྟ་བུ་དང་། རྫི་བོ་ལྟ་བུའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཡུམ་འདི་ལ་དད་པར་མི་འགྱུར་བའི་ཕྱིར་རོ། །དེས་ན་ཡུམ་འདི་ལ་གཞི་ཤེས་ཀྱི་ཡོན་ཏན་མངའ་བར་བསྟོད་པས་ཉན་རང་རྣམས་དེ་ལ་དང་བ་སྐྱེས་ནས་
ཉེར་ཞི་རྣམ་པ་གཉིས་ཐོབ་པར་མཛད་པ་དང་། ལམ་ཤེས་ཀྱི་དེ་མངའ་བའི་སྒོ་ནས་བསྟོད་པས་ནི། མཉན་རྫི་ལྟ་བུར་སེམས་བསྐྱེད་པའི་བྱང་སེམས་རྣམས་དེ་ལ་དང་བའི་སྒོ་ནས་བག་ལ་ཉལ་མི་སྤོང་བའི་ཐབས་ཀྱིས་སྲིད་པར་སྐྱེ་བ་བླངས་ཏེ་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་པ་དང་། རྣམ་མཁྱེན་གྱི་ཡོན་ཏན་མངའ་བར་བསྟོད་པ་ནི། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་པའི་བྱང་སེམས་རྣམས་དེ་ལ་དང་བ་སྐྱེས་ནས། དེ་སྟོན་པའི་གསུང་རབ་ལ་རིམ་གྱིས་ཞུགས་ཏེ། སངས་རྒྱས་པའི་མཛད་པས་གདུལ་བྱ་ལ་ཆོས་འཁོར་བསྐོར་བར་མཛད་པའོ། །སྐབས་འདིར་མཆོད་ཡུམ་ལ། མཚན་གཞི། མཚན་ཉིད། གྲངས་ངེས་པ། གོ་རིམ་ངེས་པ། ཡུམ་སྲས་ཀྱི་དོན་ལ་དཔྱད་པ་དང་དྲུག །དང་པོ་ནི། ཐེག་ཆེན་གྱི་ལམ་ལྔ་དང་། ཐེག་དམན་འཕགས་པའི་མཁྱེན་པ་རྣམས་མཆོད་ཡུམ་ཡིན་ཏེ། རྗེ་བཙུན་གྱི་བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་དངོས་བརྒྱད་གང་རུང་གྱུར་པའི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། མཆོད་བརྗོད་ཀྱི་སྐབས་སུ་ཡུམ་དུ་བཤད་པ་དེ་ཉིད་ལུས་རྣམ་བཞག་གི་སྐབས་སུ་ཤེར་ཕྱིན་གྱི་སྒྲས་སྨོས་ཏེ་དངོས་བརྒྱད་ཀྱི་སྒོ་ནས་བཤད་པའི་ཕྱིར། གཉིས་པ་ལ་དངོས་དང་། ཀླན་ཀ་སྤངས་པ་གཉིས། དང་པོ་ནི། རྗེ་བཙུན་བྱམས་མགོན་གྱིས་བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་དངོས་བརྒྱད་ཀྱི་ནང་ཚན་ཡང་ཡིན། རང་སྲས་འཕགས་པའི་ཟག་མེད་ཀྱི་ཕུང་པོ་ཕྱི་མ་སྐྱེད་བྱེད་དང་། བཞེད་དོན་སྒྲུབ་བྱེད་གང་རུང་དུ་གྱུར་པའི་མཁྱེན་པ། གཉིས་པ་ནི། ཉན་ཐོས་མཐོང་ལམ་པ་ཆོས་ཅན། སྲས་འཕགས་པ་མ་ཡིན་པར་ཐལ། རང་རྒྱུ་མཆོད་ཡུམ་ལས་མ་བྱུང་བའི་ཕྱིར། རྟགས་ཁས་ཟེར་ན། ཐེག་ཆེན་སེམས་བསྐྱེད་ཐོབ་མ་ཐག་པའི་བྱང་སེམས་ཆོས་ཅན། རྒྱལ་བའི་སྲས་མ་ཡིན་པར་ཐལ། རང་རྒྱུ་རྒྱལ་བའི་ཡུམ་ལས་མ་བྱུང་བའི་ཕྱིར། གཞན་ཡང་རྣམ་མཁྱེན་སྐད་ཅིག་དང་པོ་ཆོས་ཅན། མཐར་ཐུག་གི་མཁྱེན་པ་མ་ཡིན་པར་ཐལ། ངོ་བོ་ཉིད་སྐུ་མངོན་སུམ་དུ་རྟོགས་ཟིན་སྒོམ་པའི་ལམ་སྔོན་སོང་མ་ཡིན་པའི་ཕྱིར། ཁྱབ་པ་རིམ་བཞིན་ཁས། མ་གྲུབ་ན། སློབ་
ལམ་ན་ངོ་བོ་ཉིད་སྐུ་རྟོགས་ཟིན་སྒོམ་པར་བྱེད་པའི་ལམ་ཡོད་པར་འགྱུར་རོ། །གསུམ་པ་ལ། མཚན་གཞིའི་སྒོ་ནས། རྟེན་གྱི་གང་ཟག་གི་སྒོ་ནས། བྱེད་ལས་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། ཡུམ་གཞི་ཤེས། ལམ་ཤེས། རྣམ་མཁྱེན་དང་གསུམ། མཚན་ཉིད་རིམ་བཞིན། གཞི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་ རྒྱུད་ལྡན་གྱི་འཕགས་པའི་བཞེད་དོན་གཙོ་བོར་སྒྲུབ་པའི་མཁྱེན་པ། ལམ་གསུམ ་བདེན་པའི་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་ཐེག་ཆེན་སྐྱེས་བུའི་བཞེད་དོན་གཙོ་བོར་སྒྲུབ་པའི་མཁྱེན་པ། རྣམ་པ་བདེན་པའི་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་སྒོ་ནས་རང་རྒྱུད་ལྡན་གྱི་སངས་རྒྱས་འཕགས་པས་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ། གཉིས་པ་ལ་ཉན་ཐོས་འཕགས་པའི། རང་རྒྱལ་འཕགས་པའི། བྱང་སེམས་འཕགས་པའི། སངས་རྒྱས་འཕགས་པའི་མཆོད་ཡུམ་དང་བཞི། མཚན་ཉིད་རིམ་བཞིན། མཆོད་ཡུམ་གང་ཞིག །རང་རྒྱུད་ལྡན་གྱི་ཉན་ཐོས་འཕགས་པའི། རང་རྒྱལ། བྱང་སེམས། སངས་རྒྱས་འཕགས་པའི་བཞེད་དོན་གཙོ་བོར་སྒྲུབ་པའི་རིགས་སུ་གནས་པའི་མཁྱེན་པ། མཚན་ཉིད་ཕྱི་མ་གཉིས་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེའི་སྐྱེད་བྱེད་ཀྱི་ཡུམ་ཡིན་པའི་ཕྱིར་ཞེ་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། བྱང་སེམས་ཀྱི་ས་ཡིན་པར་ཐལ། དེའི་མོས་སྤྱོད་ཀྱི་ས་ཡིན་པའི་ཕྱིར། ཁྱབ་པ་ཁས། དེས་ན་རྣམ་མཁྱེན་སྐད་ཅིག་དང་པོའི་ཡུམ་ཡིན་ན། སངས་རྒྱས་འཕགས་པའི་མཆོད་ཡུམ་མ་ཡིན་པས་ཁྱབ་བོ། །གསུམ་པ་ལ། དབྱེ་བ་སོ་སོའི་རང་བཞིན་དང་། ནང་ཕན་ཚུན་འགལ་མི་འགལ་ལ་དཔྱད་པ་གཉིས། དང་པོ་ལ། སྐྱེད་བྱེད་ཀྱི་ཡུམ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས། མཚན་ཉིད་རིམ་བཞིན། མཆོད་ཡུམ་གང་ཞིག །རང་སྲས་འཕགས་པ་ཕྱི་མའི་ཟག་མེད་ཀྱི་ཕུང་པོ་གཙོ་བོར་སྐྱེད་པར་བྱེད་པའི་རིགས་སུ་གནས་པ། རང་དང་ལྷན་ཅིག་པའི་འཕགས་པའི་བཞེད་དོན་གཙོ་བོར་སྒྲུབ་པའི་རིགས་སུ་གནས་པའི་མཁྱེན་པ། གཉིས་པ་ནི། སྤྱིར་
དེ་གཉིས་མི་འགལ་ཏེ། བྱང་སེམས་ཀྱི་མཐོང་ལམ་དེ་གཉིས་ཀའི་གཞི་མཐུན་ཡིན་པ་བཞིན་ནོ། །རྟེན་གྱི་གང་ཟག་གཅིག་ལ་ལྟོས་ན་འགལ་ཏེ། བྱང་སེམས་མཐོང་ལམ་པ་ལྟ་བུའི་སྐྱེད་བྱེད་ཀྱི་ཡུམ་ཡིན་ན། དེའི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་མ་ཡིན་པ་བཞིན་ནོ། །བཞི་པ་ལ། སྤྱིར་བསྟན་པ་དང་། བསྡུས་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མཆོད་བརྗོད་ཀྱི་སྐབས་འདིར་མཁྱེན་གསུམ་ལ་དངོས་སུ་བསྟོད་པའི་རྒྱུ་མཚན་ཡོད་དེ། དེ་ལ་བསྟོད་པས་མངོན་པར་རྟོགས་པ་བརྒྱད་ཀ་ལ་བསྟོད་པར་འགྱུར་པའི་ཕྱིར་ཏེ། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ། ཞེས་སོགས་གསུངས་སོ། །གཉིས་པ་ནི་སྡུད་བྱེད་མཁྱེན་གསུམ་གྱིས་བསྡུ་བྱ་དངོས་པོ་བརྒྱད་བསྡུས་པའི་ཚུལ་ལ། གཞི་ཤེས་ཀྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་རྣམས་དང་། ལམ་ཤེས་ཀྱིས་ལམ་གསུམ་བདེན་པའི་སྐྱེ་མེད་དུ་རྟོགས་པའི་མཁྱེན་པ་རྣམས་དང་། རྣམ་མཁྱེན་གྱིས་རྣམ་པ་བདེན་པའི་སྐྱེ་མེད་དུ་རྟོགས་པ་མཐར་ཐུག་པའི་མཁྱེན་པ་རྣམས་རང་གི་མཚན་ཉིད་ཚང་བའི་ཚུལ་གྱིས་བསྡུས། དེ་དག་ཀྱང་བྱང་འཕགས་ཀྱི་སྦྱོར་བ་རང་གི་ངོ་བོ་དང་། བྱང་སེམས་སོ་སྐྱེའི་སྦྱོར་བ་རང་གི་རྒྱུ་ཡིན་པའི་ཚུལ་གྱིས་བསྡུས། རྟོགས་པ་ཡེ་ཤེས་ཆོས་སྐུ་རང་གི་ངོ་བོ་དང་། གཟུགས་སྐུ་གཉིས་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་དང་། ངོ་བོ་ཉིད་སྐུ་ཡོན་ཏན་ཡིན་པའི་ཚུལ་གྱིས་བསྡུས་པ་ཡིན་ནོ། །ལྔ་པ་ནི། གལ་ཏེ་མཆོད་བརྗོད་ཀྱི་སྐབས་འདིར། གཞི་ལམ་རྣམ་གསུམ་གོ་རིམ་འདི་ལྟར་འཆད་པ་མི་འཐད་དེ། བསྟན་བཅོས་ལུས་ཀྱི་གོ་རིམ་དང་མི་མཐུན་པའི་ཕྱིར་སྙམ་ན་སྐྱོན་མེད་དེ། མཆོད་བརྗོད་ནི་གླེང་གཞིའི་འགྲེལ་པ་ཡིན་ཞིང་། གླེང་གཞིའི་གོ་རིམ་དང་མཐུན་པ་གསུངས་པའི་ཕྱིར་ཏེ། ཇོ་བོ་རྗེས། གླེང་གཞི་རྒྱས་པ་བཀའ་སྩལ་དོན་མཆོག་རྣམས། །ལེགས་པར་སྦྱར་བ་ཕྱག་འཚལ་ཚིགས་བཅད་ཡིན། །ཞེས་སོ། །དྲུག་པ་ལ། སྐྱེད་བྱེད་ཀྱི་ཡུམ་སྲས་སུ་འགྱུར་ཚུལ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་སྲས་སུ་འགྱུར་ཚུལ་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། བྱང་སེམས་ཀྱི་སྐྱེད་བྱེད་ཀྱི་
ཡུམ་སྲས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མཆོད་ཡུམ་གྱིས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་རང་སྲས་འཕགས་པའི་ཟག་མེད་ཀྱི་ཕུང་པོ་སྐྱེད་པར་བྱེད་པའི་ཆ་ནས་ཡུམ་སྲས་སུ་འཇོག་པ་ཡིན་ཏེ། དཔེར་ན་ཉན་ཐོས་ཀྱི་མཐོང་ལམ་ཉན་ཐོས་སྒོམ་ལམ་པའི། བྱང་སེམས་ཀྱི་སྦྱོར་ལམ་བྱང་སེམས་མཐོང་ལམ་པའི། རྒྱུན་མཐའི་ཡེ་ཤེས་སངས་རྒྱས་འཕགས་པའི་སྐྱེད་བྱེད་ཀྱི་ཡུམ་ཡིན་པ་བཞིན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་གདུང་གསོབ་པར་ནུས་པའི་སྲས་བྱང་སེམས་འཕགས་པ་བསྐྱེད་པ་ལ་ཁྱད་ཆོས་བཞི་ལྡན་གྱི་ཡུམ་སྔོན་དུ་འགྲོ་དགོས་ཏེ། ས་བོན་དང་མཚུངས་པའི་ཐེག་ཆེན་གྱི་ཆོས་ལ་མོས་པའི་སེམས་བསྐྱེད་མ་དང་མཚུངས་པའི་དེ་ཉིད་ཀྱི་རྟེན་བྱེད་པའི་སྟོང་ཉིད་རྟོགས་པའི་ཤེས་རབ། མངལ་དང་མཚུངས་པའི་དེ་ཉིད་མི་ཉམས་ཤིང་འཕེལ་བར་བྱེད་པའི་བསམ་གཏན་གྱི་བདེ་བ། མ་མ་དང་མཚུངས་པའི་རྒྱུ་དེ་ལས་བྱུང་བའི་བྱང་སེམས་ཀྱི་སྤངས་རྟོགས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་སྙིང་རྗེ་ཁྱད་པར་ཅན་དང་བཞི་ཚང་དགོས་པའི་ཕྱིར་ཏེ། རྒྱུད་བླ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་བསྐྱེད་སྲས། །ཞེས་དང་། མདོ་སྡེ་རྒྱན་ལས། ཆོས་ལ་མོས་པ་ས་བོན་དང་། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བའི་མངལ། །སྙིང་རྗེས་བསྐྱེད་པའི་མ་མའོ། །ཞེས་སོ། །གཉིས་པ་ལ། ཐེག་དམན་དང་། ཐེག་ཆེན་གྱི་ཡུམ་སྲས་སུ་འགྱུར་ཚུལ་གཉིས། དང་པོ་ནི། ཐེག་དམན་སློབ་པའི་མངོན་རྟོགས་ཀྱིས་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་ཉེར་ཞི་གཉིས་སུ་ཁྲིད་པའི་སྒོ་ནས་དང་། ཐེག་དམན་མི་སློབ་པའི་མངོན་རྟོགས་ཀྱིས་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་གིས་ཉོན་མོངས་པ་སྤངས་པའི་རྣམ་གྲོལ་ལམ་གྱི་བདེ་བ་དེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་སྒོ་ནས་བཞེད་དོན་སྒྲུབ་པ་ཡིན་ཏེ། ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །ཞེས་སོ། །གཉིས་པ་ནི། རྒྱུ་ལམ་ཤེས་
ཀྱིས་རང་རྒྱུད་ལྡན་གྱི་བྱང་སེམས་ཀྱིས་ཇི་ལྟར་བཞེད་པའི་འཇིག་རྟེན་གྱི་དོན་སྒྲུབ་པའི་སྒོ་ནས་དང་། རྣམ་མཁྱེན་གྱིས་རང་རྒྱུད་ལྡན་གྱི་སངས་རྒྱས་འཕགས་པས་གདུལ་བྱ་རང་རང་གི་བློ་དང་འཚམས་པའི་ཆོས་འཁོར་བསྐོར་བའི་བདག་རྐྱེན་དངོས་སུ་མཛད་པའི་སྒོ་ནས་བཞེད་དོན་སྒྲུབ་པ་ཡིན་ཏེ། ལམ་ཤེས་ཉིད་ཀྱི་ཞེས་སོགས་དང་། གང་དང་ཡང་དག་ཅེས་སོགས་གསུངས་པའི་ཕྱིར་རོ། །༈ ཞར་བྱུང་ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་ཞེས་པས་དེ་ལ་རྟེན་གྱི་གང་ཟག་དང་། འབྲས་བུ་མྱང་འདས་བཤད་པ་གཉིས་ལས། དང་པོ་ལ་སྤྱི་དང་། འདིར་བསྟན་གྱི་ཉན་ཐོས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། ཉན་ཐོས་ཀྱི་ལམ་ལྔ་གང་རུང་ལ་གནས་པའི་རྟོགས་པ་རྒྱུད་ལ་སྐྱེས་པའི་ཉན་ཐོས། སངས་རྒྱས་དང་བྱང་སེམས་ཉན་ཐོས་ཀྱི་ཚུལ་བཟུང་བ་ཤཱ་རིའི་བུ་ལྟ་བུ་སྤྲུལ་པའི་ཉན་ཐོས། ཐེག་ཆེན་གྱི་སྐྱེས་བུ་ཐ་སྙད་ཀྱི་གྲུབ་མཐའ་ཉན་ཐོས་ལྟར་ཞལ་གྱིས་བཞེས་པ་ཡོན་ཏན་འོད་ལྟ་བུ་ལྟ་བ་ཁས་ལེན་གྱི་ཉན་ཐོས་དང་གསུམ་སྟེ། དམ་ཆོས་པད་དཀར་ལས། མགོན་པོ་བདག་ཅག་དེ་རིང་ཉན་ཐོས་འགྱུར། །བྱང་ཆུབ་དམ་པ་ཡང་དག་བསྙད་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་འཇུག །དེ་བས་བདག་ཅག་ཉན་ཐོས་མེ་ཟད་འདྲ། །ཞེས་སོ། །ཕྱི་མ་གཉིས་ཀྱི་དགོས་པ་ནི། ཐེག་དམན་ལ་མོས་པའི་གང་ཟག་ཐེག་ཆེན་ལ་ཁ་དྲང་བའི་ཆེད་ཡིན་ཏེ། སྔ་མ་ལས། ཐེག་པ་རླབས་པོ་ཆེ་ནི་བསྒྲག་འགྱུར་ཞིང་། །འདི་ན་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་སོ། །དེས་ན་འདི་གཉིས་ཉན་ཐོས་བཏགས་པ་བ་ཡིན་ཏེ། ཐེག་ཆེན་སེམས་བསྐྱེད་རྒྱུད་ལྡན་ཡིན་པའི་ཕྱིར། རང་རྒྱལ་ལ་རྣམ་པར་ཐར་པ་ཅུང་ཟད་ཅིག་གིས་ལྷག་པ། ཞེས་པ་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་ཐར་གྱིས་ལྷག་པའི་ཕྱིར་ཏེ། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། ཞེས་བཤད་པའི་ཕྱིར་རོ། །
གཉིས་པ་ནི། ཤེར་ཕྱིན་གྱི་རྟོགས་པ་དངོས་སུ་སྐྱེ་བའི་སྣོད་རུང་དུ་གྱུར་པའི་ཉན་ཐོས་མ་ངེས་པའི་རིགས་ཅན་དང་། ཉན་ཐོས་ཀྱི་མིང་ཅན་གྱི་ཐེག་ཆེན་གྱི་སྐྱེས་བུ་གཉིས་གླེང་གཞིའི་སྐབས་ནས་དངོས་བསྟན་གྱི་ཉན་རང་གི་མིང་གིས་བཏགས་པའི་གང་ཟག་དང་། བྱང་སེམས་རྣམས་ནི་སྟོན་པ་ལ་ཤེར་ཕྱིན་གྱི་མདོ་དངོས་སུ་ཉན་པ་ལ་ལྷགས་པའི་གང་ཟག་ཡིན་པའི་ཕྱིར། གཉིས་པ་ལ། མཚན་གཞི། མཚན་ཉིད། དབྱེ་བ་དང་གསུམ། དང་པོ་ནི། ཐེག་པ་ཆེ་ཆུང་གང་རུང་གི་མི་སློབ་པའི་རྒྱུད་ཀྱི་འགོག་བདེན་དང་མྱང་འདས་དོན་གཅིག །འོ་ན་རྒྱུད་བླ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་གསུངས་པས། ཐེག་དམན་མི་སློབ་པའི་འགོག་བདེན་མྱང་འདས་སུ་མི་འཐད་དོ་ཞེ་ན་སྐྱོན་མེད་དེ། དེ་ནི་སྒྲིབ་གཉིས་ཟད་པར་སྤངས་པའི་མྱང་འདས་ལ་དགོངས་པའི་ཕྱིར་རོ། །གཉིས་པ་ནི། དགག་གཞི་སེམས་རྒྱུད་ཀྱི་སྟེང་དུ་འགོག་བྱེད་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་མི་སློབ་པའི་ རྒྱུད་ཀྱི་སོ་སོར་བརྟགས་འགོག ། གསུམ ་པ་ལ། ཐེག་དམན་དང་། ཐེག་ཆེན་གྱི་མྱང་འདས་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། ལྷག་མེད་མྱང་འདས་ཀྱི་འདོད་ཚུལ་ལ་དཔྱད་པ་དང་གསུམ། དང་པོ་ནི། ཐེག་དམན་མི་སློབ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག །གཉིས་པ་ལ། ཐེག་དམན་གྱི་ལྷག་བཅས་དང་། ལྷག་མེད་གཉིས། མཚན་ཉིད་རིམ་བཞིན། རང་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ཕུང་པོའི་ལྷག་མ་དང་བཅས་པའི་ཐེག་དམན་མི་སློབ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་དང་། དེ་ཉིད་ཟད་པར་སྤངས་པའི་ཐེག་དམན་མི་སློབ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག །གསུམ་པ་ལ། ཉན་ཐོས་སྡེ་གཉིས་དང་སེམས་ཙམ་པའི་ལུགས་ལ། ཐེག་དམན་དགྲ་བཅོམ་པ་སྐུ་ཚེའི་འདུ་བྱེད་བཏང་སྟེ། སྔར་གྱི་ལུས་སེམས་ཀྱི་རིགས་འདྲ་དོར་ནས་འགོག་པ་འབའ་ཞིག་ཡན་གར་དུ་གནས་པ་ལ་ལྷག་མེད་མྱང་འདས་སུ་འདོད།
ཐེག་ཆེན་དབུ་མའི་ལུགས་ལ། ཉན་ཐོས་སློབ་པའི་ལུས་རྟེན་གྱི་རིགས་འདྲ་དོར་ནས། མ་རིག་བག་ཆགས་ཀྱི་སས་རྐྱེན་བྱས། ཟག་པ་མེད་པའི་ལས་ཀྱིས་རྒྱུ་བྱས་པ་ལས་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་པའི་ཐེག་དམན་དགྲ་བཅོམ་པའི་འགོག་བདེན་ལ་ལྷག་མེད་མྱང་འདས་སུ་འདོད་དོ། །འོ་ན་དེ་དག་ཐེག་ཆེན་ལ་ཇི་ལྟར་འཇུག་ཅེ་ན། ཟག་མེད་ཀྱི་ཏིང་ངེ་འཛིན་ལ་ཡུན་རིང་དུ་མཉམ་པར་བཞག་པ་ལ་སངས་རྒྱས་ཀྱི་འོད་ཟེར་གྱིས་སད་པར་བྱས་ཏེ། སངས་རྒྱས་ཀྱི་མཛད་སྤྱོད་ལ་དམིགས་པའི་དད་པ་དང་། སེམས་ཅན་གྱི་སྡུག་བསྔལ་བསལ་འདོད་ཀྱི་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཚོགས་གཉིས་གསོག་པར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཇི་སྲིད་སངས་རྒྱས་མ་བསྐུལ་བར། །དེ་སྲིད་ཡེ་ཤེས་ལུས་སྔོན་ཅན། །ཏིང་འཛིན་མྱོས་པས་བརྒྱལ་འགྱུར་ཏེ། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱི་སྐུ། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པའི་མཚན་ཉིད། སྒྲིབ་གཉིས་ཟད་པར་སྤངས་པའི་སོ་སོར་བརྟགས་འགོག །དེ་དང་མི་གནས་པའི་མྱང་འདས། ངོ་བོ་ཉིད་སྐུ། སྤོང་བ་ཆེན་པོ་རྣམས་མིང་གི་རྣམ་གྲངས་ཡིན། དབྱེ་བ། གཟུགས་སྐུ་གཉིས་ཀྱི་མྱང་འདས་གཉིས་སོ། །༈ རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ། ཞེས་སོགས་ཀྱི་སྐབས་སུ་ཆོས་འཁོར་ལ། བྱེ་སྨྲའི་ལུགས་དང་། ཐེག་ཆེན་གྱི་ལུགས་གཉིས། དང་པོ་ལ། ལུང་རྟོགས་ཀྱི་ཆོས་འཁོར་གཉིས། དང་པོ་ལ། ངོ་བོ་ནི། བདེན་བཞིའི་ཆོས་འཁོར་ཙམ་དུ་ངེས་པར་འདོད། ཇི་ལྟར་སྐོར་ཚུལ། བཟླས་པ་གསུམ་དང་། རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་བསྐོར་བར་འདོད་ཅིང་། བཟླས་པ་གསུམ་ནི། ངོ་བོ་ལ་བཟླས་པ། བྱེད་པ་ལ་བཟླས་པ། བྱ་བ་འབྲས་བུ་ལ་བཟླས་པ་གསུམ། མཚན་གཞི་རིམ་བཞིན། བདེན་བཞིའི་ངོ་བོ་ཙམ་སྟོན་པའི་འདུལ་བ་ལུང་གི་མདོ། སྡུག་བསྔལ་ཤེས་བྱ་ལ་སོགས་པར་སྟོན་པའི་འདུལ་བ་ལུང་གི་མདོ། སྡུག་བསྔལ་ཤེས་པར་བྱས་ཟིན་སོགས་མི་སློབ་ལམ་གྱི་དབང་དུ་བྱས་ནས་གསུངས་པའི་
འདུལ་བ་ལུང་གི་མདོ་ལྟ་བུའོ། །རྣམ་པ་བཅུ་གཉིས་ནི། སྡུག་བསྔལ་བདེན་པའི་ངོ་བོ་ལ་བཟླས་པའི་ཚེ། རིག་པ། བློ། མིག །ཤེས་པ་སྐྱེ་བ་དང་བཞི། དེ་བཞིན་དུ་སྡུག་བདེན་གྱི་བྱེད་པ་ལ་བཞི། བྱ་བ་འབྲས་བུ་ལ་བཞི་སྟེ་བཅུ་གཉིས། དེ་བཞིན་དུ་ཀུན་འབྱུང་། འགོག་པ། ལམ་ལ་ཡང་བཅུ་གཉིས་བཅུ་གཉིས་ཏེ་བཞི་བཅུ་རྩ་བརྒྱད་ཡོད་ཀྱང་བཅུ་གཉིས་ཚན་དུ་ཆོས་མཐུན་པས་ན་རྣམ་པ་བཅུ་གཉིས་ཞེས་བྱ་སྟེ། གནས་བདུན་ལ་མཁས་པའི་དགེ་སློང་བཞིན་ནོ། །གནས་བདུན་ནི། གཟུགས་ཀྱི་ཕུང་པོའི་ཡན་ལག་དང་། ཀུན་འབྱུང་དང་། འགོག་པ་དང་། འགོག་པར་འགྲོ་བའི་ལམ་དང་། རོ་མྱང་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་ཤེས་ལ། ཕུང་པོ་གཞན་བཞི་ཡང་དེ་བཞིན་དུ་ཤེས་པས་བདུན་ཚན་ལྔའོ། །མདོ་སྡེ་པ་ལྟར་ན། བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་མིང་གི་རྣམ་གྲངས་སུ་འདོད་དེ། བདེན་བཞིའི་ངོ་བོ། བྱེད་པ། བྱ་བ་འབྲས་བུ་གསུམ་ལ་བཟླས་པའི་ཆ་ནས་བཞི་པོ་དེ་རེ་རེ་ལ་ཡང་གསུམ་གསུམ་སྟེ་བཅུ་གཉིས་སུ་འགྱུར་བས་སོ། །གཉིས་པ་ནི། ལྔ་སྡེ་ལ་མཐོང་ལམ་གྱི་རྟོགས་པ་སྐྱེས་པའི་ཚེ་དེའི་ཐ་སྙད་དུ་བཞག་པ་སྟེ། ཇི་སྐད་དུ། སྟོན་པས་ཝཱ་རཱ་ཎ་སཱི་རུ། །ཚེས་བཞིའི་ཉིན་ཞག་བདེན་བཞིའི་ཆོས། །ལྔ་སྡེ་རྣམས་ལ་གསུངས་པའི་མོད། །མཐོང་བའི་ལམ་དང་ངེས་ཞུགས་ཀྱི། །བསྙེན་རྫོགས་སྡོམ་པ་དུས་གཅིག་ཏུ། །སྔོན་གྱི་སྨོན་ལམ་མཐུ་ལས་ཐོབ། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ཐེག་ཆེན་ལུགས་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་དང་གསུམ། དང་པོ་ནི། ལུང་གི་ཆོས་འཁོར་དང་རྟོགས་པའི་ཆོས་འཁོར་གང་རུང་དུ་གྱུར་པའི་སྟོན་པས་གསུངས་པའི་དམ་ཆོས། གཉིས་པ་ནི། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པས་ན་ཆོས་འཁོར་ཞེས་བྱ་སྟེ། སྟོན་པས་ཆོས་འཁོར་བསྐོར་བ་ལ་བརྟེན་ནས་སྟོན་པའི་ཐུགས་རྒྱུད་ཀྱི་རྟོགས་པའི་ཆོས་འཁོར་དང་ཆ་འདྲ་གཞན་དུ་འཕོ་བ་བཞིན་ནོ། །དེ་ཡང་རྒྱུད་ལས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་སྐྱུར་དང་བྲག་ཆ་དང་། །ཕུང་པོ་ཉིང་མཚམས་སྦྱོར་བའི་ཚེ། །མི་འཕོ་བ་ནི་མཁས་རྟོགས་བྱ། །ཞེས་སོ། །
གསུམ་པ་ལ། རྟོགས་པའི་ཆོས་འཁོར་དང་། ལུང་གི་ཆོས་འཁོར་གཉིས། དང་པོའི་མཚན་ཉིད། ཆོས་འཁོར་གང་ཞིག །སྤངས་རྟོགས་གང་རུང་གིས་བསྡུས་པའི་ཡོན་ཏན། དབྱེ་ན། རྟོགས་པའི་ངོ་བོར་གྱུར་པའི་ཆོས་འཁོར་དང་། རྟོགས་པའི་སྟོབས་ཀྱིས་ཐོབ་པའི་ཆོས་འཁོར་གཉིས། དང་པོ་ནི། ཐར་ལམ་ལྔ་གསུམ་བཅོ་ལྔ་ལྟ་བུ། གཉིས་པ་ནི། འགོག་བདེན་མཐའ་དག་གོ ། གཉིས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། དོགས་གཅོད་དང་བཞི། དང་པོ་ནི། ཆོས་འཁོར་གང་ཞིག །རྟོགས་པའི་ཆོས་འཁོར་བརྗོད་བྱར་སྟོན་པའི་ལེགས་བཤད། དེ་དང་སངས་རྒྱས་ཀྱི་བཀའ་གཉིས་ཡིན་ཁྱབ་མཉམ་མོ། །དབྱེ་ན། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དང་གསུམ། གསུམ་པ་སོ་སོའི་རང་བཞིན་ལ། བཤད་བྱའི་ལུང་དྲང་བ་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། དགོངས་པ་ངེས་འགྲེལ་ལས། དེ་ནས་བཅོམ་ལྡན་འདས་ལ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པ་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ཡང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་
རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ་ཐེག་པ་མཐའ་དག་ལ་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ལགས་སོ། །ཞེས་སོགས་སོ། །གཉིས་པ་ལ། གང་གིས་སྐོར་བའི་སྟོན་པ། གང་བསྐོར་བར་བྱ་བའི་ཆོས། གནས་གང་དུ་གང་ཟག་གང་ལ་སྐོར་ཚུལ། གང་གི་ཕྱིར་དུ་བསྐོར་བའི་དགོས་པ། ཇི་སྲིད་དུ་བསྐོར་བའི་ཡུན་ཚད་དང་ལྔ། དང་པོ་ནི། སྤྱིར་ཆོས་འཁོར་༼སྐོར་༽བའི་གང་ཟག་ལ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆོས་འཁོར་འབའ་ཞིག་གསུང་བ་པོའི་ལོངས་སྐུ་དང་། ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་འཁོར་གསུང་བ་པོའི་སྤྲུལ་བའི་སྐུ་གཉིས་ལས། འདིར་ཕྱི་མ་ཉིད་དོ། །གཉིས་པ་ལ། དང་པོའི་མཚན་ཉིད། རང་རིགས་ལ་ཆོས་འཁོར་ཕྱི་མ་གཉིས་པོ་གང་རུང་མེད་པའི་ལུང་གི་ཆོས་འཁོར་གསུམ་གྱི་ནང་ཚན་གང་ཞིག །གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་བདེན་བཞི་རྟོགས་པའི་ཤེས་རབ་བསྐྱེད་པའི་ཆེད་དུ་གཙོ་བོར་གསུངས་པའི་རིགས་གནས། མཚན་གཞི་ནི། འདུལ་བ་ལུང་སྡེ་བཞི་ལྟ་བུ། དབྱེ་ན། ཆོས་འཁོར་དང་པོའི་དང་པོ། དང་པོའི་བར་པ། དང་པོའི་ཐ་མ་དང་གསུམ། མཚན་གཞི་རིམ་བཞིན། བདེན་བཞི་ཚིག་ཟིན་ལ་སྟོན་པའི་འདུལ་ལུང་གི་མདོ། སྟོང་ཉིད་ཚིག་ཟིན་ལ་སྟོན་པའི་འདུལ་བ་ལུང་གི་མདོ། མཚན་ཉིད་གསུམ་ཚིག་ཟིན་ལ་སྟོན་པའི་འདུལ་བ་ལུང་གི་མདོ་ལྟ་བུའོ། །གཉིས་
པའི་མཚན་ཉིད། རང་རིགས་ལ་ཆོས་འཁོར་ཐོག་མཐའ་གཉིས་པོ་གང་རུང་མེད་པའི་ལུང་གི་ཆོས་འཁོར་གསུམ་གྱི་ནང་ཚན་གང་ཞིག །ཐེག་ཆེན་གྱི་རིགས་ཅན་མཐར་ཐུག་ཐེག་ཆེན་གྱི་རྟོགས་པ་ཁྱད་པར་ཅན་ལ་འགོད་པའི་ཕྱིར་དུ་གཙོ་བོར་གསུངས་པའི་རིགས་གནས། མཚན་གཞི་ནི། ཤེར་ཕྱིན་གྱི་མདོ་མཐའ་དག་གོ །དབྱེ་ན། བར་པའི་དང་པོ་སོགས་གསུམ་སྟེ་གོང་གིས་འགྲེ། གསུམ་པའི་མཚན་ཉིད། རང་རིགས་ལ་ཆོས་འཁོར་དང་པོ་གཉིས་པོ་གང་རུང་མེད་པའི་ལུང་གི་ཆོས་འཁོར་གསུམ་གྱི་ནང་ཚན་གང་ཞིག །གདུལ་བྱ་མ་ངེས་པའི་རིགས་ཅན་དང་། ཐེག་ཆེན་གྱི་རིགས་ཅན་ཅི་རིགས་པ་མཐར་ཐུག་གི་རྟོགས་པ་ལ་འགོད་པའི་ཕྱིར་དུ་གཙོ་བོར་གསུངས་པའི་རིགས་གནས། དབྱེ་ན། མཚན་གཞི་དང་། བརྗོད་བྱའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཐེག་པ་ཐུན་མོང་པ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆོས་འཁོར་གཉིས། དང་པོ་ནི། བསྐལ་བཟང་། རྒྱ་ཆེ་རོལ་པ། ལང་ཀར་གཤེགས་པ་ལ་སོགས་པ་མདོ་མང་གི་མདོ་ཕལ་ཆེར་རོ། །གཉིས་པ་ནི། ཕལ་ཆེན། དཀོན་བརྩེགས། ས་བཅུ་པ་ལ་སོགས་པ་རྣམས་སོ། །གཉིས་པ་ལ། ཐ་མའི་དང་པོ་སོགས་གསུམ་སྟེ་གོང་གིས་འགྲེ། གསུམ་པ་ལ། ཆོས་འཁོར་དང་པོའི་དབང་དུ་བྱས་པ། གཉིས་པའི་དབང་དུ་བྱས་པ། གསུམ་པའི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞིའི་ཉིན་ཡུལ་ཝཱ་རཱ་ཎ་སཱིར་འཁོར་གྱི་ཐོག་མར་ལྔ་སྡེ་སོགས་གཙོ་བོར་ཐེག་དམན་གྱི་རིགས་ཅན་རྣམས་ལ་གསུངས་སོ། །གཉིས་པ་ནི་བྱ་རྒོད་ཕུང་རི་དང་། གཞན་འཕྲུལ་དབང་བྱེད་ལ་སོགས་པའི་གནས་རྣམས་སུ། ཡུམ་གྱི་གླེང་གཞི་ལས་གསུངས་པ་ལྟར་ཉན་ཐོས་ཀྱི་མིང་ཅན་ལྔ་སྟོང་ཙམ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་གསུངས། གསུམ་པ་ནི། རི་མ་ལ་ཡ་དང་། གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་མ་ངེས་པའི་རིགས་ཅན་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་གདུལ་བྱ་ཅི་རིགས་པ་ལ་གསུངས་སོ། །གཉིས་པ་ནི། གདུལ་
བྱ་རྣམས་འཁོར་བ་ལས་བཟློག་ནས་མྱང་འདས་ལ་འཛུད་པའི་དོན་དུ་དང་པོ། འཁོར་བ་ལ་བླང་དོར་ཐ་དད་པའི་ཞེན་པ་བཟློག་ནས་མཐའ་བྲལ་རྟོགས་པའི་ཆེད་དུ་བར་པ། མ་ངེས་པའི་རིགས་ཅན་ཐེག་ཆེན་དུ་ཁ་དྲང་བ་དང་། ཐེག་ཆེན་དུ་ངེས་ཟིན་པ་རྣམས་མཐར་ཐུག་གི་རྟོགས་པ་ལ་འགོད་པའི་ཕྱིར་དུ་གསུམ་པ་གསུངས་པ་ཡིན་ཏེ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ཞེས་སོགས་དཔེ་དོན་གྱི་སྒོ་ནས་གསུངས་པ་བཞིན་ནོ། །ལྔ་པ་ནི། ཆུ་ཕོ་སྟག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་ནས་བརྩམས་ཏེ་དགུང་ལོ་བརྒྱད་ཅུ་པ་མེ་མོ་ཕག་གི་བར་རྒྱུན་མི་ཆད་དུ་བསྐོར་རོ། །བཞི་པ་ལ། ཆོས་འཁོར་སྐོར་ཚུལ་ལ་དཔྱད་པ། དྲང་ངེས་ཀྱི་དོན་ལ་དཔྱད་པ། ཆོས་ཕུང་གི་རྣམ་བཞག་ལ་དཔྱད་པ་དང་གསུམ། དང་པོ་ནི། མདོ་ལས། གསུང་གཅིག་ཉིད་དུ་གསུངས་མོད་ཀྱིས། །དུ་མ་ཉིད་དུ་སོ་སོར་གོ །ཞེས་པ་དང་། དཀོན་བརྩེགས་ལས་ཀྱང་། རྒྱལ་བའི་གསུངས་དབྱངས་གཅིག་སྣང་བས། །མོས་པའི་དབང་གིས་སོ་སོར་ཐོས། །ཞེས་དང་། ཀཽཎྚི་ནྱ། ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་འབའ་ཞིག་གསུངས་ན། ལ་ལས་ནི་གཟུགས་བདེ་ཞེས་བྱ་བར་ཐོས་སོ། །ལ་ལས་ནི་གཟུགས་སྡུག་བསྔལ་ཞེས་བྱ་བར་ཐོས་སོ། །ཞེས་པ་ལྟར་ཕྱོགས་གཅིག་ཏུ་མ་ངེས་པ་དང་། དེར་མ་ཟད་ངེས་དོན་ལྟར་ན། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པ་སངས་རྒྱས་པ་དང་། གང་གི་ནུབ་མོ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་ཐ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཐུན་མོང་གདུལ་བྱ་སྤྱི་མཐུན་གྱི་དབང་དུ་བྱས་ན། ཆོས་འཁོར་གསུམ་རིམ་གྱིས་བསྐོར་ཏེ། དེ་གསུམ་གང་ལ་བསྐོར་བའི་གདུལ་བྱ། གང་དུ་བསྐོར་བའི་གནས། གང་གི་ཆེད་དུ་བསྐོར་བའི་དགོས་པ་མི་འདྲ་བ་སོགས་དུ་མ་ཡོད་པའི་ཕྱིར་ཏེ། ལངྐར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་
སེམས་ཅན་ལ། །ཇི་ཙམ་བཟོད་པས་ཆོས་སྟོན་ཏོ། །ཞེས་སོ། །གཉིས་པ་ལ། དང་པོ་དྲང་དོན་གཙོ་ཆེ་སྟེ། ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་ཡིན་པའི་ཕྱིར། བར་པ་ངེས་དོན་གཙོ་ཆེ་སྟེ། ཤེར་ཕྱིན་གྱི་མདོ་ཡིན་པའི་ཕྱིར། ཐ་མ་མ་ངེས་ཏེ། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྣ་ཚོགས་ཡོད་པའི་ཕྱིར་རོ། །གསུམ་པ་ལ། ངོ་བོ། དབྱེ་བ། ཚད། མཚན་གཞི་དང་བཞིའོ། །དང་པོ་ནི། རྟོགས་པའི་ཆོས་རྒྱ་ཆེན་པོ་བརྗོད་བྱར་སྟོན་པའི་ལུང་གི་དམ་ཆོས་དུ་མ་འདུས་པའོ། །གཉིས་པ་ལ། ཐེག་ཆེན་ལྟར་ན། འདོད་ཆགས། ཞེ་སྡང་། གཏི་མུག །དུག་གསུམ་ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་ཆོས་ཕུང་གྲངས་དེ་ཉིད་དེ་བརྒྱད་ཁྲི་བཞི་སྟོང་ངོ་། །ཐེག་དམན་ལྟར་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲིར་བཞེད། གསུམ་པ་ལ། ཤཱ་རིའི་བུས་མཛད་པའི་བསྟན་བཅོས་ལས། ཆོས་ཀྱི་ཕུང་པོ་ཤོ་ལོ་ཀ་དྲུག་སྟོང་ཡོད་པ་ཚད་དུ་བཞེད། ཁ་ཅིག །ཕུང་ཁམས་སྐྱེ་མཆེད་དམ་རྟེན་འབྲེལ་སོགས་དོན་ཚན་རེ་རེ་རྫོགས་པར་སྟོན་པའི་གཏམ་གྱི་ཚོགས་ལ་བཞེད། དབྱིག་གཉེན་ལྟར་ན། འདོད་ཆགས་ལ་སྤྱོད་པ་སོགས་ཉོན་མོངས་པ་སྣ་རེ་སྤོང་བར་བྱེད་པའི་གཉེན་པོ་རྫོགས་པར་སྟོན་པའི་གཏམ་གྱི་ཚོགས་ལ་བཞེད་དེ། ཉོན་མོངས་པ་བརྒྱད་ཁྲིའི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་མཐུན་པར་གསུངས་པའི་ཕྱིར་ཏེ། མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །བཞི་པ་ནི། མདོ་སྡེ་པ་ཡན་ཆད་ལྟར་ན། གཟུགས་ཀྱི་ཕུང་པོས་བསྡུས་ཏེ། རྗོད་བྱེད་ཀྱི་ཚིག་ཏུ་འདོད་པའི་ཕྱིར། བྱེ་སྨྲ་ལྟར་ན། འདུ་བྱེད་ཀྱི་ཕུང་པོས་བསྡུས་ཏེ། མིང་སྤྱི་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་འདོད་པའི་ཕྱིར་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དགོས་འབྲེལ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་ཚིགས་བཅད་གཉིས་འདིས་དགོས་སོགས་ཆོས་བཞི་བསྟན་ཏེ། རྣམ་
མཁྱེན་རྒྱུ་ལམ་ཤེས་དང་བཅས་པ་བརྗོད་བྱ་དང་། སྟོན་པ་སངས་རྒྱས་ཉིད་ཀྱིས་ཡུམ་རྒྱས་འབྲིང་བསྡུས་གསུམ་གསུངས་པ་དེའི་དགོངས་འགྲེལ་དང་བཅས་པ་དེ་ནི་རྗོད་བྱེད་ཡིན་ལ། དགོས་པ་ནི། ཕར་ཕྱིན་བཅུ་སྒྲུབ་པའི་ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོའི་དོན་རྒྱ་ཆེན་པོ་ཚིག་ཉུང་ངུས་བདེ་བླག་ཏུ་རྟོགས་པ་ཞེས་བྱ་བ་དེ་བསྟན་བཅོས་བརྩམ་པའི་དགོས་པ་དང་། མདོའི་དོན་ཟབ་མོ་དེ་ནི་གཞན་མུ་སྟེགས་བྱེད་སོགས་དང་ཉན་རང་ལ་སོགས་པ་རྣམས་ཀྱིས་མྱོང་བྱའམ་རྟོགས་བྱ་མ་ཡིན་ཏེ། འོ་ན་གང་གི་ཡུལ་ཡིན་ཞེ་ན་བྱང་སེམས་བློ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཏེ། ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོའི་ཐོས་དོན་དྲན་ཤེས་ཀྱི་ཡུལ་དུ་བཞག་སྟེ་བསམ་སྒོམ་གྱི་ཤེས་རབ་ཀྱིས་བསྒྲུབས་པས་ཤེར་ཕྱིན་གྱི་དོན་རྟོགས་པ་ནི་བློ་དང་ལྡན་པས་མཐོང་བ་ཞེས་བྱ་བ་སྟེ་ཉིང་དགོས་སོ། །འབྲེལ་པ་ནི་ཤུགས་ལ་བསྟན་ཏོ། །ཞར་བྱུང་ཆོས་སྤྱོད་བཅུའི་ངོས་འཛིན་སྔོན་གྱི་མཁས་པ་རྣམས་མི་མཐུན་པ་མང་སྟེ། སློབ་དཔོན་ཤནྟི་པ་ནི། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཞེས་སོགས་ལ་འདོད། བོད་སྔ་རབས་པ་ནི། དོན་བདུན་ཅུའི་ནང་དུ་ལུས་པའི་ཆོས་སྤྱོད་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལ་འདོད། ཁ་ཅིག་ནི་དགེ་བ་བཅུ་ལ་འདོད་པ་སོགས་ཀྱང་སྣང་། དོན་ལ་འགལ་བ་མེད་འདྲ་ཡང་གོང་དུ་སྨོས་པ་དེ་ཡིན་ནམ་སེམས་ཏེ་མདོ་དོན་དྲན་པ་ལ་བཞག་སྟེ། ཞེས་པས། མདོའི་བསྟན་དོན་གྱི་གཙོ་བོ་ཕར་ཕྱིན་བཅུ་ཡིན་ཞིང་། བློ་དང་ལྡན་པས་མཐོང་གྱུར་ཏེ། །ཞེས་པས། དེ་བཅུའི་དོན་མཐོང་ན། ཤེར་ཕྱིན་གྱི་དོན་ཡོངས་རྫོགས་མཐོང་བར་འགྱུར་བས་སོ་སྙམ་མོ། །གཉིས་པ་བརྩམ་བྱ་གཞུང་གི་རང་བཞིན་ལ། གདུལ་བྱའི་དབང་གིས་རྒྱས་འབྲིང་བསྡུས་གསུམ་ལས། དང་པོ་ལ། བསྡུས་དོན་ལུས་རྣམ་བཞག་དང་། ཚིག་དོན་ཡན་ལག་རྒྱས་བཤད་གཉིས་ལས། དང་པོ་ལ། ལུས་ངོས་གཟུང་བ་དང་། གྲངས་ངེས་པ། གོ་རིམ་ངེས་པའོ། །དང་པོ་ལ་གཉིས་ལས། བརྗོད་བྱ་དོན་གྱི་ལུས་ནི་དངོས་བརྒྱད་དོན་བདུན་ཅུ་དང་
བཅས་པའོ། །རྗོད་བྱེད་ངག་གི་ལུས་ནི། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། ཅེས་སོགས་ཚིགས་བཅད་བཅོ་ལྔ་གསུངས་པ་དེའོ། །གཉིས་པ་ནི། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལ་དངོས་པོ་བརྒྱད་དུ་གྲངས་ངེས་པ་ཡིན་ཏེ། འཇུག་ཡུལ་གྱི་དབང་དུ་བྱས་ནས་མཁྱེན་གསུམ། ཞུགས་ནས་ཉམས་ལེན་གྱི་དབང་དུ་སྦྱོར་བཞི། དེའི་འབྲས་བུ་ཆོས་སྐུར་ངེས་པའི་ཕྱིར་རོ། །དེ་ཡང་མཐར་ཐུག་གི་འབྲས་བུ་དོན་གཉིས་ལྡན་པའི་རྣམ་མཁྱེན། དེ་ཐོབ་པའི་ཐབས་ཀྱི་གཙོ་བོ་ལམ་ཤེས། དེ་དག་བྱེད་ཀྱི་ཡན་ལག་གཞི་ཤེས་ཏེ་དེ་གསུམ་དམིགས་ཡུལ་དུ་བྱེད་དགོས་པའི་ཕྱིར། གསུམ་པ་ནི། དང་པོར་མཁྱེན་གསུམ། དེ་ནས་སྦྱོར་བཞི། དེ་རྗེས་ཆོས་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། དང་པོར་ཐོས་བསམ་གྱི་ཡུལ་དུ་མཁྱེན་གསུམ་བསྟན། ཐོས་བསམ་གྱིས་གཏན་ལ་ཕབ་པའི་མཁྱེན་གསུམ་གྱི་རྣམ་པ་ཉམས་ལེན་ལ་སྦྱོར་དགོས་པའི་དབང་དུ་བྱས་ནས་སྦྱོར་བཞི་དང་། དེའི་འབྲས་བུ་ཆོས་སྐུར་ངེས་པའི་དབང་དུ་བྱས་ནས་ཆོས་སྐུ་ཕྱིས་བསྟན་པའི་ཕྱིར་རོ། །གཉིས་པ་ཚིག་དོན་ཡན་ལག་རྒྱས་བཤད་ལ། དངོས་པོ་བརྒྱད་བཤད་པ་དང་། དོན་བདུན་ཅུ་བཤད་པ་གཉིས་ལས། དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། ཞེས་སོགས་ཚིགས་བཅད་གཉིས། དེའི་དོན་ལ་གཉིས་ལས། ཤེར་ཕྱིན་བཤད་པ་དང་། དངོས་བརྒྱད་བཤད་པ་གཉིས་ལས། དང་པོ་ནི། མཚན་ཉིད། སྒྲ་དོན། དབྱེ་བ། དངོས་བཏགས་ཀྱི་ཁྱད་པར་དང་བཞི། དང་པོ་ནི། ཆོས་རབ་ཏུ་རྣམ་འབྱེད་སྲིད་ཞིའི་ཕ་རོལ་ཏུ་སོན་པ་མཐར་ཐུག་པའི་བློ། གཉིས་པ་ནི། ཇི་ལྟ་ཇི་སྙེད་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པས་ཤེས་རབ། སོ་སྐྱེ་ལ་ལྟོས་ཏེ་ཕ་རོལ། དེ་ཉིད་དུ་སོན་པས་ཕྱིན་པ་ཞེས་བྱ་སྟེ། འཇུག་འགྲེལ་དུ། ཕ་རོལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་མངའ་བའི་རང་བཞིན་སངས་རྒྱས་ཡིན་ལ། ཕྱིན་པ་ནི་དེར་སོན་པའོ། །ཞེས་སོ། །གསུམ་པ་ལ། གཞུང་ལམ་འབྲས་བུ་རང་བཞིན་གྱི་ཤེར་ཕྱིན་དང་བཞི། དང་པོའི་མཚན་ཉིད། ཤེར་ཕྱིན་བརྗོད་བྱར་སྟོན་པའི་ལེགས་བཤད། མཚན་གཞི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་སོ། །གཉིས་
པའི་མཚན་ཉིད། འབྲས་བུ་ཤེར་ཕྱིན་དུ་བགྲོད་པར་བྱེད་པའི་ཐེག་ཆེན་སློབ་པ་འཕགས་པའི་མངོན་རྟོགས། མཚན་གཞི་ནི་ཐེག་ཆེན་གྱི་མཐོང་ལམ་དང་སྒོམ་ལམ་ལྟ་བུ། གསུམ་པའི་མཚན་ཉིད། ལམ་ཤེར་ཕྱིན་སྒོམ་སྟོབས་ཀྱིས་ཐོབ་པའི་མཐར་ཐུག་གི་ཡེ་ཤེས། མཚན་གཞི། རྣམ་མཁྱེན་མཐའ་དག་གོ །བཞི་པའི་མཚན་ཉིད་རང་གི་ངོ་བོ་རང་བཞིན་འགྱུར་མེད་ཀྱི་ཆོས་ཉིད། མཚན་གཞི། ངོ་བོ་ཉིད་སྐུ་ལྟ་བུའོ། །བཞི་པ་ལ། ཤེར་ཕྱིན་གྱི་སྒྲ་འཇུག་ཚུལ་སྤྱིར་བསྟན་པ་དང་། དངོས་བཏགས་ཀྱི་ཁྱད་པར་བཤད་པ་གཉིས། དང་པོ་ནི། བདག་མེད་རྟོགས་པའི་ལམ་ཙམ་ལ་ཤེར་ཕྱིན་དུ་བཤད་དེ། མདོ་ལས། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོ། །ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ལ་ཤེར་ཕྱིན་དུ་བཤད་དེ། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་སོ། །སྤངས་རྟོགས་མཐར་ཐུག་པའི་ཡེ་ཤེས་ལ་ཤེར་ཕྱིན་དུ་བཤད་དེ། བརྒྱད་སྟོང་དོན་བསྡུ་ལས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲས་བསྟན། །ཅེས་སོ། །གཉིས་པ་ནི། འབྲས་བུ་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་ཡིན། གཞུང་ལམ་སོགས་བཏགས་པ་བ་ཡིན་ཏེ། གཞུང་ལམ་དག་ལ་དེ་སྒྲས་བཏགས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དངོས་བརྒྱད་ལ་མཚན་ཉིད་རིམ་བཞིན། སྤངས་རྟོགས་མཐར་ཐུག་པའི་མཐར་ཐུག་གི་ཡེ་ཤེས་རྣམ་མཁྱེན་གྱི་མཚན་ཉིད། དབྱེ་ན། ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་གཉིས་སོ། །བདག་མེད་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། དབྱེ་ན། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་སོགས་དྲུག །བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་
བ་བཅོ་ལྔའོ། །མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པ་ཚོགས་ལམ་ཆེན་པོ་ལས་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། སྦྱོར་ལམ་རྩེ་སྦྱོར་སོགས་བཞི། མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པ་དང་། ཐེག་ཆེན་གྱི་སྦྱོར་ལམ་དྲོད་སྐད་ཅིག་མ་གཉིས་པ་ཡན་ཆད་ཀྱི་སེམས་དཔའི་རྣལ་འབྱོར། དབྱེ་ན། ཕར་ཕྱིན་དྲུག་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ། རྗེས་དྲན་དྲུག་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་དང་བཅུ་གསུམ་མོ། །མཁྱེན་གསུམ་གྱི་རྣམ་པ་དུས་སྐད་ཅིག་མ་གཅིག་ལ་སྒོམ་པར་ནུས་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞིའོ། །སྦྱོར་བཞི་སྒོམ་སྟོབས་ཀྱིས་ཐོབ་པའི་བླ་ན་མེད་པའི་བྱང་ཆུབ། དབྱེ་ན། སྐུ་བཞིའོ། །