མཚན་དོན་དང་འགྱུར་ཕྱག་སོགས།
ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་ཏཱ་ཡ། མཚུངས་མེད་སྟོན་པ་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་ཚབ་ས་བཅུའི་དབང་ཕྱུག་མི་ཕམ་མགོན། །དེ་ཡིས་རྗེས་བཟུང་འཕགས་པ་ཐོགས་མེད་ཞབས། །གང་གི་གསུང་སྐྱེས་མཁས་མཆོག་དབྱིག་གི་གཉེན། །དེའི་སློབ་མཆོག་གྱུར་དཔལ་ལྡན་བློ་གྲོས་བརྟན། །དེ་ལས་རིམ་བརྒྱུད་དམ་པའི་ཚོགས་རྣམས་དང་། །ལམ་འདིའི་བཀའ་དྲིན་དངོས་སུ་འདོམས་པ་ཡི། །བཤེས་གཉེན་རྣམས་ལ་གུས་པས་ཕྱག་བྱས་ནས། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་འགྲོ་ཀུན་ལ། །རབ་བཀྱེ་རྒྱལ་ཚབ་ཆེན་པོའི་གསུང་རབ་འདིར། །གཅིག་ཏུ་གུས་ཤིང་གཞན་ལ་ཕན་པའི་བློས། །
རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་སྤྲོ། །དེ་ཡང་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་ནས། དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་རྒྱལ་ཚབ་མི་ཕམ་མགོན་པོའི་ཞལ་ནས་དངོས་སུ་ནོད་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་གཞུང་ཁྱད་འཕགས་འདི་ཉིད་ཤིན་ཏུ་གསལ་བར་གོ་བདེ་བའི་ཚུལ་དུ་རྣམ་པར་བཤད་པ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་དོན་བཞི་ལས། དང་པོ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སཱུ་ཏྲ་ཨ་ལཾ་ཀ་ར་ནཱ་མ་ཀཱ་རི་ཀཱ། བོད་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ་ཞེས་གསུངས་ཏེ། ཆེན་པོ་བདུན་དང་ལྡན་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་ལ། ཐེག་ཆེན་མདོ་སྡེ་རྣམས་ཀྱི་དགོངས་པ་འབྱོར་པའི་དོན་ཚུལ་བླ་མེད་
ལྔའི་ཚུལ་གྱིས་གསལ་བར་བྱེད་པའི་རྒྱན་དུ་གྱུར་པས་ན། བསྟན་བཅོས་འདིའི་མཚན་དུ་མདོ་སྡེའི་རྒྱན་ཞེས་བྱ་ཞིང་། དེ་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྗོད་པས་ན་ཚིག་ལེའུར་བྱས་པ་ཞེས་སོ། །གཉིས་པ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་གཞུང་འདི་བོད་སྐད་དུ་སྒྱུར་བའི་ཐོག་མར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་འགྱུར་ཕྱག་མཛད་པའོ། །གསུམ་པ་གཞུང་དོན་ལ། ཇི་ལྟར་བརྩམ་པའི་ཚུལ་དང་། དེ་ལྟར་བརྩམས་པའི་བསྟན་བཅོས་ཀྱི་གཞུང་བཤད་པ་གཉིས། དང་པོ་དོན་ཤེས་དོན་སྟོན་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། བྱེད་པ་པོ་ཐེག་པ་ཆེན་པོའི་མདོ་སྡེའི་དོན་ཤེས་པ་དང་། དོན་དེ་གཞན་ལ་སྟོན་པར་རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་པས། དགོས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར། རྒྱུ་སྙིང་རྗེ་དེ་ཡི་བདག་ཉིད་རྣམས་སྡུག་བསྔལ་བའི་འགྲོ་ལ་སྙིང་རྗེ་ཆེན་པོ་ལས། ཐབས་གང་སྟོན་ན་ཐེག་པ་མཆོག་གི་རྣམ་པ་བསྟན་པའི་ཆོས་ཀྱིའོ། །གང་ཟག་སུ་ལ་ན། ཐེག་པ་མཆོག་གི་རྣམ་པ་དེ་ཡིས་འགྲོ་བ་སྟེ། ཐེག་པ་ཆེན་པོའི་ལམ་གྱིས་འབྲས་བུའི་གནས་སུ་འགྲོ་བའི་སེམས་ཅན་ནམ་གང་ཟག་ཐེག་ཆེན་པའི་ཚོགས་ལ། ཇི་ལྟར་ན་ཚིག་དང་དོན་དུ་འབྲེལ་ཞིང་ལེགས་པར་འབྱོར་བའི་དོན་ཚུལ་གང་ཞིག །ཐེག་པ་ཆེན་པོའི་དོན་ཅན་ཡིན་པས་བླ་ན་ མེད་པར་གྱུར་པ་རྣམ་པ་ལྔ་ཡི་བདག ་ཉིད་སྟོན་པར་བྱེད་དེ། ལྔ་གང་ཞེ་ན། མགར་བ་མཁས་པས་གསེར་ལས་རྣ་རྒྱན་སོགས་བརྡུངས་བྱས་པ་དང་འདྲ་ཞིང་། མེ་ཏོག་པདྨ་ཁ་ཕྱེས་ཏེ་རྒྱས་པ་བཞིན་དང་། བཀྲེས་པས་ཉེན་པ་དག་གཡོས་སུ་ལེགས་པར་བྱས་པའི་ཁ་ཟས་བཟང་པོ་ཟ་བ་དང་།
སེམས་དགའ་བར་བྱེད་པའི་འཕྲིན་ཡིག་ལེགས་པ་ཐོས་པ་འདྲ་བ་དང་། རིན་ཆེན་སྣ་ཚོགས་ཀྱི་སྒྲོམ་ཁ་ཕྱེ་བ་ལྟ་བུའི་ཐེག་པ་ཆེན་པོའི་ཆོས་དེ་ཉིད་བསྟན་བཅོས་འདིར་བཤད་པ་ཡང་དེ་ལྟར་དེ་དག་ལ་དགའ་བའི་མཆོག་སྐྱེད་པར་བྱེད་དོ་ཞེས་གསུངས་ཏེ། སྐབས་འདིར་འབྱོར་བའི་དོན་ཚུལ་ལྔའི་སྒོ་ནས་ཐེག་པ་ཆེན་པོའི་མདོ་སྡེའི་དགོངས་དོན་གསལ་བར་བྱེད་པའི་ཕྱིར་མདོ་སྡེའི་རྒྱན་ཞེས་བྱ་བ་ཡིན་པས་དེ་ལྔའི་དོན་ཇི་ལྟ་བུ་ཡིན་པ་ལེགས་པར་ངོས་ཟིན་པ་ནི་བསྟན་བཅོས་འདིའི་དབུ་ཞབས་ཀྱི་དོན་བསྡུས་པའི་གནད་ཡིན་པས་འོག་ཏུ་འཆད་པར་བྱའོ། །སྐབས་འདིར་བདག་ཉིད་ཆེན་པོ་བློ་གྲོས་བརྟན་པའི་འགྲེལ་པར་འདི་ལྟར་གསུངས་ཏེ། བསྟན་བཅོས་འདིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་གསལ་བར་བྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོར་བསྡུ་ན་གསུམ་སྟེ། གང་ལ་སློབ་པ། ཇི་ལྟར་སློབ་པ། གང་དག་གིས་སློབ་པ་གསུམ་ལས། དང་པོ་གནས་བདུན་གྱིས་བསྡུས་ཏེ། རང་དོན་དང་། གཞན་དོན་དང་། དེ་ཁོ་ན་ཉིད་དང་། མཐུ་དང་། བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། བླ་མེད་རྫོགས་བྱང་ལ་སློབ་པ་སྟེ་དེ་ལྟར་བདུན་ནོ། །ཇི་ལྟར་བསླབ་པར་བྱ་བ་ལ། ཐོག་མར་ཐེག་ཆེན་གྱི་ཆོས་ལ་མོས་པ་མང་བར་བྱ་བ་དང་། ཆོས་ཚོལ་བ་དང་། ཆོས་སྟོན་པ་དང་། ཆོས་དང་མཐུན་པའི་ཆོས་བསྒྲུབ་པ། ཡང་དག་པའི་གདམས་ངག་དང་རྗེས་སུ་བསྟན་པ་ལ་གནས་པ། ལུས་ངག་ཡིད་ཀྱི་ལས་ཐབས་ཀྱིས་ཟིན་པར་བྱ་བ་སྟེ་རྣམ་པ་དྲུག་གི་ཚུལ་གྱིས་སོ། །གང་དག་གིས་སློབ་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེའི་བྱེ་བྲག་བསྡུ་ན་བཅུ་སྟེ། རིགས་ལ་གནས་པ་དང་། ཞུགས་པ་
དང་། བསམ་པ་མ་དག་པ་དང་། བསམ་པ་དག་པ་དང་། བསམ་པ་ཡོངས་སུ་མ་སྨིན་པ་དང་། བསམ་པ་ཡོངས་སུ་སྨིན་པ་དང་། ངེས་པ་མ་ཡིན་པར་རྟོགས་པ་དང་། ངེས་པར་རྟོགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པའོ། །བྱང་སེམས་དེ་ཐམས་ཅད་ཀྱི་མིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། བློ་དང་ལྡན་པ་སོགས་གཞུང་ལྟར་རོ། །བསྟན་བཅོས་ཀྱི་ལུས་ནི་འདི་ཡིན་ནོ་ཞེས་གསུངས། དེ་ཡང་དོན་ཤེས་དོན་སྟོན་སོགས་ཀྱི་ཚིགས་བཅད་གཉིས་སོ། ། བརྡ་སྤྲོད་པའི་སྒྲའི་གཙུག་ལག་ལས་རྣམ་དབྱེ་བདུན་བཤད་པ་དང་མཚུངས་པར། བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། དེའི་ཕྱིར་དང་། རྒྱུའི་དོན་དང་། ཡན་ལག་གི་དོན་དང་། ཆེད་ཀྱི་དོན་ཏེ་བདུན་པོས་རིམ་པར་བཤད་ཚུལ་གསུངས་པ་འདིར། དེའི་ཕྱིར་ཞེས་པ་དེའི་ཆེད་དུ་ཞེས་པ་རྣམ་དབྱེ་བཞི་པ་ཆེད་དོན་གྱི་མིང་སྟེ། སྒྲའི་གཞུང་ལས་སྦྱིན་པ་ཞེས་ཀྱང་བཤད་དེ། གང་གི་ཆེད་དུ་སྦྱིན་པ་དེ་ཆེད་དོན་གྱི་མིང་དུ་བརྗོད་དོ། །རྒྱུའི་དོན་ཞེས་པ་འབྱུང་ཁུངས་ཀྱི་དོན་དང་། ཡན་ལག་གི་དོན་ཞེས་པ་དྲུག་པ་འབྲེལ་སྒྲའི་མིང་སྟེ། སྒྲའི་གཞུང་ཁ་ཅིག་ལས། ཧསྟི་ཞེས་པ་ལག་པའམ་ཡན་ལག་མཚོན་བྱེད་དེ། མཆོད་སྦྱིན་གྱི་ལག་པ་ལྟ་བུ་དང་། ཆེད་ཀྱི་དོན་ཞེས་པ་སྐབས་འདིར་རྣམ་དབྱེ་བཞི་པ་ཆེད་དོན་མ་ཡིན་གྱི་ཐེག་ཆེན་གྱི་གང་ཟག་གི་ཆེད་དུ་ཡིན་པས་གང་ཟག་དེ་ལ་བརྟེན་པ་རྟེན་གནས་ཀྱི་དོན་ཅན་ཡིན་ཏེ། སྒྲའི་གཞུང་འགར་རྣམ་དབྱེ་བདུན་པའི་མིང་དུ། མིཏྟ་སཔྟ་ཞེས་མཚན་མ་བདུན་པར་བརྗོད་པ་དེ་ཡིན་ནོ། །དེ་ལ་ལས་སུ་བྱ་བའི་དོན་ཅན་གཙོ་ཆེར་
བྱས་ནས་འགྲེལ་ཆེན་ལས་འདི་ལྟར་བཤད་དེ་བྱེད་པ་པོའམ་ཆོས་ཀྱི་ངོ་བོ་གང་ཞིག་རྒྱན་པར་བྱེད་ཅེ་ན། དོན་ཤེས་ཞེས་པས་ཐེག་པ་ཆེན་པོའི་མདོ་སྡེ་ནི་བརྒྱན་བྱའི་ངོ་བོའམ་གཞིའོ། །ཇི་ལྟར་ན་བསྟན་བཅོས་འདིས་ཐེག་ཆེན་མདོ་སྡེ་རྣམས་ཀྱི་དོན་ཤེས་པར་བྱེད་པའི་ཚུལ་གྱིས་བརྒྱན་ཏོ། །ལས་སུ་བྱ་བ་མདོ་སྡེ་གང་དེ་ལ་བསྟན་བཅོས་འདིས་ཇི་ལྟར་བརྒྱན་པའི་བྱ་བ་འཇུག་ན། དེའི་དོན་འདིས་སྟོན་པར་བྱེད་པས་སོ། །བྱེད་པ་གང་གིས་ན། ངག་དང་ཚིག་དྲི་མ་མེད་པས་སོ། །དེ་ལྟར་རྒྱན་པར་བྱེད་པ་དེ་ཅི་ཞིག་གི་ཆེད་དུ་ཡིན་ན། སྡུག་བསྔལ་བསྒྲལ་ཕྱིར་ཞེས་སོ། །དེ་རྒྱུ་ཅི་ལས་བྱུང་ན། དེ་ཡི་བདག་ཉིད་སྡུག་བསྔལ་འགྲོ་ལ་སྙིང་རྗེ་ལས་ཞེས་སོ། །དེ་གང་སུ་དང་འབྲེལ་ཞེ་ན། ཐེག་མཆོག་བསྟན་པའི་ཆོས་ཀྱི་ཞེས་བསྟན་བཅོས་འདི་ཐེག་པ་ཆེན་པོའི་བཀའ་དང་ཡན་ལག་ཅན་དང་ཡན་ལག་ལྟ་བུར་འབྲེལ་བར་སྟོན་ནོ། །དེ་གང་ཟག་གང་ལ་བརྟེན་པ་ཡིན་ཞེ་ན། རྣམ་པ་དེ་ཡིས་འགྲོ་བའི་སེམས་ཅན་ལ། ཞེས་ཐེག་པ་ཆེན་པོའི་གང་ཟག་གི་ཆེད་དོན་ཡིན་པས་དེ་ཡི་རྒྱུད་ལ་བརྟེན་པ་སྟེ་ཤིང་ལ་བྱ་བཞིན་ནོ། །འགྲེལ་ཆེན་ལས་གསུངས་པ་གོ་དཀའ་བར་སྣང་བས་འདིར་གནད་གསལ་བར་མདོར་བསྡུས་ཏེ་བརྗོད་པའོ། །ཡང་སྒྲ་བྱེད་པ་སྒྲུབ་པ་གཙོ་ཆེ་བའི་དབང་དུ་བྱས་ཏེ་བཤད་ན། གང་གིས་བསྟན་བཅོས་འདི་རྩོམ་པའི་བྱེད་པ་པོ་ནི། དོན་ཤེས་ཞེས་པས་བསྟན་ཏེ་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་གི་དགོངས་དོན་ཇི་ལྟ་བ་བཞིན་དུ་ཤེས་ཤིང་གཟིགས་པས་དོན་སོ་སོ་ཡང་དག་པར་རིག་པ་
བརྙེས་པ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་མི་ཕམ་མགོན་པོས་སོ། །དེས་ལས་སུ་བྱ་བ་ནི། དོན་སྟོན་རབ་ཏུ་བྱེད་པ་ཞེས་པས་མདོ་སྡེའི་དོན་མཐའ་དག་སྟོན་པར་རབ་ཏུ་བྱེད་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པའི་སྟོབས་ཀྱིས་བརྩམ་མོ་ཞེས་དང་། བྱེད་པ་ཅི་ལྟ་བུས་ན། ངག་དང་ཚིག་རྣམས་དྲི་མེད་པས་ཞེས། རྗོད་བྱེད་ཀྱི་ངག་རྣམ་དག་ཆོས་སོ་སོ་ཡང་དག་པར་རིག་པ་དང་། སེམས་ཅན་རྣམས་ཀྱི་སྐད་ངེས་པའི་ཚིག་སོ་སོ་ཡང་དག་རིག་པ་སྒྲིབ་པའི་དྲི་མ་མེད་པས་སོ། །གང་གི་ཆེད་དུ་ཡིན་ཞེ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་རམ་ཆེད་དུའོ། །ཀུན་སློང་ངམ་རྒྱུ་གང་གིས་ན། ཤེས་རབ་དང་སྙིང་རྗེ་དེ་ཡི་བདག་ཉིད་རྒྱལ་ཚབ་ཆེན་པོ་ཉིད་ཀྱིས་སྡུག་བསྔལ་བའི་འགྲོ་བ་ཀུན་ལ་སྙིང་རྗེ་ཆེན་པོ་ལས་སོ། །དེ་ལྟར་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་བསྟན་བཅོས་འདི་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་པའམ་གང་དང་འབྲེལ་ཞེ་ན། ཐེག་མཆོག་བསྟན་པའི་ཆོས་ཀྱི་ཞེས། ཐེག་ཆེན་གྱི་ཕྱོགས་སུ་གཏོགས་ཤིང་དེ་དང་འབྲེལ་ཞེས་སོ། །འདི་གང་ཟག་སུའི་ཆེད་དུ་ཡིན་ཞིང་སུའི་རྒྱུད་ལ་བརྟེན་པར་འགྱུར་བ་ཡིན་ཞེ་ན། ཐེག་པ་མཆོག་གི་ཆོས་ཀྱི་རྣམ་པ་དེ་ཡིས་འགྲོ་བའི་སེམས་ཅན་བྱང་ཆུབ་སེམས་དཔའ་རྣམས་ལའོ། །ཞེས་ཤེས་པར་བྱའོ། །དེ་ཡང་ངག་དྲི་མ་མེད་པ་མདོར་བསྡུས་ན་ཡན་ལག་བརྒྱད་དང་ལྡན་པ་སྟེ། གྲོང་ཁྱེར་པ་ཞེས་པ་ཐར་པའི་གྲོང་ཁྱེར་གྱི་དབང་དུ་བྱས་པའམ་ཚིག་ཡོངས་སུ་གྲགས་པའོ། །སྙན་ཞིང་འཇེབས་པ་གདངས་སྙན་ཞིང་ཡིད་དུ་འཇེབས་པ། རྣམ་པར་གསལ་བ་ཚིག་དང་ཡི་
གེ་བཟང་བ། རྣམ་པར་རིག་པར་བྱེད་པ། དོན་ཤིན་ཏུ་གོ་བར་བྱེད་པ། མཉན་པར་འོས་པ་དོན་ཆེན་པོ་དམ་པའི་ཆོས་ཀྱི་དོན་དང་ལྡན་པ་རྟེན་པ་མེད་པ་ནི་རབ་ཏུ་དང་བ་ལྷག་པར་འཕེལ་བ། མི་མཐུན་པ་མེད་པ་ཡིད་ལ་འབབ་ཅིང་མངོན་པར་འདོད་པ། གཏུགས་པ་མེད་པ་ནི་ཤིན་ཏུ་རྒྱ་ཆེ་བ་ལ་མཁས་པས་མཐའ་གཏུག་ཏུ་མེད་པའོ། །དེ་བརྒྱད་ཀྱི་དང་པོ་དབང་དུ་བྱ་བའི་སྒོ་ནས་སོ། །དེའི་རྗེས་ཀྱི་གཉིས་ངོ་བོའི་སྒོ་ནས་དང་། ལྷག་མ་ལྔ་སྦྱོར་བའི་སྒོ་ནས་ཡིན་ནོ། །ཚིག་དྲི་མ་མེད་པ་ཡང་ཡན་ལག་བརྒྱད་དེ། ཚིག་དང་ཡི་གེ་རིགས་པ་ནི། མིང་ཚིག་ཡི་གེ་གོ་རིམ་བཞིན་འབྲེལ་བ་དང་། དོན་རིགས་པའི་ལམ་དང་ལྡན་པ་འབྲེལ་བ་ཞེས་པ་དོན་དང་འབྱོར་པའམ་དོན་སྒྲུབ་པར་བྱེད་པ། མཐུན་པ་ཞེས་པ་དོན་ལེགས་པར་རྣམ་པར་བཤད་པ། རུང་བ་ཞེས་པ་ཚིག་དང་ཡི་གེ་གསལ་བ། འབྱོར་པ་ཞེས་པ་སྙིང་ལ་བབ་པ། འཕྲོད་པ་ཞེས་པ་འཁོར་ཇི་ལྟ་བ་བཞིན་ཡིད་ལ་འཕྲོད་པ། འཚམས་པ་ཞེས་པ་ཆོས་མཐུན་དོན་ལྡན་དུས་སུ་འཚམས་པ། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཞེས་པ་འགྲུས་སྐྱོང་ནི་བརྩོན་འགྲུས་ཏེ་མཁས་པར་བྱེད་ཅིང་རྟག་ཏུ་བྱེད་པ་དང་། ཡན་ལག་གི་ཚོགས་ནི་ཡང་དག་པའི་ལྟ་བ་སོགས་དང་ལྡན་པ་སྟེ། དེ་ལྟ་བུའི་དོན་དང་ལྡན་པའི་གཏམ་སྟོན་པའོ། །འབྱོར་པའི་དོན་ཚུལ་བླ་མེད་དཔེ་ལྔས་བསྟན་པའི་དོན་གང་ཡིན་ཞེ་ན། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་
བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ་ཞེས་གསུངས་པ་འདི་ལྔ་ཡིན་ཀྱང་། མདོར་བསྡུས་ཙམ་གྱི་ཚིག་དེའི་དགོངས་པ་གང་ཡིན་ལ། སློབ་དཔོན་རྣམས་ཀྱིས་བཞེད་པ་འགའ་བྱུང་སྟེ། སློབ་དཔོན་བློ་གྲོས་བརྟན་པས་ནི་ཚིག་དེ་ལྔ་དངོས་པོ་ལྔ་དང་ངོ་བོ་ཉིད་གསུམ་དང་། གང་ཟག་གསུམ་གྱི་དབང་དུ་བྱས་པའི་སྦྱར་ཚུལ་གྱི་རྣམ་གཞག་གསུམ་གསུངས་པ་མདོར་བསྡུས་སུ་བརྗོད་ན་དངོས་པོ་ལྔ་པོ་འདིར་ཐེག་ཆེན་གྱི་བརྗོད་བྱ་ཀུན་འདུས་པས་དེ་དང་སྦྱར་ན། དངོས་པོ་ལྔ་ནི། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྔའོ། །དེ་ལས་དང་པོ་ཆོས་ཐམས་ཅད་མིང་གིས་བརྗོད་པ་ལྟར་འགྲོ་བ་རྣམས་དོན་དུ་ཞེན་ཀྱང་། མིང་ཙམ་ལས་བརྗོད་པ་ལྟར་དོན་མ་གྲུབ་པར་བསྒྲུབ་པར་བྱ་བ་དང་། རྒྱུ་མཚན་ནི་མིང་དུ་གདགས་པའི་རྒྱུ་མཚན་གཞན་དབང་གི་གཟུང་ཆར་སྣང་བ་རྣམས་ཡིན་ལ། དེ་སེམས་ཀྱི་དབང་གིས་སྣང་བའི་རྟེན་འབྲེལ་དུ་བྱེ་བྲག་ཏུ་ཤེས་པར་བྱ་བ་ཡིན་ནོ། །རྣམ་རྟོག་ནི་སེམས་སེམས་བྱུང་གི་རྣམ་པ་འཛིན་ཆར་སྣང་བ་སྟེ། རྣམ་ཤེས་ཚོགས་བརྒྱད་གཞན་དབང་དངོས་སོ། །དེའི་རང་བཞིན་གཏན་ལ་འབེབས་པའི་ཚུལ་གྱིས་བསམ་པར་བྱ་བ་ཡིན་ནོ། །དེ་གསུམ་དཔེ་སྔ་མ་གསུམ་དང་རིམ་པར་སྦྱར་རོ། །དེ་བཞིན་ཉིད་ཡོངས་གྲུབ་སྟེ། དེ་ནི་སོ་སོ་རང་རིག་མེད་པས་བསམ་གྱིས་མི་ཁྱབ་པ་ཡིན་ལ། ས་དང་པོར་དེ་བཞིན་ཉིད་མངོན་ཏུ་རྟོགས་ཚེ་བྱང་ཆུབ་ཐོབ་པར་
ངེས་པའི་འཕྲིན་ཡིག་ལེགས་པ་ཐོས་པ་ལྟར་དགའ་བ་སྐྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་གཙོ་བོར་གྱུར་པའི་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་རྣམས་ནི་དཔེ་ལྔ་པའི་བསྟན་བྱར་བཞེད་དེ། ཐེག་བསྡུས་ལས། ཡོངས་གྲུབ་ཅི་ལྟ་བུ་ཞེ་ན་རྣམ་པར་བྱང་བའི་ཆོས་བཞིས་ཤེས་པར་བྱ་སྟེ། རང་བཞིན་གྱི་རྣམ་བྱང་དེ་བཞིན་ཉིད། དྲི་མ་བྲལ་བའི་རྣམ་བྱང་དེ་བཞིན་ཉིད་དེ་སྒྲིབ་པ་ཐམས་ཅད་དང་བྲལ་བ། དེ་འཐོབ་བྱེད་ལམ་གྱི་རྣམ་བྱང་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་དེ་སྐྱེད་བྱེད་དམིགས་པ་རྣམ་པར་བྱང་བ་ནི་ཐེག་པ་ཆེན་པོའི་ཆོས་སོ་ཞེས་གསུངས་པ་ལྟ་བུའོ། །ངོ་བོ་ཉིད་གསུམ་གྱི་ཀུན་བརྟགས་མེད་པར་བསྒྲུབ་བྱ། གཞན་དབང་ལ་ཀུན་བྱང་གི་རྟེན་འབྲེལ་དང་། ངོ་བོ་ཉིད་དང་། ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བཞི་བྱེ་བྲག་ཏུ་ཤེས་པར་བྱ་བ་སོགས་བཞི་དང་སྦྱར་བར་མཛད་དོ། །གང་ཟག་གི་དབང་དུ་བྱས་ན། མི་ཤེས་པ་དང་། ཐེ་ཚོམ་ཅན་དང་། ལོག་ཤེས་ཅན་ལ་ལྟོས་ཏེ། དང་པོ་ཐེག་ཆེན་བཀར་བསྒྲུབ་ཚུལ་སོགས་གསུངས་ཀྱང་འདིར་མང་དོགས་ནས་མ་བརྗོད་དོ། །སློབ་དཔོན་ཛྙཱ་ན་ཤྲཱིས་བསྒྲུབ་པར་བྱ་བ་སོགས་ཀྱི་དོན་མིང་རྒྱུ་མཚན་སོགས་ལྔ་ལ་སྦྱར་བ་མི་འཐད་པར་བསྟན་ནས། རང་ལུགས་དོན་ཚུལ་ལྔ་པོ་གོང་མ་དོན་ཤེས་དོན་སྟོན་སོགས་ཀྱི་ཚིག་དང་སྦྱར་བ་དང་། འོག་མ་ཐེག་ཆེན་བཀའ་སྒྲུབ་སོགས་དང་སྦྱར་བ་གཉིས་ལས་འོག་མ་འདི་དབྱིག་གཉེན་གྱིས་བཞེད་པ་ཡིན་ཏེ། བསྒྲུབ་པར་བྱ་བ་ཐེག་ཆེན་བཀར་སྒྲུབ་པ་དང་། སེམས་བསྐྱེད་ཀྱི་ཡུལ་སྐྱབས་འགྲོ་མཆོག་ཏུ་
སྒྲུབ་པ་དང་། ཉེར་ལེན་གྱི་རྒྱུ་ཐེག་ཆེན་གྱི་རིགས་སྒྲུབ་པ་གསུམ། བྱེ་བྲག་ཏུ་ཤེས་བྱ་སེམས་བསྐྱེད་དང་། དོན་གཉིས་སྒྲུབ་པ་གཉིས། བསམ་བྱ་ཟབ་པ་དང་རྒྱ་ཆེ་བའི་དེ་ཁོ་ན་ཉིད་གཉིས་ལས་འདིར་ཟབ་པ། བསམ་གྱིས་མི་ཁྱབ་པ་མཐུ་ཡོངས་སྨིན་གཉིས། ཡོངས་སུ་གྲུབ་པ་བྱང་ཆུབ་བོ། །དེ་ལྟར་ཡིན་པའི་ཤེས་བྱེད་ནི་སྒྲུབ་པའི་སྐབས་ཀྱི་ཞེས་དང་། རིན་པོ་ཆེའི་སྣོད་ནི་ཕྱེ་བ་ལྟར་ཞེས་པའི་གཞུང་ཚིག་གིས་སོ། །སྡོམ་ཡང་དེ་ལྟར་བསྟན་ཏོ། །དེས་ཇི་ལྟར་བསླབ་པ། མོས་པ་ནས་གདམས་ངག་རྗེས་བསྟན་བར་རོ། །སྔ་མའི་འགྲོས་ཀྱིས་ཐེག་ཆེན་བཀར་སྒྲུབ་པས་མོས་པ་ནས་སྒྲུབ་པའི་བར་དང་། བྱེ་བྲག་ཤེས་བྱ་གདམས་ངག་རྗེས་བསྟན། བསམ་བྱ་རྒྱ་ཆེ་བའི་ཐབས་མཁས་ནི་བསྡུ་དངོས། ཕར་ཕྱིན། ཚད་མེད་མཆོད་བསྟེན་སོགས་དང་ལམ་བྱང་ཕྱོགས། བསམ་གྱིས་མི་ཁྱབ་པ་ཡོན་ཏན། ཡོངས་སུ་སྒྲུབ་པ་རྟོགས་པའི་དོན་མཐར་ཐུག་གི་སྐབས་སོ། །ཞེས་གསུངས་པ་དེ་དག་གང་ཡང་མཁས་མཆོག་རྣམས་ཀྱི་ལེགས་བཤད་ཡིན་མོད། འོན་ཀྱང་བསྟན་བཅོས་འདིའི་གཞུང་དོན་ཡོངས་རྫོགས་ལ་སྦྱར་བཏུབ་ཅིང་གོ་བདེ་བའི་དབང་དུ་བྱས་ན། བསྒྲུབ་པར་བྱ་བ་ནི་ཐེག་པ་ཆེན་པོས་བཀར་བསྒྲུབས་པས་གསེར་བརྡུངས་སུ་བྱས་ཏེ་རྒྱན་ཉིད་དུ་བསྒྲུབ་པ་ལྟར་དེ་བཀའ་ཉིད་དུ་མ་རྟོགས་ལོག་རྟོག་ཐེ་ཚོམ་དང་བྲལ་ཏེ་ཐེག་ཆེན་ལ་ལོངས་སྤྱོད་པའི་དགའ་བ་སྐྱེད་དོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་ཐེག་པ་ཆེན་པོའི་ཁྱད་ཆོས་ཏེ། གང་ཞེ་ན་སྐྱབས་འགྲོ་ནས་སྒྲུབ་པའི་བར་རོ། །དེ་ཡང་ཉན་ཐོས་རྣམས་ལའང་། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཐེག་དམན་གྱི་རིགས་
དང་ལྡན་པ་དང་། རང་དོན་ཞི་བདེའི་གོ་འཕང་དུ་སེམས་བསྐྱེད་པ། ལམ་བསླབ་པ་གསུམ་སྒྲུབ་པ་ཙམ་ཡོད་མོད་ཐེག་དམན་དེ་དག་གི་དམན་ལ་ཐེག་ཆེན་པས་ཁྱད་པར་འཕགས་ཚུལ་གྱི་བྱེ་བྲག་ཤེས་པས་ཐེག་ཆེན་གྱི་ལམ་ལ་སྤྲོ་བ་ལྷག་པར་རྙེད་པའི་ཕྱིར་པདྨ་ཟླུམ་པ་ཁ་ཕྱེ་བ་ལྟར་བློ་ཐེག་ཆེན་ལ་ཕྱོགས་པའི་དགའ་བ་བསྐྱེད་དོ། །དེ་ལྟར་ཐེག་པ་ཆེ་ཆུང་གི་བྱེ་བྲག་ཤེས་ནས། ཐེག་པ་ཆེན་པོ་ལ་འཇུག་པ་དེས་བསམ་པར་བྱ་བ་ནི། ཐེག་པ་ཆེན་པོ་ནས་བསྟན་པ་དེ་ཁོ་ན་ཉིད་ཀྱི་དོན་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་མཐུ་དང་། དབང་པོ་ཡོངས་སུ་སྨིན་པའི་ཚུལ་ལ་བསམ་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་ངེས་པ་རྙེད་པ་དང་། བྱང་ཆུབ་སེམས་དཔའི་དོན་གཉིས་སྒྲུབ་ནུས་པའི་མཐུ་དང་། དེ་འགྲུབ་བྱེད་དབང་པོ་ཡོངས་སུ་སྨིན་པའི་ཐབས་ལ་རང་ཉིད་འཇུག་པར་འགྱུར་ཏེ་ཟས་གཡོས་ལེགས་ཟ་བ་བཞིན་དུ་གང་ཟག་དེ་ཡང་དེ་ཁོ་ན་ཉིད་ཤེས་པ་དང་། མཐུ་ཆེན་པོ་སྒྲུབ་པ་དང་རང་གི་དབང་པོ་སྨིན་པའི་ཡོན་ཏན་ཅི་རིགས་ཐོབ་པ་ཉམས་སུ་མྱོང་བའི་དགའ་བ་བསྐྱེད་པས་སོ། །བསམ་གྱིས་མི་ཁྱབ་པ་ནི་བྱང་ཆུབ་ཡིན་ཏེ། སྤྱིར་དེ་ཁོ་ན་ཉིད་ཀྱང་སོ་སོ་རང་རིག་པ་མེད་པས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡིན་ཡང་། སྤྱི་མཚན་ཙམ་གྱི་སྒོ་ནས་ཐོས་བསམ་གྱིས་བསམ་པར་བྱ་བ་ཡིན་པར་འགལ་བ་མེད་ལ། དེ་བཞིན་དུ་བསམ་གྱིས་མི་ཁྱབ་པ་བཞི་གསུངས་པའི་ཡ་གྱལ་སངས་རྒྱས་ཀྱི་ཕྲིན་ལས་སོགས་བསམ་གྱིས་མི་ཁྱབ་པ་ནི་བསམ་མི་ཁྱབ་པ་རྣམས་ཀྱི་ནང་ནའང་དེ་བས་ཆེས་ལྷག་པ་མེད་པ་ཡིན་ཡང་། འདིར་བྱང་ཆུབ་དེའི་རང་བཞིན་གཏན་ལ་
ཕབ་པས་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་དེ་ལྟ་བུ་ཡང་ད་ལྟ་དེའི་ཡོན་ཏན་གྱི་ཆ་ཤས་ཙམ་མངོན་དུ་མ་གྱུར་ཀྱང་། ཐེག་པ་ཆེན་པོའི་ལམ་ལ་ཞུགས་ན་དེ་ནམ་ཞིག་འཐོབ་རུང་བར་ཤེས་པ་ནི་འཕྲིན་ཡིག་ལེགས་པར་ཐོས་པའམ་མཐོང་བ་འདྲ་སྟེ། རྒྱལ་པོ་སོགས་ཀྱི་འཕྲིན་ཡིག་ལས་ཁྱོད་ལ་བྱ་དགའ་སོགས་འདི་དང་འདི་ལྟ་བུ་བྱེད་དོ་ཞེས་པའི་འཕྲིན་ཐོས་ཚེ་བྱ་དགའ་དེ་ད་ལྟ་མངོན་དུ་མ་གྱུར་ཀྱང་། སླད་ནས་ཐོབ་ངེས་སོ་སྙམ་དུ་དགའ་བ་སྐྱེ་བ་བཞིན་ནོ། །དེ་ལྟར་བྱང་ཆུབ་དེ་ནི་ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་བསམ་གྱིས་མི་ཁྱབ་པ་ཡིན་ལ། དེ་ཉིད་སྒྲུབ་པར་བྱེད་པའི་རྒྱུ་ལམ་གྱི་ཆོས་ཐམས་ཅད་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ཡིན་པས་ན། བྱང་ཆུབ་ཀྱི་ལེའུའི་རྗེས་ཀྱི་ལེའུ་མཐའ་དག་ནི་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བའི་དཔེ་དང་སྦྱར་བ་བྱ་བ་ཡིན་ནོ། །བྱང་ཆུབ་ཀྱི་སྐབས་སུ་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བའི་དཔེ་དངོས་སུ་བསྟན་ཕྱིར། དཔེ་འདི་བྱང་ཕྱོགས་ཀྱི་ཆོས་ལ་སྦྱར་མི་རིགས་སྙམ་ན། ཤིན་ཏུ་རིགས་ཏེ་ལམ་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་འབྲས་བུ་བྱང་ཆུབ་ཉིད་ཡིན་པས། དེ་ནི་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བའི་དཔེས་བསྟན་བྱ་མཐར་ཐུག་ཡིན་ཀྱང་། སྐབས་འདིར་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་དེ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་སྐབས་ཡིན་པས། དཔེར་ན་འཕྲིན་ཡིག་ཏུ་ཁྱོད་ལ་རིན་པོ་ཆེ་དཔག་ཏུ་མེད་པས་ཡོངས་སུ་གང་བའི་སྒྲོམ་ཆེན་པོ་ཞིག་སྦྱིན་པར་བྱའོ་ཞེས་ཐོས་པ་དང་འདྲ་བའི་སྐབས་ཡིན་ཏེ། མི་སློབ་ལམ་ན་སྟོབས་སོགས་ཀྱི་ཡོན་ཏན་རིན་པོ་ཆེ་མ་ཚང་བ་མེད་པས་བཀང་བའི་སྒྲོམ་
ཁ་ཕྱེ་བ་ལྟར་སངས་རྒྱས་ལ་མངོན་དུ་གྱུར་པ་ཡིན་མོད་ཀྱི། སློབ་ལམ་པའི་གང་ཟག་གིས་དེ་ལྟར་ཡིན་པ་ཤེས་པར་བྱ་བ་ཙམ་ལས་མངོན་དུ་མ་གྱུར་པས་དེའི་རང་བཞིན་ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པ་ཡིན་ཀྱང་། དེ་བསམ་གྱིས་མི་ཁྱབ་པར་བསམ་པར་བྱ་བ་ཡིན་པ་ཡང་འགལ་བ་མེད་དོ། །དེ་ལྟར་བླ་མེད་བྱང་ཆུབ་ལ་དམིགས་ནས་དེ་འཐོབ་བྱེད་ཐོག་མར་མོས་པ་ནས་བརྩམས་ཏེ་ཟབ་ཅིང་རྒྱ་ཆེ་བ་ཡི་ལམ་མཐའ་དག་མ་ཚང་བ་མེད་པར་ཉམས་སུ་བླང་བའི་སྐབས་ན་ལམ་དང་ས་དེ་དང་དེའི་གནས་སྐབས་ཀྱི་ཡོན་ཏན་ཅི་རིགས་མངོན་དུ་གྱུར་པའི་ཚེ་ན། རིན་པོ་ཆེ་ཅི་རིགས་ལག་ཏུ་ཐོབ་པ་ལྟར་མངོན་དུ་གྱུར་པ་ཡིན་ཅིང་དེ་ལྟར་བྱང་སེམས་དེའི་ས་དང་ལམ་གྱི་ཡོན་ཏན་རྒྱ་ཇེ་ཆེར་འཕེལ་ནས་སངས་རྒྱས་ཀྱི་ས་ལ་ཐུག་པའི་བར་གྱི་ཡོན་ཏན་ཉམས་སུ་མྱོང་བ་ནི་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བ་མངོན་སུམ་སྤྱོད་ཡུལ་དུ་གྱུར་པ་དང་འདྲ་བ་ཡིན་པས་མོས་པ་ནས་འབྲས་ཆོས་ཀྱི་བར་དུ་བསྟན་པ་ཡིན་ནོ། །ཁ་ཅིག་འདི་སྙམ་དུ་སངས་རྒྱས་ཀྱི་གསུང་རྣམས་ནི་རང་བཞིན་གྱིས་ཚིག་དང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་པས་དེ་ལ་བསྟན་བཅོས་ཀྱིས་གསར་དུ་བརྒྱན་པར་བྱེད་ཅི་དགོས་སྙམ་ན། སྐྱེས་བུ་རང་བཞིན་གྱིས་གཟུགས་བཟང་བ་ཞིག་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ་ནི་དེ་དག་ངོ་བོ་ཉིད་ཀྱིས་སམ་རང་བཞིན་གྱིས་ཡོན་ཏན་ལྡན་པ་ཡིན་མོད་ཀྱི། དེ་ཉིད་རང་གི་ལུས་རྒྱན་དང་བཅས་པ་དེ་མེ་ལོང་དྭངས་པའི་ནང་དུ་སོན་པ་སྟེ་ཤར་བར་གྱུར་པ་དེ་མཐོང་ན། རང་གི་ལུས་དང་རྒྱན་མཛེས་པའི་རྣམ་པ་དེ་ལྟ་བུ་མཐོང་བའི་དབང་
གིས་མི་རྣམས་ལྷག་པར་རབ་ཏུ་དགའ་བའི་མཆོག་ཡིད་ལ་སྐྱེད་པ་དེ་བཞིན་དུ་སངས་རྒྱས་ཀྱིས་ལེགས་པར་གསུངས་པ་གང་ཞིག་ཐོག་མཐའ་བར་གསུམ་དུ་དགེ་ཞིང་ཚིག་དོན་ཕུན་སུམ་ཚོགས་པ་དང་ཚངས་སྤྱོད་ཀྱི་ཡོན་ཏན་བཞི་དང་ལྡན་པས་མཆོག་ཏུ་ཁྱད་པར་འཕགས་པའི་ཕྱིར། རྟག་ཏུ་རང་བཞིན་གྱི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཡི་ཆོས་དེ་དག་ཀྱང་བསྟན་བཅོས་འདིས་སངས་རྒྱས་ཀྱི་གསུང་སྣ་ཚོགས་པ་རྣམས་ཀྱི་དོན་རྒྱ་ཆེན་པོ་ཕྱོགས་གཅིག་ཏུ་བསྡུས་ཤིང་། གོ་རིམས་ལེགས་པར་བསྒྲིགས་ཏེ་ཟབ་མོ་རྟོགས་དཀའ་བའི་ཆ་རྣམས་རབ་ཏུ་རྣམ་པར་འབྱེད་པའི་སྒོ་ནས་རྒྱལ་བའི་དགོངས་དོན་སོ་སོར་མ་ནོར་བར་རྣམ་པར་ཕྱེས་པས་ན་བློ་ལྡན་མཁས་པ་རྣམས་ཀྱང་རྒྱལ་བའི་གསུང་གི་དོན་ལ་ངེས་པ་བདེ་བླག་ཏུ་རྙེད་ནས་བསྟན་བཅོས་འདི་ཐོས་པའི་གནས་སྐབས་འདི་ན་དགའ་བ་མཆོག་ཏུ་གྱུར་པ་སྐྱེད་དེ། མེ་ལོང་ནང་གི་གཟུགས་བརྙན་གྱིས་གཟུགས་བཟང་པོའི་ཡོན་ཏན་གསལ་བར་བྱེད་པ་བཞིན་ནོ། །དེའི་ཕྱིར་བསྟན་བཅོས་འདི་ནི་མདོ་སྡེ་རྣམས་ཀྱི་དགོངས་པ་གསལ་བར་བྱེད་པའི་རྒྱན་དུ་གྱུར་པ་ཡིན་ནོ། །གཉིས་པ་བསྟན་བཅོས་གཞུང་གི་དོན་ལ་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་བཤད་པ་དང་ལྔ་ལས།