ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་ཕྱི་ནང་གསང་སྒྲུབ་།
ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་ཕྱི་ནང་གསང་སྒྲུབ་བཞུགས་སོ། །
ན་མོ་བཛྲ་དྷཱ་རཱ་ཡ། འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས༔ ཁྲོ་རྒྱལ་འདི་ཡི་སྒྲུབ་པའི་གནས༔ གནམ་ས་གྲུ་གསུམ་བྲག་རི་ནི༔ མཐིང་ནག་ཤིང་དང་ཆུ་ཆེན་འཁྲུགས། སེམས་ཅན་སྣ་ཚོགས་སྐད་རིགས་སྒྲོགས༔ ཡང་ན་བདེ་ཞིང་ཉམས་དགའ་བ༔ མེ་ཏོག་སྔོན་པོ་སྐྱེ་བའི་གནས༔ དུར་ཁྲོད་ཤིང་གཅིག་ལ་སོགས་པར༔ རཏྣའི་དཀྱིལ་འཁོར་མདའ་གང་བྱ༔ དབུས་སུ་ཨེ་ལས་ཟླ་གམ་གསུམ༔ རྩིབས་བཞི་པདྨ་འདབ་བརྒྱད་བྱ༔ སྒོ་རྫོགས་རྡོ་རྗེ་མེ་རིས་མཚན༔ དེ་དབུས་གནམ་ལྕགས་རྡོ་རྗེའི་གཟུགས༔ གཏོར་མ་མཆོད་རྫས་བཤམ་པར་བྱ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ སྤྱི་གཏོར་བཀའ་བསྒོ་མཚམས་ཡང་བཅད༔ ཚད་མེད་བཞི་སོགས་སྔོན་སོང་ནས༔ ཨོཾ་ཨཱཿཧཱུྃ་ཞེས། དག་པ་
གསུམ་གྱི་སྔགས་བརྗོད་པས༔ ཉེས་སྒྲིབ་ཀུན་དག་སྟོང་པར་བསྒོམ༔ དེ་ནས་ཏིང་འཛིན་རིམ་པ་ནི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཆོས་རྣམས་སྟོང་པ་ཉིད་དུ་བསྒོམ༔ དེ་ནས་ཀུན་སྣང་ཏིང་འཛིན་ནི༔ ཀུན་ཁྱབ་སྙིང་རྗེ་ཆེན་པོར་བསྒོམ༔ དེ་ནས་རྒྱུ་ཡི་ཏིང་འཛིན་ནི༔ སེམས་ཉིད་ཡི་གེ་ཧཱུྃ་དུ་བསྒོམ༔ཧཱུྃ་ལས་རཾ་འཕྲོས་མེ་ཡིས་བསྲེག༔ ཡཾ་འཕྲོས་ཐམས་ཅད་རླུང་གིས་གཏོར༔ ཁཾ་འཕྲོས་ཆུ་ཡིས་ཐམས་ཅད་བཤལ༔ ཐམས་ཅད་སྟོང་པར་གྱུར་པ་ལས༔ ཧཱུྃ་ལས་ཨེ་འཕྲོས་ནམ་མཁར་གྱུར༔ ཡཾ་འཕྲོས་རླུང་གི་དལ་དུ་གྱུར༔ ར་འཕྲོས་རཀྟའི་རྒྱ་མཚོར་གྱུར༔ སུཾ་འཕྲོས་ཞིང་ཆེན་ས་གཞིར་གྱུར༔ ཀེཾ་འཕྲོས་རུས་པའི་རི་
རབ་གྱུར༔ བྷྲུྃ་འཕྲོས་རཏྣའི་གཞལ་ཡས་ཁང་༔ ཕྱི་ནི་རིན་ཆེན་སྣ་ལྔ་ལ༔ ནང་ནི་ཐོད་པའི་གཞལ་ཡས་ཁང་༔ ཕྱི་ནང་སྟོང་གསལ་འོད་ཟེར་འཕྲོ༔ སྒོ་བཞི་རི་རབ་ཆུ་སྲིན་དང་༔ ལྷ་སྲིན་སྦལ་པའི་བླུད་བུས་བྲེས༔ སྦྲུལ་གྱི་ཛ་དང་རིན་ཆེན་ཡོལ༔ ལྷ་ཀླུའི་ཀ་གདུང་གཟའ་བརྒྱད་ཕྱམ༔ རྒྱུ་སྐར་དྲལ་ལ་ཞིང་ཆེན་ཡོལ༔ ཙིཏྟའི་ཆུན་འཕྱང་རཀྟས་སྦྱར༔ མེ་རི་རྡོ་རྗེའི་ཀློང་དཀྱིལ་དེར༔ ཨེ་དབུས་མ་ལས་ཉི་མ་དང་༔ ཨ་ལས་ཟླ་བ་པདྨའི་སྟེང་༔ དྲེགས་པ་ཕོ་མོའི་གདན་སྟེང་དུ༔ ནམ་མཁའི་མཐོངས་ནས་ཧཱུྃ་བབ་སྟེ༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བརྗོད་གཏུམ་པོ་ཆེན་པོ་ནི༔ འཇིག་རྟེན་གསུམ་ལས་རྒྱལ་བའི་སྐུ༔ སྐུ་ཆེ་ཡན་ལག་རགས་པ་ལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་བསྡིག་མཛུབ་ཐུགས་ཀར་བརྟེན༔ དྲེགས་པ་ཕོ་མོའི་གདན་ལ་བཞུགས༔ གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་འགྱིང་༔ སྟག་གི་ལྤགས་པའི་ཤམ་ཐབས་ཅན༔ ཞལ་གདངས་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྡང་མིག་རབ་ཏུ་དམར༔ སྙན་ཆ་དང་ནི་དོ་ཤལ་དང་༔ ཕྱག་དང་ཞབས་ཀྱི་གདུ་བུ་རྣམས༔ ཞེ་སྡང་སྦྲུལ་གྱིས་རབ་ཏུ་བརྒྱན༔ བསྐལ་པའི་མེ་དཔུང་
ཀློང་ན་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཧཱུྃ་ལས་འོད་འཕྲོས་འཕགས་པ་མཆོད༔ དུས་གསུམ་སངས་རྒྱས་གཏུམ་པོར་གྱུར༔ ཚུར་འདུས་སྤྱི་བོར་ཐིམ་པ་ལས༔ དབང་བསྐུར་ཆུ་ལྷག་དབུ་རྒྱན་གྱུར༔ འདི་ཡན་ཆད་ཀྱིས་ཐོག་མར་མདུན་བསྐྱེད་བསྒོམ་པ་ལུགས་འདིའི་ཁྱད་པར་རོ། །དེ་ནས་བདག་བྱིན་གྱིས་བརླབས་ཏེ་བདག་བསྐྱེད་བསྒོམ་པ་ནི༔ བསྐྱེད་པའི་གཏུམ་པོའི་སྤྱི་བོ་ནས༔ ཨོཾ་འཕྲོས་བདག་གི་ལུས་ལ་ཕོག༔ ལུས་ཀྱི་སྒྲིབ་པ་དག་ནས་ནི༔ བདག་ཉིད་གཏུམ་པོར་གྱུར་པར་བསམ༔ ཨཱཿལས་འོད་འཕྲོས་ངག་ལ་ཕོག༔ ངག་གི་སྒྲིབ་པ་ཀུན་དག་ནས༔ ངག་སྒྲ་སྔགས་སུ་གྱུར་པར་བསམ༔ ཧཱུྃ་ལས་འོད་འཕྲོས་ཐུགས་ཀར་ཕོག༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཆོས་ཉིད་དོན་ལ་གནས་པར་བསྒོམ༔ བདག་གི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས༔ ཡེ་ཤེས་གཏུམ་པོའི་རྣམ་པར་བྱོན༔ ཛཿཧཱུྃ་བྃ་ཧོས་དབྱེར་མེད་གྱུར༔ དབང་བསྐུར་རིགས་ཀྱི་བདག་པོ་ནི༔ མི་བསྐྱོད་པ་ཡིས་མཚན་པར་གྱུར༔ སླར་ཡང་འོད་འཕྲོས་སྣོད་བཅུད་ཀུན༔ གཞལ་ཡས་ཁང་དང་ལྷ་རུ་གསལ༔ ཚུར་འདུས་རང་གི་ལུས་ལ་ནི༔ རྡོ་རྗེའི་གོ་ཁྲབ་གྱོན་པར་བསྒོམ༔
གཞན་ཡང་སྤྲོ་ན། སྟེང་འོག་ཕྱོགས་མཚམས་ཁྲོ་བོ་བཅུ༔ བར་ཁྱམས་ཀླུ་བརྒྱད་གཟའ་ཆེན་བརྒྱད༔ ཕྱོགས་སྐྱོང་བཅུ་སོགས་བཀའ་ཉན་གསལ༔ བདག་མདུན་ཐུགས་ནས་འོད་འཕྲོས་པས༔དབྱིངས་ནས་ཡེ་ཤེས་སྤྱན་དྲང་བསྟིམ༔ མཆོད་དང་བསྟོད་པ་དག་ཀྱང་བྱ། བཟླས་པ་ནི། བདག་དང་མདུན་དུ་བཞུགས་པ་ཡི༔ གཏུམ་པོ་ཉིད་ཀྱི་ཐུགས་ཀ་རུ༔ རྡོ་རྗེ་མཐིང་ནག་སེན་གང་ཙམ༔ དེ་དཀྱིལ་ཟླ་བའི་གདན་ལ་ནི༔ མཐིང་ནག་ཧཱུྃ་ནི་ནས་ཙམ་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསམ༔ བཟླས་པས་འོད་ཟེར་ཁྲོ་བོ་ཁྱུང་༔ མཚོན་ཆ་མེ་རི་འཕྲོས་པ་ཡིས༔ སྟོང་གསུམ་ཁམས་གང་དགྲ་བགེགས་བསྲེགས༔ སྣང་སྲིད་ལྷ་སྔགས་ཆོས་སྐུའི་ངང་༔ དེ་ལྟར་གསལ་བསྙེན་སྔགས་འདི་བཟླས༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ རྩ་བའི་གསང་སྔགས་འབྲུ་བཅུ་གཉིས་པ་འབུམ་ཕྲག་གསུམ་དང་ཉེར་གཅིག་བཟླ་བ་ནི་བསྙེན་ཚད་དོ། །རྟགས་ནི་འོག་ནས་བཤད་པ་བཞིན་ནོ། །དེ་དག་བསྙེན་པའི་རིམ་པའོ། །དེ་ནས་ཐུན་མཐར་སྒྲུབ་སྔགས་བཟླ་བ་ནི། མདུན་བསྐྱེད་རང་ལ་བསྡུ་བྱས་ལ༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔ ཁྲོ་ཁྱུང་མེ་མཚོན་འོད་འཕྲོས་པས༔ ཀླུ་གདོན་ལ་སོགས་ཚར་བཅད་གྱུར༔ སྔགས་ཤམ་དུ། ཨོཾ་ཉི་མ་པ་ལ་ནན༔ ཡཀྴ་ཙིཏྟ་མུ་ཏྲ་བཟློག་བྱེར༔ ནཱ་ག་ཤིག༔ ནཱ་ག་བཟློག༔
ནཱ་ག་བྱེར༔ ནཱ་ག་སྙིང་ལ་ནན༔ ནཱ་ག་མགོ་ལ་ནན༔ ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླའོ༔ དེ་ལྟར་སྒྲུབ་པའི་རྟགས་མཆོག་ནི༔ རབ་ནི་མཁའ་འགྲོ་ཐང་ལ་ལྷུང་༔ འབྲིང་ནི་སྲོག་ཆགས་མྱོས་པ་ཡིན༔ ཐ་མ་རྨི་ལྟས་བཟང་པོར་སྟོན༔ རྟགས་བྱུང་ལས་ལ་སྦྱར་བྱ་སྟེ༔ ལས་སྦྱོར་གཞན་དུ་ཤེས་པར་བྱ༔ ཞེས་གསུང་། འདིར་རྦོད་གཏོང་བཟློག་ན༔ ཉི་ཞེས་པ་ནི་ཞེས་སུ་བསྒྱུར༔ ནཱ་ག་ཞེས་པའི་ཚབ་ཏུ་རྦོད་གཏོང་ཞེས་གཞུག་པས་འགྲུབ་བོ༔ གཞན་ཡང་སྡེ་བརྒྱད་འདུལ་བའི་ཤམ་བུ་སོགས་ཁ་བསྒྱུར་དང་མན་ངག་རྣམས་ཀྱང་ཤེས་པར་བྱའོ༔ འདི་ནི་ཕྱི་ལྟར་སྒྲུབ་པ་སྟེ༔ སྤྲོས་ལ་དགའ་བས་ཉམས་སུ་ལོངས༔ འདི་ལ་ཡོན་ཏན་བརྗོད་མི་ལང་༔ དྲེགས་པ་ཅན་རྣམས་དབང་དུ་སྡུད༔ ས་བདག་གཟའ་དང་ཀླུ་གཉན་བདུད༔ རྒྱལ་པོ་ལ་སོགས་སྡེ་བརྒྱད་ཚོགས༔ གནོད་པར་མི་འགྱུར་བྲན་དུ་འགྱུར༔ ཞེས་གསུངས་ཤིང་དེ་ལྟར་ཕྱི་སྒྲུབ་ཀྱི་བསྙེན་སྒྲུབ་ཐེམས་ནས་དེའི་ལས་ཚོགས་སེར་འབེབ་ནས་རྡོ་རྗེའི་ལས་མཐའ་བར་བཅུ་བཞི་པོ་དག་ཀྱང་བདེ་བླག་ཏུ་འགྲུབ་པ་ཡིན་ནོ༔ གཉིས་པ་ནང་སྒྲུབ་གཏུམ་པོའི་གསང་སྔགས་ཁྱུང་ཤམ་ཅན་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཧཱུྃ་ལས་བདག་ཉིད་གཏུམ་པོ་ནི༔ ཤིན་ཏུ་ཁྲོས་པ་གཤིན་རྗེའི་གཟུགས༔ གདུག་
པའི་སྟེང་ན་བརྐྱང་བསྐུམ་བཞུགས༔ མཐིང་ནག་རྔམ་པ་ཕྱག་གཡས་རྡོ་རྗེ་ཕྱར༔ གཡོན་པ་བསྡིག་མཛུབ་ཁྱུང་གི་བྱ་ཁྲ་འགྱེད༔ ཟླ་རྒྱས་ཞལ་ལ་རྔམ་པའི་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་བསྐལ་པའི་མེ་ལྟར་འབར༔ སྨ་ར་སྨིན་མ་ཨག་ཚོམ་ཤིན་ཏུ་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཁྲོ་གཉེར་རབ་ཏུ་བརྗིད༔ དབུ་སྐྲ་ཁམ་ནག་གྱེན་བརྫེས་སྤྲུལ་གྱིས་བརྒྱན༔ རིགས་ལྔས་དབུ་བརྒྱན་དུར་ཁྲོད་ཆས་བརྒྱད་གསོལ༔ མེ་དཔུང་དཀྱིལ་བཞུགས་ཐུགས་ཀར་ཉི་མའི་སྟེང་༔ རྡོ་རྗེའི་ལྟེ་བར་ཧཱུྃ་ལ་རྩ་སྔགས་བསྐོར༔ གཡས་སུ་འཁོར་ཞིང་འོད་ཟེར་ཞལ་ནས་ཐོན༔ འཕགས་མཆོད་འགྲོ་བའི་སྒྲིབ་སྦྱངས་སྣང་སྲིད་ཀུན༔ ལྷ་སྔགས་ཆོས་སྐུའི་རང་བཞིན་དངོས་གྲུབ་བཅུད༔ ཚུར་འདུས་རང་གི་ཐུགས་སྲོག་དག་ལ་ཐིམ༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བསྙེན་པ་འབུམ་ཕྲག་གཅིག་ཏུ་བཟླས་པས་འགྲུབ༔ དེ་ལ་རྟགས་ཀྱི་རིམ་པ་འབྱུང་བ་ནི༔ རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ གཏུམ་པོ་དང་ནི་ཁྱུང་གི་ཞལ་མཐོང་དང་༔ རི་བོ་བང་འདེགས་ཉི་ཟླ་ཀླད་ལ་བསྐོར༔ མེ་འབར་མཚོ་སྐེམ་ཀླུ་ཚོགས་བསད་པ་དང་༔ གདུག་པ་བཏུལ་ནས་བདག་ཉིད་རྒྱལ་བ་དང་༔ ཆོ་འཕྲུལ་ཆེ་ཞིང་དེ་ནས་ཞི༔ ཁྱུང་ལ་རྟ་བྱས་མཁའ་ལ་འཕུར་བ་དང་༔ ཉམས་
དགའ་རིག་པ་དྭངས་ཤིང་ངར་སྐྱེས་དང་༔ ཤ་ཁྲག་དམར་ཉོག་མི་རྟ་བསད་པ་འབྱུང་༔ དེ་ལྟར་བྱུང་ནས་ལས་སྦྱོར་བྱ་བ་ནི༔ ཕྱག་གཡས་ཁྱུང་གི་སྤྱི་བོར་བཞག་པར་བསྒོམ༔ སྙིང་གའི་ཧཱུྃ་ལས་འོད་འཕྲོས་རྡོ་རྗེའི་ལྟེ་བར་ཕོག༔ དེ་ལས་འོད་འཕྲོས་འཕགས་ལ་མཉེས་མཆོད་འབུལ༔ ཚུར་འདུས་རྡོ་རྗེའི་ལྟེ་བར་ཧཱུྃ་ལ་ཕོག༔ དེ་ལས་འོད་འཕྲོས་ཁྱུང་གི་སྤྱི་བོར་ཐིམ༔ འོད་འཕྲོས་ཁྲོ་བོ་ཁྱུང་ཚོགས་དཔག་མེད་ཀྱིས༔ གནོད་བྱེད་བཀུག་ནས་ལིང་ག་དག་ལ་བསྟིམ༔ ལྷ་འདྲེ་མི་གསུམ་གང་གནོད་ལིངྒ་བྲི༔ བྲུབས་ཁུང་ཐོད་པ་མཚན་ངན་ནང་དུ་བཅུག༔ འགུག་གཞུག་བྱ་ཞིང་དུག་ཁྲག་ཐུན་གྱིས་བྲབས༔ སྔགས་རྒོད་འདི་ཡིས་དྲག་ཏུ་གཟིར་བར་བྱ༔ ཧཱུཾ་ཕཊ་ཥ་ཎ་རོ་མ་ཧཱ་ཙཎྚ་ག་རུ་ཊ་དྷེ་ཝ་ཐོན་ཕྱུང་༔ ནཱ་ག་ས་ས་ག་པ་ཤའི་ཀྱང་། གའི་སྙིང་ལ་གཟིར༔ གནོད་བྱེད་འབྱུང་པོ་ཐུམས་རི་ལི་ལི་རྦད༔ དེ་ཡིས་སོད་དང་ཐུབ་པའི་རྟགས་མེད་ན༔ དྲག་སྔགས་སུམ་ཅུ་སོ་དགུ་པ་ཡིས་བྲབས༔ ནཱ་ག་ཙནྡྷ་ཚལ་བ་ཨུད་ཀ་ར་ཏེ༔ ནཱ་ག་ཙིཏྟ་ཤག་ཏི་ཚལ་བ་ནན༔ ནཱ་ག་ཀྲོ་ཏ་ར་ཙི་ཏའང་། ཙ༔ ཡ་ཡ་ཤིཾ་ཤི་ནན་ནན༔ དུལ་དུལ་རྦུད་རྦུད་ཐུམས་རི་ལི་ལི་ཛཿ བསྒྲུབ་བྱའི་གཟུགས་ལ་དུག་ཁྲག་ཆར་ཕབ་ནས༔ མཚོན་ཆས་གདབ་ལ་ནུབ་ཀྱི་མཆོད་རྟེན་འོག་ཏུ་མནན༔ ཐོད་པའི་ལིང་ག་སྔོ་དམར་རྒྱ་གྲམ་བཅིང་༔ རྫོགས་རིམ་རང་དང་ལྷ་གཉིས་དབྱེར་མེད་
དེཿ གནོན་ནས་ལྷན་སྐྱེས་འཇའ་ཚོན་ལྟ་བུར་ཤེས་པར་བྱ༔ མཆོད་བསྟོད་མི་དགོས་རང་དང་ལྷན་ཅིག་སྐྱེས༔ ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པར་གནས༔ ཐུན་མཚམས་གཏོར་མ་གཏོང་ན་རྒྱུད་ཀྱི་སྔགས་ཀྱིས་འབུལ་བར་བྱའོ༔ རྒྱལ་པོ་གཟིར་ན་སྔགས་ཤམ་དུ༔ ཨོཾ་བཛྲ་བཛྲ་ཀྲོ་ཏ་ཀྲོ་ཏ་རཱ་ཙ་སི་ཏི་ཨ་མྲྀ་ཏ་ཧཱུྃ་ཕཊཿ ར་ཙ་སི་ཏི་ས་མ་ཡ་ཐིབ་ཛཿར་ཙ་ཨ་ཧོ་བྷྲཱུྃ་རྦད༔ ཤེ་མ་རུ་ཏི་མ་ཧོ་ཛཿཞེས་བཏགས་ལ་བཟླས་རྟགས་བྱུང་ན་མནན་པ་གོང་བཞིན་བྱའོ། །དེ་ལྟར་ནང་སྒྲུབ་ཀྱི་བསྙེན་པ་ཐེམ་ནས། བུམ་ཁྲུས་ནད་གསོ། སྤུ་གྲི་རེག་ཆོད། གཟའ་རྒོད། སྡེ་བརྒྱད་ཛམ་དམར། བསྐྲད་དབྱེ་འགོམ་ཆོག་རྣམས་གང་འདོད་འགྲུབ་བོ། །གསུམ་པ་གསང་སྒྲུབ་ལ། ལྷ་སྔགས་རྫོགས་རིམ་གྱི་རྣལ་འབྱོར་གསུམ་ལས། དང་པོ་ནི། དབེན་པའི་གནས་སུ་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས༔ སྟོང་པར་སྦྱང་ལ། སྟོང་པའི་ངང་ནས་རང་ཐ་མལ་པའི་ཐུགས་ཀར་ཧཱུྃ་མཐིང་ནག་དྭངས་མ་སྨུག་ནག་ལས་འོད་ཟེར་འཕྲོས་པས་མེ་འབར་ལུས་མགོ་མཇུག་ཏུ་ཁྱབ་པས༔ བདག་ཉིད་སྐད་ཅིག་གིས་གཏུམ་པོ་ཡབ་ཡུམ་དུ་གྱུར་ཏེ་པདྨ་ཉི་ཟླ་དྲེགས་པའི་གདན་ལ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཞབས་ཕྱེད་སྐྱིལ་དུ་བཞུགས་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་འབར་ཞིང་སྤྱན་གསུམ་སྡང་མིག་དམར་ལ་འཁྲུགས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་
དཔྲལ་བར་བསྡུས་པ༔ སྨ་ར་སྨིན་མ་ཨག་ཚོམ་སེར་བ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ༔ ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན་པ༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཡུམ་ལ་འཁྱུད་པ༔ མི་མགོའི་དོ་ཤལ་སྟག་ལྤགས་རློན་པའི་ཤམ་ཐབས་མི་ལྤགས་ཀྱི་གཡང་གཞི་སྐུ་ལ་གསོལ་བ༔ གླང་ཆེན་གྱི་ཀོ་རློན་སྟོད་ན་གཡོགས་པ༔ ཐལ་ཆེན་གྱི་ཚོམ་བུས་སྨིན་མཚམས་སུ་མཛེས་པར་བྱས་པ༔ རཀྟའི་ཐིག་ལེས་བརྒྱན་པ༔ ལྟོ་བ་ལ་ཞག་གི་ཟོ་རིས་བྱས་པ༔ སྐུ་ཁྲོ་ཞིང་སྒེག་པ༔ གསང་བའི་ཡུམ་དབྱིངས་ཕྱུག་ལྗང་དམར་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་བནྡྷ་ཡབ་ལ་འཁྱུད་པ༔ གཡོན་དྲིལ་བུ་སྐུ་ལ་བརྟེན་པ༔ ཞབས་གཉིས་ཡབ་ཀྱི་སྐུ་ལ་འཁྲིལ་བ༔ ཁྲོ་མོ་སྤྱན་གསུམ་རུས་པའི་རྒྱན་གྱིས་བརྒྱན་པ༔ ཡབ་ཡུམ་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ དམ་ཚིག་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསྒོམ༔ གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི༔ ཐུགས་ཀའི་ཧཱུྃ་དྭངས་མ་ལ་སྔགས་ཀྱིས་བསྐོར་བ་དེ༔ ཡབ་ཀྱི་ཞལ་ནས་འཐོན་ཡུམ་གྱི་ཞལ་དུ་ཞུགས༔ དབུ་མའི་ནང་ནས་མར་སོང་སྟེ་བྷ་ག་ལ་བདེ་བ་དང་བཅས་ནས་འཐོན༔ གསང་བ་ནོར་བུའི་ནང་ནས་ཡར་འཐོན་ཏེ་མགལ་མེ་ལྟར་འཁོར་བར་བསམས་ལ༔ ཨོཾ་བཛྲ་
ཙནྡྲ་མ་ཧཱ་རོ་ཥ་ཎ་མ་མ་པི་ཏི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བསྙེན་པའི་གྲངས་ཚད་ཕྱི་སྒྲུབ་དང་འདྲ། གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་ནི༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་གཏུམ་པོ་ཡབ་ཡུམ༔ སྣང་གྲགས་ཐམས་ཅད་བདེ་སྟོང་གསལ་སྟོང་རིག་སྟོང་གྲག་སྟོང་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ངང་ལ་བཞག་གོ༔ དེའི་ཕྱིར་བསྐྱེད་བསྟིམ་དང་ཉེར་བསྡུ་སོགས་མི་དགོས་པར་རང་བཞིན་ལྷུན་གྲུབ་ཏུ་གསལ་བཏབ་བོ༔ རྟགས་ནི་ལུས་བདེ་ངག་ལ་ནུས་པ་འབྱུང་༔ སེམས་ལ་བདེ་གསལ་མི་རྟོག་སྐྱེ༔ ཞལ་སྟོན་ལུང་བསྟན་ཆོས་འཆད་མངོན་ཤེས་འཆར༔ ནུས་པ་དྲག་པོའི་དངོས་གྲུབ་འབྱུང་༔ ཚེ་གཅིག་ལ་གཏུམ་པོའི་གོ་འཕང་ལ་གནས་ཤི་དུས་འཇའ་དང་རིང་བསྲེལ་སྐུ་གདུང་འབྱུང་ངོ་། །བསྙེན་པ་ཐེམས་ནས། ཡབ་ཡུམ་གྱི་གནས་ལྔར་སྤྱི་བོར་སངས་རྒྱས་མཁའ་འགྲོ་ཡབ་ཡུམ༔ མགྲིན་པར་རིན་ཆེན་མཁའ་འགྲོ་ཡབ་ཡུམ༔ སྙིང་གར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ༔ ལྟེ་བར་པདྨ་མཁའ་འགྲོ་ཡབ་ཡུམ༔ གསང་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གསལ་ཞིང་དེ་དག་གི་ཐུགས་ཀར་སོ་སོའི་ས་བོན་གྱིས་མཚན་པ་ལས་འོད་འཕྲོས་པས་ཞི་རྒྱས་དབང་དྲག་གི་སྤྲོ་བསྡུ་བྱ་ཞིང་སྔགས་ཤམ་དུ། ཧ་རི་ནི་ས་ར་ཙ་ཧྲིཿཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ ཤནྟིང་ཀུ་རུ་སིདྡྷི་ཧཱུྃཿ པུཥྚིཾ་ཀུ་རུ་སིདྡྷི་ཧཱུྃ༔
ཝ་ཤཾ་ཀུ་རུ་སིདྡྷི་ཧཱུྃ༔ མཱ་ར་ཡ་སིདྡྷི་ཧཱུྃ༔ ཞེས་མང་དུ་བཟླས་པས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ། ཕྲིན་ལས་ཀུན་སྒྲུབ་ལུས་དང་གྲིབ་བཞིན་འགྲོགས་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་འགྱུར་རོ། །སྐབས་སུ་ཞི་རྒྱས་དབང་དྲག་དང་མཐུན་པའི་ཐབ་ཀྱི་དལ་བྲིས་ལ་ལས་མཐུན་ཤིང་དང་ཚོགས་གཏོར་སོ་སོར་བཤམས། མེ་ནང་གཏུམ་པོ་ཡབ་ཡུམ་དཔའ་བོ་མཁའ་འགྲོ་འཁོར་བཅས་བསྐྱེད། བསྲེག་རྫས་བདུད་རྩིར་བསམ་ལ་མེ་མཆོད་དུ་ཕུལ་བས་ཕྲིན་ལས་ཐོགས་པ་མེད་པར་དོན་ཀུན་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །གཞན་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་འདོད་ན་གཞུང་དུ་ལྟ་བར་བྱ་ཞིང་། འདི་ནི་རྩ་བའི་སྒྲུབ་པ་ཕྱི་ནང་གསང་གསུམ་གྱི་ཚུལ་ལས་འབྲེལ་རྩལ་དང་པདྨ་གླིང་པའི་གཏེར་ཁ་གོང་འོག་མཐུན་པར་བྱུང་བའི་ཟབ་གཏེར་རྡོ་རྗེའི་ཚིག་ཁོ་ན་སོར་བཞག་བར་སྐབས་མཚམས་སྦྱོར་ཅུང་ཟད་བཅས་ཕྱོགས་གཅིག་ཏུ་མི་ཕམ་རྣམ་པར་རྒྱལ་བས་རབ་ཚེས་ཐམས་ཅད་འདུལ་གྱི་མགོ་ཟླའི་དམར་ཕྱོགས་ཚེས་བཅུ་གཉིས་ལ་བྲིས་པས་འགྲོ་བ་ཀུན་གྱིས་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གྱུར་ཅིག །མངྒ་ལཾ།། ༈ །།ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་རྒྱུན་ཁྱེར་ཡང་སྙིང་བཞུགས། སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཧཱུྃ་ལས་བདག་ཉིད་གཏུམ་པོ་ནི༔ མཐིང་
ནག་ཕྱག་གཡས་རྡོ་རྗེ་ཕྱར༔ གཡོན་པ་བསྡིག་མཛུབ་ཐུགས་ཀར་བརྟེན༔ སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས༔ ཤིན་ཏུ་ཁྲོས་པ་གཤིན་རྗེའི་གཟུགས༔ གདུག་པའི་སྟེང་ན་བརྐྱང་བསྐུམ་བཞུགས༔ དུར་ཁྲོད་ཆས་རྫོགས་མེ་གློང་ཀོང་འགྱིངས༔ ཐུགས་ཀར་ཉི་སྟེང་རྡོ་རྗེའི་དབུས༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འཕྲོ་འདུའི་དམིགས་པ་དང་བཅས་ཏེ། བཟླས་པ་ཆུ་བོའི་རྒྱུན་བཞིན་བྱ། ཀླུ་གདོན་གཟིར་ན་སྔགས་ཤམ་དུ། ཁྱུང་སྔགས་ཤམ་བུ་དང་བཅས་པ། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་དུ༔ ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཞེས་བཏགས་དམིགས་པས་གཟིར་བས་འགྲུབ། སེམས་ཉིད་ཡེ་ནས་འོད་གསལ་ངང་༔ འཁོར་འདས་ཆོས་ཀུན་འུབ་ཆུབ་པའི༔ འགྱུར་མེད་རིག་པ་རྡོ་རྗེ་འཛིན༔ ཡེ་ནས་སྤྲོ་བསྡུ་བྲལ་བར་ལྟ༔ རྡོ་རྗེ་འཛིན་པ་ཚེ་འདིར་འགྲུབ༔ ས་མ་ཡཱ༔ དྲེགས་པ་ཀུན་འདུལ་གྱི་སྒྲུབ་ཐབས་སྙིང་པོར་ཕྱུངས་པ་འཇམ་དཔལ་དགྱེས་པའི་བློ་མཚོ་ལས་ཐོན་པའོ། །མངྒ་ལཾ། ༈ དྲེགས་འདུལ་གྱི་ཚོགས་བཞུགས་སོ། །སླ་ཨ་སྲ༔ བཛྲ་པ་ཎི་ལ་ན་མོ། དེ་ནས་ཚོགས་མཆོད་བྱ་བ་ནི༔ ཚོགས་བཤམས་ལ༔ དང་པོ་ཕྲིན་ལས་གདབས་པ་ནི༔ ཧོ་དགོངས་སུ་གསོལ༔ ཆོས་ཀྱི་སྐུ་ལས་འགྲོ་བ་འདུལ་
བའི་དོན་དུ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡབ་ཡུམ༔ འཇིགས་བྱེད་ཁྲོ་བཅུ་ཡབ་ཡུམ༔ སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ་ཞེས་བྱའོ༔གཉིས་པ་ཚོགས་བཤམས་ཤིང་བྱིན་གྱིས་བརླབ་པ་ནི༔ བདུད་རྩི་ཚོགས་ལ་གཏོར་ཞིང་བསང་༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རྃ་ལས་མེ་བྱུང་དངོས་འཛིན་བསྲེག༔ ཡྃ་ལས་རླུང་བྱུང་བག་ཆགས་གཏོར༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་དག༔ ཡང་ཅིག་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བརླབས༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་སྤེལ༔ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ གསུམ་པ་ཡུལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་གྲུ་གསུམ་དཀྱིལ་འཁོར་ནས༔བཅོམ་ལྡན་དཔལ་ཆེན་དྲེགས་འདུལ་ཡབ་ཡུམ་ཀྱང་༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མེ་དཔུང་དྲེགས་པ་བསྣོལ་བའི་ཁྲི་སྟེང་ནས༔ ཁྲོ་རྒྱལ་ཡབ་ཡུམ་བཅུ་དང་སྦྲུལ་པར་བཅས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སངས་རྒྱས་བསྟན་པ་སྲུང་བའི་ཞིང་ཁམས་ནས༔ བཀའ་དང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ ལོངས་སྤྱོད་ཚོགས་
ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཞི་པ་ཚོགས་མཆོད་ཅིང་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ རྡོ་རྗེ་གཏུམ་པོ་ཡབ་ཡུམ་ཁྲོ་བཅུར་བཅས༔ སྤྲུལ་པ་ཡང་སྤྲུལ་མ་ལུས་འཁོར་བཅས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ་ལོ་བཞེས༔ གཞན་ཡང་བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་ནོར་ལྷ་གཏེར་དང་གཞི་བདག་ལ༔ ལོངས་སྤྱོད་ཚོགས༔ ཨོཾ་ཨཱཿཧཱུྃཿ མ་ཧཱ་ག་ཎ་ཙཀྲ་ཨེ་དཾ་དུཥྚཾ་བ་ལིངྟ་ཁཱ་ཧི་པྲ་ཏི་ཙ་ཧོཿཤྲཱི་པཉྩ་ཁཱ་ཧི༔ མ་ཧཱ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་མ་ཧཱ་རི་ཏི་དཔྱད། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ལྔ་པ་བསྐང་བཤགས་བྱ་བ་ནི༔ ཚོགས་ཕུད་གཙང་བར་བསགས་ལ༔ ཧཱུྃ༔ བསྐང་ངོ་ཀལ་པས་ཐུགས་དམ་བསྐང་༔ ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡབ་ཡུམ་དང་༔ འཇིགས་བྱེད་ཁྲོ་བོ་ཕ་བཅུ་མ་བཅུ་དང་༔ ཡང་སྤྲུལ་ཌཱ་ཀི་སྲུང་མ་འཁོར་བཅས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཁྲོ་རྒྱལ་ཡབ་ཡུམ་ཐུགས་དང་ཅི་འགལ་བ༔ ཚོགས་ཀྱི་མཆོད་པས་ཐུགས་དམ་སོ་སོར་བཤགས༔
དྲུག་པ་ལིངྒ་བསྒྲལ་བསྟབས་ལ་མང་དུ་བཤད་ཀྱང་ནུབ་གཅིག་གི་ཕྲིན་ལས་ཀྱི་སྐབས་སུ་ཚོགས་ཕུད་ཐ་མར་དམིགས་བྱའི་རཱུ་ པ་བྱས་ཏེ། བཛྲ་ཨཾ་གུ་ཤ་ཛཿཞེས་པས་གང ་ཡིན་པའི་ཤེས་པ་དགུག བཛྲ་པཱ་ཤ་ཧཱུྃ༔ ཞེས་པས་བཅིང་། བཛྲ་སྥོ་ཊ་བྃ༔ ཞེས་པས་ལྕགས་སྒྲོག་གིས་བསྡམ༔ བཛྲ་གྷནྡྷེ་ཧོ༔ ཞེས་པས་དྲིལ་བུས་དབྱེར་མེད་བསྲེས་ལ་གདབ་ལས་བྱ་སྟེ། དེ་ཡང་བསྡུས་པར་བྱ་ན། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤོ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཕོབ་ཅིང་རྣམ་པར་གཟིར་བར་གྱིས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རིང་པར་ཁུག་ལ་སྨྱོ་རུ་ཆུག༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གདབ་ལས་བྱས་ལ། ཨོཾ་ཨཱཿཧཱུྃ༔ ཧཱུྃཿ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་རྣམས༔ དགྲ་བགེགས་བསྒྲལ་
བའི་ཤ་ཁྲག་རུས༔ ཞལ་དུ་བསྟིམ་མོ་ཁ་རཾ་ཁཱ་ཧི༔ ༈ ལྷག་མ་ནི། ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དབང་ཕྱུག་མ་སྲིང་མཁའ་འགྲོ་དང་༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ གནས་བཟང་དེ་ནི་དུར་ཁྲོད་འཛིན༔ གོས་བཟང་དེ་ནི་གཡང་གཞི་གྱོན༔ སྐྱོགས་བཟང་དེ་ནི་བྷནྡྷ་ཐོགས༔ ཟས་སུ་ཤ་དང་ཁྲག་ལ་བྱེད༔ ལྷག་ལ་དབང་བའི་ཚོགས་རྣམས་ཀུན༔ ཨོ་རྒྱན་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཥྩི་ཏ་བ་ལིངྟ་གྲྀ་ཧྞ་ཁཱ་ཧིཿཆད་བརྟན་སོགས་རྗེས་ཆོག་སྤྱི་ལྟར་བྱ། རྒྱས་པར་ཆོ་གའི་ཡན་ལག་སྒྲུབ་ཆེན་ཁོག་དབུབ་དང་ཆད་བརྟན་སོགས་ཕྱག་རྡོར་ཐུགས་སྒྲུབ་ནས་བླང་སྟེབྱའོ། །དགེའོ། ༈ །ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་ཐུན་མཚམས་གཏོར་འབུལ་ནི། གཏོར་མ་བྱིན་གྱིས་བརླབས་ལ་སྔགས་འདིས་འབུལ། ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་བ་ལིངྟ་ཨི་དཾ་གྲཱི་ཧྞ་ཁཱ་ཧི་ཁཱ་ཧི་ཙཀྲ་ནི་སྭཱ་ཧཱཿ ཞེས་ལྔའམ་བདུན་གྱིས་ཕུལ་ལ་བསྟོད་ཅིང་གསོལ་བ་གདབ་པར་བྱ་སྟེ། གཏུམ་པོའི་བསྐུལ་བྱང་ནི། ཧཱུྃ༔ རང་བཞིན་ཆོས་ཉིད་སྟོང་གསལ་དབྱིངས་ཆེན་ལས༔ རང་བཞིན་ལྷན་སྐྱེས་སྤྱན་འདྲེན་མི་དགོས་ཀྱང་༔ ཐུགས་རྗེའི་རང་རྩལ་འགྲོ་བའི་དོན་སླད་དུ༔ ཆུ་སྲིན་གཞལ་ཡས་བྱ་ཁྱུང་བླ་རེས་ནི༔ ཀླུ་གཉན་པདྨ་ཉི་ཟླའི་གདན་
ལ་བཞུགས༔ རྣམ་དག་མོས་པའི་ཡིད་ཀྱིས་ཕྱག་འཚལ་ལོཿ འདོད་ཡོན་ལྔ་ཡི་མཆོད་པ་འབུལ་ལོ་བཞེས༔ ཧཱུྃ༔ བདུད་འདུལ་ཁྲོ་རྒྱལ་ཡབ་ཡུམ་གཏུམ་པོ་མཁའ་འགྲོའི་སྐུ༔ སྐུ་མདོག་མཐིང་ནག་ནམ་མཁའི་མདོག་ལྟར་གསལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བརྐྱང་བསྐུམ་བསྒྲད༔ སྤྱན་གསུམ་སྡང་མིག་ཁྲོ་གཉེར་མཆེ་བ་གཙིགས༔ རལ་པ་ཁམ་ནག་ཨག་ཚོམ་སྨིན་མ་སེར༔ ཕྱག་གཡས་རྡོ་རྗེས་དྲེགས་པ་མ་ལུས་འཇོམས༔ ཕྱག་གཡོན་བསྡིག་མཛུབ་ཁྱུང་གིས་ས་བདག་འདུལ༔ མགུལ་རྒྱན་དཀར་པོའི་སྦྲུལ་གྱིས་བརྒྱན་པ་ནི༔ རྒྱལ་རིགས་ཀླུ་རྣམས་དབང་དུ་སྡུད༔ དབུ་རྒྱན་དམར་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི༔ བྲམ་ཟེའི་ཀླུ་རྣམས་དབང་དུ་སྡུད༔ ཕྱག་གདུབ་སེར་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི༔ རྗེ་རིགས་ཀླུ་རྣམས་དབང་དུ་སྡུད༔ སྐུ་རེགས་ལྗང་ཀུའི་སྦྲུལ་གྱིས་བརྒྱན་པ་ནི༔ དམང་རིགས་ཀླུ་རྣམས་དབང་དུ་སྡུད༔ ཞབས་གདུབ་ནག་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི༔ གདོལ་པའི་ཀླུ་རྣམས་དབང་དུ་སྡུད༔ ཀླུ་རིགས་ལྔ་ཡི་རལ་པ་སྦྲུལ་དུ་འཁྲིལ༔ ས་བདག་ཀླུ་གཉན་ཐམས་ཅད་དབང་དུ་སྡུད༔ བ་སྤུའི་བུ་ག་ཀུན་ནས་བྱ་ཁྱུང་སྤྲུལ་པ་འགྱེད༔ བཀའ་ལས་འདའ་བྱེད་ཀླུ་རྣམས་ཟས་སུ་ཟཿ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་
ནི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བྲན་ལྟར་འཁོལ༔ ཀླུ་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་བདུད་འདུལ་གཏུམ་པོ་ནི༔ སྙན་ནས་འབྲུག་གི་སྒྲ་སྒྲོགས་དྲེག་པ་ཐམས་ཅད་བརྒྱལ༔ སྤྱན་ནས་མེ་འབར་ཁམས་གསུམ་བསྲེག་པར་བྱེད༔ ཤངས་ནས་རླུང་བུས་སྟོང་གསུམ་ཐམས་ཅད་འགེངས༔ ཞལ་ནས་དྲག་པོའི་སྒྲ་སྒྲོགས་ཉོན་མོངས་ཐམས་ཅད་བསྲེག༔ ཡུན་གྱི་ལྷར་ཡང་ཁྱོད་མཆོད་བདག་གིས་བསྒྲུབ༔ ཀླུ་རྣམས་བཀའ་ལས་འདའ་བྱེད་ན༔ རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ས་བདག་ཀླུ་གཉན་ཐམས་ཅད་དང་༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས༔ གུམ་གུམ་ཆུམ་ཆུམ་ལས་ལ་འདུས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསྐུལ་བྱང་རྒྱུད་ལས་སོ། །