སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ།
སྭརསྭཏཱིནཱནྡསྱལཱིལཱསརནཱམཀབྱཱདརྴསྱཊཱིཀབིཧརཏིསྨ།
སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཝཱ་གཱི་ཤྭ་རཱ་ཡ། ཀུན་མཁྱེན་ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན། །འཇིག་རྟེན་གསུམ་མགོན་ལྷ་ཡི་ལྷར་གྱུར་པ། །མཚུངས་མེད་སྟོན་པ་ཐུགས་རྗེའི་བདག་ཉིད་མཆོག །ཤཱཀྱའི་རྒྱལ་པོ་དེ་ལ་གུས་ཕྱག་འཚལ། །ཡིད་འཕྲོག་པདྨ་དཀར་པོ་འཛུམ་པའི་ཞལ། །ལེགས་གསུང་འོད་ཟེར་སྟོང་གི་དྲྭ་བ་ཅན། །སྙིང་གི་མུན་སེལ་བློ་གྲོས་མཆོག་སྩོལ་བའི། །དབྱངས་ཅན་ངག་གི་དཔལ་མོས་དགེ་ལེགས་སྩོལ། །མཁས་རྣམས་མགྲིན་པ་ཀུ་མུད་དཀར་པོའི་ཚལ། །སྙན་ངག་ཟླ་བའི་འོད་ཀྱིས་མཛེས་པའི་མོད། །རྨད་བྱུང་ཚིག་གི་ཉམས་འགྱུར་ཡིད་འོང་དེས། །ས་གསུམ་བརྟན་
པ་དབང་མེད་འཕྲོག་ལ་ལྟོས། །དེ་ཕྱིར་རྒྱལ་གསུང་འགྲོ་བའི་སྒྲོན་མེ་གང་། །ཡིད་འཕྲོག་རྩོམ་པའི་ཚིག་གིས་གསལ་བའི་ཕྱིར། །དཔལ་ལྡན་དཎྜིའི་གཞུང་བཟང་ཨཱ་དརྴའི། །འགྲེལ་བཤད་དབྱངས་ཅན་དགྱེས་པའི་རོལ་མཚོ་སྤེལ། །འདིར་མཁས་པའི་སྐྱེ་བོའི་ཚོགས་ཀྱིས་འབད་པས་བསླབ་པར་བྱ་བའི་གནས། སྨྲ་བའི་ཚིག་རྣམས་ལ་ཡིད་དུ་འོང་བའི་ཉམས་ཀྱི་ཁྱད་པར་བཏོན་པའི་ཐབས་གང་གིས་དེ་ཐོས་པ་རྣམས་ཡིད་འཕྲོག་པར་ནུས་པའི་སྙན་ངག་ཅེས་བྱ་བའི་གཞུང་འདི་ནི་སྒྲ་རིག་པའི་ཡན་ལག་ཏུ་གྱུར་པ་ཡིན་ཞིང་། ཇི་སྐད་དུ། སྐྱེས་རབས་དཔག་བསམ་འཁྲི་ཤིང་བཅུ་ཕྲག་རིག་པའི་འདབ་སྟོང་པ། །བཞད་མཛད་བསྟན་པའི་ཉིན་མོར་བྱེད། །ངག་གི་ལྷ་རྣམས་ཡེ་ཤེས་བཅུད། །ཡོངས་འཁྱིལ་མི་ཕམ་རྣམ་པར་རྒྱལ། །
ལས། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས། །ཞེས་དང་། མདོ་ལས། དམ་པའི་ཆོས་རབ་ཏུ་གསལ་བར་བྱེད་པའི་སྙན་ངག་བྱའོ། །དཀོན་མཆོག་གསུམ་གྱི་བསྟོད་པ་བྱའོ། །དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱང་གནས་འདི་ལ་འཇུག་པར་མཛད་དེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དེ་དག་སྙན་དངགས་མཁན་རྒྱལ་སྙན་ངག་སྦྱོར། །ཞེས་དང་། མདོ་སྡེ་སྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་ཚེ་བདེ་གཤེགས་རྩྭ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་ཐུགས་བསྐྱེད་དོ། །ཞེས་དང་། བདག་ཅག་གི་སྟོན་པ་ཉིད་ཀྱིས། སྔོན་བྲམ་ཟེའི་ཁྱེའུར་གྱུར་པའི་ཚེ། སངས་རྒྱས་སྐར་རྒྱལ་ཟད་པར་མེའི་ཏིང་ངེ་འཛིན་ལ་བཞུགས་པར། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་སོགས་ཚིགས་སུ་བཅད་པ་གཅིག་པའི་དབྱངས་ཀྱིས་བསྟོད་དེ་ཞག་བདུན་རྐང་པ་ཡ་གཅིག་གིས་འགྲེངས་ཏེ་བསྐོར་བ་བྱས་པས་བསྐལ་པ་བཞི་ཁྲིའི་ཚོགས་འདུམས་པར་གསུངས་ཤིང་། བདག་ཉིད་ཆེན་པོ་ཀླུ་སྒྲུབ་དང་། སློབ་དཔོན་དཔའ་བོ། ཙནྡྲ་གོ་མཱི། ཟླ་བ་གྲགས་
པ་སོགས་མཁས་པ་ཐམས་ཅད་ཀྱིས་བརྩམས་པ་ཀུན་ཀྱང་སྙན་ངག་གི་ལམ་དང་ལྡན་པར་སྦྱར་བ་ཡིན་ལ། སངས་རྒྱས་ཀྱི་གསུང་རབ་རྣམས་ཀྱང་ངེས་པའི་ཚིག་ཕུན་སུམ་ཚོགས་པ་དང་ལྡན་པས་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཅན་ཡིན་ཅིང་། མདོ་རྒྱན་ལས། ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ཅེས་སོགས་གསུངས་པ་ལྟར། རང་བཞིན་གྱི་ངག་གི་སྦྱོར་བ་ཕུན་སུམ་ཚོགས་པས་སྙན་ངག་གི་ཡོན་ཏན་ལྡན་ཏེ། དེ་ལྟར་མདོར་ན་མཁས་པའི་ལེགས་གསུང་ཐམས་ཅད་དོན་གྱི་དབང་གིས་སྙན་ངག་གི་ཡོན་ཏན་དང་ལྡན་པ་ཉིད་དུ་གོ་བར་བྱའོ། །དེའི་ཕྱིར་ངག་གི་སྦྱོར་བ་ཕུན་སུམ་ཚོགས་པར་བྱེད་པའི་བསྟན་བཅོས་སྙན་དངགས་ཀྱི་གཞུང་དག་འཕགས་ཡུལ་དུ་སྔོན་གྱི་སློབ་དཔོན་ར་མ་ཤྲ་མ་སོགས་ཀྱིས་བྱས་པ་དང་། དབྱངས་ཅན་མགུལ་རྒྱན་སྟོང་ཕྲག་བརྒྱད་པ་སོགས་གཞུང་མང་ཉུང་དུ་མ་ཡོད་པ་ལས། སྔོན་གྱི་བསྟན་བཅོས་མཐའ་དག་གི་དོན་འདུས་ཤིང་། དཔེ་བརྗོད་ཀྱི་སྦྱོར་བ་གསལ་བར་བསྟན་པ་མེ་ལོང་མའི་གཞུང་འདི་མཛད་པ་པོ་ནི། རྣམ་པ་ཕྱི་རོལ་པའི་པཎྜི་ཏ་ཚངས་པའི་དབྱུག་གུ་འཛིན་པས་མཚན་དེ་ལྟར་ཐོགས་པ་དཎྜི་ཞེས་བྱ་བ། འཕགས་མ་དབྱངས་ཅན་མས་རྗེས་སུ་བཟུང་ཞིང་ཕྱི་ནང་གཉིས་ཀའི་གྲུབ་པའི་མཐའ་དང་། རིག་པའི་གནས་རྣམས་ལ་མཁས་པ་ཆེན་
པོར་གྱུར་པ་དེ་ཡིན་ཏེ། གཞུང་འདི་རྒྱ་གར་དུ་ཕྱི་ནང་གི་མཁས་པ་ཀུན་གྱིས་ཚད་མར་འཛིན་ཅིང་དར་ཆ་ཆེ་ལ། བོད་དུ་ཐོག་མར་ཤོང་དཔང་ལོ་ཙཱ་བ་རྣམ་གཉིས་ཀྱིས་བསྒྱུར་ཞུས་འཆད་ཉན་གྱིས་གཏན་ལ་དབབ་པའི་དྲིན་ལས་ཆེས་ཆེར་དར་བའོ། །གཞུང་འདི་འཆད་པ་ལ། མཚན་དོན། འགྱུར་ཕྱག གཞུང་དོན་གསུམ་ལས། དང་པོ། རྒྱ་གར་སྐད་དུ། ཀཱ་བྱཱ་དརྴ། བོད་སྐད་དུ། སྙན་ངག་མེ་ལོང་། ཞེས་བྱ་སྟེ་ཀཱ་བྱཱ་ནི་སྙན་ངག ཨཱ་དརྴ་ནི་མེ་ལོང་། ཞེས་པ་སྟེ། ངག་གི་རྒྱུན་གང་ཞིག་སྒྲ་དང་དོན་གྱི་རྣམ་པ་བརྗོད་ཚུལ་མཛེས་ཤིང་ཡིད་དུ་འོང་བའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་ལ་སྙན་ངག་ཅེས་མངོན་པར་བརྗོད་པ་ཡིན་ཞིང་། ངག་གི་ཡོན་ཏན་དེ་ལྟ་བུ་སྐྱེད་པར་བྱེད་པའི་བསྟན་བཅོས་ཀྱི་གཞུང་དེ་ལ་སྙན་དངགས་ཞེས་དས་འཕུལ་ཅན་བྱེད་པའི་ཚིག་ཏུ་སྔོན་གྱི་ལོ་ཙཱ་བ་མཁས་པས་བརྡ་མཛད་པ་ཡིན་པས། སྙན་ངག་གི་རྒྱན་དང་ལྡན་པའི་སྐྱེས་རབས་སོ་བཞི་ལྟ་བུ་རྣམས་དས་འཕུལ་མེད་པའི་སྙན་ངག་བྱས་ཀྱང་ལེགས་སོ། །དེ་ཡང་ཚིག་ལ་འཁྲུལ་པ་སེལ་བྱེད་སྒྲ་རིག་པ། དོན་ལ་འཁྲུལ་པ་སེལ་བྱེད་ཚད་མ་རིག་པ་གཞན་གྱི་སྒོར་ཡང་གྱུར་མོད་ཀྱི་གཙོ་བོར་ལོག་སྨྲ་ཚར་གཅོད་པའི་རིག་པ་དང་། རིག་གནས་གཞན་བཞི་མ་གཏོགས་པའི་འཇིག་རྟེན་གྱི་ཉེ་བར་མཁོ་བའི་དོན་སྣ་ཚོགས་ལ་འཇུག་པ་ཤེས་པ་བཟོ་རིག་པ། ལུས་ཀྱི་ཉེས་
པ་སེལ་ཞིང་ཕན་པ་སྒྲུབ་པའི་ཐབས་ཤེས་པ་གསོ་བ་རིག་པ་དང་འདི་གཉིས་གཙོ་ཆེར་གཞན་རྗེས་སུ་བཟུང་པའི་རིག་པ་ཡིན་ཅིང་། གཏན་བདེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གཏན་ལ་འབེབས་པ་ནི་ནང་རིག་པ་སྟེ། འདིས་ནི་བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱའི་དོན་ཀུན་གྱི་དེ་ཁོ་ན་ཉིད་ཤེས་པར་བྱེད་པ་ཡིན་པའི་ཕྱིར། ཤེས་བྱ་ཐམས་ཅད་ལ་མ་རྨོངས་པར་བྱ་བའི་སླད་དུ་གནས་ལྔ་རིག་པ་དེ་དང་དེ་ལ་རྣམ་མཁྱེན་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་དེ་དག་བརྩོན་པར་མཛད་པ་ནི། རྒྱལ་ཚབ་ཆེན་པོས་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་ཤིང་། དྲིན་ལན་བསབས་པའི་མདོ་ལས། དམ་པའི་ཆོས་མདོ་སྡེ་བཅུ་གཉིས་དང་། རྒྱུའམ་གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། སྨན་དཔྱད་ཀྱི་རིག་པ་དང་། འཇིག་རྟེན་པའི་བཟོའི་རིག་པ་བསླབ་དགོས་ཚུལ་སོ་སོར་གསུངས་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔར་མ་བསླབས་ན་ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་མི་འགྱུར་རོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་
ཐོབ་པའི་ཕྱིར་རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། །ལུང་སྔ་ཕྱི་འདི་དག་གི་དོན། ཐེག་ཆེན་གྱི་འཕགས་པ་ཕྱིར་མི་ལྡོག་པའི་ངེས་པ་ལ་གནས་པ་སོགས་འཕགས་མཆོག་རྣམས་ནི་རིག་པའི་གནས་ལྔ་དག་ལ་བསླབ་ཅིང་བརྩོན་པར་བྱས་ནས་རིག་གནས་ལྔ་ཀ་ལ་མཁས་པར་གྱུར་པ་འབའ་ཞིག་ཡིན་གྱི། མ་བརྩོན་པ་དང་མི་མཁས་པ་ནི་རྣམ་པ་ཀུན་ཏུ་མི་སྲིད་དོ། །གལ་ཏེ་དེ་དག་རིག་པའི་གནས་ལྔ་ལ་བསླབ་ཅིང་བརྩོན་པར་མ་བྱས་ཤིང་དེའི་དོན་ཁོང་དུ་མ་ཆུབ་པ་ཞིག་ཡིན་ན་ནི། དེ་འདྲའི་འཕགས་མཆོག་དེ་དག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་མི་འགྱུར་ཏེ། རིག་པའི་གནས་ལྔ་ལ་མ་བརྩོན་ཞིང་མི་མཁས་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། ཤེས་བྱའམ་བསླབ་བྱ་མཐའ་དག་གནས་ལྔ་རིག་པས་བསྡུས་པས་ན། དེ་མ་ཤེས་པའི་ཀུན་མཁྱེན་རྣམ་པ་ཀུན་ཏུ་མི་སྲིད་པའི་ཕྱིར་རོ། །ཞེས་འདི་ལྟར་བཤད་དགོས་ཀྱི། འཕགས་པ་མཆོག་ཏུ་གྱུར་པ་ཞིག་གིས་སྔར་ལྔ་རིག་ལ་བསླབ་བརྩོན་མ་བྱས་ཤིང་མ་མཁྱེན་པར་ད་གཟོད་གསར་དུ་སློབ་སྦྱོངས་ཀྱི་འགོ་འཛིན་དགོས་པ་ལྟ་བུར་བཤད་ན་ཤིན་ཏུ་མི་རིགས་པས་གནད་འདི་ངེས་པ་གལ་ཆེའོ། །འདིར་དོགས་པ་མང་ཞིག་གཅོད་རྒྱུ་སྣང་ཡང་ཡི་གེ་མང་བར་འགྱུར་བས་སྐབས་འདིར་གནད་དོན་མདོ་ཙམ་བརྗོད་པ་ཡིན་ནོ། །དེ་ལྟར་འཕགས་པ་མཆོག་ཅེས་མཆོག་གི་སྒྲས་ཐེག་ཆེན་
འཕགས་པ་བསྟན་ཞིང་། དེ་རྣམས་ལྔ་རིག་ལ་བརྩོན་པར་མཛད་པ་དང་། གནས་དེ་ལ་མཁས་པ་ཡིན་པར་ངེས་ཀྱང་ད་དུང་མི་སློབ་པའི་ལམ་གྱི་བར་དུ་ལྔ་རིག་མཁྱེན་པ་གོང་ནས་གོང་དུ་རྫོགས་པར་འགྱུར་བའང་ཡིན་པར་ཤེས་པར་བྱའོ། །གནས་ལྔ་རིག་པའི་ཡན་ལག་རིག་གནས་ཆུང་བ་ལྔ་ནི། འཕགས་ཡུལ་མཁས་པའི་གསུང་ལས། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་གྲགས་པ་བཞིན། གཞུང་མེ་ལོང་མ་ལྟ་བུ་ལ་ཚིག་རྒྱན་གྱི་བསྟན་བཅོས་སུ་གདགས་པ་ལེགས་ཞེས་གསུངས་པ་ལྟར་ཚིག་གི་རྒྱན་དུ་གྱུར་པ་ཡོན་ཏན་བཅུ་དང་། དོན་རྒྱན་སོ་ལྔ་སོགས་ཀྱི་ཚུལ་ཤེས་ན་ཡིད་འཕྲོག་པའི་སྙན་ངག་སྦྱར་བ་ལ་མཁས་པའང་ཡིན་མོད་ཀྱི། སྙན་ངག་གི་རང་བཞིན་དུ་གྱུར་པའི་ཡོན་ཏན་བཅུ་དང་། དོན་རྒྱན་སོགས་ཇི་ལྟར་ཡིན་པའི་ཚུལ་ཤེས་ན་ཡིད་དུ་འོང་པའི་ཚིག་གི་རྒྱན་སྦྱོར་བ་ལ་མི་རྨོངས་པས་དེ་གཉིས་གང་ལྟར་བརྗོད་ཀྱང་དོན་ལ་འགལ་བ་མེད་དེ་བརྡ་སྤྲོད་པའམ་ལུང་སྟོན་པའི་གཞུང་ལ་སྒྲ་རིག་པ་ཞེས་བརྗོད་པ་བཞིན་ནོ། །དེ་ཡང་སྙན་དངགས་དང་སྡེབ་སྦྱོར་མངོན་བརྗོད་ཟློས་གར་བཞི་སྒྲ་རིག་པའི་ཡན་ལག་ཡིན་ཞིང་། སྡེབ་སྦྱོར་དང་མངོན་བརྗོད་དག་སྙན་
ངག་ལ་ཡང་ཉེ་བར་དགོས་པ་ཉིད་ཡིན་ལ། ཟློས་གར་ཡང་སྙན་ངག་གི་ཉམས་དང་ལྡན་པར་གཞུང་ལས་གསུངས་སོ། །འདི་ལྟར་དོན་གང་དང་གང་ཞིག་ཤེས་པར་འདོད་པ་དེས་རྗོད་བྱེད་ཚིག་གི་ལམ་ལ་བརྟེན་ནས་དོན་གོ་བར་བྱ་དགོས་པས། སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་གྲགས་པ་ལྟར་རིག་གནས་ཀུན་ལ་འཇུག་པའི་སྒོ་དང་རྩ་བ་ལྟ་བུ་སྒྲ་རིག་པ་ཡན་ལག་གསུམ་དང་བཅས་པ་འདི་དག་ཡིན་ལ། དེ་ལས་ཀྱང་མཁས་པ་རྣམས་རྩོམ་པའི་བྱ་བ་ལ་འཇུག་པའི་སྐབས་སུ་སྙན་ངག་གི་གཞུང་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །འགྲེལ་པ་འགར་སྙན་ངག་སྒྲ་རིག་པའི་ཡན་ལག་མིན་ཏེ། དེ་གཉིས་ཚུལ་ཐ་དད་པས་འདི་བཟོ་རིག་གི་ནང་ཚན་ངག་བཟོའི་གཙོ་བོར་གཏོགས་ཞེས་གསུངས་ཀྱང་། དེ་ལྟར་ན་སྒྲ་རིག་པའང་ངག་བཟོར་གཏོགས་རུང་ལ། སྒྲ་དང་མངོན་བརྗོད་སོགས་ལའང་ཚུལ་ཐ་དད་པ་ཡོད་མོད། ལེགས་སྦྱར་དང་སྐད་གཞན་གང་དང་གང་ཡིན་ཡང་རུང་། ཡུལ་སོ་སོའི་ལུགས་ཀྱི་མིང་དང་དེ་ལ་རྐྱེན་ནམ་ཕྲད་སོགས་ཚུལ་བཞིན་སྦྱར་བས་བརྗོད་བྱའི་དོན་ལེགས་པར་བརྡ་འཕྲོད་པར་བྱེད་པའི་རྣམ་གཞག་སྟོན་པའི་བསྟན་བཅོས་དེ་དག་རང་རང་གི་ལུགས་ཀྱི་ལུང་སྟོན་པའམ་སྒྲ་རིག་པར་འགྱུར་ཞིང་། དེ་འདྲའི་བརྡ་སྤྲོད་པའི་བསྟན་བཅོས་དང་མཐུན་པའི་ངག་དེ་ལ་ཡང་སྙན་པའི་ཉམས་དང་ལྡན་པའི་ཆ་ནས་སྙན་ངག་དང་། བརྡ་འཕྲོད་པར་
བྱེད་པའི་རྣམ་གཞག་སྟོན་པའི་བསྟན་བཅོས་དེ་དག་མིང་གི་རྣམ་གྲངས་དུ་མ་དང་ལྡན་པའི་ཆ་ནས་མངོན་བརྗོད་དང་། སྐད་སྣ་ཚོགས་སྤེལ་བའི་ཆ་ནས་ཟློས་གར་དང་། ཚིགས་བཅད་ལ་ལྕི་ཡང་གི་རྣམ་པ་བསྒྲིགས་པ་ལ་སྡེབ་སྦྱོར་ཞེས་གདགས་པ་ཡིན་པས་འདི་བཞི་སྒྲ་རིག་པའི་ཡན་ལག་ཏུ་འདོད་པ་ལ་འགལ་བ་མེད་ཅིང་། ཟློས་གར་ལ་ལུས་ཀྱི་འཆམ་སྟབས་དང་གླུ་དབྱངས་ལྟ་བུ་ལུས་ངག་གི་བཟོར་གཏོགས་པའི་ཆ་ཡང་ཡོད་མོད་ཀྱི། སྐད་རིགས་སྣ་ཚོགས་བསྲེས་པའི་ཆ་ནས་སྒྲ་རིག་པའི་ཡན་ལག་ཏུ་བཞག་པའོ། །དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པའི་སྐད་མཐའ་ཡས་པའི་ངེས་ཚིག་སོ་སོ་ཡང་དག་པ་རིག་པ་ཐོབ་ནས། ལེགས་སྦྱར་ལྟ་བུ་སྐད་གཅིག་པུར་ངེས་པ་མེད་པར་སེམས་ཅན་སོ་སོ་དང་མཐུན་པའི་སྐད་མཐའ་ཡས་པས་ཆོས་སྟོན་ཅིང་། སྐད་མཐའ་ཡས་པའི་རང་བཞིན་ཅན་གྱི་སྔགས་ཀྱང་བྱིན་གྱིས་རློབ་པ་ཡིན་ལ། དེ་དག་སོ་སོ་རང་རང་གི་སྐད་ཀྱིས་རིག་པའི་གནས་ཐམས་ཅད་ཁོང་དུ་ཆུད་པའང་ཡོད་པས། སྒྲ་རིག་པ་ཞེས་པ་སཾ་སྐྲྀ་ཏའི་སྐད་ཀྱི་རྣམ་གཞག་སྟོན་པའི་གཞུང་ཁོ་ནར་འཛིན་མི་དགོས་ཏེ། བོད་དུའང་སློབ་དཔོན་ཨ་ནུས་ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་གསུངས་པ་འདི་ཡང་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་ཡིན་པ་བཞིན་ནོ། །སྡེབ་
སྦྱོར་ཡང་ལེགས་སྦྱར་ལྟར་སྐད་གཞན་ལའང་ཆ་འདྲ་སྦྱར་རུང་ངོ་། །དེ་ལྟ་བུའི་སྙན་ངག་གི་བསྟན་བཅོས་ཀྱི་གཞུང་འདི་ནི་མེ་ལོང་དྭངས་པ་ལ་དངོས་པོ་རྣམས་ཀྱི་གཟུགས་བརྙན་འཆར་བ་བཞིན་དུ་སྙན་དངགས་ཀྱི་བསྟན་བཅོས་ཐམས་ཅད་ཀྱི་དོན་འདི་ཉིད་དུ་གསལ་བར་འཆར་བའི་ཕྱིར་འདྲ་བའི་སྒོ་ནས་མིང་བཏགས་པའོ། །གཉིས་པ་འགྱུར་ཕྱག་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་གཞུང་གི་དོན་ལ། ཐོག་མར་དགེ་བ་ཤིས་བརྗོད་དང་། དམ་བཅའ་དང་། དགོས་པ་བསྟན་པ་དང་གསུམ། བར་དུ་དགེ་བ་ལེའུ་དང་པོ་དང་བར་པ་དང་ཐ་མ་གསུམ། ཐ་མར་དགེ་བ་གཞུང་དོན་རྫོགས་པའི་མཇུག་བསྡུ་དང་། མཛད་བྱང་དང་འགྱུར་བྱང་གསུམ་སྟེ་དགུ་ལས། དང་པོ། འཇིག་རྟེན་མེས་པོ་གདོང་བཞི་པ་ཚངས་པ་ཆེན་པོའི་གདོང་གི་པདྨའི་ཚལ་གྱི་ངང་པའི་བུ་མོ་གང་ཞིག་རྣམ་པ་ཐམས་ཅད་དུ་དཀར་བའི་གཟུགས་དང་ལྡན་ཞིང་། སྒྲ་སྙན་པའི་དབྱངས་ཅན་མ་དེ་ནི་ཁོ་བོ་དཎྜཱི་ཡི་ཡིད་ལ་དུས་རིང་དུ་གནས་པར་མཛོད་ཅེས། ཤིས་པར་བརྗོད་པ་སྟེ་སྨྲ་བ་ངག་གི་བྱེད་པོ་དབྱངས་ཅན་མ་ནི་ངག་རིག་སྨྲ་བ་རྣམས་ཀྱི་ལྷག་པའི་ལྷ་ཡིན་པས་སོ། །ཚིགས་བཅད་འདི་སྔོན་གྱི་རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་བ་སྟེ། སྔོན་འཇིག་རྟེན་འདི་ཆགས་ནས་རིང་དུ་མ་ལོན་པའི་དུས་ཤིག་ན། ལྷོ་ཕྱོགས་
ཡིད་ཀྱི་རྒྱ་མཚོ་ཞེས་བྱ་བ་བརྟན་གཡོའི་སྒྲ་དབྱངས་ཐམས་ཅད་འབྱུང་བ་དེར་འཇིག་རྟེན་གཙོ་བོ་ཚངས་པ་ཆེན་པོ་ཉིད། སྒྲ་དབྱངས་དེ་ལ་དགྱེས་པས་ལྷའི་ལོ་སྟོང་དུ་རྒྱ་མཚོ་དེར་གཟིགས་ཤིང་སྒྲ་དབྱངས་ཀྱི་དགའ་བ་ཉམས་སུ་མྱོང་བར་བྱས་པའི་ཚེ་གནས་དེར་ཚངས་པའི་གདོང་ཡབ་དང་རྒྱ་མཚོ་ཡུམ་གྱི་དོད་དུ་རྟེན་ཅིང་འབྲེལ་བ་ལས། སྲིད་པ་གསུམ་གྱི་བརྟན་གཡོའི་སྒྲ་དབྱངས་དང་དྭངས་བཅུད་འདུས་པ་ལས་ལྷ་མོ་དབྱངས་ཅན་མ་འཁྲུངས་པར་གྱུར་ཅིང་། ལྷ་མོ་དེ་འཇིག་རྟེན་གསུམ་ན་མཚུངས་ཟླ་མེད་པའི་གཟུགས་དང་ལང་ཚོ་དང་ཤེས་རབ་དང་སྤོབས་པ་རྨད་དུ་བྱུང་བ་འཇིག་རྟེན་གསུམ་གྱི་མཆོད་འོས་སུ་གྱུར་པ་ནི། ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་ཀྱི་ནང་ཚན། རིག་བྱེད་ནང་ན་དབྱངས་ཅན་གཙོ། །ཞེས་མདོ་ལས་གསུངས་པ་ལྟར་རིག་བྱེད་ཀྱི་གཞུང་རྒྱ་མཚོ་ལྟ་བུའི་ནང་ན་མཆོག་ཏུ་བསྔགས་འོས་སུ་གྱུར་ཅིང་། གང་གི་ཚེ་འཇིག་རྟེན་འདིར་མི་འཚེ་བ་དང་། ཚངས་པར་སྤྱོད་པ་དང་བདེན་པར་སྨྲ་བ་སོགས་ཡོན་ཏན་གྱི་ཆོས་དང་ལྡན་པ་རྣམས་ལ་ལྷ་མོ་དགྱེས་ཤིང་མདུན་གྱིས་བལྟས་ནས་བཞུགས་པའི་དུས་སུ་བརྟན་གཡོ་ཀུན་ལས་ཡིད་དུ་འོང་བའི་སྒྲ་འབྱིན་ཞིང་། འཇིག་རྟེན་འདིར་སྐྱེ་བོ་གང་དག་བློ་གསལ་ཞིང་བརྗོད་པ་རྣམ་པར་དག་པས་དོན་རྣམས་གསལ་བར་བྱེད་པས་
མཛེས་པར་འགྱུར་རོ། །འཚེ་བ་སོགས་སྤྱོད་པ་གོང་ལས་ཟློག་པ་རྣམས་ལ་མི་དགྱེས་པའི་རྣམ་པས་ཞལ་ཕྱིར་ཕྱོགས་ཏེ་བཞུགས་པའི་ཚེ་སྣོད་བཅུད་ཀྱི་སྒྲ་ཡིད་དུ་འོང་བ་ཉམས་ཤིང་མི་མཛེས་ལ། བློ་མིག་ལྡང་ཞིང་ལྡབ་ལྡིབ་སྨྲ་བས་གང་བར་འགྱུར་ཞིང་། གང་ཚེ་བདེན་སྨྲ་དང་ཚངས་སྤྱོད་མི་འཚེ་བའི་བརྟུལ་ཞུགས་ལ་གནས་པ་རྣམས་ཀྱི་ངག་ཡིད་ཁ་ཡི་སྒོར་ཞུགས་ཏེ། བློ་གྲོས་ཀྱི་སྣང་བ་རྒྱས་ཤིང་ངག་གི་དབང་ཕྱུག་གྲུབ་པའི་མཆོག་སྦྱིན་པར་བཤད་དོ། །དེ་ལྟར་ཡང་དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱ་མཚོའི་ལྷ་མོ་སྒྲ་ལྡན་ཞེས་བྱ་བ། །སེམས་ཅན་རྒྱ་མཚོར་ཇི་སྙེད་སྐྱེས་རྣམས་ཀྱི། །སྒྲ་ཡི་ཡན་ལག་དབྱངས་ཀྱི་ཚུལ་མཁས་ཏེ། །རང་གི་སྐད་ཀྱིས་སྐད་ཀུན་ཚིམ་པར་བྱེད། །ཅེས་དང་། ཏམྦུ་ར་ཡི་ཆུང་མ་དབྱངས་ལྡན་མ། །ཚངས་པའི་བུ་མོ་ཡིད་ལས་བྱུང་བ་དེ། །བདེན་དང་དམ་བཅས་མི་འཚེ་དགའ་རྣམས་ཀྱི། །སེམས་དང་ཡིད་དང་ཁ་ཡི་སྒོར་འཇུག་སྟེ། །ཞེས་དང་། དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ་ལས། འདི་ལྟར་འཇིག་རྟེན་དག་ན་སྣང་བ་ཀུན། །སྒྲ་འཇོམས་ཁྱད་པར་ཚིག་གིས་དོན་མཚོན་ཏེ། །ཕན་ཚུན་ཤེས་ཤིང་ཡང་དག་བརྡ་སྤྲོད་པའང་། །དབྱངས་ཅན་ཁྱོད་ཀྱི་མཐུ་སྟེ་བསམ་མི་ཁྱབ། །གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་བརྙེས་པ། །དམ་ཚིག་བདེན་གྲུབ་དྲང་སྲོང་ཤེས་ཉེན་ཅན། །
ལུས་སེམས་ངག་རྣམས་བྱིན་གྱིས་རློབ་པ་དང་། །ཡིད་འོང་སྒྲས་ཀྱང་འཇིག་རྟེན་ཚིམ་པར་བྱེད། །ཅེས་དང་། ཤེས་རབ་ཟབ་ཅིང་ཤེས་པའི་རྟེན་བྱེད་ཅིང་། །རིག་པའི་གནས་ལ་མངའ་བརྙེས་ཚིག་གི་བདག །འཇིག་རྟེན་ན་ཡང་ལྷ་ཡི་ལྷར་གྱུར་ལ། །སྡུག་བསྔལ་བསལ་བར་རབ་བརྩོན་གཉེན་མཆོག་པས། །ཞེས་དང་། དེ་ལ་ལྷ་དབང་ཚངས་སོགས་ཤིན་ཏུ་འདུད། །བྱམས་ཤིང་བཟོད་ལྡན་སྙིང་རྗེ་སྐྱེད་པའི་མ། །ལྷ་མོའི་མཆོག་སྟེ་འགྲོ་ཀུན་སྐྱོང་བར་དགྱེས། །ཞེས་དང་། སེམས་ཅན་ཀུན་ལ་རྟག་ཏུ་ཕན་སེམས་པ། །མི་བསླུ་མཆོག་ཁྱོད་རྣམ་གྲོལ་ས་ལ་བཞུགས། །ཐུགས་དམ་བརྟན་བཅས་བསྐུལ་བ་རྣམས་ལ་ཡང་། །དཔལ་གྱིས་དགོངས་ཤིང་དོན་ཀུན་ཉེ་བར་སྐོང་། །ཞེས་གསུངས་པ་སོགས་ཀྱི་དོན་བཞིན། འཇིག་རྟེན་པ་རྣམས་འདུལ་བའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་མཆེ་བའི་རྩེ་ལས་མངོན་པར་སྤྲུལ་པའི་ལྷ་མོ་འདི་ནི་དྲི་ཟ་ཏམྦུ་རའི་ཆུང་མ་ལ་སོགས་པའི་ཚུལ་གྱིས་འདུལ་བའི་དབང་གིས་ཆགས་སྡང་དང་ལྡན་པའི་འཇིག་རྟེན་པའི་ཚུལ་དུའང་སྟོན་མོད། ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། དཀྱིལ་འཁོར་ཆེན་པོར་འཇམ་དཔལ་ཞི་ཁྲོའི་ཡུམ་དུ་གྱུར་ཅིང་། མཆོད་པའི་ལྷ་མོ་རྡོ་རྗེ་གླུ་དབྱངས་མ་དང་སྒྲ་རྡོ་རྗེ་མ་སོགས་རྣམ་པར་རོལ་པ་ཚད་མེད་པས་རྒྱལ་ཀུན་དགྱེས་པ་བསྐྱེད་ཅིང་འཇིག་
རྟེན་རྣམས་སྐྱོང་པར་མཛད་པ་སྟེ། ཕྱི་རོལ་པ་དག་གིས་བྱེད་པོ་ཉེར་བཞི་འདོད་པའི་ནང་ཚན་སྨྲ་བ་ངག་གི་བྱེད་པ་པོ་དབྱངས་ཅན་མ་ཞེས་འདོད་དེ། ལྷ་མོ་དེ་ལ་དོན་གྱིས་འདུད་པ་སྟོན་པའི་ཤིས་བརྗོད་མཛད་པ་ཡིན་ལ། འདིར་ཚངས་པའི་གདོང་པད་ཚལ་གྱི་གཟུགས་སུ་བཀོད་པ་དེར། ངང་པའི་བུ་མོ་ནི་དབྱངས་ཅན་མའི་མཚན་དུའང་རུང་ཞིང་། སྒྲ་ཡི་སྒོ་ནས་པད་ཚལ་དུ་ངང་པ་གནས་པ་དང་སྦྱར་བ་ཡིན་ལ། ཐམས་ཅད་དཀར་ཞེས་པ་དང་། དབྱངས་ཅན་ཞེས་པའང་དེ་གཉིས་ཀར་གོ་རུང་བའི་སྦྱར་རྒྱན་དང་། ཡིད་ལ་ཞེས་པ་དབྱངས་ཅན་མ་ལ་ཡིད་དང་ངང་པ་ལ་ལྷོ་ཕྱོགས་ཡིད་ཀྱི་མཚོ་དང་སྦྱར་བ་ཡང་ཡིན་ནོ། །དེ་ལྟར་རྡོ་རྗེ་སྒྲ་དབྱངས་ལྷ་མོ་དེ་ནི་འཆད་ཉན་གྱི་སྐབས་སུ་འཆད་ཉན་བྱེད་པ་པོའི་ཡིད་ལ་གནས་པར་སྨོན་པར་ཡང་འགྱུར་རོ། །གཉིས་པ་དམ་བཅའ་བ་ནི་སྙན་ངག་སྨྲ་བའི་སྔོན་གྱི་སློབ་དཔོན་ར་མ་ཤྲ་མ་སོགས་ཀྱི་སྙན་ངག་གི་བསྟན་བཅོས་སྔ་མ་རྣམས་ཀྱི་དོན་མ་ལུས་པ་ལེགས་པར་བསྡུས་ཤིང་། རྒྱན་གྱི་དཔེ་བརྗོད་ཀྱི་ཚིག་གི་སྦྱོར་བ་རྣམས་ཀྱང་ཉེ་བར་མཚོན་པའམ་གསལ་བར་བྱས་ཏེ། བློ་གྲོས་ཀྱི་མཐུས་ཇི་ལྟར་ནུས་པ་བཞིན་སྙན་ངག་དག་གི་མཚན་ཉིད་བརྗོད་པར་བྱའོ། །ཞེས་སོ། །གསུམ་པ་དགོས་པ་ལ། ངག་སྤྱིའི་དགོས་པ་དང་། བྱེ་བྲག་སྙན་ངག་གི་དགོས་པ་གཉིས། དང་པོ། འཇིག་རྟེན་
འདི་ན་དུས་ཀུན་ཏུ་བརྡ་སྤྲོད་སྨྲ་བ་བྲམ་ཟེའི་ཁྱེའུ་པཱ་ཎི་སོགས་མཆོག་རྣམས་ཀྱིས་སྒྲ་ཡི་མཚན་ཉིད་རྗེས་སུ་བསྟན་པ་ལེགས་སྦྱར་གྱི་ཚིག་དང་། ལྷག་མའི་ཞེས་གཞན་གྲོང་ཁྱེར་སྣ་ཚོགས་ཀྱི་སོ་སོའི་ཡུལ་སྐད་དུ་མ་ཡི་ཚིག་རྣམས་ཉིད་ཀྱི་དྲིན་ལས་ནི། འཇིག་རྟེན་རང་ལ་ཇི་ལྟར་སྣང་བའི་དོན་ནམ་ཚུལ་ལུགས་མཐའ་ཡས་པ་ལ་འཇུག་པར་བྱེད་པ་ཡིན་གྱི། དེ་ལས་བཟློག་ནས་གལ་ཏེ་བརྗོད་བྱའི་དོན་གང་ཞིག་སྒྲས་བོད་པའམ་བརྗོད་པའི་སྣང་བ་ཡིས་འཁོར་བ་འདིར་བརྗོད་བྱའི་དོན་ཐམས་ཅད་གོ་ཞིང་གསལ་བར་མ་བྱས་པ་ཞིག་ན། མཐོ་རིས་ལྷ་དང་མི་ཡུལ་དང་ས་འོག་གི་འཇིག་རྟེན་གསུམ་པོ་མཐའ་དག་འདི་ལྐུགས་པའི་ཚོགས་བཞིན་བླང་དོར་གྱི་བརྡ་སྤྲོད་པའི་སྨྲ་བ་མེད་པས། སྨག་རུམ་མུན་པ་ལྟ་བུ་ཉིད་དུ་འགྱུར་བ་དེས་ན། གནས་སྐབས་འཇིག་རྟེན་གྱི་དོན་རྣམས་དང་འཇིག་རྟེན་ལས་འདས་པའི་ལམ་རྣམ་པར་བཞག་པ་སོགས་ཤེས་བྱ་མཐའ་ཡས་པ་གཞལ་ཞིང་གཏན་ལ་འབེབས་པ་འདི་ནི་མིང་ཚིག་ཡི་གེའི་རང་བཞིན་ཅན་ངག་གི་བརྗོད་པའི་དྲིན་ལས་བྱུང་བ་ཡིན་ནོ། །གཉིས་པ། སྔོན་གྱི་རྒྱལ་པོ་རླུང་ལས་ནུ་སོགས་ཀྱི་སྙན་པར་གྲགས་པའི་གཟུགས་གང་དེ། །ངག་གི་རང་བཞིན་ཅན་གྱི་སྙན་ངག་གི་མེ་ལོང་ལ་ཐོབ་པ་སྟེ་ཤར་བ་ན། །རྒྱལ་པོ་དེ་དག་ད་ལྟ་ཉེ་བར་མི་གནས་པར་འདས་སུ་ཟིན་ཀྱང་། །དེའི་
གྲགས་པའི་རང་བཞིན་གྱི་གཟུགས་རང་ཉིད་ད་ལྟའང་ཉམས་པ་མེད་པ་འདི་ལ་ལྟོས། །ཞེས་མེ་ལོང་གཞན་ལས་འཕགས་པའི་ཕུལ་བྱུང་གི་ཡོན་ཏན་མངའ་བ་ལ་ངོ་མཚར་བའི་ཚུལ་གྱིས་སོ། །དགོས་པ་དེ་ལྡན་གྱི་སྙན་ངག་སྦྱར་ཚུལ་ལ། མཁས་པས་ཚིག་དང་དོན་གྱི་རྣམ་པ་ཡང་དག་པར་རབ་ཏུ་སྦྱར་བའི་ངག་ནི་འདོད་པ་འཇོ་བའི་བ་མོ་ལྟ་བུ་རུ་བཤད། ཅེས་སམ། ཡང་ན་འདི་ལྟར་བ་ཡི་སྐད་དོད་གོ་ཡི་སྒྲ་དག་ལའང་འཇུག་པས། ངག་ནི་ངག་གི་འདོད་འཇོར་བཤད། །ཅེས་སོ། །གང་དུ་ངག་ཉིད་ཀྱང་ཚིག་དོན་ལེགས་པར་མ་བསྡེབས་པའི་ཉེས་པར་སྦྱར་ན་འདོད་པ་མི་འཇོ་བར་མ་ཟད། དེ་འདྲའི་ངག་སྦྱོར་བ་པོ་དེ་ཉིད་མི་མཁས་པར་མཚོན་པས་བ་ལང་དང་འདྲ་བ་ཉིད་དུ་སྐྱེ་བོ་གཞན་གྱིས་རྗོད་པར་བྱེད་དོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་སྙན་ངག་སྦྱར་བ་དག་ལ་ཚིག་གམ་དོན་གྱི་སྐྱོན་ཆུང་ངུ་ཞིག་སྣང་བར་གྱུར་ཀྱང་ཅི་ཞིག་ལྟར་བཏང་སྙོམས་སུ་བཞག་པར་མི་བྱ་སྟེ། དཔེར་ན་ལུས་ཀྱི་ཆ་གཞན་ཀུན་མཛེས་ཀྱང་། མིག་ཚག་པ་སོགས་སྐྱོན་གཅིག་གིས་ནི་སྐལ་བ་ངན་པར་འགྱུར་བ་བཞིན་ནོ། །གང་ཚེ་སྐྱེ་བོ་སྙན་ངག་གི་བསྟན་བཅོས་སོགས་ཀྱི་མཚན་ཉིད་མི་ཤེས་པས། ངག་གི་ཡོན་ཏན་དང་སྐྱོན་དག་ཇི་ལྟར་དབྱེ་ནུས་ཏེ། དཔེར་ན་གཟུགས་ཀྱི་དབྱེ་བ་བཟང་ངན་སོགས་དམིགས་པའི་གོ་སྐབས་ལོང་བ་དག་ལ་ཡོད་དམ་ཅིས་
ཞེས་མེད་པར་སྟོན་པའི་ཐ་ཚིག་གོ། དེ་ཕྱིར་སྔོན་གྱི་མཁས་པས་སྐྱེ་རྒུ་རྣམས་ཀྱི་སྙན་ཚིག་གི་བྱེ་བྲག་རྟོགས་པའི་དོན་ལ་མངོན་པར་དགོངས་ནས་སྒྲ་དོན་རྣམ་པར་བཀྲ་བའི་ལམ་དང་ལྡན་པའི་ཚིག་རྣམས་ཀྱི་བྱ་བའི་ཆོ་གའམ་ཐབས་ངེས་པར་སྦྱར་བར་མཛད་དོ། །ཇི་ལྟར་སྦྱར་ན་མཁས་པ་དེ་དག་གིས་ནི་སྙན་ངག་གི་ལུས་ནི་མིང་ཚིག་ཡི་གེ་ཚོགས་པའི་རང་བཞིན་ངག་གི་རྒྱུན་དང་། དེ་མཛེས་པར་བྱེད་པའི་རྒྱན་གྱི་རྣམ་གྲངས་ཀྱང་རབ་ཏུ་བསྟན་པ་ཡིན་ནོ། །ཞེས་སོ། །གཉིས་པ་བར་དུ་དགེ་བ་ལེའུ་དང་པོ་དང་། བར་མ་དང་། ཐ་མ་གསུམ་ཡོད་པ་ལས། ལེའུ་དང་པོ་འདི་ལ་སྙན་ངག་གི་ལུས་བཤད་པ་དང་། རྒྱན་བཤད་པ་གཉིས་ལས། དང་པོ་ལ། སྙན་ངག་གི་ལུས་རྣམ་པར་གཞག་པ་དང་། དེ་དག་སྐད་གང་ལ་བརྟེན་པ་བཤད་པ་གཉིས། དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་སྙན་ངག་གི་ལུས་ནི་རེ་ཞིག་ཅེས་རྩོམ་པའི་སྐབས་དེར། རང་གིས་གང་བརྗོད་བྱར་འདོད་པ་ཡི་དོན་གྱི་རྣམ་པར་བཅད་པའམ་ཁྱད་པར་དུ་བྱས་པའི་ཚིག་གི་ཕྲེང་བའམ་ངག་གི་རྒྱུན་དེ་ཉིད་ལ་འདོད་དོ། །དེ་ལ་ཡང་ཚིགས་སུ་བཅད་པ་དང་། ཚིག་ལྷུག་པ་དང་། བཅད་ལྷུག་སྤེལ་མ་རྣམ་པ་གསུམ་ཉིད་དུ་གནས་སོ། །གཉིས་པ་རྒྱས་བཤད་ལ། ཚིགས་བཅད། ལྷུག་པ། སྤེལ་མ་བཤད་པ་
གསུམ་ལས། དང་པོ་ཚིགས་བཅད་ནི་རྐང་པ་དྲུག་ནས་ཉེར་བདུན་ལྟ་བུའི་བར་གྱི་ཡི་གེ་རྣམས། རྐང་པ་བཞི་ཀ་ལ་འདྲ་བར་གྱུར་པ་ཅན་ཡིན་པར་སྙན་ངག་གི་ལུགས་འདིར་འདོད་དོ། །གཞན་ལས་ཚིགས་བཅད་ལ་རྐང་པ་གཅིག་ནས་དྲུག་གི་བར་བཤད་པ་ཡང་ཡོད་དོ། །རྐང་པ་བཞི་པའི་ཚིགས་བཅད་དེ་ལ་ཡང་། ཡི་གེ་བགྲང་བ་བྲྀཏྟ་དང་། ཕྱི་མོ་བགྲང་བ་ཛཱ་ཏི་ཞེས་རྣམ་པ་གཉིས་སུ་ཡོད་ལ། སྡེབ་སྦྱོར་བྲྀཏྟ་དང་ཛཱ་ཏི་གཉིས་པོ་དེ་ཡི་སྤྲོས་པ་མཐའ་དག་ནི། སྡེབ་སྦྱོར་གྱི་བསྟན་བཅོས་རྣམས་ཀྱི་གཞུང་དུ་ངེས་པ་བསྟན་པ་ཡིན་ཞིང་། དེ་འདྲའི་སྡེབ་སྦྱོར་གྱི་རིག་པ་དེ་ཉིད་སྙན་ངག་གི་རྒྱ་མཚོ་ནི། ཟབ་མོར་འཇུག་འདོད་རྣམས་ཀྱི་གྲུ་ལྟ་བུ་ཡིན་ཏེ། ཚིགས་སུ་བཅད་པའི་སྙན་ངག་སྦྱོར་བ་ལ་མེད་དུ་མི་རུང་བ་ཡིན་པས་སོ། །ཚིགས་བཅད་ཀྱི་སྙན་ངག་དེ་ལའང་གྲོལ་བ་ཞེས་བྱ་བ་དང་ནི། དེ་བཞིན་རིགས་དང་། མཛོད་དང་། འདུས་པ་ཞེས་བྱ་བ་བཞིར་དབྱེ་བ་ཡོད་ཅིང་། དེ་འདྲ་བ་ཡི་ཚིགས་བཅད་དུ་མ་ཡོད་པའི་བརྗོད་བྱ་རྒྱ་ཆེ་བ་སྟོན་པའི་གཞུང་རྣམས་ནི་ཚོམས་ཚོམས་སུ་སརྒས་བཅིངས་ཞེས་ལེའུ་སོ་སོས་གཅད་པར་བྱའོ། །ཚིགས་བཅད་ཀྱི་དབྱེ་བ་དེ་རྣམས་སྣལ་མ་དང་སྣམ་བུ་ལྟར་སྙན་ངག་གི་སྦྱོར་བ་ཆེན་པོ་རྣམས་ཀྱི་གཞུང་གི་ཆ་ཤས་སུ་གྱུར་པའི་རང་བཞིན་ཡིན་ཕྱིར་འདིར་ལོགས་སུ་དཔེར་མ་བརྗོད་ཀྱང་དོན་གྱིས་ཤེས་པར་བྱ་བ། ཇི་ལྟར་ན།
གྲོལ་བ་ཞེས་པ་ཚིགས་བཅད་གཅིག་གི་ནང་དུ་བརྗོད་བྱའི་དོན་གཅིག་ཚིག་གཞན་ལ་མི་ལྟོས་པར་རང་དབང་དུ་རྫོགས་པ་བཞིན་ཏེ། དཔེར་ན་སྐྱེས་རབས་ལས། གཞན་དོན་སྤྱོད་པ་གང་གིས་ཡོན་ཏན་སྒྲུབ་པ་ཕུན་ཚོགས་རྣམས། །རང་དོན་ལ་ཆེར་འབད་རྣམས་ཀྱིས་ཀྱང་རྗེས་འགྲོ་མིན་པ་ཉིད། །ཐམས་ཅད་མཁྱེན་ཅེས་ཕྱིན་ཅི་མ་ལོག་ཡི་གེའི་གྲགས་པ་གསལ། །མཉམ་མེད་དེ་ནི་ཆོས་དང་དགེ་འདུན་བཅས་ལ་སྤྱི་བོས་འདུད། །ཅེས་དང་། གླང་པོ་ཅན་གྱི་རྟོགས་པ་བརྗོད་པའི་ཡལ་འདབ་ཏུ། །ནུ་མ་མངོན་དགའ་གླང་ཆེན་མྱོས་བུམ་མཐོ། །ག་བུར་དོ་ཤལ་རབ་ཏུ་རྩེ་དགའ་དགོད། །དར་ལ་བབ་པའི་ན་ཆུང་འབྱོར་བ་ཡང་། །བསོད་ནམས་བྱས་པ་རྣམས་ལ་དགའ་སྟེར་ཡིན། །ཞེས་པ་ལྟ་བུའོ། །རིགས་ནི་དཔེར་ན། གཙུག་ན་ནོར་བུའི་རྟོགས་བརྗོད་དུ། མཛེས་མ་དེས་ཀྱང་མི་བདག་ནི། །བརྟན་ལྡན་ཟབ་ཅིང་མཛེས་པ་དང་། །གཞན་གྱིས་གདུང་ལ་སྙིང་རྗེ་ནས། །གཞུ་བཞག་འདོད་པའི་དབང་ཕྱུག་བཞིན། །གཙུག་གི་རིན་ཆེན་འོད་ཟེར་ནི། །མི་རུང་འཇིགས་པར་བྱེད་པ་ཡི། །ཕྱོགས་སུ་བསྲུང་བའི་ཡིག་ཕྲེང་དག །གུར་གུམ་གྱིས་ནི་བྲིས་པ་བཞིན། །རླུང་ནི་གཡོབ་ཅིང་འཕེན་བྱེད་པའི། །རྔ་ཡབ་དག་གིས་རྣམ་མཛེས་པ། །འགྲོ་བ་ཡང་དག་སྒྲོལ་མིན་པར། །སྙིང་སྟོབས་གྱེན་དུ་འཕྱུར་བཅས་བཞིན། །རིན་ཆེན་ཡིད་འོང་དོ་ཤལ་དག །སྙིང་གར་བཟུང་བར་བྱས་པ་
ནི། །ས་འོག་རྒུད་པ་ཞི་བའི་སླད། །ལྷག་མ་ཅན་གྱི་བརྟན་པ་བཞིན། །ཆེ་བའི་དཔུང་པས་ས་དང་ནི། །སེམས་ཀྱི་བཟོད་པ་ཐོབ་པ་དག །མཐོང་ནས་མངོན་པར་འདོད་པ་དང་། །ཡ་མཚན་དབང་དུ་རབ་ཏུ་གྱུར། །ཅེས་བརྗོད་བྱའི་དོན་གཅིག་རྒྱལ་པོ་མཐོང་བ་ལ། རྗོད་བྱེད་ཚིགས་བཅད་ལྔ་པོ་ཕན་ཚུན་བལྟོས་ནས་དོན་རྫོགས་ཤིང་རེ་རེའི་ནང་དུ་མ་རྫོགས་པའི་དོན། མཇུག་གི་མཐོང་ཞེས་བྱ་ཚིག་གཅིག་གིས་གསལ་བར་བྱས་པའོ། །དེ་ལྟར་ཚིགས་བཅད་གཉིས་སམ་གསུམ་སོགས་ཅི་རིགས་པས་སོ། །མཛོད་ཅེས་པ་འཁྲི་ཤིང་གི་ཡལ་འདབ་དང་པོར། ནམ་ཞིག་ས་ཡི་དབང་ཕྱུག་དེ། །མདུན་སར་བཞུགས་ལ་གླང་པོ་ཡི། །ནགས་ཀྱི་བདག་པོ་མངོན་ཕྱོགས་ཏེ། །པུས་མོ་ས་ལ་བཙུགས་ནས་སྨྲས། །ལྷ་གཅིག་ཁྱོད་གྲགས་ཐོས་གྱུར་ནས། །ས་སྲུང་ས་ལ་འོང་བ་ལྟའི། །གླང་ཆེན་མཆོག་ཏུ་མཛེས་པ་ནི། །རྨད་དུ་བྱུང་བ་བདག་གིས་བཟུང་། །སྐབས་གསུམ་པར་འོས་སོ་གཉིས་འདི། །སྒོ་ན་གནས་སོ་རབ་ཏུ་གཟིགས། །གང་ཕྱིར་ཇོ་བོས་གཟིགས་གྱུར་ན། །གཡོག་འཁོར་ཡོངས་ངལ་འབྲས་དང་བཅས། །དེ་སྐད་ཐོས་ནས་མི་བདག་ནི། །བློན་ལ་ཡང་དག་བགྲོས་ནས་སོང་། །ཞེས་པ་ལྟ་བུ་གཅོད་མཚམས་དང་བྱ་ཚིག་སྣ་ཚོགས་པ་རང་དབང་ཅན་ཤླཽཀའི་གྲངས་ངེས་བཟུང་མེད་པར་རྒྱལ་པོའི་མཛོད་ནང་གི་ནོར་ལྟར་རྣམ་པ་དུ་མར་གནས་པ་ཞིག་གོ། འདུས་
པ་ནི། ཡལ་འདབ་དང་པོར། གཟི་བརྗིད་ལ་བརྟེན་ལྷ་རྣམས་ཀྱིས། །གང་གི་གྲགས་པ་མངོན་མཆོད་པ། །རབ་གསལ་ཞེས་བྱའི་ས་བདག་དེ། །དེར་ནི་ས་ཡི་ཐིག་ལེར་གྱུར། །གང་གི་གྲགས་པའི་མེ་ཏོག་གི། །དོག་པ་ཡོན་ཏན་དྲི་བཟང་ཚོགས། །ཕྱོགས་ཀུན་རི་དྭགས་མིག་ཅན་མའི། །རྣ་བ་ཡི་ནི་རྒྱན་དུ་གྱུར། །ཐབས་ཤེས་ལྡན་པ་གང་གི་བཀའ། །ས་སྐྱོང་མགོ་ཡི་ཚོགས་རྣམས་ལ། །གསེར་གྱི་མེ་ཏོག་དྲི་མེད་ཀྱི། །ཕྲེང་བ་བཞིན་དུ་རབ་ཏུ་བརྗིད། །ཅེས་པ་ལྟ་བུ་རྗོད་བྱེད་ཚིགས་བཅད་གསུམ་གྱིས། ཐིག་ལེར་གྱུར། རྒྱན་དུ་གྱུར། རབ་ཏུ་བརྗིད་ཅེས་བྱ་ཚིག་གསུམ་གྱིས་གསལ་བ་འདི་ལྟ་བུ་སོགས། སྐབས་དོན་བརྗོད་བྱ་གཅིག་ཚིགས་བཅད་དུ་མ་དང་བྱ་ཚིག་དུ་མས་བསྟན་པ་ཞིག་གོ། དེ་ལྟར་རིགས་དང་འདུས་པ་གཉིས་ལ་ཚིགས་བཅད་འགའ་ཡོད་པར་འདྲ་ཡང་། རིགས་བྱ་ཚིག་གཅིག་གིས་བསྡུས་པ་དང་། འདུས་པ་བྱ་ཚིག་དུ་མས་བསྟན་པའོ། །མཛོད་དང་འདུས་པ་བྱ་ཚིག་མང་བར་འདྲ་ཡང་། མཛོད་ལ་ཚིགས་བཅད་མང་པོ་དགོས་པའི་ངེས་པ་མེད། འདུས་པར་མང་པོ་དགོས་པར་ངེས་སོ། །གྲོལ་བ་ལ་བྱ་ཚིག་དང་གཅོད་མཚམས་མི་དགོས་སོ་ཞེས་སྔ་མ་དག་གིས་བཤད་དོ། །དེ་ཡང་ཚིགས་བཅད་མང་པོ་ཡོད་པ་ས རྒས་བཅིངས་བ་ནི་སྙན་ངག་ཆེ་བ་ཞེས་བྱ་སྟེ་གཞུང་རྒྱ་ཆེ་བས་སོ། །དེ་ཡི་མཚན་ཉིད་
ཇི་ལྟ་བུ་ཡིན་པ་བརྗོད་པར་བྱ་སྟེ། ལྷག་པའི་ལྷ་སོགས་ཀྱི་སྒོ་ནས་འདོད་པའི་དོན་ལ་ཤིས་པར་བརྗོད་པ་དང་། ལྷག་པའི་ལྷ་ལ་ཕྱག་བྱ་པའི་ཚིགས་བཅད་དང་། གཞུང་གི་བརྗོད་བྱའི་དངོས་པོ་ངེས་པར་བསྟན་པའང་སྙན་ངག་ཆེན་པོ་དེ་ཡི་འཇུག་སྒོ་དེ་ཐོག་མར་གཞག་པར་བྱ་བའོ། །གཞུང་གི་བརྗོད་བྱ་སྔོན་བྱུང་གི་གཏམ་ལས་གྱུར་པ་སྐྱེས་རབས་དང་རྟོགས་བརྗོད་ལ་སོགས་པ་ལྟ་བུའམ། དེ་མིན་ཡང་གཅིག་ཤོས་ཞེས་ད་ལྟ་སོགས་ཀྱི་དངོས་པོ་ངོ་མཚར་བའི་བརྗོད་དོན་ལེགས་པ་ལ་བརྟེན་པ་གང་ཞིག ཆོས་དོན་འདོད་ཐར་ཏེ་སྡེ་བཞིའི་འབྲས་བུའམ་དགོས་པའི་དབང་དུ་གྱུར་པའམ་དེའི་སླད་དུ་བྱས་པ་དང་། བསྔགས་བྱ་མཁས་ཤིང་ཡོན་ཏན་རྒྱ་ཆེའི་འདྲེན་པ་ལ་བསྔགས་པ་ཅན་དུ་བྱ་ཞིང་། དེར་མ་ཟད། སྐབས་སུ་བབ་པའི་ཡུལ་ཕྱོགས་ཀྱི་གྲོང་ཁྱེར་དང་། རྒྱ་མཚོ་དང་། རི་དང་། དུས་དང་། ཉི་ཟླ་ལེགས་པར་འཆར་བའི་བསྔགས་པ་དང་། སྐྱེད་མོས་ཚལ་དང་། ཆུ་ཡི་རོལ་རྩེད་དང་། ཆང་འཐུང་བ་དང་། ཕོ་མོ་དགའ་བའི་དགའ་སྟོན་བལྟ་བགད་ལག་བཅིང་གཉིས་སྦྱོར་གྱི་ཚུལ་དང་། ཕོ་མོ་དུས་བཏབ་སྟེ་མ་ཚོགས་པ་ལྟ་བུ་བསླུ་བ་དང་། བག་མ་ལེན་པ་དང་། གཞོན་ནུ་སྐྱེ་བ་དང་། དེ་ཉིད་སྐྱེད་འཕེལ་བ་དང་། འདུན་གྲོས་བྱེད་པ་དང་། ཕོ་ཉ་ཡུལ་གཞན་དུ་བགྲོད་པ་དང་། གཞན་དང་གཡུལ་འཐབ་པ་དང་། འདྲེན་པ་ཉིད་
མངའ་ཐང་དར་བས་ཀྱང་བརྒྱན་པར་གྱུར་ཅིང་། དེ་རྣམས་ཀྱི་ངང་ཚུལ་བརྗོད་པའི་ཚེ་ཧ་ཅང་ཚིག་ཉུང་ངུར་བྱས་ན་ཉམས་མི་ཐོན་པས་མདོར་བསྡུས་པ་མིན་པར་ཅི་རིགས་སུ་སྦྱར་ཞིང་། གང་དང་གང་བརྗོད་པ་དེ་ཉིད་ཀྱི་རྣམ་པ་དངོས་སུ་མཐོང་པ་དང་འདྲ་བའི་ཚིག་གི་ཉམས་ཐོན་པས། དེ་ལས་ཡིད་ཀྱི་ཉམས་མྱོང་གི་འགྱུར་བ་བསྐྱེད་ནུས་པ་དག་གིས་གཏམས་པའམ་གང་བར་བྱ་ལ། ཚིག་ཉག་ཉོག་མཉན་དཀའ་བ་མང་བས་སརྒ་ཤིན་ཏུ་རྒྱ་ཆེ་བའང་མིན་པར་རྒྱས་བསྡུས་འཚམས་པས་མཉན་འོས་པ་ཉིད་དུ་བྱའོ། །ཚིགས་བཅད་དེ་ཉིད་སྡེབ་སྦྱོར་བྲྀཏྟ་སོགས་ཀྱི་མཚན་ཉིད་དང་མཐུན་པར་ལེགས་པར་མཚམས་སྦྱར་ནས། གཞུང་ཀུན་ཏུ་སརྒ་དག་གི་གོང་མའི་མཐའ་དང་འོག་མའི་མཐའ་རྣམས་སུ་ཚིག་རིང་ཐུང་བཅད་ལྷུག་སོགས་དང་སྒྲ་དང་དོན་གྱི་རྒྱན་དང་སྡེབ་སྦྱོར་རྣམས་གཅིག་མ་ཡིན་པ་ཐ་དད་སྣ་ཚོགས་སུ་གྱུར་པ་དང་ལྡན་པས་འཇིག་རྟེན་གྱི་ཡིད་ངོར་མཛེས་པར་བྱེད་ཅིང་། དེ་ལྟ་བུའི་སྙན་ངག་དམ་པའི་རྒྱན་དང་ལྡན་པ་ནི་ལེགས་ཤིང་ཡིད་དུ་འོང་བའི་ཕྱིར་འཛིན་མཁན་མང་བས་བསྐལ་པའི་བར་དུ་གནས་པར་འགྱུར་རོ། །གང་ཞིག་གྲོང་ཁྱེར་དང་རྒྱ་མཚོ་ལ་སོགས་པ་འདི་རྣམས་ཀྱི་བསྔགས་པ་སྙན་ངག་རྒྱ་ཆེན་པོའི་གཞུང་རྣམས་སུ་འབྱུང་བར་གསུང་པ་ནི་སྤྱིར་བསྔགས་པ་རྒྱས་པར་བརྗོད་པ་རྣམས་ལ་བྱུང་ཡང་ལེགས་པའི་
ཡན་ལག་ཏུ་འགྱུར་བའི་ཚུལ་གསུངས་པ་ཡིན་གྱི། དེ་རྣམས་ཀྱི་བསྔགས་པ་མ་ཚང་ན་སྙན་ངག་རྒྱས་པའི་གཞུང་དུ་མི་འགྱུར་བའི་སྐྱོན་ཡོད་པར་སྟོན་པ་ནི་མ་ཡིན་ཏེ། སྙན་ངག་གི་བརྗོད་བྱ་གང་ཞིག་རི་དང་དུས་དང་ཁྲུས་སོགས་འདིར་བསྟན་གྱི་ཡན་ལག་འགས་དམན་ཏེ་མ་ཚང་ན་ཡང་། གལ་ཏེ་བརྗོད་བྱའི་གཙོ་བོ་གང་ཡིན་རྣམས་ལ་བསྔགས་པ་སྦྱར་ཚུལ་རྣམས་ཕུན་སུམ་ཚོགས་པ་ཉིད་ཀྱིས་སྙན་ངག་དེ་རིག་པའམ་ཤེས་པ་རྣམས་ཡིད་མགུ་བར་བྱེད་པ་ཡིན་པས་ན། འདིར་ནི་རི་སོགས་ཀྱི་བསྔགས་པ་འགའ་ཞིག་མེད་དེ། མ་ཚང་ན་དེ་ལྟ་བུ་སྙན་ངག་རྒྱས་པར་མི་འགྱུར་བའི་སྐྱོན་མ་ཡིན་ནོ། །ཞེས་སོ། །དེ་ཡང་སྙན་ངག་རྒྱས་པའི་སྐབས་སུ། གྲོང་ཁྱེར་ལ་བསྔགས་པ་ནི། འཁྲི་ཤིང་གི་ཡལ་འདབ་དང་པོར། །གསེར་གྱི་བ་གམ་གཞལ་ཡས་ཁང་། །ཁང་པས་བསྐོར་བའི་གྲོང་ཁྱེར་ནི། །འོད་ལྡན་ཞེས་བྱ་བསོད་ནམས་ལས། །འོད་ལྡན་མཐོ་རིས་ལྟ་བུ་ཡོད། །ཅེས་སོགས་གྲོང་ཁྱེར་གྱི་བཀོད་པ་ཡིད་འཕྲོག་པའི་ཚིག་གི་ཉམས་ཀྱི་སྒོ་ནས་བརྗོད་པའི་ཚིགས་བཅད་དུ་མ་རྣམས་སོ། །ཚིགས་བཅད་གཅིག་ལའང་། སྣ་ཚོགས་ནོར་བུའི་འོད་ཆགས་གཞལ་མེད་ཁང་། །རབ་ཡངས་བཀོད་པའི་ཁྱད་པར་དུ་མ་ཡིས། །མངོན་དགའ་མཚུངས་པ་མེད་པའི་གྲོང་ཁྱེར་འདི། །སུམ་རྩེན་གྲོང་ཁྱེར་ས་ལ་འཕོས་པ་བཞིན། །ཞེས་རང་གིས་སྨྲས་པ་ལྟ་བུའོ། །རྒྱ་མཚོའི་
བསྔགས་པ་ནི་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པའི་ལེགས་པར་ཕ་རོལ་ཏུ་ཕྱིན་པའི་རབས་ལས། དེ་ནི་ཨནྡ་རྙིལ་གྱི་འོད་ལྟར་སྔོ། །ཉི་མའི་འོད་ཀྱིས་གནམ་སྔོན་བཞུས་པ་བཞིན། །ཁོ་ར་ཁོར་ཡུག་མཚོ་འགྲམ་བལྟར་མི་མངོན། །གཏིང་དཔག་དཀའ་བའི་མཚོ་མཇིང་ནང་དུ་ཞུགས། །ཞེས་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། ལི་ཤིའི་ཡལ་འདབ་དག་ནི་ཟོས་གྱུར་པའི། །ལག་ལྡན་ཆུ་སྲིན་སྒྲེགས་པའི་དྲི་བཟང་གི། །ཆུ་དང་ལྡན་པའི་རྒྱ་མཚོའི་རྦ་རླབས་འདི། །རིན་ཆེན་འོད་ཟེར་དག་གིས་སྤྲས་ཏེ་མཛེས། །ཞེས་པ་ལྟ་བུ་དང་། གཞན་ཡང་། རྣམ་མང་ནོར་བུས་གཏམས་པའི་ཆུ་གཏེར་ནི། །དྲི་མེད་བཻཌཱུར་མེ་ལོང་ཕྱིས་པ་བཞིན། །ཕ་མཐའ་རབ་ཏུ་ཡངས་པའི་ཁོར་ཡུག་གིས། །གནམ་སྔོན་ལྟོ་བར་བསྐྱིལ་བ་བཞིན་དུ་གནས། །ཞེས་རང་གིས་བཀོད་པའོ། །རི་ཡི་བསྔགས་པ་རྒྱ་ཤུག་གི་གླིང་དུ་བགྲོད་པའི་ཡལ་འདབ་ལས། རྩེ་མོ་ཤིན་ཏུ་མཐོ་བ་ཡི། །ཤེལ་གྱི་ས་འཛིན་མདུན་དུ་མཐོང་། །བྱ་རྣམས་ཀྱིས་ཀྱང་བགྲོད་དཀའ་བ། །འཇམ་པའི་བྲག་ནི་གཅིག་པུ་དེར། །ཞེས་དང་། གཞན་ཡང་རང་གིས་སྨྲས་པ། དྲི་མེད་ཟླ་བ་གཞོན་ནུའི་མདངས་བཟང་ཡང་། །མོག་པོར་བགྱིད་པ་ཀེ་ལ་ཤ་ཡི་རི། །ཉི་ཟླའི་རྣ་ཆ་དཔྱངས་པའི་ཁོར་ཡུག་ཀུན། །ལྷ་དང་དྲང་སྲོང་གྲུབ་པའི་ཚོགས་ཀྱིས་
གཏམས། །ཞེས་སོ། །དུས་ཀྱི་བསྔགས་པ་འཕགས་སྐྱེས་པོའི་ཡལ་འདབ་ཏུ། དེ་ནས་ཡིད་སྲུབས་ལོངས་སྤྱོད་གྲོགས། །སྦྲང་རྩི་འཐུང་བ་རྣམས་ཀྱི་གཉེན། །སྐལ་བཟང་འཁྲི་ཤིང་འཁྱུད་བྱེད་པ། །ལེགས་ལྡན་དཔྱིད་ནི་མཐོང་བར་གྱུར། །ཅེས་དང་། སྨྲས་པ། ཡིད་འོང་སྤྲིན་སྔོན་གློག་གི་རྩེ་དགའ་ཅན། །རྨ་བྱ་རབ་ཏུ་དགའ་བའི་འབྲུག་སྒྲ་སྒྲོག །བུང་བའི་གར་བྱེད་མེ་ཏོག་ཕྲེང་བའི་ཚལ། །རབ་རྒྱས་དཔྱིད་ཀྱི་དུས་བཟང་འདིར་ནི་མཐོང་། །ཞེས་སོ། །ཉི་ཟླ་འཆར་བའི་བསྔགས་པ། སྤྲིན་བཞོན་གྱི་རྟོགས་བརྗོད་ལས། དེ་ནས་ཤར་གྱི་རི་རྩེར་རི་བོང་ཅན། །འོད་ཟེར་ཕྲེང་བ་ཤེལ་གྱི་དུ་བས་བསྡམས། །བ་གམ་རྩེར་འཛེགས་དགའ་སྟོན་ཆེན་པོ་ལས། །གྲུབ་མཐའི་བུ་མོའི་གར་ལ་བལྟ་བ་བཞིན། །ཞེས་དང་། གྲོ་བཞིན་སྐྱེས་ཀྱི་རྟོགས་བརྗོད་ལས། སྲིད་པའི་མིག་ནི་ཉི་མ་དག །འབྱུང་པོ་ཀུན་གྱི་བདེ་སྡུག་གི། །དབང་པོ་གཅིག་པུ་ཤར་བའི་ཚེ། །ཞེས་པ་ལྟ་བུའོ། །ཡང་སྨྲས་པ། རྒྱུ་སྐར་ཕྲེང་བས་ཡོངས་བསྐོར་རི་བོང་ཅན། །ཡིད་འོང་བདུད་རྩིའི་འོད་དཀར་ཕྱོགས་ཀུན་འགྲེམ། །ཀུ་མུད་འབྱུང་གནས་རྣམས་དང་ལྷན་ཅིག་ཏུ། །འདྲེན་བྱེད་ཀུ་མུད་དགའ་བའི་དཔལ་དུ་ཤར། །ཞེས་དང་། མཐོན་མཐིང་ནོར་བུའི་འོད་ཆགས་འཆི་མེད་ལམ། །གསེར་ཞུན་ཁུ་བས་ལེགས་པར་བྱུགས་པ་བཞིན། །འཆར་ཀའི་འོད་བཟང་སྣང་བས་མདུན་བསུས་
པའི། །པདྨོའི་གཉེན་དེ་ཤར་གྱི་རི་ལས་མཐོང་། །ཞེས་སོ། །སྐྱེད་ཚལ་གྱི་བསྔགས་པ་སྤྲིན་བཞོན་ཡལ་འདབ་ཏུ། བུང་བའི་ན་ཆུང་རྣམ་འཕྲུལ་ལོངས་སྤྱོད་ལྡན། །སྦྲང་རྩིས་མྱོས་ཤིང་རྣམ་པར་འཁྱམས་དུས་དེར། །མེ་ཏོག་རབ་རྒྱས་འཁྲི་ཤིང་ཚལ་གྱི་གཞིར། །རིག་འཛིན་རྒྱལ་པོའི་སྲས་ནི་རྣམ་པར་རྒྱུ། །ཞེས་དང་། བོ་དོང་པཎ་ཆེན་གྱི་དབྱངས་ཅན་མའི་བསྟོད་པ་རྒྱན་གྱི་ཕྲེང་བ་ལས། རིན་ཆེན་སྐྱེད་མོས་ཚལ་གྱི་མཚོ་འགྲམ་གང་། །དྲི་མེད་ནོར་བུའི་ལྗོན་ཤིང་ཕྲེང་བ་ཅན། །ཤེལ་གྱི་ལྕུག་ཕྲན་འཁྲི་ཤིང་གཞོན་ནུས་འཁྱུད། །ཕན་ཚུན་ཡལ་ག་ལག་པས་འཐེན་པ་འདྲ། །གསེར་གྱི་མེ་ཏོག་རྣམས་ནི་མགོ་ལྕོགས་ལྡེམ། །གཡུ་ཡི་བུང་བ་གླུ་ལེན་འཕུར་ཞིང་ལྡིང་། །ངང་པའི་རྒྱལ་པོས་མཐའ་ཡས་རྫ་རྔ་བརྡུངས། །བཞད་དཀར་མགྲིན་རིང་རྣམས་ནི་སིལ་སྙན་འཁྲོལ། །མྱོས་པའི་ཁུ་བྱུག་ཟབ་མོའི་གླིང་བུ་བསྒྱུར། །ནགས་ཀྱི་བྱེའུ་སྣ་ཚོགས་པི་ཝཾ་སྒྲོག །ཆུ་བྱ་མཐའ་དག་དགའ་ཞིང་རྣམ་པར་འཕྱོ། །སྤུ་སྡུག་རི་དྭགས་ཚོགས་རྣམས་རྒྱུག་ཅིང་མཆོངས། །དྲེགས་པའི་གླང་ཆེན་ཕྱོགས་རྣམས་ཀུན་ཏུ་འགྱིང་། །ལྷ་ཕྲུག་གཞོན་ནུའི་ཚོགས་རྣམས་སྒྱུ་རྩལ་རྩེ། །རི་དྭགས་མིག་ཅན་རྩེད་འཇོ་གླུ་གར་བྱེད། །དྲང་སྲོང་རིག་འཛིན་དུ་མ་བསམ་གཏན་མཛད། །ཧ་རི་ཙནྡན་ལྗོན་པའི་གྲིབ་བསིལ་དང་། །ལི་ཤིའི་མེ་ཏོག་གུར་གྱི་ལྡིང་ཁང་ཅན། །རིན་ཆེན་ནེའུ་
གསིང་མཐིང་གའི་དབུས་མཐོ་བར། །ཟླ་བ་ནོར་བུའི་རྡོ་ལེབ་ཕྱོགས་བཅུར་བཀྲམ། །པདྨ་དཀར་པོའི་ཕྲེང་བ་འཁྲིགས་པའི་གཞིར། །ཞེས་པ་དང་། གཞན་ཡང་། མཛེས་ལྡན་ལྗོན་ཤིང་ཕྲེང་བས་ཡོངས་བསྐོར་ཅིང་། །རྣམ་མང་མེ་ཏོག་གཞོན་ནུའི་འཛུམ་ཞལ་ལས། །ཡིད་འཕྲོག་དྲི་བསུང་འཐུལ་བས་མདུན་བསུས་ཏེ། །མཐོང་ན་མངོན་དགའ་སྐྱེད་མོའི་ཚལ་དེར་ཞུགས། །ཞེས་སོ། །ཆུའི་རོལ་རྩེད་ལ་བསྔགས་པ་ནོར་བཟང་གི་ཡལ་འདབ་ལས། དེ་དག་དབུས་སུ་ཡིད་འཕྲོག་མ། །ཁྲུས་བྱས་ལངས་པ་མཐོང་གྱུར་ཏེ། །དྲག་པོའི་མིག་གསུམ་མེ་དག་ནི། །ཞི་བྱེད་ཆུ་ཡི་ལྷ་མོ་བཞིན། །ཞེས་སོགས་དང་། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལས། ལྷག་མ་ཉལ་བ་བཞིན་དུ་ཆུ་ཀླུང་རྣམས་སྤངས་ལྷ་ལམ་མཐོང་བའི་ཕུང་པོ་ལས། །ཕྱོགས་ཀྱི་གླང་ཆེན་རྣམས་ནི་རྩེ་ཞིང་སྣ་ཡིས་ཆུ་འཐོར་ཐིགས་པའི་ཟེར་མ་རྣམས། །ཡང་དག་ཚིམ་པ་སྐྱེ་འགྱུར་ཆུ་ཐིགས་མེ་ཏོག་འབྲས་བུའི་འོད་ཟེར་མཛེས་པ་ལྟར། །དྲང་སྲོང་བདུན་པོ་རྣམས་ནི་གསེར་གྱི་པདྨ་འཛིན་ཅིང་ཁྲུས་ལ་རབ་ཏུ་འཇུག །ཅེས་དང་། ཡང་། དེར་ནི་ནོར་བུའི་རྒྱན་རྣམས་རབ་བཀྲོལ་ནས། །རབ་བསིལ་ཡིད་འོང་གདྒཱའི་འཇུག་ངོགས་སུ། །མངོན་དགའ་མཚུངས་མེད་ཟླ་བ་གཞོན་ནུའི་ལུས། །ངང་པའི་སྟབས་ཀྱིས་དགའ་སྟོན་ཁྲུས་ལ་ཞུགས། །ཞེས་སོ། །ཆང་འཐུང་བའི་ཚུལ་བརྗོད་པ། ཀླུ་ཀུན་ཏུ་
དགའ་བའི་ཟློས་གར་དུ། ཧ་རི་ཙནྡན་གྱིས་བྱུགས་ལུས་ཅན་ལྷ་ཡི་མེ་ཏོག་ཕྲེང་བས་རབ་ཏུ་མཛེས། །ནོར་བུའི་རྒྱན་གྱི་འོད་དག་རེག་པས་དྭངས་ཤིང་བཀྲ་བར་བྱས་པའི་གོས་དང་ལྡན། །གྲུབ་པའི་སྐྱེ་བོ་དག་དང་ལྷན་ཅིག་སྤེལ་བར་གྱུར་པའི་རིག་འཛིན་འདི་དག་རྣམས། །ཙནྡན་གྲིབ་བསིལ་དག་ཏུ་དགའ་མའི་འཐུང་ལྷག་ཏུ་གྱུར་ཆང་དག་འཐུང་བར་བྱེད། །ཅེས་དང་། འདིར་ཡང་། རབ་དགའི་ཡིད་ཅན་རྣམས་ནི་ཕན་ཚུན་དུ། །ཟིམ་བུས་བལྟ་བཞིན་དགའ་སྟོན་མདུན་ས་དེར། །རོ་ནུས་ཕུན་ཚོགས་དྲི་བསུང་བརྒྱ་པའི་ཆང་། །བག་ཕེབས་ཚུལ་གྱིས་འདོད་དགུར་འཐུང་ཞིང་རྩེ། །ཞེས་སོ། །དགའ་བའི་དགའ་སྟོན་བརྗོད་པ་ཀུན་ལའི་རྟོགས་བརྗོད་དུ། ཡུལ་འདི་སྐྱེ་བོས་སྤངས་ཤིང་ལེགས་པར་སྒྲིབ། །དབེན་པ་འབྱེད་པ་སུ་ཡང་མེད་པ་འདིར། །རང་འདོད་དུ་འཇུག་མཛའ་བས་དུད་པ་ཡི། །བུ་སྨད་དར་མ་སྐལ་ལྡན་ཉིད་ལ་འགྱུར། །ཞེས་སོགས་དང་། ནོར་བཟངས་ཀྱི་ཡལ་འདབ་ལས། མཆུ་ཡི་སྦྲང་རྩིར་ཆགས་ལྡན་པ། །སྦྲང་རྩི་འཐུང་བས་བཞིན་དུ་དེས། །རེག་པར་བཞིན་གྱི་ཆུ་སྐྱེས་ནི། །དུད་ཅིང་པདྨོ་ཅན་དེ་འདར། །ཞེས་སོགས་གསུངས་པ་ལྟ་བུའོ། །སླར་ཡང་། ཕན་ཚུན་ལག་ནས་དྲངས་ཏེ་ཡངས་པའི་བྲང་། །གཞོན་ནུའི་ཤ་ཚུགས་རེག་པའི་བདེ་མྱོང་ནས། །རྩེ་དགས་སླར་ཡང་དམ་པོར་བཅིངས་གྱུར་
པ། །འོ་མའི་མཚོ་ལ་ཟླ་ཟེར་བབ་པ་བཞིན། །ཞེས་པ་ལ་སོགས་པ་ལྟ་བུའོ། །མ་ཚོགས་པ་ནི་སྡུད་པ་ལས། དཔེར་ན་འདོད་ཆགས་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག །བུད་མེད་དུས་བཏབ་དེ་དང་མ་འཕྲད་དེ་ཡིས་ནི། །ཉིན་གཅིག་སེམས་ཀྱི་རྣམ་པར་སྤྱོད་པ་ཇི་སྙེད་པ། །ཞེས་པ་དཔེར་བྱས་ཏེ་གསུངས་པ་འདི་ལྟ་བུ་བརྗོད་པ་ནི། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། ཙནྡན་འཁྲི་ཤིང་དག་གི་ཁང་པ་ནི། །ཟླ་བ་ནོར་བུའི་རྡོ་དང་ལྡན་མོད་ཀྱང་། །ཟླ་བཞིན་མ་བྲལ་འདི་ལ་བདག་མི་དགའ། །ཟླ་འོད་དང་བྲལ་མཚན་མོའི་སྒོ་བཞིན་ནོ། །ཞེས་གསུངས་པ་དང་། འདིར་ཡང་། གཅིག་ལ་གཅིག་སེམས་རྗེས་སུ་ཞུགས་པ་ཡིས། །ཟུར་མིག་ལྕགས་ཀྱུས་ཡང་ཡང་བསྐུལ་ན་ཡང་། །བྱང་དུ་བགྲོད་ལྡན་ནམ་མཁའི་ནོར་བུ་འདིས། །འཁྲེན་ནས་ཤིན་ཏུ་རིང་བའི་ཉིན་མོར་སྤྲུལ། །ཅེས་སོ། །བག་མ་ལེན་པ་ནི་སྤྲིན་བཞོན་ཡལ་འདབ་ཏུ། དེ་ནས་བག་མའི་དགའ་སྟོན་ཆེན་པོ་ལ། །ཆོ་ག་བཞིན་ཞུགས་གྲུབ་བདག་བུ་མོ་ཡི། །ལག་བཟུང་རེག་པ་གསར་པའི་བདུད་རྩི་ཡིས། །རིག་འཛིན་རྒྱལ་པོའི་སྲས་ནི་དགའ་བར་གྱུར། །ཅེས་དང་། འདིར་ཡང་། རིང་ནས་མངོན་འདོད་ཨུཏྤལ་མིག་ཡངས་མ། །རྣམ་མང་ནོར་བུའི་འབྱོར་པ་དང་བཅས་པར། །རབ་ཏུ་དགའ་བའི་གླུ་གར་རོལ་མོ་ཡིས། །མཛེས་པར་བསུས་ཏེ་བག་མའི་དགའ་སྟོན་བསྐྱངས། །ཞེས་སོ། །
གཞོན་ནུ་སྐྱེ་བ་བརྗོད་པ་ནི། གཙུག་ན་ནོར་བུའི་རྟོགས་བརྗོད་དུ། དེ་ནས་དུས་ནི་ཡོངས་རྫོགས་ཏེ། །མཁའ་ལ་བདུད་རྩིའི་འོད་ཟེར་བཞིན། །འགྲོ་བའི་རབ་རིབ་ཀུན་འཇོམས་བུ། །ལ་མོ་ལ་ནི་བཙས་པར་གྱུར། །ཅེས་དང་། ཡང་སྨྲས་པ། ལུམྦིའི་ཚལ་རབ་མཆོག་ཏུ་གང་གྲགས་པར། །ལྷར་བཅས་འཇིག་རྟེན་ཀུན་ན་མཚུངས་མེད་སྐུ། །མཚན་དཔེ་ཉི་མ་བརྒྱ་པའི་སྣང་བ་ཅན། །ཤཱཀྱའི་སྲས་དེ་འགྲོ་བའི་དཔལ་དུ་བལྟམས། །ཞེས་སོ། །གཞོན་ནུ་འཕེལ་བ་བརྗོད་པ་གླང་པོ་ཅན་གྱི་རྟོགས་བརྗོད་དུ། རི་བོང་ཅན་བཞིན་བྱིས་པ་དེ། །དུས་ལ་སྒྱུ་རྩལ་ཆགས་གནས་གྱུར། །འཇིག་རྟེན་ཀུན་གྱི་མིག་གི་གཉེན། །འོད་ཟེར་ལྡན་ཞིང་རབ་ཏུ་མཛེས། །ཞེས་སོགས་གསུངས་པ་དང་། ཡང་། དེ་ཡི་ལང་ཚོའི་ཟླ་བ་བློ་གྲོས་ཀྱི། །འོད་ཟེར་བཟང་པོ་འགྲན་པ་བཞིན་དུ་འཕེལ། །བྱིས་པ་གཞོན་ནུའི་རྩེ་དགའི་རོལ་པས་ཀྱང་། །གཞན་ཡིད་དགའ་བའི་རྒྱ་མཚོ་རྣམ་པར་འཕེལ། །ཞེས་སོ། །གྲོས་བྱེད་པ་བརྗོད་པ་ནི། འཕགས་སྐྱེས་པོའི་ཡལ་འདབ་ཏུ། འཕགས་སྐྱེས་པོ་ནི་ཉེར་ལྷགས་པས། །ཤཱཀྱ་རྣམས་ཀྱིས་བགྲོ་བ་བྱས། །སྲོག་དང་ལྡན་ཙམ་སུ་ལ་ཡང་། །འུ་ཅག་འཚེ་བ་མི་བྱའོ། །ཞེས་དང་། ཡང་སྨྲས་པ། རི་དབང་རྣམས་ཀྱིས་ཡོངས་བསྐོར་ལྷུན་པོ་བཞིན། །རབ་ཡངས་བརྟན་པའི་བློ་མངའ་མིའི་
དབང་པོ། །གསལ་མཛངས་བློན་པོའི་ཚོགས་དང་ལྷན་ཅིག་ཏུ། །རྒྱལ་ཐབས་མངོན་པར་མཐོ་བའི་གྲོས་ལ་ཞུགས། །ཞེས་སོ། །ཕོ་ཉ་བགྲོད་པ་བརྗོད་པ་ཡབ་སྲས་མཇལ་བའི་ཡལ་འདབ་ལས། ཡིད་ལ་རེ་བ་འདི་ཡི་ས་ཡི་བདག །དེ་ལྟའི་སླད་བཞིན་མདུན་དུ་སོང་བའི་ཚེ། །དེ་ཡི་དྲིན་གྱིས་རབ་བྱུང་གསལ་བྱས་པའི། །དགའ་བའི་རོ་ལྡན་འཆར་ཀ་ཡང་དག་འོངས། །ཞེས་དང་། འདིར་བརྗོད་པ། རྒྱལ་ཕྲན་རྣམས་ཀྱི་རལ་པའི་ཅོད་པན་ལ། །འབབ་སྟེགས་བྱེད་པ་མི་ཡི་དབང་པོའི་བཀའ། །ནོར་བུའི་དོ་ཤལ་འཛིན་བའི་ཕོ་ཉ་རྣམས། །མྱུར་བའི་ཤུགས་ཀྱིས་ཡུལ་གཞན་རྣམས་སུ་སོང་། །ཞེས་སོ། །ཡུལ་གཞན་དུ་བགྲོད་པ་མ་གྷ་དྷཱ་བཟང་མོའི་རྟོགས་བརྗོད་དུ། དེ་ནས་མཚན་མོ་འདས་གྱུར་ཏེ། །སྔ་དྲོ་དགེ་སློང་ཐམས་ཅད་ནི། །སྣ་ཚོགས་ལྷ་ཡི་ཆས་ལྡན་པའི། །གཞལ་ཡས་ཁང་ནས་མཁའ་ལ་གཤེགས། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟ་བུ་དང་། ཡང་དེའི་དཔེ་བརྗོད་པ། གསེར་གྱི་རྒྱན་ལྡན་རྟ་མཆོག་དུ་མ་ཡིས། །ལེགས་པར་དྲངས་པ་ནོར་བུའི་ཤིང་རྟ་ལ། །དགྱེས་བཞིན་བཞུགས་པ་ས་ཡི་བདག་པོ་འདི། །རྣམ་མང་ཡུལ་གྱི་བཀོད་པ་བལྟ་བཞིན་འདོང་། །ཞེས་སོ། །གཡུལ་འཐབ་པ་བརྗོད་པ་བརྒྱ་བྱིན་གྱི་རབས་ལས། དེ་ནས་མཚོན་ཆ་འཁྲུགས་པ་ཡི། །སྒྲ་ཆེན་གཡུལ་ནི་བསྲེས་པ་དང་། །རྔ་བརྡུང་སྒྲ་ནི་དྲག་པོ་ཡིས། །
ནམ་མཁའི་ངོས་ནི་རལ་བ་བཞིན། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟ་བུ་དང་། འདིར་ཡང་། དྲག་པོའི་ལྷ་དམག་འདུས་པའི་བ་དན་ནི། །དགྲ་ལྟ་འགྱུ་པའི་རླུང་གིས་ཉེར་བསྐྱོད་པ། །འཇིགས་རུང་སྤྲིན་ནག་འཁྲུགས་པའི་འབྲུག་སྒྲ་བཞིན། །དཀར་ཕྱོགས་རྣམ་པར་རྒྱལ་བའི་དཔའ་ངར་བསྐྱེད། །ཅེས་སོ། །འདྲེན་པ་དར་བ་བརྗོད་པ་ནི། ང་ལས་ནུའི་རྟོགས་བརྗོད་དུ། ལྷག་མ་ངལ་བས་བདེར་གནས་པ། །མཐའ་དག་ཆུ་གཏེར་རླབས་ཀྱིས་ནི། །སྐ་རགས་ལྡན་པའི་ནོར་འཛིན་མ། །མ་ལུས་དཔུང་པས་གཟུང་བར་འགྱུར། །ཞེས་སོགས་གསུངས་པ་ལྟ་བུའོ། །འདིར་སྲིད་ཀྱི་ཡོན་ཏན་གྱིས་འདྲེན་པ་དར་བ་ལ་མཚོན་ན། མཐའ་བཞིའི་སྐྱེ་བོ་དྲེགས་པས་བསྒྱིངས་བའི་སྙིང་། །གང་གི་མཚན་གྱིས་བསྡིགས་པས་འདར་བྱེད་པ། །ཕུན་ཚོགས་སྡེ་བཞིའི་མངོན་མཐོ་མིའི་དབང་པོ། །སྟོབས་འབྱོར་ཉི་མ་བྱེ་བའི་སྣང་བ་འབར། །ལྟ་བུ་དང་། ཆོས་ཀྱི་ཡོན་ཏན་གྱིས་འདྲེན་པ་དར་བ། མཁྱེན་མཆོག་འཇམ་དཔལ་དགྱེས་པའི་འཛུམ་དཀར་གྱིས། །ཡིད་ལ་འཇིགས་བྲལ་སྤོབས་པའི་སྟོབས་བྱིན་པས། །མང་ཐོས་སྣ་ཞགས་རྐྱོང་བའི་གླང་ཆེན་ཚོགས། །ཟིལ་གནོན་སྨྲ་བའི་སེང་གེ་བླ་མ་མཆོག །ཅེས་པ་ལ་སོགས་པ་ཡོན་ཏན་སྣ་ཚོགས་པ་གང་དང་གང་གི་ཆ་ནས་དར་བ་བརྗོད་པར་བྱའོ། །དེ་ལྟར་ཡུལ་ལ་བསྔགས་བརྗོད་ཀྱི་སྙན་ངག་གི་
དོན་བསྟན་པའི་ཞར་བྱུང་དུ་བསྔགས་པ་བརྗོད་པའི་ཚིག་འདི་ལ་སྙན་ངག་གི་ཉམས་འབྱུང་ཚུལ་གསུངས་པ། བྷཱ་མ་ཧས་འདོད་པ་ལྟར་ན། ཐོག་མར་བསྔག་བྱའི་འདྲེན་པ་ལ་དཔའ་མཛངས་སོགས་ཡོན་ཏན་གྱིས་བསྔག་པ་ཆེན་པོ་ཉེ་བར་བཀོད་ནས། དེ་ཡིས་ནི། གཞན་དགྲ་ལ་གནོད་པ་བྱེད་ཅེས་པའི་ངག་གི་ཚུལ་ལམ་ལམ་འདི་རང་བཞིན་དུ་ངག་སྦྱོར་མཛེས་པ་ཡིན་མོད་ཀྱི། རིགས་མཐོ་བ་དང་བརྩོན་འགྲུས་རྒྱ་ཆེ་བ་དང་མང་དུ་ཐོས་པ་སོགས་ཀྱིས་དགྲ་བོ་ལ་ཡང་རྒྱ་ཆེར་བསྔགས་པར་བྱས་ནས། དེ་འདྲའི་དགྲ་བོ་རྒྱལ་བར་དཀའ་བ་ལས་ཀྱང་བསྔག་བྱའི་འདྲེན་པ་ཉིད་རྒྱལ་པར་བརྗོད་ན། བསྔག་བྱའི་འདྲེན་པ་ནི་ཆེས་ཁྱད་པར་འཕགས་པ་བརྗོད་པའང་ཡིན་པས་སྦྱོར་ཚུལ་དེ་ལྟ་བུ་ལ་སློབ་དཔོན་དབྱུག་པ་ཅན་བདག་དགའ་བ་སྐྱེས་ཤིང་དེ་ལྟར་འདོད་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལྷུག་པ་བཤད་པ་ལ་དོན་གྱི་ངོ་བོ་བསྟན། དེ་ལ་དབྱེ་བ་གཉིས་སུ་འདོད་པ་དགག དང་པོ་ངག་གང་ལ་རྐང་པ་སོ་སོར་བཅད་པ་མེད་པའི་ཚིག་གིས་རྒྱུན་ནི་ལྷུག་པ་ཡིན་ནོ། །ཞེས་སོ། །གཉིས་པ་སྙན་ངག་སྨྲ་བ། བྷཱ་མ་ཧཱ་ཞེས་པས་འདི་སྐད་དུ་བརྗོད་པ་ངག་དང་གཏམ་ཞེས་པ་ལྷུག་པ་དེ་ཡི་རབ་དབྱེ་བ་གཉིས་སུ་ཡོད་ལ། དེ་ལ་འདྲེན་པ་རང་ཉིད་ཀྱིས་ནི། རང་གི་སྤྱོད་པ་དང་ཡོན་ཏན་བསྔགས་པ་བརྗོད་པར་བྱ་བ་ནི་བརྗོད་པ་
ཞེས་པ་ཡིན་ནོ། །ཞེས་འདོད། ལོ་ཞེས་པ་མ་རངས་པའི་ཚིག་གོ། གཞན་གཏམ་ནི་འདྲེན་པ་གཞན་ལ་བསྔགས་པའམ་བསྔགས་པ་མིན་པ་གཏམ་ཕལ་པ་གཞན་གྱིས་ཀྱང་རུང་སྟེ་མདོར་ན་རང་མིན་པ་གཞན་ཞིག་གི་ངང་ཚུལ་བརྗོད་པའོ། །དེ་ལ་ཇི་སྐད་དུ། རང་གིས་རང་ལ་བསྟོད་པ་ནི། །བརྒྱ་བྱིན་ཡིན་ཡང་མཛེས་པ་མིན། །ཞེས་པ་ལྟར་རང་གི་ཡོན་ཏན་རང་གིས་བསྒྲགས་པའི་སྐྱོན་དུ་མི་འགྱུར་རམ་ཞེ་ན། དགོས་པ་ཡོད་པའི་སྐབས་འདིར། རང་གི་སྤྱོད་པ་དང་ཡོན་ཏན་ཡོད་པ་ཇི་ལྟ་བུར་བསྟན་པ་ནི། རྫུན་མེད་ཅིང་ཡང་དག་པར་བདེན་པའི་དོན་ཅན་གྱི་བསྔགས་པ་ཡིན་ཕྱིར་སྐྱོན་ཡོད་པ་མིན་ནོ། །ཞེས་ཟེར། དེ་ལ་མ་ངེས་པ་བརྗོད་པ། འོན་ཀྱང་རྣམ་གཞག་དེ་ལྟ་བུ་ལ་ངེས་པ་མ་མཐོང་སྟེ་འདྲེན་པས་རང་གི་ཡོན་ཏན་ཇི་ལྟར་བརྗོད་པའི་ངག་དེ་ལྟ་བུ་སྐབས་དེར་ཡང་འདྲེན་པ་རང་ཉིད་ལས་གཞན་གྱིས་ཀྱང་བརྗོད་དུ་རུང་བའི་ཕྱིར། གཞན་གྱིས་བརྗོད་པ་གཏམ་དང་། རང་གིས་བརྗོད་པ་བརྗོད་པ་ཡིན་ནོ་ཞེས་མི་འདྲ་བའི་ཁྱད་པར་རམ་ཐ་དད་དུ་དབྱེ་བའི་རྒྱུ་ནི་ཅི་འདྲ་ཞིག་ཡོད་དེ། ངག་གི་རྣམ་པ་ཐམས་ཅད་རང་གཞན་སུས་ཀྱང་བརྗོད་དུ་རུང་བ་ལ་ཁྱད་མེད་པའི་ཕྱིར་རོ། །གལ་ཏེ་སྒོ་ཞེས་པ་ཐོག་མར་འདྲེན་པ་རང་ཉིད་ཀྱིས་བརྗོད་པ་དང་། གཞན་སྒོ་ཞེས་པ་གཞན་
གྱིས་དེ་ལ་ལན་དུ་དོན་འདྲི་བ་སོགས་དང་། དེ་གཉིས་ཀྱི་དབུགས་མཚམས་ཐ་དད་དུ་གྱུར་པ་དང་བཅས་པ་ཉིད་བརྗོད་པའི་ཐ་དད་པ་ཡི་རྟགས་ཡིན་ཏེ། གཏམ་ལ་ནི་གཞན་སྒོ་ཁོ་ནས་བརྗོད་དགོས་པས་དེ་མེད་དོ་སྙམ་ན། རང་གི་བསྔགས་པ་བརྗོད་པའི་ཞར་ལ་བྱུང་བའམ་ཞར་གྱི་གཏམ་རྣམས་དག་ལ་ཡང་། ཇི་ལྟར་ན་འཕགས་མ་སྟེ་རྒྱལ་བའི་ཡུམ་ལ་སོགས་པར། སྟོན་པས་གསུངས་པ་ངག་དང་པོའི་སྒོ་ཞེས་དང་། རབ་འབྱོར་སོགས་འཁོར་གྱིས་དྲིས་པ་གཞན་སྒོ་དག་ཅིས་མི་འཇུག་སྟེ། དེ་ལྟར་ཞུགས་པ་ལ་དབུགས་མཚམས་ནི་ཤུགས་ཀྱིས་གྲུབ་བོ། །གལ་ཏེ་ལམྦྷ་ཞེས་གཞོན་ནུ་མ་རྙེད་པ་དང་། སོགས་ཁོངས་ནས་དུས་བཏབ་སྟེ་མ་ཚོགས་པ་དང་། ངལ་གསོ་བ་སོགས་སམ། ཨ་ཤྭ་སའི་ཞེས་པ་དབུགས་མཚམས་ཏེ། ཐོག་མར་རང་གིས་བརྗོད་པ་དང་། དེ་ཕན་ཆད་གཞན་གྱིས་གཏམ་དུ་བྱས་པའི་དབུགས་མཚམས་ཐ་དད་པའི་དབྱེ་བ་ཙམ་བརྗོད་པ་འགའ་ལ་མཐོང་དུ་ཆུག་ཀྱང་། དེ་ལས་དེ་གཉིས་དབྱེ་བ་ཐ་དད་དུ་ཅི་ལ་འགྱུར་ཏེ་དེ་དག་གཏམ་ལའང་ཡོད་པའི་ཕྱིར་རོ། །འདིར་དཔེར་ན་ཁྱབ་འཇུག་གིས་བདག་མིའུ་ཐུང་དུ་བྱས་ཏེ་གོམ་པ་གསུམ་གྱི་ས་བསླང་བའི་སྒྱུ་ཐབས་ཀྱིས་ས་ཕྲོག་ནས་ལྷ་མིན་སྟོབས་ལྡན་ས་ཡི་འོག་ཏུ་བཅིངས་པར་བྱས་སོ། །ཞེས་པ་ལྟ་བུ་རང་མིང་གིས་བསྟན་ནས་བརྗོད་
དགོས་པས་སྒོ་ཞེས་དང་། དེ་གཞན་གྱིས་བརྗོད་ཚེ་ཁྱབ་འཇུག་མིའུ་ཐུང་དུ་བྱས་ཏེ་སོགས་གཞན་གྱི་མིང་གི་སྒོ་ནས་བརྗོད་དགོས་པའི་གཞན་སྒོ་ཞེས་པ་ཡིན་པ་ལྟ་བུར་གོ་བར་བྱའོ། །དེ་ཕྱིར་གཏམ་དང་བརྗོད་པ་ཞེས་མིང་གཉིས་པོ་དག་གིས་རིགས་གཅིག་མཚོན་པ་ལ་ཁྱད་མེད་དེ། རང་གི་ཡོན་ཏན་བརྗོད་པ་དང་། རང་གི་ཡོན་ཏན་གཏམ་དུ་བྱས་པ་འདྲ་ལ། དེ་བཞིན་གཞན་གྱིས་ཀྱང་དེ་གཉིས་འདྲའོ། །ལྷག་མ་ཞེས་པ་ལྷུག་པའི་དབྱེ་བ་གཞན་བརྗོད་པའི་རིགས་རྣམས་ཀྱང་བཀག་པ་འདི་ཉིད་ཀྱི་ནང་དུ་འདུས་པར་འགྱུར་ཏེ་ཇི་ལྟར་སྨྲས་ཀྱང་དེ་དག་ལ་དབྱེ་བ་ཡོད་པར་བསྒྲུབ་མི་ནུས་སོ། །གང་གི་ཕྱིར་བུ་མོ་ཕྲོག་པ་དང་། གཡུལ་འགྱེད་པ་དང་ནི། དུས་བཏབ་སྟེ་མ་ཚོགས་པས་བསླུ་བ་དང་ནི། འདྲེན་པ་དར་བ་ལ་སོགས་པའི་བརྗོད་ཚུལ་དེ་ཐམས་ཅད་སརྒས་བཅིངས་པ་ཡི་སྙན་དངགས་ཐམས་ཅད་ལ་ཡོད་པ་མཚུངས་པ་ཉིད་ཡིན་པས་དེ་དག་བརྗོད་པ་དང་གཏམ་གྱི་ཁྱད་པར་འབྱེད་པར་བྱེད་པའི་ཡོན་ཏན་མིན་ཏེ། རང་ཉིད་ཀྱིས་བུ་མོ་ཕྲོག་པ་དང་། གཡུལ་འགྱེད་པ་སོགས་ཀྱི་དོན་སྙན་ངག་ཏུ་བྱས་པ་བརྗོད་པ་དང་། གཞན་ཞིག་གིས་བུ་མོ་ཕྲོག་པ་དང་གཡུལ་འགྱེད་པ་སོགས་དེ་ལས་གཞན་པ་དག་གིས་སྙན་ངག་ཏུ་བརྩམ་པའི་གཏམ་གཉིས་ཀ་ཡོད་པས་སོ། །གལ་ཏེ་སྙན་ངག་མཁན་གྱིས་རང་ཉིད་
ཀྱིས་སྦྱར་བ་དང་། གཞན་གྱི་སྦྱར་བ་མི་ནོར་བའི་ངག་སྦྱར་བ་ནང་གི་བསམ་པས་བྱས་པའི་རྟགས་ལས་བརྗོད་པ་དང་གཏམ་གང་ཡིན་པ་གཞན་དང་གཞན་དུ་རྟོགས་པར་མི་འགྱུར་རམ་ཟེར་ན། དེ་ལྟ་བུའི་ངག་གི་སྒོ་ནས་གཞན་དུ་རྟོགས་པར་ནུས་མོད་ཀྱི། དེ་ལྟར་ན་ཡང་བརྗོད་པ་དང་གཏམ་ཐ་དད་པའི་སྐྱོན་དུ་མི་འགྱུར་ཏེ། ཚིག་འདི་རང་ངམ་གཞན་སུས་སྨྲས་པ་ཤེས་པར་བྱེད་པའི་འདོད་དོན་གྲུབ་པར་བྱེད་པ་ལ་ཡན་ལག་གམ་སྒོ་རུ་ནི། ངག་སྦྱོར་ལ་མཁས་པ་རྣམས་ལ་ཅིས་མི་འགྱུར་ཏེ། དེ་ལྟར་ངག་སྦྱར་བ་དེ་ནི་བུ་མོ་སོགས་ཕྲོག་པའི་བྱེད་པོ་རང་ཉིད་ཀྱིས་སྨྲས་པའི་ཚིག་དང་། དེ་ལས་གཞན་དག་གིས་སྨྲས་པའི་ཚིག་གང་ཡིན་རྟོགས་པར་བྱས་ཀྱི། བརྗོད་པ་དང་གཏམ་གྱི་ཁྱད་པར་ཤེས་པའི་ཆེད་དུ་མ་ཡིན་ཏེ། དཔེར་ན་འདྲེན་པ་རང་ཉིད་ཀྱི་ཡོན་ཏན་རང་གིས་བསྔགས་པ་དང་། གཞན་གྱི་ཡོན་ཏན་གཞན་གྱིས་བསྔགས་པ་གཉིས་ཀ་མ་ཡིན་པའི་ནོར་བུ་དང་སྨན་སོགས་ཀྱི་བསྔགས་པ་བརྗོད་པའི་ཚིག་རྣམས་ལའང་སྨྲ་བ་པོ་སུ་ཡིས་བརྗོད་པ་ཡིན་པ་ཕྱེ་སྟེ་བཤད་པ་བཞིན་ནོ་ཞེས་སོ། །འཆད་ཚུལ་འདི་གངས་ཅན་འདི་ན་བདག་གཅིག་བུའི་བློས་བཀོད་པ་སྟེ། སྔ་འགྲེལ་རྣམས་སུ་སྒོ་ཞེས་པ་ཁ་སྒོའི་ནང་ཚན་ཁ་སྒོ་ཕན་པ་སོགས་དང་། གཞན་སྒོ་བྱེད་མཉམ་གྱི་ནང་ཚན་པ་ར་ཝཀྟྲཾ་ཞེས་གཞན་སྒོའི་སྡེབ་སྦྱོར་དང་། དབུགས་མཚམས་ལེའུའི་
མཚམས་སམ། སྡེབ་སྦྱོར་གྱི་ངལ་བསོའི་དབུགས་མཚམས་འཇུག་པ་སྟེ་དེ་རྣམས་གང་ལ་ཡོད་པ་བརྗོད་པ། མེད་པ་གཏམ་ཞེས་བྷཱ་མ་ཧས་ཟེར་བར་བྱས་ནས་དགག་པ་བརྗོད་པ་འདུག་ཀྱང་འདི་ལ་དོན་གོ་རྒྱུ་ཅི་ཡང་མི་སྣང་སྟེ། བྷཱ་མ་ཧ་དེ་གཞུང་རྩོམ་ནུས་པ་དཎྜཱིས་ཕྱོགས་སྔར་བྱས་པ་ཞིག་ཡིན་པས། དེས་ལྷུག་པའི་བརྗོད་པ་དང་གཏམ་གཉིས་ཀར་ཁ་སྒོ་སོགས་ཀྱི་སྡེབ་སྦྱོར་འཇུག་ཏུ་མེད་པ་ཅིས་མི་ཤེས་ཏེ་སྡེབ་སྦྱོར་ནི་ཚིགས་བཅད་ལ་འཇུག་པ་ཡིན་པས་སོ། །དེར་མ་ཟད་ཁ་སྒོ་སོགས་ཀྱི་སྡེབ་སྦྱོར་འཇུག་མི་འཇུག་གི་སྒོ་ནས་བརྗོད་པ་དང་གཏམ་གྱི་ཁྱད་འབྱེད་པའི་རྒྱུ་མཚན་ཅིའང་མེད་པས་སྒྲུབ་བྱེད་འབྲེལ་མེད་འདི་འདྲ་གཏན་ནས་འགོད་དོན་མེད་འདྲ་ལ། དེ་བཞིན་ལམྦྷ་སོགས་ཀྱི་ཁྱད་པར་ཡང་ཅི་ཡིན་ཡང་གོ་རྒྱུ་མི་སྣང་ངོ་། །སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་ལས་ཁ་སྒོ་སོགས་བཤད་ཚུལ་སྔར་ལྟར་ལ། ཞར་གྱི་གཏམ་ཞེས་བྷཱ་མ་ཧ་ཁྱོད་ཀྱིས་བརྗོད་པའི་བསྟན་བཅོས་སུ་འདོད་པ་ཀི་རཱ་ཏ་སྟེ་མོན་པར་གྲགས་པ་ལྷུག་པའི་སྙན་ངག་གི་བསྟན་བཅོས་འདི་ལ་ཞར་གྱིས་བྱུང་བའི་ཚིགས་བཅད་དག་ལ་ཁ་སྒོ་དང་གཞན་སྒོ་དབུགས་མཚམས་སུ་སྡོད་པ་ཡོད་མོད་ཀྱང་། ཁྱོད་རང་གི་གཏམ་གྱི་སྦྱར་བའི་སྙན་ངག་གི་གཞུང་དུ་འདོད་པ་ལཀྵྨི་གྲ་ཧ་ཎ་སྟེ། དཔལ་མོ་ལེན་པ་ཞེས་བྱ་བ་ལྷུག་པའི་སྙན་ངག་གི་
གཞུང་འདི་ལའང་། ཞར་གྱིས་བྱུང་བའི་གཏམ་རྣམས་ཀྱི་ཚིགས་བཅད་ལ་ཛཱ་ཏི་འཕགས་མ་དང་རྗེས་བསྔགས་ཀྱི་སྡེབ་སྦྱོར་སོགས་དངོས་སུ་མཐོང་བ་བཞིན། སྒོ་དང་གཞན་སྒོ་དབུགས་མཚམས་སོགས་འཇུག་ཏུ་ཅིས་མི་རུང་ཞེས་རཏྣ་ཤྲཱིའི་རྒྱ་འགྲེལ་ན་དེ་ལྟར་བཤད་པ་ཡོད་སྐད། དེའི་རྗེས་སུ་འབྲངས་ནས་དེ་ལྟར་བཤད་ཅིང་། ཡང་ན་ཨ་ཤྭ་ས་ཞེས་པ་ཡིད་བརྟན་ལྡན་པར་བསྒྱུར་ན་ཟློས་གར་གྱི་མཚན་ཉིད་སྒོ་སྟེ་སྨྲ་བ་དང་། གཞན་སྒོ་ལན་འདེབས་པ་ཡིད་བརྟན་ལྡན་པ་དེ་ལ་ཡིད་ཆེས་པ་གསུམ་དུ་བཀྲལ་བའང་སྣང་སྟེ། དེ་རྣམས་གང་ལྟར་ཡང་ཚིག་ཙམ་རྗེས་ཟློས་བྱ་རུང་གི་དོན་འདི་ཡིན་གོ་རྒྱུ་མི་འདུག་པས་རེ་ཞིག་གོང་ལྟར་བཀྲལ་བ་ཡིན་ལ། སླར་འདི་ལས་ལེགས་པའི་གོ་བ་གཏིང་ཚུགས་བསྐྱེད་ནུས་འབྱུང་སྲིད་ན་དེ་ལྟར་བཤད་འཚལ་ལོ། །གསུམ་པ་སྤེལ་མ་ནི་སྐད་རིགས་འདྲེས་པའི་ཟློས་གར་གྱི་གཞུང་ལ་སོགས་པ་སྟེ་དེ་རྣམས་ནི་བྷ་ར་ཏ་དང་བོ་ཧ་ལ་སོགས་པ་གཞུང་གཞན་ན་རྒྱས་པར་ཡོད་ལ། དེ་འདྲ་བའི་ལྷུག་པ་དང་ཚིགས་བཅད་གཉིས་ཀའི་རང་བཞིན་ཅན་དེ་ལ་ཡང་ཙམྦཱུ་ཞེས་པ་མངོན་པར་བརྗོད་དོ། །འདི་ལ་བཅད་ལྷུག་སྤེལ་མ་ཡིན་ཞིང་། ལྷུག་པ་མང་བའི་བར་བར་བཅད་ཡོད་པ་ཞིག་ལ་ཙམ་བཱུ་ཟེར་ཏེ་དཔའ་བོའི་སྐྱེས་རབས་སོ་བཞི་པ་ལྟ་བུའོ། །ཞེས་ཀྱང་བཤད། ཁ་ཅིག་ཚིགས་བཅད་ཀྱི་མཚན་ཉིད་སྡེབ་
སྦྱོར་རྣམས་ཚུལ་བཞིན་བསྒྲིགས་པ་དག་གཅོད་མཚམས་མི་མངོན་པར་ངག་རྒྱུན་གཅིག་གི་ལྷུག་པར་བརྗོད་པ་དཎྜི་ཀ་ཞེས་དབྱུག་པ་ལྟར་དཀྱུས་གཅིག་ཏུ་རྒྱུན་ཆགས་པའི་ངག་དེ་ལ་ཙམ་བཱུ་ཞེས་སུ་བཤད་དེ། དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་པཎྜི་ཏ་ལེགས་པའི་གྲགས་པས་མཛད་པ་ལ་སོགས་པ་ལྟ་བུ་ཡིན་ནོ་ཞེས་འདོད་དོ། །དེ་ལྟར་ནའང་དེ་ནི་ལྷུག་པའི་བྱེ་བྲག་ཅིག་ཡིན་པས་ལུས་གསུམ་གྱི་ནང་ཚན་ལྷུག་པར་གཏོགས་སོ། །གཉིས་པ་སྙན་ངག་གི་ལུས་དེ་ཉིད་སྐད་གང་ལ་བརྟེན་ཚུལ་བཤད་པ་ནི། ངག་གི་རང་བཞིན་དེ་དག་ཀྱང་སཾ་སྐྲྀ་ཏ་སྟེ་ལེགས་སྦྱར་གྱི་སྐད་དུ་བརྩམས་པ་དང་། དེ་བཞིན་པྲ་ཀྲྀ་ཏ་རང་བཞིན་གྱི་སྐད་དང་། ཨ་བ་བྷྲཾ་ཤ་ཞེས་ཟུར་ཆག་གི་སྐད་དང་། དེ་རྣམས་འདྲེས་མ་ཞེས་བྱ་བ་རྣམ་པ་བཞི་རུ་སྙན་ངག་ལ་མཁས་པས་གསུངས་པ། དེ་ལས་ལེགས་སྦྱར་ཞེས་བྱ་བ་ལྷ་ཡི་ནི་སྐད་ཉིད་དུ་སྔོན་གྱི་དྲང་སྲོང་ཆེན་པོས་གསུངས་སོ། །རྩ་བ་ལེགས་སྦྱར་དེ་ལས་སྐྱེས་ཤིང་རྣམ་པ་དེ་དང་མཚུངས་ལ་ཅུང་ཟད་ཟུར་མི་འདྲ་བ་གང་ཞིག ཡུལ་ཅན་ཞེས་ཡུལ་ཆེན་པོའི་ངག་ཏུ་གྱུར་པ། ལེགས་སྦྱར་གྱི་སྐད་གཅིག་ལ་ཡུལ་སོ་སོའི་སྐད་ཀྱི་རྣམ་འགྱུར་གྱིས་ཅུང་ཟད་མི་འདྲ་བ་དུ་མ་ཡོད་པ་ནི། པྲ་ཀྲྀ་ཏའམ་རང་བཞིན་གྱི་སྐད་ཅེས་བྱ་བ་དག་གི་རིམ་པ་ཡིན་ལ། དེ་ལས་ཡུལ་འཁོར་
ཆེན་པོ་ཡུལ་དབུས་མ་ག་དྷཱ་ལ་བརྟེན་པའི་སྐད་ནི་ལྷའི་སྐད་དང་ཤིན་ཏུ་ཉེ་བས་ལེགས་བརྗོད་དམ་ལེགས་བཤད་རིན་ཆེན་དག་གི་འབྱུང་གནས་ཀྱི་རྒྱ་མཚོ་ལྟ་བུ་ཡིན་ནོ། །སེ་ཏུས་བཅིངས་ཞེས་པ། སེ་ཏུ་ནི་འཆིངས་བྱེད་དེ་ལེའུ་དང་ཟམ་པ་སོགས་ལ་འཇུག་པ་ལས། སྐབས་འདིར་སྙན་ངག་ཆེན་པོ་ལེའུས་བཅིངས་པ་སོགས་ཀྱི་དོན་རྒྱ་ཆེན་པོ་ཡི་ངག་རྩོམ་ནུས་པའི་རང་བཞིན་ཅན་ཞེས་སོ། །སོགས་ཁོངས་ནས་ལེའུ་མེད་ཀྱང་ངག་མང་པོ་ཡོད་པ་གོ་དགོས་འདྲ། ཡང་ན། རྒྱལ་པོ་རཱ་མ་ཎས་སྲིན་ཡུལ་དུ་དམག་དྲངས་ནས། རྒྱ་མཚོ་ལ་སེ་ཏུ་བྷནྡྷ་སྟེ་ཟམ་པ་བཙུགས་པའི་ལོ་རྒྱུས་སྙན་ངག་ཏུ་སྦྱར་བའི་བསྟན་བཅོས་ཡོད་པ་དེ་ལ་སེ་ཏུས་བཅིངས་པ་ཞེས་བྱ་ལ། དེ་ལ་སོགས་པའི་སྙན་ངག་ཕལ་མོ་ཆེའི་རང་བཞིན་དུ་གྱུར་པ་གང་ཞིག ཡུལ་མ་ག་དྷཱ་བའི་སྐད་ཀྱིས་བརྩམས་པ་རྣམས་ནི་རང་བཞིན་གྱི་སྐད་མཆོག་ཏུ་གྱུར་པར་རིག་པའམ་ཤེས་པར་བྱའོ་ཞེས་བཤད་པ་འདི་ལེགས་པར་མངོན་ནོ། །དེར་མ་ཟད་སཱུ་ར་སེ་ནཱ། ལྷའི་སྡེ་ཞེས་པ་རྒྱ་གར་ལྷོ་ཕྱོགས་པའི་སྐད་དང་། ཤར་ཕྱོགས་གཽ་ཌཱ་དང་། ནུབ་ཕྱོགས་ལཱ་ཌཱ་དང་། བྱང་པཉྩ་ལི་ལྔ་ལེན་ཅེས་པ་དང་། གཞན་ཡང་དེ་འདྲ་ཡུལ་ཀུནྟ་ལ་སོགས་པ་ཡི་སྐད་ནི་ཡུལ་དབུས་ཀྱི་སྐད་དང་ཉེ་བས་རང་བཞིན་ཉིད་ཅེས་བྱའི་མིང་ངམ་ཐ་སྙད་ལ་ཉེ་བར་འགྱུར་ཏེ་ཞེས་དེའི་ཁོངས་སུ་བསྡུའོ། །རྒྱ་གར་གྱི་ཡུལ་བ་ལང་རྫི་
ཞེས་གྲགས་པ་ལ་སོགས་པའི་སྐད་ཀྱི་ཚིག་རྣམས་ནི། སྙན་ངག་གི་ལུགས་ལ་ཟུར་ཆག་པའི་སྐད་ཅེས་སུ་གནས་སོ། །དེ་ཡང་སྔོན་རྒྱ་གར་གྱི་ཡུལ་ཕྲན་ཞིག་ཏུ་ཁྱབ་འཇུག་གིས་བ་ལང་སྐྱོང་བའི་རྫི་བོར་བྱས། ཆར་ཆེན་པོ་བབ་པའི་ཚེ་རི་བོ་བཏེག་ནས་བ་ལང་གི་ཁྱུ་རྣམས་བསྲུངས་པར་བྱས་པས་ཁྱབ་འཇུག་ལ་གོ་བིནྡྷ་སྟེ་བ་ལང་རྫི་ཞེས་གྲགས། ད་ལྟ་ཡང་ཡུལ་ཕྱོགས་དེར་བ་ལང་མང་པོ་ཡོད་པ་ཡིན་པར་བཤད་དོ། །སྒྲའི་བསྟན་བཅོས་རྣམས་ལས་ལེགས་སྦྱར་ཉིད་ལས། གཞན་པ་དེ་དང་ཉེ་བ་ཐམས་ཅད་ཟུར་ཆག་ཉིད་དུ་བརྗོད་དེ་ལེགས་སྦྱར་གྱི་སྒྲ་ཡི་ཟུར་ཉམས་པའམ་ཆག་པའི་ཕྱིར་རོ། །སྐད་དེ་དག་གིས་བཅིངས་པའི་སྙན་ངག་གི་གཞུང་གང་དང་གང་ཡིན་ཞེ་ན། ལེགས་སྦྱར་གྱི་སྐད་དུ་བརྩམས་པའི་གཞུང་ནི་སརྒས་བཅིངས་པ་ལ་སོགས་མང་ཉུང་ཅི་རིགས་ཡོད་དེ། སློབ་དཔོན་དཔའ་བོའི་སྙན་ངག་སྐྱེས་རབས་སོ་བཞི་པ་ལ་སོགས་པ་ལྟ་བུའོ། །རང་བཞིན་གྱི་སྐད་དུ་བརྩམས་པ། རབ་མཆོག་སྡེས་བྱས་པའི་སྙན་ངག་སྐནྡྷ་ཀ་དང་། ག་ཐཱ་ལ་སོགས་པའོ། །ཟུར་ཆག་གི་སྐད་ལས་བརྩམས་པ། སྙན་ངག་ཨོ་པ་དང་། ས་ག་ལ་སོགས་ཏེ་ཟློས་གར་བྷ་ན་ཀ་ལ་སོགས་པ་ནི་སྐད་ཐམས་ཅད་འདྲེས་པའོ། །གཏམ་རྒྱུན་སོགས་ཕལ་ཆེར་སྐད་བཞི་པོ་རྣམས་ཐམས་ཅད་ཅི་རིགས་དང་། གཙོ་ཆེར་ལེགས་སྦྱར་
གྱིས་ཀྱང་བཅིངས་པ་སྟེ། གཞན་ཡང་རྨད་དུ་བྱུང་བའི་དོན་ཅན་ནམ་གཏམ་རྒྱུད་ཆེན་པོ་ཞེས་བྱ་བ་ནི། འབྱུང་པོའི་སྐད་ཀྱི་རང་བཞིན་འབའ་ཞིག་ཏུ་བརྩམས་པ་ཡིན་པར་བརྗོད་དོ། །འབྱུང་པོའི་སྐད་ལ་ཤ་ཟའི་སྐད་ཀྱང་ཟེར་རོ། །གཉིས་པ་སྙན་ངག་གི་ཉམས་སམ་རྒྱན་བཤད་པ་ལ། ཚིག་གི་རྒྱན་དུ་འགྱུར་ཞིང་སྙན་པའི་ངག་གི་རང་བཞིན་དང་ལྡན་པའི་ཡོན་ཏན་བཅུ་མདོར་བསྟན་པ་དང་། དེའི་དོན་བྱེ་བྲག་ཏུ་བཤད་པ་དང་། མཇུག་དོན་བསྡུ་བ་དང་གསུམ། དང་པོ་ལ་སྤྱིར་དབྱེ་སྒོ་དུ་མ་ཡོད་ཚུལ་དང་། བྱེ་བྲག་ཡོན་ཏན་བཅུ་བསྟན་པ་གཉིས་ལས། དང་པོ། སྙན་ངག་གི་ཉམས་འདི་ལ་ལུས་ཀྱི་སྒེག་པ་དང་། རྣམ་འགྱུར་གྱི་རོལ་པ་དང་། སྟངས་སྟབས་དང་ལྟ་སྟངས་ལ་སོགས་པ་གཙོ་ཆེར་བརྗོད་པའི་ཉམས་དང་ལྡན་པའི་ངག་ཡིད་དུ་འོང་བ་ཟློས་གར་བརྗོད་པ་ལྟ་བུ་ནི་མཉན་པ་ལས་ཀྱང་མིག་གིས་བལྟ་བར་བྱ་བའི་སྤྱོད་ཡུལ་བསྟན་པ་ཡིན་པས་ལྟ་བའི་དོན་ཅན་གྱི་སྙན་ངག་དང་། དེ་ལ་གཅིག་ཤོས་བལྟ་བྱའི་དོན་མ་ཡིན་པ་གཙོ་ཆེར་བརྗོད་པ་ནི་མཉན་པར་བྱ་བ་དག་གི་དོན་ཅན་གྱི་སྙན་ངག་ཉིད་ཅེས་པ་འདི་ཡང་སྙན་ངག་གི་དབྱེ་བ་ལུགས་གཉིས་དག་ཏུ་མཁས་པ་སྔ་མ་དག་གིས་བརྗོད་དོ། །འདི་སྙན་ངག་གི་རྒྱན་ལ་སྦྱར་བ་མི་འཐད་པས་ལུས་ཀྱི་དབྱེ་བར་འདོད་དགོས་ཞེས་བཤད་པ་ཡོད་ཀྱང་ལུས་བཅད་ལྷུག་སྤེལ་མའི་དབྱེ་བར་བགྲང་མི་འོས་
པས་བརྗོད་པའི་ཉམས་ཀྱི་དབྱེ་བ་ཡིན་ནོ། །ཉམས་གཉིས་སུ་བཤད་པ་དེས་མཚོན་ནས་སྙན་ངག་དེ་ལ་ཕན་ཚུན་སོ་སོའི་འདོད་ཚུལ་གྱི་རྒྱན་གྱི་དབྱེ་བ་ཕྲ་མོ་ཅན་དུ་གྱུར་པའི་ཚིག་གི་ལམ་ནི་དུ་མ་ཞིག་ཡོད་ཀྱང་ཞེས་སོ། །གཉིས་པ་སྙན་ངག་སྦྱོར་ཚུལ་དེ་ལ་སྐབས་འདིར་མཁས་པ་རྣམས་ཀྱི་འབྱུང་གནས་རྒྱ་གར་ལྷོ་ཕྱོགས་བཻ་དརྦྷ་དང་ནི། ཤར་ཕྱོགས་གཽ་ཌ་པ་ཡི་འདོད་པའི་ཁྱད་པར་གསལ་བར་བརྗོད་པར་བྱ་སྟེ་དེ་དག་ཏུ་སྙན་ངག་གི་ལམ་གྱི་དབྱེ་བ་དུ་མའི་འདོད་ཚུལ་རྣམས་འདུ་བར་འགྱུར་བས་སོ། །དེ་ཡང་སྦྱར་བ་དང་། རབ་དྭངས་དང་། མཉམ་ཉིད་དང་། སྙན་པ་དང་། ཤིན་ཏུ་གཞོན་པ་དང་། དོན་གསལ་བ་དང་། རྒྱ་ཆེ་བའི་ཡོན་ཏན་ཉིད་སྟོན་པ་དང་། བརྗིད་པ་དང་། མཛེས་ལྡན་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་ཏེ་ཡོན་ཏན་རྣམ་པ་འདི་བཅུ་པོ་ལྷོ་ཕྱོགས་བཻ་དརྦྷའི་སྙན་ངག་གི་ལམ་གྱི་སྲོག་ཏུ་བཤད་པ་ཡིན་ཞིང་། ལྷོ་པའི་འདོད་པ་འདི་དག་རྣམས་ཕལ་ཆེར་བཟློག་པའི་ཚུལ་དུ་བསྟན་པས་ནི། ཤར་ཕྱོགས་གཽ་ཌའི་ལམ་དག་མཚོན་པ་ཡིན་ནོ། །གཉིས་པ་ལ་མདོར་བསྟན་གྱི་གོ་རིམ་དང་མཚུངས་པར་རྣམ་གྲངས་བཅུ་ལས། དང་པོ་སྦྱར་བའི་ཡོན་ཏན་ལ་ངོ་བོ་ངོས་བཟུང་། དཔེ་བརྗོད་ཀྱིས་སོ་སོའི་ལམ་གསལ་བ་སོགས་འོག་མ་རྣམས་སུ་ཅི་རིགས་ཤེས་པར་བྱ་སྟེ། འདིར་ས་བཅད་མང་པོ་མི་བྱེད་པར་དཀྱུས་
ལྟར་བཤད་ན་འཇུག་པ་བདེ་བས་དེ་ལྟར་བྱས་སོ། །སྦྱར་བ་ཞེས་པ་སྤྱིར་སྲོག་ཆེན་གྱི་ཡི་གེ་ཤས་ཆེ་བས་སྒྲ་གྲིམ་པར་གྱུར་ཀྱང་ལྷོད་པས་མ་རེག་པའོ། །དེ་ལ་འཇམ་རྩུབ་བམ་དམ་ལྷོད་ཀྱི་དོན་ནི། གསལ་བྱེད་ཀྱི་སྡེ་པ་ལྔའི་ཡི་གེ། དང་པོ། ཀ་ཙ་ཊ་ཏ་པ་རྣམས་དང་། གསུམ་པ། ག་ཛ་ཌ་ད་བ་རྣམས་དང་། ལྔ་པ། ང་ཉ་ཎ་ན་མ་ལྔ་དང་། མཐར་གནས་ཡ་ར་ལ་ཝ་སྟེ་བཅུ་དགུ་པོ་འདི་ལ་སྒྲ་འཇམ་པ་དང་ཡང་བ་དང་སྲོག་ཆུང་དང་ལྷོད་པ་དང་མཉེན་པ་དང་ཡི་གེའི་མཆོག་ཅེས་བྱ། འདི་རྣམས་བརྗོད་པའི་ཚེ་ཁ་ཡི་རླུང་ཤུགས་ཆུང་བའི་ཕྱིར་དེ་ལྟར་བརྗོད་པའོ། །དེའི་ལྷག་མ་ཁ་སོགས་ལྔ་དང་གྷ་སོགས་ལྔ་དང་ཤ་ཥ་ས་ཧ་ཀྵ་སྟེ་བཅོ་ལྔ་ནི་གོང་མས་བཟློག་སྟེ་སྒྲ་རྩུབ་པ་དང་ལྕི་བ་དང་སྲོག་ཆེན་དང་དམ་པ་དང་གྱོང་བ་དང་ཡི་གེ་དམན་པ་ཞེས་བྱའོ། །དེ་ལྟ་བུས་ན་སྐབས་འདིར་སྲོག་ཆུང་ཡི་གེ་མང་བ་ནི་ལྷོད་པ་ཞེས་བྱ་བ་ཡིན་ཏེ། དཔེར་ན། མཱ་ལ་ཏཱི་མཱ་ལཱ། ལོ་ལཱ་ལི་ཀ་ལི་ལཱ། ཞེས་པ་ལྟ་བུར་འདོད་དོ། །འདི་བོད་སྐད་དུ། ཛཱ་ཏིའི་མེ་ཏོག་ཕྲེང་བ་སྲེད་པའི་བུང་བ་འཁོར་བ། ཞེས་པའི་དོན་ཏེ། མཱ་ལ་ཏཱི་ཛཱ་ཏིའི་མེ་ཏོག་གི་མིང་། མཱ་ལ་ཕྲེང་བ། ལོ་ལ། སྲེད་པ། ཨ་ལི་ཀ བུང་བ། ལི་ལཱ། འཁོར་བ་ཞེས་སོ། །དཔེ་བརྗོད་འདིའི་དོན་གོ་བར་བྱ་རྒྱུ་སྲོག་ཆུང་གི་ཡི་གེ་འབའ་ཞིག་ཡིན་པ་དེའོ། །གཽ་ཌ་པ་ཡིས་རྗེས་ཁྲིད་འདོད་པའི་བློས། བཤད་མ་
ཐག་པའི་དཔེ་བརྗོད་དེ་ལྟ་བུ་འདོད་དེ་ལ་ཡིག་རྗེས་སུ་ཁྲིད་པའོ། །མཱ་ལ་ཏཱི་དཱ་མ་ལཾ་གྷི་ཏཾ་བྷྲ་མ་རཻཿ ཞེས་པ་ལྟ་བུ་བཻ་དརྦྷ་ཡིས་སྦྱོར་བ་ལྕི་བ་འདྲེ་བར་བྱེད་ཀྱི། ཡང་བ་འབའ་ཞིག་ཏུ་མི་བྱེད་དོ། །འདིར་ཡང་མཱ་ལ་ཏཱི་ཛཱ་ཏིའི་མེ་ཏོག དཱ་མ། ཕྲེང་བ། ལཾ་གྷི་ཏཾ། འཁོར་བ། བྷྲ་མ་རཻཿ བུང་བ་རྣམས་ཞེས་སོ། །དཔེ་བརྗོད་ཀྱི་དོན་ཡི་གེ་འཇམ་པ་ཅུང་མང་ཡང་རྩུབ་པའམ་ལྕི་བ་དེ་ལས་ཉུང་ཙམ་བསྲེས་པའོ། །འོ་ན་གོང་དུ་སྲོག་ཆེན་གྱི་ཡི་གེ་ཤས་ཆེ་བར་བཤད་པ་དང་དཔེ་བརྗོད་མི་མཐུན་ནོ་སྙམ་ན། སྲོག་ཆུང་ལ་ཡང་དབྱངས་ཤིན་ཏུ་རིང་བ་དང་ང་རོ་རྣམ་བཅད་ལྡན་པ་རྣམས་སྲོག་ཆེན་འདྲ་ལ། དངོས་སུ་སྲོག་ཆེན་གཉིས་བསྲེས་པས་ལྷོད་པས་མ་རེག་པའོ། །སྲོག་ཆེན་བསྲེ་ཚུལ་ལའང་ཅུང་ཟད་བསྲེ་བ་དང་། མང་ཙམ་བསྲེས་ཀྱང་ཐམས་ཅད་སྲོག་ཆེན་རྩུབ་པར་མ་བྱས་པ་གཉིས་ལས་འདི་སྔ་མའོ། །གཉིས་པ་རབ་དྭངས་ཀྱི་ཡོན་ཏན་དང་ལྡན་པ་ནི། བརྗོད་བྱ་རྗོད་བྱེད་གཉིས་ཀ་འཇིག་རྟེན་ན་ཡོངས་སུ་གྲགས་པའི་དོན་ཅན་གཙོ་བོར་སྦྱར་བས་གོ་སླ་བ་ཉིད་ཀྱི་ཡོན་ཏན་དང་ལྡན་པའོ། །དེ་དཔེར་ན་ཟླ་བའི་དཀྱིལ་འཁོར་གྱི་ནང་གི་མཚན་མ་རི་བོང་ཅན་གྱི་གཟུགས་དེ་ནི་མདོག་སྔོ་བའི་ཨུཏྤལ་གྱི་འོད་ཀྱིས་མཛེས་པ་རྒྱས་ཞེས་པ། འདི་འདྲ་དོན་བདེ་བླག་ཏུ་རྟོགས་པའི་སྐལ་བཟང་དང་ལྡན་པའི་ཚིག་
ཡིན་པས། བཻ་དརྦྷའི་ལུགས་ལ་འདི་ལྟ་བུ་འདོད་དོ། །གཞན་དུ་ངག་སྦྱོར་དེ་ལ་ངེས་ཚིག་གིས་བཤད་དུ་རུང་བ་ཙམ་ཡོད་པའི་ཕྱིར་ཤར་ཕྱོགས་གཽ་ཌ་པ་རྣམས་ཀྱིས་དེ་སྔ་སྐྱེ་བོ་ཀུན་ལ་ཤིན་ཏུ་གྲགས་པ་ཞིག་མིན་ཡང་སྐབས་འདིའི་རྒྱན་དུ་འདོད་དེ། དཔེར་ན། ཤིན་ཏུ་དཀར་མིན་ཆུ་ལས་སྐྱེས། །དེ་འདྲས་མཚོན་པ་འོད་དཀར་ཅན། །ཞེས་པ་ལྟ་བུ་སྟེ། འདིའི་རྒྱ་དཔེའི་སྟེང་ན་དཀར་མིན་སོགས་ཀྱི་སྐད་དོད་དོན་གྱིས་དཔྱད་ན་དཀར་མིན་སོགས་ལ་འཇུག་ཙམ་ལས་ཡོངས་སུ་གྲགས་པ་མིན་པས་གོ་དཀའ་བ་གབ་ཚིག་ལྟ་བུར་ཡོད་པས་རྟོགས་དཀའ་བའོ། །བོད་སྐད་དུ་དེ་ཙམ་རྟོགས་དཀའ་བ་མེད་ཀྱང་དཀར་མིན་ཆུ་ལས་སྐྱེས་པ་ཞེས་ཨུཏྤལ་སྔོན་པོ་དངོས་སུ་གསལ་པོར་མ་བརྗོད་པ་ཙམ་ཡིན་ནོ། །གསུམ་པ་མཉམ་པ་ཉིད་ཀྱི་ཡོན་ཏན་ནི། ངག་གི་སྦྱོར་བ་དེ་ཡི་གེ་འཇམ་རྩུབ་ཤས་ཆེ་ཆུང་གི་མི་མཉམ་པ་དང་བྲལ་བ་ཡིན་པས། ངག་དེ་ནི་འཇམ་རྩུབ་བར་མ་ཞེས་བྱ་སྟེ། དེའི་དོན་ནི་ཚིགས་བཅད་གང་ལ་འཇམ་རྩུབ་གང་རུང་གི་ཕྱོགས་སུ་མ་ལྷུང་བའི་བར་མ་ཡི་ཡི་གེ་བཀོད་པའི་སྐྱེ་གནས་ཅན་ནོ། །དེ་ཇི་ལྟ་བུ་ཞེ་ན། དཔེར་བརྗོད་པ། ཀོ་ཀི། ལཱ་ལཱ་པ་བཱ་ཙཱ་ལོ། མཱ་མེ་ཏི་མ་ལ་ཡཱ་ནི་ལཿ ཨུཙྪཱ་ལཀྪཱི་རཱ་ཙྪཱ་ཙྪཱ། ནིརྫྷ་རཾ་བྷཿཀ་ཎོ་ཀྵི་ཏཿ ཞེས་
པའི་ཚིགས་བཅད་འདིའི་ཕྱེད་སྔ་མ་འཇམ། ཕྱེད་ཕྱི་མ་རྩུབ་པའི་ཡི་གེ་ཤས་ཆེ་བ་འདི་ལྷོ་པས་འདོད་པའོ། །ཞེས་ཁ་ཅིག་གིས་བཤད། ཁ་ཅིག་འདི་དང་ཚིགས་བཅད་ཕྱི་མ་གཉིས་ཀ་ཤར་བའི་འདོད་པའི་དཔེ་བརྗོད་ཡིན་ཞིང་། ལྷོ་པས་ནི་འཇམ་ན་འཇམ་མཉམ། རྩུབ་ན་རྩུབ་མཉམ། བསྲེས་ན་བར་མར་མཉམ་པ་ཞིག་འདོད་ཟེར་ཡང་། གོང་གི་གཞུང་དོན་དང་འགལ་བས་ཡི་གེ་འཇམ་རྩུབ་ཆ་མཉམ་པ་ཞིག་ལ་འདོད་དགོས་སོ། །གོང་གི་ཚིགས་བཅད་དེ་བོད་སྐད་དུ། ཁུ་བྱུག་ཅ་ཅོ་སྒྲོག་བྱེད་ཅིང་། །མ་ལ་ཡ་རླུང་བདག་ལ་འོང་། །ཉར་མ་རབ་འཐོར་དྭང་ཞིང་དྭང་། །ཆུ་རྒྱུན་ཆུ་ཐིགས་ཀྱིས་བྲན་པ། །ཞེས་ཁུ་བྱུག་ཅ་ཅོའི་སྒྲ་སྒྲོག་པ་དང་། མ་ལ་ཡའི་རླུང་བདག་གི་ཕྱོགས་ལ་འོང་བ་དང་། སྤྲིན་ལས་ཉར་མ་སྟེ་ཆུའི་ཟེགས་མ་འཐོར་ཞིང་། དྭང་ཞིང་དྭང་བའི་ཆུ་རྒྱུན་ལ་རླུང་གིས་གཙུབ་པའི་ཆུ་ཐིགས་ཀྱིས་བྲན་པར་བྱེད་དོ། །ཞེས་སོ། །ཡང་དཔེར་བརྗོད་གཉིས་པ་ནི། ཙནྡན་པྲཎ་ཡོངྒ་ནྡྷི། མནྡོ་མ་ལ་ཡ་མཱ་རུ་ཏཿ སྤ་རྦྷེ་རུདྦྷ་མདྡྷཻ་ཪྻོ། བ་ར་རཱ་མཱ་ན་ནཱ་ནི་ལཻཿ ཞེས་པའི་ཚིགས་བཅད་འདིའི་རྐང་པ་གསུམ་པ་རྩུབ་གཞན་གསུམ་ཀ་འཇམ་རྩུབ་བར་མ་ཡིན་པའོ། །འདིའི་དོན་བོད་སྐད་དུ། ཙནྡན་གྱིས་བགོས་དྲི་ལྡང་ཞིང་། །འཇམ་པ་མ་ལ་ཡ་ཡི་རླུང་། །བདག་གི་གཏན་འགོག་དགའ་མ་ནི། །མཆོག་གི་ཁ་ཡི་རླུང་དང་འགྲན། །ཞེས་
ཙནྡན་གྱི་དྲི་ལྡན་རེག་འཇམ་མ་ལ་ཡའི་རླུང་འདི་ནི། བདག་གི་སེམས་ཀྱི་བརྟན་པ་འཕྲོག་པའམ་འགོག་པའི་དགའ་མ་མཆོག་གི་ཁའི་རླུང་དང་འགྲན་ཞེས་པ་ལྟ་བུ་རྐང་པ་རྣམས་ཀྱི་ཡི་གེ་འཇམ་རྩུབ་ཕྱོགས་གཅིག་ཏུ་བསྡེབས་པ་མི་མཉམ་པ་ལ་མ་བརྟག་པར་དོན་གྱི་རྒྱན་དུ་གྱུར་པའི་ཉམས་དང་སྒྲ་ཡི་ཡི་གེའི་ཚོགས་པ་དག་ལ་ལྟོས་ནས་ཤར་ཕྱོགས་པ་དག་ལ་སྙན་ངག་གི་ལམ་འདི་ནི་འདི་འདྲ་བ་བྱུང་བར་གྱུར་ཏོ། །ཞེས་སོ། །གལ་ཏེ་ཚིགས་བཅད་གཉིས་ཀ་ཤར་པའི་འདོད་པའི་དཔེ་བརྗོད་བྱས་ན། ལྷོ་པའི་འདོད་ཚུལ་གྱི་དཔེ་བརྗོད་ནི་ཤུགས་ཀྱིས་ཤེས་ཏེ། རྐང་པ་རེ་རེ་ལའང་འཇམ་རྩུབ་ཅི་རིགས་སུ་སྤེལ་བས་འཇམ་རྩུབ་གང་གི་ཕྱོགས་སུ་མ་ལྷུང་བ་ཡིད་དུ་འོང་བ་ཞིག་ཡིན་པར་ཤེས་ལ། འཇམ་རྩུབ་སྤེལ་ཚུལ་འཇམ་པ་ཕྱོགས་གཅིག་རྩུབ་པ་ཕྱོགས་གཅིག་མི་བྱེད་པར་ཅི་རིགས་སུ་སྤེལ་བ་དེ་དཔེ་བརྗོད་གཅིག་གིས་བསྟན་པར་མི་ནུས་པས་དོན་གྱིས་ཤེས་པར་བྱ་བར་བསྟན་ཏོ། །སྐབས་འདིར་དཔྱད་བྱ་འདི་ཡོད་དེ། ཁ་ཅིག་གིས་སྦྱར་བ་ནི་འཇམ་པ་ཤས་ཆེ་ལ། འཇམ་ཆེས་པས་ལྷོད་པའི་སྐྱོན་མེད་པའོ། །ཞེས་པ་ལྟར་ན་ཤིན་ཏུ་གཞོན་དང་ཁྱད་མེད་པ་དང་། ཡང་མཉམ་ཉིད་ནི་རྐང་པ་བཞི་ཀ་འཇམ་མཉམ་མམ་རྩུབ་མཉམ་བར་མ་འབའ་ཞིག་ཏུ་མཉམ་པ་ལྷོ་པའི་ལུགས་སུ་འདོད་པའང་། མཉམ་པའི་སྐབས་སུ་དེ་ནི་འཇམ་རྩུབ་བར་མ་སྟེ།
ཞེས་དང་། ཤིན་གཞོན་སྐབས། ཐམས་ཅད་མཉེན་པ་སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད་པ་དང་། སྦྱར་བ་ལྷོད་པས་མ་རེག་པའོ། །ཞེས་བཤད་པ་དང་། དེ་དག་གི་དཔེ་བརྗོད་དང་ཡང་འགལ་ཏེ། འཇམ་པ་འབའ་ཞིག་ཏུ་མཉམ་པ་ནི་མཉམ་ཉིད་ཀྱི་ཡོན་ཏན་ཡིན་ལ། ཐམས་ཅད་མཉེན་པའི་སྐྱོན་ཡང་ཡིན་པ་དང་། ཐམས་ཅད་རྩུབ་མཉམ་ནི་སྦྱར་བའི་ཡོན་ཏན་དང་ཤིན་གཞོན་གྱི་ཟློག་ཟླ་ཡང་ཡིན་པ་སོགས་ཀྱིས་ཡོན་ཏན་དེ་གསུམ་མ་འདྲེས་པར་ངོས་མི་ཟིན་པས་ཡོན་ཏན་བཅུ་སོ་སོར་རང་རྐང་དུ་འཆད་མི་བཏུབ་བས་དེ་ལྟར་ཁས་ལེན་དཀའ། དེའི་ཕྱིར་རཏྣ་ཤྲཱིའི་རྒྱ་འགྲེལ་ལས་རྐང་པ་བཞི་ཀ་འཇམ་མཉམ་དང་། རྩུབ་མཉམ། བར་མར་མཉམ་པ་གསུམ་དང་། དེ་ལའང་ནང་གི་དབྱེ་བ། འཇམ་པའི་འཇམ་པ་སོགས་དགུར་ཕྱེ་བའི་དཔེ་བརྗོད་མཛད་ཅིང་། གཞུང་རྩ་བའི་དཔེ་བརྗོད་ལ་ཁ་བསྐང་སྟེ་འཇམ་པ་འབའ་ཞིག་པ་དང་། རྩུབ་པ་འབའ་ཞིག་པའི་དཔེར་མཛད་པ་ནི། སྤྱིར་ཚིགས་བཅད་ལ་རྐང་པ་བཞི་ཀ་འདྲ་བར་བྱས་པ་ལ་དབྱེ་བ་དེ་འདྲ་འོང་བ་དཔེར་མཛད་པ་ཡིན་ལ། རྐང་པ་བཞི་ཀ་འཇམ་རྩུབ་མི་འདྲ་བ་ནི་མི་མཉམ་པར་བསྟན་མོད། མི་མཉམ་པ་དེ་འདྲ་མཉམ་ཉིད་ཀྱི་བཟློག་ཕྱོགས་སྐྱོན་དང་། གོང་གི་དཔེ་བརྗོད་དགུ་ཀ་མཉམ་ཉིད་ཀྱི་ཡོན་ཏན་འབའ་ཞིག་ཡིན་པར་བྱས་ན། སྔར་བརྗོད་པ་ལྟར་མི་འགྲིགས་པས།
དགུ་པོ་འདིའི་ནང་ནས་བར་མར་གྱུར་པའི་ཆ་རྣམས་མཉམ་ཉིད་ཀྱི་ཡོན་ཏན་དང་། འཇམ་པ་མང་ཤས་ཆེ་བ་རྣམས་ཤིན་གཞོན་གྱི་ཡོན་ཏན་དང་། རྩུབ་པ་མང་ཤས་ཆེ་བ་སྦྱར་བའི་ཡོན་ཏན་དང་། རྩུབ་པ་འབའ་ཞིག་པ་དང་། འཇམ་པ་འབའ་ཞིག་པ་ཤིན་གཞོན་དང་སྦྱར་བའི་ཟློག་ཟླ་སྐྱོན་ཡིན་པའི་དགོངས་པ་ཞིབ་མོར་ཕྱེས་ན་ལེགས་པར་མངོན་ནོ་སྙམ་མོ། །དེས་ན་རྒྱ་གར་ལྷོ་ཕྱོགས་པའི་ལུགས་གཞིར་བཞག་བྱས་ན་ཡོན་ཏན་བཅུ་པོ་འདི་སྙན་ངག་གི་སྤྱི་དོན་ལྟ་བུ་ལམ་གྱི་སྲོག་ཡིན་ནོ། །འོན་ཀྱང་དོན་ལེགས་ན་རྩུབ་པའམ་འཇམ་པ་འབའ་ཞིག་པ་གཏན་སྦྱར་མི་རུང་བ་མ་ཡིན་ཡང་སྒྲ་གདངས་ལ་རྩུབ་ཆེས་བའམ་ལྷོད་ཆེས་བའི་སྐྱོན་གྱི་ཞད་འབྱུང་ཞིང་། དེ་བཞིན་དུ་རྐང་པ་བཞི་ཀ་འཇམ་རྩུབ་མི་མཉམ་པ་ཡང་གཏན་ནས་སྦྱར་མི་རུང་བ་མིན་ཡང་སྒྲ་གདངས་ལ་འཇམ་རྩུབ་མི་མཉམ་པའི་ཞད་ཅིག་འབྱུང་མོད་ཀྱི། དེ་ལྟར་སྦྱོར་མཁན་ཡོད་པ་ནི་ཤར་པའི་ལུགས་ལ་ལྷོ་པས་འདོད་པ་དེ་ཁོ་ནར་ངེས་པར་བྱ་མི་དགོས་པའི་དམིགས་བསལ་གཞུང་གི་དཔེ་བརྗོད་ཀྱིས་ཤེས་ཏེ། ཞེས་པ་མི་མཉམ་མ་བརྟགས་པར། །དོན་གྱི་རྒྱན་དང་ཚོགས་དག་ལ། །བལྟོས་ནས་ཤར་ཕྱོགས་པ་དག་ལ། །སྙན་ངག་ལམ་འདི་བྱུང་བར་གྱུར། །ཅེས་དང་། ཞེས་སོགས་སྦྱོར་བ་རྩུབ་པ་དང་། གྲོལ་བ་ཡང་ནི་སྟེར་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་ལྷོ་བའི་ལུགས་ལྟར་ན། སྦྱར་བ་
དང་མཉམ་ཉིད་དང་ཤིན་ཏུ་གཞོན་པ་གསུམ་ནི་རྗོད་བྱེད་སྒྲའི་ཡི་གེའི་གདངས་དམ་མཉེན་དང་འཇམ་རྩུབ་སོགས་ཀྱི་སྒོ་ནས་བཞག བརྗོད་པ་ཚིག་ཕྲད་སོགས་བསྡུས་ཏེ་ཚིག་དངོས་གཙང་བའི་སྒོ་ནས་བཞག་སྟེ། འདི་བཞི་སྒྲ་དང་ཚིག་གི་སྒོ་ནས་བཞག་པའི་ཡོན་ཏན་ཡིན་ནོ། །རབ་དྭངས་དོན་གསལ་གཉིས་རིམ་བཞིན་ཚིག་དོན་གཉིས་ཀ་འཇིག་རྟེན་ན་ཡོངས་སུ་གྲགས་པའི་ངག་གི་ལམ་ལས་མ་འདས་པ་དང་། བརྗོད་ཚུལ་གསལ་བས་ན་དེ་གཉིས་ཀྱིས་དོན་བདེ་བླག་ཏུ་རྟོགས་པའི་ཡོན་ཏན་གྱི་སྒོ་ནས་བཞག་ལ། སྙན་པ་ནི་སྒྲ་རྗེས་ཁྲིད་ལྟ་བུ་རྣ་བར་སྙན་པ་དང་། དེར་ཡང་གྲོང་ཚིག་གི་སྐྱོན་མེད་པ་དང་། དོན་རྒྱན་གྱི་སྐབས་སུ་བཤད་པ་ལྟ་བུའི་ཉམས་དང་ལྡན་པའི་ངག་དེ་རྣ་བར་སྙན་ཞིང་ཡིད་དུ་འོང་བའི་ཡོན་ཏན་ནོ། །དེས་ན་དོན་རྒྱན་རྣམས་སྙན་པའི་ཡོན་ཏན་གྱི་ཁོངས་སུ་འདུ་ཞིང་། ཟུང་ལྡན་སོགས་རྗེས་ཁྲིད་ལས་འཕྲོས་པ་ཡིན་ལ། སྐབས་འདི་དེ་ཕྱིར་ཕྱི་ནས་བསྟན་པར་བྱ། །ཞེས་གསུངས། གབ་ཚིག་ནི་བརྗོད་བྱ་གབ་ནས་གཞན་སུ་རུང་རུང་གིས་མི་ཤེས་པའི་བརྗོད་ཚུལ་ཁྱད་པར་བ་ཞིག་ཡིན་པས་སྒྲ་དོན་གྱི་རྒྱན་དུ་བགྲང་དགོས་ངེས་མིན་ཞིང་། སྐྱོན་བཅུ་སྤོང་བ་ནི་སྒྲ་རྒྱན་དང་དོན་རྒྱན་གཉིས་ཀར་ཤེས་དགོས་སོ། །རྒྱ་ཆེ་བ་ནི་བསྔག་བྱའི་ཡུལ་གྱི་ཡོན་ཏན་མི་དམན་པ་བརྗོད་པ་དང་། མཛེས་པ་ཧ་ཅང་ཚུལ་དང་མི་
མཐུན་པའི་འཕྱོར་བསྒྲགས་ལྟ་བུ་མ་ཡིན་པར་ཀུན་གྱི་རྣ་བར་འབབ་པའི་ཡོན་ཏན་ཅན་ནོ། །ཏིང་ངེ་འཛིན་ནི་དངོས་པོ་གཞན་གྱི་ཆོས་དངོས་པོ་གཞན་ལ་སྦྱར་ཏེ་བརྗོད་ཀྱང་དོན་གོ་ཞིང་ཡིད་དུ་འོང་བའི་ཉམས་དང་ལྡན་པའི་བརྗོད་ཚུལ་ཁྱད་པར་བ་ཞིག་སྟེ། དེ་ལྟར་ན་རབ་དྭངས་དོན་གསལ་སྙན་པ་རྒྱ་ཆེ་མཛེས་པ་བརྗིད་པ་དྲུག་ནི་བརྗོད་བྱ་བརྗོད་ཚུལ་གྱི་ཡོན་ཏན་ཡིན་ནོ། །དེས་ན་སྙན་ངག་སྦྱོར་བ་ལ་དོན་གྱི་རྒྱན་ལ་མ་ལྟོས་པར་སྒྲ་གདངས་ཀྱི་སྒོ་ནས་ཡིད་དུ་འོང་མི་འོང་གི་ཁྱད་ཡོད་དེ། ཁ་ཅིག་ཏུ་སྒྲ་རྩུབ་ཆེས་ནས་བརྗོད་པ་རྩུབ་པ་དང་། ཁ་ཅིག་ཏུ་སྒྲ་འཇམ་ཆེས་ནས་ལྷོད་པོར་གྱུར་པ་ལྟ་བུ་ཡོད་པ་ནི་རང་གི་མྱོང་བས་ཀྱང་རྟོགས་ནུས་ལ། དེ་ཡང་སྒྲ་རྩུབ་པ་ནི་གོང་བཤད་ལྟར་སྲོག་ཆེན་སྲོག་ཆུང་གི་ཁྱད་དང་། སྲོག་ཆུང་གི་ཊ་ཌ་ཎ་རྣམས་རྩུབ་པའི་ཞད་ཆེ་བ་དང་དེར་མ་ཟད་ཀྱང་ཡི་གེ་གང་ཡང་བརྩེགས་པ་དང་དབྱངས་རིང་པོ་ལྡན་པ་དང་ང་རོ་རྣམ་བཅད་ཅན་རྣམས་ལྕི་ལ། དེ་ལས་ལྡོག་པ་ཡང་བ་དང་། སྲོག་ཆེན་དང་བརྩེགས་པ་དབྱངས་རིང་པོ་སོགས་དང་ལྡན་པ་ཆེས་ལྕི་བ་ཡིན་པ་དང་། ཡི་གེའི་སྐྱེ་གནས་ཕན་ཚུན་འཕྲད་ཚུལ་ལས་བརྗོད། དཀའ་སླ་དང་སྙན་མི་སྙན་གྱི་ཁྱད་པར་དུ་མ་ཞིག་ཚིགས་བཅད་སོགས་བཀླག་པའི་ཚེ་རང་གི་ཉམས་མྱོང་ལས་ཤེས་པར་བྱས་ནས་སྒྲ་རྩུབ་ཆེས་ན་ཅི་རིགས་ཡང་བར་བསྒྱུར། འཇམ་ཆེས་ན་རྩུབ་པ་ཅི་རིགས་གང་འོས་སུ་བསྣན་པར་བྱ་སྟེ།
སྤྱིར་སྲོག་ཆེན་གྱི་ཡི་གེ་དང་ལྕི་བ་རྣམས་སྐབས་སུ་ཅི་རིགས་འདྲེས་ན་བརྗོད་པའི་གདངས་ལ་གྲིམ་ཆ་དོད་པས་ཅུང་ལེགས་པར་སྣང་ངོ་། །གཞན་ཡང་ཁྲོ་བོའི་བསྟོད་པ་སོགས་ལ་དོན་དྲག་ཤུལ་སོགས་ཀྱི་ཉམས་སྒྲ་གདངས་རྩུབ་པ་ཤས་ཆེ་ཡང་ལེགས་པའི་སྐབས་དང་། གཞན་དུ་ངོ་མཚར་བ་སོགས་ཀྱི་དོན་རྒྱན་དང་སྒྲ་གདངས་འཇམ་ལ་ལྷོད་སྐྱོན་མེད་པ་སྦྱར་ན་ལེགས་པ་ཡིན་ནོ། །མདོར་ན་ངག་སྦྱོར་དེའི་སྒྲ་བརྗོད་ཚེ་རྣ་བར་སྙན་པ་ཞིག་བྱུང་ན་ཇི་ལྟར་ཡང་ཡོན་ཏན་དུ་འགྱུར་ལ་ལྡོག་ན་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ་དོན་དེ་ཉིད་བརྗོད་ཚུལ་གྱི་དབང་དུ་བྱས་ན། སྤྱིར་ངག་བརྗོད་པ་དེར་རབ་དྭངས་དང་དོན་གསལ་གཉིས་ཀྱི་ཡོན་ཏན་ཡོད་པ་ནི་ཡོན་ཏན་ཆེན་པོ་ཡིན་ཏེ། ངག་སྦྱོར་བ་ནི་དོན་དེ་ཉིད་གོ་བའི་སླད་དུ་ཡིན་པས་དོན་བདེ་བླག་ཏུ་གསལ་བ་ནི་ངག་གི་ཡོན་ཏན་ཡིན་པ་སྨོས་མ་དགོས་པས་སྤྱིར་བཏང་ལྷོ་པ་རྣམས་ཀྱིས་འདི་ཉིད་འདོད་དོ། །དེས་ན་རྒྱ་གར་ན་ཀླུ་སྒྲུབ་དང་། ཟླ་གྲགས། དཔའ་བོ་སོགས་ཀྱི་གཞུང་རྣམས་ཀྱང་ཡོན་ཏན་དེ་དང་ལྡན་པ་ཡིན་ལ། བོད་དུ་ས་པཎ་དང་། ཀློང་ཆེན་པ། རྗེ་ཙོང་ཁ་པ་དང་། ཀརྨ་པ་རང་བྱུང་རྡོ་རྗེ་སོགས་ཀྱི་གསུང་ལྟ་བུའོ། །མི་རྣམས་ཀྱི་ཁ་ཅིག་རྩོམ་གཤིས་ཚིག་དྭངས་ཤིང་གསལ་བ་ལ་དགའ་བ་ནི་འདི་པའི་ལུགས་ལ་མོས་པའི་བག་ཆགས་ཅན་ནོ། །ཡང་ཁ་ཅིག་རྩོམ་གཤིས་དེ་ཧ་ཅང་
ཤེས་སླ་བ་མིན་པར་ཅུང་ཟད་ཁ་དམ་པའི་སྙན་ངག་ལ་དགའ་བ་ནི་གཽ་ཌ་བའི་ལུགས་ལ་མོས་པ་ཅན་དུ་གཤིས་ཀྱིས་འབྱུང་བའོ། །དེ་འདྲའི་ངག་སྦྱོར་ནི་རྒྱ་གར་དུ་ཙནྡྲ་གོ་མཱིའི་གསུང་ཕལ་ཆེར་དང་མཁན་ཆེན་ཞི་བ་འཚོ་རྒྱལ་པོ་དགེ་བའི་དབང་པོ་དང་ནག་མོའི་ཁོལ་སོགས་ཀྱི་གསུང་རྩོམ་གྱི་གཤིས་ལ་ཅི་རིགས་ཡོད་ཅིང་། བོད་དུ་ལྔ་པ་ཆེན་པོ། བོད་མཁས། རིན་སྤུངས་པ་སོགས་ཀྱི་གསུང་འགའ་ཞིག་དང་། འཇིགས་མེད་གླིང་པའི་ཡོན་ཏན་མཛོད་ལ་སོགས་པ་ལྟ་བུ་སྟེ། དེ་དག་ཀྱང་ཕལ་ཆེ་བའི་དབང་དུ་བྱས་ཀྱི་མཐའ་གཅིག་ཏུ་ངེས་པ་མེད་དོ། །ཏིང་ངེ་འཛིན་དང་རབ་བརྟགས་དང་ཕུལ་བྱུང་དང་སྦྱར་བ་དང་། འགལ་རྒྱན་དང་བསྙོན་དོར་སོགས་འཁྱོག་བརྗོད་ཀྱི་རྒྱན་དུ་མའི་ཉམས་ཅི་རིགས་སུ་བསྲེས་ཏེ་བརྩམས་པ་ཕལ་ཆེར་ཤིན་ཏུ་སྙན་པ་ཡིན་ཡང་ཁ་ཅུང་ཟད་དམ་པ་འབྱུང་ངོ་། །ངག་འགའ་ཞིག་ལ་དེ་ལྟ་བུའི་ཉམས་དང་དོན་ཟབ་མོ་ཅི་ཡང་མེད་ཀྱང་རང་བཞིན་བརྗོད་ཚུལ་མི་བདེ་བས་ཁ་མི་གསལ་བ་ནི་སྐྱོན་ཡིན་གྱི། ཡོན་ཏན་གང་ཡང་མིན་ནོ། །དེ་ཡང་སྤྱིར་རྩོམ་གཤིས་གསལ་བ་ཡོན་ཏན་ཆེ་བ་གཞིར་བཅས་ཀྱང་། དམིགས་བསལ་ཆགས་པའི་ཚིག་ལ་སོགས་པ་སྐབས་འགའ་ཞིག་ཏུ་ཧ་ཅང་གསལ་ན་མི་མཛེས་པས་ཅུང་ཟད་ཁ་དམ་པར་བྱས་ནའང་ལེགས་པའི་སྐབས་ཡོད་ལ། བསྟོད་པ་དང་སྤྲིང་ཡིག་སོགས་དང་མཚར་ཉམས་སུ་སྦྱར་
བ་རྣམས་ལ་ཅི་རིགས་སུ་བྱ་ཞིང་། བསྟན་བཅོས་ཀྱི་བརྗོད་བྱ་སོགས་ཕལ་མོ་ཆེར་སྙན་ཉམས་ལྡན་ཡང་དོན་གསལ་བ་དྲང་པོའི་ཚིག་ཀྱག་ཀྱོག་མེད་པ་བཤད་སླ་བ་ཉིད་ལེགས་ཏེ་འཇུག་པ་བདེ་བས་སོ། །དེ་གཉིས་གང་ལྟར་ཡང་དོན་གྱི་ཉམས་དང་ལྡན་པར་བྱ་བ་ནི་གནད་དོ། །མི་རྣམས་ཀྱི་རྩོམ་གཤིས་ལ་ཡང་དེ་གཉིས་གང་རུང་ཡོད་པ་ཡིན། འདི་རྣམས་འཕྲོས་དོན་གལ་ཆེ་བ་སྙན་ངག་མཁན་གྱིས་ལེགས་པར་གཞིག་པ་གཏོང་དགོས་པའི་གནས་ཤིག་ཡིན་ནོ། །དེའི་ཕྱིར་སྦྱར་བ་ནི་སྲོག་ཆེན་གྱི་ཡི་གེ་ཅུང་ཟད་མང་བས་ན་ལྷོད་པས་མ་རེག་ཀྱང་ཤིན་ཏུ་བརྗོད་དཀའ་བའི་མཚམས་སྦྱོར་བ་ལྕི་བ་འབའ་ཞིག་གི་སྐྱོན་མེད་པའོ། །ཤིན་ཏུ་གཞོན་པ་ནི་སྲོག་ཆུང་ཙམ་དུ་མ་ཟད་སྡེབ་སྦྱོར་ལྕི་བ་བརྩེགས་པ་སོགས་སྒྲ་གདངས་རྩུབ་པ་མ་ཡིན་པར་འཇམ་པ་མང་ཤས་ཆེ་ཡང་ལྷོད་པ་འབའ་ཞིག་པའི་སྐྱོན་མེད་པའོ། །མཉམ་ཉིད་ནི་འཇམ་རྩུབ་མཉམ་པ་སྟེ། དེ་ཡང་འཇམ་རྩུབ་ཅི་རིགས་པར་སྤེལ་བ་ཡིན་གྱི། འཇམ་པ་ཕྱོགས་གཅིག་རྩུབ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་ཤེས་པར་བྱའོ། །བཞི་པ་སྙན་པའི་ཡོན་ཏན་ནི། སྙན་པ་ཉམས་ལྡན་ཞེས་པའི་ཚིག་དང་དོན་ལ་ཡིད་དུ་འོང་ཞིང་རྣ་བར་སྙན་པའི་ཉམས་ཡོད་པ་ཞིག་གོ། ཉམས་ཞེས་པ་ཇི་ལྟ་བུ་ཞེ་ན། རྗོད་བྱེད་ཀྱི་ཚིག་དང་། བརྗོད་བྱའི་དོན་ནམ་དངོས་པོ་ལ་
ཡང་ཡིད་ཀར་འབབ་ཅིང་ཡིད་འགྱུར་བ་བསྐྱེད་པའི་ཉམས་གནས་པ། དཔེར་ན་སྦྲང་རྩི་སྤྱོད་པ་ཞེས་བུང་བ་རྣམས་སྦྲང་རྩིས་དགའ་བ་བཞིན་དུ་ཚིག་གང་གིས་བློ་ལྡན་རྣམས་ཀྱི་ཡིད་དགའ་བར་བྱེད་པའོ། །དེའི་དོན་རྒྱས་པར་བཤད་པ་ལ། ཚིག་ལ་དགའ་བའི་ཉམས་ཡོད་པ་ནི་ཤིན་ཏུ་གཞོན་པ་སོགས་གསུམ་པོའང་ཡིན་མོད་ཀྱི། དེ་དག་སོ་སོའི་སྐབས་སུ་བཤད་པས་འདིར་རྗེས་ཁྲིད་གསུངས་པ། ངག་ཏུ་བརྗོད་པའི་སྒྲ་ནི། ཡི་གེ་དང་སྐྱེ་གནས་སོགས་གང་དང་ཅི་ཡིས་ཀྱང་གང་ཞིག་སྔ་མ་དང་མཚུངས་པའི་རྣ་ཤེས་ཀྱིས་ཉམས་སུ་མྱོང་བ་ནི་སྒྲ་ཡི་ངོ་བོས་སྙན་པའི་རྒྱན་དུ་འགྱུར་བ་ཡིན་ལ། དེ་ཡང་སྔ་མ་དེ་ཡི་ཡི་གེའི་གཟུགས་དངོས་དང་། སོགས་ཁོངས་ནས་དེ་ལྟར་མིན་ཡང་སྐྱེ་གནས་མཚུངས་པ་དང་བརྩེགས་པ་ལྟ་བུའི་ཚིག་དང་ཉེ་བ་རྗེས་སུ་ཡོད་པ་ནི། སྔ་མའི་ཚུལ་དང་འདྲ་བ་སླར་ཡང་རྗེས་སུ་ཁྲིད་པ་དང་བཅས་པའི་སྒྲ་ཡི་ཉམས་དང་ལྡན་པའོ། །དེའི་དཔེ་གསུངས་པ། ཨེ་ཥ་རཱ་ཛཱ་ཡ་དཱ་ལཀྵྞཱིཾ། པྲཱཔྟ་བཱ་ན་བྲཱ་ཧྨ་ཎ་པྲ་ཡ། ཏ་དཱ་པྲ་བྷྲྀ་ཏི་དྷརྨ་སྱ། ལོ་ཀ་སྨིནྣུ་ཏྶ་བོ྅་བྷ་བ་ཏ། ཞེས་པ་འདིར་དབྱངས་ཨཱ་རིང་པོ་དུ་མ་སྔ་ཕྱིར་བྱུང་བ་དང་། པ་སོགས་མཆུའི་སྐྱེ་གནས་ཅན་གྱི་ཡི་གེ་འགའ་རྗེས་སུ་ཁྲིད་པ་དང་། བརྩེགས་པའི་ཡི་གེ་དུ་མ་རྗེས་སུ་ཁྲིད་པ་དང་། དངོས་སུ་པྲ་པྲི་རྣམས་རྗེས་སུ་ཁྲིད་པ་ཡོད་པའོ། །ཚིགས་
བཅད་དེ་བོད་སྐད་དུ་གང་ཚེ་བྲམ་ཟེ་དགའ་བ་ཞེས་བྱ་བ་ཡི་རྒྱལ་པོ་འདི་ཡིས་རྒྱལ་སྲིད་ཀྱི་དཔལ་ཐོབ་པར་གྱུར་བ་དེ་ནས་བཟུང་སྟེ་ཆོས་ཀྱི་ནི་དགའ་སྟོན་ཆེན་པོ་འཇིག་རྟེན་འདི་རུ་བྱུང་། ཞེས་སོ། །ཁ་ཅིག་བྲམ་ཟེ་དགའ་བ་རྒྱལ་པོ་ཞིག་གི་མིང་མ་ཡིན་ཏེ། བྲམ་ཟེའམ་ཚངས་པའི་ཆོས་ལུགས་ལ་དགའ་ཞིང་དེ་ལས་མི་འདའ་བའི་རྒྱལ་པོ་ཡིན་ཚད་དོ་ཞེས་འཆད་པའང་སྣང་། ཞེས་པ་འདི་ལྟ་བུ་སྐྱེ་གནས་སོགས་ཀྱི་རྗེས་ཁྲིད་ནི་གཽ་ཌ་བ་དག་གིས་མི་འདོད་དེ། གཽ་ཌ་བ་དེ་དག་འཆད་འགྱུར་ལྟར་ཡི་གེ་རྗེས་སུ་ཁྲིད་པ་ལ་དགའ་ཞིང་། ཕལ་ཆེར་ཡི་གེ་དང་པོས་རྗེས་སུ་ཁྲིད་པ་ལས་ཀྱང་བཻ་དརྦྷ་ནི་བཤད་མ་ཐག་པ་སྐྱེ་གནས་སོགས་རྗེས་སུ་ཁྲིད་པ་འདི་ཉིད་འདོད་དོ། །ཞེས་ཡི་གེ་འདྲ་བ་ཚིགས་བཅད་ཀྱི་གནས་འདྲ་བར་བྱུང་བ་ལས་ཀྱང་ཡི་གེ་གཅིག་གམ། སྒྲ་གདངས་ཆ་འདྲ་བ་ཆེར་མ་རིང་པར་གནས་ངེས་མེད་དུ་བྱུང་བ་སྙན་པར་སྣང་ངོ་། །ཚིགས་བཅད་ཀྱི་རྐང་པ་རྣམས་ཀྱི་གནས་མཚུངས་པ་ལ་དང་བཅད་ལྷུག་གཉིས་ཀའི་ཚིག་གང་ཡང་རུང་བ་རྣམས་ལ་ཡི་གེ་བསྐོར་བ་ནི་རྗེས་སུ་ཁྲིད་པ་ཡིན་ལ། དེའང་ཡི་གེ་སྔ་མའི་སྒྲ་གདངས་ཉམས་མྱོང་གི་འདུ་བྱེད་ནི་རྟོགས་པར་བྱེད་པའི་དོན་དུ་རྗེས་མ་བཀོད་པ་ཡིན་ན་ཡང་སྔ་མ་དང་རྗེས་མའི་བར་དུ་ཡི་གེ་མང་པོས་ཆོད་ན་རྗེས་ཁྲིད་ཀྱི་ཉམས་མྱོང་འདུ་མི་བྱེད་པས་གལ་
ཏེ་སྔ་མ་དང་ཐག་མི་རིང་བ་ཉིད་དུ་རྗེས་མ་ཡོད་པའོ། །དེའི་དཔེར་བརྗོད་པ་བོད་སྐད་དུ་བསྒྱུར་བའི་དོན་ནི། སྟོན་ཀའི་མཚན་མོའི་དབུ་རྒྱན་དུ་གྱུར་པའི་ཟླ་བ་ནི། མེ་ཏོག་ཀུནྡའི་ཕོན་པོར་འཁྲུལ་པ་ལ་སླར་ཡང་དེའི་རྗེས་སུ་དེའི་ནང་གི་མཚན་མ་ཨཱིནྡྲ་ནཱི་ལ་དང་མཚུངས་པ་དེ་ནི་མེ་ཏོག་གི་ནང་ན་གནས་པའི་བུང་བའི་དཔལ་ནི་ཡང་དག་པར་འཛིན་པར་ཡང་མཐོང་ངོ་། །ཞེས་སོ། །འདི་ལ་རྒྱ་སྐད་ཀྱི་རྐང་པ་བཞི་ཀའི་ཐོག་མར། ཙནྡྲེ། ཀུནྡ། ཨིནྡྲ། སནྡ། ཞེས་ཡོད་པས་ན་ཡིག་དང་ལྡན་པའི་ད་ཡིག་རྐང་པ་ལ་བསྐོར་བའི་རྗེས་སུ་ཁྲིད་པ་ཡིན་ནོ། །ཚིག་ལ་བསྐོར་བའི་རྗེས་ཁྲིད་ནི། རྐང་པ་སོ་སོའི་གནས་ཀྱི་ངེས་པ་མེད་ཀྱང་ཚིག་རྣམས་ཅི་བདེར་སྒྲ་མཚུངས་པའི་ཡི་གེ་སྔ་ཕྱི་དག་ཤིན་ཏུ་ཁད་མི་རིང་བར་ཐོས་པ་དག་ནི་རྗེས་ཁྲིད་དུ་འདོད་དེ། དཔེར་ན། ཙཱ་རུ་ཙཱནྡྲ་མ་སཾ་བྷཱི་རུ། བིམྤ་མྤ་ཤྱཻ་དི་མམྤ་རེ། མནྨ་ནོ་མནྨ་ཐ་ཀླཱནྟ་ན། ནིརྡ་ཡཾ་ཀརྟུ་མུ་དྱ་ཏཾ། ཞེས་པ་བར་ཐག་ཤིན་ཏུ་མི་རིང་བར་སྔ་ཕྱི་སྒྲ་མཚུངས་ཐོས་པ་དག་ནི་རྗེས་ཁྲིད་ཡིན་པར་འདོད་དོ། །འདིར་ཙཱ་རུ་ཙཱནྡྲ་སོགས་རྐང་པ་སྔ་མ་གསུམ་ལ་ཡི་གེ་ཆ་འདྲ་བསྐོར་བ་དང་། ཐ་མར་ད་ཡཾ་དང་སྤྱིར་མ་ཡིག་དུ་མའི་རྗེས་ཁྲིད་ཀྱང་ཡོད་པ་དེ་དག་བར་མི་རིང་བར་བསྐོར་བའི་དཔེའོ། །དེ་བོད་སྐད་དུ་བསྒྱུར་བའི་ཚིགས་བཅད་ཀྱི་དོན། མཛེས་མ་ཞེས་བོས་ནས། མཁའ་ལ་ཟླ་
བའི་དཀྱིལ་འཁོར་མཛེས་པས་བདག་གི་ཡིད་འདི་ཡིད་སྲུབས་ཀྱིས་ཟིལ་གྱིས་མནན་ནས་བརྩེ་མེད་དུ་འཇོམས་པར་བརྩོན་པ་འདི་ལ་ལྟོས་ཞེས་སོ། །བར་ཐག་རིང་ན་རྗེས་ཁྲིད་དུ་མི་འགྱུར་བའི་དཔེ། ན་རུ་རཱ་མཱ་མུ་ཁཱམྦྷོ་ཛ། ས་དྲྀ་ཤ་ཤྩནྡྲ་མཱ་ཨི་ཏི། འདི་ཉིད་བོད་སྐད་དུ། དགའ་མ་བཞིན་གྱི་ཆུ་སྐྱེས་དང་། །མཚུངས་པ་ཟླ་བ་ཞེས་མི་འདོད། །ཅེས་གསུངས་ཏེ། དགའ་མ་འདི་ཡི་བཞིན་གྱི་ཆུ་སྐྱེས་དང་མཚུངས་པའི་ཟླ་བ་ཞེས་སོ། །ཞེས་མི་འདོད་ཅེས་པ་འདི་རྗེས་ཁྲིད་དུ་མི་འདོད་ཅེས་པའི་དོན་ཏེ། གང་གིས་ན་མཱ་རིང་པོ་གཉིས་ཀའི་བར་དུ་ཡིག་འབྲུ་མང་པོས་ཆོད་པས་རྗེས་ཁྲིད་ཀྱི་ཉམས་མི་འབྱུང་བས་སོ། །གཞན་ཡང་ཤར་ཕྱོགས་པ་སོགས་ཀྱིས་འདོད་པའི་རྗེས་ཁྲིད་ཀྱི་དཔེ་བརྗོད་བསྟན་པ། སྨ་རཿ ཁ་རཿ ཁ་ལཿ ཀཱནྟཿ ཀཱ་ཡཿ ཀོ་པ་ཤྩ་ནཿ ཀྲྀ་ཤཿ ཙྻུ་ཏོ་མཱ་ནོ་རྡི་ཀོ་རྭ་གོ མོ་ཧོ་ཛཱ་ཏོ་ས་པོ་ག་ཏཱཿ ཞེས་སོགས་སྦྱོར་བ་རྩུབ་པ་དང་། གྲོལ་བའམ་ལྷོད་པ་ཡང་ནི་ཚིགས་བཅད་ལ་སྟེར་བའམ་སྦྱར་བར་བྱེད་པ་ཡོད་མོད། ཚིགས་བཅད་ཀྱི་ཕྱེད་སྔ་མ་ཧ་ཅང་སྦྱོར་བ་རྩུབ་པ་དང་། ཕྱི་མ་ལྷོད་པ་དེ་ཕྱིར་དེ་ལྟའི་རྗེས་ཁྲིད་ནི་ལྷོ་ཕྱོགས་པ་དག་གིས་མི་སྦྱོར་རོ། །གོང་གི་ཚིགས་བཅད་དེ་བོད་སྐད་དུ། བདག་གི་ལུས་དང་ཁྲོ་བ་ཕྲ། །འདོད་པ་རྩུབ་ཅིང་མཛའ་བོ་ངན། །ཁེངས་པ་ཉམས་ཤིང་ཆགས་པ་རྒྱས། །རྨོངས་པ་སྐྱེས་ཏེ་སྲོག་རྣམས་
སོང་། །ཞེས་མཛའ་བོ་ཐག་རིང་དུ་སོང་བའི་གྲོགས་མོས་བརྗོད་པ་སྐད་དུ་བྱས་པ་སྟེ། ལུས་རིད་ཅིང་ཕྲ་བ་དང་གཞན་ལ་ཕྲག་དོག་གི་ཁྲོ་བ་ཕྲ་བ་སོགས་དང་། སྲོག་རྣམས་ཟད་པར་སོང་། ཞེས་སོ། །གཞན་ཡང་རྗེས་ཁྲིད་ལ་ཡི་གེ་ཙམ་དུ་མ་ཟད་མིང་སོགས་ཡི་གེ་དུ་མ་ཚོགས་པའི་སྤྱོད་ཡུལ་གང་ཞིག་སླར་བཟླས་ཏེ་བསྐོར་བ་ནི་ཁོ་ནའམ། བསྐོར་བ་ཁོ་ན་ནི་ཟུང་དང་ལྡན་པ་ཞེས་སུ་རིག་པར་བྱའོ། །ཁོ་ནའི་སྒྲས་ཡི་གེ་ཚོགས་པ་འབའ་ཞིག་སླར་བསྐོར་དགོས་པར་བསྟན་ཅིང་། དེ་འདྲའི་ཡི་གེ་ཚོགས་པ་བསྐོར་བ་དེ་ཡང་སྒྲ་མཚུངས་པའི་ཉམས་ཙམ་ཡིན་གྱི། མཐའ་གཅིག་ཏུ་སྙན་པ་ཡི་ཉམས་དང་ལྡན་པ་མིན་པ་དེ་ཕྱིར་སྒྲ་ཡི་སྙན་པའི་ཉམས་ཅན་རྗེས་ཁྲིད་བཤད་པའི་སྐབས་འདིར་མི་བརྗོད་དེ། ཕྱི་ནས་ལེའུ་གསུམ་པར་བསྟན་པར་བྱ། ཞེས་སོ། །དོན་གྱི་རྒྱན་ཅི་ལྟ་བུ་ཞེ་ན། ངེས་པར་རྗོད་བྱེད་ཀྱི་ཚིག་གམ་སྒྲའི་རྒྱན་སྦྱོར་བའི་ངག་རྣམས་ཀུན་ལ་ཡང་དོན་གྱི་ཉམས་དག་ལེའུ་བར་པར་ཇི་སྐད་བསྟན་པ་རྣམས་སྦྱིན་པར་བྱེད་དགོས་ཏེ། དོན་གྱི་ཉམས་སམ་རྒྱན་མེད་ན་ཚིག་གི་ཉམས་འབའ་ཞིག་གིས་སྙན་ངག་ཏུ་མི་འགྱུར་རོ། །དོན་གྱི་རྒྱན་གཙོ་ཆེ་བ་དེ་ལྟར་ཡིན་ན་ཡང་། གྲོང་པ་ཉིད་ཀྱི་ཚིག་མིན་པའི་ཁུར་འདི་སྙན་ངག་སྦྱོར་བའི་གནས་སྐབས་ཕལ་མོ་ཆེའམ་ཕལ་ཆེར་དུ་འཛིན་དགོས་ཏེ། བརྗོད་ཚུལ་མི་མཁས་པའམ་སྒྲ་ལ་གྲོང་ཚིག་ཞུགས་པས་འཇིག་རྟེན་བཞད་
གད་ཀྱི་རྒྱུ་བྱེད་པ་ཡང་སྲིད་པས་སོ། །དེ་ལ་གྲོང་ཚིག་ཅི་འདྲ་ཞིག་ཡིན་པའི་དཔེ་བརྗོད་པ། འདོད་ལྡན་བདག་ལ་གཞོན་ནུ་མ། །ཁྱོད་ནི་བདག་ཇི་ལྟར་འདོད་པ་བཞིན་དུ་མི་བྱེད་དོ་ཞེས་པ་ལྟ་བུ་འདི་ནི་གྲོང་པའི་ཚིག་གི་དོན་ཅན་གྱི་བདག་ཉིད་དེ། གྲོང་པ་ཐ་མལ་བའི་ངོ་ཚའི་ཚིག་རྗེན་པར་སྨྲས་པ་འདི་འདྲ་བརྗོད་ན་མཁས་པས་སྦྱར་བ་ཡི་སྙན་པའི་ཉམས་དང་བྲལ་བའམ་ཉམས་དེ་ལྟ་བུ་མེད་པ་ཁོ་ནར་བྱེད་པ་ཡིན་ན། རང་དེ་ལ་ཆགས་ཀྱང་དེས་རང་ལ་མ་ཆགས་པ་བརྗོད་པ་སྔ་མ་དང་དོན་འདྲ་ཡང་བརྗོད་ཚུལ་མཁས་ན་གྲོང་ཚིག་དག་གི་སྐྱོན་མེད་པ་ནི། ཟུར་མིག་ལྟ་བ་ལ་གཡོན་མིག་མ་ཞེས་བོས་ནས་འདོད་པ་ཞེས་པ་གཏུམ་མོ་མ་རུངས་པ་འདི་ནི་ངེས་པར་བདག་ལ་བརྩེ་བ་མེད་པར་གདུང་བ་སྐྱེད་པར་བྱེད་ལ། ཁྱོད་ལ་ནི་འདི་ཁྲོ་བ་མེད་པར་དགའ་བ་ཞིག་གོ་ཞེས་པ་འདི་ལ་གྲོང་པའི་ཚིག་གི་དོན་མེད་ཅིང་མཚར་ཉམས་དང་ལྡན་པ་ཡིན་ནོ། །བརྗོད་ཚུལ་མི་མཁས་པའི་བླུན་པོའི་གྲོང་ཚིག་ཏུ་སོང་ན་དེར་མ་ཟད་སྒྲ་ལའང་གྲོང་པ་ཡི་ངོ་ཚའི་ངག་གི་ཆ་དང་མཚུངས་པའི་སྐྱོན་ཞུགས་པ་ཉིད་ཡོད་དེ། དེ་ནི་ལེགས་པའི་ཅིག་ཤོས་མི་ལེགས་པར་གྲགས་སོ། །དེ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་གྱི་ངོ་ཚའི་ཚིག་དགའ་བའི་དགའ་སྟོན་ཞེས་འཁྲིག་པ་བརྗོད་པ་ལ། ཇི་ལྟར་ཡ་ཡིག་དང་བྷ་ཡིག་ལ་སོགས་པ་ཚོགས་པ་བཞིན་ནོ། །
དེ་ཡང་ཚིག་གི་མཚམས་སྦྱོར་ཚུལ་དང་། ཚིག་གི་གཅོད་མཚམས་ཀྱིས་ཞུགས་པ་དང་། དེར་མ་ཟད་སླར་ཡང་ངག་དེའི་དོན་ངག་གིས་ཀྱང་གྲོང་ཚིག་འཕྱ་བའི་གནས་སུ་གྱུར་པའི་ཉེས་པ་ཡོད་པར་རྟོགས་པར་བྱེད་པའི་ངག་དེ་ནི་གྲོང་པ་ཡི་སྐྱོན་ཞུགས་པ་ཞེས་བྱ་སྟེ། དཔེར་ན་ཚིག་གི་མཚམས་སྦྱོར་དང་གཅོད་མཚམས་ཀྱིས་གྲོང་ཚིག་ཏུ་གྱུར་པ་ནི། ཡཱ་བྷ་བ་ཏཿ པྲི་ཡཱ་བཞིན་ནོ། །དེ་ལ་ཡཱ་གང་། བྷ་བ་ཏཿ ཁྱོད་ཀྱི། པྲི་ཡཱ་དགའ་མ་ཞེས་པའི་དོན་དུ་འདི་བརྗོད་པར་བྱས་ཀྱང་། ཡཱ་བྷ། འཁྲིག་པ། བ་ཏཿ ལྡན་པ། པྲི་ཡཱཿ དགའ་མ། ཞེས་པར་གོ་ནས་གྲོང་ཚིག་ཏུ་སོང་ཚེ་མི་མཛེས་པ་ལྟ་བུའོ། །བོད་སྐད་དུ། མོ་མཚན་བཟང་ལྡན་དང་བྱ་ལྕེ་གཉིས་པ་ལྟ་བུ་མོ་དང་བྱ་ཡར་བཅད་ན་གྲོང་ཚིག་མེད་མོད། མར་སྦྱར་ནས་གོ་ཚེ་མི་མཛེས་པ་ལྟ་བུ་ཡིན་ཞེས་དཔང་ལོས་གསུངས། དེས་ན་མི་མོ་མཚན་བཟང་ལྡན་པ་ཞེས་དང་། འདབ་ཆགས་ལྕེ་གཉིས་པ་ལྟ་བུར་སྦྱར་བར་བྱ་ཞེས་སོ། །གཉིས་པ་ངག་དོན་གྱིས་ཞུགས་པ་ནི། གཞན་ལ་བསྣུན་ནས་སྐྱེས་བུ་ནི། །བཱིཪྻ་ལྡན་པའི་བི་ཤྲཱནྟཿ ཞེས་པ་གཞན་དགྲ་ལ་མཚོན་བསྣུན་ནས་སྐྱེས་བུ་དཔའ་བོ་ནི། བཱིཪྻ་སྟེ་བརྩོན་འགྲུས་ལྡན་པའི་བི་ཤྲཱནྟཿ རྣམ་པར་གནས་ཞེས་པའི་དོན་ལ་གཞན་གྱི་སྐད་དོད་པ་ར་མ་མཆོག་གམ་ཤིན་ཏུ་ལ་འཇུག་པས། ཤིན་ཏུ་བསྣུན་ནས་ཞེས་རང་གི་
དགའ་མས་ཆོག་མི་ཤེས་པར་བུད་མེད་གཞན་ལ་ཤིན་ཏུ་བསྣུན་ནས། བཱིཪྻ་ཁུ་བ་ལྡན་པའི་བི་ཤྲཱནྟཿ རྣམ་པར་ངལ་ཞེས་པར་གོ་ན་གྲོང་ཚིག་ཏུ་འགྱུར་བ་དེ་ལྟ་བུ་སོགས་དུ་མ་ཡོད་དོ། །བུད་མེད་གཞན་ལ་བཅུད་ཀྱི་སྨན་བྱིན་ནས་ཤིས་བརྗོད་བྱས་པ་སྐད་དུ་མཚོན་ན། བཅུད་ཀྱིས་ལེན་པའི་སྨན་མཆོག་ཉིན་བྱེད་ཀྱིས། །མཛེས་མའི་ལུས་ཀྱི་པདྨ་རྒྱས་གྱུར་ཅིག །ཅེས་པ་ལུས་པདྨའི་གཟུགས་སུ་བཀོད་ནས་སྨྲས་པ་ཡིན་ཡང་། པདྨ་ཞེས་པ་བུད་མེད་ཀྱི་སྐྱེ་གནས་ལ་གོ་ནས་བཞད་གད་དུ་འགྱུར་བ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བུ་སོགས་ལམ་དག་ནི། །གཉིས་ཀ་ལ་ཡང་བསྔག་མ་ཡིན། །ཅེས་ལྷོ་ཤར་གྱི་ལམ་གཉིས་ཀར་ཡང་མི་བསྔགས་ཞེས་སོ། །བྷ་ག་བ་ཏཱི་བྷ་གི་ནཱི། །ཞེས་སོགས་ལམ་སྲོལ་གཉིས་ཀ་ཀུན་ཏུ་ཁས་ལེན་པ་སྟེ་གྲོང་ཚིག་ཏུ་མི་འདོད་དོ། །དེ་ལ་བྷ་ག་ཝ་ཏཱི། བཅོམ་ལྡན་མ། བྷ་གི་ནཱི། སྲིང་མོའི་མིང་ཡིན་ཡང་བྷ་གའི་སྒྲ་བུད་མེད་ཀྱི་མཚན་མ་ལ་ཡང་འཇུག་པས། སྒྲ་དེ་གཉིས་མོ་མཚན་ལྡན་མར་གོ་ནས་གྲོང་ཚིག་ཏུ་འགྱུར་བ་དང་། དེ་བཞིན་དུ་སུ་བྷ་ག སྐལ་བཟང་དང་། དུར་བྷ་ག་སྐལ་ངན་ཞེས་པའི་སྒྲ་ཡང་མོ་མཚན་བཟང་ངན་ལ་གོ་པར་མི་འགྱུར་རམ་ཞེ་ན། བྷ་གའི་སྒྲ་མཁས་པ་དང་། འཇིག་རྟེན་ན་བཅོམ་ལྡན་དང་། བྷ་གི་ནཱི་སྲིང་མོ་དང་། སུ་བྷ་ག་སྐལ་བ་བཟང་པོར་གོ་བ་ཡོངས་སུ་གྲགས་
པ་ཤས་ཆེ་བས་ཅིག་ཤོས་ལ་འཇུག་ཀྱང་གྲགས་པ་ཤས་ཆུང་བས་གྲོང་ཚིག་ཏུ་མི་འགྱུར་བས་དེ་ལྟར་བརྗོད་རུང་བར་ཁས་ལེན་པ་ཡིན་ནོ། །བོད་སྐད་ལ་ཡང་མཚན་བཟང་ཞེས་དང་། མཚན་མ་བཟང་པོ་མཐོང་སོགས་དེ་ཆེད་དུ་བརྗོད་པའི་སྐབས་ཡིན་ན་མ་གཏོགས་དུས་རྒྱུན་བུད་མེད་ཀྱི་མཚན་མ་ལ་མི་གོ་བ་བཞིན་ནོ། །དེ་ལྟར་སྙན་པ་ཡི་ཡོན་ཏན་རྣམ་པར་ཕྱེ་ཞིང་བཤད་ནས། ལྔ་པ་ཤིན་ཏུ་གཞོན་པ་བཤད་པར་བྱ་སྟེ། དེ་ནི་ཚིགས་བཅད་གང་དུ་གྷ་སོགས་སྲོག་ཆེན་གྱི་ཡི་གེ་དང་ཊ་སོགས་ཕྱིར་ལོག་གི་སྡེ་དང་། དེ་ལས་ཁྱད་པར་དུ་ཡང་དེ་རྣམས་ལ་བརྩེགས་མ་དང་དབྱངས་རིང་པོ་དང་རྣམ་བཅད་རྣམས་ཀྱིས་བརྒྱན་པའི་སྒྲ་རྩུབ་པོ་རྣམས་མིན་པའི་ཡི་གེ་ཀ་སོགས་སྲོག་ཆུང་དང་འཇམ་པ་གང་དག་བརྩེགས་མ་སོགས་དང་རྣམ་བཅད་སོགས་མེད་པའི་འཇམ་པ་མང་པའི་ཤས་ཆེ་བ་ནི། ཤིན་ཏུ་གཞོན་པ་ཞེས་པའི་ཡོན་ཏན་ཉིད་དུ་འདོད་པ་ཡིན་ལ། གང་ཕྱིར་ཡི་གེ་ཐམས་ཅད་འཇམ་པའམ་མཉེན་པ་འབའ་ཞིག་ཏུ་གྱུར་བ་ནི་ཧ་ཅང་ཡང་སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད་པས་སྲོག་ཆེན་སོགས་ཅུང་ཟད་འདྲེས་པའོ། །དེའི་དཔེ་བརྗོད་ནི། མཎྜ་ལཱི་ཀྲིདྱ་བ་ཛྷ་ཎི། ཀཎྛཻ་རྨདྷུ་ར་གཱི་ཏི་བྷིཿ ཀ་ལཱ་པི་ནཿཔྲ་ནྲྀ་ཏྱནྟི། ཀཱ་ལེ་ཛཱི་མཱུ་ཏ་མ་ལི་ནི། ཞེས་པ་འདི་ལ་ཡི་གེ་འཇམ་པ་མང་ཡང་། ཧ་ཋ་དྷ་བྷ། སྲོག་ཆེན་ཡི་གེ་བཞི་འདྲེས་པ་དང་། ར་འདོགས་ཀྱིས་ཀྱང་
ཅུང་ཕན་ཏེ། ར་སྲོག་ཆུང་གི་ཡི་གེ་ཡིན་ཡང་ཊཱ་སོགས་དང་མཚུངས་པར་སྒྲ་གྲིམ་པར་བྱེད་པ་ལ་ཕན་པ་ཡིན་པ་དམིགས་བསལ་ཏེ་ཤེས་པར་བྱས་ན་ལེགས་པ་རང་གི་རྣམ་པར་བརྟགས་པའོ། །ཚིགས་བཅད་དེ་བོད་སྐད་དུ་བསྒྱུར་བའི་དོན་ནི། ཆར་སྤྲིན་གྱི་ཕྲེང་བ་སྔོན་པོ་དང་ལྡན་པ་དབྱར་གྱི་དུས་སུ་མྱོས་པས་དབྱངས་སྙན་པར་སྒྲོག་པའི་མགྲིན་པ་དང་ལྡན་པ། རྨ་བྱ་ཡི་ནི་མཇུག་མ་ཡི་སྒྲོ་དག་གདུགས་ལྟ་བུར་ཟླུམ་པོར་བྱས་ནས་དགའ་བའི་གར་བྱེད་དོ། །ཞེས་སོ། །དཔེ་བརྗོད་ཚིགས་བཅད་དེ་ལ་བརྗོད་བྱའི་དོན་ཟབ་ཅིང་རྒྱས་པ་ཉིད་ཡོད་པ་མ་ཡིན་ལ། རྗོད་བྱེད་ཀྱི་རྒྱན་ཡང་ཕུལ་བྱུང་སོགས་ཉམས་ཁྱད་པར་ཅན་དེ་འདྲ་ཡང་ཡོད་པ་མིན་ཏེ། དབྱར་དུས་ཀྱི་རྨ་བྱའི་བྱ་བ་ཙམ་བརྗོད་པ་ཡིན་ཡང་ཚིག་འཇམ་པས་རྣ་བར་སྙན་པའི་ཕྱིར་ཤིན་ཏུ་གཞོན་པ་ཞེས་པའི་སྒྲ་ཡི་རྒྱན་དུ་གྱུར་པ་ཉིད་ཀྱིས་རྒྱན་དེ་ནི་སྙན་ངག་ལ་མཁས་པར་གྱུར་པའི་དམ་པ་རྣམས་ཀྱི་ཁ་ན་གནས་པ་སྟེ་རྗོད་པར་བྱེད་པ་ཞིག་ཡིན་ནོ། །འདི་སྐབས་དོགས་པ་ཅུང་ཟད་དཔྱད་ན་སྦྱར་བའི་ཡོན་ཏན་གྱི་སྲོག་ཆེན་སོགས་མང་བར་འདོད་ན་དེ་ལྟར་དང་། ཡང་ན་ལྷོད་པའི་སྐྱོན་གྱིས་མ་རེག་པའི་ཆ་ནས་སྦྱར་བ་དང་། འཇམ་པ་མང་བའི་ཆ་ནས་ཤིན་གཞོན་ཡིན་ལ། འཇམ་རྩུབ་དེ་དག་ཕྱོགས་སོ་སོར་མ་བྱས་པར་ཅི་རིགས་སུ་སྤེལ་བའི་ཆ་ནས་
མཉམ་ཉིད་ཀྱི་ཡོན་ཏན་ཆ་འདྲའང་ཚང་བས། དཔེ་བརྗོད་གཅིག་ལ་ཡང་ཡོན་ཏན་གསུམ་ཀའི་ཆ་ཡོད་ཀྱང་སོ་སོའི་ལྡོག་ཆ་ནས་ཡོན་ཏན་སོ་སོའི་རྣམ་གཞག་རུང་བ་ཙམ་དུ་ཤེས་པར་བྱའོ། །ཡང་འདིའི་སྐབས་སུ། བརྗོད་པ་གསལ་ནུས་ན་དེའི་ཕྱིར། གཞན་ཤར་པ་དག་ཕལ་ཆེར་ནི། ལྷོ་པས་མི་བཞེད་པའི་བརྗོད་པར་དཀའ་བ་དག་ཀྱང་སྦྱོར་བར་བྱེད་དེ། དཔེར་ན། ནྱ་ཀྵེ་ཎ་པཀྵཿཀྵ་པི་ཏཿ ཀྵ་ཏྲི་ཡཱ་ཎཱི་ཀྵ་ཎ་དི་ཏེ། ཞེས་པ་འདི་ལ་ཀྵ་ཡིག་ཎ་ཡིག་མང་བ་སོགས་ཀྱིས་བརྗོད་དཀའ་བའོ། །འདིའི་དོན་ནི། ནྱཀྵས་རྒྱལ་རིགས་རྣམས་ཀྱི་ཕྱོགས། །སྐད་ཅིག་གིས་ནི་ཉམས་པར་བྱས། །ཞེས་སོ། །འདི་གཏམ་རྒྱུད་དང་སྦྱར་བ་སྟེ། སྔོན་ནགས་སུ་དྲང་སྲོང་ཛ་མད་ཨགྣིའམ། བྱཱ་ཤ་ཞེས་པ་ཞིག །པུནྱ་ཀྵའམ་རཱ་མ་ཎ་ཞེས་པ་དང་ལྷན་ཅིག་འདོད་འཇོའི་བ་དང་བཅས་ཏེ་གནས་པ་དེ་དག་ཏུ་ཡུལ་གྱི་རྒྱལ་པོ་ས་ཧ་སྲཱ་རྫུ་ན་ཞེས་པ་འཁོར་མང་པོ་དང་བཅས་རི་དྭགས་གཤོར་དུ་བྱུང་བ་ལ། དྲང་སྲོང་དེས་རྒྱལ་པོ་འཁོར་དང་བཅས་པར་གང་འདོད་པའི་ཟས་གཡོས་ནས་བསྟབས། རྒྱལ་པོས་དྲང་སྲོང་ནགས་ན་གནས་པ་ཞིག་ལ་འདི་འདྲའི་ཟས་ཕུན་སུམ་ཚོགས་པ་གང་ལས་བྱུང་བརྟགས་པས་འདོད་འཇོའི་བ་ཡོད་པར་ཤེས་ནས་བ་དེ་ཕྲོགས། དྲང་སྲོང་བསད་ནས་བུ་པརྴཱུ་རཱ་མ་ཆུང་ངུ་ནགས་སུ་བྲོས་པ་དེ་ཆེར་སྐྱེས་པ་ན་རྒྱལ་པོ་སྡིག་ཅན་བྱས་པ་མི་
བཟོ་བ་གཏུམ་པོ་ངན་པ་འདིས་ཉེས་པ་མེད་པར་བདག་གི་ཕ་དྲང་སྲོང་བསད། བ་འཕྲོགས། བདག་ཆུང་ངུ་ནགས་སུ་སྤྱུགས་ནས་སྡུག་བསྔལ་བར་བྱས་སོ་སྙམ་དུ་དྲང་སྲོང་གི་པུནྱ་ཀྵས་འཕོང་བསླབས་ནས་ས་སྟེང་གི་མི་མང་པོ་བྲན་དུ་བཀོལ་ཏེ་དགྲ་ཟླ་དང་འཐབས་ནས་རྒྱལ་པོའི་ལག་པ་སྟོང་ཡོད་པ་དགྲ་སྟྭས་བཅད་ཅིང་བསད་དེ་རྒྱལ་རིགས་རྣམས་ཀྱི་ཕྱོགས་སྐད་ཅིག་སྟེ་དུས་ཐུང་ངུས་ཉམས་པར་བྱས་སོ། །དེའི་རྗེས་སུའང་ད་ཤ་ར་ཐ་སྟེ་རྒྱལ་པོ་ཤིང་རྟ་བཅུ་པའི་ཕ་མ་མ་གཏོགས་པ་རྒྱལ་རིགས་ཐམས་ཅད་བསད། དེ་ལྟར་ས་སྟེང་གི་རྒྱལ་རིགས་ཐམས་ཅད་ཁ་བཏགས་པ་ལན་གསུམ་བྱས་ཞེས་གྲགས་ཏེ། འདི་ཁྱབ་འཇུག་གི་འཇུག་པ་བཅུ་ལས་རཱ་མ་ཎ་གཉིས་ཀྱི་ཡ་གྱལ་འཇུག་པ་དྲུག་པ་དགྲ་སྟྭ་རཱ་མ་ཎ་ཞེས་པ་དེ་ཡིན་ནོ། །ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པ་ལས། དྲང་སྲོང་ཛ་མཱ་དགྣི་ཞེས་བྱ་བ། དཀའ་ཐུབ་ཀྱི་ནགས་ན་གནས་པ་དེའི་ཆུང་མ་བརྟུལ་ཞུགས་ཅན་མ་ཞེས་བྱ་བ་དེ་ནི་ངང་ཚུལ་བཟང་པོ་ཅན་ཡིན་པས། མེ་ཏོག་འཐུར་སོང་ཚེ་ཤིང་རྣམས་རང་ཉིད་ལ་འདུད་པར་བྱེད་པ་ཞིག་ཡོད་པ་དེའི་བུ་རཱ་མ་ཎ་ཞེས་པ་དཔའ་ཞིང་དཀའ་ཐུབ་དང་ལྡན་པ་ཡོད་དེ། དེར་རྒྱལ་པོ་སྲིད་སྒྲུབ་བརྩོན་ཞེས་བྱ་བ་ལག་པ་སྟོང་ཡོད་པ་ཞེས་སུ་གྲགས་པ་ཞིག་གནས་དེར་ཕྱིན་པ་ན། དྲང་སྲོང་དེའི་འདོད་འཇོའི་བ་ཞིག་ཡོད་པ་
སེར་བའི་སྒྲས་སྐྲག་པ་ལ། རྒྱལ་པོ་སྲིད་སྒྲུབ་བརྩོན་གྱིས་དྲང་སྲོང་མེས་བྱིན་ལ་འདི་ཅི་ལ་སྐྲག་པ་ཡིན་ནོ་ཞེས་དྲིས་པ་དང་། དྲང་སྲོང་དེ་ཕ་རོལ་འཐབ་པ་ལ་དགའ་བས། འདི་ནི་དྲང་སྲོང་ཛ་མཱ་དགྣིའི་བུ་རཱ་མ་ཎ་ཞེས་པའི་འཕོང་སློབ་པའི་གཞུ་རྒྱུད་བརྡབ་པ་ལ་སྐྲག་གོ། བུ་འདི་ནི་དཔའ་ཞིང་འཕོང་གི་གནས་ལ་མཁས་པ་སོགས་ངན་སྤོང་གི་རིགས་དགའ་བྱེད་དེའི་ཕ་རོལ་གནོན་པའི་བསྔགས་པ་བརྗོད་པས། རྒྱལ་པོ་དེས་དེ་ལ་ཕྲག་དོག་སྐྱེས་ཏེ། འཐབ་པར་འདོད་པ་དེའི་གནས་སུ་སོང་བས་ཆུང་མ་བརྟུལ་ལྡན་མ་རྒྱལ་པོ་ལ་ཡིད་ཆགས་པ་དང་། དེ་ཕན་ཆད་དེ་ལ་ཤིང་རྣམས་འདུད་པར་མི་བྱེད་པར་གྱུར་ཏོ། །དེ་ནས་རྒྱལ་པོས་འདོད་འཇོའི་བའི་བེའུ་ཕྲོགས། དགའ་བྱེད་བསམ་གཏན་ལ་གནས་པའི་སྟེང་དུ་སྦྲུལ་གྱི་རོ་ཞིག་བསྐྱུར་ནས་སོང་ངོ་། །བརྟུལ་ཞུགས་ལྡན་མའི་གནས་ཚུལ་དེ་དྲང་སྲོང་ཛ་མད་ཀྱིས་བསམ་གཏན་སྟོབས་ཀྱིས་ཤེས་ནས་ཁྲོས་ཏེ། དགའ་བྱེད་ལ་འདིའི་མགོ་བོ་ཆོད་ཅེས་སྨྲས་མ་ཐག་ཏུ་ཕའི་བཀའ་བཞིན་དེའི་མགོ་བོ་བཅད་དོ། །ཕ་མགུ་ནས་ཁྱེའུ་ལ་མཆོག་སློངས་ཤིག་བྱས་པ་དང་། བདག་གི་མ་འཚོ་བར་མཛོད་ཅིག་ཅེས་སྨྲས་པས་དེ་འཚོ་བར་གྱུར་ཏོ། །དེ་ནས་བེའུ་ཕྲོགས་པའི་འཁོན་གྱི་རྒྱུ་དེས་དགའ་བྱེད་ཀྱི་བདག་གིས་འཇིག་རྟེན་ན་རྒྱལ་རིགས་གཅིག་ཀྱང་མེད་པར་བྱའོ་ཞེས་དམ་བཅས་ནས། འཕོང་ལེགས་པར་བསླབས།
འཁོར་བསྡུས་ཏེ་ནམ་ཞིག་ན་རྒྱལ་པོ་སྲིད་སྒྲུབ་དང་གཡུལ་བཀྱེས་པས་དེ་ལ་ལག་པ་སྟོང་ཡོད་པ་དགྲ་སྟྭས་བཅད་དེ་ཐང་ལ་ལྷུང་བར་བྱས། དེ་ནས་བཟུང་སྟེ་དེ་ཡི་མདས་འཇིག་རྟེན་དུ་རྒྱལ་རིགས་རྣམས་རྩད་ནས་བཅད་དོ་ཞེས་བཤད་པ་འདི་ལོ་རྒྱུས་དག་གོ་སྙམ་མོ། །དགའ་བྱེད་དགྲ་སྟྭ་ཅན་དེས་ལན་གསུམ་གྱི་བར་དུའང་ཟེར། ལན་ཉེར་གཅིག་གི་བར་དུ་ཡང་ཟེར་ཏེ། མདོར་ན་རྒྱལ་རིགས་མཐའ་དག་བརླགས་པར་བྱས་ཏེ། ཀུ་རུ་ཀྵེ་ཏྲ་ཞེས་པའི་འོབས་དཔག་ཚད་འགའ་རྒྱལ་རིགས་ཀྱི་ཁྲག་གིས་བཀང་བས་ཕ་མེས་ཀྱི་མཆོད་སྦྱིན་བྱས་ནས་ས་ཆེན་པོ་མཐའ་དག་རང་དབང་དུ་བྱས་པར་བཤད་དོ། །རཱ་མ་དཀའ་ཐུབ་པ་ཡིས་ཀྱང་། །འབྱུང་པོ་འཛིན་མ་འདི་ལས་རྒྱལ། །ཞེས་ཟོལ་བསྟོད་ཀྱི་རྒྱན་གྱི་སྐབས་སུ་བཤད་པ་ཡང་གཙོ་བོར་དྲང་སྲོང་གི་བུ་དགའ་བྱེད་འདིའོ། །འདིར། རྒྱལ་རིགས་རྣམས་ཀྱི་ཕྱོགས་མཐའ་དག །སྐད་ཅིག་གིས་ནི་ཉམས་པར་བྱས། །ཞེས་པ་འདི། རཏྣ་ཤྲཱིའི་འགྲེལ་པར། ནྱཀྵས་ཏེ་ལྷག་མ་མེད་པས་རྒྱལ་རིགས་རྣམས་ཀྱི་ཕྱོགས་ཀྱི་སྡེ་ཚན་སྐད་ཅིག་སྟེ་དུས་ཐུང་ངུས་འཕྲལ་དུ་ཉམས་པར་བྱས་སོ་ཞེས་པའི་དོན་ནོ། །དེའང་དགྲ་སྟྭ་རཱ་མའམ། གཞན་འགའ་ཞིག་གིས་ཞེས་ཤེས་པར་བྱའོ། །ཞེས་གསུངས་པས། ནྱཀྵ་མཐའ་དག་གི་དོན་ཡིན་པར་རྒྱ་འགྲེལ་གཉིས་ཀར་བཤད་ཅེས་པ་ལ་བརྟེན་ནས་
སི་ཏུ་ཆོས་འབྱུང་ཉིད་ཀྱི་ཞལ་སློབ། སྤོམ་རག་པ་ཀརྨ་ཚེ་དབང་དཔལ་འབར་གྱིས་འགྲེལ་བཤད་བུ་རམ་ཤིང་གི་ལྗོན་པར་འགྱུར་བཅོས་པ་ཡིན་ཞེས་ཁམས་འགྲེལ་དུ་གསུངས། འདི་ནི་འགྱུར་བཅོས་ཉེས་པ་སྟེ། ནྱཀྵ་ལྷག་མ་མེད་པའམ་མཐའ་དག་གི་དོན་དུ་བཤད་པ་ནི་ནྱཀྵ་ཞེས་པའི་སྒྲ་དོན་བཤད་པ་ཡིན་ལ། དེ་འདྲའི་ནྱཀྵ་ཞེས་པ་དགྲ་སྟྭ་རཱ་མའམ་གཞན་དེ་འདྲའི་མིང་ཅན་འགའ་ཞིག་གིས་ཞེས་རྒྱ་འགྲེལ་ལས་དངོས་སུ་འདི་རྒྱལ་རིགས་ཉམས་པར་བྱེད་པ་པོར་གསལ་བཞིན། མཐའ་དག་རྒྱལ་རིགས་ལ་མར་སྦྱར་ན་ཚིག་དོན་གཉིས་ཀར་མི་འགྲིག་སྟེ། ནྱཀྵ་ལ་རྣམ་དབྱེ་གསུམ་པའི་ནཱ་བྱིན་པས་ནྱཀྵེ་ཎ་ཞེས་ཡོད་པས་བྱེད་ཚིག་སྦྱར་བ་དོན་མེད་དུ་སོང་བས་ཚིག་དང་འགལ་བ་དང་། གསལ་ཕྱིར་གཞན་དག་སོགས་གསུངས་པས་འདི་དོན་གསལ་བའི་ངག་ཡིན་དགོས་ཀྱང་། ནྱཀྵ་ཞེས་པ་བྱ་ཡུལ་རྒྱལ་རིགས་ཀྱི་ཕྱོགས་མཐའ་དག་ཅེས་སྦྱར་ན་སུས་ཉམས་པར་བྱས་པའི་བྱེད་པོ་མི་གསལ་བས་དོན་གསལ་བ་མིན་པའི་ངག་དོན་མ་རྫོགས་པར་འགྱུར་པའི་ཕྱིར་རོ། །གསལ་ཕྱིར་ཞེས་པ་དོན་གསལ་བ་ལ་མི་འཆད་པར་སྒྲ་གདངས་གསལ་བར་འདོད་པ་ལྟར་ན་ཡང་དོན་མི་གསལ་བའི་སྐྱོན་སོ་ན་གནས་སོ། །དགྲ་སྟྭ་རཱ་མའི་མིང་ལའང་ནྱཀྵ་ཞེས་མངོན་བརྗོད་རྣམས་ཀྱི་སྒྲ་གཅིག་དོན་མང་གི་སྐབས་སུ་བཤད་པར་རང་གཞན་
གཉིས་ཀས་ཁས་ལེན་པས་ན། འདི་སྐབས་འགྱུར་སྔ་མ་ཉིད་ལེགས་པར་བཟུང་དགོས་སོ། །སྐབས་འདིའི་དཔེར་བརྗོད་བོད་ཀྱི་མཁས་པ་སྔ་མ་དག་གིས། དམ་པ་བདག་དང་གཞན་ཕན་ལས་ལ་དགའ། །ངན་པ་ཆང་དང་དགའ་མ་དག་ལ་དགའ། །རྨ་བྱ་འབྲུག་སྒྲ་སྒྲོག་སྤྲིན་འཁྲིག་ལ་དགའ། །སྦྲེབས་སྐོམ་སྦྲེབས་པ་བཟའ་བཏུང་མེ་ལ་དགའ། །ཞེས་རྐང་པ་སྔ་མ་གཉིས་ལྷོ་པ་དང་། ཕྱི་མ་གཉིས་ཤར་པའི་དཔེར་བཤད་དོ། །སྔ་མ་གཉིས་ལ་ཡིག་གཅིག་ཏུ་ངེས་པ་ནི་ཤུགས་ལ་ཐོན་པ་སྟེ་དབྱངས་ཀྱི་ངེས་པ་དགོས་པས་ནི་མ་ཡིན་ནོ། །སྐབས་འདིར་བོད་ཀྱི་ཡི་གེའི་འཇམ་རྩུབ་ཀྱི་དབྱེ་བ་མདོར་བསྡུས་བརྗོད་ན། བོད་ཀྱི་ལུགས་ལ་ཀཱ་ལི་སུམ་ཅུ་ལས། འཐུག་པོ་གྷ་སོགས་དང་། ཕྱིར་ལོག་ཊ་སོགས་དང་ཀྵ་མེད་ཀྱང་འདི་དག་གི་སྒྲ་གདངས་རྒ་རྫ་དྷ་རྦ། ཏྲ་ཁྲ་འདྲ་སྒྲ་རྣང་ཀྱ་རྣམས་དང་འདྲ་མོད། འོན་ཀྱང་བྷ་ནི་རྦ་དང་ཅུང་མི་འདྲ་སྟེ། དེ་ལས་མཆུ་ཡི་བྱེད་པ་ཤུགས་ཆེ་ཞིང་ཡ་མཆུ་ཐུར་དུ་འགེབས་པ་ལྟར་སྒྲ་དབྱུང་དགོས་སོ། །ཌྷ་ནི་སྒྲའམ་དགྲ་ཞེས་འབོད་ཅིང་། ཀྵ་ནིང་ཀྱ་དང་མི་འདྲ་བ་མེད་ལ་ཁ་ཅིག་ཁྱ་དང་འདྲ་བར་འབོད། རྒྱ་སྐད་ལ་མེད་པ་ཅ་ཆ་ཇ་ཞ་ཟ་འ་རྣམས་ཙ་ཛ་ཤ་ས་ཨ་རྣམས་དང་མཚུངས་པར་གྱུར་པས་ན། ཀ་ག་ང་། ཅ་ཇ་ཉ། ཏ་ད་ན། པ་བ་མ། ཙ་ཚ་ཝ། འ་ཡ་ར་ལ་ཨ་ཉི་ཤུ་ནི་སྲོག་
ཆུང་དང་སྒྲ་མེད་དོ། །ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་བཅུ་ནི་སྲོག་ཆེན་དང་སྒྲ་ལྡན་ནོ། །སྲོག་ཆུང་ཡིན་ཡང་ར་མགོ་ས་མགོ་ལ་མགོ་ལྡན་པ་དང་། ཡ་སྟ་ར་སྟ་ཡོད་ན་སྒྲ་ལྡན་དང་ཕྱོགས་འདྲ་ན་སྲོག་ཆེན་ལ་དེ་དག་ཡོད་པ་ལྟ་ཅི་སྨོས། འཕུལ་འཇུག་ལ་ཡང་སྲོག་ཆེ་ཆུང་ཕྲད་པའི་དབང་གིས་སྒྲ་ཤུགས་ཆེ་ཆུང་ཡོད་པར་འགྱུར་ལ། འཕུལ་འཇུག་ཡོད་པའི་མགོ་ལྡན་འདོགས་གཉིས་ཡོད་པ་ལྟ་བུའི་ཡི་གེ་དུ་མ་ཚོགས་པ་སྒྲ་ཆེ་ཞིང་ཤིན་ཏུ་ལྕི་བའམ་རྩུབ་པར་འགྱུར་རོ། །དེར་ཡང་སྲོག་ཆེ་ཆུང་འཕྲད་ཚུལ་གྱི་དབང་ལས་སྒྲ་གདངས་དྲག་ཞན་དུ་འགྱུར་བའང་རྟགས་འཇུག་ལས་གསུང་བ་ལྟར་ཕོ་མོ་མ་ནིང་གི་ཡི་གེ་འཕྲད་ཚུལ་ལས་སྒྲ་དྲག་ཞན་བར་མ་གསུམ་དུ་འགྱུར་བ་རྣམས་ཀྱི་དབྱེ་བ་ཤིན་ཏུ་མང་མོད། སྒྲ་གང་ཡིན་ཡང་རང་གི་ཁ་ནས་བརྗོད་པའི་ཚེ་གདངས་ཤུགས་ཆེ་ཆུང་མྱོང་བས་ཤེས་ལ། གང་བརྗོད་དཀའ་ཞིང་སྒྲ་ཆེ་བ། བསྒྲགས་སྐྲག་བསྐྱོད་བསྐྲུན་དཀྲུགས་བསྐྲད་སྤྲིན་བརྒལ་བསྒྲལ། བསྒྲིབས་དགྱེས་བསྒྲུབ་སོགས་དེ་འདྲའི་རིགས་ཅན་ཤིན་ཏུ་རྩུབ་པའམ་ལྕི་བ་དང་། ལམ། གང་། འང་། ཡང་། ཉི་མ། གའུ། ལྭ་བ། ངང་པ། བ་མོ་ལྟ་བུ་སོགས་སྒྲ་ཤིན་ཏུ་འཇམ་པ་ཡིན་པར་ཤེས་པར་བྱའོ། །དྲུག་པ་དོན་གསལ་བ་ཡི་ཡོན་ཏན་ནི། བརྗོད་བྱའི་དོན་འབད་པས་བརྟགས་མི་དགོས་པར་བདེ་གླག་ཏུ་ཤེས་ནུས་པ་ཉིད་
དོ། །དེའི་དཔེ་ནི། འཕྲོག་བྱེད་དེ་ཁྱབ་འཇུག་ཉིད་ཀྱིས་ནི། འོག་གི་ས་གཞི་ཆེན་པོ་འདི་དག་རྒྱ་མཚོའི་ནང་དུ་མར་ནུབ་པར་འཆར་བ་ན། ཁྱབ་འཇུག་ཕག་ཆེན་པོར་སྤྲུལ་ཏེ་རང་གི་རྨིག་པས་བརྫིས་པས་རྒྱ་མཚོའི་ནང་གི་ཀླུ་དང་ཆུ་སྲིན་ལ་སོགས་པའི་ལུས་བཅད་པའི་ཀླུ་རྣམས་ཀྱི་ཁྲག་གིས་དམར་བ་ཉིད་དུ་གྱུར་པའི་ཆུ་ཡི་གཏེར་ལས་གྱེན་དུ་ཕྱུང་ནས་ས་གཞི་རྒྱ་མཚོ་ལ་མི་ནུབ་པར་བཏེག་པར་བྱས་སོ། །ཞེས་ཁྱབ་འཇུག་གི་འཇུག་པ་གསུམ་པའི་གཏམ་རྒྱུད་དང་སྦྱར་བ་སྟེ་འདི་ནི་ངག་དོན་གསལ་བ་ལྷོ་པས་འདོད་པའི་དཔེའོ། །ཤར་པ་ལྟར་ན་ཕག་པ་ལུས་ཆེན་པོ་དག་གིས་ས་གཞི་འདི་ཆུ་གཏེར་དམར་པོ་དག་ལས་གྱེན་དུ་ཕྱུང་། ཞེས་པ་འདི་ལྟ་བུ་ཉིད་དུ་བསྟན་པའམ་བརྗོད་པ་ནི་རྒྱ་མཚོ་དམར་བའི་རྒྱུ་མཚན་བྲང་འགྲོའི་ཁྲག་ཡིན་པ་དངོས་སུ་མ་བརྗོད་པས་ཆུ་གཏེར་དམར་པོ་ཡིན་པ་ཅི་ཡིན་སྙམ་དུ་བརྟག་དགོས་པ་ཉིད་དོ། །ཁམས་འགྲེལ་དུ། རྐང་པ་གསུམ། ལྷོ་ཤར་གཉིས་ཀས་འདོད་པ་དང་། ཕྱི་མ་གཉིས་ཀས་མི་འདོད་པའི་དཔེར་གསུངས་ཀྱང་ཕྱི་མ་ཤར་པས་འདོད་ཚུལ་ཡིན་ཡང་མི་རུང་བ་མེད་དོ། །ལྷོ་ཤར་གྱི་ལམ་ནི་གཉིས་ཀ་དག་ལ་ཡང་བརྗོད་ཚུལ་མི་ལེགས་པས་ཇི་ལྟར་བརྟགས་ཀྱང་དོན་དེ་རྟོགས་པའི་སྐལ་བཟང་དང་མི་ལྡན་ཞིང་། རྗོད་བྱེད་སྒྲ་ཡི་ཚུལ་ལམ་ལུགས་ལས་འགོངས་ཏེ་ཕྱིན་ཅི་ལོག་ཏུ་གྱུར་པ་ནི། མི་མཁས་པའི་སྐྱོན་ཏེ་དེ་
འདྲའི་དོན་སྟོན་མི་ནུས་པས་བརྗོད་པ་འདི་འདྲ་བ་ཕལ་ཆེར་བཞེད་པ་མ་ཡིན་ནོ། །བདུན་པ་རྒྱ་ཆེ་བའི་ཡོན་ཏན་བཤད་པ་ནི། ངག་སྦྱོར་གང་དུ་བརྗོད་བྱ་འགའ་ཞིག་བརྗོད་པ་ལ། དེར་གཞན་ལས་ཁྱད་འཕགས་ལྡན་པའི་ཡོན་ཏན་ཡོད་པར་རྟོགས་ནུས་པའི་ངག་དེ་ནི་རྒྱ་ཆེར་བརྗོད་དེ། རྒྱ་ཆེའི་རྒྱན་དེའི་སྙན་ངག་གི་ལམ་ཀུན་མཛེས་པར་བྱེད་པས་ན། བརྗོད་པ་འདི་ལྟ་བུ་དང་ལྡན་པ་ཡི་སྙན་ངག་གི་ལམ་ཀུན་མགོན་དང་བཅས་པ་ལྟ་བུའོ། །དེའི་དཔེ་གསུངས་པ། སློང་བ་པོ་རྣམས་ཀྱི་བཀྲེན་པའི་དབང་གིས་སྟེར་དུ་རེ་བའི་མིག་ལན་གཅིག་ཙམ་དུ་རྒྱལ་པོ་ཁྱོད་ཀྱི་གདོང་ལ་ལྷུང་བ་སྟེ་བལྟས་པ་ལས་ལྷ་ཅིག་ཅེས་བོས་ནས། གནས་སྐབས་གཅིག་པུ་དེ་ཡིས་སླར་སྦྱིན་པ་པོ་གཞན་གྱི་གདོང་ལ་སློང་བའི་མིག་གིས་ལྟ་དགོས་པ་མ་ཡིན་ནོ། །ཞེས་པ་རྒྱ་ཆེ་བ་མཚོན་པ་ཉིད་ཀྱི་ཚིག་འདི་ལ་ནི། རྒྱལ་པོ་དེ་གཏོང་བ་ཁྱད་འཕགས་ལེགས་པར་མཚོན་ནུས་པའི་ཉམས་ཡོད་པ་ཡིན་ལ། ལམ་འདི་ཉིད་བརྗོད་ཚུལ་གྱིས་མཚོན་ནས་གཞན་དཔའ་བ་དང་མང་ཐོས་སོགས་ཀྱང་འདི་དང་རིགས་པ་མཚུངས་པས་དཔག་པར་བྱའོ། །འདི་ནི་ལྷོ་ཤར་ཐུན་མོང་པས་འདོད་དོ། །ཡང་བསྔག་པར་འོས་པའི་ཁྱད་པར་གྱི་ཆོས་དང་ལྡན་པ་ཙམ་བརྗོད་པ་ཡང་རྒྱ་ཆེར་ཤར་ཕྱོགས་པ་སོགས་འགའ་ཞིག་གིས་འདོད་དོ། །དཔེར་ན། གང་དུ་དགའ་ཞིང་རོལ་པའི་ཆུ་སྐྱེས་ཀྱི་
ཚལ་དང་། རྩེ་དགའི་ཆེད་དུ་བྱས་པའི་མཚོ་ཡིད་དུ་འོང་བ་དང་། གསེར་གྱི་རྒྱན་དང་ལ་སོགས་པ་ཞེས་པས། ནོར་བུའི་རྔ་ཡབ། རིན་པོ་ཆེའི་སྐ་རགས་ལ་སོགས་པ་དང་ལྡན་པ་ཞེས་བརྗོད་པ་བཞིན་ནོ། །སྤྱིར་བསྔགས་བྱ་ལ་ཡོན་ཏན་རྒྱ་ཆེན་པོ་ཡོད་པ་བསྔགས་ན་ངོ་མཚར་སྐྱེ་ཞིང་། དེ་ཡང་བརྗོད་ཚུལ་ཉམས་དང་ལྡན་པས་ཆེས་མཛེས་པར་འགྱུར་རོ། །ཡོན་ཏན་ཆུང་ངུ་བསྔགས་རིན་མི་ཆོག་པ་ལྟ་བུ་ལ་ཡང་བརྗོད་ཚུལ་མཁས་ན་ཡོན་ཏན་ཆེན་པོར་མཚོན་ནས་མཛེས་པའང་ཡོད་དེ། དཔེར་ན། བློ་ལྡན་ལེགས་བཤད་ཚོལ་བས་མི་ངོམས་པ། །མཚར་མོད་ལན་བརྒྱར་བཤད་ཀྱང་མི་གོ་བ། །འདི་ཉིད་ད་དུང་ལེགས་བཤད་ཐོས་པ་ལ། །དགའ་ཞིང་འདུན་པ་མི་འདོར་ངོ་མཚར་ཆེ། །ཞེས་པ་ལྟ་བུའོ། །བརྒྱད་པ་བརྗིད་པ་ཡི་ཡོན་ཏན་ནི། རྣམ་དབྱེ་སོགས་བསྡུས་པའི་ཚིག་སྡུད་མང་པོ་ཅན་ཉིད་དེ། འདི་ནི་ཁྱད་པར་དུ་ཚིག་ལྷུག་པ་དག་གི་གསོས་ཡིན་ལ། ཚིགས་བཅད་ལའང་ལྷོ་ཕྱོགས་པ་མིན་པ་ཤར་བ་ནི། འདི་ཉིད་གཅིག་པུ་རྒྱན་གྱི་མཆོག་ཏུ་བཞེད་དོ། །དེ་ལ་ཡང་ཡི་གེ་ལྕི་བ་དང་ཡང་བ་རྣམས་རེས་ལྕི་བ་མང་ཞིང་། རེས་ཡང་བ་མང་བ་དང་། རེས་ལྕི་ཡང་ཉུང་བ་ཉིད་སྤེལ་བ་རྒྱ་མཚོའི་རླབས་ལྟར་མཐོ་དམན་གྱི་ནི་རྣམ་པ་ཅན་དེ་ནི་ལྷུག་པའི་ངག་བརྗོད་པ་དང་ལ་སོགས་པས་ཚིགས་བཅད་རྣམས་ལའང་བྱས་
པར་མཐོང་ངོ་། །ཇི་ལྟར་ན། ཨསྟེ་མེསྟེ་ཀེ་པེཪྻ་སྟེ། །ས་མེ་སྟཱེཏྐཾ་ཤེུ་སེ་སྟེ་རཱ། །བཱི་ན་སྟེ་ནེ་སྠི་ཏཱེ་དཱེ་མྲ། །ཀམྲེ་སྟྭི་བཻ་བཱེ་རེུ་ནཱི། །ཞེས་པ་བརྗིད་དང་ལྡན་པའི་ཚིག །ཚིགས་བཅད་ལ་ཡང་ཤར་པ་སྦྱོར། །ཞེས་སོ། །ཚིགས་བཅད་འདི་ཁ་སྒོ་ཕན་པའི་སྡེབ་སྦྱོར་རོ། །འདིར་རའི་སྐད་དོད་ལ་ཨསྟ་རྣམ་དབྱེ་དྲུག་པ་བསྡུས། མགོའི་སྐད་དོད་མསྟ་ལ་བདུན་པ་བསྡུས། བཪྻསྟ། སམསྟ་ཨཏྐ་རྣམས་ཀྱི་བར་དང་། བསྟྲ་ལས་རྣམ་དབྱེ་དང་པོ་བསྡུས། འོད་ལ་མང་ཚིག་ཐོབ་པས་འོད་ཀྱི་སྐད་དོད་ཨཾ་ཤུ་ལ་ཞུགས་པའི་རྣམ་དབྱེ་ཨཾ་བསྡུས། པཱི་ན་རྒྱས་པ་དང་སྟ་ན་ནུ་མའི་སྐད་དོད་གཉིས་ལ་བདུན་པ་བསྡུས། བཞིན་ཅེས་པ་མཚུངས་པའི་ཨེ་པ་ལ་ཚིག་སྡུད་མི་ཐོབ། སྟ་རཱ་དང་བ་རུ་ཎཱ་རྐང་པ་གཉིས་ཀའི་མཐའ་མཚམས་སུ་ཚིག་སྡུད་མི་ཐོབ་པས་བཞག་ནས་གཞན་བསྡུས་པའོ། །ཚིགས་བཅད་འདི་ལྕི་བ་མང་ལ་ཡང་བ་ཉུང་བའི་དཔེའོ། །ལྕི་བ་ཉུང་ཡང་བ་མང་བ་དང་། དེ་གཉིས་མཉམ་པའི་དཔེ་ཤུགས་ལས་ཤེས་པར་བྱའོ་ཞེས་སྔ་མ་དག་གསུངས། ཡང་ན་རྐང་པ་དང་པོ་ཡང་བ་མེད་པའི་དཔེ་སྟེ་དེ་བཞིན་རྐང་པ་བཞི་ཀར་སྦྱར་ན་ཡང་བ་མང་བའི་ཚིགས་བཅད་དོ། །གཞན་གསུམ་ལྕི་བ་མང་བའི་དཔེ་སྟེ་མཉམ་པ་ཤུགས་ལས་ཤེས་པར་བྱས་ཀྱང་རུང་ངོ་། །སྡེབ་སྦྱོར་ནི་ལྕི་བ་སྒྲ་མཐོ། ཡང་བ་དམའ་བ་ཡིན་པས་མཐོ་དམན་རེས་འཇོག་
ལྟ་བུ་བྱེད་པ་དེ་ཞར་གྱི་དོན་ཡིན་གྱི། གཙོ་བོ་ཚིག་སྡུད་མང་བ་ཉིད་བརྗིད་པའི་ཡོན་ཏན་ཡིན་ནོ། །བརྗིད་དང་ལྡན་པའི་ཚིག་འདི་ལྷུག་པར་མ་ཟད་ཚིགས་བཅད་ལ་ཡང་ཤར་པས་འདི་ལྟར་སྦྱོར་བར་བྱེད་དོ་ཞེས་སྔ་མ་འདི་ཤར་པས་འདོད་པའི་དཔེའོ། །ཚིགས་བཅད་དེ་བོད་སྐད་དུ་བསྒྱུར་བའི་དོན་ནི། ནུབ་ཀྱི་ཕྱོགས་ཀྱི་རི་མགོར་ལྷུང་བ་ཡི། ཕྱོགས་མཐའ་དག་ཉི་འོད་དམར་པོའི་མལ་སྟན་ཅན་དེ་ནི་ཇི་ལྟར་ན། མཁྲེགས་པའམ་རྒྱས་པའི་ནུ་མ་ལ་གནས་པའི་གོས་དམར་པོ་བཀླུབས་པས་མཛེས་པ་བཞིན་ནོ་ནུབ་ཕྱོགས་སམ་ཆུ་ལྡན་མ། ཞེས་ཉི་མ་ནུབ་ཀའི་ཕྱོགས་ཀྱི་རྣམ་པ་བརྗོད་པའོ། །དེ་ཡང་བུད་མེད་རྡུལ་དང་ལྡན་པ་ན་གོས་དམར་པོ་འཛིན་པ་རྒྱ་གར་བའི་ཡུལ་ཆོས་སོ་ཞེས་གྲགས། གཞན་ལྷོ་པ་དག་ཚིག་སྡུད་ཡོད་པར་འདྲ་ཡང་ཚིགས་བཅད་རྣམས་ཀྱི་སྡེབ་སྦྱོར་ལྕི་ཡང་མི་མཉམ་པའམ་འཁྲུགས་པ་མིན་པར་སྙོམས་པ་ཡིས་མཛེས་པར་བྱས་པ་ཡི། ཚིག་རྣམས་ཚིག་སྡུད་ཅི་རིགས་དང་ལྡན་པ་བརྗིད་པར་འདོད་དེ། དཔེར་ན། པ་ཡོ་དྷེ་རེ་ཏེ་ཊོཾ་སྟཾ་གེ། །ལྃགྣ་སྃནྡྷྱ་ཏེ་སཾ་ཤུ་ཀཱ། །ཀསྱེ་ཀཱྃ་མཱྃ་རྟུ་རཾ་ཙེ་ཏོ། །པ་རུ་ཎི་ནེ་ཀེ་རི་ཥྱེ་ཏི། །འདི་ཡང་ཁ་སྒོ་ཕན་པའི་སྡེབ་སྦྱོར་ཡིན་ལ། འདིའི་ཆུ་འཛིན་གྱི་སྐད་དོད་པ་ཡོ་དང་རླུང་དྷ་ར་གཉིས་ཀྱི་བར་ནས་རྣམ་དབྱེ་དང་པོ་བསྡུས། ངོས་ཀྱི་སྐད་དོད་ཏ་ཊོ་ཏ་དང་། ཕང་
པའི་སྐད་དོད་སཾ་ག་གཉིས་ཀྱི་བར་ནས་དྲུག་པ། སཾ་གའི་མཐར་བདུན་པའང་བསྡུས། ཐུན་གྱི་སྐད་དོད་ལགྣ་དང་། མཚམས་ཀྱི་སྐད་དོད་སནྡྷི་གཉིས་ཀྱི་བར་ནས་དྲུག་པ་བསྡུས། གོས་ཀྱི་ཨ་ཏས། འོད་ཀྱི་ཨཱཾ་ཤུ་གཉིས་ཀྱི་བར་ནས་དང་པོ་དང་། དང་གི་སྐད་དོད་ཙ་བསྡུས། ཨཾ་ཤུ་ཀཱ། རྐང་པ་གཉིས་པའི་མཚམས་ཡིན་པས་ཚིག་སྡུད་མི་ཐོབ་པས་མ་བསྡུས། སུ་ཞེས་པའི་སྐད་དོད་ཀིཾ་ཡིག་ཀ་ཡིག་ཏུ་བསྒྱུར་བའི་ཀ་ལ་དྲུག་པ་མ་བསྡུས་པས་སྱ་དངོས་སུ་བཞག གཞན་འདོད་པས་གཟིར་ཞེས་པའི་སྐད་དོད་ཀ་མ་ཏ་དང་དུ་རཾ་གཉིས་ཀྱི་བར་ནས་གསུམ་པ་བྱེད་སྒྲ་བསྡུས། ཡིད་ཀྱི་སྐད་དོད་ཙེ་ཏས་ཀྱི་དང་པོ་བསྡུས། ནུབ་ཕྱོགས་ཀྱི་མིང་ཆུ་ལྡན་མའི་སྐད་དོད་པ་རུ་ཎི་དང་བྱེད་མི་འགྱུར་ཞེས་པའི་སྐད་དོད་ཀ་རི་ཥྱ་ཏི་གཉིས་ཀྱི་བར་ནས་གསུམ་པ་བསྡུས། དེའི་མཐའ་རྐང་པ་བཞི་པའི་མཐའ་ཡིན་ཞིང་། ཚིགས་བཅད་ཕྱི་མ་དང་དེ་གཉིས་ཀྱི་མཚམས་ཡིན་པ་དང་། དེར་མ་ཟད་ཏིང་མཐའ་ཡིན་པས་རྣམ་དབྱེ་བསྡུ་དགོས་པ་ཡང་མེད་དོ། །སྤྱིར་ཚིགས་བཅད་ནི་རྣམ་དབྱེ་སོགས་ཕལ་ཆེར་རང་ཤུགས་ཀྱིས་ཚིག་སྡུད་ཅན་དུ་འོང་ཞིང་། ཚིག་ལྷུག་ལ་ལྷག་པར་ཚིག་སྡུད་དགོས་སོ། །དེ་ལྟར་ན་ལྷོ་པའི་ལུགས་ལ་པྲསྟཱ་ར་མཐོ་དམན་དང་ཡི་གེ་འཇམ་རྩུབ་མཉམ་ཞིང་བརྗོད་བྱའི་དོན་གསལ་བ་ཅན་དུ་འདོད་པ་ཡིན་ནོ། །གོང་གི་ཚིགས་བཅད་ཀྱི་དོན།
ཆུ་འཛིན་ནམ་སྤྲིན་གྱི་ངོས་ཀྱི་ཕང་པ་ན་གནས་པ་དགོང་མོའི་ཐུན་མཚམས་ཀྱི་ནི་འོད་དམར་པོའི་གོས་དང་ལྡན་པ། ནུབ་ཕྱོགས་སམ་ཆུ་ལྡན་མ་འདི་ཡིས་ནི། སྐྱེས་བུ་སུ་ཡི་ཡིད་འདོད་པས་གཟིར་བར་བྱེད་པ་ཅིས་མི་འགྱུར་རོ། །ཞེས་སོ། །དེ་ལ་ཚིག་སྡུད་མང་བ་ཅན་ལྷུག་པའི་གསོས་སུ་འགྱུར་ཚུལ་བཤད་ན། སྤྱིར་ཚིག་གང་ལ་ཡང་དོན་གོ་ངེས་པ་ལས་དགོས་མེད་ཀྱི་ཚིག་ལྷག་རྣམས་དོར་ནས་བརྗོད་ན་བརྗོད་པ་དངོས་གཙང་བ་དང་། དགོས་མེད་མིན་པར་དོན་ལ་ཐོབ་པའི་རྣམ་དབྱེ་སོགས་ཀྱང་ཅི་རིགས་སུ་བསྡུ་སྟེ། ནོར་སོ་ཡོད་པ་དང་དོན་གསལ་ངེས་སོགས་མི་བཞག་ཀ་མེད་ལས་གཞན་ཅི་རིགས་སུ་བསྡུ་ན་ཚིག་ཟོར་ཡང་ལ་དངོས་གཙང་བ་ཞིག་འབྱུང་སྟེ། དཔེར་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་འདིར་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་དམ་པའི་ཆོས་བསྟན་ཏེ་གདུལ་བྱ་ལམ་ལ་བཀོད་ཅིང་། བསྟན་པ་རྒྱས་པར་གྱུར་ནས་འཕགས་པའི་གང་ཟག་མང་དུ་བྱུང་ངོ་། །ཞེས་བརྗོད་པ་ལ། བྱོན་ནས་བསྟན་ནས་བཀོད་ནས་གྱུར་ནས་ཞེས་ཚིག་ཕྲད་ཐམས་ཅད་སྒྲ་གཅིག་ཏུ་བྱས་ན་རྣ་བར་མི་མཛེས་ཤིང་། དོན་གོ་བ་ལ་ཡང་ལྷག་བཅས་ཤ་སྟག་བརྒྱུད་པས་མི་བདེ་བའི་ཞད་ཡོད་དོ། །དེས་ན་ཚིག་མཐའ་དེ་དག་གོང་ལྟར་སྒྲ་གདངས་མི་འདྲ་བ་སོ་སོར་བསྒྱུར་ནས་སྐྱོན་མེད་མོད། འོན་ཀྱང་ཕྲད་དེ་དག་
བསྡུས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན། ལམ་ལ་བཀོད། བསྟན་པ་རྒྱས་པར་མཛད་པས། འཕགས་པ་མང་དུ་བྱུང་ངོ་ལྟ་བུ་བྱས་ན་ཆོས་བསྟན། ལམ་ལ་བཀོད་སོགས་གཅོད་མཚམས་ཐ་དད་པར་བྱ་དགོས་ཤིང་། དེ་ལྟར་ན་དོན་གོ་བ་ལ་ཁྱད་མེད་ཀྱང་སྒྲ་ཟོར་ཡང་ལ་མཛེས་པར་འགྱུར་བ་འདིས་མཚོན་ནས་ཚིག་སྡུད་དྲུག་བཤད་པ་ཅི་རིགས་སུ་སྦྱར་ཏེ། དོན་གོ་བ་ལ་ཁྱད་མེད་ན་ཚིག་མང་པོ་རྣམས་ཅི་རིགས་སུ་བསྡུ་ཞིང་། བར་གྱི་མཚམས་སྦྱོར་ཚིག་ཕྲད་རེ་རེ་ཙམ་བཞག་ན་ལེགས་མོད། གནས་འདི་ལ་ཁ་ཅིག་རྟོག་དཔྱོད་གཞུག་མ་མྱོང་བར་འདུག་ལ། ཁ་ཅིག་གིས་དེའི་དོན་རགས་པ་གོ་ཡང་ཞིབ་པར་མ་དཔྱད་པ་དང་། དེའི་རྣམ་གཞག་གལ་ཆུང་ངུ་བྱས་ཏེ་གསལ་བར་བརྗོད་པ་སྔར་ཡོད་པར་མ་མཐོང་ཡང་འདིར་གསལ་བར་བརྗོད་པ་འདི་སྙན་ངག་མཁན་ལ་མན་ངག་ཅིག་བདག་གིས་འདོམས་པ་ཡིན་པས་བློ་ལྡན་རྣམས་དགའ་བར་གྱིས་ཤིག དེར་མ་ཟད་ཚིགས་བཅད་ཀྱི་རྐང་པའི་མཐའ་ལྷག་བཅས་ཀྱི་ཏེ་སྒྲ་སོགས་དང་། རྣམ་དབྱེ་གཅིག་གི་སྒྲ་རུ་མཚུངས་པ་སོགས་རྣ་བར་མི་མཛེས་ཤིང་། རྐང་པ་བཞིའི་མཐའ་ཡི་གེ་གཅིག་མ་ཡིན་པར་སོ་སོ་དང་། དབྱངས་དང་། སྐྱེ་གནས་ཀྱང་སོ་སོ་བར་གྱུར་པ་ཕལ་ཆེར་བརྗོད་པ་མཛེས་པར་མཐོང་ལ། རྐང་པ་བཞིའི་མཐའ་འདྲ་བར་ཆེད་དུ་སྦྱར་བ་འགའ་
ཞིག་བསམ་བཞིན་དེ་ལྟར་བྱས་པས་དོན་གྱིས་མི་མཛེས་པ་ཆེར་མེད་པའང་ཡོད་དོ། །དེ་ལྟར་ཞིབ་ཏུ་དཔྱད་ན་ཚིག་གོང་འོག་བྱེད་ཚུལ་གྱི་གོ་རིམ་དང་། འཆད་ཚུལ་དང་། བརྗོད་ཚུལ་ལ་གོ་བདེ་མི་བདེ། དོན་སྟོན་མི་སྟོན། སྙན་མི་སྙན་སོགས་ཀྱི་ཁྱད་པར་ཕྲ་མོ་བློ་རགས་པས་གར་ཡོད་ཀྱང་མ་རྟོགས་པ་དུ་མ་ཞིག་ཡོད་པ་རྣམ་པར་དཔྱད་པའི་ས་བོན་འདིས་མཚོན་ནས་བློ་ལྡན་རྣམས་ཀྱིས་ཤེས་པར་བྱའོ། །དགུ་པ་མཛེས་པ་ཡི་ཡོན་ཏན་ནི། ཇི་ལྟར་བརྗོད་པ་དེ་ཉིད་འཇིག་རྟེན་ཐ་སྙད་ཀྱི་དོན་དུ་གྲགས་ཤིང་གྲུབ་པ་ཡིན་པས་འཇིག་རྟེན་གྱི་དོན་དག་ལས་མ་འདས་པས་སྐྱེ་བོ་མཁས་རྨོངས་ཀུན་ལ་འཐད་ཅིང་མཛེས་པ་སྟེ་རན་པར་སྨྲ་བའོ། །འདི་ནི་དཔེར་ན་བསྟོད་བྱ་ལ་ཧ་ཅང་འབྲེལ་མི་ཆགས་པའི་བསྟོད་པ་དང་། སྨད་བྱ་ལའང་སྨད་པ་དོན་དང་མ་འབྲེལ་བས་སྨད་ཆེས་ན་འཇིག་རྟེན་པའི་སྐྱེ་བོ་གཞན་དག་གིས་དེ་ཙམ་ཞིག་ཡིན་ཐབས་མེད་པར་ཤེས་ནས་སྨྲ་བ་པོའི་ཞེ་འདོད་ཀྱི་གཏམ་དོན་ལ་མི་གནས་པར་འཛིན་ཅིང་རྣ་བར་མི་འབབ་པ་ཡིན་པས། འོས་ཚོད་དང་བསྟུན་ཏེ་བརྗོད་པ་མཛེས་པ་བཞིན་ནོ། །མཛེས་པ་དེའང་ཕན་ཚུན་འབེལ་བའི་གཏམ་གྱི་མངོན་པར་བརྗོད་པ་དང་། ཡུལ་གང་ཡང་རུང་བའི་ཡོན་ཏན་བསྔགས་པ་ལ་སོགས་པ་རྣམས་ལའང་སྦྱར་ཏེ། གཞན་གྱི་རྣ་བར་མཛེས་པ་སྦྱར་བར་བྱའོ། །གཏམ་ཞེས་པ་སྔོན་བྱུང་གི་
གཏམ་གྱི་སྒོ་ནས་བརྗོད་པ་ལ་བཤད་པ་ཡང་ཡོད་དོ། །དང་པོ་གཏམ་ལ་སྦྱར་བའི་དཔེ་བརྗོད་ནི། དཀའ་ཐུབ་ཀྱི་ཕུང་པོ་ཁྱོད་འདྲ་བ་ཡི་ཞབས་ཀྱི་རྡུལ་ནི་གཙང་མ་དག གནས་གང་དུ་ཡང་དག་པར་བཏབ་པ་གང་ཡིན་པ་དེ་དག་ཁོ་ན་ནི་ངེས་པར་ཁྱིམ་ཡིན་ཏེ་དགེ་བའི་ཁྱིམ་དུ་གྱུར་བའི་ཕྱིར་རོ། །ཞེས་ཁྱིམ་བདག་གིས་དཀའ་ཐུབ་པ་ལ་གཏམ་དུ་སྨྲས་པ་སྐད་དུ་བྱས་པའོ། །བསྔགས་པར་སྦྱར་བ་སྐྱོན་མེད་པའི་ལུས་ཅན་མ་ཁྱོད་ཀྱི་ནི། ལག་པའི་འཁྲི་ཤིང་གཉིས་པོ་འདིའི་བར་དག་ཏུ་ནུ་མ་ཆེ་ཞིང་རབ་ཏུ་རྒྱས་པ་འདི་དག་གིས་གོ་སྐབས་རྙེད་པར་འགྱུར་བ་མ་ཡིན་ནམ་སྙམ་མོ། །ཞེས་པ་འདི་ལྟ་བུ་དཀའ་ཐུབ་པའི་ཡོན་ཏན་དང་ནུ་མ་རྒྱས་པའི་ཁྱད་པར་ཉིད་བརྗོད་པ་ཡིས་དེའི་དོན་གོ་བར་ལེགས་པར་སྦྱར་བ་དེ་དག་དེ་ལྟར་སྲིད་པ་ཉིད་ཡིན་པས་འཇིག་རྟེན་ཐུན་མོང་བའི་ལུགས་ཀྱི་རྗེས་སུ་ནི་འཇུག་པ་སྟེ་གྲགས་ཚོད་ལས་མ་བརྒལ་བས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་ངོ་ལ་མཛེས་པར་འགྱུར་རོ། །འཇིག་རྟེན་གྲགས་ཚོད་ལས་ནི་འདས་པར་ཤེས་བཞིན་དུ་ཧ་ཅང་ཡང་བརྗོད་འདོད་ཀྱིས་འཇིག་རྟེན་གྲགས་པ་ལས་བརྒལ་བའི་ཁྱད་འཕགས་ཀྱི་དོན་གང་ཞིག་ཚིག་རླབས་ཀྱིས་ཤིན་ཏུ་བཀོད་པར་གྱུར་པ་དེ་ཡིས་ཁྱད་འཕགས་བརྗོད་པའི་ཚིག་ཉམས་ལ་མཁས་པ་རྣམས་ཤིན་ཏུ་ནི་ཚིམ་པར་འགྱུར་ཡང་། ཅིག་ཤོས་འཇིག་རྟེན་གྲགས་ཚོད་འབའ་ཞིག་ལ་ཞེན་
པའི་བྱིས་པ་དག་ནི་ཚིམ་པ་མ་ཡིན་ནོ། །དེའི་དཔེར་གཏམ་ལ་སྦྱར་ན། དུས་དེ་ནས་བཟུང་སྟེ་བདག་གི་ཁྱིམ་འདི་ནི་ལྷ་ཡི་ཁྱིམ་བཞིན་བསྟེན་པར་འོས། དེ་ཅིའི་ཕྱིར་ན་དཀའ་ཐུབ་ཕུང་པོ་ཁྱོད་ཀྱི་ཞབས་རྡུལ་ལྷུང་བ་ཡིས་ཉེས་པ་དག་ནི་མ་ལུས་པ་བཀྲུས་ཤིང་བཀྲ་ཤིས་པར་བྱས་པའི་ཕྱིར་རོ། །ཞེས་དང་། བསྔག་པ་ལ་སྦྱར་བ། མཛེས་མ་ཁྱོད་ཀྱི་ནུ་མ་འདི་ལྟ་བུར་རྣམ་པར་རྒྱས་པར་འགྱུར་བ་འདི་སྔོན་གྱི་དུས་སུ་ངེས་པར་མ་བརྟག་པར་བབ་ཅོལ་དུ་བྱེད་པོ་ཚངས་པ་ཡིས་ནམ་མཁའ་དག་ནི་རྒྱ་ཆུང་ངུར་སྤྲུལ་པ་བྱས་སོ། །ཞེས་ནུ་མ་མི་ཤོང་བས་ནམ་མཁའ་ད་ལྟའི་འདི་ལས་ཆེ་དགོས་པར་བརྗོད་པ་འདི་ལྟ་བུ་ནི་ཧ་ཅང་འཇིག་རྟེན་ན་གྲགས་ཚོད་དང་སྣང་ཚད་ལས་བརྒལ་ཏེ་བརྗོད་པ་འདི་ལྟ་བུ་གཽ་ཌ་པ་ཡི་ལུགས་ལས་ལྷག་པར་མཛེས་པར་བརྗོད་ཅིང་། དཔེར་བརྗོད་ཀྱི་འཇུག་པ་སྔ་མ། གཞན་གྱི་ནི་ཞེས་པ་ལྷོ་པ་ཡི་སྙན་ངག་གི་ལམ་ལ་སྙིང་པོ་ཉིད་དུ་བཤད་དོ། །དེ་ལྟར་གྲགས་ཚོད་དང་མཐུན་པ་དང་གྲགས་ཚོད་ལས་བརྒལ་བའི་དཔེ་བརྗོད་བཞི་ཀ་སྤྱིར་ལྷོ་ཤར་གཉིས་ཀས་བཞེད་ཀྱི་ལུགས་སོ་སོ་བ་མིན་ཅིང་། གྲགས་ཚོད་དང་མཐུན་པ་སྤྱིར་བཏང་དང་། ཧ་ཅང་ཁྱད་འཕགས་བརྗོད་འདོད་ཀྱིས་གྲགས་པ་ལས་བརྒལ་ཀྱང་སྙན་ངག་གི་ལུགས་ལ་སྐྱོན་མེད་པའི་དམིགས་བསལ་ལྟ་བུ་ཡིན་ན་ཡང་གྲགས་ཚོད་མཐུན་
པ་གཙོ་ཆེར་སྦྱོར་བ་ལྷོ་པ་དང་། གྲགས་ཚོད་ལས་བརྒལ་ཏེ་བརྗོད་པ་གཙོ་ཆེར་བྱེད་པ་ཤར་པ་ཡིན་པར་ཤེས་པར་བྱའོ། །དེ་ནི་སྐབས་འདིར་མ་ཟད་སྦྱར་བ་སོགས་གང་གི་ཡོན་ཏན་རྣམས་ཀྱི་སྐབས་སུའང་སྤྱིར་བཏང་དང་དམིགས་བསལ་གྱི་ཚུལ་དུ་ཅི་རིགས་པར་གོ་དགོས་སོ། །བཅུ་པ་ཏིང་ངེ་འཛིན་གྱི་ཡོན་ཏན་བཤད་པ་ནི། དངོས་པོ་གཞན་གྱི་ཆོས་གང་ཡིན་དེ། ཆོས་ཅན་གཞན་དག་ལ་འཇིག་རྟེན་གྲགས་ཚོད་ཀྱི་མིང་ཇི་ལྟར་བརྗོད་པ་དེ་ཡི་ལུགས་ཀྱི་རྗེས་སུ་འབྲངས་ནས་དངོས་པོ་གཞན་ལའང་མིང་དེ་ཡིས་བརྗོད་པས་ཆོས་ཅན་དངོས་པོ་དེ་དང་གཞན་གྱི་ཆོས་དེ་ཡི་ཆོས་སུ་བརྗོད་པ་དེ་དག་གཞན་དུ་མ་གྱུར་པར་མཉམ་པར་བཞག་པའམ་ཏིང་ངེ་འཛིན་པར་བྱེད་པ་སྟེ། དེ་ཡི་ཆོས་སུ་སོང་བའི་བརྗོད་ཚུལ་དེ་ནི་ཏིང་ངེ་འཛིན་གྱི་རྒྱན་དུ་བརྗོད་དེ། ས་མ་དྷིའི་སྒྲ་ལས་མཉམ་གཞག་གམ་ཏིང་ངེ་འཛིན་ཅེས་བརྗོད་པ་དམིགས་བྱའི་དོན་ལ་བློ་མཉམ་པར་བཞག་པའམ། དོན་དེ་ཉིད་ཏིང་ངེར་འཛིན་པ་ཞེས་གྲགས་པ་ལྟར། འདིར་ཡང་གཞན་གྱི་ཆོས་གཞན་ལ་བཞག་པའམ་འཛིན་པས་ན་མིང་དེ་སྐད་དུ་བརྗོད་པའོ། །དེ་དཔེར་ན་གང་དུ་ཉི་མ་ཤར་བ་ན་མེ་ཏོག་ཀུ་མུད་ནི་མིག་འཛུམ་ཞིང་། པདྨ་དག་ཀྱང་མིག་འབྱེད་ཅེས་སེམས་དང་ལྡན་པའི་གང་ཟག་གི་དབང་པོ་མིག་གི་བྱ་བ་འབྱེད་འཛུམ་དེ་དག་སེམས་དང་མིག་མེད་པ་མེ་
ཏོག་གི་སྟེང་དུ་བཀོད་པ་ལས། ལུས་ཀྱི་ཆོས་མིག་དེ་ཡི་བྱ་བ་རྗོད་བྱེད་ཀྱི་སྒྲ་དག་མེ་ཏོག་ལ་ཐོབ་ཅིང་མཛེས་པ་ཡིན་གྱི། མེ་ཏོག་ལ་མིག་མེད་ན་མིག་གི་འབྱེད་འཛུམ་དེ་ལ་བརྗོད་པ་མི་རིགས་སོ་ཞེས་དོགས་པ་མི་སྐྱེ་བར་མིག་གི་བྱ་བ་ཐོབ་པ་ནི་བརྗོད་ཚུལ་ཡ་མཚན་པ་སྟེ་མིག་དང་མེ་ཏོག་འདི་དཔེ་དཔེ་ཅན་དུ་བརྗོད་པ་མིན་ལ། གཟུགས་ཅན་དང་། རབ་བརྟག་དང་། སྦྱར་བ་ལྟ་བུ་གང་གི་ཡང་བརྗོད་ཚུལ་མ་ཡིན་པའི་བརྗོད་ཚུལ་ཁྱད་པར་བ་ཞིག་གོ། འདིར་འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲངས་ནས་ཞེས་པས་གཞན་གྱི་ཆོས་ཡིན་ཚད་གཞན་ལ་སྦྱར་རུང་བ་མ་ཡིན་ཡང་། དངོས་པོ་དང་བྱ་བ་མིང་མཐུན་པས་འཇིག་རྟེན་གྲགས་ཚོད་ཀྱི་མིང་གང་ཞིག་གཞན་གང་ལ་སྦྱར་དུ་རུང་བའམ་འོས་བ་ཞིག་ལ་གོ་བར་བྱའོ། །མིག་གི་འབྱེད་འཛུམ་གྱི་བྱ་བ་མེ་ཏོག་ལ་བཀོད་པ་འདི་ནི་ཏིང་ངེ་འཛིན་རྒྱན་གྱི་དཔེ་བརྗོད་སྤྱིར་བསྟན་པ་ཡིན་ལ། འདིའི་སྐབས་སུ། ནཾ་ཥྠྱ་ཏ། སྒྲེགས་པ་འདོན་པའི་མིང་དང་། ཨདྒཱིརྞ། ལུད་པ་འཕེན་པ་དང་། སྒྲ་དེ་གཉིས་ཀ་ཡང་སྐྱུག་པ་ལ་འཇུག་པ་དང་སྐྱུག་སོགས་ཞེས་པའི་སོགས་ཁོངས་ནས་སྐྱུག་པའི་དངོས་མིང་ནི་བཱན་ཏ་འུ་ཞེས་དང་། བཱ་མ་ན་སོགས་སྐྱུག་པའི་མིང་གཞན་རྣམས་དང་ངུ་བ་དང་འཁུན་པ་ལ་སོགས་པ་དེ་ལྟ་བུའི་མིང་རྣམས་གཞན་བཏགས་པའི་འཇུག་པ་ལ་བརྟེན་པ་ཞེསོ། །
པདྨ་སོགས་ལ་བཏགས་མིང་དུ་སྦྱར་ན་ཤིན་ཏུ་མཛེས་པ་ཡིན་ཏེ། གཞན་གང་ཟག་ལ་དངོས་མིང་དུ་བྱས་ནས་རྗེན་པར་སྦྱར་བ་ཕལ་ཆེར་གྲོང་པ་ཉིད་ཀྱི་ནུས་པའི་ཞད་བརྟེན་པར་འགྱུར་རོ། །དེའི་དཔེར་བརྗོད་པ་མེ་ཏོག་པདྨ་འདིས་ཉི་ཟེར་སྐྱུག་པ་རྣམས་བཏུངས་ནས་པདྨ་དེ་ལས་སྦྲང་རྩིའི་རྡུལ་དམར་པོ་སྐྱུག་པ་ཡི་ཁ་ཡིས་དཔེར་ན་དག་བྱེད་མེ་ཡི་ཟེར་མ་སྟེ་མེ་སྟག་ཕྲ་མོ་དག་ཤིན་ཏུ་སྐྱུག་པར་བྱེད་པ་བཞིན་ནོ། །ཞེས་པ་འདི་ལྟ་བུ་ཡིད་དུ་མི་འོང་བའི་དངོས་པོ་སྐྱུག་པ་བརྗོད་ཀྱང་ཡིད་དུ་མི་འོང་བ་མེད་པར་རྣ་བར་མཛེས་ཏེ། མི་མཛེས་པ་ནི་ཆུང་མ་སྐྱུག་པར་བྱེད་ཅེས་པ་ལྟ་བུའོ། །གོང་དུ་དག་བྱེད་ཅེས་པ་ཆུ་ལ་འཆད་མཁན་ཡོད་མོད། རྡུལ་དམར་སྐྱུག་པའི་དཔེ་ཡིན་པས། དག་བྱེད་མེ་ལ་བཤད་པ་ཉིད་ལེགས་པར་མངོན་ནོ། །དཔེ་བརྗོད་གོང་མ་འདི་སྐྱུག་པའི་སྒྲ་བཏགས་མིང་ལ་ཞུགས་ཀྱང་མཛེས་པ་དང་། གཞན་གྱི་ཆོས་གཅིག་བཀོད་པའི་དཔེ་གཉིས་ཀའི་གཞི་མཐུན་དུ་སྔ་མ་རྣམས་ཀྱིས་བཤད་དོ། །འཐུང་བའང་ཡོད་པས་ཆོས་གཉིས་སུ་མི་འགྱུར་རམ་ཞེ་ན། འཐུང་བ་ནི་བེམས་པོ་ལ་ཡང་རྐང་པས་འཐུང་བ་དང་ཉི་མས་ཆུ་འཐུང་དང་། གསེར་གྱིས་དངུལ་ཆུ་འཐུང་བ་ལྟ་བུའི་ཐ་སྙད་འཇིག་རྟེན་ན་ཡོད་པས་སྐྱེས་བུའི་ལུས་ཀྱི་ཁས་འཐུང་བ་ཁོ་ནར་མ་ངེས་པས་གཞན་གྱི་ཆོས་སུ་མ་བྱས་པའོ། །ཡང་ན་འཐུང་སྐྱུགས་གཉིས་
གང་ཟག་གི་ཁ་ཡི་ཆོས་ཡིན་པས་དོན་གཅིག་ཏུ་བྱས་པའམ། ཡང་ན་དཔེར་བརྗོད་དེ་ཆོས་གཅིག་བཀོད་པ་ཡིན་མི་དགོས་པར་གཉིས་བཀོད་པར་བྱས་ཀྱང་རུང་ངོ་། །གཅིག་ཅར་ཉིད་དུ་གཞན་གྱི་ཆོས་དུ་མ་གཞན་ལ་བཀོད་པ་དག་ཀྱང་འདོད་དེ། དཔེར་ན་ཆུའི་རང་བཞིན་ལྕི་བའི་མངལ་ཁུར་གྱིས་ངལ་ཞིང་། སྤྲིན་སྒྲའམ་འབྲུག་སྒྲ་དལ་བུས་འཁུན་པར་བྱེད་པ་སྤྲིན་གྱི་ཕྲེང་བ་འདི་དག་རེ་ཞིག་གཡོ་བ་མེད་པར་རི་ཡི་སྟེང་གི་ནི། ཕང་པ་དག་ཏུ་ཡང་དག་ཉལ། །ཞེས་པ་འདི་ལ་མངལ་ལྡན་མ་བཙའ་བའི་ཚེ་གྲོགས་མོའི་ཕང་པར་ཉལ་བ་དང་། འཁུན་པ་དང་མངལ་ལྕི་བ་ཉིད་དང་དེས་ངལ་བ་དང་། ཞེས་པ་ཆོས་བཞི་པོ་དེ་འདིར་ནི་དངོས་ལ་སྦྲུམ་མ་མངལ་ལྡན་མའི་ཆོས་ཡིན་ཏེ། དེ་འདྲའི་མངལ་ལྡན་མའི་ཆོས་མང་པོ་གཞན་སྤྲིན་ལ་གཅིག་ཅར་དུ་བཏགས་ཏེ་ལྡན་པར་བསྟན་པ་ཡིན་ནོ། །རྒྱན་དེའི་མཇུག་སྡུད་དུ་བསྔགས་པ་བརྗོད་པ། ཏིང་ངེ་འཛིན་ཅེས་པའི་ཡོན་ཏན་གང་ཡིན་པ་འདི་ནི་སྙན་ངག་གི་བདོག་པ་ཞེས་ནོར་རྫས་ཐམས་ཅད་པའམ་ཀུན་ཏུ་གྱུར་པ་ཡིན་ཏེ། ཞེས་སམ། ཡང་ན་སྙན་ངག་ཀུན་བདོག་སྟེ། སྙན་ངག་ཀུན་གྱི་བདོག་པ་ཞེས་རྒྱན་གང་གི་སྐབས་སུའང་སྦྱར་མི་རུང་བ་མེད་པའོ། །དེའི་ཕྱིར་སྙན་ངག་མཁན་པོ་དོན་མཐུན་གྱི་ཞེས་ཚོགས་པ་ལྟ་བུ་རྣམས་ཀྱི་ཚོགས་ཀྱང་བདོག་པ་དམ་པ་འདི་ཡི་རྗེས་སུ་འབྲངས་
ནས་འདི་ལེན་ཞིང་། ངག་གི་སྐབས་རྣམས་སུ་ཇི་ལྟར་རིགས་པ་སྦྱོར་བར་བྱེད་དོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་སྦྱར་བ་ལ་སོགས་པའི་ཡོན་ཏན་བཅུའི་རང་བཞིན་ཇི་ལྟ་བུ་ཡིན་པའི་དོན་རྣམ་པར་ཕྱེ་ཞིང་བརྟགས་པ་ལས་ལྷོ་ཤར་གྱི་ལམ་སྲོལ་ནི་དེ་གཉིས་ཅུང་ཟད་མི་འདྲ་བ་རྣམས་ནི་རྣམ་པར་ཕྱེ་བའང་གྲུབ་ཅིང་། ཚུལ་དེའི་སྙན་ངག་གི་ལམ་གྱི་རྒྱན་དུ་འགྱུར་ཚུལ་སྤྱི་ཡི་ཁོག་བསྟན་པ་ཡིན་ལ། དེ་ལས་འཕྲོས་པའི་ལམ་སྲོལ་དེ་དག་གི་ནང་གསེས་ཀྱི་དབྱེ་བ་ཕྲ་མོ་སྣ་ཚོགས་སུ་འགྱུར་བ་ནི། སློབ་དཔོན་དཔའ་བོ། ནག་མོའི་ཁོལ། ཤྲཱི་བཛྲ་དེ་བ་སོགས་སྙན་ངག་མཁན་སོ་སོ་ཡི་ཡིད་དང་ཞལ་ལ་གནས་པའི་རྒྱན་གྱི་ཉམས་འདོད་ཚུལ་རྣམ་རྟོག་དང་གྲངས་མཚུངས་པ་ཇི་སྙེད་པ་རྣམས་ནི་བརྗོད་པར་མི་ནུས་ཏེ། དཔེར་ན་མངར་བ་ཙམ་དུ་མཚུངས་མོད་ཀྱི། མངར་བའི་བྱེ་བྲག་བུར་ཤིང་དང་འོ་མ་དང་བུར་ཞེས་སྒྲ་བསྡུས་པ་སྟེ་བུ་རམ་དང་། སོགས་ཁོངས་ནས་ཀ་ར་དང་སྦྲང་རྩི་དང་ཤིང་མངར་སོགས་ཀྱི་མངར་བ་ཉིད་ཀྱི་ཁྱད་པར་མི་འདྲ་བའམ་ཁྱད་ཆེ་བ་ཡོད་པ་དེ་ལྟ་བུ་ཡིན་མོད་ཀྱི། དེ་འདྲའི་ཁྱད་པར་དེ་རྣམས་མཐའ་དག་སོ་སོ་ནས་མཐར་ཐུག་པར་བསྟན་བཅོས་ཀྱི་དཀྱུས་གཅིག་ལ་བརྗོད་པར་དབྱངས་ཅན་མས་ཀྱང་ནུས་པ་མ་ཡིན་ན། གཞན་གྱིས་ལྟ་ཅི་སྨོས། ཞེས་སོ། །སྐབས་འདིར་སྙན་ངག་མཁན་སོ་སོས་
བརྗོད་པ་དེ་མཐའ་དག་དབྱངས་ཅན་མས་བརྗོད་མི་ནུས་པ་མ་ཡིན་ཡང་། དཔེ་ལྟར་ན་བུ་རམ་གྱི་རོ་སྔོན་ཆད་མ་མྱོང་བ་དག་ལ་ཚིག་གི་ལམ་ཁོ་ནས་བུ་རམ་གྱི་རོ་ཇི་ལྟ་བ་བཞིན་བསྟན་མི་ནུས་ལ། སྔར་མྱངས་བ་དག་ལ་བུ་རམ་གྱི་རོ་ཞེས་བརྗོད་པས་བརྗོད་ནུས་པ་ལྟར། ཡེ་ཤེས་ཤིན་ཏུ་སྦྱངས་པའི་འཕགས་པ་ཆེན་པོ་རྣམས་ལ་སངས་རྒྱས་དང་བྱང་སེམས་ཆེན་པོ་རྣམས་དང་དབྱངས་ཅན་མས་ཀྱང་སྐད་ཅིག་གཅིག་དང་ལྡན་པའི་དབྱངས་ཀྱིས་གང་བརྗོད་དུ་རུང་བའི་གནས་ཡིན་པ་ཐམས་ཅད་བརྗོད་ནུས་མོད་ཀྱི། འདིར་དེའི་དབང་དུ་མཛད་ནས་དབྱངས་ཅན་མས་དེ་ལྟར་བརྗོད་མི་ནུས་པར་བསྟན་པ་མ་ཡིན་ཏེ། གདུལ་བྱ་ཕལ་པའི་ངོར་བསྟན་བཅོས་ཀྱི་དཀྱུས་གཅིག་ཏུ་དེ་ཀུན་རྫོགས་པར་བསྟན་མི་ནུས་པའི་དོན་དུ་བཟུང་དགོས་སོ། །དེ་མི་ནུས་པ་ཅིའི་ཕྱིར་ཞེ་ན། མིང་ཚིག་གི་ཕྲེང་བ་རིམ་པར་འབྲེལ་བའི་ངག་ཅན་གྱི་བསྟན་བཅོས་དེའི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ནི་བསྟན་བཅོས་དེའི་དོན་ལ་རིམ་གྱིས་སློབ་དགོས་པ་གང་ཞིག ཟབ་མོའི་ཡེ་ཤེས་སྦྱངས་པ་དང་མི་ལྡན་པ་དེ་དག་བསྟན་བཅོས་དེའི་ཆར་གཏོགས་པའི་བརྗོད་བྱའི་དོན་དུ་གྱུར་ཏོ་ཅོག་མཐའ་དག་རྫོགས་པར་བརྗོད་པའི་བསྟན་བཅོས་འཛིན་ནུས་པའི་བློ་ཅན་མ་ཡིན་པའི་དབང་གིས་དེ་འདྲའི་གདུལ་བྱ་དེ་ལ་སུས་ཀྱང་བསྟན་བཅོས་དེ་ལྟ་བུ་བརྗོད་པ་མི་སྲིད་པའི་ཕྱིར་ཏེ་
བརྗོད་བྱ་མཐར་ཐུག་པ་མེད་པ་ཡོད་པའི་ཕྱིར་རོ། །དེས་ན་གནས་མ་ཡིན་པ་བྱར་མི་ནུས་པའམ་མི་མཛད་པ་ནི་སངས་རྒྱས་བྱང་སེམས་ལ་ནུས་པ་མེད་པའི་སྐྱོན་མ་ཡིན་ཏེ། དཔེར་ན་སངས་རྒྱས་ཀྱིས་ཀྱང་དགེ་བ་སྡིག་པར་བསྒྱུར་བ་དང་། སྒྲིབ་པ་སྤངས་པའང་སྒྲིབ་པ་ཅན་དུ་བསྒྱུར་བ་སོགས་མཛད་དུ་མེད་པ་བཞིན་ནོ། །སྒྲིབ་པ་མཐའ་དག་སྤངས་པ་དང་། ཤེས་བྱ་མཐའ་དག་མ་རྟོགས་པར་སངས་རྒྱས་པ་ནི་གནས་མ་ཡིན་པས། དེ་འདྲའི་གནས་མིན་གྱི་སངས་རྒྱས་ཡོད་པར་མཁྱེན་མི་ནུས་པའམ་མི་མཁྱེན་ཡང་། དེ་ཉིད་ཡང་དག་བར་མཁྱེན་པ་ཡིན་གྱི། མ་མཁྱེན་པ་མ་ཡིན་ནོ། །དེ་ལྟར་སངས་རྒྱས་བྱང་སེམས་ཀྱི་མཁྱེན་པ་དང་ནུས་པ་ནི་གནས་དང་གནས་མིན་ཇི་ལྟ་བ་བཞིན་དུ་མཁྱེན་པ་དང་། ཇི་ལྟ་བ་བཞིན་དུ་ནུས་པ་ལ་མཁྱེན་ནུས་ཡང་དག་པ་མངའ་བར་ཤེས་དགོས་ཀྱི། དེ་ལས་ལྡོག་པ་ནི་མཁྱེན་ནུས་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་འགྱུར་བ་འདི་འདྲའི་གནད་བསྟན་བཅོས་ཐམས་ཅད་ལ་གལ་ཆེའོ། །བསྟན་བཅོས་རྣམས་སུའང་རང་རང་གི་བརྗོད་བྱའི་གཙོ་བོའི་དོན་རྩ་བའི་གནད་ཚང་བ་ལས་བསྟན་བཅོས་དེ་དང་དེའི་དོན་ལ་འཇུག་ཅིང་རིམ་གྱིས་རྒྱ་ཆེར་ཤེས་པར་འགྱུར་གྱི། དེར་གཏོགས་པའི་བརྗོད་བྱའི་དབྱེ་བ་མཐའ་དག་མ་བསྟན་བར་དུ་བསྟན་བཅོས་ཀྱི་དོན་མ་རྫོགས་པ་ཡང་མ་ཡིན་ནོ། །ཞེས་ཤེས་པར་བྱའོ། །ཡེ་ཤེས་སྦྱངས་པ་དང་ལྡན་མི་ལྡན་
གྱི་ཁྱད་པར་ཅི་ལྟ་བུ་ཞེ་ན། ཟབ་མོ་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་ཀྱི་དོན་རྟོགས་ནས་དུས་གསུམ་དུས་མེད་མཉམ་པ་ཉིད་དུ་གཟིགས་པའི་འཕགས་པ་རྣམས་ནི་ཡེ་ཤེས་དང་ལྡན་པ་སྟེ། འདི་དག་གིས་དོན་དམ་པར་ཆོས་གང་དམིགས་སུ་མེད་པར་རྟོགས་པའི་ཕྱིར་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་རྟོག་པའི་དབང་གིས་བཞག་པ་སྒྱུ་མ་ལྟ་བུར་གཟིགས་པ་ཡིན་ཏེ། ཉེ་བ་འཁོར་གྱིས་ཞུས་པ་ལས། རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་འབྱུང་མེད་དེ། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་དང་། མཁའ་འདྲའི་ཆོས་རྣམས་འདི་དག་ཤེས་གྱུར་ན། །ཞིང་བརྒྱ་རྣམས་སུ་ཐོགས་མེད་འགྲོ་འགྱུར་ཞིང་། །དེ་དག་ཡིད་ཀྱང་ཆགས་པ་མེད་འགྱུར་བས། །དེ་ཕྱིར་ཐོགས་མེད་ལམ་འདི་སྐྱེད་པར་གྱིས། །ཞེས་གསུངས་པ་ལྟར་ཐེག་ཆེན་འཕགས་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་དོན་འདི་ལྟ་བུ་རྣམས་ཐུགས་སུ་ཆུད་ཅིང་མངོན་དུ་མཛད་ནུས་ཀྱི། དེ་ལས་གཞན་པ་དག་གིས་གནས་དེ་ལྟ་བུ་མངོན་དུ་མཐོང་བ་ལྟ་ཅི། དེའི་དོན་ཁོང་དུ་ཆུད་པ་ཡང་དཀའ་ལ། གལ་ཏེ་སོ་སོའི་སྐྱེ་བོའི་དུས་ནའང་དེའི་དོན་ལ་ཡིད་ཆེས་པ་རྣམས་ནི་བསོད་ནམས་རྒྱ་ཆེན་པོ་དང་ལྡན་ཞིང་། ཐེག་པ་ཆེན་པོའི་དགོངས་དོན་ལ་བློ་གྲོས་ཕྱིན་ཅི་མ་ལོག་པ་ཡིན་པར་ཤེས་
པར་བྱའོ། །དེ་ལྟར་ཡང་ཏིང་འཛིན་རྒྱལ་པོ་ལས། སྐྲ་གཅིག་ཁྱོན་ལ་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་བྱེ་མ་ཇི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་གཅིག་སྐལ་མི་མཉམ། །ཞེས་དང་། སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །ཞེས་སོགས་ཞིང་རེ་རེ་ནའང་མཚོ་དང་རི་བོ་སྣ་ཚོགས་དང་ལྷ་དང་དམྱལ་བའི་འཇིག་རྟེན་དང་ཞིང་དེ་དག་ཏུ་སངས་རྒྱས་བཞུགས་ནས་ཆོས་སྟོན་པ་སོགས་སུ་སྣང་བ་དེ་དག གང་གིས་རྣམ་དག་སྤྱོད་པ་མ་སྦྱངས་པ། །ཡེ་ཤེས་བྲལ་བ་དག་གིས་དེ་མི་མཐོང་། །ཞེས་གསུངས་པ་བཞིན་ཏེ་ཟབ་མོའི་གནས་འདི་ལྟ་བ་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ན་བསོད་ནམས་ཚད་མེད་དཔག་ཏུ་མེད་པ་བསྐྱེད་ཅིང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་ཀྱང་། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱི། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །ཞེས་གསུངས་པ་ལྟར་རྣམ་པར་དག་པའི་སྤྱོད་པ་སྦྱངས་ཤིང་ཡེ་ཤེས་དང་ལྡན་པ་དག་ལ་གནས་འདི་མངོན་དུ་འགྱུར་བ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་ཕྱག་
གཞོན་ནུ་ནོར་བཟང་གི་སྤྱི་བོར་བཞག་པའི་མོད་ལ། སངས་རྒྱས་ཀྱི་ཞིང་རབ་འབྱམས་རྒྱ་མཚོ་ཚད་མེད་པར་དུས་བསྐལ་པ་རྒྱ་མཚོ་ཚད་མེད་པར་བྱང་ཆུབ་སེམས་དཔའ་སྤྱོད་པ་རྒྱ་མཚོ་ཚད་མེད་པ་སྐད་ཅིག་གཅིག་ལ་སྤྱད་པར་སྣང་བ་མངོན་སུམ་དུ་གྱུར་པ་བཞིན་ནོ། །དེའི་ཞར་བྱུང་སྙན་ངག་རྩོམ་པར་ནུས་པའི་རྒྱུ་གསུངས་པ། སྐྱེ་བ་གཞན་དུ་གོམས་པ་སོགས་ཀྱི་རྒྱུ་ལས་ཚེ་འདིར་རྣམ་སྨིན་གྱི་ངོ་བོ་སྐྱེ་བས་ཐོབ་པའི་ཕྱིར་ན་རང་བཞིན་གྱིས་སམ། བློ་ཡི་གཤིས་ཀྱིས་གྲུབ་པའི་བློ་གྲོས་ཀྱི་ནུས་པ་སྙན་ངག་སྦྱོར་བ་ལ་མཁས་པའི་སྤོབས་པ་དང་། ཚེ་འདིར་གཞུང་སྤྱི་དང་སྙན་ངག་གི་བསྟན་བཅོས་རྣམས་མང་དུ་ཐོས་པ་མ་རྟོག་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་མེད་པ་དང་། སྙན་ངག་སྦྱར་བ་ལ་ཆེར་གོམས་པ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་མི་དམན་པ་དང་གསུམ་ནི་སྙན་ངག་རྩོམ་པ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །རང་བཞིན་གྱིས་གྲུབ་པའི་སྤོབས་པ་ནི་སྤྱིར་བློ་གསལ་བ་དང་ཁྱད་པར་བློའི་རྩལ་ལས་སྙན་ངག་གི་རྩོམ་ཐོགས་མེད་དུ་སྦྱར་ནུས་པའི་ངག་སྒོ་ཡངས་པ་དང་། ངག་སྒྲོས་སྙན་པ་ཡིན་ཏེ། དེ་དང་ལྡན་ན་སྙན་ངག་སྨྲ་བ་ལ་དབང་བར་འགྱུར་ཞིང་། ཁ་ཅིག་མང་ཐོས་མཁས་པ་ཡིན་ཡང་ངག་སྦྱོར་མཛེས་པ་སྦྱར་དཀའ་བའང་ཡོད། ངག་སྦྱོར་རྣམས་སྒྲ་འཇམ་པ་དང་རྩུབ་པ་སོགས་
ཀྱི་གཤིས་སྣ་ཚོགས་ཀྱང་ཡོད་དོ། །ངག་གི་སྤོབས་པ་དེ་ལྟ་བུའི་རྒྱུ་ནི་སྔོན་གོམས་པའི་རྒྱུ་མཐུན་ནམ། བསོད་ནམས་ཀྱི་སྟོབས་སམ། ལྷག་པའི་ལྷའི་བྱིན་གྱིས་བརླབས་པ་ལས་ཀྱང་འབྱུང་ངོ་། །མང་དུ་ཐོས་པ་ནི་ཇི་ལྟ་ཇི་སྙེད་ཀྱི་གཞུང་ཐོས་ཤིང་། དེའི་དོན་ལ་བློ་གྲོས་ཀྱི་སྟོབས་རྒྱས་པ་རྣམས་ཚིག་དོན་གང་ལའང་ཐོགས་པ་མེད་པས་གཞུང་རྩོམ་ནུས་པ་དང་། ཁྱད་པར་སྙན་ངག་གི་བསྟན་བཅོས་འདི་ལྟ་བུའི་དོན་ཤེས་ནས་སྒྲ་དང་དོན་གྱི་རྣམ་འགྱུར་གྱི་སྐྱོན་སྤངས་ཏེ་ཡོན་ཏན་ལེན་པ་ལ་མཁས་པ་དང་། ངག་སྦྱོར་རྨད་བྱུང་ཡིད་འཕྲོག་པ་དང་ལྡན་པའི་སྙན་ངག་སོ་བཞི་པ་དང་། དཔག་བསམ་འཁྲི་ཤིང་སོགས་རྒྱ་བོད་མཁས་པའི་གསུང་སྙན་ངག་གི་རྒྱན་དང་ལྡན་པ་རྣམས་ལ་བལྟ་ཞིང་འདྲིས་པར་བྱས་ནས་དེ་དང་མཚུངས་པའི་ངག་ཡང་ཡང་སྦྱར་བ་ལ་གོམས་པར་བྱས་ན་དེ་དག་གི་ངག་གི་གཤིས་དང་འདྲ་བར་རིམ་གྱིས་ངག་ཉམས་དང་ལྡན་པའི་སྨྲ་བ་ལེགས་པོ་འབྱུང་བར་འགྱུར་བ་ཡིན་ནོ། །གལ་ཏེ་ཚེ་སྔོན་གྱི་ངག་རིགས་གོམས་པའི་བག་ཆགས་བཟང་པོའི་ཡོན་ཏན་གྱིས་ཚེ་འདིར་སྐྱེས་ཙམ་དང་རྗེས་སུ་འབྲེལ་བ་ཡི་ངག་སྦྱོར་བའི་སྤོབས་པ་རྨད་བྱུང་སྐྱེ་བས་ཐོབ་པ་མེད་པ་ཡི་གང་ཟག་ལའང་། ཚེ་འདིར་གཞུང་སྤྱི་དང་བྱེ་བྲག་སྙན་ངག་གི་བསྟན་བཅོས་ཐོས་པ་དང་། དེ་ཡི་དོན་བཞིན་སྙན་ངག་སྦྱོར་
པ་ལ་འབད་པ་དག་གིས་ངག་གི་རིག་པ་རབ་ཏུ་བརྟེན་པར་བྱས་ན། དབང་པོ་ཞེན་པ་ཅི་ཞིག་ལྟར་ཡང་ངེས་པར་བློ་དང་བརྩོན་འགྲུས་ཀྱི་རིམ་པ་དང་མཚུངས་པར་སྙན་ངག་སྦྱོར་བའི་སྐལ་བ་བཟང་པོས་རྗེས་སུ་འཛིན་པར་འགྱུར་ཏེ། བློ་གོམས་པའི་རྗེས་སུ་འཇུག་པ་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ཕྱིར་མཁས་པའི་གྲགས་པ་འདོད་པ་རྣམས་ཀྱིས་དུས་རྟག་ཏུ་ནི། སྙོམ་ལས་མེད་པར་ཡོངས་སུ་གོམས་པའི་རིམ་པས་སྙན་པའི་ཉམས་ཀྱིས་མཛེས་པའི་དབྱངས་ཅན་ཏེ་སྙན་ངག་བསྟེན་པར་བྱའོ། །འདིའི་ཤུགས་ཀྱིས་དབྱངས་ཅན་མ་ལྷར་བསྟེན་པའང་བསྟན་ནོ་ཞེས་མཁས་པ་དག་བཞེད་དོ། །དབྱངས་ཅན་ཞེས་པ་ངག་དང་ངག་གི་ལྷ་གཉིས་ཀའི་མིང་ཐུན་མོང་བ་ཡིན་པ། དེ་དང་མཚུངས་པར་མེ་དང་མེ་ལྷ་སོགས་ཀྱི་མིང་ཐུན་མོང་བ་དུ་མའང་ཡོད་དོ། །དབྱངས་ཅན་མ་སྙན་ངག་སྨྲ་བ་རྣམས་ཀྱི་ལྷག་པའི་ལྷ་ཡིན་པས་དེ་བསྟེན་ན་ངག་གི་དབང་ཕྱུག་གྲུབ་པའི་དཔལ་སྩོལ་བར་འགྱུར་རོ། །དེ་ལྟར་སྙན་ངག་གི་གཞུང་ཆུང་ངུ་ལ་ཡང་ངལ་བ་བརྟེན་པར་བྱས་པའི་མི་ནི་མཁས་པའི་འདུན་ས་དག་ཏུ་འདུག་པ་ལ་དབང་བར་འགྱུར་ཏེ། གཞུང་ལུགས་རྒྱ་ཆེན་པོ་སྤྱི་དང་སརྒས་བཅིངས་བ་སོགས་ཀྱི་སྙན་ངག་གི་གཞུང་ཆེན་པོ་ལ་ངལ་བ་བརྟེན་ནས་ཐོས་བསམ་མ་ནུས་ཀྱང་དཔེ་དང་གཟུགས་ཅན་རང་བཞིན་བརྗོད་པ་
སོགས་རྒྱན་འགའ་ཞིག་གི་ལམ་ནས་གཞན་ལ་བསྟོད་པ་སོགས་བྱེད་ནུས་པ་རྣམས་རྒྱལ་པོའི་ཡི་གེ་པ་དང་། འཇིག་རྟེན་ན་སྙན་ངག་གི་ཚིགས་བཅད་རེ་ཟུང་ལེགས་པར་བརྩམས་པ་གཞན་གྱིས་མཐོང་བས་ཀྱང་མཁས་པར་གྲགས་པར་འགྱུར་བ་བཞིན་ནོ། །དེ་ཡང་སྙན་ངག་ལེགས་པར་བསླབས་ན་གསུང་རབ་དགོངས་འགྲེལ་དང་བཅས་པའི་ཁོག་དོན་འགྲོལ་བ་ལ་ངང་གིས་ཕན་ཞིང་། ངག་སྦྱོར་རྩོམ་པ་གོམས་པར་བྱས་པའི་ཤུགས་ཀྱིས་ཚེགས་ཆུང་ངུས་གཞན་གྱིས་བརྩམས་པའི་དོན་ཤེས་ཤིང་། རང་ཉིད་ལེགས་བཤད་རྩོམ་པའི་མཐུ་དང་ལྡན་པར་འགྱུར་བ་ཡིན་ལ། ཚུལ་དེ་ལས་སྐྱེས་པའི་ནང་གི་དགའ་བ་རྒྱུན་ཆགས་སུ་འཕེལ་བའི་ཕྱིར་རིག་ལམ་འདི་ནི་བདུད་རྩིའི་རྒྱ་མཚོ་དྲི་མ་མེད་པ་དང་འདྲ་བར་མཁས་པ་རྣམས་ཀྱི་འཇུག་ངོགས་དམ་པ་ཉིད་དུ་ཤེས་པར་བྱའོ། །མཛད་པ་པོ་སློབ་དཔོན་དབྱུག་པ་ཅན་གྱིས་བྱས་པའི་གཞུང་སྙན་ངག་མེ་ལོང་ལས། སྙན་ངག་སྤྱིའི་གནད་རྒྱ་གར་ལྷོ་ཤར་གྱི་མཁས་པའི་བཞེད་པའི་ལམ་རྣམ་པར་བཅད་པ་སྟེ་ལེའུ་དང་པོའོ།། །།ལེའུ་གཉིས་པ་འདི་ལ་མདོར་བསྟན་རྒྱས་བཤད་མཇུག་བསྡུ་གསུམ་ལས། དང་པོ། སྙན་ངག་མཛེས་པར་བྱེད་པ་ཡི། །ཞེས་པ་ནས། རྒྱན་དུ་སྔོན་གྱི་མཁས་པས་བསྟན། །ཅེས་པའི་བར་གྱིས་བསྟན་པའི་དོན་ནི། སྙན་པ་
ཡི་ངག་གི་ཉམས་འགྱུར་གང་ཞིག་བཅད་ལྷུག་སྤེལ་མའི་ངག་རྒྱུན་གྱི་ལུས་མཛེས་པར་བྱེད་པ་ཡི་ཡོན་ཏན་གྱི་སྒོ་ནས་བརྗོད་བྱའི་ཆོས་རྣམས་གང་ཅི་ཡང་རུང་བ་དེ་དག་གི་རྒྱན་ཞེས་བྱ་བར། རབ་ཏུ་བརྗོད་དེ་དོན་གསལ་བར་བྱེད་པ་དང་མཛེས་པར་བྱེད་པའི་ཕྱིར་རོ། །སྙན་ངག་དེ་ལྟ་བུ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བརྗོད་པའི་ཉམས་འདོན་ཚུལ་གྱི་བསྟན་བཅོས་དཔེ་བརྗོད་དང་བཅས་པས་བསྟན་པ་ཙམ་དུ་མ་ཟད། ད་ལྟའང་བློ་ལྡན་ཚིག་གི་རྣམ་འགྱུར་སྨྲ་བ་ལ་མཁས་པ་སོ་སོའི་རང་རང་གི་རྣམ་པར་རྟོག་པས་ཚིག་གི་ཉམས་འདོན་ཚུལ་དུ་མ་འབྱུང་སྟེ། དེའི་ཕྱིར་དེ་དག་གི་དབྱེ་བ་མ་ལུས་པ་སུས་འཆད་ནུས་ཏེ་མི་ནུས་སོ། །འོ་ན་གཞུང་བརྩམས་པས་ཅི་བྱ་ཞེ་ན། འོན་ཀྱང་སྤྱིའི་རིགས་སམ་གཙོ་བོ་བསྡུས་པའི་སྒོ་ནས་རྒྱན་རྣམས་ཀྱི་ཉམས་འདོན་ཚུལ་གྱི་རྣམ་རྟོག་སྤྲོ་བའི་ས་བོན་ནི། སྔོན་གྱི་སློབ་དཔོན་སྙན་ངག་མཁན་རྣམས་ཀྱིས་བསྟན་ཟིན་པ་དེ་ཉིད་ཀྱི་དོན་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཤིང་གསལ་བར་རབ་ཏུ་ལེགས་པར་སྦྱར་བའི་ཕྱིར། རྒྱན་གྱི་མཚན་ཉིད་རྣམ་པར་དབྱེ་བའི་ཡོངས་སུ་ངལ་བ་འདི་ནི་དབྱུག་པ་ཅན་བདག་གིའོ། །དེ་ལ་ལྷོ་ཤར་གྱི་ལམ་ནི་རྣམ་པར་དབྱེ་བའི་དོན་དུ་སྦྱར་བ་དང་། རབ་དྭངས་སོགས་ཚིག་གི་རྒྱན་འགའ་ཞིག་ནི་སྔར་ཡང་བསྟན་ཟིན་པས། སྐབས་འདིར་ལྷོ་པ་དང་ཤར་པའི་འདོད་
པ་ཐུན་མོང་དག་ཏུ་གྱུར་པའི་རྒྱན་གྱི་ཚོགས་འདི་རབ་ཏུ་བསྟན་པར་བྱའོ། །ཞེས་དམ་བཅས་ནས་བསྟན་བྱ་རྒྱན་གྱི་ཚོགས་རྣམས་མིང་གིས་མདོར་བསྟན་པ། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བརྟགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །ཁྱད་པར་མཚུངས་པར་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །འདི་དག་ཚིག་རྣམས་དག་གི་ནི། །རྒྱན་དུ་སྔོན་གྱི་མཁས་པས་བསྟན། །ཅེས་དོན་རྒྱན་སོ་ལྔ་པོ་འདི་དག་གི་ལམ་དང་ལྡན་པར་བྱས་ན། རྗོད་བྱེད་ཚིག་གི་རྒྱན་དེ་དང་ལྡན་པའི་ཕྱིར་སྙན་ངག་ཅེས་བྱ་བར་འགྱུར་རོ། །གཉིས་པ་ལ་མདོར་བསྟན་གྱི་རིམ་པ་དང་མཚུངས་པར་སུམ་ཅུ་རྩ་ལྔ་ལས། དང་པོ། རང་བཞིན་བརྗོད་པའི་རྒྱན་གྱི་ངོ་བོ་ངོས་བཟུང་། དབྱེ་བ་དཔེ་བརྗོད་ཀྱིས་བསྟན། དེ་དག་གི་དོན་བསྡུ་གསུམ་ལས། དང་པོ་བརྗོད་བྱའི་དངོས་པོ་རྣམས་ཀྱི་རང་བཞིན་གང་ཡིན་པ་དང་། དེའི་གནས་སྐབས་སྣ་ཚོགས་པ་དག་དཔེ་
རྒྱན་སོགས་རྣམ་པ་གཞན་གྱི་སྒོ་ནས་མ་བརྗོད་པར་རང་གི་རང་བཞིན་དངོས་སུ་གསལ་བར་བྱེད་པའི་ངག་དྲང་པོར་བརྗོད་པ་དེ་ནི་རང་བཞིན་བརྗོད་པའམ་རིགས་ཀྱི་རྒྱན་ཞེས་སུའང་བཤད་དེ། དོན་རྒྱན་རྣམས་ཀྱི་ནང་ནས་དང་པོའི་རྒྱན་ཡིན་ཏེ། དཔེར་བརྗོད་ན། ཞེས་སོ། །དེ་ནི་རང་བཞིན་བརྗོད་པ་སྟེ། །དང་པོའི་རྒྱན་ཡིན་རིགས་སོགས་དཔེར། །ཞེས་འགྱུར་སྔ་མར་ཡོད་པ་ལྟར་བཤད་ནའང་ལེགས་པ་ཉིད་དུ་གནས་སོ། །གཉིས་པ་ལ་དབྱེ་བ་བཞི་ལས། དང་པོ་རིགས་ཀྱི་རང་བཞིན་བརྗོད་པའི་རྒྱན་ནི། དཔེར་ན། གང་གི་མཆུ་ནི་ཁ་དོག་དམར་ཞིང་དབྱིབས་གུག་པ་དང་། གཤོག་པ་ལྗང་ཞིང་མཉེན་པ་དང་མགྲིན་པ་ན་དཀར་སྔོ་དམར་བའི་རི་མོ་གསུམ་གྱི་ཕྲེང་བ་ཅན་གྱི་ནེ་ཙོ་འདི་དག་ཚིག་འཇམ་པོའི་སྒྲ་དང་ལྡན་ཞེས་པ་ལྟ་བུ་སྟེ། འདི་རིགས་སམ་རང་བཞིན་ཞེས་པ་དངོས་པོ་དེའི་ངོ་བོ་ཅི་ལྟ་བུ་ཡིན་པ་ལ་གོ་བར་བྱས་ནས་དེ་ཉིད་ཐད་ཀར་དྲང་པོར་སྐབས་ཀྱི་བརྗོད་བྱ་ཉིད་དུ་བྱས་པ་ལ་རིགས་ཀྱི་རང་བཞིན་བརྗོད་པའི་རྒྱན་ཞེས་སོ། །གཉིས་པ་བྱ་བའི་རང་བཞིན་འབའ་ཞིག་བརྗོད་བྱའི་གཙོ་བོར་བྱས་པའི་བྱ་བའི་རང་བཞིན་བརྗོད་པའི་རྒྱན་ནི། གང་གི་མགྲིན་པའི་ནང་ནས་མི་གསལ་བའི་སྒྲ་སྙན་པ་སྒྲོག་ཅིང་། མྱོས་པའི་མིག་ནི་ཕྱོགས་ཀུན་ཏུ་འཕྲུལ་ཞིང་གཡོ་བ་ཡི། ཕུག་རོན་
རྩེ་དགའ་འདོད་པ་དེ་ཉིད་ཀྱིས་རང་གི་དགའ་མ་ལ་ཡོངས་སུ་བསྐོར་ནས་མཆུ་དག་ཕན་ཚུན་སྦྱོར་བར་བྱེད་དོ་ཞེས་པ་ལྟ་བུའོ། །གསུམ་པ་ཡོན་ཏན་གྱི་རང་བཞིན་བརྗོད་པ་ནི། དགའ་མ་ཡི་ནི་ལུས་ཀྱི་རེག་པ་འདིས། འཁྱུད་པ་པོའི་ལུས་ལ་ཆགས་པའི་སྤུ་ལོང་རྒྱས་པ་དང་། ཡིད་ནི་རབ་ཏུ་བདེ་བར་བྱེད་པ་དང་། མིག་དག་ཀྱང་ཟུམ་པར་བྱེད་ཅིང་རེག་བདེ་དེ་ལ་ཡང་ཡང་འདུན་ཞིང་འཇུག་པར་བྱེད་དོ། །འདི་སྐབས་རེག་པ་འདི་ཞེས་སྦྱར་ན། མཇུག་ཏུ་འཇུག་པར་བྱེད་པ་ཞིག་གོ་ཞེས། རེག་པའི་ཡོན་ཏན་བརྗོད་པ་ཡིན་པར་བྱས་ན་བདེ་ལ། རེག་པ་འདིས་ཞེས་བྱེད་ཚིག་སྦྱར་ན་བྱ་བར་འགྱུར་ཟེར་ཡང་བྱེད་ཚིག་གཞུང་ན་དངོས་སུ་ཡོད་ཀྱང་དེའི་བྱ་བའི་རང་བཞིན་བརྗོད་པར་མི་འགྱུར་ཏེ། འདིས་བརྗོད་བྱ་དགའ་མའི་རེག་པ་ཡིན་ལ། རེག་པ་དེའི་ནུས་མཐུས་ལུས་སེམས་སིམ་པ་ཉིད་ཀྱི་ཡོན་ཏན་བརྗོད་བྱའི་གཙོ་བོར་བསྟན་པའི་བརྗོད་ཚུལ་གྱི་སྒོ་ནས། དགའ་མའི་རེག་པའི་ཡོན་ཏན་གྱི་རང་བཞིན་དྲང་པོར་བརྗོད་པར་འགྱུར་བས་འདིའམ་འདིས་ཞེས་གང་ལྟར་བྱས་ཀྱང་གོ་བ་སྒོ་ཡངས་པོར་བྱས་ན་དོན་ལ་འགལ་བ་མེད་དོ། །བཞི་པ་རྫས་བརྗོད་པ་ནི། གང་གི་མགྲིན་པ་སྔོན་པོ་ཡིན་པ་དང་། ལག་ན་ཐོད་པ་ནི་གནས་པ། སྤྱི་བོ་ན་རྒྱ་མཚོ་ལས་བྱུང་བ་ཟླ་ཚེས་ཀྱི་རྣམ་པའི་ཟླ་བའི་ཅོད་པན་དང་། སྣུམ་ཞིང་
མདོག་དམར་བའི་རལ་པ་ཅན། ཕྱག་གཡས་ན་ཁྱུ་མཆོག་གི་མགོ་བོས་མཚན་པའི་རྒྱལ་མཚན་ཅན་འདི་ནི། འཇིག་རྟེན་འདིར་གསལ་བར་གྱུར་པའམ། འགྱུར་ཁ་ཅིག་ཏུ་འཁྲུངས་བར་གྱུར་ཅེས་ཀྱང་བྱས་སོ། །འདིར་བརྗོད་བྱ་དབང་ཕྱུག་ལ་མངའ་བའི་རྫས་མགྲིན་པ་སྔོ་བ་ནས་ཁྱུ་མཆོག་གི་རྒྱལ་མཚན་གྱི་བར་བརྗོད་པ་ཡིན་ལ། མགྲིན་སྔོན་དང་ཁྱུ་མཆོག་གི་རྒྱལ་མཚན་ཅན་ཅེས་རྫས་འདི་དག་གིས་རྫས་ཅན་དབང་ཕྱུག་ཉིད་བརྗོད་པའི་སྐབས་ཀྱང་ཡོད་པས། འདི་རྣམས་རྫས་ཅན་དབང་ཕྱུག་གི་རྫས་ཡིན་པར་གསལ་པོར་རྟོགས་ནུས་སོ། །ཁ་ཅིག་གིས་མགྲིན་སྔོན་དབང་ཕྱུག་ཁྱད་གཞི། གཞན་དེའི་ཁྱད་ཆོས་དང་། ཁ་ཅིག་གིས་ཁྱུ་མཆོག་རྒྱལ་མཚན་དབང་ཕྱུག་ཁྱད་གཞི། གཞན་ཁྱད་ཆོས་སུ་འཆད་ཀྱང་དོན་འདྲའོ། །སྤྱིར་མུ་སྟེགས་པའི་གཞུང་ན་རིགས་དང་བྱ་བ་ཡོན་ཏན་རྫས་ཀྱི་ངོས་འཛིན་དུ་མར་སྣང་ལ། བྱེ་བྲག་བའི་གཞུང་དུ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་ཚིག་གི་དོན་དྲུག་འདོད་པའི་ནང་ཚན་རྫས་ལ་རྟག་པ་དང་མི་རྟག་པའི་རྫས། ཡོན་ཏན་ཉེར་བཞི། ལས་ལྔ། རིགས་སམ་སྤྱི་ལ་ཆེན་པོ་དང་ཆུང་ངུ་སོགས་ཀྱི་ཐ་སྙད་ཡོད་ཀྱང་སྐབས་འདིར་དེ་དང་བསྟུན་མི་དགོས་ལ། སྤྱིར་ནེ་ཙོ་ལྟ་བུ་རིགས་ཅན་དུ་མའི་སྤྱི་མིང་།
རྒྱུའོ་བཅད་དོ་ལྟ་བུ་བྱ་ཚིག སྔོ་དཀར་དམར་སོགས་དང་། བདེ་སྡུག་སོགས་ཡོན་ཏན་གྱི་མིང་ཡིན་ཡང་དེའི་བརྗོད་བྱར་བྱས་པ་ཙམ་གྱིས་དེ་དག་གི་རང་བཞིན་བརྗོད་པའི་རྒྱན་སྐབས་འདིར་བཤད་པ་དེའི་དོན་མ་ཡིན་ཏེ། རིགས་ཀྱི་སྐབས་སུ་ལྗང་མཉེན་དམར་སོགས་ཡོན་ཏན་དང་། བྱ་བའི་སྐབས་སུའང་རིགས་ཀྱི་སྒྲ་ཕུག་རོན་སོགས་བརྗོད་པ་བཞིན་ནོ། །དེས་ན་འདིའི་གོ་བ་ཕྱིན་ཅི་མ་ལོག་པ་ནི། བརྗོད་བྱ་རྣམས་ཀྱི་རང་བཞིན་ཆོས་གང་དང་གང་གི་ཡང་རང་གི་ངོ་བོ། ས་སྲ་བ། ཆུ་གཤེར་བ་སོགས་དང་། ཤིང་ཡལ་ག་ལོ་འདབ་ལྡན་པ་སོགས་རང་གི་མཚན་ཉིད་དམ་རང་བཞིན་ཇི་ལྟ་བུ་ཡིན་པ་སྒྲོ་སྐུར་བྲལ་ཏེ་དྲང་པོར་བརྗོད་པ་ནི་རིགས་བརྗོད་པ་དང་། འགྲོ་བའམ་འཁྲིག་པའམ་སྨྲ་བ་ལྟ་བུའི་བྱ་བ་ཉིད་བརྗོད་བྱར་བྱས་ནས་དེ་དྲང་པོར་བརྗོད་པ་བྱ་བ་བརྗོད་པ། དངོས་པོ་གང་དང་གང་གི་ཡང་མཐུའམ་ནུས་པ་བརྗོད་བྱའི་གཙོ་བོར་བྱས་ཏེ་བརྗོད་ན་ཡོན་ཏན་བརྗོད་པ། གང་ཟག་གང་ལ་ཡོད་པའི་རྫས་བརྗོད་བྱར་བྱས་ནས་བསྟན་ན་རྫས་བརྗོད་པར་འགྱུར་ལ། དེ་དག་སོ་སོའི་རང་བཞིན་དྲང་པོར་བརྗོད་པ་ནི་རང་བཞིན་བརྗོད་པའི་རྒྱན་ནོ། །དེ་ལྟར་ན་བྱ་བ་དང་ཡོན་ཏན་རྫས་ཀྱི་གནས་སྐབས་བརྗོད་བྱའི་གཙོ་བོར་བྱས་པའི་ཚེ་དེ་དང་དེ་བརྗོད་པར་འགྱུར་ཏེ། བྱ་བ་ཅན་ནམ་བྱེད་པ་པོ་དང་བྱ་བ་གཉིས་ལས་བྱ་བ་བརྗོད་བྱའི་གཙོ་བོར་བྱས་པས་བྱ་བ་
བརྗོད་པ། དེ་བཞིན་ཡོན་ཏན་དང་ཡོན་ཏན་ཅན། རྫས་དང་རྫས་ཅན་ལ་ཡང་ཤེས་པར་བྱའོ། །རྫས་དང་བྱ་བ་ཡོན་ཏན་བརྗོད་བྱའི་གཙོ་བོར་མ་བྱས་པར། རྫས་དང་བྱ་བ་ཡོན་ཏན་ཅན་གྱི་དངོས་པོ་དེ་ཉིད་བརྗོད་བྱའི་གཙོ་བོར་བསྟན་ཏེ་དྲང་པོར་བརྗོད་ན་རིགས་བརྗོད་པར་འགྱུར་གྱི་གཞན་དུ་མི་འགྱུར་བའི་ཚུལ་ཤེས་དགོས་ཀྱི། རིགས་བརྗོད་པ་ལ་བྱ་བ་སོགས་གསུམ་པོ་གང་ཡང་འདྲེ་མི་རུང་བ་དང་། བྱ་བ་སོགས་གསུམ་པོ་བརྗོད་པ་ལ་ཆོས་ཅན་རིགས་ཀྱི་སྒྲ་འདྲེ་མི་རུང་བ་ཡིན་ན་དེ་འདྲའི་བརྗོད་བྱ་གང་དུའང་རྙེད་དཀའ་བས། ཆོས་ཆོས་ཅན། ཁྱད་གཞི་ཁྱད་ཆོས་འདི་དག་ཕན་ཚུན་བལྟོས་པ་ཅན་ཡིན་ན་ཡང་སྐབས་སུ་གང་བརྗོད་བྱར་བྱས་པ་དེའི་ལྡོག་ཆ་ནས་རང་བཞིན་བརྗོད་པའི་རྒྱན་བཞི་པོའི་དབྱེ་བར་ཤེས་པར་བྱའོ། །གསུམ་པ་རྒྱན་གྱི་མཇུག་སྡུད་ནི། རིགས་དང་བྱ་བ་དང་ཡོན་ཏན་དང་རྫས་ཀྱི་རང་བཞིན་བརྗོད་པ་ནི་འདི་འདྲ་བ་ཡིན་ནོ། །ཞེས་དང་། ངག་འདི་ལྟ་བུ་ནི་བསྟན་བཅོས་ཆེན་པོ་རྣམས་ལ་རྒྱལ་པོའི་རྒྱལ་སྲིད་ལྟ་བུ་ཉིད་དུ་གྱུར་པ་སྟེ། བསྟན་བཅོས་རྣམས་ཀྱི་བརྗོད་བྱའི་དོན་ཕལ་མོ་ཆེ་རྣམས་ཀྱང་དངོས་པོ་རྣམས་ཀྱི་རིགས་ལ་སོགས་པ་གང་ཡིན་པ་དེ་ཉིད་དྲང་ཞིང་གསལ་པོར་བརྗོད་པ་ཉིད་ཀྱི་སྒོ་ནས་བསྟན་པས་ན་རང་བཞིན་བརྗོད་པ་འདི་འདྲ་བའི་ངག་ནི་གཞུང་ཀུན་ལ་ཁྱབ་ཆེ་ཞིང་ངག་གི་གཞིར་གྱུར་
པའི་ཕྱིར་རོ། །དེས་ན་སྙན་ངག་གི་ལུགས་ལ་ཡང་འདི་དག་རྒྱན་ཐམས་ཅད་ཀྱི་ཐོག་མར་འབྱུང་བའི་རྒྱན་དམ་པར་འདོད་དོ། །ངག་མ་འཁྱོགས་པ་དྲང་པོ། རང་བཞིན་རྣལ་མར་བརྗོད་པ་ནི། ངག་སྤྱིའི་གཉུག་མའི་ངག་ཡིན་པའི་ཕྱིར་རོ། །གཉིས་པ་དཔེ་རྒྱན་ལ་ངོ་བོ། དབྱེ་བ། མཇུག་དོན་གསུམ་ལས། དང་པོ། དཔེ་ཇི་ལྟར་གནས་པ་དེ་དང་དཔེ་ཅན་རྒྱུ་མཚན་འགའ་ཞིག་གི་སྒོ་ནས་ཅི་ཞིག་ལྟར་མཚུངས་པར་གྱུར་པ། དེ་ཉིད་ངག་སྦྱོར་གང་གིས་དངོས་སམ་ཤུགས་ལས་རྟོགས་པར་བྱེད་པ་དེ་ནི་དཔེ་ཡི་རྒྱན་ཞེས་བྱ་སྟེ། དེའི་སྤྲོས་པ་འདི་ནི་བདག་གིས་རབ་ཏུ་བཤད་པར་བྱའོ། །གཉིས་པ་དབྱེ་བའི་རྣམ་གྲངས་དཔེས་བརྗོད་པ་ལ་རྣམ་གྲངས་སོ་གཉིས་ཡོད་པ་ལས། དང་པོའི་དཔེ་ནི། མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུས་སྐྱེས་བཞིན་དུ་ཀུན་ཏུ་དམར། །ཞེས་སམ། སི་ཏུའི་འགྱུར་དུ་ཅུང་ཟད་དམར་ཞེས་གསུངས། ཞེས་པ་ཆོས་དཔེ་ཞེས་བྱ་སྟེ། ཅིའི་ཕྱིར་ན་དངོས་སུ་པདྨ་དང་ལག་མཐིལ་གྱི་མཚུངས་པའི་ཆོས་དམར་མདངས་དག་བསྟན་པའི་ཕྱིར་རོ། །ཁྱོད་ཀྱི་གདོང་ནི་པདྨ་བཞིན། །མིག་དག་ཨུཏྤལ་སྔོན་པོ་བཞིན། །ཞེས་བརྗོད་པ་ཙམ་གྱིས་དེ་དག་འདྲ་ཆོས་གཅིག་པར་རྟོགས་པར་བྱེད་པ་དེ་ནི་དཔེ་དཔེ་ཅན་གྱི་དངོས་པོའི་ཚིག་བཀོད་པས་དངོས་པོའི་དཔེ་ཉིད་དོ། །འདི་གཉིས་གང་རུང་གི་ཚུལ་དུ་
མཚུངས་སྒྲ་དངོས་སུ་ཡོད་པའི་དཔེ་རྒྱན་ཐམས་ཅད་བརྗོད་དགོས་པས་སྤྱི་ལ་ཁྱབ་བྱེད་ཡིན་ནོ། །རྒྱ་ཆེར་རོལ་བ་ལས་ཀྱང་། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟ་བུའོ། །ཁྱོད་ཀྱི་གདོང་བཞིན་དུ་པདྨ་ནི་མཛེས་པ་རྣམ་པར་རྒྱས་པར་གྱུར། ཅེས་པ་དེ་ལྟ་བུ་ནི་འཇིག་རྟེན་ན་པདྨ་སོགས་དཔེར་བྱས་ནས་འགོད་པའི་གྲགས་པ་ལས་བཟློག་ནས་གདོང་དཔེ་དང་པདྨ་དཔེ་ཅན་དུ་བྱས་པའི་ཕྱིར། བཟློག་པའི་དཔེ་ཞེས་བྱ་བར་འདོད་དོ། །ཁྱོད་ཀྱི་གདོང་བཞིན་ཆུ་སྐྱེས་ཏེ། །ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ། །ཞེས་པ། དཔེ་དཔེ་ཅན་ཕན་ཚུན་མཛེས་ཆོས་ཁྱད་འཕགས་ནི་རྗོད་པར་བྱེད་པ་འདི་ཕན་ཚུན་གྱི་དཔེའོ། །སྐབས་འདི་ལ་སོགས་པ་རྐང་པ་ཁ་སྐོང་བའི་ཚིག་གི་ཕྲད་ཀྱི་སྒྲ་སོགས་འགའ་ཞིག་འབྲུ་མ་མནན་པར་དོན་གོ་བདེ་བ་གཙོ་བོར་བྱས་ནས་བཤད་པར་འདོད་དོ། །ཁྱོད་ཞལ་པདྨ་ཉིད་དང་མཚུངས། །གཞན་ནི་འགའ་ཞིག་དང་ཡང་མཚུངས་པ་མིན། །ཅེས་པ་པདྨ་ཁོ་ན་ལས་གདོང་དང་མཚུངས་པ་གཞན་བཟློག་པའི་ཕྱིར་འདི་ནི་དཔེ་གཅིག་ཏུ་ངེས་པ་ཉིད་ཀྱི་དཔེའོ། །རེ་ཞིག་ཁྱོད་གདོང་པདྨ་ཡི། །རྗེས་འགྲོ་གཞན་ཡང་དེ་འདྲ་བ། །གལ་ཏེ་ཡོད་ན་དཔེ་
དེ་བྱེད་པར་འགྱུར་རོ། །ཞེས་པ་འདི་ནི་དཔེ་གཅིག་ཏུ་ངེས་པར་མ་བྱས་པས་ངེས་མེད་ཀྱི་དཔེའོ། །ཁྱོད་གདོང་མཛེས་པ་ཁོ་ན་ཡིས། །ཟླ་བའི་རྗེས་སུ་འགྲོ་མིན་ཏེ། །དགའ་བ་བསྐྱེད་པའི་བྱེད་ལས་ཀྱིས་ཀྱང་ངོ་། །ཞེས་པ། འདི་འདྲ་འདྲ་བའི་ཆོས་གཅིག་གི་སྟེང་དུ་གཞན་ཡང་བསྡུས་པའི་དཔེ་ཡང་ཡོད་དོ། །ཁྱོད་ཀྱི་ཞལ་ནི་ཁྱོད་ཀྱི་ལུས་ཉིད་ལ་མཐོང་གི། ཟླ་བ་འདི་ནི་ནམ་མཁའ་ལ་མཐོང་བ་འདི་ཉིད་ཁོ་ནས་ཐ་དད་དེ། གཞན་འབྱེད་ཆོས་ཅི་ཡང་མེད་ཅེས་འདི་ཆེས་ཁྱད་པར་འཕགས་པའི་དཔེའམ་ཕུལ་བྱུང་གི་དཔེའོ། །མཛེས་མ་དེ་ཡི་བཞིན་གྱི་དཔལ་ང་ཉིད་ལ་ཡོད་ཅེས་ཟླ་བ་ཁྱོད་བསྙེམ་པར་བྱ་མི་དགོས་ཏེ། པདྨ་ལ་ཡང་མཛེས་པ་དེ་ལྟ་བུ་ཡོད་པའི་ཕྱིར་རོ། །ཞེས་པ་འདི་ནི་རབ་བརྟགས་ཀྱི་ཚུལ་དུ་དཔེར་བརྗོད་པས་རབ་བརྟགས་ཀྱི་དཔེའོ། །གལ་ཏེ་མེ་ཏོག་པདྨ་འགའ་ཞིག་ལ་སྨིན་མ་ལེགས་པ་དང་རྣམ་པར་འཕྲུལ་པའི་མིག་དང་ལྡན་པ་ཞིག་ན་མཛེས་མ་ཁྱོད་ཀྱི་བཞིན་གྱི་དཔལ་འཛིན་པར་ནུས་ཏེ། ཞེས་པ་འདི་ནི་དཔེ་ལས་དཔེ་ཅན་རྨད་དུ་བྱུང་བའི་དཔེའོ། །ལུས་ཕྲ་ཁྱོད་གདོང་རི་བོང་ཅན་ཡིན་ནོ་ཞེས་ཀུན་གྱིས་བརྟགས་ཤིང་བརྗོད་པའི་ཕྱིར། ཁྱོད་གདོང་ཡིན་ནོ་སྙམ་པའི་བསམ་པ་ཡིས་ཟླ་བ་ཡི་ཡང་རྗེས་སུ་བདག་གིས་བསྙེགས་ཏེ་སོང་ངོ་། །ཞེས་པ་འདི་དཔེ་ལ་དཔེ་ཅན་དུ་འཁྲུལ་པས་རྨོངས་པའི་དཔེ་རུ་བཤད་
དེ། འཇིག་རྟེན་ན་ཟླ་བའི་གདོང་ཅན་དུ་ཡོངས་སུ་གྲགས་པའི་རྒྱུ་མཚན་ལས་དེ་ལྟར་བརྗོད་པ་ལ་བརྟེན་ནས་འཁྲུལ་པ་སྐད་དུ་སྨྲས་པའོ། །འདི་ན་དཀར་ལ་དམར་བས་མཛེས་པའི་ནང་དུ་གནག་པའི་མདོག་ཅན་གཡོ་བ་འདི། པད་ནང་བུང་བ་འཁོར་རམ་ཅི། །ཁྱོད་གདོང་ལ་མིག་གཡོ་འམ་ཅི། །བདག་གི་སེམས་ནི་རྣམ་པར་གཡོ། །ཞེས་པ་འདི་ནི་ཕན་ཚུན་མཚུངས་ཆེས་པས་ཐེ་ཚོམ་སྐྱེས་པའི་ཚུལ་གྱིས་དཔེར་བརྗོད་པས་ཐེ་ཚོམ་གྱི་དཔེའོ། །ཟླ་བ་སྐྱེངས་པར་བྱེད་པའི་མཛེས་པ་འདི་ནི་ཟླ་བས་ཟུམ་པར་བྱས་ཏེ་ཚར་གཅོད་པའི་པདྨ་མིན་པ་དེ་ཕྱིར་ཁྱོད་ཀྱི་གདོང་ཉིད་དོ། །ཞེས་པ། རྒྱུ་མཚན་ལ་བརྟེན་ནས་ངེས་པ་སྐྱེས་པ་སྐད་དུ་དཔེར་བརྗོད་པ་འདི་ནི་ངེས་པའི་དཔེའོ། །གོང་དུ་ངེས་པ་ཉིད་ཀྱི་དཔེ་ནི་དཔེ་གཅིག་ཏུ་ངེས་པ་ཡིན་ལ། འདི་ངེས་རྙེད་ཀྱི་དཔེ་ཞེས་སྦྱར་ན་མིང་ཐ་དད་དུ་འགྱུར་བས་ལེགས་སོ། །བསིལ་ཟེར་ཅན་གྱི་ཞེས་ཟླ་བའི་དགྲ་ཟླ་ཡིན་ཏེ་དེས་དེ་ཟུམ་པར་བྱེད་པ་དང་། པདྨ་གང་ལས་སྔོན་ལྷ་མོ་དཔལ་མོ་བྱུང་བས་དཔལ་དང་ལྡན་པ་དང་། དྲི་བཟང་དང་ལྡན་པ་དག་གིས་ཁྱོད་ཀྱི་གདོང་ནི་ཆུ་སྐྱེས་བཞིན་ནོ། །ཞེས་པ་དཔེ་དོན་གཉིས་ཆོས་དུ་མས་མཚུངས་པར་སྦྱར་བའི་ཕྱིར་དཔེ་རུ་བཤད་དོ། །འདིར་དཔེ་ཅན་ལ་གདོང་ཟླ་བའི་དགྲ་ཟླ་སྟེ་ཟླ་བ་སྐྱེངས་པར་བྱེད་པ་དང་། མཛེས་པའི་དཔལ་
དང་ལྡན་པ་དང་། ལུས་དང་ཁའི་དབུགས་དྲི་བཟང་བའོ། །དཔེ་དོན་གཉིས་ཀར་གོ་རུང་བ་མཚུངས་པའི་སྒྲ་ཡིས་དེ་གཉིས་ལྷན་ཅིག་བརྗོད་བྱའི་ཕྱིར། དཔེ་དོན་མཉམ་པ་ཉིད་ཀྱི་དཔེ་སྟེ་ཇི་ལྟར་ན། སྐྱེད་ཚལ་གྱི་ཕྲེང་བ་འདི་ནི་བུ་མོ་བཞིན་ནོ། །དེ་ཅིའི་ཕྱིར་ན། དཔེའི་སྐབས་སུ་སཱ་ལ་སྤོས་དཀར། ཀཱ་ན་ན་ནགས་ཏེ། སྤོས་དཀར་གྱི་ནགས་ཀྱི་མཛེས་པ་དང་ལྡན་པར་གོ་ལ། དཔེ་ཅན་གྱི་སྐབས་སུ་ས་བཅས་པའི་དོན་ཅན་དང་། ཨ་ལ་ཀ་ལན་བུ། ཨཱ་ན་ན་གདོང་སྟེ། ལན་བུར་བཅས་པའི་གདོང་མཛེས་ལྡན་ནམ། མཛེས་ལྡན་ལན་བུར་བཅས་པའི་གདོང་ཞེས་པར་འགྱུར་བ་ནི། ཚིག་གཅོད་མཚམས་ཀྱི་དཔེ་དཔེ་ཅན་གཉིས་ཀར་སྒྲ་མཉམ་ཉིད་དུ་སོང་བ་ཙམ་ཡིན་ནོ། །འདི་ལ་ཚིག་གི་སྦྱར་བ་གཅོད་མཚམས་ཀྱི་དབང་གིས་ཐ་དད་དུ་གོ་བ་འབའ་ཞིག་སྦྱར་དགོས་ངེས་མེད་ཅེས་དམ་པ་དག་གིས་གསུངས་ན་ཡང་། ཚིག་གི་སྦྱར་ཚུལ་འདི་འདྲ་མིན་པའི་སྦྱར་བ་གཞན་ནི་སྦྱར་བའི་དཔེ་དང་ཁྱད་མེད་དུ་འགྱུར་བས་གོང་ལྟར་བཤད་དགོས་པར་མངོན་ནོ། །པདྨ་ལ་གེ་སར་སོགས་ཀྱི་རྡུལ་མང་ཞིང་ཟླ་བ་ནི་མར་ངོར་འཛད་པས་ན་གཉིས་པོ་དེ་དག་ལས་ནི་ཁྱོད་ཀྱི་བཞིན། སྤྱིར་མཚུངས་པ་ལ་ཡང་ཁྱོད་ཀྱི་གདོང་ནི་དེ་ལས་ཁྱད་པར་འཕགས་སོ་ཞེས་པ་དཔེ་ལ་སྨད་པའི་དཔེ་རུ་འདོད་དོ། །ཁྱབ་འཇུག་གི་ལྟེ་བའི་པདྨས་
མེས་པོ་ཚངས་པ་ཆེན་པོ་དག་ཀྱང་བསྐྱེད་པར་བྱས་ལ། ཟླ་བ་ནི་དྲག་པོ་དབང་ཕྱུག་ཆེན་པོས་ཀྱང་གཙུག་ན་འཛིན་པ་དེ་དག་དང་ཁྱོད་གདོང་མཚུངས་ཞེས་པ་དེ་ནི་དཔེ་ལ་བསྔགས་པའི་དཔེར་བརྗོད་དོ། །འདི་ལྟར་བརྗོད་པས་ཁྱོད་གདོང་ཡོན་ཏན་ལྡན་ནམ་སྐྱོན་ཅན་དུ་རྟོགས་པར་འགྱུར་ཡང་རུང་སྟེ། ཁྱོད་གདོང་ཟླ་བ་མཚུངས་སོ་ཞེས་པ་ཉིད་བརྗོད་འདོད་བདག་གི་ཡིད་ལ་ཡོད་ཅེས་པ་བརྗོད་འདོད་གཙོ་བོར་བྱས་པས་བརྗོད་འདོད་ཀྱི་དཔེ་ཞེས་སུ་རིག་པར་བྱའོ། །ཟླ་བ་ལའང་དཀར་བ་སོགས་ཀྱི་ཡོན་ཏན་དང་། ནག་པོ་ར་རི་དང་མར་ངོར་འཛད་པ་སོགས་ཀྱི་སྐྱོན་ཡོད་པས་ཁྱོད་གདོང་དང་ཟླ་བ་འདྲ་ཞེས་བརྗོད་ན་བསྟོད་སྨད་ཅི་འགྱུར་མ་ངེས་ཀྱང་ཞེས་སམ། ཡང་ན་ཁྱོད་གདོང་ཟླ་བ་སྐྱེངས་བྱེད་ཡིན་པས་དེ་དཔེར་བྱས་ན་སྨད་པ་དང་། ཁྱོད་གདོང་ཤ་ཡི་ལུས་ཅན་ཟླ་བ་ནོར་བུ་ཆུ་ཤེལ་དང་འདྲ་བར་བྱས་ན་བསྟོད་པར་འགྱུར་བ་གང་དུ་གྱུར་རུང་ཞེས་པ་སྔོན་དུ་བཏང་ནས་བརྗོད་འདོད་ཀྱི་སྒོ་ནས་འདྲ་བ་བརྗོད་པའོ། །འདབ་བརྒྱ་པདྨ་དང་། སྟོན་ཀའི་ཟླ་བ་དང་། ཁྱོད་ཀྱི་གདོང་དང་གསུམ་པོ་ནི་ཕན་ཚུན་རྣམ་པར་འགལ་ཞེས་པ་དེ་ནི་འགལ་བའི་དཔེར་བརྗོད་དོ། །འགལ་བའི་དོན་ཅི་ཡིན་བརྟགས་པ་ན་འདི་གསུམ་མཛེས་པར་གཅིག་ཀྱང་གཟུགས་དབྱིབས་ཀྱི་སྒོ་ནས་འགལ་ཞེས་དང་། ཕན་ཚུན་གཅིག་ལ་གཅིག་འགྲན་
པའམ་གཅིག་ལས་གཅིག་མཚར་གྱི་ཚུལ་དུ་ནང་མི་མཐུན་པ་ལྟ་བུ་སྤྱིར་མཚུངས་པ་ཤུགས་ལ་གོ་བ་ཞིག་དགོས་སོ། །ནག་པོ་ར་རིའི་དྲི་མ་དང་ལྡན་ཞིང་བེམ་པོའི་རང་བཞིན་བླུན་པར་གྱུར་པ་ཟླ་བ་ལ་ནི་ཁྱོད་ཀྱི་གདོང་དང་འགྲན་པའི་ནུས་པ་ནམ་ཡང་མེད། ཅེས་པ་དཔེ་ལ་འགྲན་པའི་ནུས་པ་དགག་པའི་དཔེ་ཉིད་དེ། འགྲན་མི་ནུས་པར་བསྔགས་པའི་ཤུགས་ལས་འདྲ་བར་བསྟན་པའོ། །ཁྱོད་གདོང་རི་དྭགས་མིག་གིས་མཚན། ཟླ་བ་རི་དྭགས་ཀྱི་ལུས་ཉིད་ཀྱིས་མཚན་མོད། དེ་ལྟར་ན་ཡང་འདི་གཉིས་མཚུངས་པ་ཉིད་དུ་འགྱུར་གྱི། ཟླ་བ་ལ་རི་དྭགས་ཀྱི་ལུས་ཡོངས་རྫོགས་ཡོད་པས་ཁྱོད་གདོང་ལས་ཁྱད་འཕགས་སུ་གྱུར་པ་མིན་ཞེས་པ་ངོ་བསྟོད་དམ་མཛེས་པའི་དཔེ་ཞེས་བྱ་སྟེ། རི་དྭགས་ཀྱི་ལུས་དང་ལུས་ཀྱི་ཆ་ཤས་ཡོད་པ་འདྲ་མི་འོས་པ་ལྟ་བུ་ལ་འདྲ་བར་བསྔགས་ཀྱང་མཛེས་པར་གྱུར་པའོ། །དཀར་དམར་མཛེས་པ་འདི་ནི་བཞིན་རས་ཉིད་ཡིན་གྱི། པདྨ་མིན་ལ། གནག་སྣུམ་གཡོ་བ་འདི་དག་བུང་བ་མ་ཡིན་ཏེ། མིག་ཅེས་པ་དཔེ་དོན་གཉིས་རྣམ་པ་ཆེས་གསལ་པོར་མཚུངས་པ་ཤུགས་ཀྱིས་རྟོགས་པ་ལས། གང་ཡིན་བརྟགས་ནས་བརྗོད་པ་དེ་ནི་དོན་དངོས་པོ་བ་དེ་ཉིད་བརྗོད་པའི་དཔེའོ། །འཇིག་རྟེན་འདིར་མཛེས་པའི་མཆོག་ཟླ་བ་དང་པདྨ་དག་གི་ནི་མཛེས་པ་ལས་ཀྱང་འདས་པ་ཁྱོད་ཀྱི་གདོང་ལ་དཔེར་བྱ་བ་གཞན་མེད་པས་བདག་རང་
ཉིད་དང་མཚུངས་པར་འགྱུར་ཞེས་པ་ཐུན་མོང་མིན་པའི་དཔེའོ། །སྙན་ངག་ཆེན་པོ་ནག་མོའི་ཁོལ་གྱི་སྙན་ངག་སྤྲིན་གྱི་ཕོ་ཉ་ལས། འཁྲི་ཤིང་འགའ་ལ་ཡན་ལག་མཛེས་པ་འཇིགས་བཅས་རི་དྭགས་མོ་ལ་མིག་མཛེས་གཡོ་བ་མཐོང་། །འགྲམ་པའི་མཛེས་འོད་རི་བོང་ཅན་ལ་སྐྲ་རྣམས་གཙུག་ཕུད་ཅན་གྱི་མཇུག་སྒྲོའི་ཚོགས་ལ་མཐོང་། །སྨིན་མའི་རོལ་སྒེག་མཛེས་པ་རྣམས་ནི་ཆུ་ཀླུང་རླབས་ཕྲེང་ཕྲ་མོ་རྣམས་ལ་རབ་ཏུ་མཐོང་། །ཨེ་མ་གཅིག་ཏུ་ཚོགས་པ་དང་ལྡན་གཡོན་མིག་ཁྱོད་དང་མཚུངས་པ་འགའ་ཡང་ཡོད་མ་ཡིན། །ཞེས་པ་འདི་མཛེས་མའི་ལུས་ཀྱི་ཆ་ཤས་རེ་རེ་དང་འདྲ་བ་མཐོང་ཡང་ཆ་ཅན་ཉིད་དང་། སྒོ་ཀུན་ནས་འདྲ་བའི་དཔེ་མེད་པར་བསྟན་པས་ཐུན་མིན་ནམ་རྗེས་འགྲོ་མེད་པའི་དཔེར་གཏོགས་མོད་ཀྱི། ཚིག་གི་ཉམས་འགྱུར་བཏོད་ལུགས་མེ་ལོང་མའི་གཞུང་གི་དཔེ་བརྗོད་དང་མི་འདྲ་བ་དག་གི་སྒོ་ནས་དཔེ་ལས་དཔེ་ཅན་རྨད་དུ་བྱུང་བ་དང་བྱུང་མིན་གྱི་དཔེ་སོགས་ཤུགས་ཀྱིས་མཚོན་པའི་ཕྱིར་རྒྱན་འགའ་དང་འགའ་ཡི་ཆ་འདྲེས་པ་འདི་ལྟ་བུ་སྙན་ངག་མཁན་སོ་སོས་བརྗོད་ཚུལ་ཡིན་ཏེ། དེས་མཚོན་ནས་བརྗོད་ཚུལ་གྱི་ཉམས་ཅུང་ཟད་མི་འདྲ་བ་མཐའ་མེད་པ་འོང་བ་ནི། བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བ་ཉིད་ཀྱི་ཁྱད་པར་ཆེ། །ཞེས་སོགས་གསུངས་པ་བཞིན་ནོ། །པདྨ་མཐའ་དག་གི་མཛེས་པའི་སྙིང་པོ་ཀུན་ཕྱོགས་
འགའ་ཞིག་དག་ཏུ་བསྡུས་པ་བཞིན་ཁྱོད་ཀྱི་གདོང་ནི་རྣམ་པར་མཛེས་ཞེས་པ་དེ་ནི་དེ་འདྲའི་དཔེ་སྔར་བྱུང་བ་མེད་པས་བྱུང་མིན་གྱི་དཔེ་ཞེས་སུ་རིག་གོ། བདུད་རྩིའི་རང་བཞིན་ཟླ་བའི་གཟུགས་ལས་དུག་བཞིན་དང་། ཆེས་བསིལ་བ་ཙནྡན་ལས་ནི་དྲོ་བའི་མེ་བཞིན་དུ། ཞལ་འདི་ལས་ནི་རྩུབ་མོའི་ཚིག །ཅེས་པ་འབྱུང་མི་སྲིད་པར་བརྗོད་པའི་དོན་ཅན་ཡིན་པས་སྲིད་པ་མིན་པའི་དཔེའོ། །ཙནྡན་དང་ཆུ་དང་ཟླ་འོད་དང་ཟླ་ཤེལ་དང་སོགས་སྒྲས་ཁ་བ་དང་ལྷོ་ཡི་རླུང་དང་གངས་རི་ལ་སོགས་པ་བཞིན་དུ་ཁྱོད་ཀྱི་ནི་ལུས་ཀྱི་རེག་པ་ཤིན་ཏུ་བསིལ་ཞེས། བསིལ་བ་མཆོག་ཏུ་གྱུར་པའི་ཁྱད་པར་གསལ་བར་བྱེད་པ་མང་པའི་དཔེ་སྟེ་དཔེ་ཅན་གཅིག་ལ་དཔེ་མང་པོ་ལྷན་ཅིག་བཀོད་པའི་ཕྱིར་རོ། །པཎྜི་ཏ་ནག་མོའི་ཁོལ་གྱིས་དབྱངས་ཅན་མའི་བསྟོད་པར། སྟོན་ཟླ་རབ་རྒྱས་ཀུ་མུད་དང་མཚུངས་ཆུ་ཤེལ་གངས་རི་ལྟར་དཀར་བ། །རབ་དཀར་དཀར་གསལ་གཟི་ལྡན་ཡིད་འཕྲོག་ལྷ་མོ་དབྱངས་ཅན་ལ་ཕྱག་འཚལ། །ཞེས་དང་། བྲམ་ཟེ་ཕུར་བུས་དབྱངས་ཅན་མའི་བསྟོད་པར། ཁྱོད་སྐུ་འོ་མའི་མཚོ་འདྲ་ཀུནྡ་ཀུ་མུད་ཟླ་ཚེས་མཚུངས། །ཞེས་གསུངས་པ་ལྟ་བུའོ། །ལུས་ཕྲ་མ་ཁྱོད་ཀྱི་བཞིན་རས་ནི་ཟླ་བའི་དཀྱིལ་འཁོར་ལས་ད་ལྟ་བཏོན་མ་ཐག་པ་བཞིན་དང་མེ་ཏོག་པདྨའི་ནང་ནས་ཕྱུང་བ་བཞིན་ནོ། །ཞེས་པ་འདི་ནི་དཔེ་ཅན་ཉིད་དཔེ་དེ་ཡི་རྣམ་
འགྱུར་ཉིད་དུ་བསྟན་པས་རྣམ་འགྱུར་གྱི་དཔེའོ། །རང་གི་འོད་ཟེར་གྱིས་ཉི་མ་ལ་དཔལ་འཛིན་པ་དང་ཉི་མ་ཡིས་ཉིན་མོའི་དུས་ཀྱི་དང་། ཉིན་གྱིས་ནམ་མཁའ་ལ་ཡིད་དུ་འོང་བའི་དཔལ་འཛིན་པ་བཞིན་དུ་ཕ་རོལ་རྣམ་པར་གནོན་པས་ཀྱང་སྐྱེས་བུ་ཁྱོད་ལ་དཔལ་འཛིན་ནོ། །ཞེས་པ་དེ་ནི་ཕྲེང་བའི་དཔེ་སྟེ། སྔ་མ་སྔ་མ་དཔེ་དང་ཕྱི་མ་ཕྱི་མ་དཔེ་ཅན་གྱི་ཕྲེང་བ་རིམ་པར་བསྟན་པའི་ཕྱིར་རོ། །འདིར་ཚིགས་བཅད་ལ་སོགས་པའི་དཔེ་ཡི་ངག་དོན་གྱིས་ནི་རིམ་བཞིན་གལ་ཏེ་དཔེ་ཅན་གྱི་ངག་དོན་ཉེ་བར་འཇལ་ན་ངག་དོན་གྱི་དཔེ་ཞེས་བྱ་བ་ཡིན་ཏེ། དེ་ལ་ནི་བཞིན་སྒྲ་གཅིག་པ་དང་དུ་མའི་དབྱེ་བས་དེ་རྣམ་པ་གཉིས་སུ་བརྗོད་དོ། །ངག་དོན་ཞེས་པ་དཔེར་ན་ཚིགས་བཅད་གཅིག་གིས་བསྟན་པ་དེ་རྣམས་བརྗོད་བྱའི་དོན་ཚན་གཅིག་བརྗོད་པའི་ངག་རྒྱུན་དུ་འབྲེལ་བ་ལ་ཟེར་བ་ཡིན་ཏེ། ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག ཚིག་དུ་མ་འདུས་པ་ལས་ངག་གི་རྒྱུན་འབྱུང་བའི་ངག་དེའོ། །དང་པོ་ངག་དོན་གྱི་དཔེ་བཞིན་སྒྲ་གཅིག་པ་ནི། ཁྱོད་ཀྱི་གདོང་ལ་མིག་ནི་མི་བརྟན་པར་གཡོ་ཞིང་། སོ་ཡི་འོད་ཟེར་རབ་ཏུ་གསལ་བ་ནི་གཞལ་བྱ་དོན་གྱི་ངག་དོན་ཏེ་དཔེ་ཅན་ནོ། །འདི་ལ་གདོང་དང་མིག་དང་སོ་ཡི་ཚིག་དུ་མ་འདུས་པས་ངག་དོན་དུ་གྱུར་པ་ཡིན་ནོ། །འཇལ་བྱེད་དཔེ་ཡི་ངག་དོན་ནི། འདམ་སྐྱེས་
པདྨ་དང་། དེ་ལ་འཁོར་བ་བུང་བ་ལུས་གཡོ་བ་དང་ལྡན་པ་དང་ནི་མེ་ཏོག་གི་གེ་སར་དག་གིས་མཚོན་པར་བྱེད་པ་བཞིན་དུ་མཛེས་སོ་ཞེས་པའོ། །ཁམས་འགྲེལ་དུ་འདིའི་རྒྱ་སྐད་ཚིགས་བཅད་ཀྱི་གདོང་མིག་སོགས་དཔེ་ཅན་དང་། པདྨ་སོགས་དཔེ་ཐམས་ཅད་དུ་རྣམ་དབྱེ་གཉིས་པ་བྱིན་པ་བཞིན་དུ་དཔེ་དཔེ་ཅན་གཉིས་རྣམ་དབྱེ་གང་རུང་བྱིན་པ་དེར་འདྲ་དགོས་ཞེས་བཤད་འདུག བཞིན་སྒྲ་དུ་མ་ཅན་ནི། པདྨ་ཅན་ཏེ་པདྨའི་ཆུ་བའམ་ཡུ་བ་བཞིན་དུ་ལུས་ཕྲ་མ། པདྨ་བཞིན་དུ་དེ་ཡི་གདོང་། །སྦྲང་རྩི་སྤྱོད་པས་བཞིན་དུ་ནི། །བདག་གིས་ཡང་ཡང་འཐུངས་ཤིང་རྩེས། །ཞེས་རྩེ་བར་བྱས་ཞེས་པའི་དོན་ནོ། །འདིར་ཡང་པདྨའི་ཡུ་བ་དང་ལུས་ཕྲ་མའི་སྐད་དོད་ལ་དྲུག་པ། པདྨ་དང་གདོང་ལ་གཉིས་པ། བདག་དང་སྦྲང་རྩི་སྤྱོད་པའི་མིང་ལ་གསུམ་པ། འཐུང་བའི་སྐད་དོད་ལ་ཨཾ་བྱིན་པའོ་ཞེས་བཤད། བརྗོད་བྱའི་དངོས་པོ་འགའ་ཞིག་སྔོན་དུ་ཉེ་བར་བཀོད་ནས། དེ་ཡི་ཆོས་མཐུན་གྱི་དཔེ་རྗེས་སུ་བཀོད་པ་དེ་ལ་མཚུངས་པ་གསལ་བྱེད་ཀྱི་སྒྲ་སྦྱར་བ་མེད་ཀྱང་དེ་གཉིས་མཉམ་པ་ཉིད་དམ་འདྲ་བ་ཉིད་དུ་རྟོགས་པ་ཅན་དེ་ནི་ཟླ་བོ་དངོས་པོའི་དཔེ་ཡིན་ལ། དེའི་དཔེར། རྒྱལ་པོ་རྣམས་ནི་མང་པོ་ཞིག་སྐྱེས་པར་གྱུར་ཀྱང་། ད་ལྟ་ཡི་རྒྱལ་པོ་ཁྱོད་འདྲ་གཅིག་ཀྱང་མེད། ལྷ་ཤིང་ཡོངས་འདུ་དག་གི་རྐང་འཐུང་ནི་གཅིག་ཁོ་ན་ལས་གཉིས་པ་
ངེས་པར་ཡོད་པ་མ་ཡིན་ནོ། །ཞེས་པ་སྟེ་ལུགས་ཀྱི་བསྟན་བཅོས་ཁ་ཅིག་ལ་དཔེ་བརྗོད་འདིས་བརྩམ་པ་མང་ངོ་། །དཔེ་གང་ཞིག་ཡོན་ཏན་ལྷག་པས་དཔེ་ཅན་དམན་པ་ཡང་དེ་གཉིས་ཀྱི་བྱ་བ་ཡི་ཆོ་ག་གཅིག་ལ་རབ་ཏུ་བསྡུས་ནས་སོ་སོར་མི་འབྱེད་པར་གང་སྨྲས་པ་དེ་ནི་མཚུངས་པར་སྦྱོར་བའི་དཔེ་རུ་བཤད་དེ། དཔེར་ན། ལྷ་མིན་པུ་ལོ་མའི་དགྲ་བརྒྱ་བྱིན་ནི་མཐོ་རིས་ལྷའི་ཡུལ་དང་། རྒྱལ་པོ་ཁྱོད་ནི་ས་སྟེང་གི་ས་རྣམས་སྲུང་བའི་མེལ་ཚེ་བྱེད་ལ། བརྒྱ་བྱིན་དེ་ཡིས་དྲེགས་ལྡན་ལྷ་མིན་དང་། ཁྱོད་ཀྱིས་མི་ཡི་བདག་པོ་དྲེགས་ལྡན་གཞན་འཇོམས་པར་བྱེད་དོ་ཞེས་བརྒྱ་བྱིན་དང་རྒྱལ་པོ་ཡུལ་སྲུང་བ་དང་གཞན་འཇོམས་པའི་བྱ་བ་གཅིག་ལ་བསྡུས་ཏེ་བརྗོད་པས་དེ་གཉིས་འདྲ་བར་བྱས་པ་སྟེ་འདི་ལའང་མཚུངས་པའི་སྒྲ་སྦྱར་མི་དགོས་སོ། །རྒྱལ་པོ་འདི་ཉིད་ལུས་མཛེས་པས་ཟླ་བ་དང་། གཟི་བྱིན་གྱིས་ཉི་མ་དང་། བརྟན་པས་རྒྱ་མཚོའི་རྗེས་སུ་བྱེད་ཅེས་པ་འདི་ནི་མཛེས་པ་སོགས་ཀྱི་རྒྱུའམ་རྒྱུ་མཚན་དེས་དཔེ་དེ་དག་འདྲ་བར་བྱས་པས་ན་རྒྱུ་ཡི་དཔེར་དྲན་པ་སྟེ་ཤེས་སོ། །ཞེས་མཚུངས་ཆོས་རྒྱུ་མཚན་དུ་བྱས་ནས་དཔེ་རྗེས་སུ་བྱས་ཏེ་འདྲ་བར་བརྗོད་ན་རྒྱུ་དཔེ་དང་། དཔེ་སྔོན་དུ་བཀོད་ནས་མཚུངས་སྒྲ་སྦྱར་ཞིང་འདྲ་ཆོས་རྗེས་སུ་བསྟན་ན་ཆོས་དཔེར་འགྱུར་བ་ཡིན་ཏེ་བརྗོད་ཚུལ་གྱི་ཉམས་ཀྱི་ཁྱད་པར་
ཙམ་མོ། །གསུམ་པ་དཔེ་རྒྱན་མཇུག་དོན་ལ། དཔེ་བརྗོད་ཀྱི་སྐྱོན་སྤང་པ། མཚུངས་པ་གསལ་བྱེད་ཀྱི་སྒྲ་བསྟན་པ་གཉིས། དང་པོ། བློ་ལྡན་ངག་རིག་སྨྲ་བ་རྣམས་ཀྱིས་བརྟགས་ན་མི་ལེགས་ཤིང་ཐོས་ན་མི་སྙན་པའི་སྐྱོན་མི་དགྱེས་པ་མེད་པའི་ངག་གང་ལ་ནི། ངེས་པར་དཔེ་ཡི་སྐྱོན་ལྟར་སྣང་བ་དག་ནི་འདི་ལྟར་དཔེ་དཔེ་ཅན་ཐ་དད་པའི་རྟགས་སུ་སྦྱར་བ་དང་། ཚིག་ལ་མང་ཚིག་ཉུང་ཚིག་རྣམ་པ་མི་མཚུངས་པའི་སྐྱོན་མེད་ལ། དཔེ་དཔེ་ཅན་དམན་པ་དང་ལྷག་པ་དག་ཏུ་གྱུར་པ་ཉིད་ལའང་མེད་པ་ཡིན་ནོ། །དེ་དཔེར་ན། དཔེ་དཔེ་ཅན་རྟགས་མཐའ་ཐ་དད་པ། མ་ནིང་འདི་འགྲོ་ཚུལ་བུད་མེད་བཞིན་དུ་འཇམ་མོ། །ཞེས་དང་། བུད་མེད་འདི་གཏམ་སྨྲ་བ་སྐྱེས་པ་བཞིན་ནོ། །མང་ཚིག་ཉུང་ཚིག་མ་མཚུངས་པ་བདག་གི་ད་ལྟའི་གྲོགས་འདི་ཚེ་རབས་དུ་མའི་སྲོག་རྣམས་བཞིན་དུ་སྡུག་ཅིང་ཕངས་སོ། །བརྡ་སྤྲོད་སོགས་ཀྱི་རིག་པ་རྣམས་ནི་བསྒྲུབ་པར་བྱ་བའི་ནོར་བཞིན་དུ་བཙལ་བར་བྱ་བ་ཡིན་ནོ་ཞེས་དཔེ་དཔེ་ཅན་སོ་སོར་ཉུང་ཚིག་དང་མང་ཚིག་སྦྱར་བའོ། །དཔེ་དཔེ་ཅན་དམན་ལྷག་ནི། ས་གཞི་སྐྱོང་བ་མི་ཡི་རྒྱལ་པོ་ཁྱོད་བཞིན་དུ། ལྷ་ཡི་རྒྱལ་པོ་རྣམ་པར་མཛེས་སོ་ཞེས་པ་དཔེ་ཅན་དམན་པ་དང་། ཚ་ཟེར་ཅན་གྱི་ནུས་པ་ལ། །མི་བདག་གཟི་ཡིས་འགོང་བར་ནུས། །ཞེས་དཔེ་ཅན་ལྷག་པའོ་ཞེས་པ་
ལྟ་བུ་ལ་སོགས་པ་རྣམས་དཔེ་དང་དཔེ་ཅན་གཉིས་རྟགས་དང་མང་ཉུང་གི་ཚིག་མི་འདྲ་བ་དང་ཕན་ཚུན་དམན་ལྷག་ཏུ་གྱུར་པ་ལྟར་སྣང་ཡང་སྐྱོན་དེ་དག་གིས་གོས་པ་ཅུང་ཟད་མེད་ཅིང་། ངག་གི་སྐལ་བ་བཟང་པོ་ནམ་ཡང་གཏོང་བ་མིན་པ་ཉིད་དེ་བརྗོད་ཚུལ་ལ་མཁས་པས་སོ། །ངག་གི་རྒྱུན་སྦྱོར་བ་འགའ་ལ་ངག་རིག་པའམ་ཤེས་པ་རྣམས་མི་དགྱེས་པ་ཡོད་པ་ཇི་ལྟར་ན། རྟགས་མི་མཚུངས་པས་རྣ་བར་མི་མཛེས་པ། ངང་མོ་བཞིན་དུ་ཟླ་བ་དཀར། །ཞེས་པ་ལྟ་བུ་དང་། མང་ཚིག་ཉུང་ཚིག་སྦྱར་ཚུལ་མི་ལེགས་པ། མཚོ་རྣམས་བཞིན་དུ་མཁའ་དྲི་མེད། །ཅེས་མཁའ་གཅིག་པུ་དཔེ་ཅན་དེ་དཔེ་མཚོ་རྣམས་ཞེས་སྦྱར་ན་མང་ཉུང་གི་སྒྲ་རྣ་བར་མི་མཛེས་པའི་བག་ཙམ་ཡོད་ལ། དོན་མཚོ་རྣམས་ལ་དྲི་མ་ཡོད་ཅིང་རྙོག་པའང་ཡོད་པས་མི་ལེགས་སོ། །དམན་ལྷག་ནི། ཁྱི་བཞིན་དཔའ་བོ་རྗེ་ལ་གུས། །ཉི་མ་བཞིན་དུ་མེ་ཁྱེར་གསལ། །ཞེས་པ་འདི་འདྲ་སྤངས་ཏེ། མཁས་པ་རྣམས་ཀྱི་ངག་སྦྱོར་བའི་སྐབས་སུ་སྐྱོན་དུ་འགྱུར་མི་འགྱུར་གྱི་རྒྱུ་མཚན་ཕྲ་བ་ཡང་སྙན་ངག་རྩོམ་པའི་སྐབས་འདིར་ནི་བསམ་པར་བྱོས་ཤིག་ཅེས་སོ། །གཉིས་པ་མཚུངས་པ་གསལ་བྱེད་ཀྱི་སྒྲ་བཤད་པ་ནི། བཞིན་དང་ལྟར་དང་ལྟ་བུ་ལ་སོགས་པ་རྣམས་ཏེ། ཞལ་པདྨ་བཞིན། པདྨ་ལྟར་མཛེས། པདྨ་ལྟ་བུའོ། །པདྨ་ཇི་ལྟར་གདོང་ཡང་ངོ་། །པདྨ་
དང་མཐུན་པ་དང་། མཚུངས་པ་དང་ཡང་དག་མཚུངས་པ་དང་། མཉམ་པ་དང་། ཁྱོད་ཀྱི་གདོང་གིས་ཟླ་བའི་མཛེས་པ་ཡང་དག་པར་གསལ་ལོ། །ཞེས་དང་། དེ་བཞིན་ངེས་པར་གསལ་ཞེས་དང་། རབ་ཏུ་གསལ་ཞེས་དང་། ཁྱོད་གདོང་ཟླ་བའི་གཟུགས་ཀྱི་ཟླ་བོའོ། །ཡང་ན་དེ་ཟིལ་གྱིས་གནོན་པའི་གཉེན་པོའོ་ཞེས་བརྗོད་པ་ལྟ་བུ་དང་། དེ་སྐྱེངས་པར་བྱེད་པས་དགྲ་ཟླ་དང་། དེས་དེ་སོ་སོར་རྟོགས་པའམ་ཤེས་པར་བྱེད་པ་དང་། ཡང་ན་དེ་གཉིས་སོ་སོར་རྟོག་ཀྱང་ཟེར་དེ་དང་དེ་ཕན་ཚུན་ཆ་འགའ་ཞིག་གིས་དབྱེར་ཡོད་པས་འགལ་བ་བརྗོད་པ་དང་། དེ་དང་དེ་འདྲ་བ་དང་། དེ་དེ་ལ་བལྟ་བ་གང་དང་བཅས་པ་ནི་མཐོང་པའི་དོན་གྱིས་མངོན་དུ་ཕྱོགས་པའམ་ཉེ་བའི་དོན་ཅན་ཏེ། དཔེར་ན་ཁྱོད་ཞལ་པདྨའི་མདངས་དང་བཅས་ཞེས་བཅས་པའི་སྒྲས་འདྲ་བ་མཚོན་པ་ཡིན་པ་ལ་སོགས་པ་བཞིན་ནོ། །དེས་ན་འགལ་དང་བལྟ་བཅས་ཞེས་པ་འདི་དག་ངག་དོན་བརྗོད་པའི་དོན་གྱིས་འདྲ་བར་གོ་ནུས་ཀྱི། འགལ་དང་བལྟ་བཅས་ཞེས་སྒྲ་རང་སོར་བོས་པས་འདྲ་བ་བོད་སྐད་དུ་གོ་དཀའོ། །འགའ་ཞིག་མཆུ་བིམ་པ་དང་འདྲ་བར་མཐོང་ཞེས་བལྟ་བཅས་ཞེས་པ་འདྲ་བར་མཐོང་ཞེས་བསྒྱུར་བ་ཡོད། དེ་བཞིན་དུ་ཁྱོད་ཀྱི་གདོང་གིས་ཟླ་བའི་མཛེས་པ་བསླུ་ཞེས་པ་ལྟ་བུ་དང་། དེ་དང་དེ་རིགས་མཐུན་པ་དང་། གདོང་གི་མཛེས་པ་པདྨའི་
རྗེས་སུ་སྨྲ་ཞེས་བདག་གིས་སྨྲ་བ་ལ་གོ་བར་བྱ་སྟེ་དཔེ་ཅན་གྱིས་སྨྲ་བ་སྐད་དུ་བྱས་ཀྱང་རབ་བརྟག་དང་འདྲེས་པའི་སྒྲ་མཚུངས་པ་གོ་ཙམ་དུ་རུང་ངོ་། །ཟླ་བའི་གཟུགས་བརྙན་ཁྱོད་ཀྱི་གདོང་། །ཞེས་དང་། ཁྱོད་གདོང་ཟླ་བ་གཅིག་ཏུ་བསྡེབས། །ཞེས་པ་ལྟ་བུས་ཀྱང་འདྲ་བ་གོ་ལ། སོ་སོར་བསྡེབས་ཞེས་པའི་ཉེར་བསྒྱུར་པྲ་ཏིའི་སྒྲ་ནི་དོན་གྱི་དབང་གིས་གོ་བར་བྱ་ཡི། སོ་སོར་ཞེན་ཡང་ཕན་ཚུན་བསྡེབས་པའི་དོན་དུ་གོ་བར་བྱ་ཡི། རྣམ་གྲངས་གཉིས་ཀྱི་སྒྲར་གོ་ན་ཅུང་མི་བདེའོ། །གཟུགས་སམ་རང་བཞིན་མཚུངས་པ་དང་། གཟུགས་མཉམ་པ་ནི་བོད་སྐད་དུ་གཟུགས་ཀྱི་སྒྲས་མཚུངས་སྒྲ་ཁྱད་པར་དུ་བྱས་པ་རྒྱ་སྐད་ས་རཱུ་པ་གཟུགས་བཅས་ཞེས་གོང་གི་བལྟ་བཅས་ལྟར་དོན་གྱི་ངག་ཅན་ནོ། །ཁྱོད་གདོང་གིས་ཟླ་བའི་མཛེས་པ་ཡང་དག་པར་འཇལ་ལོ། །ཡང་དག་སོགས་ཉེར་བསྒྱུར་རྣམས་འོག་མའི་དོན་དེ་ངེས་བཟུང་གི་ཚུལ་གྱིས་སྟོན་པ་ལས་བོད་སྐད་ལ་དེའི་སྒྲ་ལྷག་པོར་བརྗོད་མི་དགོས་པའི་སྐབས་དུ་མ་ཡོད་པ་ཡིན་ནོ། །མཚན་ཉིད་མཐུན། མཚན་ཉིད་འདྲ། མཚན་ཉིད་མཚུངས་ཞེས་པའི་དོན་དུ་བསྒྱུར་ཀྱང་རྒྱ་དཔེར་སྐད་དོད་སོ་སོར་ཡོད་འདུག་གོ། དེ་དེའི་མཐུན་ཕྱོགས་སུ་བྱས་པ་ཞེས་ཟེར་ཀྱང་གདོང་འདི་ཟླ་བའི་ཕྱོགས་སུ་བྱས་ལྟ་བུ་དཔེ་ཅན་དཔེའི་ཕྱོགས་དང་བཅས་པའམ་ཕྱོགས་སུ་སྨྲ་བ་དང་།
ཁྱོད་ཀྱི་གདོང་ལ་ཟླ་བ་དཔེར་བྱས་སོ། །ལྟ་བུ་དང་། མཛེས་པའི་དཔེ་ནི་ཟླ་བའོ་ལྟ་བུ་དང་། ཁྱོད་གདོང་ཟླ་བ་རུ་བདག་གིས་རྟོག་གོ་ཞེས་དང་། དེའི་ཆ་འདྲ་ཉིད་དུ་མཐོང་ངོ་། །བསམ་མོ། །བརྟག་གོ །དམིགས་སོ། །ཞེས་སོགས་དུ་མ་ཞིག་ཀྱང་མཚུངས་པ་གོ་ནུས་པའི་ངག་ཡིན་ནོ། །ཁྱོད་གདོང་ཟླ་བ་ལས་དམན་ཡང་དཀར་པོ་གཞན་ལས་མཆོག་ཅེས་བརྗོད་ཀྱང་སྤྱིར་འདྲ་བར་གོ་བ་དང་། དེ་བཞིན་ཅུང་ཟད་དམན་དང་། སོགས་ཁོངས་ནས། ཤས་ཆེར་འདྲ། ཆ་འདྲ། འདྲ་བ་ཙམ། འདྲ་ལ་ཁད། ཕྱོགས་འདྲ། ཞེས་པ་ལྟ་བུས་སྤྱིར་ཟླ་བ་དང་ཆ་འགའ་ཡིས་འདྲ་བ་གོ་བ་བཞིན་ནོ། །གདོང་གིས་པདྨའི་ངང་ཚུལ་སྨྲ། །ཞེས་དང་། ཁྱོད་ཀྱི་གདོང་དང་ཟླ་བ་ནི། །གནས་ཀྱི་དབང་གིས་སོ་སོར་བཟློག །རིགས་མཐུན་པར་འདྲ་བའམ་མཉམ་པར་བྱས་པའི་སྒྲ་དག་ནི་མཚུངས་སྦྱོར་གྱི་དཔེ་དང་། ཟླ་བོ་དངོས་པོའི་དཔེ་ལྟ་བུ་དེ་དག་མཚུངས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་མེད་ཀྱང་མཚུངས་པར་དོན་གྱིས་གོ་བའི་ངག་དོན་དེ་ནི་མཚུངས་པར་གོ་བྱེད་ཡིན་ནོ། །དེ་བཞིན་ཁྱད་པར་གྱི་དཔེ་དང་། རབ་བརྟགས་ཀྱི་དཔེ་དང་། རྨད་བྱུང་གི་དཔེ་དང་། རྨོངས་པའི་དཔེ་དང་། ཐེ་ཚོམ་གྱི་དཔེ་དང་། ངེས་པའི་དཔེ་དང་། དགག་པའི་དཔེ་དང་། འགལ་བའི་དཔེ་དང་། དེ་ཉིད་བརྗོད་པའི་དཔེ་རྣམས་ལ་མཚུངས་སྒྲ་དངོས་སུ་མེད་ཀྱང་
མཚུངས་པར་གོ་བ་འདི་དག་ངག་དོན་གྱི་དབང་གིས་ཡིན་ནོ། །མཚུངས་སྒྲ་དངོས་སུ་མེད་ན་མཚུངས་པ་གསལ་བྱེད་ཀྱི་སྒྲ་བཤད་པར་སྐབས་སུ་བགྲང་མི་རུང་ངོ་སྙམ་ན། བཞིན་སོགས་མཚུངས་སྒྲ་དངོས་སུ་མེད་ཀྱང་མཚུངས་པར་གོ་ནུས་ཀྱི། ངག་དོན་དེ་མཚུངས་པ་གསལ་བྱེད་ཀྱི་སྒྲར་སོང་བས། མཚུངས་པ་གོ་བར་བྱེད་པའི་སྒྲ་བཤད་པའི་སྐབས་སུ་དེ་བརྗོད་པར་ཆེས་རིགས་ཏེ། གཞུང་འདིར་ཡང་དེ་རྣམས་དངོས་སུ་གསུངས་པ་གང་ཡང་དཔེ་ཅན་དམན་པ་མིན་པའི་དོན་ཅན་གྱི་ཚིག་འབྲུ་མང་པོ་ཡི་ཚིག་སྡུད་དུ་གྱུར་པ་ནི་རི་བོང་མཚན་མའི་གདོང་ཅན་སོགས་ཀྱི་སྒྲ་ཡང་མཚུངས་པ་གསལ་བྱེད་ཡིན་ཏེ། རི་བོང་མཚན་མ་ཅན་ཟླ་བ་དང་འདྲ་བའི་གདོང་པ་ཅན་ལ་བར་གྱི་ཚིག་བསྡུས་ཏེ་ཟླ་བའི་གདོང་ཅན་ཞེས་བརྗོད་ན་ཟླ་བ་དང་འདྲ་བའི་གདོང་བ་ཅན་ཡིན་པར་གོ་ནུས་ཏེ་འདྲ་བའི་ཚིག་མི་དགོས་སོ། །སོགས་ཁོངས་ནས་ཨུཏྤལ་མིག་ཅན་ཁྱབ་འཇུག་གི་སྟོབས་ཅན་སོགས་དེའི་རིགས་ཅན་ཀུན་སྡུད་པ་ཡིན་ནོ། །དེས་གཞན་ཡང་མཚུངས་སྒྲ་དངོས་སུ་མེད་ཀྱང་མཚུངས་པར་གོ་བ་དེ་ལ་འགྲན་ཞེས་དང་། དེ་དེ་ལས་རྒྱལ་ཞེས་དང་། དེ་དེ་ལ་སྡང་ཞེས་དང་། དེས་དེ་ལ་འཁུ་བ་དང་། དེས་དེ་ལ་མི་མཐུན་པར་སྒྲོག་པ་དང་། དེས་དེ་ལ་འཐབ་པ་དང་། དེས་དེ་འཕྱ་བ་དང་། དེས་དེ་སྨ་འབེབས་
བྱེད་པ་དང་། དེས་དེ་ལ་ཅོ་འདྲི་བ་དང་། དེས་དེ་འགོག་པ་དང་། དེས་དེ་ལ་འཕྱ་བའི་རྣམ་པས་དགོད་པ་དང་། ཕྲག་དོག་བྱེད་པ་དང་། དེ་ལ་མི་བཟོད་པ་དང་། དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། དེ་ཡི་མཛེས་པ་ཟུམ་བྱེད་དང་། དེ་དང་འགྲན་ལས་ཚར་གཅོད་དང་ཞེས་པ་རབ་བརྟགས་ཀྱི་རྣམ་པ་དང་འདྲེས་པའི་མཚུངས་པ་གསལ་བྱེད་དོ། །དེ་དང་མཚུངས་ལས་ལྷག་པར་མཛེས་ཞེས་དང་། འཛེགས་ཞེས་དེའི་གོང་དུ་སོང་བར་ཡང་འཆད་དོ། །དེ་ཡི་རྗེས་སུ་རྐང་པ་འཇོག་པ་དང་། དེ་ཡི་ནུས་པ་ལ་འཇུག་པ་དང་། དེ་ཡི་རྗེས་སུ་འགྲོ་བ་དང་། དེ་ཡི་རྗེས་སུ་འཆིང་པ་དང་། དེ་ཡི་དང་ཚུལ་དེ་འགོག་པ་དང་། དེ་ཡི་རྗེས་སུ་བྱེད་ཅེས་པའི། སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །ཞེས་གསུངས་སོ། །འདི་སྐབས་འདྲ་མཚུངས་ཀྱི་སྒྲ་དུ་མ་བྱུང་བ་རྒྱ་སྐད་ལ་སྐད་དོད་སོ་སོར་ཡོད་ཀྱང་བོད་སྐད་ལ་ཟློས་པར་སོང་། ཁ་ཅིག་གཟུགས་མཉམ། མཚན་ཉིད་འདྲ། མཚན་ཉིད་མཚུངས་ཞེས་སྦྱར་བ་ཁམས་འགྲེལ་དུ་བཀག་པར་མཛད། ཁ་ཅིག་བལྟ་དང་བཅས་སོ་སོར་ཕྱེ་པའང་མི་འཐད་གསུངས་པ་སོགས་ཅུང་ཟད་འདྲ་མིན་སྔ་འགྲེལ་རྣམས་སུ་མང་། དམན་དང་ཅུང་ཟད་དམན་སོགས་ཀྱི་སྐད་དོད། དེ་ཤཱ་ཡ་དང་། དེ་ཤྱཱི། གཉིས་རྐྱེན་ཞིག་ཡིན་ཏེ། བོད་སྐད་དུ་དམན་སོགས་སུ་དོན་འགྱུར་བྱས། དཔེ་དམན་
པར་བརྗོད་ན། ཁྱོད་ཀྱི་ཞལ་ལས་ཟླ་བ་དམན་སོགས་བརྗོད་པར་འགྱུར། དཔེ་ཅན་དམན་པར་བརྗོད་ན་འདྲ་བ་ཙམ་གོ་ཡང་ཅུང་ཟད་སྨད་པའི་ཉམས་སུ་འགྲོ་བ་སོགས་བརྗོད་ཚུལ་གྱི་སྤུ་རིས་དུ་མ་འབྱེད་རྒྱུ་ཡོད། དོན་གྱིས་གོ་བར་བྱེད་པའི་སྒྲ་འགའ་ཞིག་གི་དོན་ཇི་བཞིན་མ་གོ་བའི་དེ་ཉིད་ཐད་ཀར་བཀོད་པའི་མཚུངས་པའི་སྒྲའི་དཔེར་བརྗོད་བྱས་པ་རྣམས་སུ་གོ་རྒྱུ་མེད་པ་དུ་མ་འདུག་ཀྱང་། གོང་ལྟར་གོ་བ་བསླང་ན་དོན་མི་གོ་བ་མེད་དོ་ཞེས་པ་བདག་སྨྲའོ། །སྔ་མ་ཕལ་གྱིས་བོད་སྐད་དུ་མི་ཟློས་པའི་འགྱུར་ཚུལ་མ་རྙེད་པས། ཕལ་ཆེར་རྒྱ་སྐད་རང་སོར་བཞག་ཀྱང་སྣར་ཐང་སཾ་གྷ་ཤྲཱིས་ཐམས་ཅད་བོད་སྐད་དུ་བསྒྱུར་ནས་གྲངས་དྲུག་ཅུ་རྩ་ལྔར་བཤད་དེ། དཔེ་དོན་གསལ་བྱེད་ཉེར་གཉིས། འདྲ་དོན་གསལ་བྱེད་བཅོ་བརྒྱད། དཔེ་རྒྱན་གསལ་བྱེད་བཅོ་ལྔ། དེ་ལྟ་བུ་ལ་སོགས་པའི་སྒྲ་བཅུ་ཞེས་སྡེ་ཚན་བཞིར་མཛད་ཀྱང་ད་དུང་ཟློས་པ་ཡོད་ལ། སྡེ་ཚན་བཞིར་རྒྱ་འགྲེལ་ལ་ཡེ་མ་གྲགས་ཤིང་། མི་བཟོད་པ་ཡན་སྡེ་ཚན་གཅིག་དང་། དེ་མན་སྡེ་ཚན་གཅིག་སྟེ་སྡེ་ཚན་གཉིས་སུ་རྒྱ་འགྲེལ་ན་བཤད་ཅེས་ཁམས་འགྲེལ་དབྱངས་ཅན་ངག་གི་རོལ་མཚོར་གསུངས་སོ། །འདི་ཙམ་མཚོན་བྱེད་ཡིན་གྱི། གདོང་པདྨའི་མཛེས་པ་ལས་ལྷག་གམ་རྨད་དུ་བྱུང་བ་དང་། དེའི་ངང་ཚུལ་དུ་གྱུར་པ་དང་། དེ་དང་ཚུལ་གཅིག་པ་
དང་། ཁྱད་མེད་པ་དང་། དེས་དེ་ཟིལ་གྱིས་གནོན་པ་སོགས་ཚིག་གི་སྤུ་རིས་མི་འདྲ་བ་རྣམ་པ་སྣ་ཚོགས་ཀྱིས་ཀྱང་མཚུངས་པ་གོ་བར་ཡོད་དོ། །གསུམ་པ་གཟུགས་ཅན་གྱི་རྒྱན་ལ་མཚན་ཉིད་མདོར་བསྟན། དབྱེ་བ་དཔེས་རྒྱས་པར་བཤད། དཔེ་རྒྱན་དང་ཐུན་མོང་དུ་མཇུག་བསྡུ་བ་གསུམ། དང་པོ་གང་ཞིག་ཆོས་མཚུངས་པར་གྱུར་པའི་དཔེ་དང་དཔེ་ཅན་གཉིས་པོ་ཐ་དད་དུ་བཀོད་ནས་འདྲ་བར་བརྗོད་པ་མ་ཡིན་པར། དཔེ་ཅན་དཔེའི་རྣམ་པར་བཀོད་པས་དེ་གཉིས་ཐ་དད་དུ་སྣང་བ་མིན་པར་དོན་གཅིག་ཏུ་བརྟགས་པ་ཡི་དཔེ་རྒྱན་ཉིད་ནི་གཟུགས་ཅན་གྱི་རྒྱན་ཞེས་སུ་འདོད་དོ། །དཔེ་ཅན་དཔེའི་གཟུགས་སུ་བཀོད་པའི་ཕྱིར་རོ། །གཉིས་པ་ནང་གསེས་ཀྱི་དབྱེ་བ་ཉི་ཤུ་ཡོད་པ་རིམ་པར་བསྟན་པ་ལས། དཔུང་པ་འཁྲི་ཤིང་ལག་པ་ནི། །པདྨ་རྐང་པ་ཡལ་འདབ་བོ། །ཞེས་དཔེ་དཔེ་ཅན་གཉིས་ཀྱི་བར་གྱི་འབྲེལ་སྒྲའམ་རྣམ་དབྱེ་དྲུག་པའི་སྒྲ་བསྡུས་པ་འདི་ལྟ་བུ་དང་། ཡང་ལག་པའི་འཁྲི་ཤིང་སོར་མོ་རྣམས་ཡལ་འདབ། སེན་མོའི་འོད་ཟེར་ནི། མེ་ཏོག་ཏུ་གྱུར་དཔྱིད་ཀྱི་དཔལ། །ཁྱེད་ནི་ངེད་ལ་མངོན་སུམ་རྒྱུ། །ཞེས་པ་འདི་ནི་དྲུག་སྒྲ་མ་བསྡུས་པ་ཡིན་ལ། སྔ་མ་བསྡུས་པའི་གཟུགས་ཅན་ནོ། །གཟུགས་ཅན་གྱི་རྒྱན་ཐམས་ཅད་འདི་གཉིས་དང་གཉིས་ཀ་ཚོགས་པ་གསུམ་པོ་གང་རུང་ལས་མི་འདའ་བས་སྤྱིར་བསྟན་པའོ། །
བཞིན་ཟླ་འཛུམ་པའི་ཟླ་འོད་ཅེས་པ། །གཟུགས་ཅན་བསྡུས་དང་མ་བསྡུས་པའོ། །རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ་ལས། རྣམ་རྟོག་བདག་ཏུ་འཛིན་པའི་དགྲ་ཆེན་པོ། །འདི་ནི་སྒྱུ་བཞིན་དངོས་པོ་མེད་བཞིན་དུ། །ཐོག་མ་མེད་ནས་བདག་ལ་གནས་ནས་ནི། །བདག་གི་ཆོས་སྐུ་ཡིད་བཞིན་རིན་ཆེན་དེ། །གཟོད་མའི་མུ་ནས་དགྲ་ཡིས་བརྐུས་ནས་སུ། །མཚན་མའི་ཚང་ཚིང་གསེབ་ཏུ་སྦས་ནས་བདག །ད་དུང་འཆིང་ཞིང་འཁོར་བར་འཁྱམ་དུ་གཞུག །འཇིག་རྟེན་དགྲས་ནི་བསད་ནས་ནོར་འཕྲོག་ཙམ། །དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས། །དགྲ་འདིས་ཞི་བདེ་ཐར་པའི་སྲོག་ཀྱང་གཅོད། །དེ་བརྟེན་བསོད་ཉམས་འཁོར་བའི་འདམ་དུ་འཆིང་། །ཞེས་དང་། རྣམ་རྟོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་། །དད་པས་སྦྱིན་དང་ཚུལ་ཁྲིམས་མཁར་བརྩིགས་ཏེ། །དགེ་བའི་དཔུང་བྱས་བཟོད་པའི་གོ་གྱོན་ལ། །བརྩོན་འགྲུས་ལྕག་ཐོགས་བསམ་གཏན་གཞུ་བདུད་སྟེ། །བདག་མེད་སྟོང་པའི་མདའ་ཡིས་བདག་འཛིན་བསད། །ཅེས་དང་། རྒྱ་ཆེར་རོལ་པ་ལས་ཀྱང་། འདི་ནི་ས་ཡི་སྙིང་པོ་སྔོན་གྱི་སངས་རྒྱས་གདན་ལ་བཞུགས། །ཞི་གནས་གནམ་རུ་ཐོགས་ཤིང་སྟོང་པ་བདག་མེད་མདའ་རྣམས་ཀྱིས། །ཉོན་མོངས་དགྲ་རྣམས་བཅོམ་སྟེ་ལྟ་བའི་དྲྭ་བ་བྲལ་ནས་སུ། །བྱང་ཆུབ་
དམ་པ་ཞི་བ་རྡུལ་མེད་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པ་ལྟ་བུ་ལ་སོགས་པ་རྣམས་ཀྱང་གཟུགས་ཅན་གྱི་རྒྱན་ཡིན་ན། གང་གི་རྐང་པའི་སོར་མོ་དམར་བའི་འདབ་མའི་ཕྲེང་བ་དང་། སེན་མོའི་འོད་ཀྱི་གེ་སར་ཅན་མི་བདག་ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ནི་ས་སྐྱོང་གཞན་རྣམས་ཀྱི་སྤྱི་བོར་འཛིན་ནོ། །འདིར་སོར་མོ་ལ་སོགས་པ་ཡན་ལག་རྣམས་པདྨའི་ཡན་ལག་དང་། ཡན་ལག་ཅན་རྐང་པའམ་རྐང་པས་དཔེ་ཡི་ཡན་ལག་ཅན་པདྨ་ཉིད་བྱས་ནས་པདྨ་དེ་འོས་པའི་གནས་སུ་ཞེས་སྤྱི་བོའི་ཅོད་པན་ལ་བཀོད་པ་འདི་ནི། ཡན་ལག་དང་ཡན་ལག་ཅན་གཉིས་ཀ་གཟུགས་སུ་བྱས་པས་མཐའ་དག་གཟུགས་ཅན་ཉིད་དོ། །ཀྱེ་གཏུམ་མོ་ཞེས་བོས་ནས་ཁྱོད་གདོང་གི་མཆུ་ཡི་ཡལ་འདབ་གཡོ་ཞིང་རྔུལ་གྱི་ཆུ་ནི་ཐིགས་པ་ཡི་དོག་པ་མུ་ཏིག་འོད་ཅན་འཛིན་ནོ། །ཞེས་རྒྱུ་མེད་གློ་བུར་དུ་ཁྲོས་པའི་རྣམ་འགྱུར་སྟོན་པའི་རྒྱུད་གཏུམ་པ་མ་ལ་བརྗོད་པ་སྐད་དུ་བྱས་པ་སྟེ། འདིར་ནི་རྔུལ་ཆུ་དོག་པ་སྟེ་མེ་ཏོག་གི་གོང་བུ་རྡོག་རྡོག་པོ་མུ་ཏིག་གི་འོད་ཅན་དུ་བྱས། མཆུ་ཡང་ཡལ་འདབ་ཉིད་དུ་བྱས་ཏེ་དེ་ལྟར་ཆ་ཤས་གཉིས་པོ་གཟུགས་སུ་བྱས་ཀྱང་། ཆ་ཤས་ཅན་གདོང་ནི་རྣམ་པ་གཞན་དུ་མ་བྱས་པ་དེ་ཕྱིར་ཆ་ཤས་ཀྱི་གཟུགས་ཅན་ནོ། །གདོང་པའི་འདམ་སྐྱེས་པདྨ་ལས་སྨིན་མ་འཁྱོགས་ཤིང་། རྔུལ་གྱི་ཆུ་ནི་ཟག་པ་དང་། མིག་ཟུང་
དག་ཀུན་ཏུ་དམར་བ་འདི་ནི་འདོད་པས་མྱོས་པའི་གནས་སྐབས་གསལ་པར་བྱེད་པའོ། །འདིར་གདོང་པའི་ཆ་ཤས་སྨིན་མ་སོགས་དཔེ་ཡི་རྣམ་འགྱུར་དུ་མ་བྱས་པར། ཆ་ཤས་ཅན་གདོང་པ་ཉིད་པདྨར་བཀོད་པར་བྱས་པ་དེས་ན་འདི་ཆ་ཤས་ཅན་གྱི་གཟུགས་ཅན་ནོ། །མཛེས་མ་གང་ཞིག་འདོད་པས་མྱོས་པའི་མཁུར་ཚོས་དམར་ཞིང་མིག་གི་ཨུཏྤལ་དམར་པོ་ཅན། ཁྱོད་ཀྱི་གདོང་གིས་རང་དམར་བར་མ་ཟད་སྐྱེ་བོ་ནི། གཞན་འདི་ཡང་ཆགས་པའི་མདངས་དམར་པོའི་རང་བཞིན་དུ་བྱས་སོ། །དེ་ལྟར་ཡན་ལག་གི་གཟུགས་ཅན་གྱི་སྐབས་འདིར་ནི་ཡན་ལག་གཉིས་ཀྱི་གཟུགས་ཅན་དང་། གསུམ་སོགས་ཀྱི་ཡན་ལག་རྣམས་ཀྱང་འདིས་མཚོན་ནས་ཤེས་པའམ་གསལ་བར་བྱེད་པ་འདི་ནི་ཡན་ལག་གཅིག་གི་གཟུགས་ཅན་ནོ། །སྐབས་འདིར་ཡན་ལག་དུ་ཙམ་བཀོད་པའི་ནང་ནས་གཅིག་གཟུགས་སུ་མ་བྱས་པར་བཞག་ནས། གཞན་གཟུགས་སུ་བྱས་ནས་ཡན་ལག་དུ་ཙམ་གཟུགས་སུ་བཀོད་པ་དེའི་གྲངས་ཀྱི་ཡན་ལག་གི་གཟུགས་ཅན་ནོ། །ངག་དོན་དེར་ཡན་ལག་ཡོད་ཚད་གཟུགས་སུ་བཀོད་ན་ཆ་ཤས་གཟུགས་ཅན་དེར་ཁྱད་འབྱེད་མི་ནུས་སོ། །ལྡན་པའི་གཟུགས་ཅན་དང་མི་ལྡན་པའི་གཟུགས་ཅན་ཐ་དད་བྱེད་པའི་དཔེ་བསྟན་པར་བྱའོ། །གང་ཞེ་ན། གདོང་འདི་འཛུམ་པའི་མེ་ཏོག་འོད་འབར་ཞིང་
མི་བརྟན་པར་གཡོ་བའི་མིག་གི་བུང་བ་ཅན་ནོ། །ཞེས་པ། མེ་ཏོག་གི་བུང་བ་དང་འགྲོགས་པས་ན་ཕན་ཚུན་ལྡན་པའི་གཟུགས་ཅན་ནོ། །གདོང་ནི་འཛུམ་ཞིང་རླན་གྱིས་གཤེར་བའི་ཟླ་འོད་དང་། གནག་ཅིང་སྣུམ་པའི་མིག་གི་ཨུཏྤལ་ཅན་ནོ། །ཞེས་པ་ཟླ་འོད་གྱིས་ཨུཏྤལ་ཟུམ་པར་བྱེད་པས་དེ་གཉིས་ལྷན་ཅིག་འགྲོགས་པར་མི་འོས་པས་འོས་མིན་ནམ་མི་ལྡན་པ་ཞེས་པའི་གཟུགས་ཅན་ནོ། །ཡན་ལག་ཅན་ནི་མཐའ་གཅིག་ཏུ་གཟུགས་ཅན་རྐྱང་བརྩེགས་གང་རུང་གི་ཚུལ་དུ་གཟུགས་སུ་བྱས་ནས། ཡན་ལག་རྣམས་གཟུགས་སུ་བྱས་པ་དང་། གཟུགས་སུ་མ་བྱས་པ། འཐེང་འགྲོས་ལྟར་རིམ་པར་སྤེལ་བ་ལ་བརྟེན་པ་མི་མཉམ་པ་ཞེས་པའི་གཟུགས་ཅན་བརྗོད་ཚུལ་མཛེས་པ་ཡིན་ཏེ། དཔེར་བརྗོད་ན། མྱོས་པའི་མཁུར་ཚོས་རབ་དམར་ཞིང་། །སྨིན་མའི་འཁྲི་ཤིང་གར་བྱེད་པ། །ཁྱོད་གདོང་ཟླ་བ་ཡིད་སྲུབ་ཀྱིས། །འཇིག་རྟེན་གསུམ་པོ་གཞོམ་པར་ནུས། །ཞེས་པ་འདིར་སྨིན་མ་དང་གདོང་གཟུགས་ཅན་འཕར་མར་བྱས་པ་ཡིན་ཡང་གཟུགས་སུ་བྱས་པས་ཆོག་གི། འཕར་མ་དེ་དགོས་ངེས་མིན་ལ། གཟུགས་བྱས་མ་བྱས་སྤེལ་མར་བཀོད་ན་ལེགས་སོ། །ཛ་ཧྣུའི་བུ་མོ་ཞེས་པ་ཆུ་བོ་གངྒཱའི་མིང་ངོ་། །དེ་ཆུ་གོས་ཀྱི་གཟུགས་སུ་བཀོད་པ་དེ་ནི་འཕྲོག་བྱེད་ཁྱབ་འཇུག་གི་རྐང་པའི་རྩེར་ལྡན་པའམ་རེག་པ་ཞེས་སོ། །
འགྱུར་འགར་རྩེ་ལ་བཏགས་ཞེས་ཀྱང་འབྱུང་། དེས་ཅིར་འགྱུར་ན། ལྷ་མིན་བཅོམ་ཟིན་པས་དོགས་པ་མེད་ཅིང་ལྷ་རྣམས་མཆོག་ཏུ་དགའ་བའི་དགའ་སྟོན་ཏུ་བསྒྲེང་བའི་རྒྱལ་མཚན་འདི་རྒྱལ་བར་གྱུར་ཅིག ཅེས་པ་འདིར་གང་ཞིག་རྒྱལ་མཚན་གྱི་ཁྱད་པར་ཆུ་གོས་དང་རྐང་པ་ཚོགས་པ་ཡི་གཟུགས་ཀྱི་རྒྱལ་མཚན་འདི་འདྲ་བ་དེ་ནི་ཁྱབ་འཇུག་གི་རྐང་པ་ཏོག་གི་གཟུགས་སུ་མ་བྱས་པ་ལ་བཀོད་དེ་བརྗོད་པ་འདི་ནི་རྐང་པ་ཡོན་ཏན་ཁྱད་པར་འཕགས་པས་ཏོག་གི་གོ་ཆོད་པར་གྱུར་པའི་ཕྱིར། ཁྱད་པར་བཅས་པའི་གཟུགས་ཅན་ནོ། །ཞེས་པ་སི་ཏུས་འགྱུར་བཅོས་མཛད་པ་ལྟར་འབྲུ་མནན་པ་ཡིན་ལ། འགྱུར་སྔ་མ་རྣམས་སུ། ཁྱབ་འཇུག་རྐང་པ་ཛ་ཧྣུ་ཡི། །བུ་མོའི་ཆུ་གོས་རྩེ་ལ་བཏགས། །ཞེས་དང་། གང་ཞིག་ཏོག་གི་ཁྱད་པར་གྱི། །ཚོགས་ཀྱི་གཟུགས་ནི་འདི་འདྲ་བ། །དེ་ནི་རྐང་པ་ལ་བཀོད་དེ། །ཁྱད་པར་དང་བཅས་གཟུགས་ཅན་ནོ། །ཞེས་བྱས་པའང་དོན་འདི་དང་འདྲ་ལ་གོ་བདེའོ། །དོན་ལ་རྒྱལ་མཚན་གྱི་ཏོག་ནོར་བུ་རིན་པོ་ཆེ་སོགས་དང་། དབང་ཕྱུག་གི་རྒྱལ་མཚན་ནི་ཁྱུ་མཆོག་གི་མགོ་བོས་མཚན་པ་དང་། དེ་བཞིན་ཁྱབ་འཇུག་གི་ཁྱུང་དང་། གཞོན་ནུ་གདོང་དྲུག་གི་བྱ་གག་གི་རྒྱལ་མཚན་བདུད་ཀྱི་ཆུ་སྲིན་གྱི་རྒྱལ་མཚན་སོགས་མཚན་མ་ཐ་དད་པ་འཛིན་པ་ཡིན་ལ།
ཏོག་དེ་ཡི་འོག་ཏུ་དར་གྱི་ཤམ་བུ་དང་བཅས་པ་དེ་དག་གཞན་ལས་རྒྱལ་བའི་ཕྱག་མཚན་ཡིན་ནའང་། འདིར་ཁྱབ་འཇུག་གི་རྐང་པ་ཉིད་ཏོག་གི་གཟུགས་སུ་མ་བྱས་པར་ཆུ་གོས་དང་ཚོགས་པའི་ལྷ་རྣམས་རྒྱལ་བའི་རྒྱལ་མཚན་དུ་གྲུབ་པ་ནི་རྒྱལ་མཚན་ཁྱད་པར་ཅན་ནོ། །ཞེས་སོ། །དེ་ཡང་ཁྱབ་འཇུག་གིས་ལྷ་མིན་ཚར་བཅད་དེ་རྣམ་པར་རྒྱལ་བའི་བྱ་དགའ་ལ་ལྷ་ཚངས་པ་ཆེན་པོས་ཆུ་བོ་གངྒཱ་ཞབས་བསིལ་དུ་བྱིན་ཞེས་གྲགས་པའི་གཏམ་རྒྱུད་དང་སྦྱར་བ་སྟེ། དེའི་ཚེ་ལྷ་རྣམས་ལྷ་མིན་གྱིས་འཚེ་བའི་དོགས་པ་མེད་ཅིང་། དགའ་པའི་དགའ་སྟོན་གྱི་རྒྱལ་མཚན་དུ་གྱུར་པའི་རྣམ་པར་བརྗོད་པའོ། །གངྒཱ་ལ་ཛ་ཧྣུའི་བུ་མོར་གྲགས་པའི་གཏམ་རྒྱུ་ནི། སྔོན་རླུང་ཐོབ་དང་། སར་ལྡན་ཞེས་བྱ་བའི་ལྷ་མ་ཡིན་སྤུན་གཉིས་ཡོད་པ་དེས་རླུང་ཐོབ་ཐུག་པོའི་གཟུགས་སུ་བྱས། སར་ལྡན་མིའི་ཆ་ལུགས་བྱས་ནས་བྲམ་ཟེ་དང་དྲང་སྲོང་མགྲོན་དུ་བོས་ཏེ་རླུང་ཐོབ་ཐུག་པའི་གཟུགས་སུ་བྱས་པ་དེ་བཤས་ནས་བསྙེན་བཀུར་ཆེན་པོ་དང་བཅས་ཁ་ཟས་བསྟབ་པ་དེ་རྣམས་ཀྱིས་ཟོས་པ་དང་། སར་ལྡན་གྱིས་ཕྱི་རོལ་ཏུ་སོང་སྟེ། བུ་རླུང་ཐོབ་ག་ན་ཡོད་ཚུར་ཤོག་ཅེས་བོས་པ་དང་། གང་ཟོས་པ་དེ་དག་གིས་དེ་རྣམས་ཀྱི་ལྟོ་བ་བཏོལ་ཏེ་ཕྱིར་བྱུང་ངོ་། །ཚུལ་འདིས་དྲང་སྲོང་དང་བྲམ་ཟེའི་རིགས་རྣམས་ལྷག་མ་ཅུང་ཟད་ལུས་པ་ཙམ་དུ་བྱས་
པས། ལྷ་རྣམས་ཀྱི་མཆོད་སྦྱིན་བྱེད་པ་ཡང་ཟད་པར་གྱུར་ཏོ། །དེ་ནས་ལྷ་རྣམས་འདུས་ནས་དྲང་སྲོང་ཆེན་པོ་ཨ་གསྟྱའི་གནས་སུ་སོང་སྟེ། ལྷ་མིན་དེ་གཉིས་གསད་པའི་དོན་དུ་གསོལ་བ་བཏབ་པ་དང་། ཇི་ཙམ་ན་དེ་གཉིས་ཀྱིས་དེ་ཉིད་མགྲོན་དུ་བོས་པས་དེར་བཟའ་བ་ཟོས་པ་དང་། སར་ལྡན་གྱི་བུ་རླུང་ཐོབ་ཅེས་སོགས་སྔ་མ་ལྟར་བོས་པ་ན་དྲང་སྲོང་གིས་སྒྲེགས་པ་ཞིག་བཏོན་ཏེ། དེ་ནི་ངས་ཞུ་བ་བྱས་ཟིན་ཏོ་ཞེས་སྨྲས་པས་སར་ལྡན་ཁྲོ་བས་འཁྲུགས་པ་དང་དེ་ཡང་མངོན་སུམ་ཟོས་སོ། །ཇི་ཙམ་ན་ཨ་གསྟྱ་སྐོམ་པས། གླིང་འདིའི་མཚོ་དང་རྫིང་བུ་ཐམས་ཅད་འཐུངས་ཀྱང་མ་ངོམས་ནས་རྒྱ་མཚོ་ཆེན་པོ་འཐུངས་སོ། །དེ་ཚེ་རྒྱ་མཚོའམ་དུག་ཅན་པ་ཞེས་པའི་རྒྱལ་པོ་ཞིག་ལ་ཆུང་མ་གཉིས་ཡོད་པ་ལས། གཅིག་ལ་འཆོལ་བ་ཞེས་པའི་བུ་ཞིག་ཡོད་ལ། ཅིག་ཤོས་ལས་ལྷ་ཆེན་པོ་ལས་མཆོག་ཐོབ་པའི་བུ་དྲུག་ཁྲི་ཡོད་པར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་དེས་རྟའི་ཚིལ་ཞེས་བྱ་བའི་མཆོད་སྦྱིན་བྱེད་པར་བརྩམས་ནས་སྡོམ་པ་བླངས་ཏེ། མཆོད་སྡོང་ལ་འདོགས་པའི་རྟ་བསགས་ཤིང་། མེ་ཐབ་ཀྱི་ཁ་ཁྱེར་སོགས་བྱས། རྟ་དེ་དག་བསྲུང་ཕྱིར་གོ་མཚོན་དང་བཅས་པའི་བུ་དྲུག་ཁྲི་པོ་བཞག་གོ། དེ་ཙམ་ན་ཁྱབ་འཇུག་གིས་བསམ་པ་འདི་ལྟར་རྒྱ་མཚོ་ཆེན་པོར་
སྐམ་པ་འདི་ཐབས་གང་གིས་དགང་སྙམ་པ་དང་། དུག་ཅན་པའི་མཆོད་སྦྱིན་གྱི་རྟ་རྣམས་བརྐུས་ན་དོན་འགྲུབ་པར་རིག་ནས། རྟ་དེ་རྣམས་བླངས་ནས་ས་འོག་ཏུ་ཞུགས་པ་བུ་རྣམས་ཀྱིས་ཐོས་པས་རྒྱ་མཚོ་སྐམ་པའི་ས་འོག་ཏུ་ཞུགས་པ་དང་། ཁྱབ་འཇུག་དྲང་སྲོང་སེར་སྐྱའི་ཆ་ལུགས་འཛིན་པ་སེང་གེའི་ཁྲི་ལ་འདུག་པའི་གན་ན་རྟ་དེ་ཀུན་ཡོད་པར་མཐོང་བ་ན། རྟ་རྣམས་འདིས་ཕྲོག་གོ་སྙམ་དུ་ཁྲོས་ཤིང་ཁྱབ་འཇུག་ལ་བརྙས་པའི་ཚུལ་གྱིས་རྟ་རྣམས་ཕྱིར་འཁྱེར་བར་བརྩམ་པ་དང་། ཁྱབ་འཇུག་གིས་རང་ལ་བརྙས་པར་ཤེས་ནས་ཁྲོས་པའི་མིག་གིས་བལྟས་པས་བུ་དེ་ཐམས་ཅད་བསྲེགས་པས་ཐལ་བར་བྱས། དེ་དག་ཤི་ནས་དམྱལ་བར་སྐྱེས་པ་དང་། རྒྱལ་པོ་དུག་ཅན་པས་ཇི་ལྟར་བྱུང་བ་དེ་ལྟ་བུ་ཐོས་པས་རྟ་རྣམས་ཕྱིར་བླང་བའི་ཕྱིར་བུ་འཆོལ་བ་བཏང་བ་དེས་ཁྱབ་འཇུག་བསྟོད་པ་སོགས་མཆོད་པས་མགུ་བར་བྱས་ནས་རྟ་རྣམས་བླངས་ཏེ་སླར་རང་གི་གྲོང་དུ་འོང་བ་དང་མཆོད་སྦྱིན་ཡང་བྱས་སོ། །རྒྱལ་པོ་དུག་ཅན་པ་ཚེ་འཕོས་ནས་ལྷའི་གནས་སུ་སྐྱེས། འཆོལ་བར་རྒྱལ་པོར་གྱུར། དེའི་བུ་མྱུར་བ་ཞེས་པས་རྒྱལ་སྲིད་ལ་དབང་བསྒྱུར་ཚེ་བདག་གི་ཐུ་བོ་རྣམས་རྒྱུ་འདིས་དམྱལ་བར་སྐྱེས་ཞེས་ཐོས་ཀྱི། དེ་རྣམས་ཀྱི་དོན་ཕ་འཆོལ་བ་དང་མེས་པོ་དུག་ཅན་པ་དག་གིས་མ་བྱས་
པས་བདག་གིས་བྱའོ་ཞེས་ལྷའི་ཆུ་བོ་གངྒཱ་དབབ་པའི་ཕྱིར་ལྷའི་ལོ་སུམ་ཁྲིའི་བར་དཀའ་ཐུབ་སྤྱད་ཀྱང་དབབ་མ་ནུས་སོ། །དེའི་བུ་ལི་པ་ཞེས་བྱ་བས་ཀྱང་དེའི་དོན་དུ་ལྷའི་ལོ་སུམ་ཁྲིའི་བར་དཀའ་ཐུབ་བྱས་ཀྱང་དབབ་མ་ནུས་ནས་འདས་སོ། །དེའི་བུ་བྷ་གོ་ར་ཐ་སྟེ་སྐལ་ལྡན་ཤིང་རྟ་ཞེས་བྱ་བས་དཀའ་ཐུབ་ཆེན་པོས་ཚངས་པ་མགུ་བར་བྱས་པ་དང་། ཚངས་པས་དེ་ལ་མཆོག་བྱིན་པ་ཅི་ནས་ངའི་མིའི་འཇིག་རྟེན་དུ་གངྒཱ་འབབ་པ་དེ་ལྟར་བྱའོ་ཞེས་སྨྲས་ནས། ཚངས་པ་ཆེན་པོས་ཆུ་བོ་གངྒཱ་ལ་ཁྱོད་མི་ཡི་ཡུལ་དུ་འབབ་པར་གྱིས་ཞེས་སྨྲས་པའི་ཚེ་དེས་ཤིན་ཏུ་སྨྲེ་སྔགས་བཏོན་ཏེ་དེར་སོང་ན་ཀུན་གྱི་ཐུན་མོང་དུ་གྱུར་ནས་རིགས་ངན་སོགས་ཀྱིས་ཀྱང་བརྟེན་པར་གྱུར་ན་ཇི་ལྟར་བྱ། མེས་པོའི་བཀའ་ལས་འདའ་བྱའང་མ་ཡིན་ནོ། །འོན་ཀྱང་ཤུགས་ཆེན་པོས་སོང་སྟེ་ས་འོག་ཏུ་ཞུགས་པར་བྱ་སྙམ་པ་དང་། ཚངས་པས་དེ་ལ་ཅི་ཁྱོད་མིའི་འཇིག་རྟེན་དུ་དག་བྱེད་ཀྱི་བྱ་བ་མ་བྱས་པར་ས་འོག་ཏུ་འབབ་པར་བྱེད་དམ་ཞེས་ཚར་བཅད་ནས། ལྷ་ཆེན་པོས་རང་གི་རལ་བའི་ནང་དུ་བཞག དེ་ནས་ཕྱིར་འབྱུང་བ་ལ་ལྷའི་ལོ་སྟོང་དུ་འཁོར་ཞིང་བབ་ཀྱང་མཐའ་མ་རྙེད་དོ། །དེ་ནས་སྐལ་ལྡན་ཤིང་རྟས་དཀའ་ཐུབ་ཀྱིས་ལྷ་ཆེན་པོ་མགུ་བར་བྱས་ནས་རལ་པ་བཙིར་བ་དང་། རི་ཏི་སེར་ཐིགས་པ་གཅིག་བབ་
པ་ལས་སྐད་ཅིག་ལ་མཚོ་ཆེན་པོ་གཅིག་ཏུ་གྱུར། དེང་སང་ནི་དེ་ཐིགས་པ་བདུན་དུ་གྱུར་ནས། སཱི་ཏཱ་དང་། སིནྡྷུ་དང་། པཀྵུ་དང་། གངྒཱ་དང་། འཇིག་རྟེན་རྒྱན་དང་། རྒལ་དང་ཚིམ་པ་ཉིད་དང་། ན་ལི་ནི་ཞེས་བྱ་བར་གྲགས་སོ། །ཇི་ཙམ་ན་གངྒཱ་དེས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་འདའ་བར་བྱའོ་སྙམ་དུ་དྲེགས་པ་དང་བཅས་ཏེ། རི་ཁ་བ་ཅན་ཕུག་ནས་དེ་དག་གི་ཡུལ་དུ་བདེ་བར་བབ་པ་ལས། དེའི་ཚེ་དྲང་སྲོང་ཛ་ཧྣུ་ཞེས་པ་དཀའ་ཐུབ་དྲག་པོ་ཅན་ཁ་བ་ཅན་གྱི་རིའི་སུལ་དེར་རྣལ་འབྱོར་སྒོམ་པ་ཞིག་ཡོད་པ་དེས། གངྒཱ་དེ་ལྟར་ཅ་ཅོའི་སྒྲ་སྒྲོག་ཅིང་སྒེག་པས་དལ་འབབ་བྱེད་པ་མཐོང་ནས་ཁྲོས་ཏེ་སྨྲས་པ། ང་ཡི་གནས་དང་ཉེ་བ་འདིར། །བུད་མེད་འདི་ནི་སྒེག་པ་ཡིས། །འཛེམ་པ་མེད་པར་ཅི་ཕྱིར་འགྲོ། སྤྱོད་ངན་སྡིག་པ་ཆེན་པོ་ཡིན། །ཞེས་སྨྲས་ཏེ་གངྒཱ་བླངས་ནས་འཐུངས་སོ། །སླར་ཡང་བྷ་གོ་ར་ཐས་དྲང་སྲོང་དེ་དཀའ་ཐུབ་ཀྱིས་མཉེས་པར་བྱས་པས་གངྒཱ་སླར་སྐྱུགས་པར་བྱས་པས་གངྒཱ་དེ་དེ་ནས་བྱུང་སྟེ་གེགས་མེད་པར་ཕྱོགས་བཞིར་སོང་བས་ས་འོག་གང་བར་བྱས་ནས་དུག་ཅན་གྱི་བུ་དང་འབྲེལ་བའི་གནས་སྐབས་ཀྱི་ཕུང་པོ་ལྷག་མ་རྣམས་རྣམ་པར་བཀྲུས་སོ། །དེ་ནས་དེ་རྣམས་དམྱལ་བ་ལས་འཕོས་ཏེ་མཐོ་རིས་སུ་སྐྱེས་ཞེས་གྲགས་སོ། །རྒྱུ་མཚན་དེའི་གངྒཱ་ལ་
ཛ་ཧྣུའི་བུ་མོར་འབོད་པ་བྱུང་། ཆུ་ཡི་རིགས་རྣམས་བུད་མེད་ཀྱི་རྟགས་ཅན་དུ་གྲགས་པ་ཡིན་ནོ། །དྲང་སྲོང་ཨ་གསྟྱ་འདིས་སྔོན་དུས་སུ་རི་འབིགས་བྱེད་ཅེས་བྱ་བ་ཤིན་ཏུ་མཐོ་བས་ཉི་མ་བསྒྲིབ་པ་དེ་བསྒྱེལ་ནས་རྩ་བ་ནུབ་བྱང་གི་ཕྱོགས་དང་། རྩེ་མོ་ཤར་ལྷོར་བསྟན་ནས་བཞག་པས། འདིས་མིང་ལ་ཨ་གསྟྱ་རི་འདོར་རམ། རི་བསྒྱེལ་ལམ། རི་བྱི་ཞེས་གྲགས་ཏེ། ཨ་ག་རི། ཏ་ཛ་འདོར་སོགས་སྒྲ་སྒྲུབ་ཚུལ་དུ་མ་སྣང་ངོ་། །རྀ་ཥི་ཞེས་པ་དྲང་སྲོང་སྤྱི་མིང་ཡིན་ལ། ད་ལྟ་སྨན་ཆར་འབབ་པའི་དྲང་སྲོང་ནི་རི་བྱི་དེ་ཡིན་པར་བཤད། སྤྱིར་བོད་ཡུལ་གྱི་རྒྱལ་མཚན་རྣམས་རྒྱ་ནག་གི་ལུགས་ཡིན། རྒྱ་གར་བས་དབྱུག་པའི་རྩེ་མོར་དར་བཏགས་ནས་ཕྱར་བ་ལ་རྒྱལ་མཚན་དུ་གྲགས་ཞེས་ཁམས་འགྲེལ་སོགས་སུ་བཤད། པདྨ་རྣམས་ནི་མི་ཟུམ་ཞིང་། །ནམ་མཁའ་ལ་ཡང་མི་འགྲོ་བ། །ཁྱོད་གདོང་ཟླ་བ་བདག་གི་ནི། །སྲོག་རྣམས་འཕྲོག་པ་ཉིད་དུ་བལྟའམ་མཐོང་ངོ་། །འདི་ལྟར་ཟླ་བའི་བྱ་བ་པདྨ་ཟུམ་པ་དང་མཁའ་ལ་འགྲོ་བ་བྱ་བ་མིན་པ་དང་། མཚོན་ཆ་སོགས་གཞན་གྱི་བྱ་བ་སྲོག་འཕྲོག་པ་དག་གདོང་གི་ཟླ་བ་འདིར་ཡང་དག་བསྟན་ཏེ། དེའི་ཕྱིར་བྱ་བ་འགལ་བ་ཞེས་བྱའི་གཟུགས་ཅན་ནོ། །ཁྱོད་ནི་ཟབ་པས་རྒྱ་མཚོ་དང་། །བརླིང་པ་ཉིད་ཀྱིས་རི་བོ་ཡིན། །འཇིག་རྟེན་རྣམས་ལ་འདོད་པ་ནི། །སྟེར་ཕྱིར་
དཔག་བསམ་རྐང་འཐུང་ངོ་། །ཞེས་རྐང་པས་འཐུང་བ་ཤིང་གི་མིང་ངོ་། །འདིར་ནི་ཟབ་པ་ལ་སོགས་པའི། །རྒྱུ་རྣམས་དག་གིས་རྒྱ་མཚོ་རི། །དཔག་བསམ་ཤིང་དུའང་བྱེད་པས་ན། །འདི་ནི་རྒྱུ་ཡི་གཟུགས་ཅན་ནོ། །གྲོགས་མོ་ཁྱོད་ཀྱི་གདོང་གི་པདྨ་འདི། རཱ་ཛ་ཞེས་པ་རྒྱལ་པོ་དང་། ཧཾ་ས་ཞེས་པ་ངང་པ་དང་མཆོག་གཉིས་ལ་འཇུག་པས་དཔེ་ཅན་ལྟར་ན་རྒྱལ་པོ་མཆོག་གིས་ཉེར་སྤྱད་དུ་འོས་པ་དང་། དཔེ་པདྨ་ལ་ངང་པའི་རྒྱལ་པོས་ཉེར་སྤྱད་འོས་ཞེས་སྒྲ་ཡི་སྒོ་ནས་སྦྱར་བའོ། །ངང་པ་ལུས་དཀར་ཞིང་རྐང་པ་དང་མཆུ་དམར་བ་ངང་པའི་རྒྱལ་པོ་ཞེས་པས་མ་ར་ཀོ་ཥར་བཤད། དཔེ་དཔེ་ཅན་གཉིས་ཀའང་དྲི་ཞིམ་པས་བུང་བས་དོན་དུ་གཉེར་ཞིང་དེ་ལ་འཁོར་བར་འོས་སོ་ཞེས་དོན་སྦྱར་བ་སྟེ། ཞེས་པ་འདི་ཉིད་གཟུགས་དང་གཟུགས་ཅན་གཉིས་ཀའི་ཆོས་དགྲ་གཅིག་གིས་སྦྱར་བས་སྦྱར་བའི་གཟུགས་ཅན་ནོ། །འདི་དང་ཚུལ་མཚུངས་པ་མངོན་བརྗོད་འཆི་མེད་མཛོད་ཀྱི་མཆོད་བརྗོད་དུ། གང་གི་གཏིང་མི་དཔོག་པ་མཁྱེན་བརྩེ་ཡི། །རྒྱ་མཚོ་སྐྱོན་མེད་ཡོན་ཏན་མི་ཟད་པ། །དེ་ནི་དཔལ་དང་བདུད་རྩིའི་ཆེད་དུ་ཡང་། །བློ་ལྡན་རྣམས་ཀྱིས་བརྟེན་པར་བྱ་བ་ཡིན། །ཞེས་གསུངས་སོ། །གཙོ་བོ་དཔེ་ཡི་དངོས་པོ་དང་ནི་ཕལ་བ་དེར་བཏགས་པས་དཔེ་ཅན་ལ་དེ་གཉིས་ཆོས་མཐུན་པར་བརྗོད་པ་དང་། སླར་ཆོས་མི་
མཐུན་པ་མཐོང་བས་གོང་ལས་བཟློག་པས་ནི་རིམ་བཞིན་དཔེ་དང་ལྡོག་པ་ཅན་ཞེས་པའི་གཟུགས་ཅན་གྱི་རྒྱན་རྣམ་པ་གཉིས་འདོད་དེ། དཔེར་བརྗོད་ན། གདོང་དཀར་པོ་གང་ལ་ཆགས་པས་མྱོས་པས་ཀུན་ཏུ་དམར་བ་ཡིས་བཀབ་པ་བཞིན་རས་ཀྱི་ཟླ་བ་འདི། ཉི་མ་འཆར་ཀའི་དམར་བ་ཡི་འོད་ཀྱིས་བཀབ་བས་ཡིད་འོང་ཕུན་སུམ་ཚོགས་པའི་ཟླ་བ་ལ་ནི་རབ་ཏུ་འགྲན་ཞེས་པ་དཔེ་ཡི་གཟུགས་ཅན་ནོ། །ནམ་མཁའི་ལྷ་རྣམས་ཀྱིས་ཟླ་བ་བདུད་རྩིའི་རང་བཞིན་ཅན་འདི་ལ་ལོངས་སྤྱོད་དེ་འཐུངས་སོ། །བདག་གིས་ཁྱོད་གདོང་ཟླ་བ་ཡི་མཛེས་པ་ངོམས་པ་མེད་པར་འཐུངས་ལ། གཙོ་བོ་ནམ་མཁའི་ཟླ་བ་འདི་ནི། རྟག་ཏུ་དཀྱིལ་འཁོར་ཉ་གང་བ་མ་ཡིན་ཡང་། གདོང་གི་ཟླ་བ་འདི་ནི་རྟག་ཏུ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྟེ་ཆ་ཡིས་འགྲིབ་པ་མེད་དོ་ཞེས་པ་ནི། གཙོ་ཕལ་གྱི་ཟླ་བ་དེ་དག་ཆ་ཡོངས་སུ་གང་བ་ཡིན་མིན་མི་མཐུན་པ་བརྗོད་པའི་སྒོ་ནས་ཕན་ཚུན་གཅིག་ལ་གཅིག་ལྡོག་པར་བསྟན་པས་ལྡོག་པའི་གཟུགས་ཅན་ནོ། །མཛེས་མ་ཁྱོད་གདོང་ཟླ་བ་ནི། འདི་ལྟར་གཞན་དག་ཆགས་གདུང་གིས་སྲེག་པར་བྱེད་པས་ཟླ་བ་ཉིད་དུ་བརྗོད་པར་བྱ་བ་མིན་ནོ་ཞེས་པ་དེ་ནི་གདོང་གི་ཟླ་བ་ལ་སྨད་པའི་གཟུགས་ཅན་ནོ། །མཛེས་པས་གཞན་ཡིད་གདུང་བ་བསྐྱེད་པ་ལ་གཏུམ་
མོ་ཞེས་བོས་ནས། ཁྱོད་གདོང་ཟླ་བས་ཀྱང་བརྩེ་བ་མེད་པར་བདག་ཆགས་པའི་མེས་བསྲེགས་པ་འདི་ནི། ཟླ་བ་བསིལ་ཞིང་དགའ་བ་སྐྱེད་འོས་ཀྱི་བྱ་བ་མིན་པར་མ་ཟད། བདག་རང་ཉིད་ཀྱི་ཆགས་སོགས་སྐལ་བ་ངན་པ་ཉིད་ཀྱི་སྐྱོན་ཡང་ཡིན་ནོ། །ཞེས་པ་འདི་ཟླ་བ་ལ་སྨད་པ་ཁོ་ནར་མ་ཟད་དེའི་ཡུལ་ཅན་རང་ཉིད་ལའང་སྨད་པས། ཡུལ་ཡུལ་ཅན་གཉིས་ཀར་སྐྱོན་མཉམ་དུ་འཇོག་པའི་གཟུགས་ཅན་ནོ། །ཁྱོད་གདོང་འདམ་སྐྱེས་པདྨ་དང་། དེ་སླར་ཡང་དོ་ར་ཞེས་གར་བྱེད་པའི་ས་གཞིའི་གཟུགས་སུ་བཀོད། སྨིན་མའི་འཁྲི་ཤིང་དང་དེ་སླར་ཡང་གར་མཁན་མའི་གཟུགས་སུ་བཀོད་ནས། དེས་རོལ་ཅིང་སྒེག་པའི་ཉམས་ཀྱིས་གར་བྱེད་དོ་ཞེས་པ་གཟུགས་ཅན་གྱི་གཟུགས་ཅན་ནམ། གཟུགས་ཅན་འཕར་མ་ཞེས་སྙན་པའི་ཉམས་ཁྱད་པར་བ་དང་ལྡན་པ་ཡིན་ལ། གཟུགས་སུ་བཀོད་པ་དེ་དག་ནང་ཕན་ཚུན་འབྲེལ་ཆགས་པ་ཞིག་དགོས་ཀྱི། གང་རུང་རུང་མི་བྱའོ། །དཀར་ལ་དམར་བའི་མདངས་ལྡན་འདི་ནི་གདོང་མིན་ཏེ་འདི་པདྨའོ། །གནག་སྣུམ་གཡོ་བ་འདི་དག་མིག་མིན་ཏེ་བུང་བའོ། །དཀར་ལ་མཛེས་པར་བསྒྲིགས་པ་འདི་རྣམས་མེ་ཏོག་གི་གེ་སར་ཉིད་ཡིན་ཏེ་ཁྱོད་ཀྱི་སོ་ཡི་འོད་ཟེར་མིན་ནོ། །ཚིག་འདིས་མངོན་སུམ་གྱི་སྤྱོད་ཡུལ་གདོང་ལ་
སོགས་པ་ཉིད་མིན་ཞེས་བསྙོན་ནས་བཟློག་སྟེ་པདྨ་ལ་སོགས་པའི་གཟུགས་སུ་དོར་བའམ་བསྒྲུབས་པར་བྱས་པས། གདོང་སོགས་ལ་པདྨ་སོགས་དང་འདྲ་བའི་ཡོན་ཏན་ཁྱད་འཕགས་ཡོད་པ་གསལ་བར་བྱེད་པ་དེ་ཉིད་བསྙོན་དོར་གྱི་གཟུགས་ཅན་ནོ། །གསུམ་པ་མཇུག་བསྡུ་བ། དེ་ལྟར་གཟུགས་ཅན་གྱི་རྒྱན་དང་གོང་བསྟན་དཔེ་རྒྱན་དེ་ཡི་དབྱེ་སྒོ་ཕྲ་མོ་མི་འདྲ་བའི་རྣམ་རྟོག་རྣམས་ལ་མཐའ་འདི་ཙམ་མོ་ཞེས་ཚད་བཟུང་དུ་ཡོད་པ་མ་ཡིན་པ་དེ་ཡི་ཕྱིར། ངག་རིག་སྨྲ་བའི་བློ་ལྡན་རྣམས་ཀྱིས་ཕྱོགས་ཙམ་ཞིག་བསྟན་པ་འདི་ལས་མ་བརྗོད་པ་གཞན་འདི་དང་ཆ་འདྲ་བའི་བརྗོད་ཚུལ་སྣ་ཚོགས་པ་དག་ཀྱང་འདི་རྣམས་ཀྱིས་མཚོན་ནས་རང་གི་བློས་རྗེས་སུ་དཔག་པར་བྱའོ། །ཞེས་སོ། །བཞི་པ་གསལ་བྱེད་ཀྱི་རྒྱན་ལ་ངོ་བོ་ངོས་གཟུང་། དབྱེ་བ་དཔེར་བརྗོད། སྐབས་ཀྱི་དོན་བསྡུ་བ་གསུམ་ལས། དང་པོ། རིགས་དང་བྱ་བ་ཡོན་ཏན་རྫས་བཞི་པོ་གང་རུང་ཚིག་གཅིག་ལ་ནི་གནས་པ། ངག་གི་ཕྱོགས་གང་རུང་གཅིག་ན་ཡོད་ལ་དེ་ཡིས་གལ་ཏེ་ངག་གི་རྒྱུན་དེར་ཡོད་པ་ཀུན་ལ་མིག་ཕྱེས་པ་ལྟར་དེ་གཅིག་པུས་གསལ་བར་བྱེད་པའི་ཚུལ་གྱིས་ཕན་པར་གྱུར་ན། དེ་ནི་གསལ་བྱེད་ཀྱི་རྒྱན་དུ་བརྗོད་དེ། དཔེར་ན། ཞེས་སོ། །གཉིས་པ་ལ་དངོས་སུ་དཔེ་བརྗོད་
མཛད་པའི་རྣམ་གྲངས་བཅུ་གཉིས་ཡོད་པ་ལས། དང་པོ་རིགས་བརྗོད་པ་ཐོག་མའི་གསལ་བྱེད་ནི། ལྷོ་ཕྱོགས་མ་ལ་ཡ་ཡི་རླུང་གིས་འཁྲི་ཤིང་གི་འདབ་མ་རྙིང་པ་ས་ལ་ལྷགས་པར་བྱེད་ཅིང་། ལང་ཚོ་བདོ་བའི་ནུ་མའི་ཁུར་གྱིས་དུད་པའི་ལུས་ཅན་མ་རྣམས་ཀྱི་རྒྱུད་ན་ཡོད་པའི་སྐྱེས་པ་ལ་མི་འདུད་པའི་ཁེངས་པ་དག་ཀྱང་གསར་དུ་འཇོམས་པར་བྱེད་དོ། །ཞེས་པ་འདི་ནི་ལྷོ་ཡི་རླུང་ཞེས་པའི་རིགས་བརྗོད་པའི་ཚིག་གཅིག་པུ་འདིས་འོག་གི་དོན་ཐམས་ཅད་གསལ་བར་བྱེད་པའོ། །བྱ་བ་ཐོག་མའི་གསལ་བྱེད་ནི། རྒྱུའོ། །ཞེས་པའི་བྱ་ཚིག་ཚིགས་བཅད་ཀྱི་ཐོག་མར་བཀོད་ནས། ཅི་ཞིག་རྒྱུན་ཕྱོགས་བཞིའི་ཆར་ཕྱེ་བའི་ཆུ་གཏེར་ཏེ་རྒྱ་མཚོ་བཞི་ཡི་ངོགས་ཀྱི་སྐྱེད་མོའི་ཚལ་དུ་སོ་ཅན་ཏེ་ཕྱོགས་ཀྱི་གླང་པོའི་གཙོ་བོ་བརྒྱད་རྣམས་རྒྱུ་བར་བྱེད་དེ། ཕྱིའི་ལྕགས་རི་ཁོར་ཡུག་གི་རི་བོའི་ཁོངས་སུ་ཡང་རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་དྲི་མ་མེད་པ་ཀུནྡའི་འོད་ལྟ་བུ་དཀར་བའོ། །ཕྱོགས་ཀྱི་གླང་པོ་ནི། འཆི་མེད་མཛོད་ལས། ས་སྲུང་བུ་དང་པདྨ་དཀར། །གཡོན་འབྲེལ་མིག་སྨན་ས་ལ་དགའ། །མེ་ཏོག་སོ་ཅན་ས་ཀུན་པ། །ཆ་མཛེས་ཕྱོགས་ཀྱི་གླང་པོ་བརྒྱད། །ཅེས་སོ། །ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད་ནི། སྔོ་བསངས་ཉིད་དོ། །ཇི་ལྟར་ན། ཕྱོགས་རྣམས་ནི་དབྱར་གྱི་དུས་ལས་སྐྱེས་པའི་
ཆུ་འཛིན་སྔོན་པོའི་ཕྲེང་བ་ཡིས་དང་། ས་གཞི་ཡང་རྩྭ་སྔོན་གྱི་མྱུ་གུ་གསར་པ་ནི་ཤིན་ཏུ་གཞོན་པ་སྟེ་མ་རྙིང་པའི་ཕྲེང་བས་སོ། །རྫས་བརྗོད་པ་ཐོག་མའི་གསལ་བྱེད་ནི། ཁྱབ་འཇུག་འདི་ཕ་རོལ་རྣམ་པར་གནོན་པ་ལ་གནས་པས་ཞེས་ཁྱབ་འཇུག་གི་བདག་གིར་བྱས་པའི་སེམས་ཀྱི་རྫས་རྣམ་གནོན་དེས། དཱ་ནའི་བུ་སྟེ་སྦྱིན་མ་ཞེས་པའི་བུར་གྱུར་པ་ལྷ་མ་ཡིན་དེ་ཡི་འབྱོར་པ་དག གང་དུ་མིང་མེད་པར་བཏང་ཞིང་ལྷ་རྣམས་ཀྱི་ཕུན་སུམ་ཚོགས་པ་གང་ན་གནས་པ་ཐམས་ཅད་ཀྱང་དེས་བླངས་སོ། །ཞེས་ཚིགས་བཅད་བཞི་པོ་འདི་ནི་རིགས་སོགས་བཞི་ཡི་ཚིག ཚིགས་བཅད་ཀྱི་ཐོག་མར་རམ་དང་པོའི་གནས་སུ་ཡོད་པའི་གསལ་བྱེད་དུ་བསྟན་ནོ། །དེ་བཞིན་རིགས་བྱ་བ་སོགས་བར་དུ་ཡོད་པ་དང་། མཐའ་རུ་ཡོད་པ་ཡི་ཡང་ཚིག་དག་བདག་གིས་བསྟན་པར་བྱའོ། །དེ་ལ་བར་དུ་གནས་པ་དང་མཐར་གནས་པའི་དབྱེ་བ་བརྒྱད་ཡོད་མོད་ཀྱང་། དེ་དག་ལས་འགའ་ཞིག་བསྟན་པས་ལྷག་མ་ཤེས་ནུས་པ་ནི་འདི་ལྟ་སྟེ། རིགས་བརྗོད་པ་བར་གྱི་གསལ་བྱེད་ཀྱི་རྒྱན་ནི། གར་བྱེད་ཅིང་ཤིང་ནི་ཙཱུ་ལ་སྟེ་རྒྱ་ལྕང་གི་ཡལ་གའི་ཕང་པ་དག་ཏུ། གླུ་ཡང་ལེན་ནོ། །སུས་ཤེ་ན། མདོངས་མཐའ་ཅན་ཏེ་རྨ་བྱའོ། །འགྱུར་ཁ་ཅིག་ཏུ་གཙུག་ཕུད་ཅན་ཟེར་ཏེ་དེ་ཡང་རྨ་བྱའི་མིང་ངོ་། །དགའ་བ་
རབ་ཏུ་རྒྱས་པའི་མིག་ཟུང་དག་ཀྱང་། ནམ་མཁའི་ཆུ་འཛིན་ཏེ་སྤྲིན་ལ་གཏོད་པར་བྱེད་དོ། །ཞེས་སོ། །བྱ་བ་བརྗོད་པ་བར་གྱི་གསལ་བྱེད་ནི། དྲི་བཞོན་ཏེ་རླུང་དལ་བུ་ཉིད་དུ་རྒྱུ་བ་འདི་ཡང་འགྱུར་བྱེད་ཅེས་པ་ཚྭ་རིགས་ཀྱི་མིང་སྟེ་བ་ཚྭ་བུལ་ཏོག་སོགས་ཚ་བའི་རོ་ལྡན་རྣམས་ཀྱི་རོ་ལྟ་བུར་གདུང་བའི་འགྱུར་བ་སྐྱེད་པར་བྱེད་དེ། ཤིན་ཏུ་བསིལ་བའི་ཟླ་བ་དག་ཀྱང་འདོད་པས་སྲེག་པའི་མེ་རུ་འགྱུར་རོ། །ཙནྡན་གྱི་བྱུག་པ་ལུས་ལ་ལྷུང་བ་ཡང་མཚོན་ལྷུང་བ་ལྟར་ཆགས་གདུང་བསྐྱེད་པར་འགྱུར་བ་ནི་སུ་ལ་ཞེ་ན། བྱེས་སུ་འཁྱམས་པ་ཡི་སྐྱེས་བུ་བུད་མེད་དང་བྲལ་བ་རྣམས་ལའོ་ཞེས་རླུང་དང་ཟླ་བ་ཙནྡན་གྱི་བྱུག་པ་རྣམས་ཀྱིས་ཀྱང་དེ་ལ་ཆགས་པའི་མེ་སྦར་བའི་རྐྱེན་བྱེད་པར་བསྟན་ལ། དེ་རྣམས་དབུས་ན་གནས་པའི་བྱ་ཚིག་འགྱུར་ཞེས་པ་དེ་གཅིག་པུ་ལ་བརྟེན་ནས་གོ་དགོས་པའོ། །ཡོན་ཏན་དང་རྫས་ཀྱང་དེས་མཚོན་ནས་ཤེས་པར་བྱའོ། །རིགས་བརྗོད་པ་མཐའི་གསལ་བྱེད་ནི། དབྱར་གྱི་དུས་སུ་ཆུ་འཛིན་གྱིས་ནི་རབ་ཏུ་གཏོར་བའི་ཆུ་འཐོར་བ་དང་། ཁྱིམ་གྱི་གཙུག་ཕུད་ལྡན་པའི་ཚོགས་ཏེ་རྨ་བྱ་རྣམས་སྤྲིན་ལ་བལྟས་ཏེ་སྒྲོ་གཤོག་བརྐྱངས་ནས་གར་བྱེད་པ་དང་། གློག་གི་ཐག་པ་ཀྱ་ཀྱུར་གཡོ་བ་ཡང་མེ་ཏོག་གི་གཞུ་ཅན་འདོད་ལྷ་དག་གི་དཔུང་ཡིན་ནོ། །ཞེས་འདི་རྣམས་ཆགས་པ་བསྐྱེད་པའི་
དཔུང་ཞེས་སོ། །གསལ་བྱེད་ཀྱི་ཚིག་འདི་རྣམས་མེད་ན་ངག་དོན་ཅི་ཡིན་ཤེས་སུ་མེད་ལ། ཡོད་ན་དེ་ཁོ་ནས་དེ་ཀུན་གྱི་དོན་ཤེས་པས་གསལ་བྱེད་ཅེས་བྱའོ། །བྱ་བ་བརྗོད་པ་མཐའི་གསལ་བྱེད་ནི། མཛེས་མ་ཁྱོད་ཀྱིས་ཨུཏྤལ་རྣ་བ་ལ་དང་། དུས་དེར་འདོད་པས་ཞེས་པ་འདོད་པའི་ལྷའི་མེ་ཏོག་གི་མདའ་ནི། མདའ་སྟན་ཏེ་གཞུ་ལ་འགོད་པ་དང་། ཆགས་ལྡན་ངས་ཀྱང་སེམས་ནི་འདོད་པས་གདུང་བས་འཆི་བ་ལ་ཕྱོགས་པར་གྱུར་པ། གསུམ་པོ་འདི་ནི་མཉམ་དུ་བྱས། །ཞེས་སོ། །ཡོན་ཏན་དང་རྫས་གཉིས་དེས་མཚོན་ནས་ཤེས་པར་བྱའོ། །ཕྲེང་བའི་གསལ་བྱེད་ནི། དཀར་པོའི་ཕྱོགས་ཀྱིས་ནི་འོད་དཀར་ཅན་ཟླ་བའི་ཆ་འཕེལ་བར་བྱེད་ལ། ཟླ་བ་དེ་ཡིས་མདའ་ལྔ་པ་དང་དེས་ཀྱང་ཆགས་པའི་མདངས་དམར་པོ་དང་། ཆགས་མདངས་ཀྱིས་ན་ཆུང་དག་གི་དགའ་བའི་དགའ་སྟོན་གཉིས་སྦྱོར་གྱི་བདེ་བའི་དཔལ་ཡང་ངོ་། །ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་གསལ་བྱེད་ཀྱི་རྒྱན་ཡིན་མོད་ཀྱང་ཞེས་བཤད་མ་ཐག་པ་འདི་ཉིད་བྱ་བ་བརྗོད་པ་བར་གྱི་གསལ་བྱེད་དོ། །དེ་ལྟར་ནའང་སྔ་མ་སྔ་མ་ཡི་རྒྱུ་ལ་བལྟོས་ནས་ཕྱི་མ་ཕྱི་མ་འཕེལ་བར་བྱེད་པའི་ངག་གི་ཕྲེང་བ་རིམ་བཞིན་རྒྱུན་ཆགས་སུ་འབྲེལ་བ་རབ་ཏུ་ལྡན་པའི་ཕྱིར་ན། དཔེ་བརྗོད་དེ་ལྟ་བུ་ནི་ཕྲེང་བའི་གསལ་བྱེད་དོ། །འདི་སྐབས་
མདའ་ལྔ་ནི། གཤེད་ནག་གི་རྒྱུད་འགྲེལ་ལས། མྱོས་བྱེད། རྨོངས་བྱེད། འདར་བྱེད། ལྟུང་བྱེད། བརྒྱལ་བྱེད་ལྔ་ལ་བཤད། འཆི་མེད་མཛོད་འགྲེལ་ཀཱ་མ་དྷེ་ནུ་སྟེ་འདོད་འཇོར་དགའ་བྱེད། སྲེག་བྱེད། རྨོངས་བྱེད། སྐེམ་བྱེད། འཆིང་བྱེད་ལྔར་བཤད། མངོན་བརྗོད་སྣ་ཚོགས་གསལ་བར། འདོད་པའི་མདའ་ནི་ལྔ་ཡིན་ཏེ། །ཀུན་ཏུ་རྨོངས་བྱེད་བརྒྱལ་བར་བྱེད། །སྨྱོ་བྱེད་རྒོད་བྱེད་སྲེད་བྱེད་དོ། །ཞེས་བཤད། འདིར་ཀཱ་མ་འདོད་ཆགས་དང་འདོད་ལྷ་གཉིས་ཀར་འཇུག ས་ར་སྭསྟི་ངག་དང་ངག་གི་ལྷ་གཉིས་ཀ་ལ་འཇུག་པ་ཡིན་པས། རྒྱ་འགྲེལ་རྣམས་ན་མདའ་ལྔ་པ་ཞེས་པའི་དོན་འཆད་ཚེ་ཀཱ་མ་ཞེས་འབྱུང་བས་འདིར་འདོད་ཆགས་ལ་གོ་དགོས་ཀྱི། འདོད་ལྷ་དངོས་འཕེལ་བར་མི་བཟུང་ཞེས་འགྲེལ་པ་འགར་བྱུང་། དལ་བུའི་རླུང་གིས་གཙུབས་པའི་ཆུ་ཐིགས་ཅན་ཆར་སྤྲིན་གྱིས། ལུས་མེད་འདོད་པ་དག་གི་ནི། ཨ་བ་ལེ་བ་འཕེལ་བར་བྱེད་ལ། རྡུལ་གྱི་ཨ་བ་ལེ་བ་དག་ནི་སེལ་བར་བྱེད་ཅེས་སོ། །ཨ་བ་ལེ་བ་ཞེས་པ་ཞེན་པའམ་དྲེག་པ་ལ་བསྒྱུར་ཀྱང་། དོན་ལ་བསྒོས་པའམ་གོས་པ་ལ་འཇུག་པས་དྲེག་པ་ཞེས་པ་ཁེངས་པ་ལྟ་བུ་མིན་གྱི། རྩི་དང་ཤུན་ལྤགས་ལྟ་བུ་དང་དྲག་དྲེག་དང་བཞིན་གྱི་ནག་དྲེག་ལྟ་བུ་ཡིན་པས། སྤྲིན་དེས་ལུས་མེད་འདོད་པས་གོས་པ་འཕེལ་
ཞིང་། རྡུལ་གྱིས་གོས་པ་དག་ཅིང་སེལ་བར་བྱེད་ལ། དེ་གཉིས་ཀྱི་བྱེད་པོ་རིགས་བརྗོད་ཐོག་མའི་སྤྲིན་ཁྱད་པར་བ་ཡིན་ནོ། །འདིར་ནི་བྱེད་པ་པོ་སྤྲིན་གྱི་ཚིག་དག་དང་། བསལ་བྱ་ཨ་བ་ལེ་བ་གཅིག་ཡིན་པའི་ཚིག་དག་གིས། བྱ་བ་འཕེལ་སེལ་གཉིས་ཀ་བྱེད་པ་འགལ་བར་ལྡན་པ་དེ་འགལ་བའི་དོན་ཅན་གྱི་གསལ་བྱེད་དོ། །ཆུ་འཛིན་དག་གི་ཕྲེང་བ་འདིས། ཤར་ལ་སོགས་པའི་ཕྱོགས་རྣམས་ཀྱི་ནི་གོ་སྐབས་ཡངས་པ་འཕྲོག་པར་བྱེད་ཅིང་། སྐར་མ་ཡི་ནི་ཚོགས་རྣམས་རང་གི་རུམ་དུ་འཛིན་པར་བྱས་ཏེ་མི་སྣང་ལ། དེང་ཡང་གྲོགས་དང་བྲལ་བས་ཉེན་པ་བདག་གི་སྲོག་རྣམས་ལེན་པར་བྱེད་དོ། །ཞེས་འདི་རིགས་བརྗོད་ཐོག་མའི་གསལ་བྱེད་ཡིན་མོད་ཀྱང་། གང་ཕྱིར་ཆུ་འཛིན་གྱི་ཕྲེང་བ་ཡི་ཆེས་ཆེར་གཏིབས་པའི་བྱ་བ་གཅིག་ཉིད་གསལ་བར་བྱེད་པ་འདིར། འཕྲོག་བཟུང་ལེན་ཞེས་བྱ་ཚིག་དུ་མའི་སྒྲ་ཡིས་ཡང་ཡང་ཉེ་བར་བླངས་བའམ་ཉེ་བར་བཟུང་བ་དེ་ཕྱིར་དོན་གཅིག་གསལ་བྱེད་ཅེས་བྱ་བ་ཉིད་དོ། །སྤྲིན་ནི་དྲི་ཡི་བཞོན་པ་རླུང་དྲི་ཞིམ་ཡིད་འོང་དང་ལྡན་པ་དང་། གླང་པོ་ཆེ་གཙུག་གི་མྱོས་བུམ་ལས་བབ་པའི་འགྲམ་ཆང་གི་དྲི་བཟང་པོ་དང་ལྡན་ལ། དྲི་ཡི་བཞོན་པ་ཡིད་འོང་ཞེས་དང་། སྤྲིན་ནམ་མཁའ་ལ་བྱུང་བ་དང་གླང་ཆེན་ལུས་དཔང་མཐོ་བས་
གཉིས་ཀའང་མཐོ་བ་དང་། མདོག་སྔོ་བསངས་ལྗོན་ཤིང་ཏ་མཱ་ལ་ཡི་འོད་དང་ལྡན་པ་ཞེས་པའི་ཆོས་དེ་དག་གིས་དེ་གཉིས་སྦྱར་ནས། དེ་ལྟ་བུའི་སྤྲིན་ནི་ནམ་མཁའ་ལ་རྒྱུ་བར་བྱེད་དེ། གླང་ཆེན་འདི་དག་ས་ལའོ་ཞེས་རྒྱུ་བའི་བྱ་ཚིག་གིས་འབྲེལ་བ་འདིར་ནི་གཉིས་ཀའི་ཆོས་དག་ཐ་དད་མིན་པར་སྦྱར་ཞིང་། ཆོས་ཅན་སྤྲིན་དང་གླང་པོ་རྣམས་དག་ཀྱང་། རྒྱུ་བ་ཡི་བྱ་བ་ཉིད་ཀྱིས་འབྲེལ་བའི་ཕྱིར་ཕན་ཚུན་སྦྱར་བའི་དོན་ཅན་གྱི་གསལ་བྱེད་དེ་བྱ་བ་བརྗོད་པ་བར་གྱི་གསལ་བྱེད་ཅན་ཡིན་ནོ། །ཏ་མཱ་ལ་ཞེས་པ་རྒྱ་མཚོའི་ཉེ་སྐོར་དུ་སྐྱེ་བའི་ལྗོན་ཤིང་ལོ་མ་སྔོ་བསངས་ཅན་ཞིག་ཡིན་པར་འདོད་འཇོར་བཤད་དོ། །གསུམ་པ་འདིར་བཤད་དཔེ་བརྗོད་ཀྱི་རྣམ་པ་འདི་ཉིད་ཁོ་ན་ཡིས་མཚོན་ནས། གསལ་བྱེད་ཀྱི་རྒྱན་ལ་ནི་བརྗོད་ཚུལ་གྱི་རྣམ་དབྱེ་མཐའ་ཡས་པ་ཡོད་པའི་ལྷག་མ་རྣམས་ཀྱང་འདི་རྣམས་ཀྱི་རྗེས་སུ་འགྲོ་བའམ་ཚུལ་མཚུངས་པ་ཡིས་ངག་རིག་སྨྲ་བ་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ། །ལྔ་པ་བསྐོར་བའི་རྒྱན་ལ་ངོ་བོ། དབྱེ་བ་གཉིས་ལས། དང་པོ། བཤད་མ་ཐག་པའི་གསལ་བྱེད་ཀྱི་གནས་ཐོག་མཐའ་བར་གསུམ་གང་རུང་ཉིད་དུ་དོན་གཅིག་སླར་བཟླས་ཏེ་བསྐོར་ཡང་ཚིག་ཐ་དད་པ་དང་ནི། ཚིག་གཅིག་སླར་བསྐོར་ཡང་དོན་ཐ་དད་པ་དང་། ཚིག་དོན་གཉིས་ཀ་བསྐོར་བ་ནའང་
ཟློས་སྐྱོན་མེད་པ་དེ་ནི་བསྐོར་བ་ཞེས་པ་ཡི་རྒྱན་གསུམ་པོ་དག་འདོད་དེ། གཉིས་པ་དེ་ཡི་དབྱེ་བ་དཔེར་བརྗོད་ན། དང་པོ། དོན་གཅིག་སླར་ཡང་བསྐོར་བའི་རྒྱན་ནི། ཤིང་ཀ་དམྤ་ཚོགས་ཅན་ཞེས་པ་དེ་ནི་འདབ་མ་རྣམ་པར་རྒྱས་པར་གྱུར་ཏོ། །ཀུ་ཊ་ཛོདྒ་མ་དུག་མོ་ཉུང་གི་ཤིང་ནི་རབ་ཏུ་གསལ་ལོ། །དེ་ཡང་ཀུ་ཊ་ཛ་དུག་ཉུང་ཤིང་། ཨུདྒ་མ་མེ་ཏོག་ཁ་འབུས་པའི་མིང་སྟེ་དེ་འདྲའི་དུག་ཉུང་ཤིང་རབ་ཏུ་གསལ་ཏེ་མེ་ཏོག་རྒྱས་པའོ། །ཀནྫལྱ་ཆུ་ཤིང་ནི་རབ་ཏུ་བྱེ། ཀ་ཀུ་བྷ་ཤིང་ཨ་རྫུ་ན་ཡང་གྱེས་པར་གྱུར་ཏོ་ཞེས། ཤིང་ཐ་དད་པ་བཞི་པོ་དེ་དོན་རྒྱས་པ་གཅིག་པུ་ལས་བརྗོད་རྒྱུ་གཞན་མེད་ཀྱང་རྒྱས་པའི་དོན་གཅིག་ཉིད་རྣམ་རྒྱས་རབ་གསལ་རབ་བྱེ་གྱེས་གྱུར་ཅེས་ཚིག་གི་རྣམ་གྲངས་མི་འདྲ་བ་དུ་མས་ཡང་ཡང་བསྐྱར་ཏེ་བརྗོད་པའོ། །གཉིས་པ་ཚིག་བསྐོར་ནི། སྤྲིན་གྱི་ཕྲེང་བདག་གིས་ནི། རྨ་བྱའི་ཚོགས་རྣམས་དགའ་བའི་སྒྲ་སྒྲོག་པར་བྱེད་ཅིང་། འདོད་ལྷ་དགའ་རབ་དབང་ཕྱུག་ལག་ན་ཆུ་སྲིན་རྒྱལ་མཚན་གྱིས་དེང་འདིར་ན་ཆུང་རྣམས་ཀྱི་ཡིད་འདོད་པ་དང་ལྡན་པར་བྱེད་དོ། །འདི་ལ་བོད་སྐད་ཚིག་བསྐྱར་བ་མེད་ཀྱང་། ཚིགས་བཅད་འདིའི་ལེགས་སྦྱར་དུ་ཨུཏྐཎྛ་ཡ་ཏི་ཞེས་ཚིགས་བཅད་ཕྱེད་སྔ་ཕྱི་གཉིས་ཀར་ལན་གཉིས་བྱུང་བས་ཚིག་ལ་བསྐོར་བ་ཡིན་ཀྱང་
དོན་ལ་སྒྲ་སྒྲོག་པར་བྱེད་པ་དང་། འདོད་པ་དང་ལྡན་པར་བྱེད་པ་ཐ་དད་པར་འགྱུར་རོ། །གཉིས་ཀ་བསྐོར་བ་ནི། ཕྱོགས་ཀྱི་དགྲ་ཀུན་ལས་རྒྱལ་ནས་དེ་རིང་མི་ཡི་དབང་པོ་ཁྱོད། རང་གི་ཁབ་ཏུ་བཙུན་མོ་རྣམས་དང་རྩེ་བར་བྱེད་ལ། ཁྱོད་ཀྱི་དགྲ་སྡེ་གང་དག་གཡུལ་དུ་ཁྱོད་ཀྱིས་བསད་པ་རྣམས་ནི་མཐོ་རིས་ལྷ་ཡི་གནས་སུ་སོང་ནས་ལྷ་མོ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། ཅེས་པ། འགྲེལ་བྱེད་སྔ་མ་དག་རྒྱལ་པོ་དགྲ་ལས་རྒྱལ་བའི་དོན་རྐང་པ་གཉིས་ཀྱིས་ལན་གཉིས་བསྐོར་བ་དང་། རྩེ་བར་བྱེད་ཅེས་པའི་ཚིག་ལན་གཉིས་བསྐོར་བའོ་ཞེས་བཤད། དབྱངས་ཅན་ངག་གི་རོལ་མཚོར་རྒྱ་འགྲེལ་རྣམས་ལས་རྩེ་བར་བྱེད་ལན་གཉིས་བྱུང་བས་ཚིག་དོན་གཉིས་ཀ་བསྐོར་ཡང་ཡུལ་དང་བྱེད་པོ་ཐ་དད་པས་མི་ཟློས་པར་བཤད་ཅེས་གསུངས། དེ་ཡང་། ཁྲོས་པས་གཡུལ་ངོར་བསད་ན་ནི། །བདེ་འགྲོར་འགྲོ་ཞེས་རྒྱས་པ་ཟེར། །ཞེས་པ་ལྟར་གཡུལ་དུ་མི་ལྡོག་པར་ཤི་བ་ལྷར་སྐྱེ་བར་བཤད་པའི་རིགས་བྱེད་ཀྱི་གྲགས་པ་ལྟར་བརྗོད་པའོ། །དྲུག་པ་འགོག་པའི་རྒྱན་ལ། ངོ་བོ། དབྱེ་བ། མཇུག་སྡུད་གསུམ། དང་པོ། དགག་བྱ་གང་ཡང་རུང་བ་ལ་དགག་པ་བརྗོད་པ་ཡི་ཚིག་ཉམས་ལྡན་སྦྱར་བ་ནི་འགོག་པ་ཡི་རྒྱན་ཞེས་པ་སྟེ། དེ་ཡང་དགག་བྱ་དུས་གསུམ་
ལ་བལྟོས་པའི་འགོག་རྒྱན་རྣམ་པ་གསུམ་ཡོད་ལ། ཅི་སྟེ་འགོག་པ་དེ་ཡང་དགག་བྱ་ཡི་དབྱེ་བ་མཐའ་ཡས་པའི་ཕྱིར་ན་རྒྱན་ཡང་དེ་སྙེད་དུ་མཐའ་ཡས་སོ། །དེ་ལྟར་ན་ཡང་འདིར་ནི་དགག་བྱའི་སྒོ་ནས་དུས་གསུམ་དང་། དགག་བྱ་འགོག་ཚུལ་ཀྱི་ཚིག་གི་ཉམས་ཀྱི་སྒོ་ནས་ཅི་རིགས་ཤིག་གི་དཔེ་བརྗོད་གསུངས་པ་ཡིན་ནོ། །གཉིས་པ་ལ་གཞུང་འདིར་དཔེ་བརྗོད་ཉེར་གསུམ་གསུངས་པ་ལས། དང་པོ་འདི་ལ་དཔེ་བརྗོད་བསྟན། དེའི་དོན་བཤད་པ་གཉིས་རེས་བསྟན་པ་ལྟར་འོག་མ་ཀུན་ལའང་ཤེས་པར་བྱ་སྟེ། ལུས་མེད་འདོད་ལྷ་ཡི་འཇམ་ལ་གྲངས་ཉུང་བ་མེ་ཏོག་གི་མདའ་ལྔས་འགྲོ་བ་ཀུན་ལས་རྒྱལ་བར་གྱུར་ཅེས་པ་མི་སྲིད་དོ་ཞེས་ཡིད་ལ་བསམ་ཞིང་བརྗོད་པ་ནི་དགག་བྱའོ། །སླར་ཡང་བསམ་པ། ཡང་ན་ནི་མདའ་ལྔ་གྲངས་ཉུང་བ་སོགས་ཡིན་ཀྱང་དངོས་པོའི་ནུས་པ་བསམ་གྱིས་མི་ཁྱབ་པ་རྣམ་པར་བཀྲ་བས་རྒྱལ་མི་སྲིད་པ་ཡང་མ་ཡིན་ནོ། །ཞེས་སོ། །ཞེས་པ་འདིར་ནི་མདའ་ལྔ་ཙམ་གྱི་རྒྱུ་ཡི་སྟོབས་ཀྱིས་ལུས་མེད་འདོད་ལྷ་ས་གསུམ་ལས་རྒྱལ་བར་གྱུར་ཅེས་པ་དེ་ནི་མི་རིགས་སོ་སྙམ་པའི་བློ་སྔར་དེ་ལྟར་བྱུང་བར་གྱུར་པ་དེ་ཉིད་དེའི་རྗེས་སུ་བྱུང་བ་ད་ལྟའི་བློས་བཀག་པ་གང་གི་ཕྱིར། སྔར་བྱུང་བའམ་འདས་པ་འགོག་པ་དེ་ཡི་དཔེར་བརྗོད་ནི་འདི་
འདྲ་ཡིན་ནོ། །ཀྱེ། སྙན་པར་སྒྲོགས་མ་དག་ཅེས་བོས་ནས་ཅི་ཡི་ཕྱིར་ན་ཁྱོད་ཀྱི་རྣ་བ་ལ་ནི་ཨུཏྤལ་འཇུག་པ་ཡིན་ཏེ་འཇུག་མི་དགོས་སོ། །ཅིའི་ཕྱིར་ན་རྣ་རྒྱན་འཇུག་པའི་དོན་པོ་ཨུཏྤལ་དེ་ཡི་མཛེས་ཤིང་དཀྱུས་རིང་བ་སོགས་ཀྱིས་གཞན་ཡིད་འཕྲོག་པའི་བྱེད་ལས་འདི་ལ་ནི། ཁྱོད་ཀྱི་ཟུར་མིག་དག་ཡོངས་སུ་རྫོགས་པ་སྟེ་དེའི་བྱེད་ལས་མ་ཚང་བ་མེད་པར་གོ་ཆོད་པ་མིན་པར་སེམས་སམ་ཅི། དེའི་དོན་དགའ་མ་འགའ་ཞིག་གིས་དཀར་མིན་ཏེ་སྔོ་བའི་ཨུཏྤལ་རྣ་བར་འཇུག་པ་ལ་དེའི་མཛའ་བོ་ཡིས་དེ་ལྟར་ངོ་བསྟོད་དང་བཅས་པས་འགོག་པར་བྱེད་པ་འདི་ནི། ད་ལྟ་མངོན་གྱུར་ཀྱི་ཨུཏྤལ་མི་དགོས་པའི་ཚུལ་དུ་འགོག་པས་ན་མངོན་གྱུར་འགོག་པའོ། །རང་གི་གྲོགས་པོ་ལ་ཇོ་བོ་ཞེས་བོས་ནས་མཛའ་མོ་བདག་བདེན་པར་སྨྲའོ། །ཁྱོད་ཉིད་བུད་མེད་གཞན་དང་ཙུམྦ་སྟེ་འོ་བྱེད་པ་ནས་ཆགས་མྱོས་ཀྱི་རྒྱུ་ལས་འཕོས་པའི་རྒྱ་སྐྱེགས་ཀྱིས་དམར་མིག་གིས་ནི་ཁྱོད་ཀྱིས་བདག་ནམ་ཡང་མཐོང་བར་འགྱུར་བ་མ་ལགས་སོ། །དེ་ཅིའི་ཕྱིར་ན་ཁྱོད་གཞན་དང་འགྲོགས་པ་མི་བཟོད་པས་བདག་དེ་མ་ཐག་འཆི་བས་སོ། །ཞེས་སོ། །འདི་ལ་རྒྱ་སྐྱེགས་ལྟར་དམར་མིག་གིས་ནི་ཞེས་སྔར་གྱི་འགྱུར་རྣམས་སུ་འདུག་གོ། སྔར་ཉིད་དམ་དང་པོ་ཉིད་དུ་ཤིན་ཏུ་ཁེངས་ལྡན་མའམ་སེམས་ལྡན་མས་ནམ་ཞིག་སྟེ་མ་འོངས་
པ་ན་མཛའ་བོ་འདི་ཡིས་བུད་མེད་གཞན་དང་འགྲོགས་པའི་གནོད་པ་དག་འགྱུར་བ་ཚིག་དེ་ལྟར་བརྗོད་པས་འགོག་པར་བྱེད་པ་འདི་ནི་མ་འོངས་འབྱུང་འགྱུར་འགོག་པའོ། །འདིར་མ་ན་སྭི་ནཱི་ཞེས་པ་སེམས་ལྡན་མ་ཞེས་པ་སྟེ། མཛའ་བོ་ལ་ཤིན་ཏུ་སེམས་པ་དང་ལྡན་པའི་དོན་ཡིན་གྱི། སྔར་ཁེངས་ལྡན་མར་བསྒྱུར་བ་ལྟར་ན། མཱ་རིང་དགོས་པ་ལ་རྒྱ་དཔེ་དག་པར་རིང་ཆ་མེད་པའི་ཕྱིར་རོ་ཞེས་སི་ཏུས་འགྱུར་བཅོས་མཛད་དོ། །གཞན་དག་ཁེངས་ལྡན་མ་ཞེས་མཛའ་བོ་ལ་ཁེངས་པ་བྱེད་པ་མ་ཡིན་གྱི། མཛའ་བོ་ལས་གཞན་པའི་སྐྱེས་པ་སུ་ལའང་མི་འདུད་པའི་ཁེངས་ལྡན་མ་སྟེ་ཁྱིམ་ཐབས་ཀྱི་བརྟུལ་ཞུགས་ཅན་ལ་འཆད་པ་སོགས་ཚིག་ཟུར་འདོན་ལུགས་དུ་མ་བྱས་པ་མཐོང་ངོ་། །ལུས་ཕྲ་མ་ཁྱོད་ཀྱི་ཡན་ལག་རྣམས་འཇམ་པ་ཉིད་དུ་གནས་ཞེས་པ་དེ་རྫུན་ནོ། །གལ་ཏེ་བདེན་པར་རམ་ངེས་པར་འཇམ་པ་ན། འདི་ལ་རེག་པས་བདག་གློ་བུར་དུ་ཆགས་པས་ཅི་ལ་གདུང་ཞེས་གང་ཕྱིར་དེ་ལྟར་འདོད་ལྡན་གྱིས་རེག་བྱ་འཇམ་པ་དེ་དང་འགལ་བ་རྩུབ་པོའི་བྱེད་ལས་གདུང་བ་བསྐྱེད་པ་ཉིད་ཀྱིས་ནི་དགག་བྱ་བུད་མེད་ཀྱི་ལུས་འདི་ཡི་ཆོས་འཇམ་པ་དག་འགོག་པ་འདི་ནི་ཆོས་འགོག་པའོ། །བུད་མེད་དེ་ནི་མཛེས་མ་ཞིག་ཡིན་པའམ་མ་ཡིན་ཞེས། རྟོག་ཅིང་དཔྱོད་པའི་རྣམ་རིག་འདི་ནི་རྒྱུ་ཅི་ལས་སྐྱེ་སྟེ་སྐྱེ་
མི་རིགས་སོ། །ཅིའི་ཕྱིར་ན། དེ་བལྟ་བའི་སྐབས་དེར་ནི་འོད་ཙམ་ཞིག་གཡོ་བ་ཉིད་མཐོང་བར་གྱུར་ཀྱི། འོད་ཀྱི་རྟེན་ལུས་དངོས་ནི་མཐོང་བ་མ་ཡིན་པའི་ཕྱིར་རོ། །གང་ཚིག་སྦྱོར་འདིར་གཟུགས་ཅན་མ་སྟེ་ལུས་བསྒྱུར་མའམ་ཕྲ་མེན་མ་དེའི་ངོ་མཚར་བ་བརྗོད་པར་འདོད་པས། འོད་ཅེས་པའི་ཆོས་འདི་མཐོང་བར་ཁས་བླངས་ནས་ཆོས་ཅན་ལུས་མཐོང་བ་འགོག་པ་འདི་ཆོས་ཅན་འགོག་པའོ། །འདི་སྐབས་སྔ་འགྲེལ་རྣམས་སུ་གཟུགས་ཅན་མ་ཞེས་པ། ངོ་མཚར་བའི་གཟུགས་ཅན་མའམ་མཛེས་པའི་གཟུགས་ཅན་མ་ལྟ་བུར་བསམས་ནས་ཕྲ་མེན་མ་ཡིན་པ་སུས་ཀྱང་བཤད་མི་འདུག་ལ། དེ་ལྟར་ན་རང་བཞིན་གྱི་གཟུགས་ཇི་ལྟར་བཟང་ཡང་འོད་ཙམ་ལས་མི་མཐོང་བ་སུ་ཡང་མེད་པས་དོན་ཅི་ཡིན་གོ་རྒྱུ་མི་འདུག་ཅིང་། འདུལ་བ་ལས་ཕྲ་མེན་མ་ལ་གཟུགས་ཅན་མ་ཞེས་གསུངས་པ་དང་། འཆི་མེད་མཛོད་ལས་ཀྱང་ལུས་གཞན་དུ་བསྒྱུར་ནུས་པ་ཕྲ་མེན་མའི་རིགས་ལ་གཟུགས་ཅན་མ་ཞེས་བཤད་པ་ལྟར་བདག་གིས་འདི་ལྟར་ལེགས་པར་བཤད་པ་ཡིན་ནོ། །ཀྱེ་གཏུམ་མོ་ཁྱོད་ཀྱི་མིག་ནི་ཁྲོས་པས་དམར་བར་གྱུར་ཅིང་། མཆུ་ཡི་ཡལ་འདབ་གཡོ་བ་དང་། སྨིན་མ་འཁྱོག་སྟེ་ཁྲོས་པའི་རྣམ་འགྱུར་གསལ་བ་དེ་ལྟར་ནའང་། ཞེས་འགྱུར་བཅོས་པར་མཛད། སྔར་སྨིན་མ་འཁྱོག་སྟེ་ལྟ་ན་ཡང་། ཞེས་འདུག རང་ཉིད་
ལ་བུད་མེད་གཞན་དང་འགྲོགས་པ་སོགས་ཀྱིས་ཉེས་པ་མེད་པས་བདག་མི་འཇིགས་སོ། །གང་ཕྱིར་མཛའ་བོ་མཁས་པ་ཡིས། མཛའ་མོ་ལ་འཇིགས་པ་ཡི་ནི་རྒྱུ་ཡི་གཙོ། རང་གི་ཉེས་པ་འགོག་བྱེད་པ་འདི་དག་སྐབས་འདིར་ནི་རྒྱུ་འགོག་པའོ། །འདི་མཛའ་བོ་མཁས་པ་ཞེས་སུའང་བསྒྱུར་མོད། པྲི་ཡེ་ཎ་མཛའ་བོ་ཞེས་སྐྱེས་པའི་རྟགས་སུ་བྱས་པ་རྒྱ་དཔེར་འདུག་ཅེས་གསུངས། དོན་ལ་དེ་གཉིས་གང་ལྟར་ཡང་རུང་ངོ་། །མཛའ་བོ་དག་ནི་ཤིན་ཏུ་ཐག་རིང་བ་ན་གནས་ཤིང་། ཆུ་འཛིན་གཞོན་ནུ་གཡོ་ཞིང་མཁའ་ལ་བགྲོད་པ་དང་ལྡན་པ་ཡང་ཕྱོགས་འདིར་ནི་འོང་། ཞེས་སམ། བགྲོད་ལྡན་འདི་ནི་འོང་ཞེས་འགྱུར་བཅོས་པའང་རྒྱ་དཔེའི་དབང་གིས་ཡིན་གྱི། དོན་གྱི་དབང་དུ་མི་འདྲ་བ་ཁྱད་ཅི་མི་འདུག་གོ། ནི་ཙཱུ་ལ་རྒྱ་ལྕང་ཡང་རྒྱས་པར་མཐོང་སྟེ། འདོད་པ་སྐྱེད་པའི་རྐྱེན་དེ་དག་གིས་ཆགས་གདུང་བསྐྱེད་ནས་འཆི་བར་འགྱུར་བའི་རྒྱུ་རྣམས་ཚང་ཡང་། བདག་ཤི་བ་མིན་པ་འདི་ཅི་ཞིག་ཅེས་འཆི་བ་དེ་ཡི་རྒྱུ་ཆུ་འཛིན་བགྲོད་པ་ནི་ཆགས་གདུང་མི་བཟད་པ་བསྐྱེད་པ་དག་ཉེ་བར་བཀོད་ནས། འབྲས་བུ་འཚོ་བ་བཟློག་སྟེ་མ་ཤི་བར་བསྟན་པའི་ཕྱིར། དེ་ནི་འབྲས་བུ་འགོག་པའོ། །གལ་ཏེ་མཛའ་བོ་ཁྱོད་གཞན་དུ་གཤེགས་པར་འདོད་ན། གཤེགས་པར་མཛོད་ཅིག་ཁྱོད་ཀྱི་བགྲོད་པས་བདག་ལ་ནི་གདུང་བ་ཡུན་རིང་
འབྱུང་བར་མི་འགྱུར་ཏེ་བདག་མྱུར་དུ་འཆི་བར་འགྱུར་བས། འདི་ལ་ཁྱོད་ནི་དོགས་པའམ་ཐེ་ཚོམ་མི་འཚལ་ལོ། །ཞེས་པ་མཛའ་བོ་སོང་ན་ནི་རང་ཉིད་འཆི་བ་གསལ་བར་བྱེད་པས་གཤེགས་པར་མཛོད་ཅེས་རྗེས་སུ་གནང་བ་ཉིད་ཀྱི་སྒོ་ནས་མཛའ་བོའི་བགྲོད་པ་སྟེ་འགྲོ་བ་འགོག་པར་བྱེད་པ་འདི་ནི་རྗེས་སུ་གནང་བའི་ཚུལ་གྱིས་འགོག་པར་བརྗོད་དོ། །ཁྱོད་གཞན་དུ་སོང་ན་ནོར་ནི་མང་པོ་རྙེད་པར་འགྱུར་ཞིང་ལམ་དུ་ཡང་ནི་བགྲོད་བདེ་ཞིང་དགྲ་སོགས་མེད་པས་དགེ་ལ་བདག་གི་སྲོག་ལ་ཡང་འཆིའམ་སྙམ་པའི་ཐེ་ཚོམ་མེད་མོད་ཀྱི། འོན་ཀྱང་མཛའ་བོ་འགྲོ་བར་མི་བྱའོ། །ཞེས་མཛའ་བོ་འགྲོ་བར་བྱེད་པའམ་སྦྱོར་བ་ཡི་རྒྱུ་རྣམས་དག་ནི་རབ་ཏུ་བཤད་ནས། འོན་ཀྱང་འགྲོ་བར་མི་བྱ་ཞེས་དབང་ཆེ་བ་ཉིད་ཀྱིས་འགྲོ་བ་དེ་འགོག་པ་ནི་འདི་འདྲ་དབང་གིས་འགོག་པའོ། །བདག་ནི་གསོན་དུ་རེ་བ་ནི་ཤིན་ཏུ་སྟོབས་དང་ལྡན་ལ། ནོར་བསྒྲུབ་འདོད་ཀྱི་བསམ་པ་ནི་དེ་ཙམ་སྟོབས་དང་ལྡན་པ་མིན་ནོ། །མཛའ་བོ་གཤེགས་སམ་བཞུགས་ལགས་སམ་ཇི་ལྟར་བྱེད་པ་ཁྱེད་རང་གིས་ཤེས་མོད། རང་གིས་བསམ་པའི་གནས་སྐབས་དྲང་པོར་སྨོས་པ་ལགས། གང་ཕྱིར་འདི་ནི་མཛའ་བོ་ལ་ཆགས་ལྡན་མས། མཛའ་བོའི་བགྲོད་པ་འགོག་བྱེད་ཅིང་། སོང་ན་འཆི་བ་ཤུགས་ཀྱིས་བརྗོད་པས་འགྲོ་བ་ལ་དང་མཛའ་བོ་ལ་མ་གུས་
བཞིན་དུ་ཚིག་སྦྱོར་བ་འདི་ནི་མ་གུས་པས་འགོག་པའོ། །མཛའ་བོ་གལ་ཏེ་གཤེགས་ན་བཞུད་ཅིག །ཁྱོད་ཀྱི་ལམ་ནི་དགེ་ཞིང་ཤིས་པར་གྱུར་ཅིག་གུ། །གང་དུ་ཁྱོད་ནི་གཤེགས་པ་དེར། །བདག་ཤི་ནས་ཀྱང་སྐྱེ་བ་ཉིད་གྱུར་ཅིག །དེ་ལྟར་ཤིས་པར་བརྗོད་པའི་ཚིག་ལམ་གྱིས་གང་ཞིག་རང་གི་གནས་སྐབས་འཆི་བ་གསལ་བྱེད་མས། ཚུལ་དེས་མཛའ་བོའི་བགྲོད་པ་འགོག་བྱེད་པ། འདི་ནི་ཤིས་བརྗོད་ཀྱི་ཚུལ་ཉིད་ཀྱིས་འགོག་པའོ། །གལ་ཏེ་ཁྱོད་འགྲོ་བ་ངེས་པར་བདེན་པ་ཉིད་ན། ཁྱོད་ཀྱིས་དགའ་མ་གཞན་པ་འགའ་ཞིག་ཚོལ་ཞིག བདག་ནི་ཁྱོད་དང་བྲལ་བའི་རྒྱུ་དེས་ཀླག་ཚོལ་པའི་སྐབས་རྙེད་ནས། དེ་རིང་ཉིད་དུ་སྲོག་འགོག་པར་འགྱུར་རོ་ཞེས་རང་ཉིད་གཡང་ས་ལ་ལྕེབས་པ་ལྟ་བུ་སོགས་ཀྱིས་འཆི་བར་བསྟན་པའོ། །གང་ཕྱིར་མཛའ་བའི་དབང་གྱུར་མས། མཛའ་བོའི་བགྲོད་པ་འགོག་བྱེད་པ་བདེན་ན་ཞེས་དང་། གཞན་པ་ཚོལ་ཞེས་པའི་ཚིག་རྩུབ་ཀྱི་ཡི་གེ་སྔོན་དུ་འགྲོ་བ་ཅན་འདི་ནི་ཚིག་རྩུབ་མོས་འགོག་པའོ། །གལ་ཏེ་གཤེགས་ན་མྱུར་དུ་བཞུད་ཅིག ཕྱི་བའམ་འགྱང་བར་གྱུར་ན་བདག་ཤི་ནས་གཉེན་འདུན་རྣམས་ཡིད་འཁྲུགས་པའི་ཁས་བསྒྲགས་པའི་ཆོ་ངེ་གང་ཞིག་འགྲོ་བའི་གེགས་སུ་གྱུར་པ་ཁྱོད་ཀྱི་རྣ་བར་འོང་བར་འགྱུར་རོ། །གང་ཕྱིར་
འདི་ནི་མཐའ་གཅིག་ཏུ་མཛའ་བོ་ལ་ཆགས་པ་མོས་མཛའ་བོ་འགྲོ་བ་ལ་ཕན་པའི་གྲོས་འདེབས་པ་ཉིད་བྱེད་པ་ཡིས། མཛའ་བོའི་བགྲོད་པ་འགོག་བྱེད་པ། འདི་ནི་གྲོས་བྱེད་པའི་ཚུལ་ཉིད་ཀྱིས་འགོག་པའོ། །བཞུད་ཅིག་ཅེས་ཁྱོད་དགྱེས་པའི་ཚིག་བརྗོད་པར་འདོད་ཀྱང་། བདག་རང་ཉིད་དགའ་བར་བྱེད་པའི་ཚིག་མ་གཤེགས་ཞེས་པ་ཁ་ནས་ནི་བྱུང་བར་གྱུར་ལ། བདག་གིས་ཅི་ཞིག་བྱེད་ཅེས་པ་རང་གིས་མི་འདོད་པའི་དངོས་པོ་གཤེགས་ཤིག་ཅེས་བརྗོད་པ་ལ་འབད་པར་བྱས་པས་འབྲས་བུ་ཕྱིན་ཅི་ལོག་མ་གཤེགས་ཞེས་བརྗོད་པ་བསྐྱེད་པ་དེས་འབད་པ་དོན་མེད་པར་སོང་བ་ཉེ་བར་བསྟན་པའི་ཕྱིར་བརྗོད་ཚུལ་དེ་ནི་འབད་པས་འགོག་པ་ཞེས་བྱའོ། །འབད་ཀྱང་གཤེགས་ཞེས་བརྗོད་མ་ནུས་པས་མ་འགྲོ་ཞིག་ཅེས་པའི་དོན་ནོ། །ཁྱོད་ལ་རྟག་ཏུ་མིག་གིས་བལྟ་བར་འདུན་པ་བདག་གིས་ཡུན་རིང་ཁྱོད་མ་མཐོང་ན་ལྟ་ཅི་སྨོས། སྐད་ཅིག་ཙམ་དུ་ཁྱོད་ལྟ་བའི་གེགས་བྱེད་པའམ་སྒྲིབ་པའི་མིག་གི་རྫི་མ་བསྐྱོད་པ་ལ་ཡང་ཁྲོ་བ་ཡི་མཛའ་བ་ཤུགས་དྲག་པོ་བདག་གི་ཁོང་ན་ཡོད་པས། ཁྱོད་ཀྱིས་མཛའ་བ་དེ་ལ་ཁོ་བོ་འགྲོ་བ་ཡིན་ཞེས་སྨྲོས་ཤིག་དང་བདག་ནི་དེ་ཡི་གཞན་དབང་ཅན་ཡིན་པས་དེས་ཅི་འདོད་པ་དེ་བདག་གིས་ཀྱང་འདོད་དོ། །གང་ཕྱིར་ཡིད་མཛའ་བ་དྲག་པོའི་གཞན་དབང་དུ་གྱུར་པ་མ་དེ་ཡིས་
མཛའ་བོའི་བགྲོད་པ་འགོག་པར་བྱེད་པའམ། གཞན་དབང་མས་མཛའ་བོ་དེ་ཡི་ཞེས་བྱས་ཀྱང་འདྲ་ལ། རྒྱ་དཔེར་རྣམ་དབྱེ་ཡོད་ཚུལ་གྱིས་འགྱུར་སྔ་ཕྱི་ཅུང་མི་འདྲ་བར་བྱུང་ངོ་། །གཞན་དབང་གི་དོན་འདི་ཉེ་བར་གསལ་བར་བྱེད་པའི་ཕྱིར་ཚིག་སྦྱར་བ་འདི་ནི་གཞན་དབང་གི་ཚུལ་གྱིས་འགོག་པའོ། །མགོན་པོ་ཁྱོད་འབྲལ་བ་ཡི་གདུང་བ་བདག་གིས་བཟོད་པར་བགྱི་བར་འདོད་པས། སྨན་གང་གིས་ཁོ་མོའི་མིག་ལ་བསྒོས་པ་ཡིས་བདག་ལ་ནི། འདོད་པས་བདག་གི་ཡིད་ལ་བསྣུན་པའི་ཡུལ་ཉིད་དུ་མི་མཐོང་བའི་མི་སྣང་བའམ། མཐོང་མིན་གྱི་མིག་སྨན་ཞིག་བདག་ལ་སྩོལ་ཅིག དེ་ལྟར་མིན་ན་འདོད་པས་གླགས་བཙལ་ནས་བདག་འགུམ་པར་ཤུགས་ཀྱིས་བསྟན་པས། བྲལ་བའི་མྱ་ངན་གྱིས་གདུང་བས་འཆི་བ་ལས་ཟློག་པར་བྱེད་པ་ཡི་འཚོ་བའི་ཐབས་ནི་འདོད་པས་བསྣུན་མི་ནུས་པའི་སྨན་དེ་ལྟ་བུ་རྙེད་པར་དཀའ་བ་དག་བྱིན་ཅིག་ཅེས་པའི་ངག་ཉེ་བར་བཀོད་ནས། རང་གི་བདག་པོ་ནི་ཡུལ་གཞན་དུ་འགྲོ་བ་འགོག་པར་བྱེད་པའི་ཕྱིར་འདི་འདྲ་ཐབས་མཁས་ཀྱི་སྒོ་ཉིད་ཀྱིས་འགོག་པར་བརྗོད་དོ། །ཇོ་བོ་ཁྱོད་ཀྱི་ཞལ་ནས་བདག་ལ་མཛའ་བས་མ་བསྡམ་པའི་ཚིག བདག་ཡུལ་གཞན་དུ་འགྲོའོ་ཞེས་པ་ངེས་པར་བྱུང་། བདག་ལ་མཛའ་བ་ཡི་ཤུགས་མིན་པ་སྙིང་རིང་བ་ཁྱོད་ཀྱིས་ད་ནི་
ཡུལ་གཞན་དུ་མ་ཕྱིན་ན་ཡང་བདག་ལ་དགོས་པ་ཅི་ཡོད་དེ་མཛའ་བ་ཆེར་མེད་པས་སོ། །ཞེས་འགྲོ་ཞེས་པའི་ཚིག་བརྗོད་པ་ཡང་འགོག་ན་དངོས་སུ་འགྲོ་བ་འགོག་པ་སྨོས་ཅི་དགོས་སོ། །མཛའ་བོས་རང་ཉིད་ལ་མཛའ་བ་བདོ་བའམ་རྒྱས་པས་མ་བསྡམ་པའི་བདག་ཉིད་ལ་ཁྲོ་བས་མཛའ་བོ་ཡི་འགྲོ་བ་རྩོམ་པ་བཟློག་པ་གང་ཡིན་པ་འདི་ནི་མཛའ་བོ་ལ་ཁྲོ་བ་ཡི་རྣམ་པས་འགོག་པའོ། །འདིར་མཛའ་བོ་རྒྱས་པའི་དབང་གིས་ཁྲོ་བའི་ངག་མ་བསྡམ་པར་སྨྲ་བའི་བདག་ཉིད་ཅན་མ་ཞེས་སོགས་འབྲུ་མནན་ལུགས་འགའ་འདུག་ཀྱང་དོན་ལ་ཕྱོགས་འདྲ་བས་མ་བྲིས་སོ། །གང་གི་དྲི་བཟང་པོ་སྣ་ཡི་བུ་གར་མ་བསྣམས་ཤིང་བུ་མོའི་རྣ་བ་ལ་ཡང་འདོགས་པར་མ་བྱས། ཆང་ལ་ཡང་མ་བཏབ་པར་རྒྱལ་པོ་ཁྱོད་ཀྱི་དགྲ་རྣམས་ཁྱོད་ཀྱི་དཔུང་གིས་བཅོམ་པར་བྱས་པ་རྣམས་ཀྱི་གྲོང་སྟོང་པར་སོང་བ་འདི་ཡི་རྫིང་བུ་ཉིད་དུ་སྐྱེས་པའི་ཨུཏྤལ་སྔོན་པོ་རྣམས་བདག་པོ་མེད་པས། རང་གར་ཆུད་ཟོས་ཏེ་ཟེགས་པར་གྱུར་ཅེས་པས། ཨུཏྤལ་གྱི་བདག་པོ་ཤི་ཟིན་པ་རྣམས་ལ་སྙིང་རྗེར་བཅས་བཞིན་དུ་ཨུཏྤལ་དེ་ཡི་འོས་པའི་ལས་སྣོམ་པ་སོགས་གསུམ་པོ་ནི་བཟློག་པར་བྱས། མྱ་ངན་དུ་འོས་པའི་གནས་སྐབས་སྟོན་པའི་ཕྱིར། འདི་ནི་སྙིང་རྗེས་འགོག་པ་ཞེས་བྱའོ། །འདི་ལ་སྙིང་རྗེ་སྐྱེ་ཡུལ་ཨུཏྤལ་ལ་བྱས་ནས་དེ་དོན་མེད་དུ་ཟེགས་
ཤིང་ཉམས་པ་ལ་སྙིང་རྗེ་འདྲ་བས་སོ་ཞེས་བཤད་པའང་སྣང་། དགག་བྱ་ཨུཏྤལ་གྱི་ལས་གསུམ་བཀག་པས་དོན་མེད་དུ་ཨུཏྤལ་ཆུད་ཟོས་པ་བརྗོད་པས་དགག་རྒྱན་ཡིན་ལ། ཨུཏྤལ་གྱི་བདག་པོ་རང་ཉིད་ཡིན་ན་འགྱོད་པ་སྐྱེ་འོས་ཤིང་། འདི་གཞན་གྱིས་བཅོམ་ཟིན་པའི་བདག་པོ་མེད་པ་དགྲ་སྡེ་དེ་དག་གི་ཡིན་པས་ཚིག་འདིའི་ཤུགས་ལ་སྙིང་རྗེ་སྐྱེ་འོས་པས་སྙིང་རྗེ་དང་བཅས་ཏེ་འགོག་པ་ཞེས་བྱའོ། །གཞན་ཁས་དྲག་སྟོབས་ལྡན་དག་གིས་ཕ་རོལ་འཇོམས་པའི་ལས་འཛེམ་པ་མེད་པར་བྱེད་པ་ལ། ཀྱི་ཧུད་ད་ལྟ་ཁྱོད་སྟོབས་དང་དཔུང་དུ་ལྡན་པས་གཞན་ལ་གནོད་པ་ཆེན་པོ་འཛེམ་མེད་དུ་བྱས་པའི་རྣམ་སྨིན་མི་བཟད་པ་རྣམས་ཚེ་ཕྱི་མར་ཁྱོད་རང་ཉིད་ཀྱི་ཁུར་དུ་ལྷུང་བར་འགྱུར་བས། ད་ལྟ་ནས་བག་ཡོད་པར་གྱིས་ལ་སྡིག་པའི་ལས་འདི་ལྟ་བུ་ཐོངས་ཤིག་ཅེས་པ་ལྟ་བུ་སྙིང་རྗེའི་སྒོ་ནས་འགོག་པ་ཡིན་ནོ། །འདིས་བདག་ལ་གནོད་པ་ཆེན་པོ་མང་དུ་བྱས་ལ་ལྕག་གིས་གཞུ་བ་ཙམ་གྱི་སྡུག་བསྔལ་ལ་སྙིང་རྗེ་མི་བྱའོ། །ཞེས་པ་ལྟ་བུ་སྙིང་རྗེ་ཉིད་འགོག་པའོ། །དེ་སོགས་ཚིག་རྣམས་ལ་ཉམས་ཀྱི་རྣམ་དབྱེ་དུ་མ་ཡོད་པའི་སྒོ་ནས་དབྱེ་བ་བྱས་ན་མཐའ་མེད་པར་འགྱུར་རོ། །ནོར་བས་གང་པ་སོགས་རང་ལ་ཉེ་བར་མཁོ་བའི་དོན་ནི་འགའ་ཡང་ཚོགས་པར་ཏེ་བསགས་པར་མ་བྱས་ལ།
རྟོག་གེ་བརྡ་སྤྲོད་སོགས་རིག་པ་འགའ་ཡང་བརྩོན་པས་མ་བསྒྲུབས་པའམ་མ་བསླབས་པ་དང་། ཡང་ན་དབང་དུ་བྱེད་པ་དང་མཁའ་ལྡིང་གི་སྔགས་སོགས་རིག་པ་འགའ་ཡང་མ་བསྒྲུབས་ཤིང་ཞེས་བཤད་ཀྱང་རུང་ངོ་། །དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་ཡོན་ཏན་འགའ་ཡང་མ་བསགས་པར། ན་ཚོད་མཐའ་དག་སོང་བར་གྱུར་ཏོ་ཞེས། གང་ཕྱིར་འདིར་ནི་ཚེ་ཟད་དེ་སོང་བས་དོན་སྒྲུབ་པ་ལ་སོགས་པ་འགོག་པ་ནི། དགག་པ་བརྗོད་པ་འདིའི་ཤུགས་ཀྱིས་འགྱོད་པ་གཙོ་བོར་སྟོན་པར་བྱེད་པ་འདི་ནི་འགྱོད་པས་འགོག་པའོ། །ཅི་ནམ་མཁའི་ངོས་ན་དཀར་པོའི་མདོག་ཅན་ལྡང་ཐབས་སུ་བསྐྱོད་པ་འདི་ནི་སྟོན་གྱི་ཆུ་འཛིན་ནམ། ཡང་ན་ངང་པའི་ཚོགས་སམ་ཅི་ཞིག་ཅེས་ཐེ་ཚོམ་པ་ལ་ཇི་ཞིག་ན་སྒྲ་ནི་རྐང་གདུབ་ཀྱི་སྒྲ་འདྲ་བ་ཞིག་ཐོས་པས། དེ་ནི་ཆུ་འཛིན་མིན་པ་དང་ངང་པ་ཡིན་པར་ཤེས་སོ། །རྐང་གདུབ་ཀྱི་སྒྲ་འདྲ་བའི་ཆོས་འདི་ནི་ངང་པ་ལ་ཡོད་ཅིང་། གཞན་སྤྲིན་གྱི་རིགས་ལ་མ་རེག་བའམ་མེད་པས། གང་ཞིག་སྤྲིན་ཡིན་ནམ་སྙམ་པའི་ཐེ་ཚོམ་ཟློག་པར་བྱེད་པ་འདི་ནི་ཐེ་ཚོམ་ཉིད་འགོག་པའོ། །འདི་ལ་རྒྱ་གར་གྱི་རྒྱལ་པོ་རྣམས་ཀྱིས་ངང་པ་བཟུང་སྟེ་དེས་རྐང་པར་གསེར་དངུལ་གྱི་གདུ་བུ་བྱས་པས་དེ་དག་ལ་གཞན་གྱིས་མི་འཚེ་ཞིང་རང་ཡུལ་གྱི་མཚོ་རུ་འདུ་ཞིང་མཛེས་པ་ཡིན་པས་དེ་འདྲའི་རྐང་གདུབ་ཀྱི་སྒྲ་
ཐོས་པས་ཞེས་བོད་འགྲེལ་ཕལ་ཆེར་དུ་བཤད་ཀྱང་མི་ལེགས་ཏེ། སྤྱིར་དང་བ་ཡིན་ཚད་ལ་རྐང་གདུབ་ཡོད་པར་མ་ངེས་པ་དང་། རྐང་གདུབ་ཀྱི་སྒྲ་ཐོས་ཀྱང་དད་པར་མ་ངེས་པ་དང་། རྒྱལ་པོ་ཁ་ཅིག་གིས་དད་པ་རེ་ཟུང་ལ་རྐང་གདུབ་བྱས་པ་ཡོད་དུ་ཆུག་ཀྱང་དེ་ལ་སྒྲ་གྲགས་པའི་ངེས་པ་མེད་པ་དང་། ཁྱད་པར་སྤྲིན་དང་ངང་པ་གང་ཡིན་ཆ་མ་ཕྱེད་པའི་བར་ཐག་ཡོད་བཞིན་ངང་པའི་རྐང་གདུབ་ཀྱི་སྒྲ་གསལ་པོར་ཐོས་པ་མི་སྲིད་པ་སོགས་འབྲེལ་མི་འགྲིགས་པའི་ངག་གོ། དངོས་དོན། འདོད་འཇོར་རྐང་གདུབ་ཀྱི་མིང་ལ་ཧཾ་ས་ཀཿསྟེ་དང་བ་ལྡན་པ་ཞེས་འབོད་པ་རྐང་གདུབ་ཀྱི་སྒྲ་དང་བའི་སྐད་དང་ཆ་འདྲ་བའི་དོན་ཡིན་གྱི། རྐང་གདུབ་ལ་ངང་པའི་གཟུགས་བཀོད་པ་སོགས་ཀྱིས་དང་བ་ལྡན་པར་བརྗོད་པ་མིན་ལ། རྐང་གདུབ་ཀྱི་དངོས་མིང་ནཱུ་པུ་ར་ཞེས་པ་ནཱུ་དམན་པ་པུ་ར་གང་བའི་དོན་དུ་བཤད་དོ། །དེས་ན་ངང་པའི་སྐད་ནི་གསེར་གྱི་རྐང་གདུབ་འཁྲོལ་བའི་སྒྲ་དང་ཆ་འདྲ་བ་ཡིན་པས་དེ་འདྲའི་ངང་པའི་སྐད་ཐོས་པ་ལས་ངང་པ་ཉིད་དུ་ཤེས་པ་ཞེས་བྱ་སྟེ། གཞུང་འདིའི་ལེའུ་གསུམ་པར་བཞད་ཀྱི་རྗེས་མཚུངས་སྒྲ་ལྡན་དྲིལ་ཆུང་ཅན་ཞེས་དྲིལ་གཡེར་གྱི་སྒྲ་བཞད་ཀྱི་སྒྲ་དང་འདྲ་བར་བཤད་པ་བཞིན་ནོ། །འདི་ལྟར་གདོང་དང་ཟླ་བ་ཆོས་མཐུན་པའི་ངག་གིས་སྦྱར་བ་ན་གདོང་ཡིད་དགའ་བའི་
སིམ་བྱེད་ཀྱི་བདུད་རྩིའི་བདག་ཉིད་དང་། ཟླ་བ་ནི་བདུད་རྩིའི་བདག་ཉིད་ཀྱི་བསིལ་ཟེར་ལྡན་པའོ། །གདོང་གིས་པདྨའི་མཛེས་པ་ཟིལ་གྱིས་གནོན་པ་དང་། ཟླ་བས་པདྨ་ཟུམ་པར་བྱེད་པས་ན་དེ་གཉིས་ཀ་ཡང་པདྨ་ལ་སྡང་བ་ཡིན་ཞིང་། སྣུམ་པའི་ཏཱ་ར་ཀེ་ཞེས་པའི་ཏཱ་ར་ཀེའི་སྒྲ་མིག་འབྲས་དང་སྐར་མ་ལ་འཇུག་པས། གདོང་གི་དབང་དུ་བྱས་ན་སྣུམ་པའི་མིག་འབྲས་ཏེ། མིག་གི་རྒྱལ་མོ་དང་ལྡན་པ་དང་། ཟླ་བ་ལ་འོད་མདངས་སྣུམ་པའི་སྐར་མ་ཅན་ཞེས་སོ། །འདིར་སྐར་འབྲས་ཅན་ཞེས་སྒྲ་བསྡུས་ནས་སྔར་བསྒྱུར་བ་ལྟར་ན། སྒྲ་སྦྱར་ཞིག་པས་རྒྱ་སྐད་སོར་བཞག་བྱས་ན་ལེགས་ཞེས་བཤད། དེ་ལྟར་སྒྲ་དང་དོན་གྱི་སྒོ་ནས་གདོང་དང་ཟླ་བ་ཆོས་འདྲ་བར་སྦྱར་བར་བྱས་ནས། ཁྱོད་གདོང་ཟླ་བ་འདི་ཡོད་བཞིན། །ཟླ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་ཕལ་པའི་ཟླ་བའམ་བཏགས་པའི་ཟླ་བ་གདོང་ལ་བརྟེན་པའམ་ཡོད་པ། གཙོ་བོ་ཟླ་བ་དངོས་དེ་དང་མཚུངས་པའི་ཡོན་ཏན་བདུད་རྩིའི་བདག་ཉིད་སོགས་གསུམ་པོ་བསྟན་པར་བྱས་ནས་གཙོ་བོའི་ཟླ་བ་ལ་དེས་ཅི་བྱ་ཞེས་དགོས་པ་མེད་པར་བརྗོད་དེ། འགོག་པར་བྱེད་པ་ཡི་ངག་གི་རྣམ་པ་ནི་དེ་ལྟར་ཕན་ཚུན་སྦྱར་བས་འགོག་པའོ། །གཞན་གྱི་སྡེ་ཐམས་ཅད་ཟིལ་གྱིས་མནན་ཡང་ད་དུང་རྒྱལ་པོ་ཁྱོད་ཀྱི་ནི་གཞན་རྣམ་པར་གནོན་འདོད་ཀྱི་བསམ་
པ་འདི་ལ་ཚིམ་པ་ཅུང་ཟད་མེད་པ་མཚར་རོ། །ཡང་ན་ངོ་ཅི་མཚར་ཏེ་སྲེག་ཟ་མེ་འབར་བ་ལ་ཤིང་ཅི་ཙམ་བསྣན་ཀྱང་ཚིམ་པ་དག་གིས་ནི་ནམ་ཞིག་མཐོང་སྟེ་མ་མཐོང་བ་དེ་ནི་དེའི་ཆོས་ཉིད་ཡིན་པས་མཚར་དུ་མེད་དོ། །གང་ཕྱིར་སྐབས་འདིར་ནི་དོན་གཞན་མེ་འབར་བ་ལ་ཚིམ་པ་མེད་པ་དག རྒྱལ་པོའི་རྣམ་པར་གནོན་པ་ཚིམ་པ་མེད་པ་དེ་ཡི་ཆོས་མཚུངས་སུ་བསྟན་པར་བྱས་ནས། ཚིམ་པ་མེད་པ་ལ་ཡ་མཚན་དུ་རྩོམ་པའམ། འཛིན་པ་འགོག་པར་བྱེད་པ་འདི་ནི་དོན་གཞན་བཀོད་པས་འགོག་པའོ། །འདི་ནི་བདག་ཅག་ལ་སྦྱིན་པ་པོ་ཞེས་སུ་ནམ་ཡང་ནི། མི་ཡི་དབང་པོ་ཁྱོད་ལ་མི་བསྟོད་དེ། རྒྱུ་མཚན་གང་གི་ཕྱིར་ན་སློང་མོ་བས་ཁྱོད་ཀྱི་ནོར་རྣམས་མཐོང་བ་ཙམ་ནས་འདི་གཞན་གྱི་ཡིན་ནོ་སྙམ་དུ་མི་སེམས་པར་རང་གི་ནོར་ཉིད་དུ་བསམས་ནས་ལེན་པས་སོ། །ཞེས་པ་ལ་སོགས་རྒྱུ་མཚན་གྱི་སྒོ་ནས་འགོག་པ་ནི། རྒྱུ་མཚན་ནམ་རྒྱུས་འགོག་པ་ཞེས་སུ་བཤད་པ་ཡིན་ནོ་སྟེ་ལྷག་བཅས་ཀྱི་ཚིག་སྟེ་འོག་མ་དང་མཚམས་སྦྱར་བའི་སླད་དུ་བཀོད་པ་ཙམ་མོ། །གསུམ་པ་མཇུག་སྡུད་ནི། འདིར་དཔེར་བརྗོད་པའི་ཕྱོགས་འདི་ཉིད་ཀྱིས་དགག་པའི་རྒྱན་གྱི་རྣམ་པར་རྟོག་པའམ་རྣམ་པར་བརྟགས་པ་གཞན་པ་མཐའ་མེད་པ་དག་ཀྱང་འདིས་མཚོན་ནས་བློས་དཔག་པར་ནུས་པ་ཡིན་ནོ་ཞེས་པའོ། །བདུན་པ་དོན་
གཞན་བཀོད་པའི་རྒྱན་བཤད་པ་ལ། ངོ་བོ་ངོས་བཟུང་བ་དང་། དབྱེ་བ་དཔེས་བསྟན་པ་གཉིས། དང་པོ། གང་ཞིག་བསྒྲུབ་པར་བྱ་བའི་དངོས་པོ་འགའ་ཞིག་སྔོན་དུ་བཀོད་ནས། སྔ་མ་དེ་ཡི་སྒྲུབ་བྱེད་ནུས་པ་ཅན་དུ་གྱུར་པ་ཡི་དངོས་པོ་གཞན་དག་རྗེས་སུ་འགོད་པ་དེ་ནི་དོན་གཞན་བཀོད་པ་ཡི་རྒྱན་ཡིན་པར་བློས་རབ་ཏུ་ཤེས་པར་བྱའོ། །གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། ཀུན་ཏུ་ཁྱབ་པའི་དོན་གཞན་བཀོད་པ་དང་། དེ་བཞིན་དུ་སྦྱར་ཏེ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་དང་། སྦྱར་བ་ཅན་དང་། འགལ་བ་ཅན་དང་། མི་འོས་པར་བྱེད་པ་དང་། འོས་པའི་བདག་ཉིད་དུ་གྱུར་པ་དང་། འོས་དང་མི་འོས་པ་གཉིས་ལྡན་དང་། དེ་ལས་གོ་རིམ་བཟློག་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་སྟེ་རྣམ་གྲངས་བརྒྱད་ཡོད་པའོ། །རྒྱན་འདི་ཡི་དབྱེ་བ་བརྒྱད་པོ་དེ་ལྟ་བུ་ལ་སོགས་པ་དུ་མ་རྣམས་ནི་ངག་གི་སྦྱོར་བ་རྣམས་ལ་རབ་ཏུ་མཚོན་པ་སྟེ་གསལ་བར་ཡོད་པ་ཡིན་ལ། གོང་བསྟན་འདི་རྣམས་ཀྱི་རང་བཞིན་གསལ་བར་བྱ་བའི་ཕྱིར་དཔེར་བརྗོད་ཀྱི་ཕྲེང་བ་བསྟན་པར་བྱའོ། །གཉིས་པ་རྒྱས་བཤད་ལ། དང་པོ་ཀུན་ཏུ་ཁྱབ་པའི་དོན་གཞན་བཀོད་པ་ནི། ལེགས་ལྡན་ཞེས་ལེགས་པའི་ཡོན་ཏན་དང་ལྡན་ཞིང་འགྲོ་བ་རྣམས་ཀྱི་མིག་ལྟ་བུར་གྱུར་པ་ཉི་མ་དང་ཟླ་བ་ཡང་ནུབ་པར་གྱུར་པ་ཉིད་ལ་ལྟོས་ཞེས་
བསྒྲུབ་བྱའོ། །དེའི་སྒྲུབ་བྱེད་ནི་ཉི་མ་ཟླ་བ་འདི་ལྟར་གཟི་བརྗིད་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་ཡིན་མོད་ཀྱི། འདུས་བྱས་ཡིན་པས་ན་འདུས་བྱས་ཀྱི་ཆོས་རྣམས་རྟག་ཏུ་ངང་ཚུལ་གཅིག་ལ་གནས་པ་མ་ཡིན་པར་མི་རྟག་པ་ཡིན་པའི་ངེས་པ་འདི་ལ་ནི་སུ་ཡིས་འགོངས་པའམ་འདའ་བར་བྱེད་དེ་བྱེད་མི་ནུས་སོ། །ཞེས་སྒྲུབ་བྱེད་མི་རྟག་པའི་ངེས་པ་དེ་ནི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཀུན་ལ་ཁྱབ་ཆེ་བ་བཀོད་པའོ། །ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི། ཆུ་འཛིན་འདི་དག་ནི་ལུས་ཅན་གྱི་ཚ་བས་གདུང་བ་ཡོངས་སུ་འཕྲོག་པར་བྱེད་པ་ཡིན་ནོ། །དེ་དེ་ལྟར་ཡིན་པར་མ་ཟད་ཆེན་པོ་འབྱུང་བ་རྣམས་ཀྱི་བདག་ཉིད་ཐོབ་པར་འཇིག་རྟེན་ན་གྲགས་པ་འདི་དག་ཀྱང་གཞན་གྱི་སྡུག་བསྔལ་ཞི་བའི་སླད་དུ་དེ་ལྟར་གྲགས་པའོ། །ཞེས་ས་ཡིས་གཞི་བརྟེན། མེས་སྨིན། རླུང་གིས་འཕེལ། ཆུས་སྡུད་པའི་སྒོ་ནས་འབྱུང་བ་རྣམས་འཇིག་རྟེན་ཡོངས་ཀྱི་ཉེར་འཚོར་གྲགས་པ་ཡིན་ནོ། །ཞེས་དངོས་པོ་སོ་སོའི་ཁྱད་པར་ལ་གནས་པའི་ཡོན་ཏན་ནོ། །འདི་ལ། བདག་ཐོབ་མིན་ནམ་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་ཞི་སླད་དུའོ། །ཞེས་པའི་འགྱུར་ལྟར་ན་བཤད་ཚུལ་ཅུང་མི་འདྲ་བ་དུ་མ་ཐོབ་པར་སྣང་ངོ་། །ནང་བཅུད་ལ་བཤད་ན། བདག་ཉིད་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོན་ཏན་རྒྱ་
ཆེ་བའི་བདག་ཉིད་ཐོབ་པ་ནི་གཞན་སེམས་ཅན་གྱི་སྡུག་བསྔལ་ཞི་བའི་སླད་དུ་ཡིན་པས། གཞན་ལ་ཕན་པར་བྱེད་པ་ནི་སྤྲིན་ཙམ་དུ་མ་ཟད་གཞན་དུ་མའང་ཡོད་དོ་ཞེས། གཞན་ལ་ཕན་པར་བྱེད་པའི་ཆོས་ཀྱི་ཁྱད་པར་ལ་གནས་པའི་དོན་བརྗོད་པར་བྱས་ཀྱང་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ཡིན་པས་དོན་ལ་ཁྱད་མེད་དོ། །སྦྱར་བའི་དོན་གཞན་བཀོད་པ་ནི། ལྷོ་ཕྱོགས་མ་ལ་ཡ་ཡི་རླུང་གིས་ནི་འཇིག་རྟེན་པ་རྣམས་དགའ་བ་སྐྱེད་པར་བྱེད་ཅེས་པ་བསྒྲུབ་བྱའོ། །དེ་ཡི་སྒྲུབ་བྱེད་ཀྱི་དོན་གཞན་ནི། དཱཀྵི་ཎྱ་དང་ཡང་དག་པར་ལྡན་པའི་ཕྱིར་ཀུན་གྱི་སྙིང་དུ་སྡུག་པ་མ་ཡིན་ནམ། ཞེས་དཱཀྵི་ཎྱ་ཞེས་པ་དོན་མང་པོ་ལ་འཇུག་ཀྱང་། སྐབས་འདིར་དཱཀྵི་ཎ་ཞེས་མཁས་ཤིང་དྲངས་ལ་གཡོ་སྒྱུ་མེད་པ་ལ་འཇུག་ཅིང་། དེ་ལ་རྐྱེན་ཎྱ་ཏ་སྦྱར་བས་དེ་ལས་བྱུང་བ་ཞེས་པར་འགྱུར་བས་མཐོ་དམན་མེད་པར་སྙོམས་པའི་དྲང་པོ་ལས་བྱུང་བ་ནི་ཀུན་དང་མཐུན་པར་འཇུག་པའི་དོན་གྱིས། ཀུན་དང་མཐུན་པར་འཇུག་པ་དང་ཡང་དག་པར་ལྡན་པ་འདི་ཀུན་གྱི་སྙིང་སྡུག་མ་ཡིན་ནམ་ཞེས་པའི་དོན་དང་། ཡང་དཱཀྵི་ཎ་ལྷོ་ཕྱོགས་དང་། དེ་ལས་བྱུང་བའི་དོན་ལ་ཎྱ་ཏ་སྦྱར་བས། ལྷོ་ལས་བྱུང་དང་ཡང་དག་ལྡན། །ཞེས་ལྷོ་ན་སྨན་སྤོས་ཀྱི་ནགས་ཚལ་ཡོད་པས་དེ་ལས་བྱུང་བའི་དྲི་ཞིམ་པོ་དང་ལྡན་པས་ཀུན་གྱི་
སྙིང་དུ་སྡུག་པ་དང་དོན་གཉིས་པོ་དེ་སྒྲ་གཅིག་པོ་དེས་སྦྱར་ནས་བཟུང་བས་སྒྲ་གཅིག་ལ་སྒྲུབ་བྱེད་ཀྱི་དོན་གཉིས་སྦྱར་དུ་ཡོད་པས་སྦྱར་བའི་དོན་གཞན་བཀོད་པར་བརྗོད་དོ། །གཞན་དཱཀྵི་ཎའི་སྒྲ་གཡས་སོགས་ལ་འཇུག་ཀྱང་། དེ་དག་སྐབས་འདིའི་དོན་མིན་ནོ། །འགལ་བ་ཅན་གྱི་དོན་གཞན་བཀོད་པ་ནི། མཚན་མོར་བྱེད་པ་ཟླ་བ་འདི། ནག་པོར་རིའི་དྲི་མ་དང་ལྡན་ཡང་འགྲོ་བ་རྣམས་དགའ་བ་སྐྱེད་པར་བྱེད་དོ་ཞེས། དྲི་མ་ཅན་གྱིས་དགའ་བ་སྐྱེད་པ་འགལ་བ་ལྟ་བུར་སྣང་བ་དེ་བསྒྲུབ་བྱའོ། །སྒྲུབ་བྱེད་གཉིས་སྐྱེས་ཞེས་པ་བྲམ་ཟེ་དག་གི་དབང་པོ་སྟེ་སློབ་དཔོན་རྣམས་ཆགས་སོགས་ཀྱི་སྐྱོན་དང་ལྡན་ཡང་རིག་བྱེད་ལ་མཁས་པ་སོགས་ཀྱི་སྒོ་ནས་གཞན་སློབ་མ་རྣམས་རྗེས་སུ་འཛིན་པར་ནུས་སོ། །འདི་དོན་གཞན་བཀོད་པའི་དཔེ་དང་སྤྱིར་འདྲ་ཡང་དཔེ་ཙམ་དུ་བསྟན་པ་མིན་པར་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཚུལ་དུ་འགྱུར་བའི་ཁྱད་པར་རོ། །མི་འོས་པའི་དོན་གཞན་བཀོད་པ་ནི། ཡིད་འོང་སྦྲང་རྩི་འཐུང་པའི་མགྲིན་པ་གང་ཞིག་དབྱངས་སྙན་པ་འབྱུང་བའི་གནས་དེ་ལས་བྱུང་བ་བུང་བའི་སྒྲ་དག་ཀྱང་རྣ་བར་གདུག་ཅིང་རྩུབ་པ་ཉིད་དུ་འགྱུར་བ་ནི་མི་འོས་པའོ། །དེ་ལྟར་མི་འོས་ན་ཡང་དེ་འདྲ་སྲིད་པའི་སྒྲུབ་བྱེད་ནི། འདོད་པ་དང་ལྡན་པ་རྣམས་ཀྱི་སྡིག་པའམ་ཉེས་པ་ནི་ཚུལ་
འདི་འདྲ་བར་ཕྱིན་ཅི་ལོག་ཅིག་གོ་ཞེས་སོ། །འོས་པའི་དོན་གཞན་བཀོད་པ་ནི། ཆུ་སྐྱེས་པདྨ་དམར་པོའི་འདབ་མའི་མལ་སྟན་འདིས་བདག་གི་ལུས་འདི་ཆགས་པས་གདུང་ནས་སྲེག་པར་བྱེད་དོ། །འདིར་པདྨ་ཡིད་དུ་འོང་བ་ཡིན་ལ། ཆགས་པ་ནི་ཡུལ་ཡིད་འོང་ལས་སྐྱེ་བའི་ཕྱིར་དང་ཆགས་པས་དྲོད་འབར་བ་དང་སེམས་གདུང་པར་བྱེད་པའི་ཕྱིར་འོས་པའོ། །དེའི་སྒྲུབ་བྱེད་སྲེག་པར་བྱེད་པའི་བདག་ཉིད་སྲེག་ཟ་མེ་དང་། ཆགས་པ་སྐྱེད་པའི་རེག་འཇམ་པདྨ་འདི་གཉིས་གདུང་བའི་བྱ་བ་བྱེད་པར་འདྲ་བས་ན་པདྨའི་མལ་སྟན་ལས་སྐྱེས་པའི་ཆགས་པ་དེས་གདུང་ཞིང་སྲེག་པར་བྱེད་པ་རིགས་པ་མ་ཡིན་ནམ་སྟེ་རིགས་སོ། །འདི་ལ་པདྨའི་མལ་སྟན་གྱིས་ལུས་གདུང་བ་བསྒྲུབ་བྱ། དེའི་སྒྲུབ་བྱེད་པདྨ་ནི་མདོག་དམར་བས་མེ་དང་འདྲ་བ་ཡིན་པས་གདུང་རིགས་ཞེས་སྔ་འགྲེལ་རྣམས་སུ་སྣང་། དེ་ནི་ཚིག་གི་ཉམས་འགྱུར་གྱིས་སྒྲུབ་བྱེད་དུ་སྒྲོ་བཏགས་པ་ཙམ་ལས་དངོས་དོན་སྒྲུབ་ནུས་ཅི་མི་སྣང་ངོ་། །དོན་ལ་པདྨའི་མལ་སྟན་ལ་བརྟེན་ནས་དགའ་མའི་ལུས་རེག་འཇམ་གྱི་རྣམ་པ་དྲན་ནས་ཆགས་པས་གདུང་བ་འབར་བ་བརྗོད་བྱར་བྱས་ནས་འོས་པར་བསྒྲུབ་པའོ། །འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་ནི། བསིལ་ཟེར་ཅན་གྱིས་བདག་གི་སེམས་གདུང་ཞིང་རྣལ་གནས་ལས་ཉམས་
པར་བྱེད་དུ་ཆུག་མོད། དཔྱིད་ཀྱི་དུས་ཡིད་འོང་དག་པ་འདིས་བདག་ཅི་ལ་གདུང་སྟེ་འདི་ནི་མི་འོས་སོ། །ཅིའི་ཕྱིར་ན་ནག་པོར་རིའི་དྲི་མ་ཡོད་པ་རི་བོང་ཅན་གྱིས་སྤྱོད་པའི་ལས་གང་ཡིན་པ་དེ་ལྟ་བུ་དཔྱིད་ཡོངས་སུ་དག་པས་སྤྱོད་མི་འོས་པ་མིན་ནམ་ཞེས་སོ། །མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། མེ་ཏོག་ཀུ་མུ་ད་ལྡན་པའི་ཚལ་འདི་ཡང་ཆགས་པའི་མེ་སྦར་བའི་རྒྱུར་གྱུར་ནས་བདག་སྲེག་པར་བྱེད་ན། པདྨའི་འབྱུང་གནས་ཏེ་པདྨ་མང་པོ་ཡོད་པའི་ཚལ་དེས་ནི་དེ་ལྟར་ཅིས་མི་བྱེད་ཅེས་པ་བསྒྲུབ་བྱ་དང་། དེའི་སྒྲུབ་བྱེད་ནི་བསིལ་བྱེད་ཟླ་བས་བཟུང་བ་ཀུ་མུ་ད་རྣམས་རྩུབ་ཅིང་གདུང་བ་བསྐྱེད་པས་ན། ཉི་མས་རྗེས་སུ་བཟུང་བ་པདྨའི་ཚལ་རྣམས་ནི་འཇམ་པར་མི་འགྱུར་རོ། །ཞེས་ཚིག་གི་ཉམས་འགྱུར་མཚར་བོར་བརྗོད་པའོ། །བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་བཤད་པ་ལ། རྒྱན་གྱི་ངོ་བོ་ངོས་བཟུང་། དེའི་དབྱེ་བ་རྣམས་དཔེ་བརྗོད་ཀྱིས་བསྟན་པ་གཉིས་ལས། དང་པོ། མཚུངས་པར་བརྗོད་པའི་སྒྲ་དངོས་སུ་འཇུག་པའམ། མཚུངས་བརྗོད་ཀྱི་སྒྲ་དངོས་སུ་མེད་ཀྱང་དོན་ནམ་ཤུགས་ཀྱིས་རྟོགས་པ་ཡིས་དངོས་པོ་གཉིས་ནི་མཚུངས་པར་གྱུར་པ་གཞིར་བཞག་ནས། སླར་ཡང་དེ་གཉིས་པོ་ཡི་དབྱེ་བ་བརྗོད་པ་གང་ཡིན་པའི་ངག་སྦྱོར་དེ་ནི་དེ་གཉིས་སོ་སོར་འབྱེད་ཅིང་ལྡོག་པས་ན་ལྡོག་
པ་ཅན་ཞེས་པའི་རྒྱན་དུ་བརྗོད་དོ། །གཉིས་པ་དབྱེ་བ་དཔེས་བརྗོད་པ་ལ་གཞུང་འདིར་གསུངས་པའི་དཔེ་བརྗོད་བཅུ་ཡོད་པ་དེ་དག་སྤྱི་རིགས་ནས་བཞིར་འདུས་ཏེ། སྒྲས་ཟིན་མཚུངས་པའི་ལྡོག་པ་ཅན། མཚུངས་པར་རྟོགས་པའི་ལྡོག་པ་ཅན། འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན། རིགས་མཐུན་འབྱེད་པའི་ལྡོག་པ་ཅན་དང་བཞི་ལས། དང་པོ། སྒྲས་ཟིན་མཚུངས་པའི་ལྡོག་པ་ཅན་གྱི་བྱེ་བྲག་གཅིག་གི་ལྡོག་པ་ཅན་ནི། རྒྱལ་པོ་ཕྲ་མ་སོགས་ཀྱིས་མི་གཡོ་བས་བརྟན་པ་དང་། རྒྱ་མཚོ་ནི་འདོམ་བཅུ་གཉིས་མན་ཆད་མི་གཡོ་བས་བརྟན་པ་དང་། ཁ་ཅིག་ལས་འདོམ་བདུན་མན་ཆད་མི་གཡོ་པར་བཤད། རྒྱལ་པོ་བློ་ཁོག་ཡངས་ལ་ཆེ་བའམ་མངའ་ཐང་ཆེ་བ་དང་། རྒྱ་མཚོ་ཐ་གྲུ་ཡངས་པའི་རྒྱ་ཆེ་བའི་བདག་ཉིད་ཡིན་པ་དང་། ལཱ་བ་ཎྱ་ཞེས་ལན་ཚྭའི་རོ་དང་མཛེས་པ་ལ་འཇུག་པས། རྒྱལ་པོ་མཛེས་པ་དང་། རྒྱ་མཚོ་ལན་ཚྭའི་རོ་དང་ལྡན་པ་སྒྲ་ཡི་སྒོ་ནས་སྦྱར། སོགས་སྒྲས་གཞན་ཡང་རྒྱལ་པོ་དང་རྒྱ་མཚོ་རིན་པོ་ཆེའི་འབྱུང་གནས་ཡིན་པ་དང་སྲོག་ཆགས་མང་པོའི་རྟེན་གནས་ཡིན་པ་སོགས་ཀྱི་ཡོན་ཏན་གྱིས་རྒྱལ་པོ་ཁྱོད་དང་རྒྱ་མཚོ་མཚུངས་ཞེས་དེ་གཉིས་མཚུངས་ཚུལ་སྒྲས་དངོས་སུ་ཟིན་པར་བྱས་ནས་འབྱེད་བྱེད་ཀྱི་ལྡོག་པ་ཐ་དད་པ་ནི། རྒྱལ་པོ་ཁྱོད་ཀྱི་ལུས་ནི་སྐྱེས་བུ་མཆོག་གི་
ལུས་ཡན་ལག་དང་དབང་པོ་ལྡན་པ་འདི་འདྲ་བ་ཉིད་ཀྱིས་སོ། །འདིར་དེ་གཉིས་ཀྱི་གཅིག་ལ་གནས་པའི་ཆོས་བརྗོད་པ་ཉིད་ཀྱིས་ནི། ཅིག་ཤོས་ལ་དེ་མེད་པའི་ཁྱད་པར་ཤེས་ནས་གཉིས་ཀ་ལ་གནས་པའི་ཆོས་ཐ་དད་མི་འདྲ་བ་རྟོགས་པའི་ཡུལ་དུ་གྱུར་པའི་ཕྱིར། དཔེ་བརྗོད་འདི་ནི་གཅིག་གི་ལྡོག་པ་ཅན་ཞེས་བྱའོ། །གཅིག་གི་ལྡོག་པ་ཅན་སོགས་ཕལ་ཆེར་སྦྱར་ན་རྒྱན་འདྲ་ཡང་འབྱེད་བྱེད་གཉིས་པོ་མཚུངས་པ་གོ་བྱེད་ཀྱི་སྒྲ་ཡིན་པས་སྦྱར་བ་ཤུགས་ལས་གྲུབ་མོད། དེ་གཉིས་འབྱེད་པའི་ལྡོག་པ་བརྗོད་པ་བརྗོད་བྱའི་གཙོ་བོ་ཡིན་པས་སྦྱར་རྒྱན་དུ་མི་འགྱུར་རོ། །ཆུ་ཡི་ཕུང་པོ་རྒྱ་མཚོ་ཆེན་པོ་དག་དང་རྒྱལ་པོ་ཁྱོད་མཚམས་ལས་མི་འདའ་བ་དང་ཟབ་པ་སྟེ། ཞེས་རྒྱལ་པོ་ལུགས་ཀྱི་མཚམས་ལས་དང་། རྒྱ་མཚོ་ཡུལ་དང་དུས་ཀྱི་རླབས་ཀྱི་མཚམས་ལས་མི་འདའ་བ་དང་། རྒྱལ་པོ་བློ་ཟབ་པ་དང་། རྒྱ་མཚོ་གཏིང་ཟབ་པས་དངོས་པོ་དེ་གཉིས་མཚུངས་པ་ཡིན་པ་ལས། འབྱེད་བྱེད་ཐ་དད་དུ་གྱུར་པའི་ཆོས་ནི། རྒྱ་མཚོ་འདི་ནི་མིག་སྨན་དང་མཚུངས་པར་ནག་ལ། རྒྱལ་པོ་ཁྱོད་ནི་གསེར་གྱི་མདོག་ཅན་ནོ། །ཞེས་གང་ཕྱིར་འདིར་ནི་རྒྱལ་པོ་དང་རྒྱ་མཚོ་གཉིས་ཀ་ཡི་སྟེང་གི་སོ་སོར་འབྱེད་བྱེད་ཀྱི་ཡོན་ཏན་ནག་པོ་དང་། སེར་པོ་དག་ནི་ཐ་དད་དུ་བསྟན་པ་འདི་ནི་གཉིས་ཀའི་ལྡོག་པ་
ཅན་ཞེས་བྱ་སྟེ། གཅིག་དང་གཉིས་ཀྱི་ལྡོག་པ་བརྗོད་པ་ནི་འོག་མ་རྣམས་ལ་ཁྱབ་བྱེད་དུ་འཇུག་གོ། རྒྱལ་པོ་ཁྱོད་དང་རྒྱ་མཚོ་གཉིས་ཀ་དུརྦཱ་རཽ་ཞེས་པ་བཟློག་དཀའ་བ་དང་ཀློང་འཁོར། མ་ཧཱ་ས་ཏྭ་སྙིང་སྟོབས་ཆེན་པོ་དང་། སེམས་ཅན་ཆེན་པོ་སྟེ་ཆུ་སྲིན་སོགས་ལུས་ཆེ་བ། ཏེ་ཛ་གཟི་བརྗིད་དང་མེ་ལ་འཇུག་པས་སྐབས་འདིར་རྟ་གདོང་གི་མེའོ། །དེ་ལྟར་སྒྲ་དེ་དག་རེ་རེས་དོན་གཉིས་རེ་མཚོན་པ་ལས་སྔ་མ་རྒྱལ་པོའི་ཆོས་དང་། ཕྱི་མ་རྒྱ་མཚོའི་ཆོས་སུ་བྱས་ཏེ་ཚིག་གི་སྦྱར་བ་ཁོ་ནས་དེ་གཉིས་ལྷན་ཅིག་མཚུངས་པར་བྱས་ཏེ། ཆོས་དེ་རྣམས་དང་བཅས་པར་གྱུར་པ་ལས། འོན་ཀྱང་ཆོས་འདི་ཡིས་ཁྱེད་གཉིས་ཐ་དད་དེ། གང་ཞེ་ན། རྒྱ་མཚོ་དེ་ནི་ཆུ་ཡི་བདག་པོ་སེམས་མེད་བེམ་པོའི་རང་བཞིན་དང་། རྒྱལ་པོ་ཁྱོད་ནི་སེམས་ལྡན་མཁས་པའི་རང་བཞིན་དུ་གནས་སོ། །ཞེས་པ་འདི་ནི་སྦྱར་བའི་ཚུལ་དང་ལྡན་ཕྱིར་སྦྱར་བ་ཡི་ལྡོག་པ་ཅན་ཞེས་གཟུང་བར་མཛོད་ཅིག འོ་ན་གོང་འོག་གི་དེ་རྣམས་ཀྱང་སྦྱར་བ་ཅན་དུ་མི་འགྱུར་རམ་ཞེ་ན། འདིར་དེ་གཉིས་དོན་གྱིས་མཚུངས་པ་རྟོགས་བྱེད་ཀྱི་ཚིག་མེད་པར་སྒྲ་ཙམ་གྱི་སྒོ་ནས་མཚུངས་པར་སྦྱར་ཏེ་སླར་ཐ་དད་དུ་བྱས་པའི་ཕྱིར་སྦྱར་བའི་མིང་སྒེར་དུ་ཐོགས་པ་ཡིན་ཏེ། དོན་གྱི་མཚུངས་ཆོས་མེད་པའི་དངོས་པོ་གཉིས་ལའང་ཚིག་གི་སྦྱར་ནས་དབྱེ་བ་
བྱས་ན་ཚུལ་འདི་འདྲར་འགྱུར་རོ། །དེས་ན་རྒྱན་འདིའི་སྦྱར་ཚུལ་ཚིག་འབའ་ཞིག་གིས་སྦྱར་བ་ཞིག་དགོས་ཏེ་གཞན་དང་གཞན་རྣམས་དང་ཁྱད་པར་མི་ཕྱེད་དོ། །འགོག་པ་ཅན་དང་གཏན་ཚིགས་ཅན། །གཉིས་པོ་དེ་ཡང་བསྟན་པར་བྱ། །ཞེས་གསུངས་ནས་དེ་གཉིས་ཀྱི་དཔེར་བརྗོད་པ། དུས་ཀྱི་རླབས་འབྱུང་བ་དང་དམ་པའི་སྤྱོད་པའི་ལུགས་དང་ལྡན་ཞིང་གཏིང་མི་གཡོ་བས་བརྟན་པ་དང་། རིན་ཆེན་འབྱུང་གནས་ཡིན་མོད་ཀྱང་། བ་ཚྭ་སོགས་ཀྱི་དྲི་མ་དང་ལྡན་པ་ཆུ་སྲིན་སོགས་སྲོག་ཆགས་གདུག་པའི་གནས་སུ་གྱུར་པ་རྒྱ་མཚོ་དེ་ནི། རྒྱལ་པོ་ཁྱོད་ཀྱི་འགྲན་ཟླར་འགྱུར་པ་མ་ཡིན་ནོ་ཞེས་དགག་པའི་ཚུལ་གྱིས་དེ་གཉིས་ཐ་དད་དུ་བརྗོད་པ་འདི་ནི་འགོག་པའི་ལྡོག་པ་ཅན་ནོ། །རི་དང་གླིང་དང་རྒྱ་མཚོར་བཅས་པ་ཡི། །ས་གཞི་མཐའ་དག་འཛིན་མོད་ཀྱང་། །ཞེས་རྒྱལ་པོས་ས་ཐམས་ཅད་དབང་བྱས་ཏེ་འཛིན་པ་དང་ཀླུ་ལྷག་མ་མཐའ་ཡས་ཀྱིས་ས་ཐམས་ཅད་ལུས་ཀྱིས་འདེགས་ཤིང་འཛིན་ནུས་པའོ། །སྙན་ངག་གི་རྒྱ་འགྲེལ་རྩོམ་པ་པོ་ངག་དབང་གྲགས་པས་ལྷག་མ་ཅན་ནོར་རྒྱས་ཀྱི་བུ་ཡིན་པར་བཤད་ཅེས་གསུངས། དེ་ལྟར་ས་མཐའ་དག་འཛིན་པ་ན་ཡང་ལག་འགྲོ་ཞེས་དུད་འགྲོ་ཡི་རིགས་སུ་གཏོགས་པ་རྣམས་ཀྱི་རྗེར་གྱུར་པའི་ཕྱིར་ན། ཀླུ་ལྷག་མ་
ཅན་ནི་མི་རྣམས་ཀྱི་རྗེར་གྱུར་བའི་རྒྱལ་པོ་ཁྱོད་བས་དམན་ནོ་ཞེས། ཐ་དད་དུ་འབྱེད་ཆོས་དམན་པ་དེའི་རྒྱུ་མཚན་བཀོད་ནས་བརྗོད་པའི་ཕྱིར། གཏན་ཚིགས་ཅན་གྱི་ལྡོག་པ་ཞེས་བྱའོ་དེ་ཡན་ཆད། སྒྲ་དག་འཇུག་པར་མཚུངས་པ་ཡི་ལྡོག་པ་ཅན་ནི་གོང་དུ་བརྗོད་པ་འདི་འདྲ་བ་སྟེ། དངོས་སུ་མཚུངས་ཆོས་སྒྲས་མ་བརྗོད་ཀྱང་དབྱེ་བ་བྱས་པའི་ཤུགས་ཀྱིས་དེ་གཉིས་ཀྱི་མཚུངས་ཆོས་དོན་གྱིས་རྟོགས་པར་གྱུར་པ་ལས་མཚུངས་པ་ཉིད་དུ་གྲུབ་པ་ཡང་། ཐ་དད་དུ་བྱེད་པའི་ལྡོག་པ་བརྗོད་པ་ཡོད་པ་དེ་ནི་སྔ་མ་སྒྲ་འཇུག་པས་མཚུངས་པ་བཤད་ཟིན་ནས་དེ་ཡི་རྗེས་སུ་སྒྲུབ་པའམ་བརྗོད་ན། རྟེན་གྱི་དབྱེ་བའི་ལྡོག་པ་ཅན་ནི། ཁྱོད་ཀྱི་གདོང་དང་པདྨ་སྟེ། །འདི་གཉིས་ཀྱི་ནི་ཁྱད་པར་ཡང་། །པདྨ་ཆུ་ལས་སྐྱེས་པ་དང་། །ཁྱོད་གདོང་ཁྱོད་ལ་བརྟེན་པའོ། །ཞེས་པ་ལྟ་བུ་སྟེ་དེ་གཉིས་མཛེས་པར་འདྲ་བ་མ་སྨྲས་ཀྱང་ཤུགས་ཀྱིས་གོ་ཞིང་སྦྱར་གཞི་གཉིས་པོའི་དབྱེ་བ་ཙམ་དངོས་སུ་བརྗོད་པའོ། །དཔེ་ཅན་ལྷག་པའི་ལྡོག་པ་ཅན་ནི། རི་དྭགས་མིག་ལ་སྨིན་མ་གཡོ་བའི་སྒེག་པ་དང་། ཆགས་པས་མྱོས་པའི་མདངས་དམར་བས་རེག་པ་མེད་ལ། མཛེས་མ་ཁྱོད་ཀྱི་མིག་ནི་གཉིས་པོ་འདི་གང་གི་ཡོན་ཏན་དེ་དག་ཉིད་ཀྱིས་བརྒྱན་ནོ། །ཞེས་པ་ལྟ་བུའོ། །དེ་ཡང་ཚིགས་བཅད་སྔ་མར་སོ་སོའི་དབྱེ་བ་ཙམ་ཞིག་བསྟན་པ་དང་། ཕྱི་མ་འདིར་ནི་
དཔེ་ཅན་ཉིད་དཔེ་ལས་ཡོན་ཏན་ལྷག་པ་ཉིད་བསྟན་ཏོ། །འདི་གཉིས་མཚུངས་པར་རྟོགས་པའི་ལྡོག་པ་ཅན་གྱི་བྱེ་བྲག་གོ། སླར་ཡང་གཞི་གཉིས་པོ་མཚུངས་པར་མ་ཟད། དེ་གཉིས་ཀྱི་འབྱེད་བྱེད་ཀྱང་མཚུངས་པའི་ལྡོག་པ་ཅན་སྔ་མ་ལས་གཞན་དུ་གྱུར་པ་དག་རབ་ཏུ་བསྟན་པར་བྱ་ན། ཁྱོད་ཀྱི་གདོང་དང་པདྨ་དཀར། །རྒྱས་ཤིང་དྲི་བཟང་ལྡན་པ་སྟེ། །པདྨ་ལ་ནི་བུང་བ་འཁོར། །ཁྱོད་ཀྱི་གདོང་ལ་མིག་རབ་གཡོ། །ཞེས་པ་འདི་མཚུངས་ཆོས་སྒྲས་ཟིན་ཅིང་འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན་ནོ། །ཟླ་བ་འདི་ནམ་མཁའ་ཡི་རྒྱན་ནོ། །ངང་པ་འདི་ནི་ཆུ་མཚོ་ཡི་རྒྱན་ནོ། །ནམ་མཁའ་འདི་ནི་རྒྱུ་སྐར་གྱི་ཕྲེང་བ་ཅན་ནོ། །ཆུ་འདི་ནི་མེ་ཏོག་ཀུ་མུ་ད་རྒྱས་པ་ཅན་ནོ། །ཞེས་པ་འདི་མཚུངས་ཆོས་དོན་གྱིས་རྟོགས་ཤིང་འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན་ནོ། །དེ་ཡང་ཚིགས་བཅད་ཕྱི་མ་འདིར་ནི་འབྱེད་བྱེད་ཟླ་བ་དང་ངང་པ་དག་དཀར་བ་ཉིད་དང་། སོགས་སྒྲས་རྒྱུ་སྐར་དང་ཀུ་མུད་ཀྱང་དེ་བཞིན་དཀར་བ་སྒྲས་དངོས་སུ་མ་བརྗོད་ཀྱང་ཤུགས་ཀྱིས་རྟོགས་པ་དང་། གང་འབྱེད་པར་བྱེད་པའི་གཞི་ནམ་མཁའ་དང་ཆུ་ནི་དྭངས་ཤིང་སྔོ་ལ་དག་པར་ཡང་རྟོགས་པར་མཚུངས་པའི་སྒོ་ནས་ཚིགས་བཅད་སྔ་མ་ལས་ཐ་དད་དུ་དབྱེ་བ་བྱས་པ་དང་། ཚིགས་བཅད་སྔ་མ་ལ་ནི་གདོང་དང་པདྨ་
གཉིས་ཀྱི་མཚུངས་ཆོས་དངོས་སུ་སྟོན་པའི་སྒྲ་དང་ལྡན་པའི་སྒོ་ནས་མཚུངས་པར་རྟོགས་པ་ཡིན་ནོ། །ཚིགས་བཅད་སྔ་ཕྱི་གཉིས་ཀ་ལ་ཡང་ཐ་དད་དུ་འབྱེད་བྱེད་ཀྱི་ཆོས་བུང་བ་དང་མིག་དང་། ལ་སོགས་པའི་སྒྲས་ཟླ་བ་དང་ངང་པ་དང་རྒྱུ་སྐར་དང་ཀུ་མུད་ཀྱང་མཚུངས་པ་དེ་ཕྱིར་སྔ་ཕྱི་གཉིས་ཀའང་འབྱེད་བྱེད་ཀྱང་མཚུངས་པའི་ལྡོག་པ་ཅན་ནོ། །རིགས་མཐུན་འབྱེད་པའི་ལྡོག་པ་ཅན་ནི། ནོར་བུ་སོགས་རིན་ཆེན་རྣམས་ཀྱི་སྣང་བས་འདིའི་གོ་སྐབས་མི་འཕྲོག་ཅིང་། ཉི་མའི་འོད་ཀྱིས་ཀྱང་མི་བཟློག་པ་གང་ཞིག ལང་ཚོ་དར་བ་ལས་བྱུང་བས་ན་ཆུང་གི་རྒྱུད་ཀྱི་ཆགས་མྱོས་ཀྱི་མུན་པས་བླང་དོར་གྱི་གནས་ལ་ལྟ་བ་འགོག་པར་བྱེད་དེ་མི་མཐོང་ངོ་། །མུན་པའི་རིགས་སུ་གྱུར་པ་ན་ཆུང་གི་མུན་པ་ཞེས་བཏགས་པ་འདི་ནི་ལྟ་བའམ་མཐོང་བ་དེ་ཉིད་འགོག་པའམ་སྒྲིབ་པར་བྱེད་པ་ཉིད་ཀྱིས་མུན་པ་དང་མཚུངས་ན་ཡང་། ཉི་མ་དང་ནོར་བུའི་འོད་ཀྱིས་མི་སེལ་བའི་ཆོས་གཞན་དག་གིས་ནི་མུན་པ་ལས་ཐ་དད་དུ་བསྟན་པ་འདི་ནི། གང་དང་རིགས་མཐུན་པ་ལས་ཁྱད་པར་དུ་འབྱེད་པའི་ལྡོག་པ་ཅན་ཞེས་བྱའོ། །འདི་དང་ཚུལ་འདྲ་བར་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་མཆོད་བརྗོད་དུ། རྒྱལ་བ་ཐུབ་པ་ཉི་མ་ནི། །སྣང་བ་མཆོག་གི་བདག་ཉིད་ཅན། །ནང་གི་མཚན་མོ་བཤེས་བྲལ་གྱི། །ནང་གི་ཉིན་བྱེད་ལ་ཕྱག་འཚལ། །
ཞེས་གསུངས་པ་ཡང་དོན་གྱིས་འདི་དང་འདྲ་ཡང་ཚིག་གི་ཉམས་འདོན་ལུགས་ཅུང་མི་འདྲ་བ་ནི། དེ་དག་དབྱེ་བ་སྙན་ངག་མཁན། །སོ་སོ་ལ་གནས་བརྗོད་མི་ནུས། །ཞེས་གསུངས་པ་བཞིན་ནོ། །དགུ་པ་སྲིད་པ་ཅན་གྱི་རྒྱན་ལ། ངོ་བོ་ངོས་གཟུང་། དབྱེ་བ་དཔེས་བརྗོད་པ་གཉིས། དང་པོ། འཇིག་རྟེན་ན་དེའི་རྒྱུ་དེ་ཡིན་པར་རབ་ཏུ་གྲགས་པའི་རྒྱུ་དེ་ལྟ་བུ་བཟློག་ཅིང་། མེད་པར་བརྗོད་ནས་དེའི་འབྲས་བུ་རང་ཉིད་དངོས་སུ་བརྗོད་པ་ལ་གང་ཞིག་རྒྱུ་གཞན་པ་ཅུང་ཟད་ཙམ་ཞིག་ཤུགས་ཀྱིས་མཚོན་པ་ཉིད་དམ། གང་དུ་རྒྱུ་གཏན་མེད་པ་སྐད་དུ་བརྗོད་ཀྱང་འབྲས་བུ་རང་གི་ངོ་བོ་ཉིད་སྟོན་པ་ཡི་ངག་དེ་ནི་སྤྱིར་རྒྱུ་མེད་པའི་འབྲས་བུ་མི་སྲིད་ཀྱང་ངག་དེ་ཡི་བརྗོད་ཚུལ་གྱི་དབང་དུ་སྲིད་པ་ལྟ་བུར་བསྟན་པས་ཡ་མཚན་པ་དང་ལྡན་པས་ན་སྲིད་པ་ཅན་གྱི་རྒྱན་ཞེས་བྱའོ། །གཉིས་པ་ལ་དབྱེ་བའི་རྣམ་གྲངས་གསུམ་ཡོད་པའི་དང་པོ་གཉིས་ནི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན་ཡིན་ལ། ཕྱི་མ་ནི་རང་གི་ངོ་བོ་ཙམ་སྟོན་པའི་དཔེའོ། །དང་པོ། འཇིག་རྟེན་ལ་རབ་ཏུ་གྲགས་པའི་རྒྱུ་བཟློག་ཀྱང་རྒྱུ་གཞན་ཅུང་ཟད་སྟོན་པ་འདི་ལ་གཉིས་ལས། ཕྱིའི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན་གྱི་དཔེར་བརྗོད་ནི། འཇིག་རྟེན་ན་མྱོས་པའི་རྒྱུ་ཆང་སོགས་འཐུང་བ་ཡིན་པར་གྲགས་ཀྱང་དེ་བཟློག་ནས་ཆང་སོགས་
མ་འཐུང་ན་ཡང་མྱོས་པའི་ཅ་ཅོ་སྒྲོག་པའི་བྱ་ཀ་དམྤ། ཞེས་མཐིང་རིལ་ལ་བཤད། དེ་བཞིན་དུ་མ་ཕྱིས་ཀྱང་དྲི་མ་མེད་པའི་ནམ་མཁའ་དང་། རྙོགས་པ་བསལ་བའི་ཐབས་ཀྱིས་གྲུང་པར་མ་བྱས་པར་དྭངས་པའི་ཆུ་འདི་རྣམས་ཀྱིས་འགྲོ་བའི་ཡིད་ནི་འཕྲོག་པར་བྱེད་དོ། །ཞེས་པ་འདི་ལ་འཐུངས་པ་སོགས་ཀྱི་རྒྱུ་དེ་དག་མེད་ཀྱང་སྟོན་ཀའི་ནམ་མཁའ་དང་ཆུ་དྭངས་པ་དང་། སྟོན་དུས་སུ་ཆུ་བྱ་ཀ་དམྤ་ལུས་མྱོས་པ་ལྟར་ཉོད་ཉོད་འགྱུར་བ་ཡི་རྒྱུ་སྟོན་ཀའི་དུས་ཡིན་པའི་རྒྱུ་ཅུང་ཟད་ཙམ་ཤུགས་ཀྱིས་བསྟན་ཏོ། །ནང་གི་རྒྱུ་གཞན་ཅུང་ཟད་ཙམ་སྟོན་པའི་སྲིད་པ་ཅན་ནི། མིག་སྨན་མ་བསྐུས་པར་དཀར་བ་མིན་པར་རབ་ཏུ་གནག་པའི་མིག་དང་། ཐུར་དུ་མནན་པ་མེད་པར་སྨིན་མ་དམའ་བ་དང་། རྒྱ་སྐྱེགས་སོགས་ཚོན་མ་བསྐུས་པར་དམར་བ་ནི་མཛེས་མ་ཁྱོད་ཀྱི་མཆུ་འདིའོ། །ཞེས་པ་ལྟ་བུ་སྟེ་འདི་ལ་དངོས་སུ་དེ་ལྟར་སྲིད་པའི་རྒྱུ་འདི་ཡིན་ཞེས་མི་ཤེས་པས་དེ་ལྟར་བརྗོད་པ་ལ་མི་མཛེས་པ་མེད་པས་རྒྱུ་བཀག་པ་ལྟར་གྱུར་པ་དང་། རྒྱུ་གཞན་ཅུང་ཟད་ཅེས་པ་དེ་དང་དེའི་རྒྱུ་དངོས་མ་ཡིན་ཡང་ལང་ཚོའི་དུས་སུ་བབ་པར་གོ་ནས་ལང་ཚོ་ལ་བབ་པའི་ཚེ་དེ་ལྟར་རིགས་སོ་སྙམ་པ་ལྟ་བུའོ། །དེ་བཞིན་གོང་གི་སྟོན་ཀའི་དུས་ཀྱང་དེའི་རྐྱེན་དུ་ཅུང་ཟད་འགྱུར་བ་ཤེས་ཀྱང་ཀ་དམྤ་མྱོས་པ་ལྟ་བུ་དང་ནམ་མཁའ་དྭངས་པ་སོགས་
སྟོན་ཀའི་དུས་ཁོ་ནས་བྱས་པ་མིན་ཡང་རྐྱེན་དེས་དེ་ལ་ཅུང་ཟད་ཕན་པར་ཤེས་སོ། །སྤྱིར་དེ་ཐམས་ཅད་ལས་ཀྱི་དབང་གིས་བྱུང་ཞིང་རང་རང་སོ་སོའི་རྒྱུ་མཐུན་སོགས་ཀྱི་འབྲས་བུ་ཡིན་མོད་ཀྱང་། རེ་ཞིག་འཇིག་རྟེན་ན་རབ་གྲགས་ཀྱི་རྒྱུ་བཟློག་པ་ལས་ངོ་མཚར་བའི་ཚིག་གི་ཉམས་སུ་འགྱུར་བ་ངེས་པར་སྲིད་དོ། །དེ་ཡང་གང་ཕྱིར་རབ་ཏུ་གྲགས་པའི་རྒྱུ་བཟློག་སྟེ་མ་འཐུངས་ཞེས་པ་ལ་སོགས་པ་ལས་ཀྱང་འཐུང་བ་སོགས་ལས་སྐྱེས་པའི་འབྲས་བུ་མྱོས་པ་ཉིད་སོགས་ནི་བཟློག་ཏུ་མེད་པར་ཡོད་ལ། དེ་ལ་ཕྱི་དང་ནང་གི་རྒྱུ་གཞན་ཅུང་ཟད་ཡོད་པར་གོ་བ་ཅན་ཡིན་པས། ལྟར་སྣང་ངམ་བརྗོད་པ་དེ་ལྟ་བུའི་དབང་དུ་བྱས་ཏེ་རྒྱུ་མེད་པའི་འབྲས་བུ་ཡོད་པ་ལྟ་བུ་དག་ཀྱང་བརྗོད་པར་འདོད་པ་གཙོ་བོར་བྱས་པས་དེ་ལ་སྙན་ངག་གི་ཚིག་ཉམས་སྦྱོར་བའི་སྐབས་འདིར་ནི་དེ་ལྟ་བུའི་བརྗོད་པ་ལ་རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པའི་དོན་གྱི་འགལ་བ་མེད་པར་མ་ཟད་བརྗོད་པ་ཉམས་མཚར་བའི་རྣམ་པས་མཛེས་པ་ཡིན་ནོ། །ཕྱི་ནང་གི་རྒྱུ་གཞན་ཅུང་ཟད་ཙམ་ཡང་ཤུགས་ལས་མི་གོ་བར། འབྲས་བུ་རང་གི་ངོ་བོ་ཙམ་བསྟན་པའི་སྲིད་པ་ཅན་གྱི་རྒྱན་ནི། སུས་ཀྱང་ཆེད་དུ་བྱས་པ་མིན་པར་རང་བཞིན་གྱིས་ནི་ཁ་ཡི་དྲི་ཞིམ་པོ་དང་ལྡན་ལ། བཅོས་པ་མེད་པར་རམ་ཟོལ་མེད་པར་ཡང་ཞེས་མཛེས་ཆོས་ཀྱི་ཟོལ་བྱས་པ་མེད་པར་ཡང་
ལུས་པོ་མཛེས་ཤིང་། འཁོན་གྱི་རྒྱུ་མེད་པ་དག་ཏུ་ཡང་ཟླ་བ་ནི་ཕན་ཚུན་འགྲན་པའི་དགྲ་ཟླར་གྱུར་པ་དང་། མཛའ་བའི་རྒྱུ་མཚན་སྔོན་དུ་སོང་བ་མེད་པར་འདོད་པ་ནི་འདི་ཡི་གྲོགས་སུ་གྱུར་ཏེ་འདོད་པའི་དབང་གིས་ཐམས་ཅད་འདི་ལ་འདུན་པའི་ཕྱིར་རོ། །འདིར་རང་བཞིན་གྱིས་སོགས་ཚིག་གི་སྐབས་འདིར། རྒྱུ་ནི་དངོས་སུ་རབ་ཏུ་བཟློག་ཅིང་མེད་པར་བརྗོད་ནས། དྲི་ཞིམ་ཉིད་སོགས་འབྲས་བུ་རང་གི་ངོ་བོ་བརྗོད་པ་དེ་ཕྱིར་འདི་ནི་རྒྱུ་མེད་པར་སྲིད་པ་ཅན་ཞེས་བྱའོ། །འདི་ལ་ཤིན་ཏུ་ལྐོག་གྱུར་གྱི་ལས་སྔ་མ་ནི་རྒྱུ་ཡིན་མོད་ཀྱི། དེ་ནི་འཇིག་རྟེན་ཕལ་པ་ཀུན་གྱི་མངོན་སུམ་གྱིས་གཞལ་བྱ་མ་ཡིན་པས་རེ་ཞིག་འདི་ལྟར་བརྗོད་པ་གང་དེ་མི་སྲིད་པའི་བརྗོད་པར་མི་འགྱུར་ཞིང་། སྲིད་པ་ཅན་གྱི་རྒྱན་ཞེས་བརྗོད་ཚུལ་མཛེས་ཉམས་དང་ལྡན་པར་འགྱུར་བ་ཡིན་ནོ། །བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ལ། རྒྱན་གྱི་རང་བཞིན་ངོས་བཟུང་བ་དང་། དེའི་དབྱེ་བ་དཔེ་བརྗོད་ཀྱིས་མཚོན་ནས་བཤད་པ་གཉིས། དང་པོ། གང་བརྗོད་པར་འདོད་པའི་དངོས་པོ་འགའ་ཞིག་ཡིད་ལ་བསམས་པར་བྱས་ནས། བསམ་བྱ་དེའི་དོན་བརྗོད་རྒྱུ་དེ་ཉིད་བསམ་བྱ་དེ་དང་ཆོས་མཚུངས་པའི་དངོས་པོ་གཞན་ཞིག་ལ་ཁ་གཡར་ནས་དོན་གཅིག་ཏུ་བསྡུས་པའི་ཚུལ་གྱིས་ངག་ཏུ་བརྗོད་པར་བྱེད་པ་དེ་ནི་བསྡུས་པ་བརྗོད་པར་འདོད་དེ། ཡིད་ལ་
བསམ་རྒྱུའི་དོན་དེ་ངག་ཏུ་བརྗོད་རྒྱུའི་དོན་དེ་ལ་བསྡུས་ནས་བསྟན་པའི་ཕྱིར་རོ། །གཉིས་པ་ལ་དབྱེ་བ་བཞི་གསུངས་པའི་དང་པོའི་སྤྱིའི་བསྡུས་བརྗོད་ནི། བུང་བ་རང་ཉིད་ཇི་ལྟར་འདོད་པ་བཞིན། པདྨ་རྒྱས་པ་ལ་སྦྱར་ནས་སྦྲང་རྩི་འཐུངས་ནས་དྲི་ཞིམ་རྒྱས་པ་མ་ཡིན་པའི་མེ་ཏོག་ཁ་མ་ཕྱེས་བར་མཆུ་སྦྱོར་བ་ལ་ལྟོས་ཞེས་ཡིད་ལ་བསམ་རྒྱུའི་དོན་ཆགས་ལྡན་གང་དག་བུད་མེད་དར་མ་བརྟེན་འོས་ལ། དགའ་བའི་རྩེ་དགས་བཅིངས་བ་དག་གིས་བུ་མོ་གཞོན་ནུ་ན་ཆུང་ཡིན་ནམ་མཆན། ཕྱུགས་ཆུང་མ་བརྟེན་བྱའི་ན་ཚོད་དུ་མ་གྱུར་པ་འགའ་ཞིག་དག་ལ་ཡང་། ཙུམྤ་སོགས་འདོད་པ་ཡི་རྣམ་འགྱུར་འཕེལ་བ་སྟོན་པར་བྱེད་པ་དེ་ཉིད་བུང་བ་དང་པདྨའི་བརྗོད་དོན་ལ་བསྡུས་ནས་བརྗོད་པ་སྟེ། འདི་ལ་སྤྱིའི་བསྡུས་བརྗོད་ཅེས་སྤྱིར་བསྡུས་བརྗོད་བརྗོད་ཚུལ་གྱི་དཔེའོ། །དེ་དང་མཚུངས་པར་པཎ་ཆེན་སྨྲྀ་ཏི་ཛྙཱ་ན་བོད་ཡུལ་ཁམས་དྲན་ཐང་དུ་མི་ཁྱིམ་ཞིག་གི་ཁོལ་པོའི་ཚབ་ཏུ་བཞུགས་སྐབས་དེར་ལོ་ཙཱ་བ་འགས་མངོན་པ་མཛོད་བཤད་པའི་ཚིག་དང་དོན་མ་དག་པ་མཐོང་ཞིང་བདག་ཉིད་ལྟ་བུའི་མཁས་པ་ཆེན་པོ་ཡོད་བཞིན་སུས་ཀྱང་མ་ཤེས་པར་སྤངས་ནས་གཞན་ལ་མཁས་པར་འཛིན་པ་འདི་འདྲ་མཚར་སྙམ་དུ། རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་རྣམ་སྤངས་ནས། །དྭངས་པའི་ཆུ་ནང་འདི་ན་ཟླ་བ་
ཞེས། །དབྱིབས་ལ་མཚན་མར་འཛིན་པ་བྱིས་པའི་བློ། །ཞེས་པའི་ཚིགས་བཅད་འདི་མི་ཁྱིམ་དེའི་སྒོའི་ཡ་ཐེམ་གྱི་ཀླད་དུ་བཀོད་པ་གཞན་སུས་མ་ཤེས་ཀྱང་ལོ་ཙཱ་བ་ཞིག་གིས་མཐོང་ནས་དེ་སུས་བྲིས་རྩད་བཅད་པ་ལས་པཎ་ཆེན་ངོ་ཤེས་ནས་འགྲོ་དོན་ཅི་རིགས་བྱུང་ཞེས་གྲགས་སོ། །གཞན་ཡང་དེའི་དབྱེ་སྒོ་ཁྱད་པར་ཅན་གཉིས་ཀའི་ངོ་བོ་ཙམ་ཞིག་ཐ་དད་ཅིང་། དེ་གཉིས་ཀྱི་ཁྱད་པར་གྱི་ཆོས་བརྗོད་པ་རྣམས་རྣམ་པ་མཚུངས་པའང་ཡོད་ལ། དེ་གཉིས་ཀྱི་ཁྱད་པར་གྱི་ཆོས་འགའ་ཞིག་ཐ་དད་ཅིང་། འགའ་ཞིག་ཐ་དད་མིན་པ་གཉིས་ཀ་ལྡན་པ་དང་། བསྡུས་བརྗོད་འདི་ནི་སྔ་མ་གསུམ་ལས་གཞན་པ་སྔོན་མེད་བསྡུས་བརྗོད་ཅེས་བྱ་བ་དག་ཀྱང་ཡོད་དོ་ཞེས་གསུངས་ཤིང་། དེ་དག་གི་དཔེ་བརྗོད་རིམ་པ་ལྟར་བསྟན་པ་ལས། དང་པོ། ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པའི་བསྡུས་བརྗོད་ནི། བསམ་དོན་རྒྱལ་པོ་དང་བརྗོད་དོན་ལྗོན་ཤིང་བཟང་པོ་གཉིས་ངག་གཅིག་གི་དོན་དུ་བསྡུས་ཏེ་བརྗོད་པ། གང་ཞིག་རྩ་བ་བརྟན་པར་གྱུར་ལ་འབྲས་བུའི་ཁུར་གྱིས་ནི་སློང་བ་རྣམས་རྟག་ཏུ་དགའ་བ་རྒྱས་པར་བྱེད་ཅིང་། གྲིབ་མ་ལ་བར་སིང་མེད་པའི་སྟུག་པའམ་སྣུམ་པའི་ལྗོན་པ་ཆེན་པོ་འདི་ནི་བདག་གིས་ཡང་དག་ཐོབ་བོ་ཞེས། རྒྱལ་པོ་ལ་ཆོས་སྲིད་ཀྱི་རྩ་བ་བརྟེན་ཅིང་། ཕུན་སུམ་ཚོགས་པའི་འབྱོར་
པ་དག་གི་འབྲས་བུའི་ཁུར་གྱིས་སློང་བ་རྣམས་རྒྱས་པར་བྱེད་པ་དམ་པའི་གྲིབ་བསིལ་སྣུམ་པོ་ལྡན་པའི་ཞེས། རྩ་བ་འབྲས་བུ་གྲིབ་བསིལ་གསུམ་ལྗོན་ཤིང་དུ་མ་ཟད། རྒྱལ་པོའི་ཆོས་སུའང་སྒྲ་སོར་བཞག་ཆོག་པས་ཁྱད་ཆོས་གཉིས་ཀར་སྒྲ་དེ་ཐུན་མོང་དུ་འཇུག་པས་ཁྱད་ཆོས་ཐ་དད་མིན་པའོ། །དེ་བཞིན་དུ་ཁྱད་ཆོས་ཐ་དད་དང་ཐ་དད་མིན་པའི་བསྡུས་བརྗོད་ནི། གང་གི་ཡལ་གའི་ཁྱོན་ནི་མི་ཆུང་བར་རྒྱ་ཆེ་ཞིང་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པར་གྱུར་པ་གང་ཞིག མཆོག་ཏུ་བཟང་བའི་དམ་པའི་གྲིབ་བསིལ་དང་། གཞན་གྱིས་བསྐྱོད་པར་མི་ནུས་པའི་བརྟན་པ་དང་ལྡན་པའི་ལྗོན་ཤིང་ཆེན་པོ་འདི་བདག་གི་སྐལ་བས་རྙེད་པར་གྱུར་ཏོ། །ཞེས་པ་འདིར་ཡལ་ག་དང་མེ་ཏོག་འབྲས་བུ་གསུམ་རྒྱལ་པོ་ལ་སྒྲ་དེ་དག་དངོས་སུ་འཇུག་པ་མེད་པས་ཆོས་འདི་དག་ལྗོན་ཤིང་གི་ཡིན་ཡང་། འདིས་མཚོན་དོན་ཡལ་ག་ལྟར་གཉེན་གྱི་རྩ་ལག་གམ། བློན་པོའི་ཚོགས་དང་མངའ་ཐང་གི་ཁྱབ་རྒྱ་ཆེ་བ་དང་། མེ་ཏོག་ལྟ་བུར་མཛེས་པ་དང་འབྱོར་པ་ཕུན་སུམ་ཚོགས་པ་དང་། སྡེ་བཞིའི་འབྲས་བུ་ལྡན་པ་ཞེས་སོ། །འདི་ལ་འབྲས་བུ་ཐུན་མོང་གི་སྒྲར་རུང་བ་གོང་བཤད་ལྟར་ཡིན་ཡང་། ཡལ་ག་དང་མེ་ཏོག་གི་ཟླས་དྲངས་པའི་ཚེ་ཤིང་འབྲས་འབའ་ཞིག་ལ་གོ་ཤས་ཆེའོ། །
བརྟན་ལྡན་དང་དམ་པའི་གྲིབ་བསིལ་ནི་གཉིས་ཀར་ཡང་ཐུན་མོང་དུ་འཇུག་ཆོག་པས་ཁྱད་ཆོས་ཐ་དད་མིན་པའམ་ཐུན་མོང་པའོ། །དེ་ལྟར་ཚིགས་བཅད་སྔ་ཕྱི་གཉིས་ཀ་ལའང་བསམ་རྒྱུའི་དོན། རྒྱལ་པོའམ་སྐྱེས་བུ་མཆོག་འབའ་ཞིག་ཤིང་ལྗོན་པ་ཉིད་ཀྱིས་ཉེ་བར་བསྔགས་པ་ཡིན་ལ། དེར་བརྗོད་པའི་ཁྱད་ཆོས་རྣམས་ཐམས་ཅད་ཚིགས་བཅད་སྔ་མ་ལ་བསམ་དོན་བརྗོད་དོན་གྱི་ཁྱད་གཞི་གཉིས་ཀར་ཐུན་མོང་དུ་འཇུག་པ་དང་། གཞན་ཕྱི་མ་ལ་ཐུན་མོང་ཡིན་མིན་རྣམ་པ་གཉིས་སུ་འགྱུར་རོ། །སྔོན་མེད་བསྡུས་བརྗོད་ནི། སྦྲུལ་ངན་པ་འགྲོགས་པ་དང་བྲལ་ཞིང་། རང་བཞིན་ནམ་གཤིས་ཀྱིས་ནི་མངར་པའི་གཞི་རུ་གྱུར་པ། ཀྱེ་མ་ཆུ་ཡི་གཏེར་འདི་ལྟ་བུ་ནི་འཇིག་པའི་དུས་ཚོད་ལ་བབ་པ་ཉིད་ཀྱིས་ཡོངས་སུ་བསྐམ་པར་འགྱུར་རོ། །དེའི་བསམ་དོན་སྐྱེས་བུ་དམ་པ་སྐྱེ་བོ་ངན་པར་འགྲོགས་པ་དང་བྲལ་བ། གཤིས་འཇམ་པ་ཞིག་འདའ་བར་འགྱུར་བ་དེ་འདི་འདྲའི་ཆུ་གཏེར་རམ་རྒྱ་མཚོའི་དཔེས་བསྟན་པའོ། །དེ་ཡང་བྱཱ་ལ། ཞེས་པ་སྦྲུལ་དང་ཁྲོས་པའི་མི་ལ་འཇུག་པས་རེས་འགར་དགྲ་ཡི་མིང་དུ་འགྱུར་ཏེ། རྒྱ་དཔེ་ལ་ལར་དུཥྚ་ཞེས་ཀྱང་འབྱུང་། གཞན་ཡང་གང་གི་སྒྲ་དེ་གླང་ཆེན་སྨྱོན་པ་དང་གཟིག་སོགས་ལའང་འཇུག་པར་བཤད། དོན་བསྡུ་ན་བྱཱ་ལ་ཞེས་པ་སྦྲུལ་དང་སྐྱེ་བོ་ངན་པ་མི་
སྲུན་པ་ལ་འཇུག་པས་བོད་སྐད་དུ་སྦྲུལ་ངན་ཞེས་སྒྲ་བསྡུས་པའོ། །མ་དྷཱུ་ར་ཞེས་པ་མཛའ་བོ་དང་རོ་མངར་བ་སོགས་ལ་འཇུག ཨཱ་ཤ་ཡ་ཆུ་གཞི་སྟེ། རྒྱ་མཚོ་གང་དུ་འཁྱིལ་བའི་ས་གཞི་རྒྱ་མཚོའི་ཆུ་དང་བཅས་པ་ལ་འཇུག་པ་ཡིན་ནོ། །འགྱུར་སྔ་མ་རྣམས་སུ་མངར་བའི་ནང་ཞེས་བྱས་པ་ལྟར་ན་རྒྱ་མཚོ་དང་སྐྱེས་བུ་གཉིས་ཀྱི་ནང་ལ་གོ་བར་བྱའོ། །དེ་ལྟར་བརྗོད་དོན་རྒྱ་མཚོ་ནི་ཀླུ་དང་འགྲོགས་པས་སྦྲུལ་དང་བཅས་པ་དང་བ་ཚྭའི་ཆུར་གྱུར་པའི་ཕྱིར། སྦྲུལ་མེད་པ་དང་མངར་བ་ཞིག་སྔོན་ཆད་མེད་མོད། འདིར་བསྟན་སྦྲུལ་མེད་མངར་བའི་རྒྱ་མཚོ་བརྗོད་པ་ལ་ནི་དེ་དང་མཚུངས་པ་ཡི་སྐྱེས་བུའི་ཡོན་ཏན་སྐྱེ་བོ་ངན་པ་དང་། རོ་མི་ཞིམ་པ་ལྟ་བུའི་མཛའ་བར་མི་རུང་བའི་གཤིས་ངན་གཉིས་ལས་ལྡོག་པ་དེ་ཉིད་གསལ་བར་བྱེད་ཅིང་། སྔ་མའི་ཞེས་རྒྱ་མཚོའི་ཆོས་ནི་ངག་དེས་བཟློག་པའི་ཕྱིར། འདི་ནི་སྔོན་མེད་བསྡུས་པར་བརྗོད་དོ། །འདི་དང་ཚུལ་འདྲ་བར་བརྗོད་ན། ས་གསུམ་མུན་པ་གཅིག་ཅར་འཇོམས་ནུས་པའི། །ཉིན་བྱེད་དབང་པོ་བདུད་རྩིའི་ཟེར་ཕྲེང་ཅན། །བལྟ་བས་མི་ངོམས་མིག་གི་དགའ་སྟོན་མཆོག དུས་ཀྱི་དབང་གིས་སླར་ཡང་འཆར་བར་འགྱུར། །འདིའི་བསམ་དོན་རྒྱལ་བ་བྱམས་པ་མ་འོངས་པའི་དུས་སུ་འབྱོན་པར་འགྱུར་བ་བརྗོད་པའོ། །ས་གསུམ་མུན་པ་
གཅིག་ཅར་འཇོམས་པ་དང་། བདུད་རྩིའི་འོད་ཟེར་དང་། མིག་གིས་དགའ་སྟོན་བལྟ་བས་མི་ངོམས་པ་གསུམ་ཡོད་པའི་ཉི་མ་ཞིག་སྔར་མེད་དེ། ཉི་མ་གླིང་བཞིར་རིམ་པར་འཁོར་བས་གླིང་བཞིའི་མུན་པ་རིམ་གྱིས་སེལ་བ་ཙམ་དང་། ཚ་གདུང་གི་རེག་བྱ་ཅན་སྔོན་རྒྱ་མཚོ་ལས་བྱུང་བའི་དུག་རྣམས་ཀྱི་བཅུད་བསྡུས་པ་ཉི་མར་བསྟིམ་ཞེས་བཤད་པས་བདུད་རྩིའི་འོད་ཟེར་ཅན་མིན་པ་དང་། མིག་གིས་བལྟ་བར་མི་བཟོད་པས་ན་ལྟ་བའི་ངོམས་པ་མེད་པའི་མིག་གི་དགའ་སྟོན་དུ་གྱུར་པ་མ་ཡིན་མོད་ཀྱི། རྗེ་བཙུན་བྱམས་པ་ལ་ནི་ཡོན་ཏན་དེ་ལྟ་བུ་མངའ་བའི་ཕྱིར་སྔོན་མེད་ཀྱི་ཉི་མ་ཡིན་ལ། སླར་ཡང་འཆར་ཞེས་པའི་ཚིག་གིས་སྔོན་དེ་ལྟ་བུ་འཇིག་རྟེན་འདིར་ཤར་བ་ནི་སྟོན་པ་ཉི་མའི་གཉེན་སོགས་འདས་པའི་སངས་རྒྱས་རྣམས་ཡིན་པར་དོན་གྱིས་ཤེས་པར་བྱ་བ་ཡིན་ནོ། །ཞེས་ཞར་བྱུང་ཉམས་མཚར་དུ་བརྗོད་པའོ། །བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ། མཚན་ཉིད་ཀྱི་སྒོ་ནས་ངོ་བོ་ངོས་གཟུང་བ་དང་། དེའི་མཚན་གཞིའི་དབྱེ་བ་དཔེས་བརྗོད་པ། བསྔགས་པའི་སྒོ་ནས་མཇུག་བསྡུས་པ་གསུམ་ལས། དང་པོ། བརྗོད་བྱ་དེ་ཆེས་འཕགས་པའི་ཁྱད་པར་གྱི་ནི་བརྗོད་འདོད་གང་གིས་འཇིག་རྟེན་ན་ཡོངས་སུ་གྲགས་པའི་མཚམས་ལས་བརྒལ་བར་གྱུར་པ་ཡི་ངག་སྦྱོར་ཚུལ་རླབས་ཆེ་ཞིང་མཛེས་པ་དེ་ནི། ཕུལ་དུ་བྱུང་བར་བརྗོད་པ་
འདི་ཚིག་གི་རྒྱན་གྱི་དམ་པ་ཡིན་ཏེ། དེའི་མཚན་གཞིའི་དབྱེ་བ་དཔེར་བརྗོད་ན། ཞེས་སོ། །གཉིས་པ་དཔེ་བརྗོད་ཀྱི་དབྱེ་བ་ལ་བཞི་བཤད་པའི་དང་པོ། ཁྱད་འཕགས་ཕུལ་བྱུང་ནི།མེ་ཏོག་གི་བྱེ་བྲག་ཤིན་ཏུ་དཀར་བ་མལླི་ཀ་ཡི་ཕྲེང་བ་དུ་མའི་ཚོགས་ཀྱིས་བརྒྱན་པ་ཅན། ལུས་ཀུན་ལ་ཁྱབ་པའི་ཙནྡན་དཀར་པོའི་འདེ་གུས་བྱུགས་པའི་གཤེར་རམ་ན་བག་དང་ལྡན་ཞིང་། གང་གི་ལུས་ལ་ཀ་ཤི་ཀའི་རས་སོགས་མདོག་དཀར་པོའི་གོས་བགོས་པ་ཅན་མཚན་མོའི་དུས་ལ་སྐྱེས་པ་དང་དུས་བཏབ་ནས་མངོན་པར་འགྲོ་མ་དེ་ནི། ཟླ་འོད་ཀྱི་ནང་དུ་རྒྱུ་བའི་ཚེ་ན་ཟླ་བའི་འོད་ལ་འདི་ཟླ་འོད་དང་། འདི་མངོན་འགྲོ་མ་ཞེས་སོ་སོར་མཚོན་པའམ་སོ་སོར་སྣང་བ་མ་ཡིན་པ་གཅིག་ཏུ་འདྲེས་པ་ལྟར་གྱུར་ཏོ། །ཞེས་སམ། སྔ་མ་དག་གིས་ཟླ་བའི་འོད་ཀྱིས་འགྲན་མ་ཡིན་ཞེས་བྱེད་སྒྲར་བྱས་པ་དཔེ་རྒྱན་དུ་སོང་ལ། ཟླ་བའི་འོད་ལ་འགྲན་མ་ཡིན། །ཞེས་བྱས་པ་དཔེ་ལས་ཀྱང་དམན་པར་སོང་བས་ཕུལ་བྱུང་མིན་ཞེས་མཁས་པ་སྔ་མ་དག་གིས་གསུངས། དེས་ན་དཀར་བའི་ཡོན་ཏན་ཁྱད་འཕགས་བརྗོད་འདོད་ཀྱིས་ཟླ་འོད་དང་སོ་སོར་འབྱེད་མི་ནུས་སྐད་དུ་བརྗོད་པ་འདི་འཇིག་རྟེན་ན་དངོས་སུ་དེ་འདྲ་མི་སྲིད་པས། ཧ་ཅང་ཡང་ཚིག་རླབས་ཆེན་པོས་དཀར་བ་ཕུལ་དུ་བྱུང་བར་བརྗོད་པས་ཁྱད་འཕགས་ཕུལ་བྱུང་ཞེས་སྤྱིར་བརྗོད་པའོ། །འདིར་
མངོན་འགྲོ་མ་ཞེས་པ། སྐྱེས་པ་དང་དུས་བཏབ་ནས་འགྲོ་བའི་བུད་མེད་ཀྱི་མིང་ཡིན་པར་འཆི་མེད་མཛོད་ལས་བཤད་པ་ལྟར་བུད་མེད་ཀྱི་བྱེ་བྲག་དེའི་མིང་ཡིན་པར་གོ་དགོས་ཀྱི། སྔ་མ་ཕལ་མོ་ཆེས་མཚན་མོར་རྒྱུ་ཞིང་མངོན་པར་འགྲོ་མ་ཞེས་སྤྱི་ཙམ་དུ་སྨྲས་པ་ནི་བློ་ཅུང་ཞིག་རྩིང་བས་མངོན་བརྗོད་ཀྱི་དོན་མ་རྟོགས་པའོ། །དེ་ལྟར་ཟླ་བའི་འོད་ནི་འཇིག་རྟེན་འདི་ན་དཀར་བའི་ཡོན་ཏན་ཆེས་ལྷག་པ་ཉིད་དང་། སོ་སོར་མཚོན་མི་ནུས་པར་བརྗོད་པས་མཛེས་པའི་ལུས་དཀར་བ་ཁྱད་པར་འཕགས་པ་དང་ལྡན་པ་བརྗོད་པ་ཡིན་ལ། དེ་བཞིན་དུ་ཐེ་ཚོམ་ཕུལ་བྱུང་ལ་སོགས་ཀྱང་གསལ་ཕྱིར་དཔེ་ཅུང་ཟད་བསྟན་པར་བྱའོ། །ཞེས་གསུངས་ནས། ཐེ་ཚོམ་ཕུལ་བྱུང་གི་རྒྱན་ལ་ནང་གསེས་སུ་མ་ངེས་པའི་ཕུལ་བྱུང་དང་། ངེས་པའི་ཕུལ་བྱུང་གི་རྒྱན་གཉིས་ལས། དགའ་མ་ཁྱོད་ཀྱི་ནུ་མ་དང་། དཔྱི་ཡི་བར་ན་རྐེད་པ་ནི། ཡོད་དམ་མེད་ཅེས་ཡུན་རིང་དུ་བལྟས་ཀྱང་བདག་གི་ནི། དེ་ཡོད་མེད་ཀྱི་ཐེ་ཚོམ་ད་དུང་བཟློག་པར་ཡང་མ་གྱུར་ཏོ། །ཞེས་འཇིག་རྟེན་ན་དེ་འདྲའི་ཐེ་ཚོམ་དངོས་གནས་པ་སྐྱེ་མི་སྲིད་ཀྱང་། དགའ་མའི་རྐེད་པ་ཧ་ཅང་ཕྲ་བའི་ངོ་མཚར་བརྗོད་འདོད་ཀྱིས་ཐེ་ཚོམ་དེ་ལྟ་བུ་བྱུང་བ་སྐད་དུ་འུད་བྱས་པའོ། །འདི་ལ་དཔེ་བརྗོད་གཞན་ཡང་འདི་ལྟར། ལེགས་བཤད་གཅིག་གིས་བློ་ལྡན་ཆེས་མང་པོའི། །ཐེ་ཚོམ་བགྲོལ་
སླད་ཁྱེད་ལ་དེ་སྙེད་ཀྱི། །བློ་གྲོས་དུ་མ་གཅིག་ཅར་མངའ་འམ་མིན། །ད་དུང་བདག་བློ་སོམ་ཉིའི་དུ་བས་བཟུང་། །ཞེས་པའང་ངོ་། །ཐེ་ཚོམ་ཕུལ་བྱུང་གི་བྱེ་བྲག་ངེས་པའི་ཕུལ་བྱུང་ནི། ནི་ཏམྤི་ནི་ཞེས་པ་ཚང་ར་རྒྱས་མ་ཡིན་པས། དེ་ལ་བོས་ནས་ཁྱོད་ལ་ནི་རྐེད་པ་ཡོད་ཅེས་ངེས་པར་ནུས་ཏེ། ཅིའི་ཕྱིར་ན་འོ་མ་འཛིན་པ་ནུ་མའི་ཁུར་ལྕི་བ་འདི་ཚང་ར་ཡི་སྟེང་འདི་རུ་གནས་པ་འདི་ལྟ་བུ་རྣམ་པ་གཞན་དུ་རྐེད་པ་མེད་ན་དེ་ལྟར་སྲིད་པ་མ་ཡིན་ནོ། །ཞེས་རྐེད་པ་ཡོད་པ་གཏན་ཚིགས་ཀྱིས་བསྒྲུབ་དགོས་པ་མི་སྲིད་མོད་ཀྱི། རྐེད་པ་ཡོད་པར་ངེས་པའི་རྒྱུ་མཚན་དཔྱད་པ་དེས་ཀྱང་མངོན་སུམ་གྱིས་རྐེད་པ་ཡོད་མེད་མ་ཤེས་པས་ཐེ་ཚོམ་སྔོན་དུ་བྱུང་ཟིན་ལྟ་བུར་ཤུགས་ཀྱིས་སྟོན་པས་ཧ་ཅང་རྐེད་པ་ཕྲ་བར་བརྗོད་པའོ། །དེ་ལྟར་ཡང་། ཁྱེད་གསུང་བློ་ལྡན་སོ་སོའི་བློར་འཐད་ཀྱང་། །ངག་གི་རྣམ་རིག་ཀུན་ནས་སློང་བ་ཡི། །རྟོག་གཉིས་གཅིག་ཅར་འཇུག་པ་མི་རིགས་པས། །བློ་མཆོག་གཅིག་གི་རྒྱུན་གྱིས་བསྟན་པར་ཤེས། །ཞེས་པ་ལྟ་བུའོ། །གྲགས་པ་ཕུལ་བྱུང་ནི། སྐྱེས་བུ་ཁྱོད་ཀྱི་སྙན་པར་གྲགས་པའི་ཕུང་པོ་ནི་ཚད་འདི་ཙམ་མོ་ཞེས་དཔག་ནུས་པ་མིན་ཡང་། འཇིག་རྟེན་འདིར་ཤོང་བ་ན། ས་སྐྱོང་ཞེས་བོས་ནས་ས་འོག་ས་སྟེང་ས་བླའི་འཇིག་རྟེན་ནམ་སྲིད་པ་གསུམ་གྱི་ནི་ཁོངས་དག་
ཨེ་མ་ཤིན་ཏུ་ཡངས་སོ། །ཞེས་པ་ལྟ་བུ་གྲགས་པ་ལ་མི་ཤོང་བའི་དོགས་པ་འཇིག་རྟེན་ན་མེད་ཀྱང་། གྲགས་པ་རྒྱ་ཆེ་ཞིང་ཁྱད་དུ་འཕགས་པ་བརྗོད་པར་འདོད་པས་འཇིག་རྟེན་གསུམ་གྱི་གནས་ཁྱོན་ཡངས་པའི་ཚད་ཀྱིས་གྲགས་པ་སྒྲུབ་པའི་ཚིག་ཉམས་ཕུལ་དུ་བྱུང་བའོ། །གྲགས་པ་ལ་སྦྱར་བ་དེ་བཞིན་བློ་གྲོས་དང་མང་ཐོས་དང་དཔའ་བ་དང་མཛེས་པ་དང་། འབྱོར་པ་སོགས་བརྗོད་བྱ་གང་ཡང་རུང་བའི་ཁྱད་འཕགས་ཀྱི་དོན་འཇིག་རྟེན་གྲགས་ཚོད་ལས་བརྒལ་བའི་ཕུལ་བྱུང་གི་ཉམས་ཀྱིས་བརྗོད་ཚུལ་མཁས་ན་ཚིག་དེས་བློ་ལྡན་རྣམས་ཀྱི་ཡིད་འཕྲོག་པར་ནུས་སོ། །གསུམ་པ་སྙན་ངག་སྦྱར་བ་ལ། མཁས་པ་ངག་གི་དབང་པོས་བསྔགས་བརྗོད་ཀྱིས་མཆོད་པར་གྱུར་པ་ཕུལ་བྱུང་ཞེས་བྱ་བའི་མིང་གིས་བརྗོད་པ་འདི། རྒྱན་ནི་གཞན་པ་རྣམས་ཀྱི་ཡང་འདི་གཅིག་པུ་དཔུང་གཉེན་ནམ། གཅིག་པུར་གྱུར་པའི་དཔུང་གཉེན་ནམ། དཔུང་གཉེན་གཅིག་པུར་གྱུར་པ་ཉིད་དུ་བརྗོད་དོ་ཞེས། དཔེ་རྒྱན་སོགས་རྒྱན་གཞན་ལའང་ཕུལ་བྱུང་གི་ཉམས་འདྲེས་ན་ཆེས་མཛེས་པར་འགྱུར་རོ། །ཞེས་སོ། །བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ། མཚན་ཉིད་ཀྱི་སྒོ་ནས་དེའི་ངོ་བོ་ངོས་གཟུང་། དེ་དག་གི་དབྱེ་བ་དཔེས་བསྟན་པ་གཉིས། དང་པོ། སེམས་དང་ལྡན་པ་དག་གམ། ཅིག་ཤོས་སེམས་
མེད་ཀྱི་དངོས་པོ་གང་གི་རང་བཞིན་ནི། སྐབས་ཀྱི་ངག་དོན་དེ་ལས་རྣམ་པ་གཞན་དུ་གནས་པ་ཡིན་ནའང་། ངག་སྦྱོར་གང་དུ་རྣམ་པ་གཞན་དུ་བསྒྱུར་ནས་རབ་ཏུ་རྟོག་ཅིང་སེམས་པར་བྱེད་པ་དེ་ནི་རབ་རྟོག་གམ་རབ་བརྟག་གི་རྒྱན་དག་ཏུ་རིག་པར་བྱ་སྟེ། དཔེར་ན་འདི་ལྟ་བུའོ་ཞེས་དཔེ་བརྗོད་རྣམས་བསྟན་པའོ། །གཉིས་པ་རབ་རྟོག་དེ་ཡི་རྒྱན་གྱི་དབྱེ་བ་གསུམ་གསུངས་པའི་དང་པོ་སེམས་ལྡན་རབ་རྟོག་ནི། ཉིན་གུང་གི་དུས་སུ་ཉི་མས་ཤིན་ཏུ་གདུང་བ་ཡི་གླང་པོ་ཆེ་དག་ནི་རིངས་སྟབས་ཀྱིས་མཚོར་འཇུག་པ་དེ་ཉིད་ཉི་མ་ལ་འཁོན་ལན་གླན་པར་མ་ནུས་པས། ཉི་མའི་ཕྱོགས་སུ་གྱུར་པའི་པདྨ་རྣམས་གཞོམ་པར་འདོད་པ་ཡིན་ནམ་སྙམ་མོ། །ཞེས་པ་འདིར་མཚོ་ལ་ཁྲུས་བྱེད་པ་དང་། ཆུ་བཏུང་བ་དང་པདྨའི་རྩ་བ་དག་བཟའ་བའི་ཕྱིར་ལག་པ་ལྡན་པ་སྟེ། གླང་པོ་ཚད་པས་ཉེན་པ་དག་ཆུར་འཇུག་པ་ནི་སེམས་ལྡན་གྱི་གནས་ཚུལ་དྲང་པོའོ། །རྣམ་པ་དེ་ལྟ་བུའི་རྣམ་པ་གཞན་དུ་གནས་པའི་ཚུལ་དེ་ནི་ཉི་མ་ལ་འཁོན་ལན་གླན་ཕྱིར་ཞེས་སྙན་ངག་མཁན་གྱི་བསམ་པས་རྣམ་པ་གཞན་དུ་སྒྲོ་བཏགས་པའམ་རབ་ཏུ་བརྟགས་ནས་བརྗོད་པའོ། །སེམས་མེད་རབ་རྟོག་གི་རྒྱན་ནི། ཨུཏྤལ་འདི་ནི་མིག་བདག་གི་ཡོན་ཏན་དཀྱུས་རིང་བ་དག་འགོག་པའམ་ཟིལ་གྱིས་གནོན་པར་བྱེད་
པའི་སླད་དུ་རྣ་བའི་རྒྱན་ཞེས་པའི་ཟོལ་གྱིས་འདིར་ལྷགས་པ་ཞིག་གོ་ཞེས་བསམ་སྟེ། མཛེས་མ་ཁྱོད་ཀྱི་མིག་གིས་རྣ་བ་ཡི་ཨུཏྤལ་དག་ལ་འགོངས་པ་སྟེ་གནོན་ཅི་ཐུབ་བྱེད་པ་འདྲའོ། །ཞེས་པ་འདིར་མཛེས་མའི་མིག་ཟུར་གྱི་ཆར་ནི་ཨུཏྤལ་ལྷུང་བར་གྱུར་པ་ལ་མིག་ཟུར་བལྟས་པ་རབ་བརྟགས་ཀྱི་ས་བོན་དུ་བྱས་ནས། མཛེས་མ་མཆོག་འགའི་མིག་གི་འོད་དམ་བཀྲག་མདངས་ཀྱིས་ཨུཏྤལ་ལ་རེག་པ་ལྟ་བུར་གྱུར་པ་ཞིག་གམ། དེ་ལྟར་མིན་ཡང་ཟུར་མིག་བལྟས་པ་དེ་སྡང་མིག་གི་ཚུལ་དུ་བཟུང་ནས་སྙན་ངག་མཁན་གྱིས་དེ་ལྟར་རབ་ཏུ་བརྟགས་ཏེ་བརྗོད་པའོ། །རབ་བརྟགས་བཞིན་སྒྲ་ཅན་ནི། དབྱར་དུས་ཆར་སྤྲིན་འཁྲིགས་པའི་ཤེ་མུན་སྟུག་པོས་སྐྱེས་བུའི་ལུས་མ་མཐོང་བ་དང་། ནག་ངམ་གྱིས་ནམ་མཁའ་ལ་ཁྱབ་པར་མཐོང་བ་ལ་མུན་པ་འདི་ནི་སྐྱེས་བུའི་ལུས་ལ་བྱུག་པ་བཞིན་ནོ། །ནམ་མཁའ་འདི་ནི་མིག་སྨན་ནག་པོའི་ཆར་པ་འབེབས་བཞིན་པའོ། །ཞེས་པ་འདི་ཡང་ངོ་ཞེས་སེམས་མེད་རབ་རྟོག་གི་བྱེ་བྲག་ཡིན་ནོ། །ཞེས་དང་། གཞན་ཡང་རབ་རྟོག་གི་མཚན་ཉིད་ལྡན་པ་ལ་ནང་གི་དབྱེ་བ་ཕྲ་མོ་ཤིན་ཏུ་མང་ངོ་། །དེ་ཡང་མུན་པ་བྱུག་ཏུ་མི་རུང་ཡང་ཚོན་སོགས་བྱུག་པའི་བྱ་བ་དེ་ལ་སྦྱར་བ་དང་། ཆར་འབེབས་པ་དངོས་པོའི་བྱ་བ་དངོས་མེད་ནམ་མཁའ་ལ་བཀོད་པས་ཏིང་ངེ་
འཛིན་གྱི་རབ་རྟོག་ཀྱང་ཟེར་རོ། །སྐབས་འདིར་བཞིན་སྒྲ་ལས་འཕྲོས་པའི་དོགས་སྤང་གསུངས་པ། འདིར་ནི་བཞིན་གྱི་སྒྲ་ཡིས་སྙན་ངག་སྨྲ་བའི་གང་ཟག་འགའ་ཞིག་གིས་འདི་འདྲའི་བཞིན་གྱི་སྒྲ་འདི། སྒྲ་གཞུང་གི་ཏིང་ཞེས་པ་ཡི་མཐའ་ཡིན་པ་ཡིས་དཔེ་མ་ཡིན་ནོ་ཞེས་པ་ཡིད་ཆེས་ཀྱི་གསུང་ལས་འདས་ནས་དཔེ་ཉིད་དུ་འཁྲུལ་པ་སྐྱེ་བ་མཐོང་ངོ་ཞེས་པ། ཏིང྄་མཐའ་བཤད་པའི་ལུང་དང་འགལ་བཞིན་དཔེ་ཉིད་དུ་འདོད་པ་དེ་ཕྱོགས་སྔར་སྨོས་པའོ། །ཏིང྄་མཐའ་ཞེས་པ་ཀུན་བཤད་ཀྱི་རྐྱེན་གྱི་ནང་ཚན་དུ་གྱུར་པའི་སྒྲ་ཡིན་ནོ་ཞེས་པ་སྟེ། ཙཱནྡྲ་པ་ལྟར་ན་ཏིང྄་མཐའ་ཞེས་གསུངས་པ་དེ་ཡིན་ལ། ཀ་ལཱ་པ་ལྟར་ན་ཏི་སོགས་བྱ་བའི་མཐའ་ཅན་ཏེ་དོན་དཔེ་དཔེ་ཅན་སྦྱར་བའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་མ་ཡིན་པར་སྔ་མའི་མཁས་པ་དག་གིས་གསུངས་ཤིང་དངོས་སུ་གསལ་ཏེ། འབྱུག་པའི་སྐད་དོད། ལམྤ་ཏཱི་ཡ་དང་། ཆར་འབེབས་པའི་པརྵ་ཏཱི་པ་ཞེས་རྒྱ་དཔེར་ཏིང྄་མཐའ་ལ་ཨིས྄་དང་ཨིབ྄་སྦྱར་བ་དངོས་སུ་མཐོང་བས་སོ། །དཔེ་མ་ཡིན་པའི་བཞིན་སྒྲ་ཏིང྄་མཐའི་བྱེ་བྲག་ཏུ་གྱུར་པ་དཔེ་ཉིད་དང་མི་འདྲ་བ་དེའི་དོན་ཇི་ལྟ་བུ་ཞེ་ན། སྤྱིར་བཞིན་སྒྲ་ལ་དགའ་བཞིན་དུ་ལྟ། དགྱེས་བཞིན་དུ་བཞུགས། ཟ་བཞིན་དུ་འགྲོ་ཞེས་པ་ལ་སོགས་པ་ལྟ་བུ། དགའ་བ་དང་བལྟ་བ་སོགས་དུས་གཅིག་
ཏུ་ཡོད་པས། དེའི་དབང་དུ་བྱས་ན་མཚུངས་སྒྲར་དོགས་པའང་མི་སྐྱེ་མོད། ཕྱོགས་སྔ་དེ་དག་གི་འདོད་པ་ལྟར་དཔེ་ཉིད་དུ་སྟོན་པའི་བཞིན་སྒྲ་ཡིན་ན་ཡང་དཔེ་རྒྱན་ཡིན་པར་མི་འཐད་པར་བརྗོད་པ། དཔེ་དང་དཔེར་བྱ་བའམ་དཔེ་ཅན་ཉིད་དག་ནི་ཕན་ཚུན་མཚུངས་པའི་ཆོས་ལ་ལྟོས་དགོས་པས་ན། སྐབས་འདིར་བསྟན་གྱི་དཔེ་འབྱུག་པ་དང་ནི་དཔེར་བྱ་བ་མུན་པ་ལ་མཚུངས་པའི་ཆོས་འདི་མངོན་པར་གྱུར་ཏམ་ཅི་སྟེ་མཚུངས་པ་ཅི་ཡང་མེད་དོ། །གལ་ཏེ་འབྱུག་པ་ཉིད་མུན་པའི་མཚུངས་ཆོས་སུ་འདོད་ན། བྱུག་པའི་སྒོ་ནས་མཚུངས་པའི་ཆོས་གཞན་ཞིག་མུན་པ་དང་མཚུངས་པར་སྟོན་དགོས་ན་ཡང་། དེ་མེད་པར་འབྱུག་པ་བཞིན་སྨོས་པས་ན་མུན་པ་དང་འདྲ་རྒྱུའི་འབྱུག་པ་ཞེས་བྱ་བ་གཞན་པ་ཅི་ཞིག་ཡོད་དེ་མེད་པས་ན། སྔར་འབྱུག་པ་དཔེ་དང་མུན་པ་དཔེ་ཅན་དུ་བྱས་པའི་དམ་བཅའ་ཉམས་པར་འགྱུར་རོ། །གལ་ཏེ་བྱུག་པ་ཞེས་པའི་བྱ་ཚིག་དེ་ཉིད་མཚུངས་ཆོས་དང་། དེ་གང་ལ་ཡོད་པའི་ཆོས་ཅན་དཔེ་ཡི་རང་བཞིན་ཡང་ཡིན་ནོ་ཞེས་པ་འདི་ལྟ་བུ་སེམས་མ་སྨྱོས་པ་རྣལ་དུ་གནས་པ་སུས་ཀྱང་འཆད་པ་མ་ཡིན་ཏེ། མཚུངས་ཆོས་ནི་ཁྱད་པར་གྱི་ཆོས་དང་། ཆོས་ཅན་ནི་ཁྱད་གཞི་ཡིན་པས་དེ་གཉིས་མིང་སོ་སོའི་ལྡོག་པའི་སྒོ་ནས་ཐ་དད་དུ་མ་འབྱེད་ཀྱི་བར་དུ་ཆོས་དང་ཆོས་ཅན་དུ་ནམ་ཡང་མི་ངེས་པའི་ཕྱིར་རོ། །
དཔེར་ན་གདོང་པདྨ་ལྟར་མཛེས་ཞེས་པ་འདིར་དཔེ་པདྨ། དཔེ་ཅན་གདོང་། འདྲ་ཆོས་མཛེས་པ་གསུམ་མིང་གི་སྒོ་ནས་ཐ་དད་དུ་འཆར་དགོས་ཀྱི། དཔེར་བྱ་རྒྱུ་གདོང་དང་དཔེ་དང་མཚུངས་ཆོས་གཉིས་ཀ་མཛེས་པ་ཡིན་པ་མི་སྲིད་དེ། མཛེས་པ་མཚུངས་ཆོས་ཡིན་དུ་ཆུག་ཀྱང་དེ་དཔེ་ཉིད་དུ་མི་འགྱུར་ཏེ། པདྨ་མ་སྨྲས་པར་གདོང་མཛེས་པ་ཞེས་སྨོས་ན་གདོང་མཛེས་པར་གོ་མོད། འདྲ་ཡུལ་མ་སྨོས་བར་དུ་འདྲ་བའི་དོན་སྟོན་པའི་བཞིན་སྒྲ་སྦྱར་དོན་མེད་དོ། །གདོང་མཛེས་བཞིན་པ་ཟེར་ན་ད་ལྟ་བའི་སྒྲར་འགྱུར་གྱི་མཚུངས་སྒྲར་མི་འགྱུར་ལ། གདོང་ནི་མཛེས་པ་བཞིན་ནོ་ཞེས་མཛེས་པ་དཔེར་བྱས་ནས་མཚུངས་སྒྲ་སྦྱར་ན་གདོང་མཛེས་པ་ལ་མི་གོ་བར་མཛེས་པ་ཞེས་པའི་ཆོས་གཞན་ལ་གོ་བར་འགྱུར་ཞིང་མཛེས་པ་མཚུངས་ཆོས་སུ་མི་འགྱུར་བ་བཞིན་ནོ། །དེར་མ་ཟད་གལ་ཏེ་བྱེད་པ་ཡི་ཚིག་འབྱུག་པ་སོགས་དཔེ་ཡིན་ན། འབྱུག་པ་ཞེས་བྱ་བའི་དངོས་པོ་ཞིག་ཏུ་གྱུར་ནས་བྱ་བའི་ཚིག་ལ་འདི་དབང་དང་བྲལ་བར་འགྱུར་ཞིང་འབྱུག་པའི་བྱ་བ་བྱེད་པར་མི་འགྱུར་རོ། །དེ་ལྟར་འབྱུག་ཅེས་པའི་སྒྲ་དེས་རང་གི་བརྗོད་བྱ་བྱུག་པའི་བྱ་བ་བསྒྲུབ་མི་ནུས་པ་དེ་ནི་ཆོས་གཞན་གྱི་ལྟོས་བྱར་གྱུར་པའི་དཔེར་མི་འགྱུར་ཏེ། འབྱུག་པའི་སྒྲས་འབྱུག་པའི་བྱ་བ་མི་སྟོན་ན་དེ་ཆོས་ཅིའི་མིང་ཡིན་
པའང་ཤེས་པར་མི་འགྱུར་རོ། །ཡང་ལེགས་པར་མ་བརྟགས་པ་གང་གིས་འབྱུག་པ་འདི་དང་ནི་མུན་པ་དག་ལུས་གཡོགས་པའི་ཆ་ནས་དཔེ་དཔེ་ཅན་དུ་མཚུངས་ཞེས་སྨྲ་ན་ཡང་། གལ་ཏེ་མཚུངས་སུ་ཆུག་ན་ཡང་སྐབས་འདིར་ལུས་ལ་ཞེས་ལུས་འབྱུག་བྱའི་ཡུལ་དུ་བྱས་ནས་བསྟན་པའི་ལས་ཀྱི་སྒྲ་དངོས་སུ་ཡོད་པས་དེ་གཉིས་དཔེ་དཔེ་ཅན་དུ་མ་འབྲེལ་ཏེ། ལུས་དང་འབྱུག་པ་དེ་གཉིས་ཀ་ཡང་དངོས་པོ་དང་བྱ་བ་ཞིག་གི་མིང་ཐ་དད་པ་ཡིན་པས་དེ་གཉིས་ལ་ཡོན་ཏན་མཚུངས་པ་ཅི་ཡོད་གོང་བཤད་བཞིན་བལྟ་བའམ་དཔྱད་པར་བྱོས་ཤིག དཔེར་ན་ཁྱོད་གདོང་ཟླ་བ་བཞིན་ཞེས་པས་མཛེས་པ་རྟོགས་པར་འགྱུར་ཏེ། དེ་བཞིན་དཔེ་ཡིན་པར་འདོད་ན་མུན་པ་འདི་འབྱུག་པ་བཞིན་ཞེས་བརྗོད་པས་འདྲ་བ་གོ་དགོས་ན་ཡང་འབྱུག་པ་ཞེས་པ་འདི་ལ་ནི། ལུས་ལ་བྱུགས་པ་དེ་ཙམ་ལས་དོན་གཞན་འདྲ་བ་སོགས་རྟོགས་པ་མ་ཡིན་ནོ། །དེ་ཕྱིར་དཔེར་ན་ཚོན་ལུས་ལ་འབྱུག་གོ་ཟེར་ན། བྱུག་པར་བྱ་རྒྱུ་ཚོན། བྱུག་པར་བྱ་བའི་ཡུལ་ལུས། དེ་དེ་ལ་བྱུག་པའི་མིང་འབྱུག་ཅེས་གོ་ཡི། དཔེ་དཔེ་ཅན་གྱི་རྣམ་པར་གོ་རྒྱུ་ཅི་ཡང་མེད་པ་དེ་བཞིན་དུ། འབྱུག་པ་ཞེས་བྱ་བ་འདི་དང་ནི་མུན་པ་བྱེད་པའི་ཚིག་དང་། ལུས་ཀྱང་ལས་སུ་བྱ་བ་ཉིད་དུ་སྒྲ་ཉེ་བར་སྦྱར་བའི་དོན་ཅན་དུ་སྐྱེས་བུ་སྙན་ངག་མཁན་པོ་
ཡིས་མུན་པ་དངོས་སུ་ལུས་ལ་བྱུག་པ་མེད་ཀྱང་བྱུག་པར་རབ་ཏུ་བརྟགས་ནས་བརྗོད་པ་ཞེས་སུ་འདོད་པར་བྱའོ། །ཞེས་སོ། །ཞར་བྱུང་རབ་བརྟག་གསལ་བར་བྱེད་པའི་སྒྲ་ནི། སྙམ་ཞེས་དང་། དེ་ལྟར་ཡིན་པར་དོགས་ཞེས་དང་། དེ་ལྟར་ངེས་ཞེས་དང་། འདྲའོ་ཞེས་དང་། མིན་ནམ་ཞེས་དང་། ལ་སོགས་པའི་སྒྲས། ཅིའི་མ་ཡིན། ཇི་ལྟར་མིན། སོགས་ཀྱི་སྒྲ་འདི་ཡིས་རབ་བརྟག་གསལ་བར་བྱེད་ལ། བཞིན་གྱི་དེ་དང་འདྲའོ། །ཞེས་སོ། །དེ་ལ་སྐབས་འདིའི་དོན་ལ་ཅུང་ཟད་དཔྱད་དགོས་པ་འདི་བྱུང་སྟེ། ད་ལྟ་བའི་བཞིན་སྒྲ་ཅན་བཤད་མ་ཐག་པ་དེ་ནི་བཞིན་སྒྲས་མཚུངས་པ་གོ་བའི་དཔེ་བརྗོད་པར་དོགས་པ་སྐྱེ་བ་མེད་ཀྱང་སྤྱིར་རབ་རྟོག་གི་སྐབས་འདིར་དཔེ་གཞན་དང་འདྲ་བར་རབ་ཏུ་བརྟག་པ་ཞིག་ཀྱང་སྣང་སྟེ། དཔེར་ན། མེ་ཏོག་ཚོགས་རྣམས་དགའ་བས་འཛུམ་པ་བཞིན། །འབྲས་བཟང་སྙེ་མ་བཏུད་དེ་ཕྱག་འཚལ་མཚུངས། །ལྗོན་ཤིང་ཕྲེང་བ་ཆགས་པས་གཡོ་བྱེད་ཅིང་། །ཕན་ཚུན་ཡལ་ག་ལག་པས་འཐེན་པ་འདྲ། །ཞེས་པ་ལྟ་བུ་འདིར་མེ་ཏོག་ལ་སེམས་ལྡན་དགའ་བས་འཛུམ་པའི་ཆོས་མེད་ཀྱང་དེ་དང་འདྲའོ་ཞེས་སྒྲོ་བཏགས་པའི་ཆ་ནས་དཔེར་བྱས་པ་ལྟ་བུར་སོང་བ་ཡོད་ཀྱང་དཔེ་རྒྱན་དུ་མི་འགྱུར་ཏེ། མེ་ཏོག་གི་རྣམ་འགྱུར་
ཉིད་སེམས་ལྡན་གྱི་རྣམ་འགྱུར་དང་འདྲ་བར་སྒྲོ་བཏགས་པའི་དོན་དུ་འདྲ་བ་དང་བཞིན་དང་མཚུངས་པ་སོགས་སྨོས་པ་ཡིན་ནོ། །མུན་པ་དང་བྱུག་པ་ལའང་མུན་པ་ཉིད་ལུས་ལ་བྱུག་པར་བྱ་བཞིན་པར་གོ་ན་ད་ལྟ་བའི་དོན་ཅན་གྱི་བཞིན་སྒྲ་སྔར་བཤད་པ་ལྟར་དང་། མུན་པ་འདི་མིག་སྨན་ནག་པོས་བྱུགས་པ་བཞིན་དུ་ལུས་ལ་བྱུག་གོ་ཟེར་ན་མཚུངས་པའི་སྒྲར་འགྱུར་ཡང་བྱ་ཚིག་དང་འབྲེལ་བ་འདི་དཔེ་རྒྱན་གྱི་དོན་དུ་མི་འགྱུར་ཏེ། བྱུག་པ་དང་འདྲ་བར་སྒྲོ་བཏགས་པ་ཤུགས་ཆེ་བའི་ངག་ཡིན་གྱི། དཔེར་བྱ་བ་གཙོ་བོར་བསྟན་པའི་ངག་མ་ཡིན་པས་སོ། །གཞན་ཡང་བོད་སྐད་ལ་དོན་ཇི་ལྟ་བ་བཞིན་དུ་སྟོན། ཇི་སྐད་སྨྲས་པ་བཞིན་བྱེད། ཅེས་སོགས་ཚིག་སྔ་མ་དེའི་དོན་ལས་ཕྱིན་ཅི་མ་ལོག་པར་གྱུར་པ་དང་། གོ་རིམ་བཞིན་དུ་བཤད་ཅེས་སྔ་མའི་གོ་རིམ་དང་རྗེས་སུ་མཐུན་པར་འཇུག་པ་དང་། ཇི་ལྟ་བ་བཞིན་ནོ། །དེ་དེ་བཞིན་ནོ་ཞེས་པ་བརྗོད་བྱ་དེ་ཡི་གནས་ཚུལ་ཕྱིན་ཅི་མ་ལོག་པ་བརྗོད་པ་དང་། གཞན་ཡང་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་སོགས་ཀྱི་བཞིན་གྱི་སྒྲས་ཚིག་སྔ་མའི་དོན་ལས་གཞན་དུ་མ་གྱུར་པའི་ཆ་ནས་དེ་ལྟར་བརྗོད་ཀྱི། ཆོས་གཉིས་མཚུངས་པའི་དོན་མ་ཡིན་པ་སོགས་ཚིག་གི་སྤུ་རིས་ཞིབ་ཏུ་འབྱེད་རྒྱུ་འདུག་མོད། མདོ་ཙམ་ལས་མ་བྲིས་སོ། །
འདིའི་རྗེས་ཀྱི་རྒྱན་གསུམ་ཐུན་མོང་དུ་མདོར་བསྟན་པ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་རྒྱུ་དང་ཕྲ་མོ་ཆ་ཡི་རྒྱན་དག་ནི། ངག་སྦྱོར་བའི་ཚིག་རྣམས་ངག་གི་རྒྱན་གྱི་མཆོག་ཡིན་ནོ། །ཞེས་གསུངས་ནས། གཉིས་པ་སོ་སོའི་རང་བཞིན་བཤད་པ་ལ་གསུམ་ལས། དང་པོ་དོན་རྒྱན་སོ་ལྔའི་ནང་ནས། བཅུ་གསུམ་པ་རྒྱུའི་རྒྱན་ལ། ངོ་བོ་བསྟན་པ་དང་། དེའི་ནང་གི་དབྱེ་བའི་དཔེར་བརྗོད་པ་གཉིས། དང་པོ་རྒྱུ་ཡི་རྒྱན་ནི་བརྗོད་བྱའི་དོན་གང་ཡིན་པ་དེའི་སྐྱེད་བྱེད་དམ། དེ་མེད་ན་མི་འབྱུང་བའི་བྱེད་པོ་གང་ཡིན་པ་ཤེས་པའམ། གོ་བར་བྱེད་པའི་ཆ་ནས་བརྗོད་པའི་ངག་ཉིད་དེ་ཞེས་སོ། །གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ། དེ་དག་རྣམ་པ་དུ་མ་ཡོད་པ་དཔེར་བརྗོད་ན། ཞེས་སོ། །གཉིས་པ་དབྱེ་བ་ལ་སྤྱི་རིགས་ནས་དངོས་པོའི་རྒྱུ་དང་། དངོས་མེད་ཀྱི་རྒྱུ་དང་། མཚར་བའི་རྒྱུ་ཞེས་པའི་རྣམ་གྲངས་གསུམ་དུ་དབྱེ་ཞིང་། དངོས་པོའི་རྒྱུ་ལ་ནང་གི་དབྱེ་བ་དྲུག དངོས་མེད་ཀྱི་རྒྱུ་ལ་ལྔ། མཚར་བའི་རྒྱུ་ལ་ལྔ་སྟེ་ཁྱོན་བསྡོམས་པས་བཅུ་དྲུག་ལས། དང་པོ་རྒྱུ་དངོས་པོར་གྱུར་པས་འབྲས་བུ་དངོས་པོ་བསྐྱེད་པའི་བྱེ་བྲག་ལའང་འགྲུབ་བྱེད་ཀྱི་རྒྱུ་དང་། རྣམ་འགྱུར་གྱི་རྒྱུ་དང་། འཐོབ་བྱེད་ཀྱི་རྒྱུ་དང་། ཤེས་བྱེད་
ཀྱི་རྒྱུ་དང་བཞིར་བཤད་པའི་དང་པོ་འགྲུབ་པར་བྱེད་པའི་རྒྱུ་ལ་ཡང་། རྒྱུ་དངོས་པོས་འབྲས་བུ་དངོས་པོ་འགྲུབ་པ་འོས་པའི་རྒྱུ་དང་། རྒྱུ་དངོས་པོས་འབྲས་བུ་དངོས་མེད་འགྲུབ་པ་མི་འོས་པའི་རྒྱུ་གཉིས་ལས། དང་པོ། རྒྱུ་ལྷོ་ཕྱོགས་མ་ལ་ཡ་ཡི་རླུང་གིས་ནི་ཙནྡན་གྱི་ལྗོན་པ་གསར་པ་ཡི་ཡལ་འདབ་སྐྱོད་པར་བྱེད་པ་འདིས་འབྲས་བུ་སྐྱེ་བོ་ཀུན་གྱི་དགའ་བ་སྐྱེད་པར་བྱེད་དོ། །ཞེས་དགའ་བ་སྐྱེད་པར་འོས་པ་ཡི་རང་བཞིན་ཡིན་པའི་ངག་ཉེ་བར་སྦྱར་བའི་བརྗོད་པ་ལ་མཛེས་པའི་ཉམས་ཡོད་པའི་སྒོ་ནས་རྒྱན་གྱི་མིང་ཉིད་ཀྱིས་རབ་ཏུ་བསྟན་ཏེ། འདི་ལས་ལྡོག་པ་མི་འོས་པ་དག་ཀྱང་དེ་དང་མཚུངས་ཏེ་རྒྱན་ཡིན་ནོ། །མི་འོས་པ་འགྲུབ་བྱེད་ཀྱི་རྒྱུ་ཡི་རྒྱན་ནི། མ་ལ་ཡ་ཡི་རི་ལས་བབས་པའི་ཆུ་རྒྱུན་ལ་རེག་ཅིང་ཙནྡན་གྱི་ནགས་བསྐྱོད་ནས་འོང་བའི་རླུང་འདི་མགྲོན་པོ་བུད་མེད་དང་བྲལ་བ་རྣམས་དག་ནི། དབང་པོ་དང་སྲོག་ཉམས་པར་བྱ་བའི་ཕྱིར་ཉེ་བར་གནས་སོ། །ཞེས་པ་རྒྱུ་དེ་ལྟར་བྱུང་བའི་རླུང་གིས་ནི། སྐྱེ་བོ་བུད་མེད་དང་འབྲལ་བའི་ཚོགས་ལ་གདུང་བའི་རིམས་ནད་དུ་གྱུར་པ་ལས་བྱུང་བར་གྱུར་པ་གང་ཞིག འབྲས་བུ་སྐྱེ་བོ་ཡུལ་ཡིད་དུ་འོང་བ་ལ་སྲེད་པ་དག་ཉམས་པ་ཉིད་དུ་སྒྲུབ་པར་བྱེད་པར་ནུས་སོ། །ཉམས་པ་ནི་དངོས་མེད་ཡིན་པས་འབྲས་བུ་དངོས་མེད་བསྐྱེད་ཅེས་བཤད་དོ། །
དེ་ལྟར་འགྲུབ་པར་བྱ་བ་གཉིས་པོའི་ཡུལ་ལས་སུ་བྱ་བ་དང་། སླར་འཆད་འགྱུར་རྣམ་པར་འགྱུར་བར་བྱ་བ་གསུམ་ལ་ནི་རྒྱུའི་དངོས་པོའམ་བྱེད་པོ་དེ་ཉིད་ལ་ལྟོས་པའི་རྒྱུ་རྒྱན་ཉིད་ཡིན་པར་བརྗོད་དོ། །འོག་གི་འཐོབ་པའི་ལས་སུ་བྱ་བ་ལ་ནི། ཕལ་ཆེར་ནི་རྒྱུ་དེའི་བྱ་བ་ལ་བལྟོས་པའི་རྒྱུ་ཉིད་དུ་བརྗོད་དོ། །དེ་ལས་འགྲུབ་པར་བྱེད་པའི་རྒྱུ་གཉིས་པོ་དག་བསྟན་ཟིན་ཏེ། དེའི་ལྷག་མ་རྣམ་འགྱུར་དང་ཐོབ་པའི་རྒྱུ་གཉིས་པོ་ཡི་དཔེར་བརྗོད་གཉིས་ནི་བཀོད་པར་བྱས་ནས། དེའི་རྗེས་སུ་གཞན་ཤེས་པར་བྱེད་པ་ཡི་རྒྱུ་ཡང་བསྟན་པར་བྱའོ། །ཞེས་པ་ལྟར་རིམ་པ་བཞིན་དཔེར་བརྗོད་པ་ལས། རྣམ་འགྱུར་གྱི་རྒྱུ་ནི་ལྗོན་ཤིང་ལས་ལོ་འདབ་གསར་དུ་འཁྲུངས་པའི་ནགས་ཚལ་དང་། མེ་ཏོག་པདྨ་འདབ་བརྒྱ་རབ་ཏུ་རྒྱས་པའི་རྫིང་བུ་དང་། ཟླ་བ་རྒྱས་པ་དང་གསུམ་པོ་བསྒྱུར་བྱར་བྱས་ནས་རྣམ་པར་འགྱུར་བྱེད་ཀྱི་རྒྱུར་འདོད་པ་ཡིས་སུའི་ངོར་བསྒྱུར་ན། བུད་མེད་དང་བྲལ་བའི་ཐག་རིང་གི་མགྲོན་པོ་རྣམས་ལ་ཅི་ཞིག་ཏུ་འགྱུར་བར་བྱེད་ན། ལྟ་བའི་དུག་ཏུ་འགྱུར་ཞེས་པ། ལྟ་བའམ་མཐོང་བའི་དུག་ཅེས་མཐོང་ན་གདུང་བ་བསྐྱེད་པའི་རང་བཞིན་དུ་འགྱུར་རོ་ཞེས། དེ་ལྟར་ཡུལ་གྱི་རང་བཞིན་རྣལ་མ་དགའ་བ་སྐྱེད་འོས་དེ་དག་རྣམ་པ་གཞན་དུ་འགྱུར་བ་ནི་བྱེད་པོ་འདོད་པའི་རྒྱུ་ལས་
སོ། །འཐོབ་བྱེད་ཀྱི་རྒྱུ་ནི་གྲོང་ཆོས་ལ་མ་ཞུགས་པའི་ཕྱུང་ན་ཆུང་མ་སྐྱེས་པ་གཞན་མེད་པའི་ཁེངས་པ་ཅན་འདི་གྲོང་ཆོས་ལ་རིམ་གྱིས་གོམས་པར་བྱའོ་ཞེས་པའི་ཀུན་སློང་སྔོན་དུ་བཏང་བའི་བུ་མོ་ཞིག་གིས་དེའི་ཐབས་སུ་གྲོགས་མོ་ཕྱུང་ན་ཆུང་མ་དེ་རང་གི་མཛའ་བོའི་གནས་སམ་གན་དུ་བཀོད་ནས། བུ་མོ་དེས་དེ་གཉིས་ལ་སྨིན་མ་འཁྱོག་ཅིང་མིག་ཡོན་པོར་ལྟ་བའི་ཚུལ་གྱིས་མཆུ་ནི་གཡོ་ཞིང་། ཁྱེད་གཉིས་མཛའ་བར་བྱོས་ཤིག་ཅེས་བརྡས་གོ་བར་བྱས་ནས་ཡང་ཡང་ལྟ་བར་བྱེད་དོ། །དེ་ལྟར་བྱས་པས་ཕྱུང་ན་ཆུང་མ་དེ་ངོ་ཚ་དང་བྲལ་ནས་མཛའ་བོ་དང་འགྲོགས་པ་ཐོབ་པར་འགྱུར་རོ། །ཞེས་རང་གིས་འདི་བཞིན་བཤད་ན་ལེགས་པར་མངོན་ནོ་སྙམ་མོ། །སྔ་འགྲེལ་མཐའ་དག་ན། དེ་སྔ་རང་གི་གྲོགས་པོ་ལ་ཁེངས་པ་བྱེད་མ་མྱོང་ཞིང་མི་ཤེས་པ་ཞིག་གིས། ད་ནི་བདག་གིས་ཁེངས་པ་གོམས་པར་བྱའོ་ཞེས་རང་གི་གྲོགས་མོ་ཞིག་རང་གི་མཛའ་བོའི་གནས་སུ་བཀོད་དེ། མཛའ་བོ་ཡིན་པར་བཏགས་པ་ལ་མི་གུས་པའི་རྣམ་འགྱུར་མིག་ཡོན་པོར་ལྟ་བ་སོགས་ཀྱིས་ལྟ་བར་བྱེད་དོ། །དེས་ཅི་ཞིག་འཐོབ་ན་རང་གི་གྲོགས་པོས་འདིས་དེ་སྔ་རང་ལ་ཁེངས་པ་བྱེད་མ་མྱོང་བས་ཁེངས་པ་གསར་དུ་བསླབ་པའོ་སྙམ་དུ་གྲོགས་མོ་ལ་གཅེས་པའི་སེམས་སུ་གྱུར་ནས་ཡུན་རིང་དུ་འགྲོགས་པ་ཐོབ་བོ་ཞེས་འཆད་ཀྱང་། ཁེངས་པའི་རྣམ་འགྱུར་མི་ཤེས་
པར་གསར་དུ་གོམས་དགོས་མཁན་ཡང་དཀོན་ལ། དེ་འདྲ་གོམས་པར་བྱེད་པ་མཛའ་བོས་མཐོང་ཚེ་ཁེངས་པ་བསྐྱེད་པ་ལ་འབད་པས་མཛའ་བོ་མི་དགའ་བར་རིགས་ཀྱི། དགའ་ནས་ཡུན་རིང་འགྲོགས་པ་ཐོབ་པའི་རྒྱུ་མཚན་དུ་འགྱུར་བར་འགལ་བས་འདི་འདྲ་ཅི་ཡིན་མ་འཚལ་ལོ། །བོད་འགྲེལ་ཀུན་གྱི་ཐོག་མ་འཕགས་ཡུལ་པའི་གསུང་སྒྲོས་བསྡུས་ནས་བཀོད་པ་དབང་ལོའི་འགྲེལ་པ་ཡིན་ཞིང་། དེ་བདག་གིས་ཀྱང་མཐོང་ལ། ཚིག་བརླིང་པོ་མདོར་བསྡུས་ཀྱི་དོན་ཅན་ཞིག་འདུག་པས། དེའི་ཚིག་དོན་མ་འབྱེད་པར་བཤད་པ་རྒྱུན་འབྱམས་སུ་སོང་བ་འདྲ་ཞིག་ཡིན་ནོ་སྙམ་མོ། །ཤེས་བྱེད་ཀྱི་རྒྱུ་ལ་གཉིས་ལས། ཕྱིའི་དུས་ཤེས་བྱེད་ཀྱི་རྒྱུ་ནི། ཉི་མ་ཆུ་ལྷའི་ཕྱོགས་སུ་ནུབ་པར་གྱུར་ཅིང་། ཟླ་བ་ནི་རང་འོད་ཀྱིས་མཛེས་པ་དང་། འདབ་ཆགས་རྣམས་ཀྱང་སོ་སོའི་གནས་སུ་སོང་ངོ་། །ཞེས་པ་འདི་ཡང་སྲོད་ལ་སོགས་པའི་དུས་ཀྱི་སྐབས་གོ་བ་བྱེད་པ་ཡི་རྒྱུ་ཚིག་ཉམས་ལེགས་པ་ཡིན་ནོ། །ནང་གི་དུས་སམ་གནས་སྐབས་ཤེས་བྱེད་ཀྱི་རྒྱུ་ནི། ཀྱེ་གྲོགས་མོ་ཁྱོད་འདོད་པས་གཟིར་བའི་ཡིད་ཤེས་པར་བྱ་བ་ཡིན་ལ། དེ་ཅིས་ཤེས་ན། འདི་ལྟར་རེག་བྱ་བསིལ་བ་ཟླ་བའི་ཟེར་གྱིས་མི་བཟློག་ཅིང་། ཙནྡན་གྱི་ཆུ་ཡིས་ཀྱང་སེལ་བར་མི་བཟོད་པ་ཡི་ལུས་ཀྱི་དྲོད་འབར་བ་ཉིད་ཀྱིས་ལེགས་པར་རྟོགས། ཞེས་པའི་སྦྱོར་བ་འདི་
འདྲ་བ་རྣམས་ལ་ནི། བརྗོད་ཚུལ་ཡིད་དུ་འོང་བའི་ཉམས་དང་ནང་གི་ཆགས་པའི་གནས་སྐབས་སམ་དེའི་དུས་ཤེས་པར་བྱེད་པའི་རྒྱུ་དག་ཏུ་མཚོན་པ་ཡིན་ནོ། །ཞེས་སྦྱོར་བ་དེ་འདྲ་ནང་གི་ཆགས་པ་ཤེས་བྱེད་ཀྱི་རྒྱུ་ཡིན་པ་དང་དེ་ལའང་ཡིད་འོང་གི་ཉམས་དང་ལྡན་པས་རྒྱུ་རྒྱན་དུ་མཚོན་ཞེས་པའོ། །སྤྱིར་རྒྱན་ཐམས་ཅད་ལ་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་སྦྱར་ན། རྒྱན་རྣམས་ཀྱི་ངོ་བོའམ་རང་བཞིན་ངོས་བཟུང་བ་དེ་སོ་སོའི་མཚན་ཉིད་ཡིན་ལ། རྒྱན་གྱི་དབྱེ་བའི་དཔེ་བརྗོད་རྣམས་མཚན་གཞིའི་དབྱེ་བའོ། །དེས་ན་མཚན་གཞི་དེ་དག་གི་སྟེང་དུ་མཚོན་བྱ་རྒྱན་དེ་དང་དེ་ཡིན་པ་མཚན་ཉིད་དེས་མཚོན་པར་བྱེད་དེ། མཚན་གཞི་སྒྲ་ཡི་སྟེང་དུ་མཚོན་བྱ་མི་རྟག་པ་མཚན་ཉིད་སྐད་ཅིག་མས་མཚོན་པ་བཞིན་ནོ། །མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་དང་སྦྱར་དགོས་ངེས་ཅི་ཡང་མེད་ཀྱང་སྦྱར་ན་གོ་ཐོབ་དེ་འདྲ་ཞིག་ཡིན་ནོ་ཞེས་ཞར་བྱུང་དུ་སྨྲས་པའོ། །གཉིས་པ་དངོས་མེད་ཀྱི་རྒྱུ་ཡིས་འབྲས་བུ་བསྐྱེད་པ་ལྟར་བརྗོད་པས་ནི་ཡིད་འཕྲོག་པ་ཡི་དཔེ་བརྗོད་འགའ་ཞིག་རབ་ཏུ་བསྟན་པར་བྱའོ་ཞེས་གསུངས་ནས། དཔེ་བརྗོད་ཀྱི་རྣམ་གྲངས་ལ་སྤྱིར་རྒྱུ་དངོས་མེད་ཀྱི་འབྲས་བུ་དངོས་པོ་ཡོད་པ་བསྐྱེད་པ་དང་། རྒྱུ་དངོས་མེད་ཀྱི་འབྲས་བུ་དངོས་མེད་བསྐྱེད་པ་གཉིས་ལས། དང་པོ་ལ་རྣམ་གྲངས་
བཞི་ཡོད་པ་ལས། ཐོག་མར་སྔ་ན་མེད་པའི་བྱེད་པ་པོའི་རྒྱུ་ནི། རིག་པ་ཡི་གནས་རྣམས་ལ་མ་གོམས་པ་དང་། བློ་ལྡན་བསྟན་བཅོས་མཁས་པ་རྣམས་དང་མ་འགྲོགས་པ་དང་། མིག་སོགས་དབང་པོ་རྣམས་ནི་ཡུལ་ལ་གཡེང་བ་མ་བསྡམ་པས་མི་རྣམས་ནི་འགྱོད་ཅིང་སྡུག་བསྔལ་བས་རབ་ཏུ་གདུང་བར་གྱུར་ཏོ། །ཞེས་སྤྱིར་དངོས་པོ་མེད་པས་འབྲས་བུ་དངོས་པོ་བསྐྱེད་པའི་རྒྱུ་མི་བྱེད་ཅིང་། དངོས་མེད་ནི་གང་གིས་བསྐྱེད་བྱའི་འབྲས་བུ་མ་ཡིན་པས་དངོས་མེད་རྣམས་ལ་དཔྱད་ན་རྒྱུ་འབྲས་དངོས་སུ་གྱུར་པ་མེད་མོད་ཀྱང་། མེད་ན་མི་འབྱུང་གི་ཐ་སྙད་ཀྱི་སྒོ་ནས་བརྗོད་ཚུལ་འདི་ལྟ་བུའི་དབང་དུ་བྱས་ན་དངོས་མེད་ཀྱི་རྒྱུས་དངོས་པོར་ཡོད་པ་དང་། མེད་པའི་འབྲས་བུ་བསྐྱེད་པ་ལྟ་བུའི་ཐ་སྙད་ངེས་པར་རུང་ཕྱིར་ཚིག་ཉམས་ཡིད་འཕྲོག་པ་དང་ལྡན་པར་ཤེས་པར་བྱའོ། །ཞིག་ནས་མེད་པའི་བྱེད་རྒྱུ་ནི་འདོད་པ་ཉམས་སུ་མྱོང་བའི་གཏམ་གྱིས་ཡིད་མྱོས་པ་ཡི་གནས་སྐབས་སོང་བ་སྟེ་འདས་པའམ་ཞིག་པར་གྱུར་ཅིང་། ལང་ཚོ་ལས་བྱུང་བ་ཡི་ནི་ཆགས་སྲེད་མི་བཟད་པའི་རིམས་ནད་དག་ཀྱང་ཉམས་པར་གྱུར་ཏོ། །ཆགས་སྲེད་དེ་དེ་ལས་བྱུང་བའི་འབྲས་བུ་མྱོས་པའམ་རྨོངས་པ་ཟད་ཅིང་རྒྱུ་ཡུལ་ལ་སྲེད་པའང་འཕོས་ཏེ་མི་གནས་པ་དེ་ཕྱིར་བསོད་ནམས་དགེ་བའི་གནས་ལ་ཡིད་དག་རྩེ་གཅིག་ཏུ་བྱས་སོ། །སྔར་ཡོད་པའི་དངོས་པོ་དེ་དག་ཞིག་ནས་མེད་པའི་རྒྱུ་དེས་འབྲས་བུ་དངོས་པོར་གྱུར་པ་བསོད་ནམས་ཀྱི་གནས་ལ་
ཡིད་འཇུག་པ་བསྐྱེད་པར་བྱས་པའོ། །ཕན་ཚུན་མེད་པའི་བྱེད་རྒྱུ་ནི། ནགས་ཚལ་ཚང་ཚིང་འདི་དག་སྐྱོན་གྱི་རང་བཞིན་ཅན་གྲོང་པའི་ཁྱིམ་མ་ཡིན་ལ། ཆུ་ཀླུང་གྱ་གྱུར་འབབ་ཅིང་སྒྲ་སྒྲོག་པ་འདི་དག་ཆགས་པའི་ཡུལ་གྱི་དུག་ཅན་བུད་མེད་མིན་ནོ། །རི་དྭགས་རྩེ་བྲོ་བྱེད་པ་འདི་དག་ལ་འཆིང་བྱེད་ཀྱི་བུ་ཚ་མིན་པ། དེ་ཕྱིར་ནགས་ཁྲོད་དབེན་པར་གནས་པ་བདག་གི་ཡིད་དགའོ་ཞེས་སོ། །སྤངས་ནས་མེད་པའི་བྱེད་རྒྱུ་ནི། ཤིན་ཏུ་མ་བརྟག་པར་གྱ་ཚོམས་སུ་འཇུག་པའི་སྤྱོད་པ་ངན་པ་ནི་འཕགས་པ་བདག་ཉིད་ཆེན་པོ་རྣམས་ལ་ཡོད་པ་མ་ཡིན་ནོ། །རྒྱུ་དེའི་ཕྱིར་དམ་པ་དེ་དག་རྣམས་ཀྱིས་ནི་འདི་དང་ཕྱི་མའི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་རྟག་ཏུ་འཕེལ་བར་འགྱུར་རོ། །རྒྱུ་དངོས་མེད་ཀྱིས་འབྲས་བུ་དངོས་མེད་བསྐྱེད་བའི་རྒྱུ་ཡི་རྒྱན་ནི། སྐྱེད་མོས་ཚལ་གྱི་ས་ཧ་ཀཱ་ར་སྟེ། ཨམྲའི་ཤིང་རྣམས་ལ་སྙེ་མ་མ་འཁྲུངས་པ་མིན་ན་མགྲོན་པོ་རྣམས་ཀྱི་བུད་མེད་ནི། ཏིལ་དང་བཅས་པའི་ཁྱོར་ཆུ་སྦྱིན་བྱར་འགྱུར་རོ། །ཞེས་ཨ་མྲའི་ཤིང་གི་སྙེ་མ་མཐོང་ན་བུད་མེད་རྣམས་འདོད་པས་བརྒྱལ་ཞིང་དྲན་པ་ཉམས་པས་ཏིལ་དང་བཅས་པའི་ཆུ་བསིལ་ཁྱོར་བར་བཅུག་པས་འཐོར་བྱར་འགྱུར་མོད་ཀྱི། སྙེ་མ་མ་འཁྲུངས་པས་ཏིལ་བཅས་ཁྱོར་ཆུ་སྦྱིན་པར་ཡང་མ་གྱུར་པ་དག་རྒྱུ་འབྲས་སུ་བརྗོད་པའོ། །འདི་ལ་གཞན་དག་
སྙེ་མ་མ་འཁྲུངས་པ་མིན་ཞེས་དགག་པ་གཉིས་ཀྱིས་རྣལ་མ་གོ་ནས་འཁྲུངས་པ་དེས་མགྲོན་པོ་རྣམས་ཀྱི་བུད་མེད་ཆགས་གདུང་གིས་ཤི་སྟེ། རྒྱ་གར་བའི་ཡུལ་ཆོས་ཀྱིས་གཤིན་པོ་ལ་དགེ་རྩ་ཐོབ་ཕྱིར་བྲམ་ཟེ་གཙང་མ་ཞིག་གིས་ཏིལ་དང་བཅས་པའི་ཁྱོར་ཆུ་སྦྱིན་ཅིང་བསྔོ་བ་བྱེད་པ་ཡིན་ནོ། །རྒྱུ་ནི་དགག་ཚིག་གི་དབང་གིས་དངོས་མེད་དང་། འབྲས་བུ་ཤི་བ་སྲོག་འགག་པའི་དངོས་མེད་ཡིན་ཞེས་འགྲེལ་པ་གཞན་ལས་གསུངས་ཀྱང་། དགག་ཚིག་ཡོད་ཀྱང་འབྲས་བུ་འཁྲུངས་པའི་དོན་དུ་སོང་ན་དངོས་མེད་དུ་མི་འགྱུར་ལ། མིན་ན་ཞེས་རྒྱུ་མཚན་གྱི་ཚིག་སྦྱར་བའང་མི་འགྲིག་ཅིང་། སྦྱིན་བྱར་འགྱུར་ཞེས་སོགས་ཚིག་གི་ནུས་པ་དང་དོན་གྱི་རྣམ་གཞག་གཉིས་ཀའི་སྒོ་ནས་བརྒྱལ་བ་ཐོབ་བྱེད་ཀྱི་རྒྱུ་དེ་མ་བྱུང་ཞིང་མེད་པས། འབྲས་བུ་ཤི་བའམ་བརྒྱལ་བ་དེ་ཡང་མེད་པར་གྱུར་པ་དེ་གཉིས་སྔ་མ་རྒྱུ་མེད་ན། ཕྱི་མ་འབྲས་བུ་དེ་ཡང་མི་འབྱུང་བའི་ཐ་སྙད་ཅན་དུ་བརྗོད་པ་འདི་ལེགས་སྙམ་དུ་བདག་སེམས་སོ། །དེ་ལྟར་ཡོད་པ་སྒྲུབ་པ་དང་མེད་པ་དགག་པའི་རང་བཞིན་ཅན་གྱི་འབྲས་བུ་སྐྱེད་པ་ཡི་རྒྱུ་དངོས་མེད་ཀྱི་རྒྱན་དག་ལ་སྐབས་འདིར་སྔོན་ནམ་སྔ་ན་མེད་པ་དང་། ཞིག་ནས་མེད་པ་ལ་སོགས་པའི་རང་བཞིན་གྱི་ཆོས་དེས་འབྲས་བུ་དངོས་པོ་སྐྱེད་པ་ཡི་ནི་རྒྱུ་
ཉིད་དུ་བརྗོད་དོ། །འདིར། སྔོན་མེད་པ་ཡི་རང་བཞིན་གྱི། །དངོས་པོའི་རྒྱུ་ལ་སོགས་ཉིད་དོ། །ཞེས་བྱས་ན་གོ་བདེ་སྟེ། སྔ་ན་མེད་པའི་རང་བཞིན་གྱི་དངོས་པོ་བསྐྱེད་པའི་རྒྱུ་བྱེད་པ་སོགས་སུ་ཤེས་པར་བྱའོ། །ཞེས་སོ། །གསུམ་པ་མཚར་བའི་རྒྱུ་ལ་མིང་གི་སྒོ་ནས་མདོར་བསྟན། དོན་གྱི་རང་བཞིན་དཔེར་བརྗོད་པ་གཉིས་ལས། དང་པོ་རིང་འབྲས་ཀྱི་རྒྱུ་དང་། རྒྱུ་དེ་དང་འབྲས་བུ་ལྷན་ཅིག་སྐྱེས་པའི་རྒྱུ་དང་། དེ་བཞིན་འབྲས་བུའི་དེ་མ་ཐག་ཏུ་སྐྱེས་པའི་རྒྱུ་དང་། མི་འོས་པའི་འབྲས་བུ་བསྐྱེད་པ་རིགས་མིན་གྱི་རྒྱུ་དང་། འོས་པ་ཞིག་བསྐྱེད་པ་རིགས་པ་བྱེད་པའི་རྒྱུ་ཞེས་པ་མཚར་བའི་རྒྱུ་རྣམས་སོ། །ཆེད་དུ་མ་བྱས་པའི་འབྲས་བུ་གཞན་བསྐྱེད་པ་ལྟ་བུ་དང་། རྒྱུ་འབྲས་དུས་མཉམ་དུ་ཡོད་པ་དང་། འབྲས་བུ་སྔ་བ་ལ་སོགས་པ་འདི་ལྟ་བུ་དངོས་དོན་ལ་ཡོད་མི་སྲིད་པ་ཞིག་ཚིག་གི་ལམ་དེའི་དབང་དུ་བྱས་ན། དེ་ལྟར་ཐ་སྙད་རུང་ཞིང་ལེགས་པས་ངོ་མཚར་བའི་རྒྱུ་ཞེས་བྱའོ། །དེས་མཚོན་ནས་མཚར་བའི་རྒྱུ་རྣམས་ལ་རྣམ་པ་ཅུང་ཟད་མི་འདྲ་བ་རྣམས་རྒྱས་པར་ཕྱེ་ན་གྲངས་མེད་པ་ཡོད་དོ། །དེ་ལྟ་བུའི་མཚར་བའི་རྒྱུའི་ངག་འདི་དག་སྦྱོར་བའི་ཚིག་གི་ལམ་རྣམས་ལ་རྒྱུ་འབྲས་དངོས་མིན་ཡང་། རྒྱུ་འབྲས་བུ་བཏགས་པའམ་ཕལ་པའི་འཇུག་པ་ལ་བརྟེན་པ་ཡི་སྒོ་ནས་རྒྱུ་ལས་འབྲས་བུ་སྔ་བ་ལྟ་བུ་སོགས་ཀྱང་
སྙན་ངག་གི་ལམ་ལ་ཤིན་ཏུ་མཛེས་པ་དག་མཐོང་སྟེ། དེ་ཡི་དཔེར་བརྗོད་ཇི་ལྟར་ཞེ་ན། དང་པོ་རིང་བའི་འབྲས་བུ་སྐྱེད་པའི་རྒྱུ་རྒྱན་ནི། ལུས་ཅན་མ་ཁྱོད་ཀྱི་མིག་ཟུར་ཞེས་མིང་དུ་བཏགས་པ་འདི་དོན་ལ་འགྲོ་བ་ཀུན་ལས་རྒྱལ་བར་བྱེད་པ་ལུས་སྐྱེས་འདོད་ཆགས་དག་གི་མཚོན་ཆ་གང་དེ་སྐྱེས་པ་གཞན་ལ་རབ་ཏུ་འཕངས་པ་དེ་ཡིས་ཆེད་དུ་བྱ་བ་མིན་པ་རིང་ན་གནས་པ་བདག་གི་ཡིད་ཀྱང་བཅོམ་མོ། །ལུས་མེད་དག་གི་མཚོན་ཞེས་པ་འགྱུར་སྔ་མ་རྣམས་སུ་སྣང་སྟེ་ལུས་མེད་ནི་འདོད་ལྷའོ། །རིང་བའི་དོན་ནི་ཆེད་དུ་བྱ་བའི་ཡུལ་མ་ཡིན་པས་རྒྱུ་དེ་དང་ཉེ་བ་མ་ཡིན་པས་རིང་བའམ། ཡང་ན་ཡུལ་དེ་དང་གོ་ས་གཅིག་མིན་པ་ལ་དེ་ལས་རིང་བ་ཞེས་པའི་དོན་ནོ། །འདིར་མཚོན་ཆ་གང་ལ་བཏབ་པ་དེ་ལས་གཞན་དོན་མེད་འཇོམས་མི་སྲིད་ཀྱང་འདིར་སྲིད་པ་ལྟར་སོང་བའི་ཉམས་ཀྱིས་ངོ་མཚར་བའོ། །རྒྱུ་འབྲས་ལྷན་ཅིག་པ་མཚར་བའི་རྒྱུ་ནི། དཔེར་ན་སྐྱེས་བུ་ལུས་སྐྱེས་ཏེ་འདོད་པ་ཉིད་ཀྱིས་མྱོས་པའི་རྣམ་འཕྲུལ་གདོང་མདོག་དམར་ཞིང་མིག་འབྲུ་ཚུགས་སུ་ལྟ་བ་སོགས་སྤྱོད་ལམ་སྣ་ཚོགས་བྱེད་པ་དང་ལྷན་ཅིག་ཉིད་དུ་ཡིད་ལ་འདོད་པའི་བུད་མེད་རྣམས་ལ་བུ་མོ་ཆུང་ངུའི་གནས་སྐབས་དག་ནི་ཡོངས་སུ་ནུབ་པའི་ན་ཚོད་འདོད་པ་བསྟེན་འོས་པ་སྐྱེས་སོ། །ཡུལ་བུད་མེད་འདོད་པ་བསྟེན་
འོས་ལས་སྐྱེས་བུའི་ཆགས་པ་སྐྱེ་རིགས་པ་ལས་འདིར་དེ་གཉིས་སྔ་ཕྱི་མེད་པར་ལྷན་ཅིག་བྱུང་བ་བརྗོད་པའོ། །འབྲས་བུ་སྔ་བ་མཚར་བའི་རྒྱུ་ནི། དང་པོའམ་སྔར་ཉིད་དུ་རི་དྭགས་མིག་ཅན་གྱི་རྒྱུད་ཀྱི་ཆགས་པའི་རྒྱ་མཚོ་རྒྱས་པར་གྱུར་པ་དེའི་ཕྱི་ནས་འོད་ཟེར་རབ་ཏུ་འཕྲོ་བའི་ཟླ་བ་ཡི་ནི་དཀྱིལ་འཁོར་ཤར་རོ། །ཞེས་ཟླ་བ་རྒྱ་མཚོ་འཕེལ་བའི་རྒྱུ་ཡིན་ཡང་། འདིར་བཏགས་པའི་རྒྱ་མཚོ་འཕེལ་བའི་རྗེས་སུ་རྒྱུ་ཟླ་བ་ཤར་བར་བརྗོད་པས་འབྲས་བུ་རྒྱུའི་སྔར་བྱུང་བ་ལྟར་ངོ་མཚར་བའོ། །འོས་མིན་ནམ་རིགས་མིན་གྱི་རྒྱུ་ནི། རྒྱལ་པོ་ལ་ལྷ་གཅིག་ཅེས་བོས་ནས་ཁྱོད་ཀྱི་ཞབས་གཉིས་པོ་དམར་བའི་འམ་དམར་བ་ཡི་ཉི་མ་གཞོན་ནུ་འདི་ལ་རེག་པར་གྱུར་པས། དེ་ཡི་མོད་ལ་རྒྱལ་པོ་གཞན་རྣམས་ཀྱི་ལག་པ་ཡི་པདྨ་དག་ཕྱག་འཚལ་བའི་སྒོ་ནས་ཟུམ་པར་བྱེད་པ་འདི་ཅི་ཞིག་ཅེས་ཉི་མས་པདྨ་ཟུམ་པར་མི་འོས་པས་སོ། །འོས་པའི་རྒྱུ་ནི། རྒྱལ་པོ་ཁྱོད་ཀྱི་ཞབས་སེན་ཟླ་བ་ཡི་འོད་ཟེར་ཀུནྡ་དྲི་མེད་ཀྱི་མདངས་འཕྲོ་བ་རྣམས་ས་སྐྱོང་རྣམས་ཀྱི་ལག་པ་ཡི་པདྨ་ཟུམ་པར་བྱེད་པ་ལ་དབང་ངོ་། །ཞེས་ཟླ་བས་པདྨ་ཟུམ་པར་འོས་པའམ་རིགས་པས་སོ། །མཇུག་སྡུད་ཅེས་པ་རྒྱུ་ཡི་རྒྱན་གྱི་རྣམ་རྟོག་གི་ལུགས་ནི་སྤྱིའི་དབྱེ་བ་གསུམ་སོ་སོའི་ནང་གི་དབྱེ་བ་དང་བཅས་པ་གོང་དུ་བཤད་མ་ཐག་འདི་
འདྲ་དག་ཏུ་བསྟན་ཏོ། །བཅུ་བཞི་པ་ཕྲ་མོའི་རྒྱན་ལ་ངོ་བོ་དང་། དཔེ་བརྗོད་གཉིས་ལས། དང་པོ་གང་དུ་དོན་ནམ་ཚིག་གི་ཟུར་དང་ལུས་ངག་གི་རྣམ་འགྱུར་སོགས་རྣམ་པས་མཚོན་པའི་དོན་ཅན་དེ་ནི་དངོས་སུ་གོ་རྒྱུའི་དོན་གསལ་བ་མིན་པར་ཕྲ་ཕྱིར་ཕྲ་མོ་ཞེས་པར་བཤད་ཅེས། ནང་གི་བསམ་པ་འགའ་ཞིག་གོ་བར་བྱེད་པའི་དོན་དུ་བློས་དཔྱད་པ་སྔོན་དུ་བཏང་སྟེ་དོན་དེ་དངོས་སུ་མ་བརྗོད་པར་བརྡ་ཐབས་ཀྱི་ཟུར་ཙམ་གྱིས་སམ། བློ་སྔོན་དུ་བཏང་ནས་ཆེད་དུ་བརྡ་བྱས་པ་མིན་ཡང་། ནང་གི་སེམས་ཀྱི་འགྱུར་བ་དང་རྗེས་མཐུན་ལུས་ངག་གི་རྣམ་པས་དོན་གང་ཡིན་གོ་བ་ནི་ཕྲ་མོ་སྟེ་སྐབས་འདིར་བརྗོད་བྱའོ། །དེ་ལྟར་ཡང་འདུལ་བ་གཞི་ཡི་ལུང་ལས། བསམ་པ་ནང་ན་ཡོད་པ་ཀུན། །ཕྱི་རོལ་ནས་ནི་ཉེ་བར་དམིགས། །སྐད་མདོག་དབང་པོའི་རྣམ་པ་དག རྣམ་པར་སྦ་བར་མི་ནུས་སོ། །ཞེས་གསུངས་པ་ལྟ་བུ་སྟེ། ངག་ཏུ་གསལ་པོར་བརྗོད་པ་མེད་ཀྱང་དོན་གོ་བ་ནི་དེ་ལྟ་བུ་རྟོགས་བྱེད་ཕྲ་བ་ལས་གོ་བས་ན་ཕྲ་བ་དང་། བློ་ཞིབ་པས་གོ་བྱ་ཡིན་པས་ཀྱང་ཕྲ་བའམ་ཕྲ་མོ་ཞེས་བྱ་ལ། དེ་འདྲའི་ཕྲ་མོ་དེ་ངག་གི་སྦྱོར་བར་བཀོད་པས་དོན་གོ་བ་ནི་ཕྲ་མོའི་རྒྱན་ཞེས་ཞེས་བྱའོ། །གཉིས་པ་ལ་རྣམ་གྲངས་གཉིས་ལས། དང་པོ། ཟུར་གྱིས་མཚོན་པའི་ཕྲ་མོ་ནི། ནམ་ཞིག་འུ་
ཅག་གཉིས་འགྲོགས་པར་འགྱུར་རོ་ཞེས་བརྗོད་པར་འདོད་ཀྱང་མང་པོའི་ཚོགས་དབུས་སུ་བརྗོད་པ་མ་བཟོད་པའི་མཛའ་བོ་དེ་ཡི་བསམ་སྤྱོད་བུད་མེད་མཁས་པས་རིག་ནས། བུད་མེད་དེ་ཉིད་ཀྱིས་རྩེ་དགའི་ཚུལ་ལམ་ཟོལ་གྱིས་ལག་པ་དག་གིས་རང་གི་རྒྱན་གྱི་པདྨ་ཁ་ཟུམ་པར་བྱས་པ་མཛའ་བོ་དེ་ལ་བསྟན་པའི་བརྡ་བྱས་སོ། །ཁ་ཅིག་པདྨ་ཟུམ་ཚུལ་གྱི་ཕྱག་རྒྱ་བྱས་པ་ལའང་འཆད་དོ། །དེ་ལྟར་ལུས་སྐྱེས་འདོད་པ་དག་གིས་གཟིར་བ་ཡི། མཛའ་བོ་དབུགས་དབྱུང་བར་འདོད་པ་ཡིས་པདྨ་ཟུམ་པར་བྱས་པའི་བརྡའམ། ཟུར་ལས་ཕན་ཚུན་འགྲོགས་པར་སེམས་པའི་སྐབས་འདིར་ནི་མཚན་མོར་པདྨ་ཟུམ་པའི་དུས་སུ་འགྲོགས་པར་བསྟན་པ་ཡིན་ནོ། །གཉིས་པ་རྣམ་པས་མཚོན་པ་ཕྲ་མོའི་རྒྱན་ནི། སྐྱེ་བོ་མང་པོས་གླུ་ཡི་བྱ་བ་རྩོམ་པའི་མདུན་སར་སྐྱེས་བུ་ཁྱོད་ལ་མཛེས་མ་དེ་ཡི་མིག་གཏད་ནས་བལྟས་པས་དེ་ཡི་གདོང་གི་ཆུ་སྐྱེས་དེར་མདོག་དམར་ཞིང་འབར་བའམ་གསལ་བ་ཆེར་རྒྱས་པ་ཡི་མཛེས་པ་ཅི་ཡང་བྱུང་བར་གྱུར། ཅེས་སོ། །ཁ་ཅིག་བུད་མེད་ཁྱོད་ལ་སྐྱེས་བུ་དེ་ཡི་གདོང་པ་གཏད་ནས་བལྟས་པའི་ཁྱོད་ཀྱི་གདོང་གི་ཆུ་སྐྱེས་དེར་ཞེས་འབྲུ་གནོན་པ་མཐོང་ངོ་། །འདིར་ཆགས་པ་འབར་ཞིང་ཞེས་བརྗོད་ན་དངོས་སུ་བརྗོད་པས་ཕྲ་མོར་མི་འགྲོ་བས་ར་གའི་སྒྲ་དམར་བ་དང་ཆགས་
པ་གཉིས་ཀར་འཇུག་ཀྱང་སྐབས་འདིར་དམར་བར་བསྒྱུར་བ་ལྟར་ལེགས་པར་མངོན་ནོ། །ངག་སྦྱོར་འདིར་ཡང་འཁྲིག་བདེ་འདོད་པའི་རང་བཞིན་མ་བརྗོད་པར་གདོང་དམར་བ་སོགས་ཀྱི་རྣམ་པ་བརྗོད་པས་དོན་ཕོ་མོ་ཚོགས་པའི་དགའ་བའི་དགའ་སྟོན་འདོད་པ་དག་ངེས་པར་དེ་ཡི་ཡིད་ལ་གནས་པ་མཚོན་པ་ཉིད་དུ་གྱུར་པ། འདི་ཡང་ཕྲ་མོ་ཡི་ཚུལ་ཉིད་ལས་བརྒལ་བར་གྱུར་པ་མ་ཡིན་ནོ། །བཅོ་ལྔ་པ་ཆ་ཡི་རྒྱན་ལ། ཆ་འདྲ་བ་གཅིག་གིས་ཅིག་ཤོས་བསྒྲིབ་པ་ལྟ་བུ་ཆ་འགྲིག་གི་ཆ་དང་། ཆ་ཤས་ཀྱི་ཆ་ལ་བཞེད་ཚུལ་གཉིས་ཡོད་པའི་དང་པོའི་ངོ་བོའམ་རང་བཞིན་བཤད་པ་ནི། ཆ་ཞེས་པ་ནི་ཅིག་ཤོས་བསྒྲིབ་བྱ་དེ་དང་ཆ་འདྲ་བ་ཡིས་རང་དང་འདྲ་བའི་དངོས་པོ་ཡི་རང་བཞིན་ངེས་པར་གསལ་བའམ་རྗེན་པར་གསལ་བ་སྒྲིབ་པར་བྱེད་པའི་བརྗོད་ཚུལ་ཞིག་གོ། དཔེར་བརྗོད་ཉིད་ཀྱིས་ཆ་རྒྱན་འདི་ཡི་ནི། །རང་བཞིན་ངེས་པར་གསལ་བར་བྱ། །ཞེས་གསུངས་ནས། དཔེ་བརྗོད་ཀྱི་རྣམ་གྲངས་བསྟན་པ་ལ་གཉིས་ཡོད་པའི་དང་པོ། སྦེད་པར་འོས་པའི་ཆ་རྒྱན་ནི། རྒྱལ་པོའི་བུ་མོ་ལ་ཆགས་པ་བདག་གི་ལུས་ལ་ཆགས་པའི་དབང་གིས་བ་སྤུ་ལང་བའི་སྤུ་ལངས་རྒྱས་པ་ཉིད་བུ་མོ་སྲུང་བ་པོས་རིག་པར་གྱུར་པ་ནི་སྦེད་བྱའོ། །སྦེད་བྱེད་ནི། དེ་ལྟར་རིག་པ་དེ་ལ་ཀྱེ་མ་ཚལ་འདི་ནི་ཤིན་ཏུ་བསིལ་བའི་རླུང་དང་ལྡན་པ་ཡིན་
ཏེ། བདག་ལ་སྤུ་ལངས་རྒྱས་ཞེས་སྨྲས་པ་སྐད་དུ་བྱས་པ་སྟེ། ཆགས་པ་དང་གྲང་རེག་གཉིས་ཀས་སྤུ་ལངས་རྒྱས་འོས་པས་སོ། །སྦེད་པར་མི་འོས་པའི་ཆ་རྒྱན་ནི། ཅི་ལྟར་བུ་མོ་ཤིན་ཏུ་སྡུག་གུ་མ་མཐོང་བ་ཉིད་ན། བདག་ལ་དགའ་བའི་དབང་གིས་མཆི་མ་བྱུང་ངོ་། །དེའི་ཚེ་དེ་སྒྲིབ་བྱེད་ཀྱི་ཟོལ་ནི། རླུང་གིས་གཙུབ་པའི་མེ་ཏོག་གི་རྡུལ་གྱིས་བདག་གི་མིག་སུན་ཕྱུང་ནས་མཆི་མ་ཕྱུང་ངོ་། །ཞེས་སྨྲས་པ་སྐད་དུ་བྱས་པ་སྟེ། དགའ་བས་མཆི་མ་འབྱུང་མི་འོས་པས་ཟེར་ཀྱང་། མཆི་མ་བྱུང་བ་ཆགས་པའི་རྣམ་འགྱུར་དུ་མ་ངེས་པས་སྦེད་མི་འོས་པའི་ཆའོ། །དཔེ་བརྗོད་འདི་གཉིས་ཀ་དངོས་པོ་གསལ་བ་ཟོལ་གྱིས་སྦེད་པའི་ཆ་རྒྱན་དུ་དོན་གཅིག་ཡིན་ཡང་དཔེ་འདྲ་མིན་གཉིས་བྱས་པ་ཙམ་ཡིན། འོས་མི་འོས་ཞེས་ཐ་དད་བྱེད་པ་བོད་ཀྱིས་བཤད་པ་ཡིན། འདིར་མ་ཟད་རྒྱན་གཞན་ལ་རྒྱན་གཅིག་ཡིན་ཡང་དཔེ་འདྲ་མིན་གཉིས་རེ་བཀོད་པ་ཡོད་ཅེས་འགྲེལ་པ་འགར་བཤད་ཀྱང་། དཔེ་བརྗོད་རེ་རེ་ལ་རྣམ་པ་མི་འདྲ་བ་རེ་རེའི་སྒོ་ནས་མིང་ཐ་དད་རེ་ཡོད་ན་ལེགས་པ་འདྲ་སྟེ། དེ་མིན་ན་དོན་གཅིག་པའི་དཔེ་བརྗོད་དུ་མ་བཀོད་པ་དགོས་པ་ཆུང་བར་འགྱུར་རོ། །ཞེས་པ་ལ་སོགས་སྐབས་སུ་ནི། །རྒྱན་འདི་ཤིན་ཏུ་མཛེས་པ་ཡིན། །ཅེས་གསུངས་པ་འདིའི་དོན་ནི། ཞེས་པའི་སྒྲ་བཤད་མ་ཐག་པའི་དཔེ་བརྗོད་
གཉིས་པོ་ལ་གོ་བར་བྱའོ། །ལ་སོགས་པ་ནི་དེ་དང་བརྗོད་ཚུལ་འདྲ་བའི་ཆ་རྒྱན་དུ་གྱུར་པ་རྣམས་སོ། །དེ་ལྟར་བརྗོད་འོས་པའི་སྐབས་སུ་ཤིན་ཏུ་མཛེས་པ་དམིགས་བསལ་བ་སྟེ། སྐབས་མིན་པར་ཟོལ་གྱིས་སྦེད་པ་བརྗོད་ན་མཛེས་རྒྱུ་མེད་པ་ཞིག་ཏུ་འགྱུར་རོ། །ཆགས་པའི་སྤུ་ལངས་རྒྱས་པ་དང་། བུ་མོ་ལ་དགའ་བའི་མཆི་མ་བྱུང་བ་དངོས་སུ་བདེན་པར་བརྗོད་ནས། རླུང་དང་རྡུལ་ལ་ཁ་གཡར་བས་སྒྲིབ་པ་སྐད་དུ་བྱས་ཀྱང་བསྒྲིབ་མི་ནུས་ལ། དེ་ལྟར་དེ་འདྲའི་དཔེ་བརྗོད་གཟུགས་པོར་བྱས་ནས་བརྗོད་པ་ལའང་བཞད་གད་ཀྱི་ཉམས་ཙམ་ལས་མཛེས་ཉམས་གཞན་མི་སྣང་མོད། འདིར་གཞུང་གི་དཔེར་བརྗོད་ཀྱི་སྐབས་སུ་སྦ་བྱ་སྦེད་བྱེད་གཉིས་སུ་མ་བསྟན་ན་ཆ་ཡིས་སྒྲིབ་ཚུལ་མི་ཤེས་པས་དཔེ་བརྗོད་དེ་དག་གིས་ཆ་རྒྱན་གྱི་འགྲོ་ལུགས་ཙམ་བསྟན་པས་དཔེ་བརྗོད་དངོས་ནི་ཚིག་རྐང་ཕྱི་མ་གཉིས་ཡིན་པར་གོ་བར་བྱས་ན་ལེགས་ཏེ། རྒྱལ་པོའི་བུ་མོ་མཐོང་ནས་སྤུ་ལངས་རྒྱས་པ་དེ་བུ་མོ་སྲུང་བ་པོས་རིག་ནས་བསྐྲད་པར་དོགས་པའི་ཚེ་ན་དེས་སྲུང་བ་པོ་ལ་སྨྲས་པ་སྐད་དུ་བྱས་ན། རྒྱལ་པོའི་བུ་མོ་མཚར་སྡུག་ལྡན་པ་དག །སྲུང་བྱེད་བཅས་པས་ལེགས་པར་བརྟེན་པའི་ཚལ། །མཛེས་ཤིང་ལྟ་ན་སྡུག་པར་གྱུར་མོད་ཀྱི། །ཀྱེ་མ་བསིལ་བའི་རླུང་དང་ལྡན་ཉིད་དོ། །ཞེས་སམ། ཡང་ན།
ལེགས་བྱས་ཀྱིས་བཀོད་མི་དབང་སྲས་མོའི་གཟུགས། །མཐོང་བའི་མོད་ལ་བདག་ཡིད་རྩེ་གཅིག་ཏུ། །ཨེ་མ་བསོད་ནམས་དགེ་བའི་ལས་ལམ་ལ། །སུ་ཞིག་མི་བརྩོན་སྙམ་དུ་སྤྲོ་བ་སྐྱེས། །ཞེས་བསོད་ནམས་ལ་དགའ་བའི་བ་སྤུ་ལྡང་བ་སྐད་དུ་བསྒྲིབས་པའོ། །བུ་མོ་ལ་དགའ་བའི་མཆི་མ་བྱུང་བ་གཞན་གྱིས་མཐོང་བའི་ཚེ། འདི་ན་མཚར་སྡུག་ལྡན་པ་གཞོན་ནུ་མའི། །ལུས་ཀྱི་ངོ་མཚར་ལྟ་བར་འདོད་ན་ཡང་། །དེ་ལ་འཁྲེན་པ་ལྟར་གྱུར་རླུང་འདི་ཡིས། །གཙུབ་པའི་རྡུལ་གྱིས་བདག་མིག་སུན་ཕྱུང་ངོ་། །ཞེས་པ་ལྟ་བུ་དེ་དང་དེའི་སྐབས་སུ་མཛེས་པའི་ཉམས་ཡོད་པ་ཤེས་པར་བྱའོ། །གཞན་ཡང་། དབུ་མ་བཞི་བརྒྱ་པའི་འགྲེལ་པ་ཟླ་བ་གྲགས་པས་མཛད་པ་ལས་གསུངས་པ། རྒྱལ་པོའི་ན་བཟའ་ཁྲུས་མཁན་ལ་འཁྲུར་བཅུག་པ་དེ་ཁྱེར་ཤོག་སྨྲས་པ་དང་། དེས་ན་བཟའ་ཆུད་གསན་ནས་འབུལ་རྒྱུ་མེད་པ་དེ་ལྟར་དངོས་སུ་སྨྲས་ན་ཕྲལ་ལ་ཆད་པས་སྐྲག་ནས། བྲམ་ཟེ་རྣམས་ཀྱིས་ཐབས་ཀྱི་སྒོ་ནས་འདི་ལྟར། ལུགས་མཐུན་ཁྱབ་འཇུག་ལ་དགྱེས་ལྷོ་ཕྱོགས་རྒྱ་མཚོའི་བུ་མོ་གནག་ཁྲུས་འགྲམ་དཀྲིགས་ཤིང་། །གངྒཱའི་དོ་ཟླ་གོ་ད་བ་རིའི་ཀླུང་ཞེས་རྣམ་པར་གྲང་བར་གྱུར་པ་གང་། །དེ་ལ་ད་ལྟ་སྤྲིན་དུས་བྱོལ་དུ་ཟིན་ཀྱང་ཁྱོད་ཀྱི་གླང་ཆེན་དབང་མྱོས་པ། །མཆེ་བའི་གཏུན་ཤིང་
གིས་དཀྲུགས་བསླང་པའི་རྡུལ་རྣམས་ཀྱིས་ཆབ་དྭངས་པ་ཡོང་མ་མཆིས། །ཞེས་ཞུ་གསོལ་བྱས་པར་གྲགས། ལུགས་དང་མཐུན་ཞིང་ལྷ་ཁྱབ་འཇུག་ལ་དགྱེས་པ་ཞེས་རྒྱལ་པོ་ལ་བོས་ནས། ཆུ་ཀླུང་གླང་པོས་བསྙོགས་ནས་མ་དྭངས་པ་ལ་སྙད་བཏགས་པ་འདི་ཡང་ཟོལ་གྱིས་སྦེད་པའི་ཆར་གཏོགས་ལ། སྔོན་ཁྱིམ་བདག་ཕྱུག་པོ་ཞིག་ལ་ཁྲོན་པ་གཅིག་ཡོད་པ། རྒྱལ་པོས་དེ་ལ་ནོར་འཕྲོག་འདོད་ཀྱིས་ཀླན་ཀ་ཚོལ་ཕྱིར་ཁྲོན་པ་དེ་འདིར་ཐོངས་ཤིག་ཅེས་སྤྲིང་བ་ལ། ཁྱིམ་བདག་སྐྲག་ནས་ནོར་ཆེན་པོ་ཞིག་གིས་བསླུ་བར་བརྩམས་ཀྱང་། ཁྱིམ་བདག་དེའི་བུ་མོ་ཤེས་རབ་ཅན་ཞིག་ཡོད་པ་དེས། རྒྱལ་པོ་ལ་འདི་སྐད་དུ། ནོར་གྱིས་ནོར་རྣམས་འགུགས་བགྱིད་ལ། །གླང་པོ་ཆེས་ཀྱང་གླང་ཆེན་ལགས། །རྒྱལ་དབང་ཁྲོན་པ་གཏོང་གྱིས་དང་། །དེ་ནས་ཁྲོན་པ་འོང་བར་འགྱུར། །ཞེས་ཞུས་པས་རྒྱལ་པོ་མགུ་སྟེ་བྱ་དགའ་བྱིན་པར་གྲགས། འདི་ཡང་ཁྲོན་པ་བཏང་དུ་མེད་པ་སུས་ཀྱང་ཤེས་པས་དེ་འདྲ་དངོས་སུ་མ་སྨྲས་པར་ཐབས་མཁས་ཀྱི་ཚིག་གིས་ཁྲོན་པ་གཏོང་བར་རྒྱལ་པོ་ལ་སྦྲན་པ་འདི་ལྟ་བུ་སོགས་ཟོལ་གྱིས་སྦེད་པའི་ངག་དུ་མ་ཡོད་པ་གནས་སྐབས་དེ་དང་དེར་ཤིན་ཏུ་མཛེས་པ་ཡིན་ནོ། །ལུགས་གཉིས་པ་ལ། འདོད་པ་བརྗོད། དེ་དཔེས་བསྟན་པ་གཉིས།
དང་པོ་སྙན་ངག་མཁན་ཁ་ཅིག་གིས། བསྟོད་པའི་ཆ་ལས་སྨད་པ་འཕངས་པའམ། སྨད་པའི་ཆ་ལས་བསྟོད་པ་བྱས་པ་ལ་ཆ་ཞེས་བརྗོད་དེ། ངག་གང་གི་དངོས་དོན་ལ་ཆ་གཞན་ཡང་ཅུང་ཟད་འདྲེས་པའོ། །དེའི་དཔེ་བརྗོད་ལ། བསྟོད་པའི་ཆ་ལས་སྨད་པའི་རྒྱན་ནི། རྒྱལ་པོ་གང་གི་ཡིད་ནི་གཡུལ་འགྱེད་པ་ཡི་དགའ་སྟོན་ལ་འདོད་པའི་དགའ་སྟོན་འཁྲིག་པ་དོན་དུ་གཉེར་བ་ལས་ཀྱང་ལྷག་པར་ཆགས་པ་གང་ཞིག་དཔའ་ཞིང་གཡུལ་གྱི་ལས་འབའ་ཞིག་རྟག་ཏུ་རྩོམ་པར་བྱེད་པ་གཟི་བརྗིད་དང་ལྡན་ཞིང་། ལང་ཚོ་དར་ལ་བབ་པའི་ཡོན་ཏན་ཅན་རྒྱལ་པོ་འདི་ནི་མཛེས་མ་ཁྱོ་འདམ་མ་ཁྱོད་ཀྱི་བདག་པོར་འོས་སོ། །ཞེས་གཡུལ་འགྱེད་པ་ལ་དགའ་བའི་སྤྲོ་བའམ་བརྩོན་འགྲུས་ཁྱད་འཕགས་ཀྱི་སྒོ་ནས་རྒྱལ་པོ་ལ་བསྟོད་པ་འདི་ཆ་ལས་སྨད་པ་ཉིད་དེ། ཅིའི་ཕྱིར་ན་འདོད་པའི་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་པར་འདོད་པའི་བུ་མོ་ཡི་རེ་འདོད་ཀྱི་བསམ་པ་དག་ནི་ཚིག་འདིས་བཟློག་པར་ནུས་པས་སོ། །སྨད་པའི་ཆ་ལས་བསྟོད་པའི་རྒྱན་ནི། བུ་མོ་ཞིག་གིས་སྐྱེས་ཕྲན་གཞན་དང་ལྷན་ཅིག་ཏུ་ཕན་ཚུན་ཡིད་ཕེབས་པར་སྨྲ་བའི་ངག་བྱམས་ཤིང་ཡིད་དུ་འཐད་པ་སྨྲ་བ་ན། དེ་སྔར་གྱི་གྲོགས་མོ་གང་ཞིག་ཁྱོད་སྐྱེས་པ་འདི་ལ་མ་འདུད་ཅིག་ཅེས་བསྒོ་བ་བྱེད་པ་དེས་ཐོས་པ་ན་བུ་མོ་དེ་ངོ་ཚ་ནས་ཟོལ་གྱིས་སྤེད་ཅིང་ཆ་
ལས་བསྟོད་པའི་ཉམས་དང་ལྡན་པའི་ཚིག་སྨྲས་པ། ཁེངས་པ་དང་ལྡན་པའི་གཞན་ལ་བརྙས་པའི་ཚིག་སྨྲ་བ་ནི་ཉེས་པ་མང་པོའི་གཞིར་གྱུར་པའི་ཕྱིར། དེ་འདྲའི་གནོད་པ་རབ་ཏུ་གཞིལ་བ་ཉིད་ཀྱི་ཕྱིར་སྐྱེས་བུ་ཚིག་འཇམ་པོར་སྨྲ་བ་གང་གིས་ཚུར་ཚིག་ཡིད་འོང་སྙན་པར་སྨྲས་པ་དེ་བཞིན་བདག་གིས་ཀྱང་དེ་ཡི་ཚུལ་དང་མཐུན་པར་ཚིག་སྙན་པར་སྨྲ་བ་ལ་བསླབ་པར་བྱས་པ་ཡིན་གྱི། གཞན་དུ་སྐྱེ་བོ་འདི་ནི་བདག་ལ་སེམས་ཀྱི་གཏིང་ན་བརྩེ་བ་མེད་ཀྱང་ཁ་འཇམ་པོར་སྨྲ་བའི་བརྩེ་མདོག་བྱེད་པའི་གཡོ་སྒྱུ་ཅན་ཞིག་ལགས་པས་གྲོགས་མོ་དེ་ཡིས་བདག་ལ་ཅི་ཞིག་བྱ་སྟེ། དགོས་པ་མེད་དོ་ཞེས་པ་འདིར་སྐྱེ་བོ་དེ་ལ་གྲོགས་མོས་འདི་ལ་མ་འདུད་ཅིག་ཅེས་རབ་ཏུ་བསྟན་པའི་ཁེངས་པ་མ་དོར་བའི་ཟོལ་འཛིན་པའི་བུ་མོ་དེས། བདག་དེ་ལ་ཡིད་ཆགས་པའི་ཕྱིར་སྙན་པར་སྨྲ་བར་བྱེད་པ་ཡིན་ཞེས་དངོས་སུ་སྨྲ་བར་མ་ནུས་ནས། རྣམ་པ་ཁ་མཛེས་ཀྱི་སྙན་སྨྲ་ཞེས་སྐྱོན་ལྟར་སྣང་ཡང་ཡོན་ཏན་གྱི་ཆ་ངག་སྙན་པར་སྨྲ་བ་ཉིད་ཀྱང་སྐྱེས་བུ་དེ་ལ་ཡོད་པར་བསྟན་ནས་བརྗོད་པའོ། །ཞེས་སོ། །བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་ལ། དེའི་རང་བཞིན་བསྟན་པ་དང་། རང་བཞིན་ཅན་གྱི་དཔེ་བརྗོད་གཉིས། དང་པོ་གང་བརྗོད་པར་བྱ་བའི་དངོས་པོ་གང་དག་ཚིག་གིས་རིམ་པ་བཞིན་རབ་ཏུ་བསྟན་
པར་བྱས་པ་རྣམས་དེའི་དོན་ནམ། དཔེ་ཡང་སྔ་མའི་རིམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་སྟོན་པ་དེ་ནི་གྲངས་བཞིན་གྱི་རྒྱན་དང་། རིམ་པ་བཞིན་དུ་བསྟན་པའི་རྒྱན་ཞེས་པར་རབ་ཏུ་བརྗོད་དོ། །གཉིས་པ་དེའི་དཔེ་བརྗོད་ནི། ཁྲུས་ཀྱི་ལས་ལ་དགའ་བས་ཆུར་ནི་རབ་ཏུ་ཞུགས་མ། ཁྱོད་ཀྱི་འཛུམ་དང་མིག་དང་གདོང་མཛེས་པ་ནི་རིམ་པ་བཞིན་ཀུ་མུད་དང་ཨུཏྤལ་དང་པདྨ་ལས་བརྐུས་པར་ངེས་སོ་གཟུགས་ཅན་མ། ཞེས་ཁྲུས་ལ་ཆུར་ཞུགས་པ་རབ་རྟོག་གི་ས་བོན་དུ་བྱས་ནས། འཛུམ་དཀར་མོ་ཀུ་མུད་ལས་བརྐུས་པ་སོགས་རིམ་བཞིན་སྦྱར་རོ། །འདི་ལ་པདྨ་ཡིས་བརྐུས་ཞེས་ཚོན་བསྐུས་བ་ལྟ་བུ་ལ་བཤད་པ་འདུག་ཀྱང་རྐུ་འཕྲོག་གི་དོན་ཅན་རབ་རྟོག་གི་རྣམ་པར་བཤད་པ་རྒྱ་དཔེ་དང་མཐུན་པ་ཡིན་པར་བཤད་དོ། །འདི་རབ་བརྟགས་ཀྱི་དཔེར་བརྗོད་སོང་བ་ཞར་ལ་བྱུང་བ་ཡིན་གྱི། སྔ་ཕྱིའི་དོན་གོ་རིམ་བཞིན་ངག་དོན་གཅིག་ལ་འགྲེལ་པ་དེ་རྒྱན་འདིའི་མཚན་ཉིད་ཡིན་གྱི། རབ་བརྟགས་ཀྱི་རྒྱན་འགའ་ཞིག་དགོས་པའི་ངེས་པ་མེད་དོ། །ཡང་ན་གཟུགས་ཅན་མ་ཕྲ་མེན་མོ་མཛེས་མ་ལ་བརྗོད་པ་ལྟར་བྱས་ན་དེ་རྫུ་འཕྲུལ་དང་ལྡན་པས་ཀུ་མུད་སོགས་ཀྱི་མདངས་བརྐུས་པའམ་འཕྲོག་པར་ངེས་སོ་ཞེས་སྦྱར་བས་རབ་རྟོག་ཡིན་མི་དགོས་སོ། །དེ་ནས་དགའ་བ་སོགས་རྒྱན་གསུམ་གྱི་ངོ་བོ་བསྟན་པ་དང་། དེ་དག་གི་དཔེ་བརྗོད་
སོ་སོར་བསྟན་པ་གཉིས་ལས། དང་པོ་བཅུ་བདུན་པ་དགའ་བ་ཞེས་པའི་རྒྱན་ནི་མཆོག་ཏུ་དགའ་བར་གྱུར་པའི་རང་བཞིན་བརྗོད་པའི་ཉམས་དང་ལྡན་པའི་ངག་སྦྱར་བའོ། །བཅོ་བརྒྱད་པ་ཉམས་དང་ལྡན་པ་ཡི་རྒྱན་ནི། སྒེག་པ་སོགས་ཀྱི་ཉམས་བརྗོད་པའི་ཚིག་གི་ནུས་པ་ཐོན་པས་སོ་སོའི་དོན་མཚོན་པས་དེ་དང་དེའི་རྣམ་པ་ཆེས་ཡིད་ལ་འབབ་པའམ། ཡིད་དུ་འོང་ཞིང་འཐད་པའི་ཉམས་དང་ལྡན་པའོ། །བཅུ་དགུ་པ་གཟི་བརྗིད་ཀྱི་རྒྱན་ནི། གཞན་གྱིས་མི་བརྫི་བར་མཆོག་ཏུ་མཐོ་བའི་ང་རྒྱལ་སྐྱེས་པ་ལྟ་བུའི་ཚིག་གི་རོ་ཉམས་ལྡན་པ་སྟེ། རྒྱན་དེ་གསུམ་གྱི་བརྗོད་ཚུལ་ནི་ངག་སྦྱོར་ཁྱད་པར་འཕགས་པའི་ཡོན་ཏན་དག་དང་ལྡན་པ་ཡིན་ནོ། །གཉིས་པ་སོ་སོའི་དཔེ་བརྗོད་བསྟན་པ་ལ་གོང་གི་རིམ་པ་ལྟར་གསུམ་ལས། དང་པོ་དགའ་བ་ལ། གོ་བིནྡ་ཞེས་གླང་རྫིའམ་ས་གཞི་ཐོབ་པ་ཞེས་ཁྱབ་འཇུག་གི་མིང་ཡིན་ལ། དེ་འདྲའི་ཁྱབ་འཇུག་ཁྱོད་བདག་གི་ཁྱིམ་དུ་འོངས་པ་ན་དེང་བདག་ནི་མཆོག་ཏུ་དགའ་བ་སྐྱེས་པ་གང་ཡིན་པའི་དགའ་བ་འདི་ལྟ་བུ་ནི་སླར་ཡང་ཁྱོད་ཉིད་བསོད་ནམས་ཀྱི་ཉིན་མོ་ལ་བབ་པའི་དུས་ཀྱིས་འོངས་ན་ཡང་འབྱུང་བར་འགྱུར་རོ། །ཞེས་པ་ཡུན་རིང་བསྒྲུབ་པའི་ལྷ་མཐོང་པ་དེ་འདྲའི་དགའ་བ་དེ་ནི་ལྷ་སྒྲུབ་བྱེད་རྒྱལ་པོ་བི་དུ་རས་རྒྱུ་གཞན་ལས་མིན་ཞེས་འོས་པའམ་རིགས་
པར་སྨྲས་པ་ཡིན་ཏེ། ཁྱབ་འཇུག་དེ་ལ་གུས་པ་ཙམ་གྱིས་ལྷར་རབ་ཏུ་བསྟེན་ཀྱང་འཕྲོག་བྱེད་དེ་ནི་ཤིན་ཏུ་དགྱེས་ནས་ཕན་པ་མཛད་པ་ཡིན་པས། དགའ་བའི་འོས་ཡིན་ན་མངོན་དུ་མཐོང་བ་བསྟན་པ་ནི་དགའ་བའི་འོས་ཡིན་པ་སྨོས་ཅི་དགོས། ཞེས་སོ། །འདི་དངོས་ཐོབ་ཀྱི་དགའ་བ་ཞེས་བོད་སྔ་མ་དག་གིས་གསུངས། ཁམས་འགྲེལ་དུ་རེ་བ་དང་བཅས་པའི་དགའ་བ་ཞེས་གསུངས། ཟླ་བ་དང་ཉི་མ་དང་རླུང་དང་ས་དང་མཁའ་དང་ལྷ་ལ་སྦྱིན་སྲེག་བྱེད་པ་དང་། མེ་དང་ཆུ་ཞེས་པའི་དབང་ཕྱུག་གི་གཟུགས་སམ་བཀོད་པ་བརྒྱད་པོ་འདི་རྣམས་ནི་ཀུན་གྱིས་ཐུན་མོང་དུ་མཐོང་རུང་བ་ཡིན་ལ། འདི་རྣམས་ལས་རབ་ཏུ་འདས་ནས་དབང་ཕྱུག་གི་གཟུགས་ཐུན་མོང་མ་ཡིན་པ་ཕྲ་བ་དང་ཡང་བ་སོགས་ཡོན་ཏན་བརྒྱད་ཀྱི་བདག་ཉིད་ཅན། རྣལ་འབྱོར་ཆེན་པོ་རྣམས་ཀྱིས་བལྟ་བར་དཀའ་བའི་ལྷ་ཆེན་པོ་ཁྱོད་ད་ལྟ་མངོན་སུམ་ལྟ་བར་ངེད་ཀྱིས་ནུས་པ་འདི་ཅི་ཞིག་ཅེས། རང་གི་མངོན་སུམ་དུ་བྱས་པའི་ལྷ་ཆེན་པོ་དེ་ལ་ནི། ར་གྷུའི་རིགས་ཀྱི་རྒྱལ་པོ་དགའ་བའི་གོ་ཆ་ཡིས་དགའ་བ་རབ་ཏུ་གསལ་བར་བྱས་པ་གང་ཡིན་པ་དེ་ཡང་དགའ་བར་རྗེས་སུ་རྟོགས་པར་བྱའོ། །འདི་སྐབས་སུ་བོད་སྔ་མ་རྣམས་ཀྱིས་དབང་ཕྱུག་གི་ཐུན་མོང་གི་གཟུགས་བརྒྱད་པོ་མངོན་སུམ་བྱས་ནས་དེ་ལ་མཆོད་ཅིང་བསྙེན་པའི་རྒྱལ་པོ་དགའ་བའི་གོ་ཆས་གཟུགས་འདི་རྣམས་
ལ་དགའ་བར་བྱས་ཏེ། འདི་ལས་འདས་པའི་གཟུགས་ཐུན་མོང་མིན་པ་རྣལ་འབྱོར་པ་དག་གིས་ཀྱང་མཐོང་དཀའ་ན། ཐ་མལ་ངེད་ཀྱི་ལྟ་བར་ཅི་ལ་ནུས་ཞེས་པའི་དོན་དུ་བཤད་ནས་འདི་ལ་གཟུགས་བརྙན་གྱི་དགའ་བ་དང་། སྔ་མ་ཁྱབ་འཇུག་དངོས་ལས་ཐོབ་པའི་དངོས་ཐོབ་ཀྱི་དགའ་བའི་ཁྱད་པར་དུ་འབྱེད་དོ། །ཁམས་འགྲེལ་དུ་རྒྱལ་པོ་དགའ་བའི་གོ་ཆས་དབང་ཕྱུག་གི་ཞལ་དངོས་སུ་མཐོང་བའི་གཏམ་རྒྱུད་རྒྱ་གར་ན་ཡོངས་གྲགས་ཡིན་པས་དེའི་དོན་གོང་ལྟར་བཤད་ནས། འདི་ལ་རེ་བ་མེད་ཀྱང་དབང་ཕྱུག་མཐོང་བ་ལ་དགའ་ཞིང་ངོ་མཚར་བ་བརྗོད་པས་ན། རེ་བ་མེད་པའི་དགའ་བ་ཞེས་པའི་ཐ་སྙད་མཛད། དགའ་བའི་གོ་ཆས་དབང་ཕྱུག་ཞལ་མཇལ་བར་གྲགས་ཀྱང་། སྔོན་མ་མཇལ་བའི་སྐབས་སུ་ཐུན་མོང་བའི་གཟུགས་བརྒྱད་ལ་མཆོད་ཅིང་རྗེད་པའི་དགའ་བ་བརྗོད་པ་ལྟར་བྱས་ཀྱང་མི་རུང་བ་མེད་མོད། གོང་ལྟར་བཤད་ན། ཁྱབ་འཇུག་མཐོང་བའི་དགའ་བ་བི་དུ་རས་བསྔགས་པ་ལ་དགའ་བའི་རྒྱན་དང་། ཕྱི་མ་འདི་ལ་ཁྱད་པར་དུ་དགའ་བའི་རྒྱན་གྱི་ཐ་སྙད་བྱས་ཀྱང་མི་འགྲིགས་པ་མེད་དེ། གཞུང་གི་ཚིག་ཉམས་ཀྱིས་དེ་ལྟར་བཤད་ཀྱང་རུང་བར་མངོན་ནོ། །མདོ་ལས། བསོད་ནམས་བརྒྱ་པའི་མཚན་དང་ལྡན་པས་ན། །ལྷར་བཅས་འཇིག་
རྟེན་ནང་ན་བསོད་ནམས་གཏེར། །མཐོང་དང་ཐོས་དང་བཞད་པ་མཛད་པས་ཀྱང་། །སེམས་ཅན་ཀུན་ལ་ཕན་པར་མཛད་པ་ལགས། །ཞེས་སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་འདི་ལྟ་བུ་ཡང་ཡིད་དུ་འོང་བ་འཕེལ་ཞིང་། ཡིད་དྭང་བར་ནུས་པས་དགའ་བའམ་སྒེག་པའི་ཉམས་ཀྱི་ཆར་གཏོགས་པ་ཞི་བའི་ཉམས་སམ་ཡིད་དུ་འོང་བའི་ཉམས་དང་ལྡན་པ་ལགས་སོ། །གཉིས་པ་ཉམས་ལྡན་གྱི་རྒྱན་ལ་ནང་གསེས་བརྒྱད་ལས། དང་པོ་དགའ་བ་འཕེལ་བ་སྒེག་པའི་ཉམས་ཀྱི་དཔེ་བརྗོད་ནི། ཤི་བ་ཞེས་བྱ་བ་འཇིག་རྟེན་ཕ་རོལ་ཏུ་མཛེས་མ་གང་དང་འགྲོགས་པར་བྱ་ཕྱིར་བདག་འཆི་བར་འདོད་པ་ལ། ཨ་བནྟི་ཞེས་པ་སྲུང་བྱེད་མར་གྲགས་པའི་མཛེས་མ་དེ་བདག་གིས་ནི་མཐོང་བའི་ཆོས་སྐྱེ་བ་འདི་ཉིད་ལ་ནི་ཇི་ལྟར་ཐོབ་སྟེ་འདི་རྨི་ལམ་མ་ཡིན་ནམ་ཞེས་བརྗོད་པའོ། །འདི་ནི་ཡུལ་བཏྶའི་རྒྱལ་པོ་ཨུ་ད་ཡ་ན་ཞེས་བོད་སྐད་དུ་ལོ་ཙཱ་འགའ་ཞིག་གིས་ཤར་བ་ཞེས་བསྒྱུར་བ་མདོ་ལས་དེའི་ལོ་རྒྱུས་བྱུང་བ་དེ་ཉིད་རང་གི་བཙུན་མོ་ཨ་བནྟིའི་བུ་མོ་ཤིན་ཏུ་མཛེས་པར་ཆགས་ནས་རྟག་ཏུ་རྩེ་ཞིང་ཆགས་པས་བྲེལ་ཏེ་རྒྱལ་སྲིད་ཀྱི་བྱ་བ་ཤོར་བ་ན་བློན་པོ་རྣམས་ཀྱི་བཙུན་མོ་དེ་གཤེད་དུ་སྦས་ནས་ཤིའོ་ཞེས་བྱས་པ་ལས། རྒྱལ་པོ་དེས་དེ་དང་ཚེ་འདིར་འགྲོགས་པ་མེད་པའི་རེ་ཐག་ཆོད་ནས་ཤི་ནས་འཇིག་རྟེན་ཕ་རོལ་ཏུ་དེ་དང་
འཕྲད་རྒྱུ་ཡོད་པའི་གཏམ་འཇིག་རྟེན་ཡལ་པར་གྲགས་པའི་རྗེས་སུ་འབྲངས་ཏེ་རང་ཉིད་འཆི་བའི་ཐབས་བརྩམ་པར་འདོད་པ་ལ། བློན་པོ་རྣམས་ཀྱིས་དེ་སླར་འཚོའོ་ཞེས་རྒྱལ་པོར་གཏད་པས་འཆི་མ་དགོས་པའི་སྟེང་དུ་ཨ་བནྟི་དངོས་སུ་ཐོབ་པས་དགའ་བ་ལྷག་པར་འཕེལ་བ་ཡིན་ནོ་ཞེས་འགྲེལ་བྱེད་དག་གིས་བཤད། དེ་ལ་འདི་ཡང་དགའ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་སྒེག་པའི་ཉམས་ལྡན་དུ་བཤད་ཅེ་ན། ནང་གི་ཡིད་དགའ་བ་བརྗོད་པ་ནི་དགའ་བའི་རྒྱན་ཉིད་དུ་འདིའི་སྔར་བསྟན་ནས། སྐབས་འདིར་དགའ་བ་འཕེལ་བའི་འགྱུར་བ་ལུས་མདངས་དང་ལྡན་ཞིང་། འཛུམ་པ་དང་དགོད་པ་སོགས་མཐོང་ན་ཡིད་དུ་འོང་བའི་རྣམ་འགྱུར་འཕེལ་བའི་སྒེག་པ་ཉིད་དུ་གྱུར་པའི་རང་བཞིན་རྒྱས་པ་དང་ལྡན་པས་ན་ཚིག་འདི་ལྟ་བུ་ནི་སྒེག་པའི་ཉམས་དང་ལྡན་པའི་ཚིག་ཡིན་ནོ། །ཞེས་སོ། །སྐབས་འདིར་དགའ་བ་སྐྱེས་བུའི་ཡུལ་ཅན་དང་། སྒེག་པ་བུད་མེད་ཀྱི་ཡུལ་ཅན་ཞེས་ཁྱད་པར་སྦྱར་བ་ལ་སྙིང་པོ་ཅི་ཡང་མེད་ལ། གཞུང་གཞན་ནས། བུད་མེད་སྐྱེས་པ་འཕྲད་གྱུར་ན། །སོ་སོར་དགའ་བ་སྐྱེ་འགྱུར་གང་། །དེ་ནི་སྒེག་པ་ཉིད་དུ་རིག །ཅེས་བཤད་པ་ལྟར། འདིར་ལུས་ཉམས་ཀྱི་རྣམ་པ་གར་གྱི་ཉམས་དགུ་ལྟ་བུ་ཡིད་ཡུལ་དུ་འཆར་བའི་ཉམས་དེ་ལས་རྣམ་པ་བརྒྱད་དུ་བཤད་པ་
ཡིན་པས། ནང་དུ་ཡིད་དགའ་བ་འཕེལ་བ་ལས། ཡིད་ཀྱི་དགའ་བའི་ཉམས་ཀྱི་འགྱུར་པ་དེ་ནི་འགྱུར་བ་ཞེས་བྱ་ལ། ལུས་ཉམས་ཀྱི་གནས་ཡིན་ཞིང་དེ་ཉིད་བསམ་པའོ། །ལུས་ངག་གི་རྣམ་པ་ལ་གསལ་བ་ནི་ཉམས་དང་གནས་ཅན་ཞེས་བྱ་སྟེ། འདི་ལྟར་སྐྱེས་པ་བུད་མེད་འཕྲད་པའི་ཚེ་ཕན་ཚུན་དགའ་བའི་མདངས་ཀྱིས་ལུས་ངག་གི་རྣམ་འགྱུར་རམ་ཉམས་འབྱུང་བ་ནི་སྒེག་པའི་ཉམས་སོ། །དེ་ལ་མདངས་བཟང་པ་དང་ཟུར་མིག་མཛེས་པར་བལྟ་བ་དང་། ལག་བཅིང་དང་། འོ་བྱེད་པ་དང་། འཁྱུད་པ་དང་། མ་མཆུ་སོས་བརྫིས་པ་སོགས་སྒེག་པའི་འགྱུར་བའོ། །དེ་ལྟར་རྒྱལ་པོ་དང་བཙུན་མོ་སྔར་བས་ལྷག་པར་མཛའ་ཞིང་དགའ་བ་འཕེལ་བའི་ཚུལ་དུ་ལྷན་ཅིག་གནས་པ་དེའི་དགའ་བའི་རྣམ་འགྱུར་རྣམས་ཤུགས་ཀྱིས་ཡིད་ཡུལ་དུ་འདྲེན་པ་དེའི་ཆ་ནས་སྒེག་པའི་ཉམས་དང་ལྡན་པ་ཞེས་བྱའོ། །འདིར་དཔེར་བརྗོད་པ་གཞན་ཡང་། གཞོན་ནུའི་ལང་ཚོ་མཛེས་པའི་ཟུར་མིག་ཅན། །ཡིད་འཕྲོག་ལྷ་མོའི་ཚོགས་དང་ལྷན་ཅིག་ཏུ། །ཡིད་འོང་དགའ་བའི་ཉམས་བརྒྱ་གར་མཛད་ཅིང་། །བདེ་ཆེན་རོལ་པས་དགྱེས་སོ་ཧེ་རུ་ཀཿ །ཞེས་པ་ལྟ་བུ་ལ་སོགས་པ་རྣམས་སོ། །ཁྲོ་བ་འཕེལ་བ་དྲག་ཤུལ་གྱི་ཉམས་ནི། བརྟན་དཀའ་ཞེས་བྱ་བ་གང་གིས་ནག་མོ་འདི་འཇིགས་
སྡེ་བདག་གི་མདུན་ན་གནས་བཞིན་པ་དེ་སྐྲ་ནས་བཟུང་སྟེ་དྲངས་པར་གྱུར་པ་བརྟན་དཀའ་སྡིག་ཅན་བདག་གི་ལག་ཏུ་ཐོབ་པ་འདི་སྐད་ཅིག་ཙམ་ཡང་འཚོ་བར་འགྱུར་རམ་ཅི་སྟེ་ད་ལྟ་ཉིད་དུ་བསད་པར་བྱའོ། །ཞེས་པ་སྐྱ་བསིང་གི་བུ་ལྔའི་ཡ་གྱལ་བྷིམྲ་སན་འཇིགས་སྡེ་ཞེས་བྱ་བ་དགྲ་བརྟན་དཀའ་དགྲ་ལ་ཁྲོས་པའི་མིག་གིས་ལྟ་བཞིན་པའི་རྣམ་འགྱུར་ཁྲོ་བ་མཆོག་གི་མཐར་འཛེགས་པ་འདི་ལྟ་བུ་དྲག་པོའི་ཉམས་ཀྱི་བདག་ཉིད་དུ་འགྱུར་རོ། །འདིར་ཀྲྀཥྞ་སྟེ་ནག་མོ་ཞེས་པ་སྐྱ་བསིང་གི་བུ་ལྔའི་ཐུན་མོང་དུ་གྱུར་པའི་ཆུང་མ་དྲཽ་པ་དཱི་ཞེས་པའི་མིང་ཡིན་པར་རྒྱ་འགྲེལ་ལས་བཤད་ཅིང་འཇིགས་སྡེས་བརྟན་དཀའ་བསད་པའི་ལོ་རྒྱུས་དང་སྦྱར་རོ། །འདིར་ཡང་ཁྲོ་བ་འཕེལ་བ་ནང་གི་འགྱུར་བ་ཡིན་ལ། ཉམས་ནི་སྡང་མིག་དང་ཁྲོ་གཉེར་ལ་སོགས་པ་དྲག་པོའི་རྣམ་འགྱུར་རྣམས་སོ། །འདིར་བརྗོད་པ། རབ་ཁྲོས་དུས་མཐའི་སྤྲིན་ནག་འཁྲུགས་པའི་ཞལ། །སྡང་མིག་གློག་སྟོང་འཁྱུགས་བཞིན་བགེགས་ཀྱི་ཚོགས། །རབ་འབར་མཚོན་གྱིས་གཏུབ་ཅིང་ཟས་སུ་ཟ། །དྲན་པས་བདུད་ཚོགས་མཐར་བྱེད་ཡ་མཱ་རི། །ཞེས་པ་ལ་སོགས་པ་ལྟ་བུའོ། །སྤྲོ་བ་འཕེལ་བ་དཔའ་བའི་ཉམས་ནི། འདི་ལྟར་ས་སྐྱོང་རྒྱལ་པོ་ཆེན་པོར་འགྱུར་བའི་རྒྱུ་རྒྱ་མཚོར་བཅས་པའི་ས་ཆེན་པོ་ལས་དཔུང་གི་སྟོབས་ཀྱིས་མ་རྒྱལ་ཞིང་།
རྟ་གཙང་གི་མཆོད་སྦྱིན་སོགས་དཔལ་ཐོབ་ནུས་པ་རྣམ་པ་མང་པོའི་མཆོད་སྦྱིན་ཀྱང་མ་བྱས་ལ། སློང་བ་རྣམས་ལ་གང་འདོད་པའི་ནོར་རྣམས་ཀྱང་མ་བྱིན་པར་ཀུན་ལས་རྣམ་པར་རྒྱལ་བའི་ས་སྐྱོང་ཉིད་དུ་བདག་ཇི་ལྟར་འགྱུར་ཏེ་དེ་ལྟར་གྱུར་པ་ལ་སྤྲོ་བ་བརྗོད་པའོ། །ཞེས་པ་རང་ཉིད་ནང་གི་སེམས་མ་ཞུམ་པར་དཔའ་ཞིང་སྟོབས་དང་ལྡན་པའི་སྤྲོ་བ་ཁྱད་པར་འཕགས་པའི་བདག་ཉིད་ཅན་འདི་ནི་སེམས་མ་ཞུམ་པར་གཟེངས་མཐོ་བ་སེང་གེ་ལྟར་དཔའ་བའི་ཉམས་ཀྱི་བདག་ཉིད་དུ་གནས་པའི་ཉམས་དང་ལྡན་པ་ཉིད་དུ་རྟོགས་ནུས་པ་ལ་ཚིག་བརྗོད་ཚུལ་འདི་འདྲ་དག་ནི་དབང་བ་ཡིན་ནོ། །དེ་ཡང་ནང་དུ་སེམས་ནི་རང་ལ་རང་ཡིད་ཆེས་པ་ལྟ་བུ་མི་སྤྲོ་ཞིང་ཞུམ་པ་ཡོད་པ་ལ་དཔའ་བའི་ཉམས་མེད་ཅིང་། གང་དུ་རང་གི་ཡོན་ཏན་ནམ་སྟོབས་ལ་སྤྲོ་བ་འཕེལ་ཞིང་ངའོ་སྙམ་དུ་སེམས་གཟེངས་མཐོ་བ་དེ་ནི་དཔའ་པའི་སེམས་ཉམས་ཡིན་ལ། དེས་བསྐྱེད་པ་ལུས་ངག་གི་ཉམས་ཀྱི་འགྱུར་བ་ནི་སུ་ལའང་ལྟོས་པ་མེད་པ་དང་། མ་ཞུམ་པའི་ཚུལ་གྱིས་སེང་གེ་ལྟར་བག་ཚ་བ་མེད་པར་བསྒྱིངས་ཤིང་བག་ཕེབས་པར་གནས་པའོ། །འདི་ལ་ཡང་དཔེར་བརྗོད་ན། སྲིད་གསུམ་ཟ་བ་དུས་ཀྱི་དགྲ་རྣམས་ཀྱང་། །དེ་ཡིས་བཟའ་མཛད་དུས་མེད་རྡོ་རྗེའི་སྐུ། །འཇིག་རྟེན་གསུམ་གྱི་གཙོ་བོས་ཕྱག་བྱས་པ། །མཚུངས་
མེད་འཇམ་དཔལ་དཔའ་བོས་བདག་སྐྱོངས་ཤིག །ཅེས་དང་། མཚུངས་མེད་འཇམ་དཔལ་དགྱེས་པའི་གཟི་བྱིན་གྱིས། །སྙིང་ལ་མི་འཇིགས་སྤོབས་པའི་སྟོབས་བྱིན་པ། །དེ་ལ་སྲིད་གསུམ་རྒོལ་བས་སྐབས་བཙལ་ཀྱང་། །བ་སྤུའི་གཡོ་བ་ཙམ་ཡང་ག་ལ་སྲིད། །ཅེས་པ་ལྟ་བུ་སོགས་སོ། །མྱ་ངན་འཕེལ་བ་སྙིང་རྗེའི་ཉམས་ལྡན་གྱི་རྒྱན་ནི། ལུས་འཇམ་ཞིང་གཞོན་ཤ་ཅན་གང་ལ་མེ་ཏོག་པདྨ་ཡི་མལ་སྟན་དག་ཀྱང་རྩུབ་པར་བྱེད་པའི་རང་བཞིན་ཅན་མ། ལྷ་མོ་སྟེ་རྒྱལ་པོའི་བཙུན་མོ་དེ་ནི་ད་ལྟ་རྒྱལ་པོ་འདས་པའི་གདུང་བསྲེག་པའི་རོ་ཁང་དག སྲེག་ཟ་མེ་འབར་བ་དང་ལྡན་པར་ཇི་ལྟར་ཉལ། །ཞེས་པ་ཡུལ་དེ་ལ་སྙིང་རྗེ་རྒྱས་པ་ཡི་ཉམས་དང་ལྡན་པའི་རྒྱན་ཉིད་དུ་ནི་རབ་ཏུ་བཤད་ཅེས་སོ། །འདི་ནི་རྒྱ་གར་གྱི་ཡུལ་གྱི་རྒྱལ་རིགས་དང་བྲམ་ཟེ་ཕལ་ཆེར་གྱི་བག་མ་བླངས་ནས་ཁྱོ་ཕོ་སྔོན་དུ་འདས་ན་དེའི་རོ་བསྲེག་པའི་མེ་ནང་ཆུང་མ་གསོན་མཆོངས་བྱས་ནས་རོ་དང་མཉམ་དུ་བསྲེགས་པའི་ཡུལ་ལུགས་དེ་འདྲ་ཡོད་ལ། བལ་པོར་ཡང་དང་པོར་བག་མ་དང་ཁ་ཆད་དེ་འདྲ་ཡོད་ན་དེ་ལྟར་བྱེད་ཀྱི། མེད་ན་མི་དགོས་ཞེས་བཤད། དེ་ལྟར་རོ་དང་མཉམ་དུ་གསོན་སྲེག་བྱེད་པ་ལ་སྙིང་རྗེ་འཕེལ་བའི་ཡིད་ཀྱི་འགྱུར་བ་ནང་དུ་ཡོད་པ་ལས། དེའི་ཉམས་འགྱུར་སྤུ་ལྡང་མཆི་མ་འཁྲུགས་པ་སོགས་ཡིན་ནོ། །
འདིར་དཔེར་བརྗོད་གཞན་བྲིས་པ། ལས་ཉོན་འཆིང་བ་དྲག་པོའི་གཞན་དབང་གིས། །ཕ་མཐའ་ཡོངས་བྲལ་སྡུག་བསྔལ་རྒྱ་མཚོ་ཆེར། །རང་དབང་མེད་པར་འཕྱན་པའི་འགྲོ་ཀུན་ལ། །མགོན་མཛད་སྙིང་རྗེའི་དབང་ཕྱུག་པད་དཀར་འཆང་། །ཞེས་པ་ལྟ་བུ་སོགས་སོ། །མདོ་ལས་ཀྱང་། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་པའི་སྐྱེ་རྒུ་དང་། །འཁོར་བའི་བཙོན་རར་ཆུད་པ་རྣམས་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ། །ཞེས་གསུངས་པའང་སྙིང་རྗེའི་ཉམས་དང་ལྡན་པའོ། །དེ་བཞིན་གཞན་ཡང་མི་སྡུག་པ་དང་། བཞད་གད་དང་རྨད་བྱུང་དང་འཇིགས་རུང་གི་ཉམས་དང་ལྡན་པ་ཡང་ངོ་། །ཞེས་མདོར་བསྟན་ནས། སོ་སོའི་དཔེ་བརྗོད་བསྟན་པ་ལ། དང་པོ་སྐྱུགས་བྲོ་བ་འཕེལ་བ་མི་སྡུག་པའི་ཉམས་ནི། མི་ཡི་རྒྱུ་མས་ལུས་བརྒྱན་པའི་སྲིན་པོ་འདི་རྣམས་མགོ་བོ་མེད་པའི་རོ་དང་ལྷན་ཅིག་ཏུ་ལག་པ་གཉིས་སྦྱར་བའི་སྙིམ་པས་རྒྱལ་པོ་ཁྱོད་ཀྱིས་བསད་པའི་དགྲའི་ཁྲག་འཐུང་ཞིང་གར་བྱེད་དོ། །ཞེས་སོ། །གཞན་སྨད་ཡུལ་སོགས་ཀྱི་སྐྱོན་བརྗོད་པས་དེ་ཡིད་དུ་མི་འོང་ཞིང་སྐྱུགས་བྲོ་བའམ་བལྟ་བར་མི་འདོད་པའི་རྣམ་པར་ཤར་བ་ནང་གི་ཉམས་ལས་ཕྱིའི་ཉམས་སྣ་འགེབས་པ་དང་། མིག་མི་བལྟ་བ་དང་། ཟློག་ཚིག་སྨྲ་བ་སོགས་ཀྱིས་དེ་སྤང་
བའི་རྣམ་འགྱུར་བྱེད་པའོ། །འདི་ལ་དཔེར་བརྗོད་པ། རྟོག་མེད་སྒྱུ་མར་རོལ་པ་དཔལ་གྱི་བྲན། །དུར་ཁྲོད་འབྱུང་པོའི་ཚོགས་རྣམས་ཁྲག་ཞག་དང་། །བཤང་གཅིའི་འདམ་རྫབ་མྱང་བའི་བམ་རོ་ཡང་། །ཟ་ཞིང་ཟ་ཞིང་གཅེར་བུར་གར་བྱེད་དོ། །ཞེས་པ་ལ་སོགས་པ་དང་། ཆོས་ཀྱི་ཕུང་པོའི་མདོ་ལས། ལུས་ནི་མི་གཙང་ལས་བྱུང་སྟེ། །རྟག་ཏུ་སྲོག་ཆགས་རྣམས་ཀྱང་གནས། །གཅིན་དང་རྟུག་པས་རབ་གང་ན། །དེ་ལ་བྱིས་པ་རབ་ཏུ་ཆགས། །ཞེས་གསུངས་པ་ལྟ་བུའོ། །དགོད་བྲོ་བ་འཕེལ་བ་བཞད་གད་ཀྱི་ཉམས་ནི། ཀྱེ་གྲོགས་མོ་མེ་ཏོག་མ་རྙིང་མ་ཞེས་སྐྱེས་པས་དེ་སྔ་ལོངས་མ་སྤྱད་པས་དཔེར་ན་མེ་ཏོག་ལ་བུང་བ་སོགས་ཀྱིས་ཐུག་རེག་མ་བྱས་པ་བཞིན་དུ་དེ་ཡི་སྐྱེ་གནས་མ་ཉམས་པ་ཡིན་པ་སྐད་དུ་བོས་ནས། དེ་ལྟ་བུ་མ་ཡིན་པའི་མཚངས་ཁྱོད་ཀྱི་ནུ་མའི་ངོས་ལ་ནི། སྐྱེ་བོ་ཆགས་ལྡན་གཞན་གྱིས་རེག་པའི་སེན་རྗེས་གང་ཞིག རྨ་བྱའི་རྐང་རྗེས་དང་། རི་བོང་འཕར་བ་ལྟ་བུ་ལ་སོགས་པ་འདོད་པའི་བསྟན་བཅོས་ལས་བཤད་པ་ལྟར་གསར་བའམ་སར་པ་བཏོད་མ་ཐག་པ་ཆགས་པ་འདི་རང་གི་སྟོད་གཡོགས་ཀྱིས་ནི་སྒྲིབ་པར་མཛོད་ཅིག་ཅེས་བཞད་གད་དུ་འོས་པ་བརྗོད་པའོ། །ཁ་ཅིག་རྒྱན་གྱི་མེ་ཏོག་མ་རྙིང་མ་ཞེས་འཆད་དོ། །འདི་ཉམས་མཚར་དུ་དཔེ་བརྗོད་བཀོད་པ།
གང་གིས་མི་བདག་ཞོན་ནས་རྟ་ཡི་སྐད། །བསྒྲག་ཏུ་བཅུག་པའི་ཡ་མཚན་འདོད་པས་བཀོད། །འདི་ཡང་ང་དང་འདྲ་སྙམ་གླུ་ལེན་པ། །དེས་ཀྱང་ཁྱོད་ཀྱི་མཐུ་ཡིས་ལས་དེ་བརྩམ། །ཞེས་སྐྱ་བསེང་གི་བུ་མོ་སྒྲོལ་མ་གང་གིས་མི་བདག་གཏུམ་པོ་རབ་སྣང་རྟ་རུ་ཞོན་ནས་དེ་ལ་རྟ་སྐད་འདོན་དུ་འཇུག་པ་འདི་འདོད་པ་ཁྱོད་ཀྱིས་བཀོད་ལ། དེའི་ཚེ་དེར་པི་ཝཾ་མཁན་གྱིས་འཕྲིགས་ནས་འདི་ཡང་ང་དང་ཚུལ་འདྲ་བ་ཞིག་གོ་སྙམ་དུ་གླུ་ལེན་པ་དེས་ཀྱང་འདོད་པ་ཁྱོད་ཀྱི་མཐུས་ལས་དེ་ལྟ་བུ་བརྩམ་པ་ཡིན་ཞེས་འདོད་པ་ཞེས་པའི་ཚིག་བར་ན་གནས་པའི་གསལ་བྱེད་ཀྱི་རྒྱན་ནོ། །འདིའི་ལོ་རྒྱུས་འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་གསུངས་བའི་གཏམ་རྒྱུད་ཀྱིས་ཤེས་པར་བྱ་སྟེ། རྒྱལ་པོ་གཏུམ་པོ་རབ་སྣང་གི་གྲོས་བློན་གསོས་པ་ཞེས་བྱ་བ་དེ་དཔུང་དང་བཅས་པ། རྒྱལ་པོའི་བཀའ་འོག་ཏུ་མ་འདུས་པའི་རི་བྲག་པ་སྐྱ་བསེང་རྣམས་དམངས་སུ་དབབ་པའི་ཕྱིར་མངགས་པ། དེས་དེ་རྣམས་ཆམ་ལ་ཕབ་སྟེ་གཏེའུར་བཟུང་བ་རྣམས་ཀྱི་ནང་ན་བུ་མོ་ཆུང་ངུ་ལུས་རྨ་ཤུ་དང་གཡན་པས་ཐེབས་པ་ཞིག་ཡོད་པ་རྒྱལ་པོ་གཏུམ་པོ་རབ་སྣང་གིས་མཐོང་ནས། གསོས་པ་ལ་བུ་མོ་འདི་ལ་གང་སུ་དག་དགའ་མགུར་སྤྱོད་པ་ཡོད་སྲིད་དམ་ཞེས་སྨྲས་པ་དང་། གསོས་པ་ན་རེ། དེ་ཡོད་པར་མ་ཟད་འདི་སུ་ལ་བྱིན་པའི་རང་
གི་བདག་པོ་རྟ་རུ་ཞོན་ནས་རྟ་སྐད་ཟེར་དུ་འཇུག་པ་ཡང་ཡོད་དོ་ཟེར། རྒྱལ་པོས་དེ་ལྟར་ཅང་འགྱུར་རམ་ཟེར་བ་ལ་གསོས་པས་ལྷ་སྤྱན་སྔར་བབ་པར་བགྱིའོ། །ཞེས་སྨྲས་ཏེ། བུ་མོ་དེ་ཉིད་རང་གི་ཁྱིམ་དུ་ཁྲིད་ནས་སྨན་པ་རྣམས་ལ་སྨན་དཔྱད་བྱེད་དུ་བཅུག་པས་ནད་སོས། ཁ་ཟས་བཟང་པོས་གསོ་བར་བྱས་པས་དེ་ལང་ཚོ་ལ་བབ་ཅིང་གཟུགས་བཟང་བར་གྱུར་པ་ལ་སྐྱ་བསེང་གི་བུ་མོ་སྒྲོལ་མ་ཞེས་མིང་བཏགས་སོ། །བུ་མོ་དེ་ལ་ངས་རྒྱལ་པོ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས། ཁྱོད་རྒྱན་ཐམས་ཅད་ཀྱིས་ཀླུབས་ལ་བདག་ཉིད་སྟོན་ཅིག་ཅེས་བྱས་ནས། གསོས་པ་རྒྱལ་པོའི་གམ་དུ་སོང་སྟེ། ལྷ་བདག་གི་ཁྱིམ་ཡོངས་སུ་སྤངས་པ་ལྟ་ཞིག་ང་མི་གཟིགས་སམ་ཞེས་ཞུས་པས། རྒྱལ་པོས་ང་ཁྱོད་ཀྱིས་མ་བོས་པར་ཁྱོད་ཀྱི་ཁྱིམ་ཇི་ལྟར་བལྟ་བར་བྱ། གསོས་པ་ན་རེ། ལྷ་གལ་ཏེ་དེ་ལྟར་ན་སྤྱན་འདྲེན་ནོ། །རྒྱལ་པོ་ཡང་དགའ་སྟེ་དེ་ལྟར་གནང་ངོ་། །གསོས་པས་ཁྱིམ་བྱི་དོར་བྱས་ཤིང་རྒྱལ་པོ་ལ་འོས་པའི་བཟའ་བཏུང་སྦྱར་ནས། རྒྱལ་པོ་ཁྱིམ་དུ་འོངས་པ་ལ་ཟས་དང་གོས་ཀྱིས་བཀུར་ཞིང་གཏམ་གླེང་བཞིན་འདུག་པ་ན། བུ་མོ་དེས་ཡོལ་བས་བསྐོར་བའི་ནང་དུ་རྩེད་མོའི་ཆ་བྱད་ཕོ་ལོང་འཕངས་ནས་ཡོལ་བ་གྱེན་དུ་བཟློག་སྟེ། གསོས་པ་ལ་ཡབ་ཅིག་ཕོ་ལོང་སླར་སྩོལ་ཅིག་ཅེས་
སྨྲས་པ་དང་། བུ་མོ་དེ་ན་ཚོད་གཞོན་ཞིང་མཛེས་པ་མཐོང་ནས་དེ་མ་ཐག་ཏུ་དེ་ལ་རྒྱལ་པོ་ཆགས་པར་གྱུར་ཏོ། །གསོས་པ་ལ་འདི་སུའི་བུ་མོ་ཡིན། ལྷ་བདག་གི་བུ་མོ་ལགས་སོ། །འདི་གཞན་ལ་བྱིན་ཏམ་ལྷ་མ་སྩལ་ཏོ། །གལ་ཏེ་དེ་ལྟར་ན་ང་ལ་ཅིས་མི་སྦྱིན། ལྷ་འབུལ་བར་འཚལ་ལོ། །དེ་ནས་བུ་མོ་དེ་རྒྱལ་པོའི་འབྱོར་པ་ཆེན་པོས་བསུས་ནས་བག་མར་བླངས་སོ། །གསར་པས་རྙིང་པ་ཐམས་ཅད་ཟིལ་གྱིས་གནོན་པ་ཆོས་ཉིད་ཡིན་པས། རྒྱལ་པོ་ཡང་ཆུང་མ་གསར་པ་དེ་ལ་ཆགས་པས་གཞན་བཏང་ནས་དེ་ཁོ་ན་ལྷུར་ལེན་པར་གྱུར་པ་ན། གསོས་པས་བདག་གིས་དམ་བཅས་པ་བྱ་བའི་དུས་ནི་འདི་ཡིན་ནོ་སྙམ་ནས་བུ་མོ་དེ་ལ་ཁྱོད་ཀྱིས་རྒྱལ་པོ་འདིའི་རྒྱབ་ཏུ་ཞོན་ནས་རྟ་སྐད་ཟེར་དུ་གཞུག་པར་ནུས་སམ། དེ་ཅུང་ཞིག་བགད་ནས་སྨྲས་པ། ཡབ་གཅིག་རེ་ཞིག་རྔོ་ཐོགས་མི་ཐོགས་བལྟ་བར་བགྱིའོ། །བུད་མེད་རྣམས་མ་བསླབ་བསླུ་བར་མཁས་པ་ཡིན་པས། དེ་གོས་དྲི་མ་ཅན་བགོས་ནས་ཁྲིའུ་དྲྭ་བ་ཅན་གྱི་སྟེང་ན་ཉལ་ཞིང་འདུག་པ་ལ། རྒྱལ་པོས་ལྷ་མོ་འདི་ཅིའི་ཐ་ཚིག དེས་སྨྲས་པ། ལྷ་རྣམས་འཁྲུགས་པར་གྱུར་ཏོ། །རྒྱལ་པོས་ཅིའི་ཕྱིར་ལྷ་རྣམས་འཁྲུགས་ཞེས་དྲིས་པ་ལ། བུ་མོ་ན་རེ། ལྷས་བདག་གི་ཕ་རི་བྲག་པ་སྐྱ་བསེང་རྣམས་འབེབས་སུ་བཏང་བའི་ཚེ། བདག་གིས་དེ་ཞི་བ་དང་
བདེ་ལེགས་སུ་འགྱུར་ཕྱིར་བདག་གི་ཕས་དོན་གྲུབ་ནས་སླར་འཁོར་ན། གང་གིས་བདག་བླངས་པ་དེའི་རྒྱབ་ཏུ་ཞོན་ནས་རྟ་སྐད་ཟེར་དུ་སྩལ་ཏོ། །ཞེས་བགྱིས་པ་ལས་བདག་ནི་ལྷ་ལ་ཕུལ། ལྷའི་བཙུན་མོའི་འཁོར་རྒྱ་ཆེ་བས་ཅིས་ཀྱང་བདག་གི་དོན་འདི་མི་བགྱིད་པར་འགྱུར་བས་སོ། །འདོད་པའི་འདོད་ཆགས་ལ་ཞེན་པ་རྣམས་ཀྱིས་མི་བྱ་བ་ཅི་ཡང་མེད་པས་རྒྱལ་པོས་སྨྲས་པ། ལྷ་མོ་ཁྱོད་ཀྱིས་དོན་དུ་ན་ངའི་ཆེད་དུ་གསོལ་བ་བྱས་པ་ཡིན་པས་ཐམས་ཅད་བསྒྲུབ་ཀྱིས། བདེ་བར་འདུག་ཅིག བུ་མོ་དེ་ཅང་མི་ཟེར་བར་འདུག་པ་ལ་རྒྱལ་པོས་སྨྲས་པ། ཁྱོད་ཅིའི་ཕྱིར་མི་སྨྲ། ལྷ་མོ་ཁྱོད་ཀྱིས་གསོལ་བ་གཞན་ཅུང་ཟད་མེད་གྲང་། དེས་སྨྲས་པ། ལྷ་ཅུང་ཟད་མ་མཆིས་མོད་ཀྱི། འོན་ཀྱང་དེའི་དུས་སུ་བྲམ་ཟེ་འདུན་ན་འདོན་གྱིས་ལྷའི་ཤིས་པ་བརྗོད་པར་བགྱི། པི་ཝཾ་ལེན་པའི་མིས་ཀྱང་པི་ཝཾ་བླང་བར་བགྱིའོ། །རྒྱལ་པོས་སྨྲས་པ། དེ་སླ་སྟེ་བྲམ་ཟེ་འདུན་ན་འདོན་རང་ལ་ཡོད་ཀྱང་པི་ཝཾ་ལེན་པ་ཞིག་བཙལ་བར་བྱའོ། །བུ་མོས་སྨྲས་པ། ལྷ་དེ་ལྟར་ལེགས་ཀྱིས་པི་ཝཾ་ལེན་པ་བཙལ་དུ་གསོལ། དེའི་ཚེ་ཡུལ་ས་འཛིན་ནས་ས་འཛིན་པའི་མི་ཞིག་ཟོང་ཐོགས་ཏེ་འཕགས་རྒྱལ་དུ་འོངས་པ་དེས་ཟོང་ཐམས་ཅད་བཙོང་སྟེ་སྨད་འཚོང་མ་དང་ལྷན་ཅིག་ཟོས་པར་བྱས་ནས་དེ་ལྟར་ལྷག་པར་ཆགས་སོ། །དེའི་ཚེ་ས་
འཛིན་པ་དེའི་གླ་མི་ཐམས་ཅད་ཀྱིས་དེ་བོར་ནས་བྲོས་པ་དང་། སྨད་འཚོང་ན་རེ། རྗེའི་སྲས་བདག་ནི་ཞིང་པ་མ་ལགས། ཚོང་པ་མ་ལགས། གྲོང་མི་ཟོང་ཐོགས་ནས་ཡུལ་གཞན་དུ་འགྲོ་བ་མ་ལགས་ཏེ། གཞན་དུ་ན་ཁྱེད་ལྟ་བུ་དག་ལས་རྙེད་པ་གང་ལགས་པ་དེས་འཚོ་བ་ཡིན་པས་ཀཱར་ཥཱ་པ་ཎ་དག་སྩོལ་ཅིག ཡང་ན་སྐྱེས་བུ་གཞན་གྱི་སྐབས་ཕྱེས་ཤིག དེས་སྨྲས་པ། བཟང་མོ་བདག་ལ་ཀཱར་ཥཱ་པ་ཎ་དག་མེད་མོད། ཅི་སྟེ་ཡོད་ན་ཁྱོད་ལས་ལྷག་པ་གཞན་སུ་ཞིག་ཡོད་དེ་ཆེས་སྦྱིན་མོད། འོན་ཀྱང་ཁྱོད་ལ་བདག་སྡུག་པས་འདིར་འདུག་གིས་མ་བསྐྲད་ཅིག སྨད་འཚོང་མས་སྨྲས་པ། ཅི་སྟེ་བདག་གིས་སྨྲས་པ་གང་ཡིན་པ་དེ་བྱེད་ན་ཁྱོད་བདག་ལ་སྡུག་པར་ཤེས་སོ། །དེས་སྨྲས་པ། བཟང་མོ་མགོ་བོས་བཀུར་རོ། །སྨད་འཚོང་མ་དེས་བཤང་བ་བྱས་ནས། དེའི་སྟེང་དུ་རྒྱ་ཤུག་གི་ཚི་གུ་བཞག་སྟེ། ཅི་སྟེ་ཁྱོད་བདག་ལ་བྱམས་ན་རྒྱ་ཤུག་གི་ཚི་གུ་འདི་སོས་ཟུངས་ཤིག དེས་བཟུང་བར་བྱས་པ་དང་། སྨད་འཚོང་མ་དེའི་རྡོག་པས་བསྣུན་ནས་ཕུལ་ཏེ་བཀྲེན་པ་ཅི་འདི་ལྟ་བུ་དག་ཀྱང་བྱེད་དམ། བཙོག་པ་ཁྱོད་དང་ལྷན་ཅིག་མི་འདུག་གིས་སོང་ཞིག་ཅེས་སྨྲས་ཏེ་ཁྱིམ་དེ་ནས་བསྐྲད་དོ། །དེ་པི་ཝཾ་ལེན་པ་ཞིག་ཡིན་པས་པི་ཝཾ་ལེན་པས་འཚོ་བ་འཚོལ་བར་གྱུར་ཏོ། །དེ་ནས་རྒྱལ་པོས་གསོས་པ་ལ་བུ་
མོ་འདིས་ལྷ་རྣམས་ལ་གསོལ་བ་བྱས་ཏེ། བྲམ་ཟེ་འདུན་ན་འདོན་ནི་ང་ལ་ཡོད་ན་པི་ཝཾ་སུས་བླང་པར་བྱ། གསོས་པས་སྨྲས་པ། ལྷ་ས་འཛིན་པ་པི་ཝཾ་ལེན་པས་འཚོ་བར་བགྱིད་པ་ཞིག་མཆིས་ཀྱི། དེའི་མིག་དར་གྱིས་བཀབ་ལ་ནང་དུ་དགུག་པར་བགྱིའོ། །རྒྱལ་པོས་ལེགས་ཀྱིས་དེ་བཞིན་གྱིས་ལ་ཁུག་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་དང་རང་གི་མདུན་ན་འདོན་གཉིས་ཁང་པ་བདུན་བརྩེགས་ཀྱི་སྟེང་དུ་འཛེགས་ནས་དེས་བྲམ་ཟེ་འདུན་ན་འདོན་ལ་ཇི་ལྟར་གྱུར་པ་ཐམས་ཅད་བསྙད་པ་དང་། དེ་ཅང་མི་ཟེར་བར་འདུག་གོ། གསོས་པས་ས་འཛིན་པའི་མིག་དར་གྱིས་བཀབ་སྟེ་ཁང་པ་བདུན་བརྩེགས་ཀྱི་སྟེང་དུ་ཁྲིད་ནས་བཞག སྐྱ་བསེང་གི་བུ་མོ་སྒྲོལ་མ་ཡང་ངོ་མཚར་དང་། བཀྲ་ཤིས་དང་། བདེ་ལེགས་བྱས་ཏེ་གོས་དཀར་པོ་བགོས་ནས་རྒྱལ་པོའི་རྒྱབ་ཏུ་ཞོན་པ་དང་། བྲམ་ཟེ་མདུན་ན་འདོན་གྱིས་ཤིས་བརྗོད་བརྗོད་པར་བརྩམས། ས་འཛིན་པའི་མི་དེས་པི་ཝཾ་བླངས། རྒྱལ་པོ་རྟ་སྐད་འབྱིན་པ་ལ་ཞུགས་པ་དང་། ས་འཛིན་པ་དེས་བསམ་པ། ཁང་པ་འདི་ནི་བདུན་བརྩེགས་ཡིན་པས་རྟ་འདིར་ག་ལ་ཐར། གདོན་མི་ཟ་བར་འདི་ནི་བདག་ལྟ་བུ་བུད་མེད་ཀྱི་དབང་དུ་གྱུར་པ་འགའ་ཞིག་བུད་མེད་ཀྱིས་ཅོ་དྲིས་པའོ་སྙམ་ནས། དེས་གླུ་ཚིག་བླང་བ། རྒྱ་ཤུག་ཚི་གུས་གྱུར་
པ་ལྟར། །རྒྱ་ཤུག་ཚི་གུས་གྱུར་པ་ལྟར། །དོན་འདིའང་ཕལ་ཆེར་འདྲ་བ་ཡིན། །དོན་འདིའང་ཕལ་ཆེར་འདྲ་བ་ཡིན། །ཞེས་ཟེར་ཞིང་པི་ཝཾ་མི་ལེན་པར་ཡང་ནས་ཡང་དུ་གླུ་ཚིག་དེ་གླུར་ལེན་པར་བྱས་སོ། །སླད་ནས་རྒྱལ་པོས་པི་ཝཾ་མཁན་དེ་ལ་དྲིས་པ། ཀྱེ་སྐྱེས་བུ་ཁྱོད་ཀྱི་གླུ་དེའི་དོན་ཅི་ཡིན། དེས་ཇི་ལྟར་གྱུར་པ་བརྗོད་པ་དང་། རྒྱལ་པོས་བསམ་པ། འདིས་བདག་ཤེས་ཀྱི་ཡུལ་ལས་དབྱུང་བར་བྱའོ་སྙམ་དུ་ཀཱརྵ་པ་ཎ་ལྔ་བརྒྱ་བྱིན་ནས་ཡུལ་དབྱུང་བར་བྱས་སོ། །དེའི་རྗེས་ཤིག་ཏུ་བྲམ་ཟེ་མདུན་ན་འདོན་དེས་རྒྱལ་པོ་བུད་མེད་ཀྱི་དབང་དུ་འགྱུར་བ་མི་རིགས་སོ་ཞེས་བྱས་པ་ལ་རྒྱལ་པོས་དེ་ལ་ལན་གླན་པའི་ཕྱིར་གསོས་པ་ལ་མདུན་ན་འདོན་འདིས་ང་ལ་ཀླན་ཀ་ཚོལ་བས་འདི་ལ་དེ་འདྲའི་ཐབས་ཅི་ཡོད་དྲིས་པས། གསོས་པས་ཐབས་བྱས་ཏེ་མདུན་ན་འདོན་གྱི་སྐྲ་རང་གི་ཆུང་མས་ཕྱི་བར་བྱས་པ་ལ་རྒྱལ་པོས་འཕྱས་པ་དང་། ལན་གཅིག་གསོས་པས་རྒྱལ་པོ་ལ་ཁྱེད་དེ་ལྟར་བུད་མེད་ཀྱི་དབང་དུ་གྱུར་པ་མི་རིགས་ཞེས་བྱས་པ་ལ། རྒྱལ་པོས་མདུན་ན་འདོན་ལ་གསོས་པ་འདི་ལ་ངོ་ཚ་བར་བྱེད་པའི་ཐབས་ཅི་ཡོད་དྲིས་པས། དེའི་སྣག་གི་ཚ་བོ་མིག་འཕྲུལ་ཤེས་པས་ཕྱགས་དར་ཁྲོད་དུ་དེད་དཔོན་གྱི་ཁྱིམ་དང་ཀེང་རུས་ལས་བུད་མེད་ཆེས་མཛེས་མར་སྤྲུལ་པ་ལ་གསོས་པ་དེར་འོངས་པས་འཁྱུད་བཞིན་གཉིད་དུ་སོང་བ་ལ་རྒྱལ་པོ་འཁོར་མང་པོ་དང་བཅས་ཏེ་
འཕྱས་པའི་ལོ་རྒྱུས་ཀྱང་གོང་གི་འཕྲོས་སུ་ཡོད་དོ། །སླར་ཡང་བཞད་གད་ཀྱི་དཔེར་བརྗོད་པ། མདོ་དང་འགལ་ཞེས་ལན་བརྒྱར་སྨྲས་ན་ཡང་། །གཞོན་ནུ་མ་འདིས་ནོངས་པར་མི་མཐོང་ཕྱིར། །རྒྱལ་བའི་གསུང་དང་འགལ་བར་མི་བཟོད་པའི། །རྒན་ཞུགས་ཁྱེད་ཉིད་བདེ་བར་བཞུགས་མཛོད་ཅིག །ཅེས་སློབ་དཔོན་དབྱིག་གཉེན་གྱིས་རྣམ་བཤད་རིག་པར་ཆོས་འཆད་པ་སོགས་ཀྱི་ཚེ་གཉིད་དང་རྨུགས་པ་གསང་བའི་གཏམ་གསུངས་པ། སྔོན་རྒན་ཞུགས་ཞིག་གིས་གཞོན་ནུ་མ་ཞིག་ལ་འདོད་པ་བསྟེན་པར་འདོད་ཀྱང་། དེས་བགྱིད་དུ་མ་སྟེར་བ་ལ་རྒན་ཞུགས་ན་རེ། བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་སེམས་ནི་སྐྱེས་པས་སོ། །ཞེས་གསུངས་ཀྱང་། ཁྱོད་ནི་མདོ་སྡེ་དང་འགལ་ལོ་ཞེས་སྨྲས་པ་དེ་ཡི་དོན་ཚིགས་བཅད་དུ་བསྡེབས་པའོ། །དེ་ཡང་བཞད་གད་ཀྱི་ཉམས་ནི་ནང་དུ་ཡིད་ལ་དགའ་ཞིང་མཚར་བའི་ཆར་གཏོགས་པ་དགོད་བྲོ་བ་འཕེལ་བ་ལས། བཞད་གད་ཀྱི་ཉམས་འགྱུར་ནི། གད་མོ་དགོད་པ། འཛུམ་པ། ཐལ་མོ་རྡེབ་པ་སོགས་འབྱུང་བ་ལྟ་བུའོ། །ངོ་མཚར་བ་འཕེལ་བ་རྨད་བྱུང་གི་ཉམས་ནི། འདི་ལྟར་སྐྱེས་བུས་བློ་སྔོན་ཏུ་བཏང་ནས་བཀོད་པ་ལེགས་པར་བསྒྲིགས་པ་དང་འདྲ་བར། བློ་སྔོན་དུ་བཏང་ནས་འདི་ལྟ་བུ་བྱས་པ་མིན་ཡང་ཡིད་རབ་ཏུ་དགའ་བའི་ཚལ་གྱི་ཤིང་
ལྗོན་པ་བཟང་པོ་རྣམས་ཀྱི་འདབ་མ་རྙིང་པ་བརྗེས་ཏེ། གསར་དུ་འཁྲུངས་པ་རྣམས་གོས་བཟང་པོ་གསར་དུ་བགོས་པ་དང་། མེ་ཏོག་རྣམས་སྐྱེས་བུའི་དོ་ཤལ་དང་། དཔུང་རྒྱན་རྣ་རྒྱན་ལ་སོགས་པ་ཅན་དང་། ཡལ་འདབ་རྣམས་ཕྱོགས་ཀུན་ཏུ་རྒྱས་པར་བསྐོར་བ་འདུག་གནས་ཁང་པར་གྱུར་པ་འདི་མཚར་ཏེ། འདི་ལ་འདི་དག་འགོད་འདོད་མེད་ཀྱང་སྐྱེས་བུས་བྱས་པ་ལས་ཀྱང་ལྷག་པར་ཡིད་དུ་འོང་བ་གང་ཞིག་གོས་དང་རྒྱན་ཕྲེང་ཁང་པའི་རྣམ་པར་བཀོད་པ་འདི་མཚར་ཞེས་པའོ། །མདོ་ལས། འདི་ལྟར་སེམས་ཅན་ཀུན་གྱི་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཡང་འདེབས། །ཞེས་གསུངས་པ་སངས་རྒྱས་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་དུ་སྒྲོ་སྐུར་དང་བྲལ་བར་ཡང་དག་པར་བསྟན་པ་ལས་འཕྱོར་ངག་གིས་སྒྲོས་བཏོད་པ་མེད་ཀྱང་དོན་ལ་ངོ་མཚར་བའི་ཉམས་རྨད་དུ་བྱུང་བ་དང་ངང་གིས་ལྡན་པར་གྱུར་པའོ། །དེ་ཡང་ཡུལ་ཁྱད་འཕགས་ཀྱི་ངོ་མཚར་བའི་གནས་ལ་བསམ་པའི་ཉམས་ལས་དེའི་འགྱུར་བ་ལུས་ཉམས་སུ་ཐོན་པ་བཞིན་དྭངས་ཤིང་ཚིམ་པའི་ཉམས་དང་། སོ་མིག་ཡངས་ཤིང་བ་སྤུ་ལྡང་བ་དང་། ངག་ཏུ་ཨ་ལ་ལ་དང་། ཡང་ཡང་བརྗོད་པ་དང་། གསང་བསྟོད་དེ་
སྨྲ་བ་སོགས་སོ། །འདིར་ཡང་དཔེར་བརྗོད་པ། མཉམ་ཉིད་བདེ་ཆེན་དབྱིངས་ལས་མ་གཡོས་ཀྱང་། །སྣང་སྲིད་ཀུན་ཁྱབ་སྒྱུ་མའི་རྣམ་རོལ་གྱི། །ཕན་བདེའི་མཛད་པ་མཁའ་མཉམ་ལྷུན་གྱིས་གྲུབ། །ངོ་མཚར་རྨད་བྱུང་ཡེ་ཤེས་སྐུ་དེར་འདུད། །ཅེས་པ་ལྟ་བུ་ལ་སོགས་པ་བརྗོད་བྱ་དང་བརྗོད་ཚུལ་གྱི་སྒོ་ནས་རྨད་བྱུང་གི་ཉམས་ཀྱི་ཁྱད་པར་གྲངས་མེད་པར་འགྱུར་རོ། །དོན་དེ་ལ་ཡིད་ཤིན་ཏུ་ཞེན་ཅིང་མཚར་བ་ལ་ངམ་པ་ཞེས་བྱ་སྟེ། ར་མགོ་ཅན་རྔམ་པ་མི་འདྲ་བ་ངམ་པའི་རྒྱན་ཟེར་ན་ཡང་དོན་སྔ་མ་དང་འདྲའོ། །བག་ཚ་བ་འཕེལ་བ་འཇིགས་རུང་གི་ཉམས་ནི། རྩེ་མོ་དག་ལ་དྲག་ཏུ་འབར་བའི་མེ་ལྕེ་མཆེད་ཅིང་འཕྲོ་བ་གནས་པ་ཡི། ལྷ་ཡི་དབང་པོ་བརྒྱ་བྱིན་གྱི་ནི་ཕྱག་མཚན་བྲམ་ཟེ་ཞོ་འཐུང་གི་རུས་པ་ལས་བྱུང་བ་ཕ་ལམ་གྱི་རྒྱུ་ལས་གྲུབ་པའི་རྡོ་རྗེ་རྩེ་བརྒྱ་པ་གང་ཡིན་པ་འདི་ནི་དངོས་སུ་མཐོང་ན་སྨོས་ཅི་དགོས་ཀྱི། ཡིད་ལ་དྲན་པ་ཙམ་ན་ཡང་ལྷ་མིན་གྱི་བུད་མེད་དག་གི་མངལ་ན་གནས་པའི་བྱིས་པ་རྣམས་ནི་ས་ལ་ལྷུང་བར་བྱེད་དོ། །ཞེས་ཡུལ་གང་གི་རྣམ་པ་ཡིད་ལ་བྱས་པས་བཟོད་པར་དཀའ་ཞིང་འཇིགས་སུ་རུང་བའི་ཡིད་ཉམས་སྐྱེས་པ་ལས། ལུས་འདར་བ། སྙིང་གཡོ་བ། མཆུ་སྐམ་པ། ལུས་རེངས་པ། བག་ཡོད་པར་གནས་ཤིང་ལུས་
འཁུམས་པ་དང་ངག་རྟབ་པ་སོགས་སྐྲག་པའི་རྣམ་འགྱུར་འབྱུང་བ་དེ་དག་འཇིགས་རུང་ཞེས་བྱའོ། །འདིར་དཔེར་བརྗོད་པ་གཞན་ཡང་། གར་དགུའི་ཉམས་ཀྱིས་བདུད་བཞིའི་ཁྲག་འཐུང་ཞིང་། །བཞད་པའི་གད་རྒྱངས་དྲག་པོས་ས་གསུམ་གཡོ། །མཐོང་བས་བགེགས་ཚོགས་འདར་ཞིང་བརྒྱལ་མཛད་པ། །ལྷ་ཡི་ལྷར་གྱུར་འབར་བའི་རྡོ་རྗེ་ཅན། །ཞེས་པ་སོགས་དེ་དང་དེ་འདྲ་རྣམས་སོ། །སྐབས་འདིར་སྙན་ངག་ཐམས་ཅད་བརྗོད་ཚུལ་ཡིད་འོང་གི་ཉམས་དང་ལྡན་པ་ཡིན་ལ། དེ་ནི་སྔར་སྒྲ་དང་དོན་གྱི་སྒོ་ནས་ཡོན་ཏན་བཅུ་ཡི་ནང་གསེས་སུ་བསྟན་ཟིན་པས། འདིར་སྙན་པ་ཡིད་འོང་ཉམས་དང་ལྡན་ཞེས་བརྗོད་པ་དེ་དག་སླར་ཡང་ཟློས་པར་མི་འགྱུར་རམ་ཞེ་ན། སྙན་པ་དང་དེ་ཡང་ཚོགས་པར་དབྱུང་རུང་བའི་ཚིག་སྦྱར་བས་གྲོང་པ་ཉིད་མིན་པ་ལས་སྐྱེས་པ་གང་ཞིག་ཡོན་ཏན་བཅུའི་ནང་ཚན་དུ་བརྗོད་པ་དེ་ནི། བརྗོད་བྱ་མ་ལུས་པ་ཡི་ནི་རྗོད་བྱེད་སྙན་ངག་གི་ཉམས་དག་གི་དབང་དུ་བྱས་ཏེ་སྤྱིར་བསྟན་པ་ཡིན་ལ། སྐབས་འདིར་ནི་དེའི་བྱེ་བྲག་གར་གྱི་ཉམས་བརྒྱད་ཀྱི་དབང་དུ་བྱས་ཏེ། གནས་དང་རྟེན་དང་བསམ་པའི་ཁྱད་པར་བརྒྱད་ལས་སྐྱེས་པའི་རྣམ་འགྱུར་ཡིད་ཡུལ་དུ་སྟོན་པའི་ཚིག་རྣམས་སྙན་ངག་གི་ཉམས་དང་ལྡན་པར་བསྟེན་པས། སྤྱི་དང་བྱེ་བྲག་གི་དབང་དུ་བྱས་པའི་ཕྱིར་ཟློས་སྐྱོན་ཡོད་པ་མ་ཡིན་ནོ། །སྤྱིར་ཉམས་
ལ་དགུ་དང་བཞིར་འདོད་པ་ཡོད་དེ། རིན་ཆེན་མཛོད་ལས། སྒེག་དཔའ་མི་སྡུག་དྲག་ཤུལ་དགོད། །འཇིགས་རུང་སྙིང་རྗེ་རྨད་བྱུང་ཞི། །ཞེས་དེ་བརྒྱད་ཀྱི་སྟེང་དུ་མཉེས་གཤིན་བཅས་དགུར་བཤད་ཅིང་། གསང་སྔགས་ཀྱི་སྐབས་འགར། སྒེག་དཔའ་འཇིགས་རུང་སྐུ་ཡི་གར། །དགོད་གཤེ་དྲག་ཤུལ་གསུང་གི་གར། །སྙིང་རྗེ་རྔམ་ཞི་ཐུགས་ཀྱི་གར། །ཞེས་དགུར་བཤད་ཅིང་། ལུང་གཞན་ལས། སྒེག་པའི་རྗེས་སུ་སོང་བའི་དགོད་པ། དྲག་ཤུལ་ལས་སྐྱེ་བའི་སྙིང་རྗེ། དཔའ་བ་ལས་རྨད་བྱུང་། མི་སྡུག་པ་ལས་འཇིགས་རུང་ཞེས་བཞིར་བསྡུས་པའང་ཡོད་པ་དང་། ཞི་བ་དང་མཉེས་གཤིན་པའི་ཆོས་སྒེག་པར་བསྡུས་ནས་བརྒྱད་དུ་བསྟན་པ་དག་ཀྱང་ཡོད་པ་ལས་འདིར་བརྒྱད་དུ་བཤད་དོ། །བཅུ་དགུ་པ་དཔའ་ཞིང་ང་རྒྱལ་འཕེལ་བ་གཟི་བརྗིད་ཀྱི་རྒྱན་གྱི་དཔེ་བརྗོད་ནི། རྒྱལ་པོ་ཞིག་གིས་སྨྲས་པ་སྐད་དུ་འདི་ལྟར། བདག་ནི་ཁྱོད་ཀྱི་སྲོག་ལ་གནོད་པར་བྱེད་པ་པོ་ཡིན་ནོ་ཞེས། ཁྱོད་ཀྱི་སྙིང་ལ་འཇིགས་པར་མ་བྱེད་ཅིག ཅིའི་ཕྱིར་ན་བདག་གི་རལ་གྲིས་ཕྱིར་ཕྱོགས་ནས་འབྲོས་པ་རྣམས་ནམ་ཡང་གསོད་པའམ་འཇོམས་པར་འདོད་པ་མ་ཡིན་ནོ། །ཞེས་པ་སྐྱེས་བུ་ཕ་རོལ་གནོན་པ་ལ་དབང་ཡོད་པའི་དྲེགས་སྙེམས་དང་ལྡན་པ་འགས། གཡུལ་དུ་དགྲ་བོ་གཞན་
ཚུར་འཐབ་པར་ནུས་པ་རྣམས་ནི་གཞོམ་པར་དོན་གྱིས་བསྟན་པས་དེ་ལྟར་བཀག་པའམ། མེད་པར་བྱ་ནུས་པ་བསྟན་པར་བྱས་ནས་འཐབ་མི་ནུས་པར་འབྲོས་པ་རྣམས་ཇི་བདེར་གཏོང་བ་དེ་ལྟ་བུ་ལ་སོགས་པ་བརྗོད་པ་ལ་གཞན་ཟིལ་གྱིས་གནོན་པའི་གཟི་བརྗིད་དང་ལྡན་པར་ཤེས་པར་བྱའོ། །རལ་གྲི་ཕྱིར་ཕྱོགས་དང་རལ་གྲི་ཞེས་གང་ལྟར་བྱས་ཀྱང་དོན་ལ་མི་འགལ་ཡང་། རྒྱ་འགྲེལ་གཞུང་རྣམས་སུ་རལ་གྲིའི་སྐད་དོད་ལ་རྣམ་དབྱེ་གསུམ་པ་མེད་པར་དང་པོའི་གཅིག་ཚིག་ཡོད་པ་སོགས་ཀྱིས་རལ་གྲི་ཞེས་བཤད་ན་ལེགས་ཞེས་ཁམས་འགྲེལ་དུ་གསུངས། དེ་ལྟར་ན་ཕ་རོལ་པོ་རལ་གྲིའི་སོ་ཚུར་མི་སྟོན་པར་ཕྱིར་ཕྱོགས་པའི་འབྲོས་པ་པོ་རྣམས་ཞེས་ཕ་རོལ་པོའི་རལ་གྲི་ལ་གོ་བར་བྱའོ། །དེ་ལྟར་གང་དུ་ཡིད་མ་ཞུམ་ཞིང་སུ་ལའང་བག་ཚ་བ་མེད་ཅིང་འགྲན་ཟླ་མེད་པར་གནས་པའི་ཚུལ་བརྗོད་པ་ན། དེས་གཞན་ཟིལ་གྱིས་གནོན་ཞིང་དེ་ལ་ཅོ་འདྲི་བ་གཞན་མེད་པས་དེ་གཟི་བརྗིད་དུ་ལྡན་པ་ཉིད་དུ་ཤེས་པར་འགྱུར་རོ། །འདི་ལ་དཔེ་བརྗོད་གཞན་ཞིག་བཀོད་པ། ལྷ་མིན་དང་བཅས་ཀླ་ཀློའི་དཔུང་ཆེན་པོས། །བལྟ་བར་བཟོད་དཀའ་དྲག་པོ་འཁོར་ལོ་ཅན། །ཉི་ཟླའི་མདངས་འཕྲོག་གཟི་བརྗིད་རབ་འབར་དེས། །ས་ཀུན་རང་དབང་མཛད་ལ་དཀའ་བ་ཅི། །ཞེས་དང་། རྒྱ་ཆེ་རོལ་པར། འདི་ནི་ཤིང་དབང་མཆོག་དྲུང་
སྡང་པའི་གྱད། །དཔུང་བཅས་བདུད་ནི་རྒྱལ་མཚན་སྡེར་བཅས་པ། །ནག་པོའི་རྩ་ལག་བྱམས་པའི་སྟོབས་ཀྱིས་འཇོམས། །བླ་མེད་བྱང་ཆུབ་ཞི་བར་འཚང་ཡང་རྒྱ། །ཞེས་གསུངས་པ་ཡང་དོན་གྱི་དབང་གིས་གཟི་བརྗིད་ཀྱི་རྒྱན་དུ་རུང་ལ། རྨད་བྱུང་གི་ཉམས་ཀྱི་དཔེ་བརྗོད་དུ་ཡང་རུང་ངོ་། །ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ལ། རྒྱན་གྱི་རང་བཞིན་བཤད་པ་དང་། དེ་དཔེར་བརྗོད་པ་གཉིས་ལས། དང་པོ། བློ་ལ་བསམ་པ་མངོན་པར་འདོད་པའི་དོན་གང་ཡིན་པ་དེ་ངག་ཏུ་དངོས་སུ་མ་བརྗོད་པར་དོན་དེ་ཉིད་འགྲུབ་པར་བྱ་བའི་ཕྱིར། རྣམ་པ་གཞན་དག་ཐབས་མཁས་ཀྱི་སྒོ་ནས་བརྗོད་པ་གང་ཡིན་པ་དེ་ནི་རྣམ་གྲངས་བརྗོད་པར་འདོད་དེ་བརྒྱུད་ནས་ཕན་པར་རམ། ཐབས་ཀྱིས་ཕན་པར་བྱེད་པའི་ཕྱིར་རོ། །གཉིས་པ་དེའི་དཔེ་བརྗོད་ནི། ས་ཧ་ཀཱ་རའི་ཞེས་ཨ་མྲའི་སྙེ་མ་རྣམས་གཞན་གྱིས་གསོས་པར་གྲགས་པ་ཁུ་བྱུག་འདིས་ཟ་བར་བྱེད་འདུག་གིས། དེ་ནི་བདག་གིས་བཟློག་པར་བགྱི་བའི་སླད་དུ་འགྲོ་ཡིས། ཁྱེད་གཉིས་གནས་འདིར་དལ་བར་བག་ཕོབས་ལ་འདུག་པར་མཛོད་ཅིག ཅེས་སོ། །དེའི་དོན་ཅི་ལ་ཕན་སྙམ་ན། གྲོགས་མོ་དང་སྐྱེས་ཕྲན་ཕལ་པ་ཕྲད་པར་བྱས་ནས་འདུག་པ་ལ་དེ་དག་དུས་སར་ཞེས་ཕན་ཚུན་ཆད་བྱས་ཏེ། དེར་འོང་བ་ཤེས་ནས་གནས་དེར་དགའ་བ་ཡི་
དགའ་སྟོན་འཁྲིག་པ་སྒྲུབ་ཏུ་གཞུག་པར་འདོད་པས་བུད་མེད་འགའ་ཞིག་གནས་དེ་ནས་སོང་བར་གྱུར་ཏོ། །དེ་ལྟར་ཁུ་བྱུག་བཟློག་པའི་ཟོལ་གྱིས་བུད་མེད་དེ་གཞན་དུ་སོང་བ་དེ་ཉིད་དེ་གཉིས་ཀྱི་ཆགས་སྤྱོད་རྩོམ་པ་ལ་ཕན་པའི་ཐབས་སུ་གྱུར་པའི་ཕྱིར་རོ། །ཉེར་གཅིག་པ་ཀུན་ཏུ་ཕན་པའི་རྒྱན་ལ། རྒྱན་དེའི་རང་བཞིན་བསྟན་པ་དང་། དེ་དཔེར་བརྗོད་པ་གཉིས་ལས། དང་པོ་བྱ་བ་འགའ་ཞིག་རྩོམ་པ་ལ། རྩོམ་པ་པོ་དེའི་ཁ་རྗེའམ་སྐལ་བའི་སྟོབས་ལས་ཀྱང་། བྱ་བ་གང་རྩོམ་པ་དེའི་སྒྲུབ་བྱེད་ཕུན་སུམ་ཚོགས་པ་གང་ཞིག་དེ་ཡི་སྐབས་སུ་གློ་བུར་བྱུང་བ་བརྗོད་པ་དེ་ནི་ཀུན་ཏུ་ཕན་པར་བརྗོད་དོ། །གཉིས་པ་དཔེར་བརྗོད་པ་ནི། གྲོགས་པོ་ལ་མི་འདུད་པའི་ཁེངས་པ་གཞོམ་ཕྱིར་བུད་མེད་དེའི་རྐང་པ་དག་ལ་ཕྱག་འཚལ་བ་དག་བརྩམ་པ་ན་བདག་ལ་ཕན་ཕྱིར་རང་གི་སྐལ་པ་ཡི་སྟོབས་ཀྱིས་འབྲུག་གི་སྒྲ་ནི་གྲགས་པར་གྱུར་ཏོ། །ཞེས་ཕྱག་འཚལ་མ་དགོས་པར་འབྲུག་གི་སྒྲ་གྲགས་པས་བུད་མེད་དེ་ཆགས་པ་དང་ལྡན་པས་ཚུར་བཏུད་པར་གྱུར་ཏོ་ཞེས་སྔ་མ་རྣམས་ཀྱིས་བཤད་དོ། །འདི་ལའང་དཔེ་བརྗོད་གཞན་འགོད་ན། སྙིང་རྗེས་མིག་སོགས་གཞན་ལ་བཏང་བ་ཡིས། །དེ་ལུས་ཉམས་པས་གཞན་དག་སྡུག་བསྔལ་བ། །མཐོང་ནས་དེ་ཚེ་རྒྱལ་སྲས་དཔའ་རྣམས་ཀྱིས། །བདེན་པའི་ཚིག་གིས་དེ་མ་ཐག་ཏུ་སོས། །ཞེས་པ་ལྟ་བུའོ། །
ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ལ་ངོ་བོ་ངོས་གཟུང་བ་དང་། དབྱེ་བ་དཔེས་བརྗོད་པ་གཉིས། དང་པོ་བསམ་པའམ་ནི་ཡང་ན་འབྱོར་བ་ཡི་ཡོན་ཏན་ཆེན་པོ་ཉིད་ནི་གཞན་ལས་འཕགས་པ་བླ་ན་མེད་པ་གང་ཞིག་བརྗོད་པ་དེ་ནི་རྒྱ་ཆེ་ཞེས་པ་ཡི། རྒྱན་དུ་མཁས་པ་རྣམས་ཀྱིས་བརྗོད། །ཅེས་སོ། །དེའི་དབྱེ་བ་ལ་གཉིས་ལས། བསམ་པ་རྒྱ་ཆེ་བའི་རྒྱན་ནི། སྲིན་པོའི་རྒྱལ་པོ་རཱ་བ་ཎ་སྟེ་སྒྲ་སྒྲོག་གི་བུ་ཞེས་པ་མགྲིན་པ་བཅུ་ཡོད་པ་དེ་ལ་ལྷ་དབང་ཕྱུག་ཆེན་པོས་ས་གསུམ་ལས་རྣམ་པར་རྒྱལ་བ་ཆེན་པོའི་དངོས་གྲུབ་བྱིན་པས། འཇིག་རྟེན་གསུམ་བྲན་དུ་བྱས་པ་དེ་ཡི་མགོ་གཅོད་པའི་བྱ་བའི་ཁུར་ཆེན་པོ་ཡང་བློས་བཟོད་པར་ནུས་པ་ཡི། རཱ་མ་ཎ་ཞེས་དགའ་བྱེད་དུ་གྲགས་པ་ར་གྷུའི་རིགས་ལས་བྱུང་བའི་བུ་དེས། རང་ཉིད་ཀྱི་བླ་མ་རུ་གྱུར་པ་རང་གི་ཡབ་ཤིང་རྟ་བཅུ་པ་ཡིས་ཁྱོད་རྒྱལ་སྲིད་བོར་ལ་ཆུང་མ་སཱི་ཏཱ་དང་བཅས་པ་ནགས་སུ་སོངས་ཤིག་ཅེས་པ་ཡི་བཀའ་གནང་བ་དེ་ལས་འདའ་ནུས་པར་མ་གྱུར་ཏེ་ནགས་སུ་སོང་ངོ་ཞེས་པ། སྤྱིར་སྲིན་པོ་མགྲིན་བཅུ་བསད་པ་ལ་མི་ཞུམ་པའི་བློ་ཅན་དེ་ལྟ་བུས་ཀྱང་ཡབ་ཀྱི་བཀའ་དང་དུ་བླངས་ཏེ་རྒྱལ་སྲིད་བོར་ནས་ནགས་སུ་འགྲོ་བ་ནི་བསམ་པ་རྒྱ་ཆེ་བའོ། །དེ་ལྟར་བརྗོད་པའི་ངག་སྦྱོར་དེ་ནི་བསམ་པ་རྒྱ་ཆེ་བ་བརྗོད་པའི་རྒྱན་ནོ། །འདིའི་ལོ་རྒྱུས་ཞག་མང་པོར་འཆད་སྲོལ་རྒྱ་གར་དུ་
བྱུང་བར་གྲགས་ཀྱང་མདོར་བསྡུས་ཙམ་བརྗོད་ན། སྲིན་པོ་རཱ་བ་ཎ་དེས་ལྷ་དབང་ཕྱུག་ཆེན་པོ་ཡུན་རིང་དུ་བསྒྲུབས་ཀྱང་མ་གྲུབ་པས་རང་ཉིད་ལ་མགོ་བཅུ་ཡོད་པ་རེ་རེ་ནས་བཅད་པ་སྦྱིན་སྲེག་ཏུ་ཕུལ་ཏེ། མགྲིན་པའི་ལྷག་མ་ཙམ་རེ་ལུས་པར་བྱས་པས་དེར་ཡང་ལངྐ་མགྲིན་བཅུར་གྲགས། དེའི་བྱ་དཀའ་བའི་སྙིང་སྟོབས་ཆེན་པོ་དེ་ལ་དབང་ཕྱུག་ཆེན་པོ་མགུ་ནས་ལྷ་མོ་ལ་ཨུ་མ་ཁྱོད་སོང་ལ་དངོས་གྲུབ་བྱིན་ཅིག་ཅེས་བསྒོ་བ་ལྟར། དེ་དེའི་གན་དུ་སོང་ནས་ཇི་འདོད་སྦྱིན་པར་ཁས་བླངས་བ་ལ། བདག་བུད་མེད་ལས་དངོས་གྲུབ་མི་འདོད་ཅེས་སྨྲས་པ་ལ་ཨུ་མ་ཁྲོས་ནས་མ་འོངས་པ་ན་ཁྱོད་ཀྱི་རྒྱལ་སྲིད་བུད་མེད་ཀྱིས་འཇོམས་པར་གྱུར་ཅིག་ཅེས་བརྗོད་ནས་ཕྱིར་སོང་ངོ་། །སླར་ཡང་ལྷ་ཆེན་པོས་རང་གི་བུ་བར་པ་སྤྲེའུའི་གདོང་ཅན་མངགས་པས་དངོས་གྲུབ་ཅི་འདོད་དྲིས་པ་ལ། ང་སྤྲེའུ་ལས་དངོས་གྲུབ་ལེན་པར་མི་འདོད་ཟེར། དེ་ཡང་ཁྲོས་ནས་མ་འོངས་པ་ན་ཁྱོད་ཀྱི་རྒྱལ་སྲིད་སྤྲེའུས་བརླག་པར་གྱུར་ཅིག་ཅེས་བརྗོད་ནས་སོང་ངོ་། །དེ་ནས་དབང་ཕྱུག་ཆེན་པོ་རང་ཉིད་བྱོན་ནས་དེའི་མགྲིན་པ་རྣམས་སླར་ཡང་མགོ་བོ་དང་ལྡན་པར་བྱིན་གྱིས་བརླབས་ནས་དབུས་ཀྱི་རྟ་མགོ་མ་བཅད་པར་འཆི་བ་མེད་པ་དང་། ས་གསུམ་ལས་རྣམ་པར་རྒྱལ་བ་ཆེན་པོའི་དངོས་གྲུབ་བྱིན་པས་འཇིག་རྟེན་གསུམ་བྲན་དུ་འཁོལ་བར་
གྱུར་ཏོ། །དེ་གཞོམ་པར་བྱེད་པ་ཁྱབ་འཇུག་གི་འཇུག་པ་བཅུ་ཡི་ནང་ཚན་རཱ་མ་གཉིས་ལས་ཕྱི་མར་འདོད་པ་དགའ་བྱེད་རཱ་མ་ཎ་ཞེས་བྱ་བ་དེ་ནི། ར་གྷུ་ཞེས་པ་རིགས་ཀྱི་མིང་ཡིན་པས་འདི་ལ་ར་གྷུའི་བུ་ཡང་ཟེར་རོ། །དགའ་བྱེད་རཱ་མ་ཎ་དེའི་ཡབ་ནི་རྒྱལ་པོ་ཤིང་རྟ་བཅུ་པ་ཞེས་བྱ་བ་དེ་ཡིན་ཞིང་། དེས་རཱ་མ་ཎ་ལ་སྨྲས་པ། ང་སྔོན་ལྷ་དང་ལྷ་མིན་གཡུལ་འགྱེད་པའི་སར་ཕྱིན་ཏེ་ལྷའི་ཕྱོགས་བཟུང་ནས་ལྷ་མིན་དང་འཐབས་པས་ལྷ་མ་ཡིན་གྱི་མཚོན་ཆ་མང་པོ་ངའི་ལུས་ལ་ཟུག་པའི་རྨ་ཡོད་པ་དེ། གྲོང་ཁྱེར་འཐབ་པ་མེད་པ་ཞེས་བྱ་བར་ངའི་ཆུང་མ་ཀེ་ཀེ་མས་གསོས་པའི་བྱ་དགའ་ལ་ཀེ་ཀེ་མའི་བུ་ཁྱོད་ཀྱི་ནུ་བོ་བྷ་ར་ཏ་ལ་རྒྱལ་སྲིད་བྱིན་ཟིན་པས། རཱ་མ་ཎ་ཁྱོད་རང་གི་ཆུང་མ་སཱི་ཏཱ་དང་བཅས་པ་ནགས་སུ་སོངས་ཤིག་ཅེས་བཀའ་སྩལ་པ་ན། བྱ་དཀའ་བ་དེ་ལྟ་བུ་དང་དུ་ལེན་པའི་བསམ་པ་རྒྱ་ཆེ་བ་དང་ལྡན་པ་དེ་ཆུང་མ་དང་བཅས་པ་ནགས་སུ་སོང་ངོ་། །འདིའི་ཆུང་མ་སཱི་ཏཱ་ཞེས་པ་དེ་ནི། སྲིན་ཡུལ་དུ་བུ་མོ་མཚར་སྡུག་ཅན་ཞིག་སྐྱེས་པ་དེ་ཉིད་ཡུལ་དེར་བཞག་ན། ལངྐའི་གྲོང་བརླག་པའི་མཚན་མ་ཤར་པས་བུ་མོ་དེ་ཟངས་སྒྲོམ་དུ་བཅུག་ནས་ཆུ་ལ་བསྐྱུར་བ། འཛམ་བུའི་གླིང་དུ་ཞིང་ལ་ཆུ་དྲངས་པའི་རྨོས་རོལ་གྱི་ནང་དུ་ཁྱེར་བྱུང་བ་ཞིང་པ་རྣམས་ཀྱིས་སྒྲོམ་དེ་ཁ་ཕྱེས་ནས་བལྟས་པས་བུ་མོ་ཁྱེད་
འཕགས་ཤིག་འདུག་པ་དེ་ཉིད་འཛམ་བུའི་གླིང་གི་རྒྱལ་པོ་ཤིང་རྟ་བཅུ་པའི་སྲས་རྒྱལ་པོ་རཱ་མ་ཎ་ལ་བཙུན་མོར་ཕུལ་བས་མཉེས་ཤིང་བྱ་དགའ་ཆེན་པོ་བྱིན། དེའི་མིང་ཞིང་པ་རྣམས་ཀྱིས་རོལ་ནང་རྙེད་པས་རོལ་རྙེད་མའམ་སཱི་ཏཱ་ཞེས་པར་གྲགས་སོ། །རཱ་མ་ཎ་སཱི་ཏཱ་དང་བཅས་པ་ནགས་སུ་རྩེ་དགའ་ལ་རོལ་ཞིང་གནས་པ་ལས། ལན་གཅིག་གི་ཚེ་སྲིན་རྒྱལ་སྒྲ་སྒྲོག་གི་བུ་དེས་འཛམ་གླིང་འདི་ན་བུ་མོ་སུ་མཛེས་བརྟགས་པ་ལས། སཱི་ཏཱ་ཁོ་ན་མཛེས་པར་མཐོང་ནས་དེ་འཕྲོག་པའི་ཕྱིར་སྲིན་མོ་སླུ་བྱེད་མ་ཞེས་པ་ཆེན་པོ་ལ་འོས་པའི་པགས་པ་ཅན་གྱི་རི་དྭགས་ཞིག་ཏུ་སྤྲུལ་པ་དེ་རཱ་མ་ཎས་བཟུང་བར་འདོད་ནས། སཱི་ཏཱ་ལ་ཁྱོད་ང་མ་སླེབས་བར་དུ་འོད་ཀྱི་ར་བས་བསྐོར་བ་འདི་ལས་འདས་ནས་མ་འགྲོ་ཞིག གལ་ཏེ་སོང་ན་ཚེའི་དུས་བྱེད་པར་གྱུར་ཅིག་ཅེས་དམོད་བོར་ནས་འོད་ཀྱི་ར་བས་བསྐོར་ནས་བཞག་གོ། རང་ཉིད་རི་དྭགས་དེའི་རྗེས་བསྙེག་བཞིན་རྒྱ་མཚོའི་མཐར་ཐུག་པར་འདོང་དུ་ཕྱིན་པའི་ཤུལ་དུ། སྲིན་རྒྱལ་རཱ་བ་ཎ་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་སཱི་ཏཱ་བླང་པར་བརྩམ་པ་ན། རྒྱལ་པོ་རཱ་མ་ཎ་བདེན་ཚིག་གྲུབ་པའི་བཀའ་ལས་འདའ་བར་མ་ནུས་ཚེ། སྲིན་པོའི་རྫུ་འཕྲུལ་གྱིས་སཱི་ཏཱ་འོད་ཀྱི་དྲྭ་བ་དང་བཅས་པའི་ས་གཞིའི་ཁྱོན་དེ་ཁྱེར་ནས་སྲིན་ཡུལ་དུ་སོང་བར་གྱུར་ཏོ། །རྒྱལ་བུ་རཱ་མ་ཎས་རི་དྭགས་དེ་ཇི་ཙམ་
བདས་ཀྱང་མ་ཟིན་པས་མིག་བསྒྱུར་བ་ཡིན་པར་གོ་ནས་སླར་རང་གནས་སུ་ལོག་པ་ན། སཱི་ཏཱ་ས་གཞི་དང་བཅས་པ་འབོད་སྒྲོག་གིས་ཁྱེར་བར་རིག་ནས་རྗེས་བཅད་དེ་ཕྱིན་པ་དང་། ཆུ་དྲོན་པོ་ཁ་དོག་ཁམ་སྐྱ་དྲི་ང་ཞིང་རླངས་པ་འཚུབས་པ་གཅིག་དང་འཕྲད། དེ་ག་ནས་འབབ་པ་ལྟར་ཕྱིན་པས་ལུང་པ་དེའི་ཕུ་ན་སྤྲེའུའི་རྒྱལ་པོ་བཱ་ལི་དང་མགྲིན་བཟང་ཞེས་བྱ་བ་གཉིས་དམག་གི་ཚོགས་དང་བཅས་ཏེ། རྒྱལ་སྲིད་ལ་མ་འཆམ་པར་གཡུལ་འགྱེད་པའི་ངལ་བ་ལས་བྱུང་བའི་རྡུལ་གྱིས་རྙོག་པའི་ཆུ་ཡིན་པར་འདུག དེར་ཕྱིན་པས་སྤྲེལ་རྒྱལ་མགྲིན་བཟང་གིས་ངེད་རྣམས་རྒྱལ་སྲིད་ཀྱི་དོན་དུ་འཐབ་པ་ཡིན། ད་ཉི་མ་གསུམ་ནས་ཁོ་རང་རྒྱལ་བར་འགྱུར་བས་ཁྱོད་ངེད་ཀྱི་གྲོགས་བྱ་བར་རིགས་ཟེར་བ་ལ། དགའ་བྱེད་དེ་ནི་མདའ་འཕང་ཚད་ཕོག་པ་དང་། ཕོག་ཚད་འཆི་བ་དང་། ཤི་ཚད་ལྷར་སྐྱེ་བའི་དངོས་གྲུབ་གྲུབ་པ་ཡིན་པས། དེས་མདའ་འཕངས་ཏེ་སྤྲེལ་རྒྱལ་བཱ་ལི་གསོད་པར་ཁས་བླངས་སོ། །འོན་ཀྱང་དེ་ཉི་མ་དང་པོར་སྤྲེའུའི་དམག་འཐབ་པའི་ལྟད་མོར་གཡེང་པས་ལུས། གཉིས་པར་དེ་གཉིས་དབྱེ་བ་མ་ཤེས་ནས་མདའ་མ་འཕང་། ཉི་མ་གསུམ་པ་ལ་དེ་གཉིས་མི་འཁྲུལ་བའི་རྟགས་སུ་མགྲིན་བཟང་གི་དཔྲལ་བ་ལ་མེ་ལོང་བཏགས་ཏེ་
འཐབ་པ་ན། དགའ་བྱེད་ཀྱིས་མདའ་འཕངས་པས་བཱ་ལི་བསད་ནས་མགྲིན་བཟང་གིས་རྒྱལ་སྲིད་ཐོབ་པར་བྱས་སོ། །དེ་ནས་མགྲིན་བཟང་དེས་དགའ་བྱེད་ཀྱི་ཇི་འདོད་སྒྲུབ་པར་ཁས་བླངས་པ་ལ། དེ་ལྟར་ན་ཁོ་བོའི་ཆུང་མ་སཱི་ཏཱ་སྲིན་པོས་ཁྱེར་བ་ལོངས་ཤིག་ཅེས་བྱས་པ་ལས། མགྲིན་བཟང་ན་རེ། བདག་ལ་བློན་པོ་ཁྱད་པར་ཅན་ཧ་ནུ་མནྠ་ཞེས་ཡོད་པ་དེ་དང་གྲོས་བྱ་བར་འོ་སྐོལ་ཐབས་ཅིག་གཤེགས་ཞེས་ཟེར་བ་ལྟར་དེར་ཕྱིན་པ་དང་། རི་ལུང་ཐམས་ཅད་སྤྲེའུས་གང་བའི་ཁྲོད་ན། ཚུལ་སྟོན་ཕྱོགས་ཙམ་མ་གཏོགས་དབང་ཕྱུག་ཆེན་པོའི་བུ་བར་པ་སྤྲེའུའི་གདོང་ཅན་ཡིན་པར་གྲགས་པ་སྤྲེའུ་མིག་གསུམ་པ་ཞིག་འདུག་པ་ལ། མགྲིན་བཟང་གིས་སྔར་གྱི་ལོ་རྒྱུས་བསྙད་དེ། རྒྱལ་པོ་འདིའི་དྲིན་ལན་བསབ་ཕྱིར་སཱི་ཏཱ་འགུགས་ཐབས་ཅི་ཡོད་ཅེས་བྱས་པ་ན། དེས་ཡུད་ཙམ་བསམ་ནས་དོན་དེ་བསྒྲུབ་པའི་ཕྱིར་དང་པོ་སྲིན་པོའི་གནས་ཡུལ་བརྟག་པའི་ཆེད་དུ་མཆོངས་པ་གཅིག་བྱས་པས་ཧ་ཅང་ཐལ་ནས་རླུང་ལྷའི་རྒྱལ་ཁམས་སུ་སླེབས། དེ་ནས་ཕྱིར་མཆོངས་གཅིག་བྱས་པས་ལངྐ་པཱུ་རིར་སོན་ཏེ་བལྟས་པས། སཱི་ཏཱ་ས་གཞི་དང་བཅས་པ་བཟའ་ཤིང་གི་ར་བ་ན་བཙོན་དུ་འདུག་པ་མཐོང་། དེའི་རྒྱུ་མཚན་གཞན་དག་ལ་དྲིས་པས་འདི་བདག་ཅག་གི་རྒྱལ་པོ་ལ་མ་དད་
པས་བཙོན་དུ་བྱས་ཟེར། དེ་ནས་དེ་སཱི་ཏཱའི་དྲུང་དུ་སོང་ནས་བདག་རྒྱལ་པོ་རཱ་མ་ཎས་བཏང་བ་ཡིན། ཁྱོད་ཀྱང་ང་དང་མཉམ་དུ་འགྲོ་བྱས་པས་དེ་ཡིད་མ་ཆེས་པ་ལ་ལག་རྟགས་སུ་རྒྱལ་པོའི་སོར་གདུབ་བསྟན། དེར་སཱི་ཏཱས་བདག་འབྲོས་ཅི་ལ་ཐུབ། རྒྱལ་པོ་རང་ལ་མཐུ་ཡོད་ན་སྟོན་ལ་བླང་པར་རིགས་སོ་ཞེས་ཕྲིན་བསྐུར་བ་ཁྱེར་ནས་མཆོངས་གཅིག་གིས་རཱ་མ་ཎའི་མདུན་སར་ཕྱིན། རྒྱུ་མཚན་རྣམས་རྒྱལ་པོ་ལ་གསོལ་བས་རྒྱལ་པོས་དེ་མ་ཐག་ཏུ་སྤྲེའུའི་དམག་ཆེན་པོ་བསྡུས་ནས་རྒྱ་མཚོ་ཆེན་པོའི་འགྲམ་དུ་སོང་སྟེ། དྲང་སྲོང་ཆེན་པོ་གྲོག་མཁར་བ་ལ་རྒྱ་མཚོ་ན་སྲོག་ཆགས་ཀྱི་རིགས་ཅི་འདྲ་ཡོད་ཅེས་དྲིས་པས། དཔག་ཚད་བརྒྱ་ཡི་ཁྱོན་ཡོད་པའི་ཏེ་མི་ཞེས་པ་ཆུ་སྲིན་ཉ་མིད་དང་། དེ་ཉིད་ཀྱང་མིད་པར་བྱེད་ནུས་པ་དང་། དེ་ཡང་མིད་ནུས་པ་སོགས་གདུག་པའི་སེམས་ཅན་དུ་མ་ཡོད་པར་ཐོས། དེ་ནས་རྒྱ་མཚོ་ལ་སྤྲེལ་དམག་སྦྲེལ་ནས་ཟམ་བྱས་པར་བརྟེན་ནས་དགའ་བྱེད་སྲིན་ཡུལ་དུ་བརྟོལ། དེང་སང་ཡང་ཟམ་པའི་ཤུལ་ཡོད་ལ། དེར་རྒྱ་གར་ཕྱི་པ་རྣམས་ཀྱིས་གནས་ཆེན་ཞིག་ཏུ་བརྩི་ཞིང་མཇལ་བར་འགྲོ་བའི་སྲོལ་ཡོད། སྲིན་པོའི་ཁྲག་གིས་སྦག་པ་ཡིན་ཟེར་བའི་ས་རྡོ་རི་ཀླུང་ཐམས་ཅད་དམར་པོར་ཡོད་པ་འདིའི་མིང་སེ་ཏུ་བནྡྷ་ར་མེ་ཤྭ་ར་ཞེས་གྲགས་ཏེ་རྒྱ་གར་ལྷོ་ཕྱོགས་ཀྱི་
རྒྱ་མཚོའི་འགྲམ་ན་ཡོད་དོ། །དེ་ནས་རཱ་མ་ཎས་སྲིན་རྒྱལ་གསོད་པར་བརྩམ་པ་ན། དེའི་ཕོ་བྲང་པདྨ་རཱ་ག་དང་མ་རྒད་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པའི་ཁམས་ལས་གྲུབ་པའི་གཞལ་མེད་ཁང་ཤིན་ཏུ་དྭངས་པའི་རྩིག་ངོས་སུ་སྲིན་རྒྱལ་མགོ་བཅུ་དེའི་གཟུགས་བརྙན་བརྒྱ་ཕྲག་ཏུ་ཤར་བ་སྲིན་རྒྱལ་དངོས་དང་ཤིན་ཏུ་འདྲ་ཆེས་པས་སོ་སོར་མ་ཕྱེད་པའི་ཚེ་ན། སྤྲེའུ་མོ་ཨནྠ་ནའི་བུ་ཧ་ནུ་མནྠས་བློས་ཞིབ་མོར་བརྟགས་པས་སྲིན་རྒྱལ་དངོས་ཀྱི་གཟུགས་གང་ཡིན་པ་ཤེས་པ་དེ་ལ་དགའ་བྱེད་ཀྱི་མདེའུ་སྟེ་ཁ་ཅན་གྱི་མདའ་འཕང་བས་དབུས་ཀྱི་རྟ་མགོ་བཅད་དེ་སྲིན་པོ་བསད། དེར་མ་ཟད་གཞན་ཡང་སྲིན་པོ་བྱེ་བ་དཔག་མེད་བསད་པའི་སྡིག་སྦྱོང་དུ་རྩོད་དུས་འདིར་ཁྱབ་འཇུག་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་དགེ་བཅུ་སོགས་ཀྱི་ཆོས་བསྟན་པ་ཡིན་ཞེས་ཕྱི་རོལ་པའི་བྲམ་ཟེ་དག་འཆད། སྲིན་པོ་རཱ་མ་ཎའི་བུ་བི་བྷི་ཥཿཞེས་པ་དེའི་ཚུལ་དུ་ད་ལྟ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྲིན་པོའི་རྒྱལ་པོར་མཛད་དེ་སྲིན་པོའི་ཁ་གནོན་དུ་བཞུགས་པར་གྲགས། དེ་ནས་ཧ་ནུ་མནྠས་བཟའ་ཤིང་གི་ར་བར་ཕྱིན་ནས་འབྲས་བུ་ཅན་གྱི་ལྗོན་ཤིང་མང་པོ་རྩེ་ས་ལ་བཙུགས་ཏེ་བཞག་པས་སྲིན་པོ་ལྷག་མ་རྣམས་ཀྱིས་མཐའ་བསྐོར་ཏེ་ཧ་ནུ་མནྠ་གསོད་པར་བརྩམ་པ་ན། དེས་དེ་རྣམས་ལས་ཐར་བར་སླར་
ཡང་གཡོ་སྒྱུའི་རིག་པ་སྟོན་ཕྱིར་ཁོང་རྣམས་ལ་ཟིན་དུ་བཅུག་སྟེ། ཁྱེད་ཀྱི་ཕྱོགས་འདི་ན་ཁྲིམས་ཡོད་དམ་མེད། མེད་ན་རང་གི་ཁྲིམས་ལུགས་བཞིན་སོད་ཟེར། ཁྱོད་རང་གི་ཁྲིམས་ལུགས་གང་ཡིན་དྲིས་པས། བདག་གི་མ་ཡི་ཁྲིམས་ལུགས་སུ་གསོད་ན་བང་མཛོད་དུ་བཅུག་སྟེ་ཟས་བཟར་རུང་ཚད་བྱིན་དང་དེས་མགྲིན་པ་འགགས་ནས་བདག་འཆིའོ། །ཕའི་ལུགས་སུ་གསོད་ན་མཇུག་མ་ལ་ཏིལ་མར་གྱིས་སྦགས་པའི་རས་དཀྲིས་ལ་མེ་སྦོར་ཅིག་ཟེར་བས། ཕའི་ལུགས་སུ་གསོད་པར་གྲོས་མཐུན་པར་གྱུར། དེར་སྤྲེའུ་འཆི་བ་ཁྱེད་རྣམས་ཀྱིས་མཐོང་ན་ལྟས་ངན་ཡིན་པས། རང་རང་གི་ཁྱིམ་དུ་ཡིབས་ཟེར་བ་ལྟར་བྱས་པས་ལངྐ་པཱུ་རི་གྲོང་ཁྱེར་སུམ་བརྩེགས་ལ་ཕྱིའི་ལྕགས་རི་དང་བཅས་པ་མཇུག་མའི་མེས་སྐད་ཅིག་ལ་བསྲེགས་པར་བྱས་སོ། །དགའ་བྱེད་ཀྱིས་སཱི་ཏཱ་ཐོབ་ནས་རང་ཡུལ་དུ་འོང་ཚེ་སྲིན་ཡུལ་ངོས་ཀྱི་རྒྱ་མཚོ་ཆེན་པོ་གཞུ་མཆོག་གིས་དཀྲུགས་ཤིང་བསྐོར་ནས་བཞག་པས་ལྷའི་མཐུས་མཚོ་ཀློང་དུ་འཁྱིལ་བས་ཕྱིས་མི་ཡུལ་དུ་དེ་ནས་ཚུར་གྲུ་བཏང་ཡང་མི་འགྲོ་བར་སླར་ལྡོག་པས་མི་ཡུལ་དུ་སྲིན་པོའི་གནོད་པ་མི་འབྱུང་བ་དེའི་མཐུས་ཡིན་ཞེས་གྲགས། དེ་ནས་བྲོས་པས་ཐར་བ་དང་སྲིན་པོ་འགས་རཱ་བ་ཎ་དེའི་ནུ་བོ་ཀུམྦྷ་ཀརྞ་ཞེས་པའི་དྲང་སྲོང་བསམ་གཏན་པ་དེའི་རྣ་བར་ཁྲོ་ཆུ་བླུགས་པས་ཏིང་ངེ་འཛིན་ལས་སད་པར་བྱས་ཏེ་རཱ་བ་ཎ་བསད་པ་སོགས་ལོ་
རྒྱུས་རྣམས་སྨྲས་པས། དེའི་སྣ་སྒོའི་རླུང་རྔུབས་ པ་ཙམ་གྱིས་དགའ་བྱེད་དང་ཧ ་ནུ་མནྠ་གཉིས་མ་གཏོགས་སཱི་ཏཱ་དང་སྤྲེལ་དམག་ཐམས་ཅད་ཀེང་རུས་སུ་སོང་། དེ་ཙམ་གྱིས་ཚིམས་ནས་སླར་ཏིང་ངེ་འཛིན་ལ་ཞུགས་སོ། །དེར་དགའ་བྱེད་ཀྱིས་རི་བོ་གངས་ཅན་དུ་དེ་རྣམས་གསོ་བའི་སྨན་ལེན་པར་ཧ་ནུ་མནྠ་བཏང་བས་སྨན་ནོར་བ་ལས། སླར་ཡང་ལེན་དུ་བཏང་བས་རི་བོ་གངས་ཅན་ཉིད་ཁྱེར་ཏེ་བྱུང་ནས་སྨན་གང་ཡིན་ཁྱོད་ཀྱིས་ཚོལ་ཅིག་ཟེར་དགའ་བྱེད་ཀྱིས་རི་གངས་ཅན་དེ་ལས་སྨན་བཙལ་ནས་སྨན་དེས་ཀེང་རུས་སུ་སོང་བ་ཐམས་ཅད་སྔར་བཞིན་གསོས་ཟིན་པས་ཧ་ནུ་མནྠ་ལ་རི་བོ་གངས་ཅན་འདི་སྔར་གྱི་རང་གནས་སུ་སྐྱོལ་ཅིག་བྱས་པ་དང་། དེས་ཚེགས་ཆེ་ཟེར་ནས་འཕངས་པར་བྱས་པས་སྔར་ཤུལ་དུ་སོང་ཡང་རི་ཅུང་ཟད་ཡོ་ཞེས་གྲགས། རི་དེ་ལས་གངས་ཀྱི་ཚལ་དུ་མ་ཞིག་ཆད་པ་རི་ཏི་སེ་ཡིན་ཞེས་དྲང་སྲོང་གྲོག་མཁར་པས་སྨྲའོ། །དེ་ནས་རྒྱལ་པོ་དགའ་འབྱེད་སཱི་ཏཱ་དང་བཅས་པ་མེ་ཏོག་ཅན་ཞེས་བྱ་བ་རྒྱུའི་གཞལ་ཡས་ཁང་དུ་ཞུགས་ཏེ་གནས་པ་ལ་ནུ་བོ་བྷ་ར་ཏ་སོགས་ཀྱིས་མཆོད་ཅིང་གསོལ་བ་བཏབ་པ་ལ་བརྟེན་ནས་གྲོང་ཁྱེར་འཐབ་པ་མེད་པར་གཤེགས་ཏེ་སྲིད་པའི་བདེ་བ་ལ་རོལ་པར་གྱུར་ཏོ་ཞེས་གཏམ་རྒྱུད་དུ་གྲགས་སོ། །དེ་ལྟར་རྒྱལ་པོ་རཱ་མ་ཎའི་བསམ་པ་རྒྱ་ཆེ་བ་བརྗོད་པ་འདིས་
མཚོན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་དེ་བས་ཀྱང་རྒྱ་ཆེ་བའི་གོ་ཆ་བགོས་བ་རྣམས་ཀྱང་སྙན་ངག་ཏུ་སྦྱར་བ་སྐྱེས་རབས་སོགས་ཀྱིས་མཚོན་ནས་དེ་ལྟ་བུའི་རྒྱ་ཆེ་བ་བརྗོད་ན་ཡ་མཚན་པའི་འོས་སུ་འགྱུར་རོ། །འཕགས་པ་རྒྱ་ཆེར་རོལ་པ་ལས། ཤཱཀྱའི་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཉིད་ཀྱི་གྲགས་འཛིན་མའི་དོན་དུ་སྒྱུ་རྩལ་བསྟན་པའི་ཚེ་ལྷ་རྣམས་ཀྱིས་ཆེད་དུ་བརྗོད་པ། ལྷུན་པོ་རི་རབ་རྡོ་རྗེའི་ཁོར་ཡུག་ཅན། །ཕྱོགས་བཅུ་དག་ན་རི་གཞན་གང་ཡོད་པ། །ལག་པས་མཉེས་ཤིང་རྨེག་མེད་བྱེར་རློག་ན། །མི་ལུས་སྙིང་པོ་མེད་པ་མཚར་ཅི་ཆེ། །ཞེས་གསུངས་པའང་ཤུགས་རྒྱ་ཆེ་བའི་ཡོན་ཏན་བརྗོད་པའི་རྒྱན་དུ་འགྱུར་བ་དེ་བཞིན་ནང་གི་ཡོན་ཏན་སོ་སོ་རྒྱ་ཆེ་བའི་རྣམ་པས་བརྗོད་ན་དེ་དང་དེའི་རྒྱ་ཆེའི་རྒྱན་དུ་འགྱུར་རོ། །གཉིས་པ་ཕྱི་རོལ་གྱི་འབྱོར་པ་རྒྱ་ཆེ་བའི་རྒྱན་ནི། ཆུ་ཤེལ་དང་ཨིནྡྲ་ནཱི་ལ་པདྨ་རཱ་ག་མརྒད་སོགས་རིན་ཆེན་སྣ་ཚོགས་པའི་རྩིག་པ་ལ་འཕོས་པའི་རང་འདྲའི་གཟུགས་བརྙན་བརྒྱ་ཡིས་བསྐོར་བར་གྱུར་པ་ཡི་ལངྐའི་དབང་ཕྱུག་ནི་ལངྐ་སྲིན་པོའི་མིང་ཡིན་ལ། དེའི་དབང་ཕྱུག་གམ་བདག་པོར་གྱུར་པ་རཱ་བ་ཎ་མགྲིན་བཅུ་གང་ཡིན་པ་དེ་ནི་འདི་ཁོ་ནའོ་ཞེས་སྤྲེའུ་མོ་ཨཉྫ་ན་ཡི་བུས་དཀའ་བས་ཤེས་པར་བྱས་སོ་ཞེས། ཤིན་ཏུ་བློ་གསལ་ཞིང་སྒྲིམ་པ་
སྤྲེའུ་ཧ་ནུ་མནྠས་ཀྱང་བདེ་བླག་ཏུ་འབྱེད་མ་ནུས་པར་ཞིབ་ཏུ་བརྟགས་པའི་དཀའ་བས་ཤེས་དགོས་པ་དེ་ལྟ་བུའི་ཁང་བཟང་གི་འབྱོར་པ་རྒྱ་ཆེན་པོ་བརྗོད་པའོ། །དེ་ལྟར་ཚིགས་བཅད་སྔ་མར་རཱ་མ་ཎའི་བསམ་པའི་བདག་ཉིད་རྒྱ་ཆེ་བ་དང་། ཕྱི་མ་འདིར་ནི་སྲིན་པོ་རཱ་བ་ཎའི་ཁང་བཟང་གི་རྣམ་པ་བརྗོད་པས་མངོན་པར་འབྱོར་བས་བརླིང་བ་བརྗོད་པ་ཡིན་ལ། དེ་ལྟར་རྒྱ་ཆེ་བ་གཉིས་པོ་འདི་དག་ཀྱང་དཔེ་བརྗོད་འདི་དག་གིས་རབ་ཏུ་གསལ་བར་མཚོན་པ་ཡིན་ནོ། །ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་ལ། ངོ་བོ་དང་། དབྱེ་བ་དང་། མཇུག་སྡུད་གསུམ་ལས། དང་པོ་བསྙོན་དོར་གྱི་རྒྱན་དག་ནི་བརྗོད་བྱའི་དངོས་པོ་དེའི་དོན་ལ་མ་ཡིན་ཞེས་བསྙོན་པར་བྱས་ནས་བརྗོད་ན་ཡང་དེ་ལྟར་བསྙོན་པའི་ངག་དེ་ལ་རྒྱུ་མཚན་ནམ་དོན་གཞན་ཅུང་ཟད་སྟོན་རྒྱུ་ཡོད་པར་བརྗོད་པ་སྟེ། ཞེས་སོ། །གཉིས་པ་དཔེ་བརྗོད་ཀྱི་དབྱེ་བ་གསུམ་གསུངས་པའི་དང་པོ་ཆོས་ལ་བསྙོན་དོར་ནི། འདོད་པ་ཡི་ལྷ་དག་ནི་མདའ་ལྔ་པ་ཅན་ཞེས་གྲགས་ཀྱང་དེ་མ་ཡིན་ཏེ། འདི་ལ་སྒྲོ་ལྡན་ཏེ་མདའ་སྟོང་ཕྲག་ཡོད་དོ། །ཞེས་མདའ་དེ་ཙམ་མེད་ན་འཇིག་རྟེན་གསུམ་གྱི་སེམས་ཅན་གྲངས་མེད་ལ་བསྣུན་ནས་རྒྱལ་མི་ནུས་པའི་དོན་གཞན་ཅུང་ཟད་སྟོན་པའོ། །འདི་མདའ་དངོས་ལ་བསྙོན་པ་མིན་ཡང་དེའི་ཆོས་གྲངས་ལ་བསྙོན་པའོ། །ཡུལ་ལ་
བསྙོན་དོར་གྱི་རྒྱན་ནི། ཙནྡན་དང་ཟླ་འོད་དང་དལ་བུ་དག་ཏུ་རྒྱུ་བ་ཡི་ལྷོ་ཕྱོགས་མ་ལ་ཡ་ཡི་དྲི་ཡི་བཞོན་པ་སྟེ་རླུང་དང་བཅས་པ་འདི་རྣམས་བདག་སྲེག་པར་བྱེད་པ་མེ་ཡི་རང་བཞིན་སྤྲོ་བ་ཞིག་སྟེ། འདི་རྣམས་གཞན་གྱི་ངོར་ནི་བསིལ་བ་ཡིན་ཞེས་གྲགས་སོ། །ཞེས་འདོད་ལྡན་གྱིས་ནི་བྲལ་བས་ཉེན་པ་མེད་པ་གཞན་ལ་དེ་རྣམས་བསིལ་བར་ཁས་བླངས་ནས་བདག་ཉིད་ལ་ཚ་བ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་འདི་ནི་དབང་པོའི་ཡུལ་ལ་བསྙོན་དོར་རོ། །རང་བཞིན་བསྙོན་དོར་ནི། བདུད་རྩི་ཟགས་པའི་འོད་ཟེར་ཅན་གྱི་ཟླ་བ་ཞེས་པར་བདག་ཅག་འདོད་མོད། དོན་གྱི་བདག་ཉིད་དུའམ་དོན་གྱི་དབང་དུ་ན་འདི་ནི་དུག་ཟག་པའི་ཟེར་དང་ལྡན་པ་ཡི་དངོས་པོ་ཉིད་དུ་ཟད་དོ། །ཞེས་པ་ཆོས་ཅན་ཟླ་བའི་རང་གི་ངོ་བོའམ། ཟླ་བར་གྱུར་བའི་དངོས་པོ་ཉིད་བཟློག་ནས་ཟླ་བ་མ་ཡིན་པའི་དོན་གཞན་དུག་ཟགས་པའི་རང་བཞིན་ནམ་བདག་ཉིད་དུ་ནི་བསྙོན་དོར་བ་འདི་རང་ཉིད་ཟླ་བ་དེས་འདོད་པས་གཟིར་བ་བརྗོད་པའི་ཕྱིར་འདི་ནི་དངོས་པོའི་རང་བཞིན་ལ་བསྙོན་དོར་དུ་འདོད་དོ། །གསུམ་པ་དཔེ་ཡི་བསྙོན་དོར་ནི། སྔར་ཉིད་དུ་དཔེ་ཡི་རྒྱན་རྣམས་ལ་ནི་རབ་ཏུ་བསྟན་ཏོ། །ཞེས་པ་དགག་པའི་དཔེ་ལ་ངོས་འཛིན་པ་དང་། ཁ་ཅིག་གིས་བསྙོན་དོར་གྱི་གཟུགས་ཅན་དང་། ཁ་ཅིག་གིས་རྨོངས་པའི་དཔེ་ལ་འདོད་པ་ལས་
དཔེ་ཡི་བསྙོན་དོར་ཞེས་པ་དངོས་སུ་མེད་མོད། བསྙོན་དོར་གྱི་གཟུགས་ཅན་དེ་དོན་གྱིས་དཔེ་རྒྱན་དང་འདྲ་བས་དེ་ལ་དགོངས་འདྲ་སྟེ། གཞུང་དུ་དཔེ་ཞེས་དངོས་སུ་གསུངས་ཀྱང་དཔེ་རང་ལ་འཛིན་ན་བསྙོན་དོར་གྱི་གཟུགས་ཅན་ཡང་སྔར་བསྟན་པར་གསུངས་རིགས་ཀྱང་མ་གསུངས་པ་དང་། ཐ་དད་སྣང་མིན་གྱུར་པ་ཡི། །དཔེ་ཉིད་དག་ནི་གཟུགས་ཅན་འདོད། །ཅེས་གསུངས་པའི་ཕྱིར་རོ་སྙམ་མོ། །ཇི་སྐད་བཤད་པའི་དཔེ་བརྗོད་འདི་ཡིས་བསྙོན་དོར་གྱི་དབྱེ་བ་མི་འདྲ་བ་གཞན་རྣམས་ཀྱིས་མཚོན་པར་བྱ་བ་དག་ལ་ཡང་འདི་ལས་རྗེས་སུ་དཔགས་ནས་རྒྱ་ཆེར་མཚོན་ནུས་སོ། །ཉེར་བཞི་པ་སྦྱར་བའི་རྒྱན་ལ་ངོ་བོ་དང་དབྱེ་བ་གཉིས། དང་པོ་སྦྱར་བ་ཞེས་པ་རྗོད་བྱེད་སྒྲ་ཡིས་གཟུགས་གཅིག་དང་ལྡན་པའི་ཚིག་གཅིག་ལ་དོན་མི་འདྲ་བ་གཉིས་སོགས་དུ་མའི་དོན་ཅན་ཉིད་དུ་གནས་པ་ལ་འདོད་དོ། །གཉིས་པ་ལ་སྤྱིར་བསྟན་པའི་དཔེ་བརྗོད་དང་། བྱེ་བྲག་གི་དབྱེ་བ་འགའ་ཞིག་བསྟན་པ་གཉིས། དང་པོ་སྦྱར་བ་དེ་ལ་ཚིག་གི་ངོ་བོ་ཐ་དད་མིན་ཡང་དོན་སོ་སོར་གོ་ནུས་པ་དང་། གཅོད་མཚམས་ཀྱི་དབང་གིས་ཚིག་ཐ་དད་པ་ལྟ་བུར་གྱུར་རུང་། རྗོད་བྱེད་ཚིགས་བཅད་གཅིག་གི་ངོ་བོར་འདྲ་བ་དང་རྣམ་པ་གཉིས་སུ་སྤྱིར་གནས་པ་ཡིན་ལ། དེ་དག་གི་དཔེ་བརྗོད་དང་པོ་ཚིག་ཐ་དད་མིན་
པའི་སྦྱར་བ་ནི། རྒྱལ་པོ་དང་ཟླ་བ་ཚིག་གཅིག་གིས་སྦྱར་བ་འདི་ལྟ་སྟེ། ཨུ་ད་ཡ་གནས་ཞེས་པ་ཨུ་ད་ཡའི་སྒྲ་དོན་གྱི་དབང་གིས་རྒྱལ་སྲིད་དར་བཞིན་པའམ། ཤར་གྱི་རི་ལས་འཆར་བཞིན་པ་ལ་འཇུག་པས། སྔ་མ་རྒྱལ་པོ་དང་ཕྱི་མ་ཟླ་བ་ལ་གོ་ནས་ཨུ་ད་ཡ་ལ་གནས་པ་ཞེས་བྱའོ། །མཛེས་པ་ཅན་ནི། གཟུགས་ཀྱིས་མཛེས་པ་དང་འོད་ཀྱིས་མཛེས་པ་ཅན་ཡིན་པ་རིམ་བཞིན་ནོ། །དེ་བཞིན་དུ་སྔ་ཕྱིའི་སྦྱོར་ཚུལ་ཤེས་པར་བྱས་ལ། མཎྜལའི་སྒྲ་འཁོར་གྱི་དཀྱིལ་འཁོར་དང་། ཆ་རྣམས་རྫོགས་པའི་དཀྱིལ་འཁོར་ལ་འཇུག་ཅིང་རཀྟའི་སྒྲ་ཆགས་པ་དང་དམར་བ་གཉིས་ལ་འཇུག་པས་སྔ་མ་རྒྱལ་པོ་ལ་འཁོར་གྱི་དཀྱིལ་འཁོར་ལ་བྱམས་པས་ཆགས་པ་དང་། ཕྱི་མ་ཟླ་བའི་དབང་དུ་བྱས་ན་ཆ་རྣམས་རྫོགས་པའི་དཀྱིལ་འཁོར་ལ་ཐུན་མཚམས་ཀྱི་དམར་འོད་ཡོད་པའོ། །རཱ་ཛའི་སྒྲ་རྒྱལ་པོ་དང་ཟླ་བ་གཉིས་ཀ་ལ་འཇུག་པའི་ཁྱད་གཞི་གཉིས་མིང་གཅིག་གིས་སྦྱར་བའོ། །མྲྀ་དུ་ཞེས་པ་འཇམ་པ་དང་ཀ་རའི་སྒྲ་དོན་མང་པོ་ལ་འཇུག་ཀྱང་སྐབས་འདིར་དཔྱ་ཁྲལ་དང་འོད་ཟེར་ལ་འཇུག་པས། རྒྱལ་པོ་དཔྱ་ཁྲལ་འཇམ་པ་དང་། ཟླ་བ་འཇམ་པའི་འོད་ཀྱིས་ཞེས་པའི་དོན་དེས། མྲྀ་དུ་ཀ་རས་འཇིག་རྟེན་གྱི་ཡིད་ནི་རབ་ཏུ་འཕྲོག་པར་བྱེད། ཅེས་སོ། །དེ་ལྟར་ཚིག་ཐ་དད་མིན་པ་
གཅིག་གིས་ཁྱད་གཞི་རྒྱལ་པོ་དང་ཟླ་བ། ཁྱད་ཆོས་ཨུ་ད་ཡ་སོགས་ཀྱིས་གཅིག་ཏུ་སྦྱར་བའོ། །གཉིས་པ་ཐ་དད་ཚིག་འདྲའི་སྦྱར་བའི་དཔེ་བརྗོད་ནི། དོ་ཥཱཀ་རེ་ཎ་སམྦ་དྷྣ་ན། ན་ཀྵ་ཏྲ་པ་ཐ་བརྟྟི་ནཱ། རཛྙཱ་པྲ་དོ་ཥོ་མཱ་མིཏྠ། མ་པྲི་ཡཾ་ཀིནྣ་སཱ་དྷ་ཏེ། ཞེས་པའི་ཚིགས་བཅད་གཅིག་པོ་འདིས་དོན་མི་འདྲ་བ་ཐ་དད་གཉིས་བསྟན་ཏེ། དོན་དང་པོ་ལྟར་ན། ན་ཀྵ་ཏྲ། རྒྱུ་སྐར། པ་ཐ། ལམ། བརྟྟི་ནཱ། རབ་འཇུག་གམ་གནས་པ། དོ་ཥ། མཚན་མོ། ཀ་རེ་ཎ། བྱེད་པ། སམྦདྷྣ་ན། འབྲེལ་བ། པྲ་དོ་ཥ། མཚན་མོའི་དང་པོ་སྟེ་སྲོད། རཱ་ཛྙཱ། ཟླ་བ་སྟེ་ཁྱད་གཞིའོ། །མཱ་མྲ། བདག ཨིརྠ། འདི་ལྟར། མ་པྲི་ཡཾ། དགའ་བ་མེད་པ། ཀིན། ཅིས། ན་བ་དྷ་ཏེ། མ་མནར་ཞེས་པའི་དོན་ཏེ། དེས་ན། རྒྱུ་སྐར་ལམ་ལ་རབ་གནས་པ། །མཚན་མོར་བྱེད་པ་དང་འབྲེལ་ནས། །སྲོད་ལ་ཟླ་བས་བདག་འདི་ལྟར། །དགའ་བ་མེད་པར་ཅིས་མ་མནར། །ཞེས་རྒྱུ་སྐར་གྱི་ལམ་གོ་ལའི་ཁྱོན་ལ་རབ་ཏུ་གནས་པ་འདི། མཚན་མོར་བྱེད་པ་ཡི་བྱེད་ལས་དང་འབྲེལ་ནས་སྲོད་ལ་བབ་པ་ན། ཟླ་བས་བྲལ་བས་ཉེན་པའི་འདོད་ལྡན་བདག་གི་ཡིད་འདི་ལྟར་དགའ་བ་མེད་པར་བྱས་ནས་ཅིས་མ་མནར་ཏེ་རབ་ཏུ་མནར་རོ། །ཞེས་སོ། །སྲོད་ལ་ཡིས་ནི་བདག་འདི་ལྟར། །ཞེས་ཟླ་བ་མ་སྨོས་པའང་འདུག་སྟེ། མཚན་མོར་བྱེད་པ་ཟླ་བའི་མིང་ཡིན་པས། དེ་དང་འབྲེལ་ནས་སྲོད་ལ་ཡིས་ནི་ཞེས་བསྒྱུར་བར་སྣང་སྟེ། རཱཛྙཱའི་སྒྲ་ཅི་ཡིན་
མ་བཤད་པ་དང་། སྲོད་ལ་བབ་པ་ན་ཡིས་ནི་ཞེས་པ་གང་ཡིན་སོགས་དཔྱད་དཀའ་བ་འདྲ་སྟེ་སྒྲ་བསྒྱུར་མཁས་པ་ཆེན་པོས་བསྒྱུར་བའི་དོན་ཡིན་པས་དགོངས་པ་བཙལ་བར་བྱོས་ཤིག དོན་གཉིས་པ་ལྟར་ན། ཀྵེ་ཏྲ། རྒྱལ་རིགས། པ་ཐ། ལམ། བརྟྟི་ནཱ། འཇུག་པའམ་གནས་པ། འདི་དག་གི་སྔོན་དུ་དགག་པའི་ན་ཉ་བཞག་པས་ན་ཀྵེ་ཏྲ་ཞེས་སོ། །རཱ་ཛྙཱ། རྒྱལ་པོ་སྟེ་ཁྱད་གཞི། དོ་ཥ། སྐྱོན། ཨཱ་ཀར། འབྱུང་གནས། ཨེ་ན། བྱེད་པའི་ཚིག སམྦདྷྣ་ན། བསྡོངས། པྲ་དོ་ཥ། སྐྱོན་མང་དག་གི། མཱ་མིཏྠ་མན་ཆད་གོང་བཞིན་ལ། དེས་ན། རྒྱལ་རིགས་ལམ་ལ་མི་གནས་པ། །རྒྱལ་པོ་སྐྱོན་གྱི་འབྱུང་གནས་དང་། །བསྡོངས་ནས་སྐྱོན་མང་དག་གིས་བདག །དགའ་མེད་འདི་ལྟར་ཅིས་མ་མནར། །རྒྱལ་རིགས་རྣམས་ཀྱི་ལུགས་སམ་ལམ་ལ་མི་གནས་པའི་རྒྱལ་པོ་འདི། གདུག་རྩུབ་སོགས་སྐྱོན་གྱི་འབྱུང་གནས་སུ་བྱེད་པའི་སྐྱེ་བོ་ངན་པ་དང་བསྡོངས་ནས། འབངས་རྣམས་ཚར་གཅོད་པ་སོགས་སྐྱོན་མང་པོ་དག་གིས་བདག་ཅག་དགའ་བ་མེད་པར་བྱས་ནས་འདི་ལྟར་ཅིས་མ་མནར། ཞེས་སོ། །ཡང་འགྱུར་ཁྱད། དོ་ཥ། མཚན་མོ། ཨཱ་ཀ་ར་གནས་ཡིན་པས། མཚན་མོའི་གནས་དང་འབྲེལ་བ་ཡིས། །སྲོད་ལ་ཟླ་བས་བདག་འདི་ལྟར། །ཞེས་སྦྱར་བའང་སྣང་
ངོ་། །ལེགས་སྦྱར་གྱི་སྐད་དོན་མང་པོ་ལ་འཇུག་ཅིང་། གཅོད་མཚམས་སོགས་ཀྱི་དབང་གིས་དོན་དུ་མ་སྟོན་པས་སྒོ་ཡངས་ཤིང་བོད་སྐད་ནི་དེ་ལས་སྒོ་དོག་པས་འདི་འདྲའི་སྦྱར་བ་སོགས་དང་། ལེའུ་ཐ་མའི་བྱ་དཀའ་བའི་རིགས་རྣམས་ཇི་བཞིན་འབྱུང་དཀའ་མོད། ཐ་དད་ཚིག་འདྲའི་སྦྱར་བའི་དོན་མཚོན་པའི་དཔེ་བརྗོད་བགྱིས་པ་འདི་ལྟ་སྟེ། ཆུ་དང་ལྡན་པ་པདྨ་གཞོན་ནུ་འདི། །ཆུ་འཛིན་དབང་པོའི་རྗེས་སུ་མཐུན་བྱེད་ཅིང་། །ཆུ་ཤེལ་གནས་བཟང་རྣམ་པར་བཀྲ་བ་ན། །ཆུ་བཅུད་ཆང་གིས་མྱོས་བཞིན་བདེ་བར་ཟིམ། །ཞེས་པ་འདི་ལ། ཆུ་ཡི་རླན་ལྡན་པདྨ་གཞོན་ནུ་འདི། །སྤྲིན་གྱི་དབང་པོའི་རྗེས་སུ་མཐུན་བྱེད་ཅིང་། །ཟླ་བའི་དཀྱིལ་འཁོར་ཉེ་བར་འཆར་བ་ན། །ཆང་གི་ཉིང་ཁུས་མྱོས་བཞིན་བདེ་བླག་ཟིམ། །ཞེས་མེ་ཏོག་པདྨ་ནི་སྤྲིན་གྱི་རྗེས་སུ་འཕེལ་བ་དང་། མིག་ལ་མཛེས་པ། སྣར་དྲི་ཞིམ། ལུས་ལ་རེག་འཇམ། པདྨའི་སྦྲང་རྩི་ལྕེ་ལ་ཞིམ། དེ་ལ་འཁོར་བའི་བུང་བའི་སྒྲ་རྣ་བར་སྙན། དེ་ཕྱིར་ཡིད་ལ་འཐད་པས་དབང་པོ་དྲུག་གི་རྗེས་སུ་མཐུན་པ་སོགས་སོ། །རྒྱ་མཚོའི་ཆུ་ལྡན་པདྨ་གཞོན་ལུས་ཅན། །མཁའ་ལ་ཆུ་འཛིན་དབང་པོའི་བཀའ་བསྒྲུབ་ཅིང་། །ཆུ་ཤེལ་ལས་གྲུབ་ཁང་བཟང་བཀྲ་བ་ན། །གར་ཆང་གིས་མྱོས་བཞིན་དུ་དགའ་
བས་ཟིམ། །ཀླུ་ཆེན་པདྨ་ལ་སྦྱར་བ་འདིར་མཁའ་ལ་ཆུ་འཛིན་པ་ནི་སྤྲིན་བསྡུས་ཏེ་ཆར་འབེབས་པའོ། །དེ་ཡང་ལྷ་ཡི་དབང་པོའི་བཀས་འཛམ་བུའི་གླིང་དུ་ཆར་ཕོབ་ཅེས་གསུངས་པའི་བཀའ་ཡི་རྗེས་སུ་མཐུན་པར་བྱེད་ཅིང་བསྒྲུབ་པའོ། །འདིར་ཟིམ་ཞེས་པ་མིག་ཟིམ་བུར་བལྟ་ཞེས་པ་དང་འདྲ་བར་ཟུམ་པ་དང་། དགའ་བའི་སིམ་པ་ལའང་སྒྲ་ཕྱོགས་མཚུངས་པར་འཇུག་སྟེ་སེམས་ཚིམ་པའི་ལུས་ཉམས་ཀྱི་བྱེ་བྲག་ཡིན་པས་སོ། །ཡང་ཟིམ་ཞེས་པ་ནང་དུ་གཏམས་ནས་དེ་བཅུམ་པའི་དོན་ཅན་དུ་འགྱུར་བ་སྟེ། དེ་ལྟར་གསུམ་པོ་ཚིགས་བཅད་གསུམ་གྱི་མཐར་ངེས་ཚིག་ཡོད་ཙམ་གྱིས་འཇུག་པའི་སྒྲའོ། །ཡང་། ཆུ་ཡི་གཤེར་ལྡན་པདྨ་གཞོན་ནུ་འདི། །ཆུར་བཅས་སྐྱེས་པའི་དབང་པོར་མཐུན་བྱེད་ཅིང་། །ཟླ་བ་གསལ་བའི་དུས་ན་ཁུ་བཅུད་ཀྱིས། །གར་ཆང་མཁུར་བཀང་བྱས་འདྲར་བདེ་བཞིན་ཟིམ། །ཞེས་པ་གཞོན་ནུ་མའི་སྐྱེ་གནས་པདྨ་ལ་སྦྱར་བ་སྟེ། རང་བཞིན་གྱིས་རླན་བག་ལྡན་པ་དང་། ལྷག་པར་འདོད་སྤྱོད་ཀྱི་དུས་སུ་འདོད་ཆུར་བཅས་པའམ་དེ་འཛིན་པ་སྐྱེས་པའི་རྟགས་ཀྱི་དབང་པོ་ལ་བདེ་བ་བསྐྱེད་པས་མཐུན་པར་བྱེད་པ་དང་། ཟླ་བ་གསལ་བ་མཚན་མོའི་དུས་སུ་སྐྱེས་པའི་ཁུ་བཅུད་ཀྱིས། དཔེར་ན། གར་
ཆང་ཁར་བཟུང་པའི་མཁུར་བཀང་བྱས་པ་བཞིན་དུ་ཟིམ་ཞེས་པའི་དོན་དེ་གསུམ་ཚིག་གཅིག་གི་སྒོ་ནས་བསྟན་པ་ཡིན་ནོ། །གཞན་ཡང་ཆུ་དང་ལྡན་པ་ནི་མཚོ་ལས་འཁྲུངས་པའི་དོན་དང་། པདྨ་ནི་སློབ་དཔོན་པདྨ། གཞོན་ནུ་ནི་ཚེ་ཡི་རིག་འཛིན་བརྙེས་པས་བགྲེས་རྒུད་མེད་པ། ཆུ་འཛིན་དབང་པོའི་རྗེས་སུ་མཐུན་པ་ནི་སྤྲིན་གྱི་རྒྱལ་པོ་ལྟར་འགྲོ་བའི་གདུང་བ་སེལ་ཞིང་དགེ་བའི་ལོ་ཏོག་སྐྱེད་པར་བྱེད་པས་སོ། །ཆུ་ཤེལ་གནས་བཟང་བཀྲ་བ་ནི་ཟླ་བའི་གདན་ལ་བཞུགས་པ། ཕལ་པ་ཆང་གིས་མྱོས་པ་ལྟར་འདི་ནི་འཕོ་མེད་བདེ་བ་ཆེན་པོའི་རོས་རྟག་ཏུ་མྱོས་པའམ་དགྱེས་པར་ཚིམ་པའི་དོན་ནོ། །ཡང་ཆུ་ལྡན་བྱང་སེམས་ཀུནྡ་ལྟ་བུ། པདྨ་སྟེང་འཕྱོའི་དོན་ཡིན་པས། ཀུནྡ་སྟེང་དུ་དྲངས་ནས་གཞོན་ལུས་དང་ཐ་མལ་པའི་ཆགས་གདུང་འཕྲོག་པ་དང་། ཆུ་ཤེལ་ཧཾ་ཡིག་གནས་བཟང་སྤྱི་བོའི་འཁོར་ལོ། དེར་བརྟན་པར་གྱུར་པ་ལ་བརྗོད་དུ་ཡོད་ཀྱང་སྔགས་ཀྱི་ཟབ་དོན་འདིར་བཤད་པ་སྐབས་སུ་མ་བབ་པས་ཞིབ་པར་མི་བཀྲོལ་ལོ། །ཡང་གཏམ་རྒྱུད་དང་སྦྱར་ན། སྔོན་ཚངས་པས་བསྒོ་བ་ལྟར་ཕྱོགས་གཅིག་ནས་ལྷ་རྣམས་དང་། ཕྱོགས་གཅིག་ནས་ལྷ་མིན་རྣམས་འདུས་ཏེ། རི་བོ་མནྡ་རའི་སྟེང་ནས་ཁྱབ་འཇུག་གིས་བཟུང་། ཀླུ་
ནོར་རྒྱས་ཀྱིས་བསྲུབ་ཐག་བྱས། འོག་ནས་རུ་སྦལ་གྱི་རྒྱབ་ཀྱིས་བརྟེན་ཏེ་བདུད་རྩིའི་དོན་དུ་འོ་མ་ཅན་གྱི་རྒྱ་མཚོ་བསྲུབ་པར་བྱས་སོ། །དེར་འཇིགས་སུ་རུང་བ་དུག་གི་སྐྱེས་བུ་ནག་པོ་བརྩེགས་པ་ཞེས་བྱུང་བ་ཁྱབ་འཇུག་གིས་མིད་པས་དྲན་པ་སྟོར་ཏེ་ས་ལ་འགྱེལ་ནས་མདོག་ནག་པོར་གྱུར། ལྷ་ཆེན་པོ་དབང་ཕྱུག་གིས་དུག་དེ་དོགས་པ་མེད་པར་དྲངས་ནས་འཐུང་བས་མགྲིན་པར་ཆགས་ཏེ་གནས་ཤིང་མགྲིན་པ་རྨ་བྱའི་མགྲིན་པ་ལྟར་སྔོ་བར་གྱུར་པ་དང་། ལྷ་རྣམས་ཀྱིས་འདི་ནི་མཛེས་པས་བཞག་པར་རིགས་སོ་ཞེས་བྱས་པས་བཞག་སྟེ་དབང་ཕྱུག་ལ་མགྲིན་སྔོན་དུ་གྲགས། དེ་ནས་ཟླ་ཚེས་བྱུང་བ་དབང་ཕྱུག་གིས་མགོ་བོའི་རྒྱན་དུ་བྱས། དེ་ནས་དཔལ་མོ་བྱུང་བ་དེས་རང་ཉིད་ཀྱིས་ཁྱབ་འཇུག་བླངས་ཏེ་དེའི་ཆུང་མར་གྱུར། དེའི་འོག་ཏུ་རྟ་མགྲིན་རིང་དང་། ཤིང་ཡོངས་འདུ་སོགས་ལྷ་རྫས་དུ་མ་བྱུང་བ་བརྒྱ་བྱིན་སོགས་ལྷ་རྣམས་ཀྱིས་ཅི་རིགས་པར་ཁྱེར། དེ་ནས་བུད་མེད་ཤིན་ཏུ་ཡིད་འོང་ཞིག་བྱུང་བ་ལ་ཁྱོད་སུ་ཡིན་དྲིས་པས་ང་ནི་ཆང་ཞེས་བྱ་སྟེ། འཐུང་ན་མྱོས་པ་དང་བརྒྱལ་བ་དང་དྲེགས་པ་ལ་སོགས་པའི་རྣམ་པར་འགྱུར་བ་འབྱུང་བར་འགྱུར་རོ་ཞེས་ཟེར་བ་དང་། ལྷ་མིན་རྣམས་འཇིགས་ནས་མ་འཐུང་། ལྷ་རྣམས་
ཀྱིས་འཐུང་བར་གྱུར་པས། སུ་ར་ཞེས་པ་ལྷ་དང་། ཨ་སུ་ར་ལྷ་མིན་ཞེས་པའི་མིང་དུ་གྲགས་པར་གྱུར་ཏོ། །དེ་ནས་བདུད་རྩི་བྱུང་བ་དེ་ཉིད་བླངས་པས་སྣོད་ཆེན་པོ་བརྒྱད་གང་བ་ལྷ་མིན་རྣམས་ཀྱིས་ཁྱེར་བས་ལྷ་རྣམས་ཡི་མུག་པར་གྱུར་ཚེ། ཁྱབ་འཇུག་ཤིན་ཏུ་གཟུགས་བཟང་བའི་བུད་མེད་དུ་སྤྲུལ་ནས་བདུད་རྩིའི་གན་དུ་བསྡད། བརྒྱ་བྱིན་ཡང་མི་སྣང་བའི་གཟུགས་ཀྱིས་ནམ་མཁའ་ལ་འཇུག་པར་བྱས་སོ། །ལྷ་མིན་རྣམས་ཀྱིས་བུད་མེད་དེ་ཁོ་བོ་ཅག་གི་བུད་མེད་ཡིན་ནོ་སྙམ་ནས་བདུད་རྩིའི་སྲུང་མར་བཞག་ནས། ཆོས་ཀྱི་བསྟན་བཅོས་ལས། མ་བཀྲུས་དྲི་མ་སྤྱོད་གྱུར་པས། །ཁྲུས་མ་བྱས་པར་ཟས་མི་བཟའ། །ཞེས་པའི་ལུང་དོན་ལྟར། དང་པོར་ཕྱི་རོལ་ཏུ་ཁྲུས་བྱེད་པ་ལ་སོགས་པའི་ཤུལ་དུ་བརྒྱ་བྱིན་གྱིས་བདུད་རྩི་བརྐུས་ཏེ་རང་གི་ཁང་པར་ཁྱེར་ཏོ། །དེ་རྣམས་ཁྲུས་བྱས་ནས་སླར་བདུད་རྩི་ལོངས་སྤྱད་དུ་འོངས་པ་ན་བདུད་རྩི་མ་མཐོང་བ་ཚོལ་བར་བརྩོན་པ་དང་། ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་ཐོས་པས། ལྷ་རྣམས་ནི་སྟེང་དུ་འགྲོ་བ་ཡིན་ལ། ལྷ་མ་ཡིན་རྣམས་མ་ཡིན་པས་བདེན་ནོ་སྙམ་ནས་བསྡད་དོ། །དེའི་ཚེ་བདུད་རྩི་ལ་ལོངས་སྤྱད་ཕྱིར་ལྷ་རྣམས་འདུས་པ་དང་། ལྷ་མིན་སྒྲ་གཅན་འཛིན་ལྷའི་ཆ་ལུགས་སུ་
སྤྲུལ་ནས་བདུད་རྩིའི་སྐལ་བ་ཐོབ་པ། གཟའ་ཉི་མས་མཐོང་སྟེ་ཁྱབ་འཇུག་ལ་སྨྲས་པས། ཁྱབ་འཇུག་གི་འཁོར་ལོས་དེའི་མགོ་དེ་མ་ཐག་ཏུ་བཅད། བདུད་རྩིས་མགྲིན་པ་ཡན་ཆད་ཁྱབ་པས་མགོ་བོ་དེང་སང་ཡང་མ་ཤི་བར་ཉི་ཟླ་ལ་སྒྲིབ་པར་བྱེད་ཅེས་རིག་བྱེད་ཀྱི་གཏམ་ལས་གྲགས་སོ། །དེ་ལྟར་ཆང་གི་གཏམ་རྒྱུད་དང་སྦྱར་ན། ཆུ་དང་ལྡན་པ་རྒྱ་མཚོ་ལས་བྱུང་བའི་བུད་མེད་པདྨ་གཞོན་ནུ་ལྟར་ཡིད་དུ་འོང་བ་དེ་ལ་ཆང་ཞེས་བྱ་སྟེ། འདི་ནི་ཆུ་འཛིན་པའི་དབང་པོ་ལྕེ་ཡི་རྗེས་སུ་མཐུན་པ་སྟེ་ངོམས་པར་བྱེད་པའོ། །ལྕེ་ནི་ཆུ་ཡི་ཁམས་ཡིན་པ་དང་མཆིལ་མ་དང་ལྡན་པའི་ཕྱིར་ཆུ་འཛིན་པའི་དབང་པོ་ཞེས་བྱའོ། །དེ་འདྲའི་ཆང་ཞེས་བྱ་བའི་བུད་མེད་ཀྱི་གཟུགས་ཅན་བཏུང་བའི་རྣམ་པར་གྱུར་པ་དེ་དུས་ནམ་བྱུང་ན། ཆུ་ཤེལ་དེ་ཟླ་ཚེས་དང་། ལྷ་རྣམས་འདུ་བའི་གནས་བཟང་པོ་ཤིང་ཡོངས་འདུ་ལ་སོགས་པ་རྒྱ་མཚོ་བསྲུབས་པ་ལས་འཇིག་རྟེན་འདིར་རྣམ་པར་བཀྲ་བ་སྟེ་སྣང་བར་གྱུར་པ་ནའོ། །སུས་འཐུང་ན་ཆུའི་བཅུད་ཆང་ཞེས་པ་དེ་ལྷ་རྣམས་ཀྱིས་འཐུང་བས་མྱོས་བཞིན་དུ་བདེ་བར་ཚིམ་སྟེ་མིག་ཟིམ་བུར་བྱས་ནས་དགའོ་ཞེས་སོ། །ཡང་ན་དཔལ་མོ་ལ་སྦྱར་ཏེ་ཆུ་དང་ལྡན་པ་ནི་ཆུ་མཚོ་ལས་བྱུང་བའོ། །མཛེས་པའི་སྒྱུ་རྩལ་སྤྲིན་གྱི་རྒྱལ་པོ་
དང་མཐུན་པར་སྒྱུར་བ་མོ་འདི་ཆུ་ཤེལ་ཏེ་ཟླ་བ་ལྟར་དཀར་བསིལ་ཨར་མོ་ནིག་གི་རྡོ་དང་། གནས་བཟང་པོ་འདུན་ས་དང་། འདྲེས་པའི་ཚལ་སོགས་བཀོད་པ་རྣམ་པར་བཀྲ་བ་ན། ཆང་དང་འདྲ་བ་རྩེ་འཇོ་དང་ཆགས་པའི་རོས་གཞན་མྱོས་ཤིང་ཟིམ་པར་བྱེད་དོ་ཞེས་སུའང་རུང་ངོ་། །ཡང་ན་ཨུ་མ་ལ་སྦྱར་ཏེ། གང་མཐོང་བས་འདོད་པའི་ཆགས་པས་ཁུ་བ་གཡོ་བར་བྱེད་པའི་ཆུ་དང་ལྡན་པ་ཨུ་མ་པདྨ་གཞོན་ནུའི་མདངས་ལྡན་མ་འདི་ཁུ་བ་ཆུ་ཁམས་འཛིན་པའི་དབང་ཕྱུག་ཆེན་པོ་སོགས་ལྷ་ཡི་བདག་པོའམ་དབང་པོ་རྣམས་ཀྱི་ཡིད་དང་རྗེས་སུ་མཐུན་པར་བྱེད་ཅིང་། ཆུ་ཤེལ་ལྟ་བུ་ལྷའི་རྡོ་ལེབ་དང་། གནས་བཟང་པོ་ཁང་བཟང་དང་། ཚལ་དང་རི་ཏི་སེ་ལ་སོགས་པ་བཀོད་པ་རྣམ་པར་བཀྲ་བ་གང་ན། ཇི་ལྟར་ཆང་གིས་མྱོས་པ་དང་འདྲ་བར་ཆགས་བདེའི་བདེ་བར་ཡིད་སིམ་པའམ་དེ་ཟུར་ཆག་པའི་སྒྲ་ཟིམ་པར་ཡང་བྱེད་དོ། །ཡང་བསྡུས་བརྗོད་ལྟར་ན། པདྨ་རང་ཉིད་སྐྱེ་བའི་གནས་ཆུ་མཚོ་དང་མ་བྲལ་པ་བཞིན་དུ། ཆུ་ལྡན་པདྨ་གཞོན་ནུ་ཞེས་ཕ་མའི་གོ་ན་གནས་པའི་གཞོན་ནུ་མ་འདི་ཆུ་འཛིན་པའི་དབང་པོ་ནི་རྒྱ་མཚོ་སྟེ། རྒྱ་མཚོ་དང་འདྲ་བའི་མི་ཆེན་པོ་རྣམས་ལ་ཕངས་ཤིང་དེ་དག་དང་མཐུན་པར་བྱེད་པའོ། །ཆུ་ཤེལ་གྱི་གནས་བཟང་པོ་ཟླ་བ་སྟེ་ཟླ་བ་དང་འདྲ་བའི་མཛེས་
ལྡན་སྐྱེས་བུ་མིག་གི་ལམ་དུ་བཀྲ་བའམ་སྣང་བ་དང་ལྷན་ཅིག་ཏུ་ཆང་གིས་མྱོས་པ་ནི་དེ་དང་འདྲ་བ་འདོད་པའི་དགའ་བ་ལ་རབ་ཏུ་ཞུགས་པའོ། །ཡང་རྩུབ་མོའི་གབ་ཚིག་ལྟར་ན། བུད་མེད་ལོ་བཅུ་གཉིས་ལོན་ནས་རྡུལ་གྱི་ཆུ་འཛག་པ་དང་ལྡན་པའི་པདྨ་གཞོན་ནུ་མ་འདི་ཆུ་འཛིན་དབང་པོ་ནི་སྐབས་འདིར་བྷ་ག་སྟེ། ལས་དབང་ལྔ་ལས་ཆུ་ལམ་ཆུ་ཡི་ཁམས་ཡིན་པ་དང་། དྲི་ཆུ་དང་རྡུལ་འཛག་པའི་ལམ་ཡིན་པས་ཆུ་འཛིན་པའི་དབང་པོའོ། །དེ་ཡི་རྗེས་སུ་མཐུན་པར་བྱེད་པ་ནི་རྡུལ་འཛག་པ་ཕན་ཆད་ནས་སྐྱེ་གནས་ལ་བདེ་བ་བསྐྱེད་པ་དོན་དུ་གཉེར་བས་སོ། །ཆུ་ཤེལ་གནས་བཟང་ནི་ཟླ་བ་ཡིན་ལ། དེ་ལུས་ལ་ཁུ་བའི་ཁམས་ཏེ་སྐྱེས་བུ་ལོ་བཅུ་དྲུག་ལོན་ནས་ཁུ་བ་འཛག་པའི་བདེ་བ་མྱོང་བས་ན་ཟླ་བ་ཆ་རྫོགས་པའམ་རྣམ་པར་བཀྲ་བ་ན། དེ་ནས་མགོ་བརྩམས་ཏེ་སྐྱེས་བུ་དང་བུ་མོ་དེ་དག་འདོད་པའི་ཆང་གིས་མྱོས་པར་བྱེད་དོ། །ཞེས་སོ། །གཞན་ཡང་ཚིག་རྐང་དང་པོ་ལ་དངོས་བཏགས་ཀྱི་འཇུག་ཚུལ་དང་མཚོན་དོན་གྱི་སྒོ་ནས་དུ་མ་དང་། ཚིག་རྐང་གཉིས་པ་ལ་དོན་གྱི་རྣམ་པ་འགའ་དང་། དཔེར་བྱས་ན་རྒྱ་མཚོ་ལྟར་མི་གཡོ་བ་དང་། སྤྲིན་ལྟར་གཡོ་བ་ལ་སོགས་པའི་རྣམ་པ་དུ་མ་དང་། ཆུ་ཤེལ་གནས་བཟང་ལ་དོན་དུ་མ་དང་། དུས་མཚོན་པར་བྱས་ན་ཟླ་
བ་རྣམ་པར་བཀྲ་བའམ་གསལ་བ་དུས་བཞིའི་ནང་ནས་སྟོན་ཀ་དང་། ཉིན་མཚན་གྱི་ནང་ནས་ཉི་འོད་དང་བྲལ་བ་མཚན་མོ་ལ་སོགས་པ་མཚོན་ཞིང་། ཆང་གིས་མྱོས་པ་དངོས་དང་། འདྲ་བའི་སྒོ་ནས་ཆགས་བདེ་དང་དྲེགས་པ་དང་གཉིད་དང་ཡིད་དགའ་བ་སོགས་དུ་མར་འགྱུར་པས་ད་དུང་སྦྱར་རྒྱུ་མང་པོ་ཞིག་འདུག་ཀྱང་སྐབས་འདིར་ཚིགས་བཅད་གཅིག་ལ་ངག་དོན་མི་འདྲ་བ་བཅུར་འགྱུར་པ་འདི་བོད་སྐད་དུ་ཚིགས་བཅད་གཅིག་ལ་དོན་དུ་མ་སྦྱར་མི་ནུས་སྙམ་པ་ལ་བློའི་སྒོ་དབྱེ་བའི་ས་བོན་དུ་ཉམས་མཚར་དུ་སྤེལ་བར་བྱས་པ་ལགས་སོ། །གཉིས་པ་བྱེ་བྲག་གི་དབྱེ་བ་འགའ་ཞིག་བསྟན་པ་ལ་དེ་ཡི་དབྱེ་བ་བཤད་པ་དང་། དཔེ་བརྗོད་བསྟན་པ་གཉིས་ལས། དང་པོ། དཔེ་ཡི་སྦྱར་བ་དང་། གཟུགས་ཅན་གྱི་སྦྱར་བ་དང་། འགོག་པའི་སྦྱར་བ་དང་། ལྡོག་པ་ཅན་གྱི་སྦྱར་བ་དང་། སོགས་ཁོངས་ནས་སྦྱར་བའི་གསལ་བྱེད་དང་སྦྱར་བའི་དོན་གཞན་བཀོད་པའི་སྤྱོད་ཡུལ་ཅན་གྱི་སྦྱར་བའི་དཔེ་བརྗོད་རྣམས་གོང་དུ་སོ་སོའི་སྡེ་ཚན་དུ་བསྟན་ཟིན་ཏེ། སྐབས་འདིར་གོང་བསྟན་རྣམས་ལས་གཞན་པ་འགའ་ཞིག་བསྟན་པར་བྱའོ། །དེ་གང་ཞེ་ན། སྦྱར་བ་འགའ་ཞིག་སྦྱར་རྒྱུའི་ཁྱད་གཞི་གཉིས་ཀས་བྱ་བ་ཐ་དད་མིན་པ་གཅིག་བྱེད་པ་དང་། དེ་ལས་གཞན་པ་དེ་གཉིས་
ཀྱི་བྱ་བ་ཐ་དད་ཀྱང་གཉིས་ཀ་བྱ་བ་གཅིག་བྱེད་པ་ལ་འགལ་བ་མིན་པའང་ཡོད་ལ། བྱ་བ་འགལ་བའི་ལས་ཅན་དག་ཀྱང་སྔ་མ་ལས་གཞན་ནོ། །སྦྱར་བ་བྱས་ཀྱང་སྦྱར་བྱའི་ཆོས་ཅིག་ཤོས་ཁོ་ནར་ངེས་པ་ཅན་ཡང་ཡོད། ངེས་པ་དེ་སླར་ཡང་འགོག་པ་མ་ངེས་པའི་གཟུགས་སམ་རང་བཞིན་དུ་བརྗོད་པ་དང་། ཁྱད་ཆོས་དེ་ཁྱད་གཞི་གཉིས་ཀར་འགལ་བ་མེད་པར་སྦྱར་ཆོག་པ་དང་། ཅིག་ཤོས་ལ་འགལ་བ་ཅན་ཡང་ཡོད་པ་སྟེ། དེ་དག་རྣམས་ཀྱི་རང་བཞིན་ཡང་དཔེ་བརྗོད་དག་ལ་བརྟེན་ནས་གསལ་བར་འགྱུར་རོ། །གཉིས་པ་དཔེ་བརྗོད་བསྟན་པ་ལ། བཤད་མ་ཐག་པའི་རིམ་པ་བཞིན། བྱ་བ་ཐ་དད་མིན་པའི་སྦྱར་བ་ནི། མཛེས་མའི་མིག་དང་འགུགས་པའི་ཕོ་ཉ་མོ་སྦྱར་བ་སྟེ་ཇི་ལྟར་ན་མིག་འཁྱོག་སྟེ་ལྟ་བ་དང་ཕོ་ཉ་མོའི་ངག་འཁྱོག་པ་སྟེ་གཞན་ལ་ཇི་བཞིན་མི་བརྗོད་པའོ། །དེའི་ཕྱིར་འཁྱོག་ཅིང་ཞེས་སོ། །དེ་གཉིས་ཀ་ཡང་འདོད་པ་སྐུལ་བྱེད་ཡིན་པས་ཆགས་ལྡན་གྱི་ཡིད་དུ་འོང་བའི་རང་བཞིན་ཅན་དང་། མཛེས་མ་དེ་ཆགས་པའི་གནས་སྐབས་མཛའ་བོ་ལ་གསལ་བར་སྟོན་པར་བྱེད་པ་མོའོ། །དེ་ལྟར་བྱེད་པ་མོ་མཛེས་མ་ཡིས་བསྐུལ་བའི་ཟུར་མིག་དང་ནི། སྦྲན་པར་བྱེད་པའི་ཕོ་ཉ་མོས་ཀྱང་མཛའ་བོ་འགུགས་པའི་བྱ་བ་བྱེད་པས་དེ་གཉིས་ཀྱི་བྱ་བ་
མཛའ་བོ་འགུགས་པའི་སྒོ་ནས་གཅིག་ཡིན་པར་བརྗོད་དོ། །བྱ་བ་འགལ་མིན་གྱི་སྦྱར་བ་ནི། མཛའ་བོའི་ཡིད་དུ་འོང་ཞིང་དེའི་རྐྱེན་གྱིས་ཆགས་པ་འཕེལ་བར་བྱེད་ཅིང་། ལུས་སམ་ངག་འཇམ་ཞིང་འདོད་པས་མྱོས་པའི་སྒྲ་གདངས་སྙན་པ་ཅན་ཡིན་པའི་སྒོ་ནས་ཁུ་བྱུག་གི་སྒྲ་དང་མཛེས་མ་གཉིས་ཀ་སྦྱར་ནས་དེ་གཉིས་ཀྱི་དབྱེ་བ་ཐ་དད་པ་ནི། ཁུ་བྱུག་གི་སྒྲ་ནི་ཐོས་པར་གྱུར་ཏེ། དཀར་མིན་གནག་པའི་མིག་ཅན་མཛེས་མ་དག་ལ་འཁྱུད་པར་བྱེད་དོ། །ཞེས་ཐོས་འཁྱུད་ཀྱི་བྱ་བ་ཐ་དད་ཀྱང་ཐོས་འཁྱུད་གཉིས་ཀས་ཆགས་པ་བསྐྱེད་པའི་ཕྱིར་བྱ་བ་འགལ་བ་མིན་པའོ། །བྱ་བ་འགལ་བའི་སྦྱོར་བའམ་འགལ་བའི་བྱེད་ལས་ཅན་གྱི་སྦྱར་བ་ནི། ཉི་མ་དང་འདོད་པ་ཚིག་འདི་དག་གི་སྒོ་ནས་སྦྱར་བ་སྟེ། ཆུ་མ་དང་སྦྱར་ཞེས་པས་ནུབ་ཕྱོགས་ཆུ་ལྡན་མ་དང་སྦྱར་བ་ལས་ཉི་མ་དང་། ཡང་བུད་མེད་ཀྱི་སྐྱེ་གནས་ཆུ་ལྡན་མ་དང་སྦྱར་བ་ལས་འདོད་པ་དག་ཅེས་སུ་སྦྱར་རོ། །ཆུ་ལྡན་མ་ཆང་ལ་འཆད་པ་ཡང་སྣང་། དེ་ལྟར་སྦྱར་བའི་རྒྱུ་ལས་འཕེལ་བར་གྱུར་པ་ཡི། དམར་བ་རབ་ཏུ་སྟོན་བྱེད་ཅིང་། །ཞེས་པ། ཉི་མ་ལ་ཐུན་མཚམས་ཀྱི་འོད་དམར་པོ་དང་། འདོད་པ་ལས་ཆགས་པའི་མདངས་གདོང་དམར་པོར་གྱུར་པ་སྟོན་པར་བྱེད་ཅིང་། ཞེས་དེ་གཉིས་སྦྱར་ནས་སྦྱར་གཞི་དེ་
གཉིས་ཀྱི་བྱ་བ་འགལ་བ་ལྷན་ཅིག་བྱེད་པ་ནི། ཚ་ཟེར་ཅན་ནི་རི་ལས་ནུབ་པར་གྱུར་ཏེ། ལུས་སྐྱེས་འདོད་པ་དག་ནི་རྣམ་པར་རྒྱས་སོ་ཞེས་རྒྱས་པ་དང་། ནུབ་པའི་བྱ་བ་འགལ་བར་བསྟན་པའོ། །ངེས་པ་ཅན་གྱི་སྦྱར་བ་ནི། ནི་སྟྲིཾ་ཤ་ཞེས་པའི་སྒྲ་སུམ་ཅུ་བརྒལ་ཅེས་སོར་སུམ་ཅུ་ལས་རིང་བའི་རལ་གྲི་བྱེ་བྲག་པ་ཞིག་ལ་འཇུག་པ་དང་ཁྲོ་བ་ལའང་འཇུག་པ་ཡིན་ལ། འདིར་རྒྱལ་པོ་དང་རལ་གྲི་གཉིས་ལས་རལ་གྲི་ཉིད་ལ་ནི་སྟྲིཾ་ཤ་ཡི་སྒྲ་དོན་ཡོད་པར་ངེས་ཀྱི། རྒྱལ་པོ་ལ་ཁྲོ་བ་མེད་ཅིང་རྒྱུད་འཇམ་པས་སྒྲ་དོན་དེ་འཇུག་པའི་རྒྱུ་མཚན་མེད་པས་སོ། །དེ་བཞིན་དུ་གཞུ་ཉིད་ལ་ནི་འཁྱོག་པོ་སྟེ་བ་ཀྲ་ཧཱ་སྟེ་འཁྱོག་པོའི་སྒྲ་དབྱིབས་འཁྱོག་པ་དང་། སེམས་ཀྱི་རྒྱུད་མི་དྲང་བར་འཁྱོག་པོར་གྱུར་པ་གཉིས་ཀ་ལ་གོ་རུང་ཡང་། རྒྱལ་པོ་དང་གཞུ་ལ་སྒྲ་འདི་སྦྱར་བར་བྱས་ཚེ་རྒྱལ་པོ་དེ་རྒྱུད་འཁྱོག་པོ་ཅན་མ་ཡིན་པས་གཞུ་ཉིད་ལ་སྒྲ་དེ་ངེས་སོ། །མི་ཡི་དབང་པོ་འདི་ཡི་མཱརྒ་ཎ་ཞེས་པ་མདའ་དང་སློང་བ་གཉིས་ཀ་ལ་འཇུག་ན་ཡང་རྒྱལ་པོ་མདའ་མིན་ལ་སློང་བ་པོ་མིན་པའམ་དེའི་མངའ་འབངས་ན་སློང་བ་པོ་མེད་པས། མཱརྒ་ཎའི་སྒྲ་དེ་རྒྱལ་པོ་ལ་སྦྱར་དོན་མེད་པས། མདའ་རྣམས་ཉིད་ལ་ངེས་པར་གནས་པ་ཡིན། །ཞེས་སོ། །དེ་ལྟར་སྒྲ་དེས་དེ་གཉིས་མ་སྦྱར་ན་སྦྱར་བར་
ཡང་མི་འགྱུར་རོ་ཞེས་ཁ་ཅིག་སེམས་ན། དེ་ལྟར་མ་ཡིན་ཏེ། རྒྱལ་པོ་དང་རལ་གྲི་སོགས་མ་སྦྱར་ན་སྒྲ་དེ་རྣམས་ཅིག་ཤོས་དེ་ལ་ངེས་པར་བཟུང་བའང་མེད་དེ། སྐྱེ་བོ་གཏུམ་པ་དང་རལ་གྲི་གཉིས་ལ་ནི་སྟྲིཾ་ཤའི་སྒྲ་སོ་སོར་འཇུག་པ་ལ་སོགས་པ་བཞིན་ནོ། །དེས་ན་མི་བདག་འདི་ཡི་ཞེས་པའི་ཚིག་གི་ནུས་པས་མི་དབང་འདི་ཡི་ནི་སྟྲིཾ་དང་བཀྲ་ཏཱ་ཞེས་པར་ཡང་གོ་དགོས་སོ། །དེ་ལྟར་རྒྱལ་པོ་དང་རལ་གྲི་སོགས་འདྲ་གཉིས་སུ་བཞག་པ་དེས་སྦྱར་བའི་ཚུལ་ཐོབ་ཅིང་། སྦྱོར་བྱེད་ཀྱི་ཆོས་དེ་རྣམས་རལ་གྲི་སོགས་ལ་ངེས་བཟུང་བྱས་པས་རྒྱལ་པོ་ལ་ལྡོག་པའམ་མེད་པ་གོ་བའི་དབང་གིས་ཕན་ཚུན་སྦྱར་བ་ཡིན་ཏེ། མ་སྦྱར་ན་གང་ལ་ཡོད་པ་དང་གང་ལ་མེད་པའི་དོན་གོ་བར་མི་འགྱུར་རོ། །ངེས་པ་འགོག་པའི་སྦྱར་བ་ནི། རྒྱལ་པོ་ཁྱོད་ཀྱིས་དཔུང་པས་བསྲུང་བ་ཡི་ས་གཞིའི་ཁྱོན་ལ་ཚེར་མ་ནི། མེ་ཏོག་པདྨའི་ཡུ་བ་ཉིད་ཁོ་ན་ལ་མཐོང་གི། དེ་ལས་གཞན་དུ་ཚེར་མ་མེད་པའི་ས་གཞི་འཇམ་པ་འབའ་ཞིག་པའོ། །ཞེས་ངེས་བཟུང་བྱས་ནས་འོན་ཀྱང་དེ་ཁོ་ནར་ཡང་མ་ངེས་ཏེ། ཆགས་ཅན་གང་ཞིག་འཁྲིག་པ་ལ་ཞུགས་ནས་ཕན་ཚུན་འཁྱུད་པར་གྱུར་པ་རྣམས་ཀྱི་ལུས་ལའང་མཐོང་ངོ་ཞེས་བ་སྤུ་ལངས་པ་ལ་བསམ་པའོ། །རྒྱལ་པོའི་ཡུལ་གྱི་ས་གཞིར་པདྨའི་ཡུ་བའི་ཚེར་མ་ལས་ཚེར་
མ་གཞན་མེད་པར་ངེས་བཟུང་བྱས་པ་དེ་ཆགས་པའི་སྤུ་ལངས་པདྨའི་རྩ་བའི་ཚེར་མ་འདྲ་བས་པདྨའི་ཡུ་བ་ཁོ་ནར་ངེས་པ་བཀག་པར་བྱས་ཀྱང་དམ་བཅའ་སྔ་ཕྱི་དངོས་སུ་འགལ་བའི་སྐྱོན་མེད་པར་མ་ཟད། ཕྱི་མས་སླར་ཡང་ས་གཞི་ལ་ཚེར་མ་མེད་པར་བསྒྲུབ་པའོ། །འདིར་རྒྱལ་པོས་བསྲུང་པའི་ས་དང་པདྨའི་ཡུ་བ་སྦྱར་པ་ཡིན་ལ། སྦྱར་པའི་ཆོས་ཀཎྚའི་སྒྲ་ཚེར་མ་དང་སྐྱེ་བོ་ངན་པ་གཉིས་ཀར་འཇུག་སྟེ། སྐྱེ་བོ་ངན་པ་མེད་པར་བྱས་པ་ལ་ཚེར་མ་དཀྲུགས་པ་ཞེས་བརྗོད་པ་བཞིན་ནོ། །དེས་ན་རྒྱལ་པོའི་ཡུལ་གྱི་ས་གཞིར་ཚེར་མ་དངོས་དང་སྐྱེ་བོ་ངན་པ་གཉིས་ཀ་མ་དམིགས་པས་ཀཎྚའི་སྒྲ་པདྨའི་ཡུ་བ་ངེས་པར་བྱས་ནས། སླར་འཁྲིག་པ་ལ་ཞུགས་པའི་ལུས་ལའང་མཐོང་ཞེས་པས། སླར་བརྟག་ཀྱང་དེ་ཙམ་ལས་མཐོང་རྒྱུ་མེད་པས་སྔ་མའི་དམ་བཅའ་ཇེ་བརྟན་དུ་སོང་བ་ལྟ་བུའི་ཚིག་ཉམས་ལེགས་པ་ཞིག་གོ། ཁྱད་ཆོས་འགལ་བ་མ་ཡིན་པའི་སྦྱར་བ་ནི། ས་འཛིན་ཞེས་པ་རི་དང་རྒྱལ་པོ་གཉིས་ཀའི་མིང་སྟེ་ཁྱད་གཞི་གཉིས་སྦྱར་བའོ། །དེའི་ཁྱད་ཆོས་ཀ་ཊ་ཀ་མང་ཞིང་། ཞེས་ཀ་ཊ་ཀའི་སྒྲ་རི་ཞོལ་དང་། ལག་གདུབ་དང་། གྲོང་ལའང་འཇུག་པས་རི་ཞོལ་མང་བ་རི་ཡི་ཁྱད་ཆོས་དང་། གཞན་གཉིས་གང་རུང་མང་བ་རྒྱལ་པོའི་ཁྱད་ཆོས་སོ། །དེ་བཞིན་དུ་གཟི་
བརྗིད་ལྡན་པ་ནི་ཉི་མ་དང་རྒྱལ་པོ། དེ་གཉིས་ཀྱི་ཁྱད་ཆོས་ངེས་པར་དར་ཞེས་ཨུ་ད་ཡའི་སྒྲ་ཤར་བའམ་དར་བ་ལ་འཇུག་པས། ཉི་མ་ངེས་པར་འཆར་བ་དང་། རྒྱལ་པོ་མངའ་ཐང་ངེས་པར་དར་བའོ། །ཡང་ན་ཉི་མ་ནི་གཟི་བརྗིད་ངེས་པར་དར་བའམ་བདོ་བ་དང་། རྒྱལ་པོ་མངའ་ཐང་ངེས་པར་དར་བ་ཞེས་བཤད་ན་བོད་སྐད་ཀྱི་འགྱུར་འདི་ལའང་སྦྱར་བའི་ཚུལ་ཡོད་པར་འགྱུར་རོ། །སྐྱེ་རྒུའི་བདག་མོ་ཉིད་དུ་བྱུང་བའམ་གྱུར་པ་ནི་ཚངས་པ་དང་མིའི་རྒྱལ་པོའོ། །དཀྵཿ གྲུང་པོ་མྱུར་བ་དཔའ་བ་སོགས་ལ་འཇུག་པ་ལས། ཚངས་པའི་བྱེ་བྲག་མྱུར་བ་ཞེས་པ་དང་། རྒྱལ་པོ་དཔའ་ཞིང་གྲུང་བ་ཞེས་སྔ་མ་དག་གིས་བཤད། དེ་ལྟར་ན་སྐྱེ་རྒུའི་བདག་གྱུར་དཀྵ་སྟེ་ཞེས་བརྗོད་ན་ལེགས་ཀྱི། མྱུར་བར་བསྒྱུར་ན་ཕྱོགས་སུ་ལྷུང་ནས་སྒྲ་སྦྱར་ཞིག་པར་འགྱུར་ལ། ཚངས་པ་སྤྲུལ་པའི་སྒོ་ནས་གང་ཡང་འཇུག་པས་མྱུར་བ་དང་། རྒྱལ་པོ་བློ་མྱུར་བའམ་བྱ་བ་སྐྱེན་པར་བསྒྲུབ་པའི་མྱུར་བར་བྱས་ན་བོད་སྐད་དུའང་སྦྱར་བའི་ཚུལ་མི་འཇིག་གོ། རྗེ་བོ་ཞེས་པ་གཞོན་ནུ་གདོང་དྲུག་དང་རྒྱལ་པོ། ནུས་པ་འཛིན་ཡང་དེ་ཞེས་པ་རྗེ་བོའང་ཡིན་ལ་ནུས་པ་འཛིན་པའང་དེ་ཡིན་ནོ། །ཞེས་སོ། །དེ་ལ་ཤཀྟིའི་སྒྲ་མདུང་ཐུང་དང་ནུས་པ་གཉིས་ལ་འཇུག་པས། གཞོན་ནུའི་ལག་ན་མདུང་
ཐུང་འཛིན་པ་དང་། རྒྱལ་པོ་ས་ལ་དབང་བསྒྱུར་བའི་ནུས་པ་འཛིན་པའོ་ཞེས་བཤད། དེ་ལྟར་ན་རྗེ་བོ་ཤཀྟི་འཛིན་ཡང་དེ་ཞེས་བསྒྱུར་ན་ལེགས་ཀྱི། ནུས་པ་འབའ་ཞིག་ལ་བསྒྱུར་ན་སྒྲ་སྦྱར་བ་ཞིག་པར་འགྱུར་ལ། ནུས་པར་བསྒྱུར་ན། གཞོན་ནུས་མདུང་ཐུང་གིས་ལྷ་མིན་འཇོམས་པའི་ནུས་པ་འཛིན་ལ། རྒྱལ་པོས་དབང་ཆེ་བའི་སྟོབས་ཀྱིས་དགྲ་ཟླ་འཇོམས་པའི་ནུས་པ་འཛིན་ཞེས་བཤད་ན་སྦྱར་བ་མི་འཇིག་གོ། དེ་ལྟར་ས་འཛིན་ཞེས་པ་ལ་སོགས་པ་སྦྱར་ཟླ་བཞི་ལ་རྗེས་གྲུབ་ཀྱི་སྒོ་ནས་དངོས་མིང་དང་། རྒྱལ་པོ་ལ་ཡང་ས་གཞི་དཔུང་པས་འཛིན་པ་སོགས་དོན་གྱི་སྒོ་ནས་མིང་དེ་ཐོབ་པས། མིང་གི་སྒོ་ནས་ཁྱད་གཞི་དེ་དག་སྦྱར་ནས་ཁྱད་ཆོས་རྣམས་ཀྱང་སྒྲའམ་དོན་ཅི་རིགས་པའི་ཚུལ་གྱིས་གཉིས་ཀ་ལ་མི་འགལ་བར་འཇུག་པ་ཡིན་ནོ། །ཁྱད་ཆོས་འགལ་བ་ཅན་གྱི་སྦྱར་བ་ནི། རྟག་པའི་གོ་འཕང་ལས་མི་ཉམས་པ་ཁྱབ་འཇུག་དང་། མངའ་ཐང་ཉམས་པ་མེད་པ་རྒྱལ་པོ་གཉིས་སྦྱར་ནས་ཉམས་མེད་ཡིན་ཡང་། ཆོས་གཅོད་མིན་ཞེས་པ་བྲྀ་ཥའི་སྒྲ་དག་པའི་ཆོས་དང་། གླང་སོགས་དུ་མར་འཇུག་པ་ལས། རྒྱལ་པོ་དགེ་ཆོས་རྒྱུན་མི་གཅོད་པས་ཆོས་གཅོད་མིན་པ་མི་འགལ་ལ། ཁྱབ་འཇུག་གླང་གཅོད་མིན་པར་འགལ་ཏེ། ཁྱབ་འཇུག་གིས་སྔོན་ལྷ་མ་ཡིན་གླང་གི་གཟུགས་
ཅན་དུམ་བུར་བཅད་ཅིང་བསད་པར་གྲགས་པས་སོ། །ཞེས་སྔ་མ་དག་འཆད་ཀྱང་། ཉམས་མེད་ཡིན་ཡང་གླང་གཅོད་མིན། །ཞེས་པ་ཁོ་ནས་ཆོག་འདུག་གོ། རྒྱུ་སྐར་གྱི་རྒྱལ་པོ་ཟླ་བ་དང་མིའི་རྒྱལ་པོ་དག་རྒྱལ་པོ་ཡིན་ཡང་ཟད་མི་ཤེས་ཞེས་པ་ཟླ་བ་མར་ངོར་འཛད་པས་འགལ་ཞིང་། རྒྱལ་པོ་ལ་མི་འགལ་ལོ། །བདེ་བྱེད་དབང་ཕྱུག་གི་མིང་ཡིན་ལ། རྒྱལ་པོ་མངའ་འབངས་བདེ་བར་བྱེད་པ་ཡིན་པས། དེ་གཉིས་བདེ་བྱེད་ཡིན་ཡང་། བྷུ་ཛངྒ་ལག་འགྲོ་དང་། ཕྲ་མ་མཁན་དང་གཡོ་ཅན་གྱི་སྐྱེ་བོ་ལ་འཇུག་པས་དབང་ཕྱུག་ལ་ལག་འགྲོ་སྟེ་སྦྲུལ་རྒྱན་མེད་པ་འགལ་ཞིང་། རྒྱལ་པོ་ལ་ཕྲ་མ་སོགས་དེ་དག་མེད་པ་མི་འགལ་ཞེས་བཤད་ཀྱང་། རྒྱལ་པོ་ལ་ལག་འགྲོ་སྦྲུལ་རྒྱན་མེད་པ་མི་འགལ། དབང་ཕྱུག་ལ་འགལ་ཞེས་བཤད་པ་ཁོ་ནས་ཀྱང་ཆོག་འདྲའོ། །ལྷ་ཡང་བི་བུ་དྷ་མིན་ཤེས། ཞེས་མཐོ་རིས་ཀྱི་ལྷ་དང་། མིའི་ལྷ་ཞེས་པ། རྒྱལ་པོ་གཉིས་ཀ་ལྷ་ཡིན་ཡང་། བི་བུ་དྷ་མིན་པར་ཤེས་པ་ནི། བི་བུ་དྷ། རྣམ་སད་དང་། མཁས་བྲལ་ལ་འཇུག་པས། རྒྱལ་པོ་མཁས་བྲལ་མིན་པས་དེར་མི་འགལ་ལ། ལྷ་རྣམ་སད་མིན་པ་འགལ་ལོ། །ཞེས་བཤད་ཀྱང་། ལྷ་ཡང་རྣམ་སད་མིན་པར་ཤེས། ཞེས་རྒྱལ་པོ་རྣམ་སད་མིན་པར་
ཤེས་ཞེས་པས་ཆོག་པར་གདའ་སྟེ་ལྷ་རྣམས་ནི་གཉིད་ཀྱིས་མྱོས་པ་མེད་པར་རྟག་ཏུ་སད་ལ། མི་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། །གལ་ཏེ་གཅིག་ལ་འགལ་ཅིག་ཤོས་ལ་མི་འགལ་བའི་ཆོས་གཉིས་རེ་ངེས་པར་བརྗོད་དགོས་ན་འགལ་ཞིང་། མི་འགལ་བའི་སྦྱར་བར་གྱུར་ན་འདི་ནི་འགལ་བའི་སྦྱར་བ་ཞེས་གསུངས་པའི་ཕྱིར་གང་རུང་དང་འགལ་བས་ཆོག་པ་འདྲ་སྙམ་པའོ། །ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ལ། ངོ་བོ། དབྱེ་བ། མཇུག་སྡུད་གསུམ། དང་པོ། དངོས་པོ་འགའ་ཞིག་གི་འབྲས་བུ་བྱེད་པའི་ཁྱད་པར་རབ་ཏུ་བསྟན་པའི་ཕྱིར། རྒྱུ་དེ་ལ་ཡོན་ཏན་དང་རིགས་དང་བྱ་བ་ལ་སོགས་པ་ངག་གང་དུ་མ་ཚང་བ་ཉིད་བསྟན་པ་དེ་ནི་ཁྱད་པར་བརྗོད་པར་བྱས་པའི་རྒྱན་དུ་འདོད་དེ། རྒྱུ་མ་ཚང་བས་འབྲས་བུ་བྱེད་པ་མིན་ཡང་འདི་དག་ལ་མ་ཚང་བ་ལྟ་བུར་གྱུར་ཀྱང་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་ནུས་པར་བསྟན་པ་ནི་དངོས་པོའི་རང་བཞིན་སྤྱི་མཐུན་པ་ལས་ཁྱད་པར་དུ་གྱུར་པ་བརྗོད་པའི་ཕྱིར་རོ། །གཉིས་པ་ལ་དབྱེ་བ་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པའི་རྒྱན་ནི། མེ་ཏོག་གི་གཞུ་ཅན་འདོད་ལྷ་དག་གི་མཚོན་ཆ་མདའ་ལྔ་པོ་དེ་ནི་མཚོན་ཆའི་ཡོན་ཏན་རྩུབ་པ་དང་རྣོ་བའང་མིན། ཞེས་ཡོན་ཏན་དེ་དག་མ་ཚང་བ་དེ་ལྟར་ན་ཡང་མདའ་ལྔ་པོ་འདི་ཡིས་ནི་ས་འོག་ས་སྟེང་ས་
བླའི་འཇིག་རྟེན་གྱི་ས་གསུམ་པོ་དག་ལས་རྒྱལ་བར་གྱུར་ཏོ། །ཞེས་སོ། །རིགས་མ་ཚང་པའི་ཁྱད་པར་བརྗོད་པ། ཡིད་འོང་མ་འདི་དག་ལྷའི་བུ་མོ་ཡིན་ཞིང་། དེའི་བྱེ་བྲག་དྲི་ཟའི་རིགས་ལས་བྱུང་བའང་མིན། དེ་ལྟ་མོད་ཀྱི་གཟུགས་མཛེས་པས་ལྷ་ཚངས་པའི་ཡང་ཆགས་བྲལ་གྱི་དཀའ་ཐུབ་གཞོམ་པ་ཉིད་སྒྲུབ་པར་ནུས་སོ། །ཞེས་དང་། བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པའི་དཔེ་བརྗོད་ནི། གདོང་ལ་ཁྲོས་པའི་དབང་གིས་བྱུང་བའི་ཁྲོ་གཉེར་དག་ནི་མ་བསྡུས་ཤིང་། སོ་ཡི་གཡོགས་མཆུ་སྒྲོས་ཀྱང་མ་བསྐྱོད་ལ། མིག་ཀྱང་སྡང་མིག་དམར་པོར་མ་གྱུར་པར། དགྲ་ཡི་རིགས་ནི་མཐའ་དག་ཉམས་པར་བྱས་ཏེ་བྲན་དུ་བཀོལ་ཞེས་ཁྲོས་པའི་རྣམ་འགྱུར་གྱི་བྱ་བ་དེ་དག་མེད་པར་དགྲ་འཇོམས་པའོ། །རྫས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ཤིང་རྟ་མེད་ཅིང་གླང་པོའང་མེད། རྟ་མེད་ལ་རྐང་ཐང་མེད་པར་ཡང་། ཆགས་པའི་ཟུར་མིག་ཉིད་ཀྱིས་བུད་མེད་རྣམས། ལྷ་ཀླུ་མིའི་འགྲོ་བ་གསུམ་པོ་དག་ལས་རྒྱལ་པར་གྱུར་ཏོ། །ཟུར་མིག་ལ་རྒྱལ་བྱེད་ཀྱི་རྫས་དཔུང་བཞི་པོ་གང་ཡང་མེད་པའམ་མ་ཚང་ཡང་གཞན་ལས་རྒྱལ་བར་བསྟན་པའོ། །རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པའི་རྒྱན་ནི། གང་གི་གཞལ་ཡས་ཁང་འདྲེན་བྱེད་ཀྱི་ཤིང་རྟ་ལ་འཁོར་ལོ་གཅིག་པ་ལས་མེད་པ་དང་། ཤིང་རྟ་
འདྲེན་བྱེད་ཀྱི་ཁ་ལོ་བ་དྲང་སྲོང་འགྲོས་སྐྱོང་གི་བུ་ཡིན་ལ། བྱ་ཁྱུང་གི་ཕུ་བོར་གྱུར་པ་སྐྱ་རིང་དེའི་བརླ་ཆག་ནས་མེད་པས་ཉམས་པ་དང་། ཤིང་རྟ་འདྲེན་པའི་རྟ་བདུན་ཡོད་པས་གྲངས་མི་མཉམ་པར་གྱུར་པ་ནི་རྒྱུ་ཡི་ཡན་ལག་མ་ཚང་བ་དེ་ལྟར་ན་ཡང་གཟི་བྱིན་ཆེན་པོ་ཅན་གྱི་ཉི་མས་ལྷ་ཀླུ་མིའི་འགྲོ་བ་གསུམ་པོ་ཟིལ་གྱིས་མནན་པར་གྱུར་ཏོ། །གཞན་ཟིལ་གྱིས་གནོན་བྱེད་ཀྱི་རྒྱུ་དེ་ཡི་འབྱོར་པའི་ཁྱད་པར་འགའ་མ་ཚང་བ་ལྟར་སྣང་ཡང་། གཟི་བྱིན་ཅན་དང་སོགས་སྒྲས་ཚ་ཟེར་ལྡན་པ་སོགས་ཡོན་ཏན་གྱི་ཁྱད་པར་ལས་རྒྱུ་ཡི་བྱེད་པ་ཕུན་སུམ་ཚོགས་པར་གྱུར་པ་འདི་ནི་རྒྱུ་ཡི་ཁྱད་པར་བརྗོད་པ་ཡིན་ནོ། །མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་གསུངས་པ་ཡང་ཚུལ་འདི་དང་མཚུངས་སོ། །གསུམ་པ་དཔེ་བརྗོད་ཀྱི་རིམ་པ་འདི་ཡིས་ཁྱད་པར་བརྗོད་པའི་རིགས་སུ་གྱུར་པའི་དཔེ་བརྗོད་ཀྱི་དབྱེ་བ་རྣམས་ཀྱང་འདི་ལས་མཚོན་ནས་རང་གི་བློས་བརྟག་པར་བྱའོ། །ཉེར་དྲུག་པ་མཚུངས་པར་སྦྱོར་བའི་རྒྱན་ལ། ངོ་བོ་དང་དཔེ་བརྗོད་གཉིས། དང་པོ། དངོས་པོ་གང་ཞིག་གི་དོན་བརྗོད་པར་འདོད་པའི་དབང་གིས་དེ་དང་ཆ་འདྲ་བའི་
ཡོན་ཏན་ནམ་རྣམ་པ་བརྗོད་བྱ་རང་ཉིད་ལས་ཀྱང་ཆེས་ཁྱད་པར་འཕགས་པའི་ཡུལ་གཞན་དང་། དཔེར་མ་བྱས་པར་དོན་གཅིག་ཏུ་མཚུངས་པར་བྱས་ནས་འགའ་ཞིག་ནི་བསྟོད་པའམ། འགའ་ཞིག་སྨད་པའི་དོན་དུ་བསྒྲགས་པ་གང་དེ་ནི་དེ་དག་མཚུངས་པར་སྦྱོར་བར་བཤད་དོ། །འདི་ལ་ཁ་ཅིག་བསྟོད་པ་ན་གཞན་ཡོན་ཏན་ཁྱད་འཕགས་དེ་དག་དང་མཚུངས་པར་སྦྱོར་བ་ཡིན་མོད་ཀྱི། སྨད་པའི་ཚེ་མཚུངས་པའི་ཆོས་གཞན་ཡོན་ཏན་ཁྱད་འཕགས་སུ་མི་འགྱུར་ཏེ་སྐྱོན་མ་ཡིན་ནམ་ཞེས་དོགས་ན། འདི་སྐབས་ཀྱི་ཡོན་ཏན་ཞེས་པ་བཟང་ངན་གྱི་ཟླས་ཕྱེ་བའི་བཟང་པོ་ཁོ་ན་ལ་གོ་མི་དགོས་ཏེ། སྐྱོན་གྱི་ཆོས་སུ་བཏགས་པ་ཡང་སྐྱོན་ཅན་དེ་ལ་བལྟོས་པའི་ཡོན་ཏན་ཞེས་དངོས་པོ་དེའི་ནུས་པའམ། དེ་ལ་ཡོད་པའི་ཡོན་ཏན་མིན་ཏེ། གློག་དང་སྤྲིན་གྱི་སྟེང་ན་སྐད་ཅིག་གིས་མི་རྟག་པ་ཡོད་པ་ནི་དངོས་པོ་དེ་དག་གི་རང་བཞིན་གྱི་ཁྱད་ཆོས་སམ་ཡོན་ཏན་ཡིན་ནོ། །དེས་ན་སྐྱེས་བུ་ངན་པ་དང་མི་གཙང་བའི་འདམ་རྫབ་དང་། རུལ་བའི་རོ་རྣམས་མི་སྡུག་ཅིང་སྐྱུག་བྲོ་བར་མཚུངས་པར་བརྗོད་ནའང་། སྐྱུགས་བྲོ་བའི་རྣམ་པ་ཁྱད་འཕགས་མི་གཙང་བའི་འདམ་རྫབ་སོགས་དང་མཚུངས་པར་བརྗོད་པ་ཡིན་པས། གོང་གི་མཚན་ཉིད་དེས་སྨད་པའི་མཚུངས་སྦྱོར་ལ་མ་ཁྱབ་པར་མི་འགྱུར་རོ། །ཡང་ན།
བརྗོད་འདོད་ཡོན་ཏན་ཁྱད་འཕགས་དང་། །མཚུངས་པར་བྱས་ནས་བསྟོད་པའམ། །འགའ་ཞིག་སྨད་དོན་བསྒྲགས་པ་གང་། །དེ་ནི་མཚུངས་པར་སྦྱོར་བར་བཤད། །ཅེས་གཞན་པ་ཡོན་ཏན་ཁྱད་འཕགས་ཅན་དང་མཚུངས་པར་བྱས་ནས་དེ་རྣམས་ལ་མཉམ་དུ་བསྟོད་པའམ། གནས་སྐབས་གང་དུ་བརྗོད་འདོད་ཀྱི་དོན་འགའ་ཞིག་ནི་སྨད་པར་བྱ་བའི་སྐྱོན་ཅན་དང་མཚུངས་པར་བྱས་ཏེ་སྨད་པའི་དོན་དུ་བསྒྲགས་པ་གང་ཞེས་པའི་དོན་དུ་གོ་བར་བྱས་ཀྱང་རུང་ངོ་། །གཉིས་པ་ལ་དབྱེ་བ་གཉིས་གསུངས་པ་ལས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། ལྷོ་ཡི་ཕྱོགས་ཀྱི་བདག་པོ་གཤིན་རྗེ་དང་། བྱང་དུ་ལུས་ངན་ཏེ་གནོད་སྦྱིན་དང་། ནུབ་ཏུ་ཆུ་ལྷ་དང་། ཤར་དུ་མིག་སྟོང་པ་བརྒྱ་བྱིན་དང་། དབུས་ན་རྒྱལ་པོ་ཁྱོད་ཉིད་ཀྱང་སྟེ། ཁྱེད་རྣམས་ལ་འཇིག་རྟེན་སྐྱོང་བ་ཞེས་པའི་མིང་གིས་སྒྲ་འདི་ནི་ཡུལ་གཞན་ལ་འཇུག་པ་མེད་པར་རྣམ་པར་འཛིན་ནོ། །ཞེས་བརྒྱ་བྱིན་སོགས་དང་རྒྱལ་པོ་ལྷན་ཅིག་འཇིག་རྟེན་སྐྱོང་བ་ཡིན་པར་བསྟོད་པའོ། །སྨད་པའི་མཚུངས་སྦྱོར་ནི། ཆགས་བདེའི་སླད་དུ་རི་དྭགས་མིག་ཅན་མཛེས་མ་དང་ལྷན་ཅིག་འཁྱུད་པ་སོགས་ཀྱིས་འགྲོགས་པ་ཡི་གནས་སྐབས་དང་། གློག་གི་རྩེ་དགའ་གཡོ་བའི་བྱ་བ་དག་དང་ནི་སྤྲིན་གྱི་འདུ་འགོད་རྩོམ་པའང་རང་གི་
ངང་གིས་སམ། རང་བཞིན་གྱིས་སྐད་ཅིག་གཉིས་པར་མི་གནས་ཏེ་དེ་དག་སྐད་ཅིག་སྔ་ཕྱི་རིམ་བྱུང་ཡིན་པས་སོ། །ཉེར་བདུན་པ་འགལ་བའི་རྒྱན་ལ། ངོ་བོ། དབྱེ་བ ། མཇུག་སྡུད་གསུམ་ལས། དང་པོ། དངོས་པོ་གང་ལ་འགལ་བའི་ཟླ་བོ་ཡང་དེ་ཉིད་དུ་ཡོད་པ་གོ་བར་བྱེད་པའམ་སྒྲུབ་པར་བྱེད་པའི་སླད་དུ་ནི། ངག་སྦྱོར་གང་དུ་ཚིག་གམ་དོན་གྱི་སྒོ་ནས་ཕན་ཚུན་འགལ་བ་རྣམས་དུས་སམ། ཡུལ་གྱི་གཞི་གཅིག་ལ་འགལ་བ་དེ་གཉིས་ཡང་དག་འགྲོགས་པར་རབ་བསྟན་པ་དེ་ནི་འགལ་བ་ཡི་རྒྱན་དུ་བཤད་དེ་དཔེར་བརྗོད་ན་ཞེས་སོ། །གཉིས་པ་ལ། གཞུང་འདི་ལས་དབྱེ་བ་དྲུག་བཤད་པའི་དང་པོ། ཁྱད་གཞི་ཐ་དད་ཀྱི་བྱ་བ་འགལ་བའི་རྒྱན་ནི། འདི་ལྟར་སྟོན་ཀའི་དུས་སུ་ངང་པའི་རྒྱལ་པོ་རྣམས་དག་ནི་དགའ་བས་མྱོས་པའི་གདངས་སྙན་པའི་ཅ་ཅོ་འཕེལ་བ་དང་། དུས་དེར་ཆར་སྤྲིན་འབྲུག་སྒྲ་ཅན་ཉམས་པས་རྨ་བྱ་རྣམས་ཀྱི་སྒྲ་དག་ནི་ཡིད་དུ་འོང་བ་ཉིད་དུ་སྒྲོག་པ་དང་བྲལ་བས་ཉམས་སོ། །ཞེས་དུས་གཅིག་པོ་དེ་ལ་སྒྲ་སྙན་པོ་འཕེལ་བ་དང་ཉམས་པ་འགལ་བ་ལྟ་བུར་སྣང་བའི་ཕྱིར་བྱ་བ་འགལ་བའོ། །གཉིས་པ་ཡོན་ཏན་འགལ་བའི་རྒྱན་ནི། དབྱར་གྱི་དུས་ལས་སྐྱེས་པའི་ཆུ་འཛིན་སྟུག་པོ་མདོག་ནག་དམ་དང་ལྡན་པ་དག་གིས་ནི་ནམ་མཁའ་ཡི་གོ་སྐབས་ཡུལ་ངན་པ་སྟེ་
ཡིད་དུ་མི་འོང་བའི་མི་སྡུག་པ་ལྟ་བུར་སྤྱོད་པར་བྱེད་ཅིང་། སྤྲིན་དེས་ཆགས་པ་བསྐྱེད་པ་དག་ཏུ་བྱེད་པ་ཡིས་ཀྱང་འགྲོ་བ་རྣམས་ཀྱི་ཡིད་ནི་ཀུན་ཏུ་ཆགས་པར་གྱུར་ཏོ། །སྤྲིན་གཅིག་གིས་ཡུལ་ནམ་མཁའི་ཁམས་ཆགས་བྲལ་སྐྱོ་བའི་རྣམ་པར་བྱས་པ་དང་། ཡུལ་ཅན་འགྲོ་བའི་ཡིད་སྡུག་པ་ལ་ཆགས་པའི་ཆགས་ལྡན་དུ་བྱས་པའི་ཡོན་ཏན་འགལ་བས་སོ། །རྫས་འགལ་བའི་རྒྱན་ནི། གང་གི་རྐེད་པ་མཆོག་ཏུ་ཕྲ་ཞིང་རོ་སྨད་རབ་ཏུ་སྦོམ་པ་དང་། མཆུ་སྒྲོས་དམར་ཞིང་མིག་འབྲས་ནི་དཀར་བ་མིན་པ་སྟེ་ནག་པོའི་མདངས་དང་ལྡན་ནོ། །ལྟེ་བ་གཏིང་ཟབ་ལ་དམའ་ཞིང་ནུ་མ་འབུར་ལ་མཐོ་བའི་བུད་མེད་ལུས་ཀྱིས་གང་ཟག་སུ་ཞིག་མ་བཅོམ་སྟེ་ཆགས་ལྡན་ཐམས་ཅད་ཀྱི་བརྟན་པ་དེས་འཕྲོག་པའམ་བཅོམ་པར་བྱས་སོ། །ཞེས་བུད་མེད་ཀྱི་རྫས་དེ་དག་མི་འདྲ་བ་འགལ་བའི་རྣམ་པར་བརྗོད་པའོ། །རྫས་དང་དེ་ཡི་བྱེད་ལས་འགལ་བ་ནི། པད་རྩའི་སྟེ་པདྨའི་རྩ་བ་ཡི་ལག་པ་དཀར་ཞིང་མཉེན་པ་དང་། མཁྲང་ལ་ཟླུམ་པ་ཆུ་ཤིང་གི་བརླ་དང་། དཀར་ལ་དམར་མདངས་ཀྱིས་མཛེས་པ་པདྨའི་གདོང་དང་། གནག་ལ་དཀྱུས་རིང་བ་ཨུཏྤལ་གྱི་མིག་ཅན་མ་ཁྱོད་ཀྱི་གཟུགས་འདི་འདྲ་བ་ཉིད་ཀྱིས་བདག་ཅག་རྣམས་གདུང་ནུས་པ་མིན་ནམ་ཞེས་པར་ངེས་པར་གདུང་ངོ་ལུས་
ཅན་མ་ཞེས་སོ། །འདི་ལ་རྫས་དེ་དག་གི་ཡིད་དུ་འོང་བས་བདེ་བ་འབའ་ཞིག་བསྐྱེད་རིགས་ཀྱིས་གདུང་མི་འོས་ན་ཡང་གདུང་བ་བསྐྱེད་པ་ནི་རྫས་དང་ལས་འགལ་བའོ། །གཞི་གཅིག་གི་བྱ་བ་འགལ་བ་ནི། སྐྱེད་ཚལ་རྣམས་རླུང་གིས་རབ་ཏུ་བསྐྱོད་པ་ལས་ཤིང་ཙཱུ་ཏ་ཨ་མྲ་དང་ཙམྤ་ཀ་ཡི་མེ་ཏོག་གི་རྡུལ་རྣམས་མིག་ལ་རེག་པ་མིན་ཡང་། བུད་མེད་དང་བྲལ་བའི་མགྲོན་པོ་ཡི་མིག་ལ་མཆི་མ་ཟག་པར་བྱེད་དོ། །ཞེས་གཞི་མེ་ཏོག་གི་རྡུལ་རྣམས་ཀྱིས་མིག་ལ་མ་རེག་པ་དང་། མཆི་མ་ཟག་པར་བྱེད་པ་འགལ་ལོ། །གཞི་མིག་གཅིག་ལ་མ་རེག་པ་མཆི་མ་ཟག་པར་བྱེད་པ་འགལ་ཞེས་བཤད་པའང་སྣང་ངོ་། །སྦྱར་བའི་འགལ་བ་ནི། ཀྱེ་ངག་སྙན་པར་སྒྲོག་མ་ཁྱོད་ཀྱི་མིག་གི་འབྲས་བུ་ནག་པ་དང་། དེའི་མཐའ་དཀར་བ་དང་། མིག་སྤྲིན་དཀར་པོ་དེའི་རྗེས་སུ་དམར་བ་ཡང་འདི་ལྟར་དཀྱུས་རིང་བའི་མཐའ་རྣ་བ་དག་ལ་བརྟེན་པ་འདི་ནི་འདི་ལ་བརྟེན་ནས་གང་ཟག་སུ་ཡི་ཡིད་བརྟན་པ་ཉིད་དུ་འགྱུར་ཏེ་མི་འགྱུར་རོ་ཞེས་འདི་མཐོང་བས་ཆགས་པས་ཡིད་མི་བརྟན་པར་གཡོའོ། །ཞེས་པའི་དོན་ནོ། །ཡང་ན་འདིས་སུ་ལ་དགའ་བ་སྐྱེད་མ་ངེས་པས་ཡིད་བརྟན་མེད་དོ་ཞེས་པའི་དོན་དུ་བཤད་ཀྱང་རུང་ངོ་། །འདི་ལ་སྦྱར་བ་ཇི་ལྟར་ཡོད་ཅེ་ན། ཀྲྀཥྞཱ་རྫུ་ནཱ་ནུ་རཀྟཱ་པི། སོགས་ཀྱི་དོན་མི་འདྲ་བ་གཉིས་སུ་
འགྱུར་ཏེ། ཀྲྀཥྞཱ་ནག་མོ། ཨརྫུ་ན་སྲིད་སྒྲུབ། ཨ་ནུ་རཀྟའི་རྗེས་ཆགས་ཀྱང་སོགས་སྔ་མ་དང་དོན་མི་འདྲ་བ་འདི་ལྷར། ནག་མོ་སྙན་སྒྲོག་ཁྱོད་ཀྱི་མིག །སྲིད་སྒྲུབ་ལ་ཆགས་ལྟ་བྱེད་ཀྱང་། །ཀརྞ་དག་ལ་བརྟེན་པ་ནི། །སུ་ཡི་ཡིད་བརྟན་ཉིད་དུ་འགྱུར། །ཞེས་སུ་བསྒྱུར་བའི་དོན། ནག་མོ་ཞེས་པ་སྐབས་འདིར་སྲིད་སྒྲུབ་ཀྱི་ཆུང་མ་དྲཽ་བ་དཱི་ཡིན་ལ། ཁྱོད་རང་གི་ཁྱོ་བོ་སྲིད་སྒྲུབ་ལ་ཆགས་ཀྱང་། དེའི་དགྲ་བོ་ཀརྞ་ལ་ཡང་འདོད་པ་བརྟེན་པའི་སྤྱོད་ཚུལ་འདི་ལ་སུ་ཞིག་ཡིད་ཆེས་ཞེས་ཚིགས་བཅད་དོན་མི་འདྲ་བ་གཉིས་སུ་འགྱུར་བའོ། །དེར་མ་ཟད་ཡང་བསྒྱུར་ཚུལ་གཅིག་ལྟར་ན། ཚིག་རྐང་དང་པོ་ཁྱབ་འཇུག་ལ་གོ་ནས་དེ་སྲིད་སྒྲུབ་ལ་ཆགས་ཀྱང་། ཀརྞ་ལ་བརྟེན་ལྟ་བ་ནི། །ཞེས་པར་འགྱུར་ཏེ་འདི་སྐབས་ཀྲྀཥྞ་ཁྱབ་འཇུག་གི་འཇུག་པ་བཅུ་ཡི་ནང་ཚན་ནག་པོ་ཞེས་པ་དེ་ཡིན་པས་ཁྱབ་འཇུག་གི་མིང་ཡིན་ཞིང་། ཁྱབ་འཇུག་དེ་སྐྱ་བསེང་གི་བུ་སྲིད་སྒྲུབ་ལ་ཆགས་ཏེ་བརྩེ་བས་སྐྱོང་བ་ཡིན་ཡང་། སྲིད་སྒྲུབ་དེའི་དགྲ་བོ། ཨངྒ་ཞེས་པའི་ཡུལ་གྱི་རྒྱལ་པོ་ཀརྞ་ལའང་བརྟེན་ནས་བྱམས་པས་ལྟ་བ་ནི་སུའི་ཡིད་བརྟན་དུ་འགྱུར་ཞེས་སོ། །ཚིགས་བཅད་དང་པོ་ནག་དཀར་རྗེས་སུ་དམར་བ་ཡང་། རྣ་བ་ལ་བརྟེན་ལྟ་བ་ནི། །ཞེས་པའི་ཚེ་ཀྲྀཥྞཱ་ནག ཨ་རྫུ་ན་དཀར། ཨ་ནུ་རཀྟ་རྗེས་
སུ་དམར་ཞེས་སོ། །དེ་ལྟར་དོན་མི་འདྲ་བ་གསུམ་སྟོན་པའི་དང་པོ་ལྟར་ན། མིག་ལ་ནག་དམར་དཀར་བའི་ཡོན་ཏན་གསུམ་འགལ་བ་དང་། སུའི་ཡིད་བརྟན་དུ་མི་རུང་བར་འགལ་བའོ། །ཕྱི་མ་གཉིས་ནི། ཁྱབ་འཇུག་དགྲ་ཟླ་གཉིས་ཀར་མགོན་མཛད་པས་སུའི་ཡིད་བརྟན་དུ་འགྱུར་ཞེས་དང་། དྲཽ་བ་དཱི་དགྲ་ཟླར་གྱུར་པ་གཉིས་ལ་མཛའ་བས་སུའི་ཡིད་བརྟན་དུ་འགྱུར་ཞེས་འགལ་བ་བསྟན་པའོ། །དྲཽ་བ་དཱི་སྲིད་སྒྲུབ་ཀརྞ་གཉིས་ཀ་ལ་མཛའ་བ་དང་། ཁྱབ་འཇུག་ཀྱང་དེ་གཉིས་དང་མཐུན་པ་ཡིན་པའི་གཏམ་རྒྱུད་ཆེས་རྒྱས་པ་ཡོད་དོ་ཞེས་སྔ་འགྲེལ་དག་ཏུ་བཤད། འདིར་སྒྲ་བསྒྲུབ་ཚུལ་ཡི་གེ་མང་བས་མ་བཀོད་དོ། །གསུམ་པ་མཇུག་བསྡུ་བ་དེ་ལྟར་འགལ་རྒྱན་འདི་ཡི་རྣམ་པ་ནི་མི་འདྲ་བ་དུ་མ་ཡོད་པ་ཉིད་དུ་རབ་ཏུ་རྟོགས་པར་བྱའོ། །ཉེར་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན་ལ། ངོ་བོ་དང་། དཔེ་བརྗོད། དེའི་དོན་བཤད་པ་གསུམ་ལས། དང་པོ་སྤྱིར་བསྟོད་བྱར་གྱུར་པ་འདི་ལ་ཅིས་མི་བསྟོད་སྙམ་པའི་བསྟོད་འོས་ཀྱི་སྐབས་སུ་བབ་པ་ཞིག་མིན་ན་ཡང་རང་གི་གནས་སྐབས་ཀྱི་འདོད་པས་བསྟོད་པ་ནི་སྐབས་སུ་མ་བབ་པའི་བསྟོད་པ་ཡིན་ནོ། །བསྟོད་བྱའི་སྐབས་སུ་མ་བབ་བཞིན་བསྟོད་པ་ལ་མཛེས་པའི་རྒྱན་གྱི་ཉམས་ཅི་ལ་ཡོད་སྙམ་ན། སྐབས་མིན་ཡང་འདོད་པ་དེའི་ངོར་བསྟོད་བྱར་འོས་པ་ལྟ་བུར་སོང་
པའི་ཕྱིར་བརྗོད་པ་ལེགས་པར་འགྱུར་རོ། །གཉིས་པ་དེའི་དཔེར་བརྗོད་པ། གཞན་ངོ་སྲུང་གིས་མི་བསྟེན་པའི་རི་དྭགས་འདི་རྣམས། འབད་པ་ཆེན་པོ་མེད་པས་རྙེད་པར་སླ་བའི་ནོར། ཆུ་ཡི་བཏུང་བ་དང་རྩ་བའི་མྱུག་ཅེས་པ་མྱུ་གུ་སྒྲ་བསྡུས་པ་དེ་དང་། སོགས་སྒྲས་ཤིང་ལོ་དང་མེ་ཏོག་སོགས་ཀྱིས་བག་ཡངས་བའི་ནགས་རྣམས་སུ་ནི་རང་དབང་དུ་བདེ་བར་འཚོ་བ་ནི། ཨེ་མ་སྐལ་བ་བཟང་ཞེས་སོ། །གསུམ་པ་དེའི་དོན་ནི། རྒྱལ་པོའི་རྗེས་སུ་འབྲངས་པས་འཁོར་འབངས་བྱ་བ་སྣ་ཚོགས་དབང་མེད་པར་བྱེད་དུ་བཅུག་པས་ཉོན་མོངས་པ་ཤིན་ཏུ་སྐྱོ་བའི་ཡིད་ཅན་གྱིས་མིར་གྱུར་པ་དག་གིས་དུད་འགྲོ་རི་དྭགས་ཀྱི་སྤྱོད་ཡུལ་ལ་བསྟོད་པ་སྤྱིར་སྐབས་སུ་མ་བབ་པ་ཉིད་དུ་གྱུར་ཀྱང་། རྒྱལ་པོའི་བྱ་བས་སྐྱོ་བས་དེ་དག་གིས་རི་དྭགས་ཀྱི་སྤྱོད་ཚུལ་འདི་དག་འདི་ལྟར་བསྔགས་པའང་ཆ་འགའ་ཞིག་ནས་བརྗོད་འོས་པ་ལྟར་འགྱུར་རོ། །འདིར་དོན་མེད་པའི་སྨྲ་བ་མང་པོ་ལ་དགའ་བ་ཅན་ཞིག་གིས་མི་གཉིད་དུ་སོང་བ་ཞིག་ལ་འཕྱ་བར་བརྩམ་པ་ལ་དེས་སྨྲས་པ་ལྟར་བརྗོད་པ། མང་དུ་སྨྲ་དང་ཆགས་སྡང་རྣམ་རྟོག་གིས། །བརྒྱུད་མར་གཡེང་བཞིན་སྡུག་བསྔལ་ཁུར་ལེན་པའི། །ཉེས་རྒྱུན་ཡོངས་ཆད་ཞི་བའི་བསམ་གཏན་དང་། །ཆ་འདྲ་གཉིད་ལ་ཡུར་འདི་བདེ་བར་མཐོང་། །
ཞེས་པ་འདི་ཡང་སྐབས་མིན་བསྟོད་པའི་རིགས་སུ་གནས་སོ། །ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ། ངོ་བོ། དབྱེ་བ། མཇུག་བསྡུ་གསུམ་ལས། དང་པོ། གལ་ཏེ་རྣམ་པ་སྨད་པ་བཞིན་དུ་ཡང་དོན་ལ་བསྟོད་པ་བྱས་ནས། བརྗོད་ཚུལ་སྐྱོན་ལྟར་སྣང་བའི་སྒོ་ནས་ཡོན་ཏན་རྒྱ་ཆེན་པོ་ཉིད་གང་དུ་ཉེ་བར་ཐོབ་པར་གྱུར་པ་ཡི་ངག་བརྗོད་ཚུལ་འདི་ནི་ཟོལ་གྱིས་བསྟོད་པར་བཤད་དོ། །གཉིས་པ་ལ་དབྱེ་བ་གསུམ་ལས། དང་པོ་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། རཱ་མ་དཀའ་ཐུབ་པ་ཡིས་ཀྱང་། །ཞེས་པ་དྲང་སྲོང་བྷྲི་གུ་སྟེ་ངན་སྤོང་ཤེས་པའི་རིགས་ལས་བྱུང་བ་རཱ་མ་ཞེས་པ་དེས་གཞན་གྱིས་སྤྱོད་པར་དཀའ་བའི་དཀའ་ཐུབ་དྲག་པོ་ཡུན་རིང་བྱས་པའི་མཐུས་ཚེ་དེ་ཉིད་ལ་ས་ཆེན་པོ་འདི་ལས་རྣམ་པར་རྒྱལ་བའི་གཏམ་རྒྱུད་རྒྱ་ཆེར་ཡོད་པ་དང་སྦྱར་བ་རཱ་མ་ཎ་སྔ་མ་དགྲ་སྟྭ་རཱ་མ་དང་། དེར་མ་ཟད་དེའི་ཕྱི་ཞིག་ཏུ་ར་གྷུའི་རིགས་ལས་བྱུང་བ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་རཱ་མ་ཎར་གྲགས་པ་སྲིན་ཡུལ་འཇོམས་མཁན་དེ་ཡང་དྲང་སྲོང་གི་རིགས་ལས་བྱུང་བའི་དྲང་སྲོང་དངོས་མིན་ཀྱང་། ཡབ་ཀྱི་བཀའ་བཞིན་ལོ་བཅུ་གཉིས་བར་དུ་ནགས་སུ་འཁྱམས་པའི་དཀའ་ཐུབ་ལ་གནས་ཤིང་། ཚེ་སྔོན་གྱི་དཀའ་ཐུབ་སོགས་ཀྱི་མཐུས་ས་མཐའ་དག་ལས་རྣམ་པར་རྒྱལ་བ་ཐོབ་པ་ཡིན་པས། དེ་ལྟར་
རཱ་མ་སྔ་ཕྱི་གཉིས་པོ་མིང་མཐུན་པས་བསྡུས་ནས་རཱ་མ་ཎའི་མིང་ཅན་དེས་ཀྱང་ནགས་སུ་རྒྱུ་བའི་དཀའ་ཐུབ་ལྷུར་བླངས་ནས་དཔུང་གཞན་མེད་པར་ཡང་འབྱུང་པོ་འཛིན་མ་ས་ཆེན་པོ་འདི་ལས་རྒྱལ་བར་གྱུར་ན། ཚུལ་དེ་ཉིད་ད་ལྟ་དཔུང་བཞི་དང་ལྡན་པའི་རྒྱལ་པོ་ཁྱོད་ཀྱིས་ཀྱང་བྱས་པ་ཡིན་མོད། འདི་ལ་ཁྱོད་ནི་རྒྱགས་པར་མ་མཛད་ཅིག ཅིའི་ཕྱིར་ན་ཁྱོད་དང་མཚུངས་པ་གཞན་རཱ་མ་གཉིས་པོ་ཡང་ཡོད་པའི་ཕྱིར་རོ། །ཞེས་ང་རྒྱལ་བྱ་རིན་མི་ཆོག་པ་སྐད་དུ་སྨད་པ་ལྟར་བྱས་བའི་ཟོལ་གྱིས་ར་མ་གཉིས་བཞིན་ས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཐུ་ཕུན་སུམ་ཚོགས་པའི་ཡོན་ཏན་རྒྱ་ཆེ་བའི་བསྟོད་པ་བྱས་པའོ། །གཉིས་པ་དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། སྔོན་གྱི་སྐྱེས་བུ་ཁྱབ་འཇུག་ལས་བཅད་ནས་རྒྱལ་སྲིད་ཀྱི་དཔལ་ཆེན་པོ་འདི་རྒྱལ་པོ་ཁྱོད་ཀྱིས་ལོངས་སུ་སྤྱོད་པར་མཐོང་ན། རྒྱལ་པོ་བུ་རམ་ཤིང་པའི་རྒྱུད་དུ་སྐྱེས་པ་ཡ་རབས་ཁྱོད་ཀྱིས་ཚུལ་འདི་ལྟ་བུ་ནི་བགྱི་བར་རིགས་སམ་ཅི། ཞེས་མི་རིགས་པའི་བྱ་བ་བྱེད་པ་སྐད་དུ་ཟོལ་གྱིས་སྨད་པ་འདྲ་ན་ཡང་། ཁྱབ་འཇུག་གི་དཔལ་ཀྱང་ཕྲོག་ནས་ལོངས་སྤྱོད་ནུས་པའི་དཔའ་བ་ཕུན་ཚོགས་ཡོད་པར་བསྟོད་པའོ། །ཚིགས་བཅད་འདི་བུ་རམ་ཤིང་པའི་རྒྱུད་ཀྱི་རྒྱལ་པོ་བཟང་ལྡན་ཟེར་བས་ཁྱབ་འཇུག་གི་ཆུང་མ་
དཔལ་མོ་ལ་ལོངས་སྤྱད་པའི་གཏམ་རྒྱུད་དང་སྦྱར་བ་ཡིན་ཟེར་བའང་འདུག་གོ། སྦྱར་བའི་ཟོལ་བསྟོད་ནི། རྒྱལ་པོ་ཁྱོད་ཀྱི་བཙུན་མོ་དང་འདྲ་བར་རང་དབང་དུ་ལོངས་སྤྱད་བྱ་ས་གཞི་ཆེན་པོ་འདི་ནི་ལག་འགྲོ་ཞེས་པ་སྦྲུལ་གྱི་བྷོ་ག་ཞེས་ལུས་ཀྱི་ཆ་དག་ལ་ཆགས་པ་སྟེ། དེ་ལ་བརྟེན་ནས་གནས་པའོ། །འདི་ལྟར་ཀླུ་ལྷག་མ་ཅན་གྱི་ལུས་ལ་བརྟེན་ནས་ཆགས་པ་ཞེས་འཇིག་རྟེན་ཆགས་ཟེར་བ་ལྟར་གོ་དགོས་ཀྱི། འདོད་ཆགས་ཀྱི་ཆགས་པར་གོ་བར་མི་བྱའོ། །དེས་ན་ས་གཞི་འདི་ནི་ཁྱོད་ཁོ་ནའི་མ་ཡིན་ཏེ། ཀླུ་ལྷག་མ་ཅན་གྱི་ལུས་ལ་ཆགས་པ་ཡིན་པས། ས་ཆེན་པོ་འཛིན་པ་ནི་ང་ཁོ་ན་ཡིན་ནོ་སྙམ་དུ་ཅི་ཡི་སླད་དུ་ཁྱོད་ཀྱི་ང་རྒྱལ་ནི་མཆོག་གི་མཐའ་རུ་འཛེགས་པར་གྱུར་ཅེས་སྨད་པ་འདྲ་ཡང་ཀླུ་ལྷག་མ་ཅན་གྱི་ལུས་ལ་བརྟེན་པའི་ས་ཐམས་ཅད་ལ་དབང་བྱེད་པར་ཟོལ་གྱིས་བསྟོད་པའོ། །འདི་ལ་ཁྱོད་ཀྱིས་ལོངས་སྤྱད་བྱ་བཙུན་མོ་དང་ས་གཞི་གཉིས་ཀ་ལག་འགྲོའི་བྷོ་ག་སྟེ་ལུས་སམ་ལོངས་སྤྱོད་པ་ལ་གནས་པ་ཞེས་བཤད་པའང་སྣང་ངོ་། །འདི་ལ་སྦྱར་བ་ཅི་ལྟར་ཡོད་ན། བྷཱུ་ཛཾ་གའི་སྒྲ་ལག་འགྲོར་མ་ཟད་སྐྱེ་བོ་ངན་པ་ལ་ཡང་འཇུག་པས་ས་སྟེང་གི་སྐྱེ་བོ་ངན་པ་ཐམས་ཅད་ཀྱིས་ཀྱང་བྷོ་ག་ཞེས་པ་ལོངས་སྤྱོད་དེ། དེ་དག་གིས་ལོངས་སྤྱོད་དུ་ཆགས་པ་སྟེ་གནས་པར་གྱུར་པའི་ཕྱིར་ན།
ཁྱོད་ཙམ་དུ་མ་ཟད་སྐྱེ་བོ་གཞན་དེ་དག་གིས་ཀྱང་སྤྱད་བྱ་ཡིན་པས། ཁྱོད་ཁོ་ན་འདི་ལ་ང་རྒྱལ་ཅི་ཞིག་བྱ་ཞེས་པའི་དོན་དུའང་འགྱུར་བས་སྦྱར་བའི་ཟོལ་བསྟོད་དོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་བཤད་མ་ཐག་པའི་དཔེ་བརྗོད་འདིས་ཉེ་བར་མཚོན་པ་ལས་སྦྱར་བ་ཅན་གྱི་ཟོལ་བསྟོད་གཞན་ཡང་ཤེས་པར་བྱ་སྟེ། སྦྱར་བ་མིན་ཡང་ངག་གཞན་དག་གི་ཟོལ་གྱིས་བསྟོད་པའི་རྣམ་པ་རྣམས་ནི་བརྗོད་བྱ་མཁས་པ་དང་མཛངས་པ་མཛེས་པ་སོགས་ཀྱི་ཁྱད་པར་ལས་དང་། བརྗོད་ཚུལ་གྱི་སྒོ་ནས་ཀྱང་དབྱེ་བ་བྱས་ན་རབ་ཏུ་རྒྱ་ཆེ་མཐའ་དང་བྲལ་བ་ཡོད་དོ། །ཞེས་སོ། །སུམ་ཅུ་པ་ངེས་པར་བསྟན་པའི་རྒྱན་ལ། ངོ་བོ་དང་དབྱེ་བ་གཉིས། དང་པོ། གལ་ཏེ་སྟོན་བྱེད་ཀྱི་དངོས་པོ་ཞིག་ཐོག་མར་བཀོད་པ་དེ་ཡི་ཚུལ་རང་ལས་གཞན་པའང་འཇུག་པ་ཡིས། སྟོན་བྱེད་དེ་དང་མཚུངས་པའི་འབྲས་བུའམ་དགོས་པ་འགའ་ཞིག་མཆོག་གམ་མཆོག་མིན་ཡང་རུང་སྟེ། སྔ་མའི་རྗེས་སུ་བྱུང་བའི་བསྟན་བྱ་དེ་ལྟ་བུ་སྟོན་པར་བྱེད་པ་དེ་ནི་ཆོས་གཅིག་གིས་གཅིག་ངེས་པར་བསྟན་པ་ཡི་རྒྱན་ཉིད་དོ། །གཉིས་པ་ལ་རྣམ་གྲངས་གཉིས་ལས། དང་པོ་མཆོག་ངེས་བསྟན་ནི། འདི་ལྟར་ཉི་མ་འཆར་བ་ཉིད་ཀྱིས་ནི་མེ་ཏོག་པདྨ་རྣམས་ལ་རབ་ཏུ་རྒྱས་པའི་དཔལ་སྟེར་བར་བྱེད་དོ། །ཞེས་
པའི་སྟོན་བྱེད་བཀོད་ནས་དེས་མཚོན་པའམ་བསྟན་པར་བྱ་བ། ཕུན་སུམ་ཚོགས་པ་རྣམས་ཀྱི་འབྲས་བུ་དག་གི་སྒོ་ནས་གྲོགས་པོ་རྣམས་ལ་ཕན་འདོགས་པས་རྗེས་སུ་འཛིན་པ་ནི་ངེས་པར་བསྟན་པའི་ཕྱིར་རོ། །སྐབས་འདིར་ཉི་མས་པདྨ་ལ་དཔལ་སྟེར་བ་དག་ནི་དམ་པ་དག་གིས་གྲོགས་སུ་འཛིན་པ་བསྟན་པའི་ཕྱིར་རམ། ཆེད་དུ་ཡིན་ནོ་ཞེས་འཆད་པ་ནི་ཉི་མ་ལ་རབ་བརྟགས་བྱས་པར་སོང་ཞིང་དོན་ལེགས་པའང་མེད་པས་དེ་ལྟར་མ་ཡིན་ཏེ། སྐྱེ་བོ་བཟང་པོ་དང་འགྲོགས་པས་དཔལ་ཕུན་སུམ་ཚོགས་པ་འགྲུབ་བམ་སྙམ་པ་ལ་ངེས་པར་འགྲུབ་པ་ཉི་མས་པདྨ་ལ་དཔལ་སྟེར་བ་བསྟན་པའི་ཕྱིར་རམ་ཤེས་པའི་ཕྱིར་རོ། །ཞེས་གོ་དགོས་སོ། །འདི་ལ་སྟོན་བྱེད་རྗེས་སུ་བྱས་ན་ཟླ་དངོས་ཀྱི་དཔེ་ལྟ་བུར་འགྱུར་མོད། འདིར་སྔ་མ་དཔེར་བྱས་པ་མིན་ཞིང་། སྔ་མ་ལས་ཕྱི་མ་ཤེས་པར་བྱེད་པ་སྟེ་སྒྲུབ་བྱེད་རང་དབང་བ་སྔོན་དུ་བཀོད་པ་དེས་དོན་གཞན་རྗེས་སུ་བསྟན་པ་ཡིན་ནོ། །འདི་ལ་གྲོགས་པོ་རྗེས་སུ་འཛིན་རྣམས་ཀྱི། །ཕུན་ཚོགས་འབྲས་བུ་བསྟན་པའི་ཕྱིར། །ཞེས་པའི་དོན་དུ་གོ་བར་བྱ་སྟེ། དམ་པའི་སྐྱེས་བུ་གྲོགས་པོ་རྗེས་སུ་འཛིན་པ་རྣམས་ཀྱི་མཐུ་ལས་ཕུན་སུམ་ཚོགས་པའི་འབྲས་བུ་འགྲུབ་པ་ངེས་པར་བསྟན་པའི་ཕྱིར་རོ། །སྟོན་བྱེད་ནི་ཉི་མའི་འོད་ཀྱིས་རེག་པས་པདྨ་ཁ་བྱེ་ཞིང་མཛེས་པར་བྱེད་
པ་དངོས་པོའི་ཆོས་ཉིད་ཡིན་པ་ངེས་སོ། །གཉིས་པ་མཆོག་མིན་ངེས་བསྟན་ནི། ཟླ་བའི་ཟེར་གྱིས་རེག་པ་ན་མུན་པའི་ཕྲེང་བ་ནི་ངེས་པར་ནུབ་པར་འགྱུར་རོ། །དེས་འཕྲལ་དུའང་རྒྱལ་པོ་དང་འགལ་བ་རྣམས་ངན་པའི་མཐར་འགྱུར་བ་གསལ་བར་བྱེད་དོ། །ཞེས་སོ། །ལྷན་ཅིག་བརྗོད་པ་དང་། ཡོངས་བརྗེས་ཀྱི་རྒྱན་གཉིས་ཀྱི་ངོ་བོ་བསྟན་པ་དང་། སོ་སོའི་དཔེ་བརྗོད་བསྟན་པ་གཉིས་ལས། དང་པོ། སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་ནི། ཡོན་ཏན་དང་ལས་རྣམས་ལྷན་ཅིག་གི་ཚུལ་དུ་ཡོད་པའི་དངོས་པོ་བརྗོད་པ་ནི་ལྷན་ཅིག་བརྗོད་པའི་རྒྱན་ནོ། །སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ནི། ཡོན་ཏན་དང་བྱ་བ་སོགས་ཀྱི་དོན་རྣམས་ཕན་ཚུན་བསྣོལ་བ་ལྟ་བུར་བརྗོད་པ་ནི་གང་ཡིན་པ་ཡོངས་བརྗེས་ཀྱི་རྒྱན་ཞེས་བྱ་སྟེ། དེ་དག་དཔེར་བརྗོད་ན་ཞེས་སོ། །གཉིས་པ་སོ་སོའི་དཔེ་བརྗོད་བསྟན་པ་ལ། ལྷན་ཅིག་བརྗོད་པའི་དཔེ་བརྗོད་དང་། ཡོངས་བརྗེས་ཀྱི་དཔེ་བརྗོད་གཉིས་ལས། དང་པོ་ལ་རྣམ་གྲངས་གསུམ་ལས། ཐོག་མར་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། བྲལ་བས་ཉེན་པ་དག་གིས་བརྗོད་པ་སྐད་དུ་བྱས་པ། ད་ནི་མཚན་མོ་འདི་དག་རྣམས་བདག་གི་ཤུགས་རིང་འབྱིན་པའི་དབུགས་དང་ལྷན་ཅིག་རིང་ངོ་། །ཟླ་བའི་རྒྱན་ལྡན་མཚན་མོའི་ནམ་མཁའ་སྔོ་བསངས་
མ་རྣམས་ཀྱང་བྲལ་ཉེན་གྱིས་གདུང་བས་མདངས་ཉམས་པ། བདག་གི་ལུས་ཉིད་དང་ལྷན་ཅིག་མདོག་སྐྱའོ། །ཞེས་རིང་བ་དང་སྐྱེ་བའི་ཡོན་ཏན་ལྷན་ཅིག་བརྗོད་པའོ། །བྱ་བ་ཐ་དད་པ་ལྷན་ཅིག་བརྗོད་པ་ནི། མགྲོན་པོ་རྣམས་ཀྱི་བྲལ་བས་ཉེན་པས་སེམས་རྨོངས་པ་དང་། ལྷན་ཅིག་ཏུ་ཤིང་ཙཱུ་ཏའི་དོག་པ་རྒྱས་ཤིང་། མགྲོན་པོ་དེ་དག་གི་མཆི་མ་དང་མཉམ་དུ་མ་ལ་ཡ་ཡི་ཀླུང་དག་འབབ་བོ། །འབབ་པ་དང་རྒྱས་པའི་བྱ་བ་ཐ་དད་པ་ལྷན་ཅིག་བརྗོད་པའོ། །བྱ་བ་ཐ་མི་དད་པ་ལྷན་ཅིག་བརྗོད་པ་ནི། ཁུ་བྱུག་གིས་སྒྲ་སྙན་སྒྲོག་པའི་རྒྱུ་ལས་ཡིད་འོང་གི་སྐལ་བ་བཟང་པོ་དང་། ནགས་ཀྱི་རླུང་ནི་དྲི་བཟང་པོ་དང་ལྡན་པ་རྒྱུ་བ་དང་། དཔྱིད་དུས་ཀྱི་ཉིན་མོར་བབ་པའི་སྐྱེ་བོའི་ཀུན་དགའ་དང་དེ་རྣམས་དུས་ལྷན་ཅིག་ཏུ་འཕེལ་བར་གྱུར། ཅེས་གཞི་ཐ་དད་པ་དེ་རྣམས་ཀྱི་འཕེལ་བའི་བྱ་བ་ཐ་མི་དད་པ་ལྷན་ཅིག་བརྗོད་པའོ། །དེ་ལྟར་ལྷན་ཅིག་བརྗོད་པ་ཡི་དཔེར་བརྗོད་འགའ་ཞིག་འདིར་བྱས་ཏེ། ཡོངས་སུ་བརྗེས་པའི་རང་བཞིན་ཡང་དཔེ་ཡིས་ངེས་པར་བསྟན་པ་ཅུང་ཟད་བྱ་ན་འདི་ལྟ་སྟེ། དགྲ་ཟླར་གྱུར་པའི་ས་སྤྱོད་རྒྱལ་པོ་རྣམས་ལ་མཚོན་བསྣུན་པ་སྟེར་བར་བྱེད་པའི་རྒྱལ་པོ་ཁྱོད་ཀྱི་ལག་པ་ཕྱོགས་ལས་རྣམ་པར་རྒྱལ་བྱེད་འདི་ཡིས། དགྲ་ཟླའི་རྒྱལ་པོ་དེ་དག་གི་གཞན་ལས་རྒྱལ་བའི་གྲགས་
པ་ཀུ་མུད་དཀར་པོ་ལྟ་བུ་དྲི་མ་མེད་པ་ཡུན་རིང་པོ་དག་ཏུ་བསྒྲུབ་ཅིང་བསགས་པ་འཕྲོག་གོ། ཞེས་པར་མཚོན་བསྣུན་པས་གྲགས་པ་ཚུར་འཕྲོག་པ་བསྣོལ་བར་གྱུར་པས་ཡོངས་སུ་བརྗེས་པ་ཞེས་བྱ་སྟེ། ཕར་རིན་གཞལ་བས་དངོས་པོ་ཚུར་ཁུག་པ་ལྟ་བུའོ། །དགྲ་ཟླའི་རྒྱལ་པོ་གཞན་རྣམས་གཡུལ་བགྱེས་ནས་དཔའ་བ་སོགས་ཀྱི་གྲགས་པ་ཅི་ཡོད་པ་དེ་དག་དེས་ཡུད་ཙམ་གྱིས་ཕྲོག་ནས་དེ་ལ་ཐོབ་པ་ལྟར་གྱུར་པའོ། །སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ལ། ངོ་བོ། དཔེ་བརྗོད། ཞར་བྱུང་གསུམ། དང་པོ། གང་མངོན་པར་འདོད་པའམ་དོན་དུ་གཉེར་བྱར་གྱུར་པའི་དངོས་པོ་ལ་སྨོན་པ་ཡི་ཚིག་བརྗོད་པ་ནི་ཤིས་བརྗོད་ཀྱི་རྒྱན་ཞེས་བྱ་སྟེ། གཉིས་པ་དཔེར་བརྗོད་ན། ངག་གིས་བརྗོད་པ་དང་། ཡིད་ཀྱིས་བསམ་པའི་སྤྱོད་ཡུལ་མ་ཡིན་པའི་དགེ་ལེགས་ཀྱི་སྣང་བ་དམ་པས་ཁྱོད་ལ་སྲུངས་ཤིག་ཅེས་པ་དགེ་ལེགས་ཀྱི་དོན་ཙམ་ཞིག་བརྗོད་བསམ་ལས་འདས་པ་མིན་ཡང་། དགེ་ལེགས་དེའི་ཚད་དང་མཐའ་འདི་ཙམ་ཞེས་བསམ་བརྗོད་ཀྱིས་གཞལ་མི་ནུས་པའི་བསམ་གྱིས་མི་ཁྱབ་པའམ་ཚད་མེད་དཔག་པར་དཀའ་བའི་སྣང་བ་དམ་པས་ཁྱོད་ལ་སྲུང་པའམ་སྐྱོང་བར་གྱུར་ཅིག་ཅེས་པའོ། །འདི་ལ་ཕྱི་རོལ་པ་ལྟར་ན་རྟག་པ་དམ་པའི་བདག་ཅེས་བྱ་བ་ཕལ་
སྐད་ཛྱོ་ཏི་སུ་རུ་བྲ། ཞེས་པའི་སྣང་བ་དམ་པ་དེས་ཁྱོད་ལ་སྲུངས་ཞེས་དང་། ནང་པ་ལྟར་ན། ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བ་དམ་པས་ཁྱོད་ལ་སྲུངས་ཞེས་སུའང་འཆད་དོ། །གསུམ་པ་ཞར་བྱུང་དུ་སྐབས་འདིར་སྙན་ངག་མཁན་སྔ་མ་དག་གིས་དོན་རྒྱན་སོ་ལྔ་ལས་མང་བའི་རྣམ་གྲངས་བཀོད་པ་དེ་དག་འདིར་མ་འདུས་སམ་སྙམ་པའི་དོགས་པ་བཅད་པ་ནི་རྗེས་འགྲོ་མེད་པའི་རྒྱན་དང་། ཐེ་ཚོམ་ཅན་གྱི་རྒྱན་ཞེས་པ་འདི་དག་ནི་རྒྱན་རང་རྐྱ་ཐུབ་པར་ལོགས་སུ་འཇོག་དགོས་པ་ཅི་ཡང་མེད་པས་དཔེ་ཡི་རྒྱན་ཉིད་ལ་བསྟན་ཏེ། ཟླ་བ་པདྨ་དག་གི་ནི། །མཛེས་པ་ལས་འདས་ཁྱོད་ཀྱི་གདོང་། །བདག་རང་ཉིད་དང་མཚུངས་པར་འགྱུར། །ཞེས་པ་རྗེས་འགྲོ་མེད་པའི་རྒྱན་གྱི་དཔེ་བརྗོད་ཡིན་ལ། པད་ནང་བུང་བ་འཁོར་རམ་ཅི། །ཞེས་སོགས་བརྗོད་པ་དེ་ཐེ་ཚོམ་ཅན་གྱི་རྒྱན་གྱི་དཔེ་བརྗོད་དོ། །དཔེ་ཡི་གཟུགས་ཅན་དག་ཀྱང་མེ་ལོང་མའི་གཞུང་འདིར། གཟུགས་ཅན་གྱི་རྒྱན་རྣམས་ལ་ངེས་པར་བསྒྲགས་ཏེ། མྱོས་པས་ཀུན་ཏུ་དམར་བ་ཡིས། །བཀབ་པ་བཞིན་གྱི་ཟླ་བ་འདི། །ཞེས་སོགས་སུ་བརྗོད་པ་དེ་ཡིན་ནོ། །རབ་རྟོག་ཆ་ཤས་ཀྱི་རྒྱན་ཞེས་གྲགས་པ་འདི་ཡང་ནི་རབ་རྟོག་དག་གི་དབྱེ་བ་ཉིད་ཡིན་གྱི། ལོགས་སུ་མེད་པས་རབ་རྟོག་བཞིན་སྒྲ་ཅན་དུ་
བསྡུས་སོ། །དེ་ལ་རབ་རྟོག་ཆ་ཤས་ཀྱི་རྒྱན་ཞེས་པ་སྦྱར་བའི་གཟུགས་ཅན་དང་འདྲ་ཞིང་། སླར་ཡང་རབ་རྟོག་དང་འདྲེས་པ་བཞིན་སྒྲ་ཅན་ཞིག་ལ་འདོད་པ་དེའོ། །སོ་བཞི་པ་རབ་སྤེལ་གྱི་རྒྱན་ལ། ངོ་བོ་དང་དབྱེ་བ་བསྟན་པ་གཉིས་ལས། དང་པོ། གོང་བསྟན་མཚན་ཉིད་ཐ་དད་པའི་རྒྱན་རྣམས་ངག་སྦྱོར་གང་དུ་བསྲེས་པ་སྟེ་ཅི་རིགས་སུ་འདྲེས་པར་བྱས་པ་དེ་ནི་རབ་སྤེལ་ལམ་སྤེལ་མའི་རྒྱན་དག་ཏུ་བརྗོད་པ་སྟེ། ཞེས་སོ། །གཉིས་པ་དབྱེ་བ་དང་། དཔེར་བརྗོད་པ་གཉིས། དང་པོ་རྒྱན་སྤེལ་ཚུལ་དེ་ལ་ཡང་། ངག་སྦྱོར་དེར་བསྟེན་པའི་དོན་རྣམས་ཕན་ཚུན་ཡན་ལག་དང་ཡན་ལག་ཅན་གྱི་དངོས་པོར་འབྲེལ་བར་གྱུར་པ་ཉིད་ཀྱི་གནས་སྐབས་ཅན་དེ་དག་རྣམས་བལྟོས་པ་ཅན་དང་། དེ་ལྟར་འབྲེལ་བ་ཅན་མ་ཡིན་པས་ཚིག་རྐང་སོ་སོས་དོན་རེ་རེ་སྟོན་པ་ཕན་ཚུན་མི་བལྟོས་པས་ཐམས་ཅད་སྟོབས་མཚུངས་སུ་བྱས་པ་ཉིད་ཅེས་པའི་ལུགས་གཉིས་ཡོད་པ་ནི་སྤྱིར་བཏང་སྤེལ་མ་ཡི་རྒྱན་དག་ཐམས་ཅད་ལ་ནི་ཁྱབ་ཅིང་མཚོན་པར་བྱ་བ་ཡིན་ནོ། །གཉིས་པ་དེའི་དཔེ་བརྗོད་ལ། ཕན་ཚུན་བལྟོས་པའི་རབ་སྤེལ་དང་། སྟོབས་མཚུངས་རབ་སྤེལ་གཉིས་ལས། དང་པོའི་དཔེ་ཙམ་ཞིག་བསྟན་པས་གཉིས་པ་ཤུགས་ལས་ཤེས་ཤིང་བྱ་སླ་བས་ན་སྟོབས་མཚུངས་
རབ་སྤེལ་གྱི་དཔེ་བརྗོད་འདིར་མ་བཀོད་དོ། །དང་པོའི་དཔེ་བརྗོད་ནི། ཀྱེ། མཛེས་མ་ཁྱོད་ཀྱི་བཞིན་གྱི་དཔལ། པདྨ་དག་གིས་འགོག་པར་བྱེད་དོ་ཞེས་ཤུགས་ཀྱིས་མཚུངས་པ་གསལ་བར་བྱེད་པས་དཔེ་རྒྱན་དུ་ཡང་འགྲོའོ། །དེའི་སྒྲུབ་བྱེད་དུ་མཛོད་དེ་སྙིང་པོའི་གེ་སར་དང་ཡུ་བ་ཕུན་སུམ་ཚོགས་པ་ཡི་པདྨ་འདི་ལ་གདོང་གི་མཛེས་པ་འགོག་མི་ནུས་པའི་བྱ་དཀའ་བ་ཅི་ཞིག་ཡོད་དེ། དཀའ་བ་མེད་པར་འགོག་ནུས་སོ་ཞེས་སྔ་མའི་སྒྲུབ་བྱེད་དུ་གྱུར་པའི་དོན་གཞན་བཀོད་པའི་རྒྱན་དུ་གྱུར་པའོ། །དེར་ཡང་པདྨ་དང་གདོང་མཛེས་པར་འདྲ་ཡང་དེའི་སྟེང་དུ་མཛོད་དང་ཡུ་བ་ཕུན་སུམ་ཚོགས་པ་པདྨ་ལ་ལྷག་པའི་ཕྱིར་འགོག་ནུས་ཞེས་སོ། །འདིར་ཀོ་ཥ་ཞེས་མཛོད་དང་པདྨའི་སྦུབས་ཀྱི་སྙིང་པོ་ལའང་འཇུག དཎྜ་ཞེས་པ་དབྱུག་པ་དང་ཆད་པ་སོགས་དོན་དུ་མར་འཇུག་པ་ལས། སྐབས་འདིར་ཡུ་བ་དང་དམག་གི་དཔུང་བཀོད་པའི་བྱེ་བྲག་ཐད་ཀར་བརྐྱང་བ་དབྱུག་པ་ལྟ་བུ་གཉིས་ལ་སྦྱར་བ་ཡིན་པས་སྦྱར་བའི་རྒྱན་ཡང་འདྲེས་ཏེ་དེ་ལྟར་རྒྱན་གསུམ་བསྲེས་པའོ། །འདིའི་རྐང་པ་དང་པོ་གཉིས་ཁྱད་པར་ཅན་དང་། ཕྱི་མ་ཁྱད་པར་གྱི་ཆོས་སུ་འབྲེལ་བ་ཡིན་པས་ངག་རྒྱུན་ཕན་ཚུན་བལྟོས་པ་ཡིན་ནོ། །དེ་ལ་བང་མཛོད་དང་དཔུང་གི་བཀོད་པ་དབྱུག་པ་ལྟ་བུ་གཉིས་ལ་སྒྲ་སྦྱར་དུ་
ཡོད་མོད། དེ་པདྨ་དང་འབྲེལ་བ་མེད་པས་དོན་མེད་ཀྱི་ངག་ཏུ་མི་འགྱུར་རམ་ཞེ་ན། འདི་ལ་སྔ་མ་དག་དཔྱད་པ་ཞུགས་ནས་ངེས་པར་བརྗོད་པ་ཅི་ཡང་མ་མཐོང་ཡང་བདག་གིས་འདི་ལྟར་སེམས་ཏེ། ནོར་གྱི་བང་མཛོད་དང་ལྡན་པ་དང་། དཔུང་གི་བཀོད་པ་དབྱུག་པ་ལྟ་བུ་གཉིས་ཀ་ཡང་ཕ་རོལ་ལས་རྒྱལ་བའི་ཡན་ལག་ཏུ་གྱུར་པ་ཡིན་ལ། པདྨ་འདི་ལ་ཡང་ནོར་གྱི་བང་མཛོད་དང་མཚུངས་པའི་ཟེའུ་འབྲུའི་མཛོད་དང་། དབྱུག་པ་ལྟ་བུའི་དཔུང་གི་བཀོད་པ་དང་མཚུངས་པའི་ཡུ་བ་ཕུན་སུམ་ཚོགས་པ་ཡོད་པས་གདོང་ལས་རྒྱལ་བའམ། དེའི་དཔལ་འགོག་པ་ལ་དཀའ་བ་ཅི་ཡོད་ཅེས་པའི་དོན་ཡིན་པར་འདུག་གོ་སྙམ་མོ། །དེ་ལྟར་སྒྲ་སྦྱར་བའི་སྒོ་ནས་ཆོས་དེ་གཉིས་དེ་ལ་ཡོད་པར་འདྲ་བ་སྒྲོ་བཏགས་ནས་བརྗོད་པ་འདི་འདྲ་ལ་ནོར་གྱི་མཛོད་དང་། དཔུང་གི་བཀོད་པ་དབྱུག་པའི་སྒྲ་པདྨ་ལ་གྲུབ་ཀྱང་དོན་མ་གྲུབ་པས་སྒྲུབ་བྱེད་དུ་མི་འོས་ཞེས་དགག་པར་མི་རིགས་ཏེ། བརྗོད་འདོད་ཀྱིས་ཉམས་མཚར་བ་བརྗོད་པ་འདི་འདྲ་དུ་མ་སྙན་ངག་གི་ལུགས་ལ་ཡོད་ཀྱང་འགལ་བ་ཅུང་ཟད་མེད་པ་ཤེས་པར་བྱའོ། །ཚིགས་བཅད་འདིའི་འབྲུ་དོན་འཆད་ཚུལ་ལ། པདྨས་གདོང་དང་ཕན་ཚུན་འདྲ་བར་བསྒྲུབ་པ་འདི་ལ་བྱ་དཀའ་ཅི་ཡོད་ཅེས་འཆད་པའང་ཡོད་དོ། །
དེ་ལྟར་རབ་སྤེལ་དང་པོའི་དཔེ་བརྗོད་ཀྱི་རྗེས་སུ་སྐབས་སུ་བབ་པའི་འཕྲོས་དོན་ཞར་ལས་བྱུང་བ་ནི། སྤྱིར་བརྗོད་ཚུལ་འདི་ལ་དངོས་པོ་རྣམས་ཀྱི་རང་གི་རང་བཞིན་དྲང་པོར་བརྗོད་པ་དང་། གཞན་དཔེ་སོགས་དང་སྦྱར་ཏེ་བརྗོད་པ་ནི་འཁྱོག་བརྗོད་ཅེས་བྱ་བའི་ངག་གི་རང་བཞིན་ཐ་དད་པ་གཉིས་ཡོད་དེ། བརྗོད་ཚུལ་དེ་གཉིས་ལས་འདའ་བ་མི་སྲིད་དོ། །དེའི་ནང་གི་འཁྱོག་པོར་བརྗོད་པ་ཐམས་ཅད་ལ་ཕལ་ཆེར་སྦྱར་བའི་སྒོ་ནས་ངག་གི་དཔལ་རྒྱས་པར་བྱེད་པ་ཡིན་ཏེ། ཆོས་གཞན་དང་འདྲ་བའམ་གཟུགས་སུ་བཀོད་པ་དང་། དེར་སྒྲོ་བཏགས་པ་དང་། དེ་ལས་ལྡོག་པ་དང་བསྡུས་བརྗོད་སོགས་ཕལ་མོ་ཆེ་དག་ལ་ཚིག་གམ་དོན་གྱི་སྒོ་ནས་ཆོས་གཞན་དང་གཞན་སྦྱར་བ་དངོས་སམ་ཤུགས་ལས་ཐོབ་པ་འབའ་ཞིག་ཡིན་ནོ། །དེའི་ཕྱིར་འཁྱོག་བརྗོད་ཀྱི་རྒྱན་རྣམས་ཀྱི་སྐབས་སུ་སྦྱར་བ་མང་དུ་འབྱུང་བ་ནི་རྒྱུ་མཚན་དེ་ལྟ་བུའི་དབང་གིས་ཡིན་པས་ན། རབ་སྤེལ་བལྟོས་པ་ཅན་གྱི་སྐབས་འདིར་ཡང་སྦྱར་བ་དང་བཅས་ཏེ་བརྗོད་མོད་ཀྱི། རབ་སྤེལ་ཡིན་ན་སྦྱར་རྒྱན་འགྲེ་དགོས་པའི་ངེས་པ་མེད་དེ། རྒྱན་གང་རུང་གཉིས་ཕན་ཆད་ཅི་རིགས་སུ་བསྲེས་པས་ཆོག་གོ། དཔེར་ན་སློབ་དཔོན་དཔའ་བོས་སྐྱེས་རབས་སོ་བཞི་པའི་ཚོང་དཔོན་གྱི་རབས་ལས། ཚོང་དཔོན་དེས་རང་སངས་
རྒྱས་ལ་བསོད་སྙོམས་འབུལ་བའི་སྦྱིན་པ་ལ་བར་ཆད་བརྩམ་པའི་ཕྱིར་དེ་དག་གི་བར་དུ་བདུད་སྡིག་ཅན་གྱིས་མེ་འོབས་ཆེན་པོ་འབར་བའི་དམྱལ་བ་སྤྲུལ་པ་ལ་ཚོང་དཔོན་བྱང་ཆུབ་སེམས་དཔའ་དེས་མེ་འོབས་དེ་བརྒལ་བའི་ཚེ་རྐང་པའི་རྗེས་ལ་པདྨ་འཁྲུངས་པ་ལ་བརྗོད་པ། དེ་ནས་དེ་ཡི་བསོད་ནམས་མཐུ་ཡིས་དེར། །འདམ་རྫབ་མེད་པར་འདམ་ལས་སྐྱེས་པ་བྱུང་། །ཟེ་འུ་དཀར་པོའི་སོ་ཡི་ཕྲེང་བ་དག །བདུད་ལ་འཕྱ་བ་བཞིན་དུ་དགོད་པར་གྱུར། །ཅེས་གསུངས་པ་འདི་ལ་ཡང་། ཚིག་རྐང་དང་པོ་བསོད་ནམས་ཀྱི་མཐུ་ནི་ཡོན་ཏན་དུ་བྱས་ན། ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད་དུ་ཡང་འགྱུར་ལ། ཚིག་རྐང་གཉིས་པ་སྲིད་པ་ཅན། གསུམ་པ་གཟུགས་ཅན། བཞི་པ་རབ་རྟོག་གི་རྒྱན་ཡིན་པས་དེ་རྣམས་འདྲེས་པའི་རབ་སྤེལ་གྱི་རྒྱན་དུ་འགྱུར་ལ། ཚིག་འདི་ལ་ངོ་མཚར་བ་རྨད་བྱུང་གི་ཉམས་གནས་པས་ཡིད་འཕྲོག་པ་ཡིན་པ་བཞིན་ནོ། །དེས་མཚོན་ནས་སྙན་ངག་གི་ཚིགས་བཅད་ཕལ་མོ་ཆེ་རབ་སྤེལ་གྱི་རྒྱན་བྱས་པ་མང་སྟེ། རྒྱན་སོ་སོའི་དཔེ་བརྗོད་རྩོམ་པའི་ཚེ་རང་རྐྱ་བར་བྱ་དགོས་ཀྱང་། བརྗོད་བྱའི་དོན་གྱི་དབང་དུ་བྱས་ནས་སྙན་ངག་སྦྱར་བའི་ཚེ་རྒྱན་གཅིག་ཏུ་ངེས་པ་བྱ་མི་དགོས་པས་ཇི་བདེར་སྦྱར་བ་ལ་ཕལ་ཆེར་རབ་སྤེལ་འབྱུང་བའི་ཕྱིར་རོ། །
མ་བཤད་ཀྱང་དོན་གྱིས་ཤེས་སླ་བས་སྟོབས་མཚུངས་རབ་སྤེལ་གྱི་དཔེ་བརྗོད་ནི། སྔ་མ་དག་གིས་ལོ་ཙཱ་བས་རྣམ་སྲས་ལ་བསྟོད་པའི་ཚིགས་བཅད་དཔེར་བྱས་པ། རྒྱལ་ཆེན་རྣམ་མང་ཐོས་སྲས་ནོར་མང་ལྡན། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་ཆགས་ཤིང་། །སྤྲིན་བྲལ་ཉི་འོད་སྟོང་གི་གཟི་འབར་བ། །འདོད་དགུའི་ཆར་འབེབས་མཛད་ལ་ཕྱག་འཚལ་བསྟོད། །ཅེས་པའི་ཚིག་རྐང་དང་པོ་རང་བཞིན་བརྗོད་པ། གཉིས་པ་དཔེ་རྒྱན། གསུམ་པ་གཟུགས་ཅན། བཞི་པ་འབྱོར་པ་རྒྱ་ཆེ་བའི་རྒྱན་དུའང་འགྱུར་བ་འདི་ལྟ་བུའོ་ཞེས་བཤད་པ་ལྟར་རོ། །སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་དགོངས་པ་ཅན་གྱི་རྒྱན་ཞེས་པ་དཔེ་བརྗོད་ཀྱི་སྒོ་ནས་སྔ་མ་རྣམས་ལས་རྣམ་གྲངས་ཐ་དད་པར་བགྲང་བར་བྱ་བ་མིན་ཡང་། ཁྱབ་བྱ་དོན་རྒྱན་སོ་བཞི་པོ་དེ་དག་ལ་ཁྱབ་བྱེད་དགོངས་པ་ཅན་གྱི་མཚན་ཉིད་ཀྱིས་ཁྱབ་པར་གནས་པའི་ཕྱིར་ཀུན་གྱི་ཐ་མར་འདི་ཉིད་བཤད་དེ་རྒྱན་སོ་ལྔ་པར་བགྲང་བ་ཡིན་ནོ། །འདི་ལ་དགོངས་པ་ཅན་ཞེས་བརྗོད་པའི་ངེས་ཚིག་ནི། སྙན་ངག་འབྱུང་བའི་རྒྱུ་སྙན་ངག་མཁན་པོ་དེས་བརྗོད་བྱ་གང་དང་གང་ཡིན་པ་དེ་བརྗོད་ཚུལ་རྒྱན་ཅི་དང་ཅིའི་ཉམས་ཀྱིས་བརྗོད་པར་འདོད་པ་གང་ཞིག་ངག་གི་རྒྱན་དེ་ལྟ་བུ་སྒྲུབ་པར་
བྱེད་པའི་བསམ་པ་དེ་ལ་དགོངས་པ་ཞེས་བྱ་སྟེ། དགོངས་པ་དེའི་དབང་གིས་བཅད་ལྷུག་སྤེལ་མ་གང་རུང་གི་རང་བཞིན་ཅན་གྱི་ངག་དེ་ཉིད་ཡིད་དུ་འོང་བའི་ཉམས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་སྙན་ངག་ཉིད་དུ་གྲུབ་པ་དེ་ལ་སྙན་ངག་གི་ཡོན་ཏན་གང་གནས་པ་དེ་ནི་ཡུལ་ཅན་རྩོམ་པ་པོའི་བློས་རབ་ཏུ་སྦྱོར་བའི་ཡུལ་གྱི་བདག་ཉིད་ངག་གི་རྒྱུན་དེའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ། དེ་ནི་སྙན་ངག་མཁན་པོའི་བློས་བྱས་པའི་འབྲས་བུ་ཡིན་པའི་དོན་གྱིས་དགོངས་པ་ཅན་ཞེས་བརྗོད་དོ། །གཉིས་པ་དེ་ལྟར་རྗོད་བྱེད་ངག་གི་རྒྱུན་ལ་ཡོད་པ་དགོངས་ཅན་གྱི་རྒྱན་ཞེས་པའི་མིང་གིས་བསྟན་པའི་ཡོན་ཏན་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། སྤྱིར་དོན་རྒྱན་རྣམས་ཀྱི་དབྱེ་བ་བཞིན་དུ་མཐའ་ཡས་པར་འགྱུར་མོད་ཀྱང་། འདིར་དོན་བསྡུ་ན་ཡོན་ཏན་རྣམ་པ་བཞིར་འདུ་སྟེ། དང་པོ། རྗོད་བྱེད་ངག་གི་རྒྱུན་གྱི་དངོས་པོ་ཡི་ནི་ཚིག་གོང་འོག་རྣམས་ཀུན་ནས་ཀུན་ཏུ་ཕན་ཚུན་གཅིག་ལ་གཅིག་འབྲེལ་ཞིང་ཕན་པར་བྱེད་པ་ཉིད་ཡིན་ནོ། །འདིས་ཚིག་རྣམས་ངག་དོན་གཅིག་གི་གནད་ལ་མི་འདུ་བར་གྱུར་ན་རྗོད་བྱེད་ཀྱི་སྐྱོན་ཡིན་པས་དེ་སྤང་བར་བྱ་དགོས་སོ། །གཉིས་པ་བརྗོད་བྱ་དོན་གྱི་དབང་དུ་བྱས་ན། དོན་དང་བྲལ་བའི་ཁྱད་པར་ཞེས་པ་སྐབས་ཀྱིས་བརྗོད་བྱར་མི་འོས་པ་རྣམས་མ་
བྱས་པས་བརྗོད་པ་ལ་དོན་ཡོད་པའོ། །གསུམ་པ་གང་དང་གང་བརྗོད་པར་འདོད་པ་དེ་དང་དེའི་ཡོན་ཏན་ནམ་ངང་ཚུལ་གྱི་གནས་སུ་འོས་ཤིང་རིགས་པར་བསྔགས་པ་ནི་བརྗོད་ཚུལ་ཡིད་དང་འཐད་པའོ། །བཞི་པ་ངག་སྦྱོར་དེ་འདྲ་བརྗོད་པའི་རིམ་པ་ཉིད་ཀྱི་སྟོབས་ལས་བརྗོད་བྱའི་དངོས་པོ་གང་དེ་ཡི་རང་བཞིན་ནམ་ངང་ཚུལ་འདི་ནི་ཟབ་མོ་སྟེ་རྟོགས་པར་དཀའ་བ་དག་ཀྱང་གསལ་བར་བྱེད་པ་སྟེ། ངག་གང་གིས་བརྗོད་དོན་གཏིང་ཕྱིན་པར་མཚོན་མ་ནུས་པ་མིན་པར་བརྗོད་བྱའི་དོན་གཏིང་ཕྱིན་པར་མཚོན་པས་ཡིད་ཚིམ་པར་བྱེད་པའོ། །དེ་ལྟར་ཡོན་ཏན་བཞི་པོ་དེ་ཀུན་ཇི་ལྟར་འབྱུང་བ་སྙན་ངག་མཁན་པོའི་བློའམ་དགོངས་པའི་དབང་དུ་གྱུར་ཅིང་དེ་ལ་རག་ལས་པའི་ཕྱིར་དེ་དག་ལ་དགོངས་པ་ཅན་ཞེས་རིག་པར་བྱ་སྟེ། ངག་སྦྱོར་བ་པོའི་དགོངས་པ་རབ་འབྲིང་ཐ་མའི་ཚད་དུ་གྱུར་པས་སྙན་ངག་གི་ཉམས་རབ་འབྲིང་ཐ་མར་འགྱུར་བ་ཡིན་ནོ། །དེའི་ཕྱིར་དགོངས་པ་ཅན་འདི་ནི་རྒྱན་ཀུན་གྱི་ཁྱབ་བྱེད་སྙན་པའི་ཉམས་ཀྱི་འབྱུང་གནས་ཡིན་པས་རྒྱན་ཀུན་གྱི་དམ་པ་ཡིན་ནོ། །གསུམ་པ་ལེའུ་གཉིས་པའི་མཇུག་བསྡུ་བ་ལ། རྒྱན་གྱི་རྣམ་པ་གཞན་ལ་ཞལ་འཕང་བ་དང་། སྐབས་དོན་བསྡུ་བ་དངོས་གཉིས་ལས། དང་པོ་གང་ཡང་མཚམས་སྦྱོར་གྱི་ཡན་ལག་དང་། འཇུག་པའི་ཡན་ལག་དང་།
མཚན་ཉིད་ཀྱི་དབྱེ་བ་སོགས་ལུང་གཞན་བྷ་ར་ཏ་སོགས་ཟློས་གར་གྱི་བསྟན་བཅོས་དག་ཏུ་སྙན་ངག་གི་རྒྱན་གྱི་ཉམས་དང་ལྡན་པར་བརྗོད་པ་འདི་ཡང་ངག་མཛེས་པར་བྱེད་ཅིང་ཀུན་དགའི་རོ་དང་ལྡན་པས་ན་ངག་གི་རྒྱན་ཉིད་དུ་ནི་བདག་ཅག་གིས་འདོད་དོ། །དེ་ཡང་སྤྱིར་མཚམས་སྦྱོར་གྱི་ཡན་ལག་ནི་ཟློས་གར་བྱེད་པའི་ཚེ་བརྗོད་དོན་སྣ་ཚོགས་པ་སྐད་རིགས་སྣ་ཚོགས་ཀྱིས་ལབ་དགོས་པས། དེའི་བར་དུ་མཚམས་སྦྱོར་བྱེད་པ་ཡིན། དེ་ལ་སྒོའི་མཚམས་སྦྱོར་ནི་དྲི་བ་དང་། ལན་གྱི་སྒོའི་མཚམས་སྦྱོར་ནི་དྲིས་ལན་ཏེ། ཕན་ཚུན་དྲི་བ་དང་ལན་གྱི་རྣམ་པ་བྱེད་རྒྱུ་དུ་མ་ཞིག་ཡོད་པའི་མིང་། སྙིང་པོ་ནི་སྐབས་འགར་གྲོས་བྱེད་པ་ལྟ་བུའི་ཚིག་མང་པོ་ཕན་ཚུན་སྨྲས་མཐར་གྲོས་ཐག་བཅད་པའི་ཚུལ་གྱིས་གཏན་ལ་ཕབ་པ་ལ་སྙིང་པོ་ཟེར། མི་བཟོད་པ་མཚངས་ནས་འབྲུ་བ་བརྗོད་པས་དེས་རང་གི་མཚངས་ལ་ཕོག་པའི་རྣམ་པས་མི་བཟོད་པའམ་ཆགས་པས་གཟིར་ནས་མི་བཟོད་པའི་ཚུལ་བྱེད་པའོ། །ངེས་པ་ཐོབ་བྱེད་ནི་ཐེ་ཚོམ་དང་བཅས་པའི་བརྗོད་པ་མང་པོའི་མཐར་ངེས་པ་རྙེད་པ་ལྟར་བྱེད་པ་སྟེ། དེ་ལྟར་སྒོ་དང་ལན་གྱི་སྒོ་དང་། སྙིང་པོ་དང་མི་བཟོད་པ་དང་ངེས་ཐོབ་སྟེ། དེ་རྣམས་ལ་མཚམས་སྦྱོར་གྱི་ཡན་ལག་ལྔ་ཞེས་གྲགས་སོ། །
དེ་ལ་ཡང་ཉེ་བར་འཕེན་པ། ཉེ་བར་མཁོ་བ། ཡོངས་སུ་འཇོག་པ། རྣམ་པར་སྲེད་པ། རིགས་པ། ཐོབ་པ། མཉམ་པར་འཇོག་པ། སྒྲུབ་པ། བརྙེས་པ། དབྱེ་བ། དབྱེ་བར་བྱེད་པ་རྣམས་སྒོའི་ཡན་ལག་གོ། ཡོངས་སུ་འགྲོ་བ། རྣམ་པར་དར་བ། གདུང་བ། རྩེད་མོ། རྩེད་མོའི་མདངས། རབ་ཏུ་འགྲོ་བ། འགལ་བ། ཉེ་བར་གནས་པ་སོགས་ལན་གྱི་སྒོའི་ཡན་ལག་གོ །མ་བྱུང་བ་དཔེར་བརྗོད་པ། ལམ་གྱི་རང་བཞིན་དཔེར་བརྗོད་པའི་རིམ་པ་བསྡུ་བ། རྗེས་སུ་དཔག་པ་སློང་བ་སྙིང་པོའི་ཡན་ལག་གོ། རྒོལ་བ། འཐོར་བ། འཛག་པ། ལེན་པ། འདྲིད་པ་སོགས་མི་བཟོད་པའི་ཡན་ལག་གོ། མཚམས་སྦྱོར། འགོག་པ། སྤེལ་བ། གཏན་ལ་དབབ་པ་སོགས་ངེས་ཐོབ་ཀྱི་ཡན་ལག་གོ། འཇུག་པའི་ཡན་ལག་ལ། བྷཱ་རཱ་ཏཱི། སཱ་སྭ་ཏཱི། ཀཻ་ཤི་ཀཱི། ཨཱ་ར་བྷ་ཌཱི། བཞི་པོ་རེ་རེ་ལ་ཡང་ཡན་ལག་བཞི་སྟེ། དང་པོ་བྷཱ་ར་ཏཱིའི་ཡན་ལག་ལ། རབ་ཏུ་སྲེད་པ་དང་། ཀུན་ཏུ་སྒོ་སོགས་བཞི། གཉིས་པའི་ཤིན་ཏུ་འཇོག་པ་སོགས་བཞི། གསུམ་པའི་རྩེད་མོ་གསལ་བ་སོགས་བཞི། བཞི་པའི་བསྡུས་པ་སོགས་བཞི་སྟེ་བཅུ་དྲུག་གོ། མཚན་ཉིད་སུམ་ཅུ་རྩ་དྲུག་ནི། རྒྱན། ཡི་གེ་བསྡུས་པ། མཛེས་པ། དཔེར་བརྗོད་སོགས་སོ། །གཞུང་
གི་སོགས་སྒྲས་བསྡུས་པ། སྒེག་པའི་ཡན་ལག ཕྲེང་བའི་ཡན་ལག མཚམས་སྦྱོར་གྱི་ཡན་ལག གཞན་པའི་ཡན་ལག་སོགས་ཏེ་དེ་རྣམས་གར་གྱི་རྣམ་འགྱུར་ཤིན་ཏུ་ཁྲོ་བའི་ཉམས་དང་། ཆགས་པས་གཟིར་བའི་ཉམས་དང་། མྱ་ངན་གྱིས་སྡུག་བསྔལ་བའི་ཉམས་སོགས་ཇི་སྙེད་ཅིག་ཟློས་གར་གྱི་བསྟན་བཅོས་ལས་བཤད་པ་རྣམས་སོ། །དེ་རྣམས་ཀྱི་ངོ་བོ་འདིར་མ་བརྗོད་དོ། །གཉིས་པ་སྐབས་དོན་བསྡུ་བ་དངོས་ནི། སྙན་ངག་གི་རྒྱན་གྱི་དབྱེ་བ་ཕྲ་མོའི་རྣམ་གྲངས་ཕྱེ་ན་རབ་ཏུ་རྒྱ་ཆེ་ཞིང་མཐའ་ཡས་པའི་རྒྱན་རྣམས་ལ་ཁྱབ་བྱེད་ཀྱི་རིགས་རབ་ཏུ་བསྡུས་ནས་དོན་རྒྱན་སོ་ལྔ་ཞེས་པའི་གྲངས་ཀྱི་ཚད་དུ་གྱུར་པ་ཡི་རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་ཤིན་ཏུ་གསལ་པོར་རྣམ་པར་ཕྱེ་བར་བྱས་སོ། །གང་ཞིག་བརྗོད་པའི་ཡུལ་ལས་འདས་པར་ཡོངས་སུ་འདས་པར་གནས་པ་ཡི་ཁྱད་པར་གྱི་དབྱེ་བ་ཕྲ་མོ་རྣམས་ནི། གཞུང་འདི་ལ་གོམས་པ་ཉིད་ཀྱིས་དབྱེ་བར་ནུས་ཏེ་འདིར་བསྟན་པ་རྣམས་སྙན་ངག་གི་རྒྱན་སྣ་ཚོགས་ཀྱི་དབྱེ་བ་མི་འདྲ་བ་མཐའ་ཡས་པ་སྤྲོ་བའི་རྣམ་རྟོག་གི་ས་བོན་དུ་གྱུར་པའི་ཕྱིར་རོ། །ཞེས་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པ་སྙན་ངག་མེ་ལོང་ལས། དོན་གྱི་རྒྱན་ཞེས་བྱ་བ་ལེའུར་ཡོངས་སུ་བཅད་པ་གཉིས་པའི་
འགྲེལ་པའོ།། །།ད་ནི་བར་དུ་དགེ་བའི་དོན་གསུམ་པ་ལེའུ་ཐ་མའི་དོན་བཤད་པ་ལ། ཟུང་ལྡན་དང་དེ་ལས་འཕྲོས་པའི་བྱ་དཀའི་དཔེ་བརྗོད། གབ་ཚིག་གི་ཚུལ། སྙན་ངག་གི་སྐྱོན་བཅུ་སྤང་པ། མཇུག་སྡུད་ཀྱི་ཚིགས་བཅད་བཅས་བཞིས་བསྟན་པ་ལས། དང་པོ་ལ་ཟུང་ལྡན་དངོས་དང་། དེ་ལས་འཕྲོས་ཏེ་དེ་དང་ཆ་འདྲ། བྱ་དཀའ་འགའ་ཞིག་བསྟན་པ་གཉིས་ལས། དང་པོ་ཟུང་ལྡན་ལ་མིང་གི་སྒོ་ནས་མདོར་བསྟན། དཔེ་བརྗོད་ཀྱི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་གང་བརྗོད་པ་སྔ་ཕྱི་གཉིས་ཀྱི་བར་དུ་ཡི་གེ་གཞན་གྱིས་མ་ཆོད་པ་དང་བར་ཆོད་པ་དག་གི་ཡི་གེ་ཚོགས་པ་སྟེ། ཡི་གེ་གཉིས་ལ་སོགས་པ་དུ་མ་ཚོགས་པ་སླར་ཡང་བཟླས་ཏེ་བསྐོར་བ་ནི་ཟུང་ལྡན་ཞེས་པ་ཡིན་ལ། དེ་ཡང་བསྐོར་རྒྱུའི་སྒྲ་དེ་ཚིགས་བཅད་ཀྱི་རྐང་པ་དག་གི་དང་པོ་ན་ཡོད་པ་དང་། བར་དང་མཐའ་ན་ཡོད་པའི་སྤྱོད་ཡུལ་ཅན་ཡིན་ལ། དེ་ཡང་གཅིག་ཁོ་ན་ལ་ཡོད་པ་དང་། གཉིས་དང་གསུམ་དང་བཞི་ཀ་ལ་ཡོད་པའི་རྐང་པ་ཡི་ཟུང་ལྡན་རྣམས་ཀྱི་རྣམ་རྟོག་ནི་དུ་མར་འགྱུར་ཏེ། ཐོག་མ་ན་ཡོད་པའི་ཟུང་ལྡན། བར་མ་ན་ཡོད་པའི་ཟུང་ལྡན། མཐའ་ན་ཡོད་པའི་ཟུང་ལྡན། བར་དང་མཐའ་ན་ཡོད་པ་དང་། བར་དང་ཐོག་མ་ན་ཡོད་པ། ཐོག་མཐའ་
གཉིས་ན་ཡོད་པ། ཐོག་མཐའ་བར་གསུམ་ཀུན་ལ་ཡོད་པ་བདུན་ནི་རྐང་པ་དང་པོ་གཅིག་པུ་ལ་ཡོད་པ་བཞིན། རྐང་པ་བཞི་ཀར་སྦྱར་བས་དབྱེ་བ་ཉེར་བརྒྱད་དུ་འགྱུར་ལ། གཞན་དང་འདྲེས་པའི་ཀུན་ཏུ་དབྱེ་བ་ལས་སྐྱེས་པ་དེ་དག་གི་དབྱེ་བ་ནི་ཤིན་ཏུ་མང་པོ་ཡོད་དོ། །དེ་ལ་རིགས་བསྡུ་ན་བྱ་སླ་བ་དང་དཀའ་བ་སྟེ་གཉིས་སུ་ཡང་ཡོད་པ་དེ་ཡི་དཔེ་བརྗོད་འགའ་ཞིག་དག་ནི་འདིར་བསྟན་པར་བྱའོ་ཞེས་འགའ་ཞིག་ལས་ཐམས་ཅད་མ་བསྟན་ཀྱང་འདིས་མཚོན་ནས་ཤེས་སླའོ། །གཉིས་པ་དཔེར་བརྗོད་ལ། རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན། གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་ཏུ་ཟུང་ལྡན། བསྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་དྲུག་ལས། དང་པོ་ལ་བར་མ་ཆོད་པའི་ཟུང་ལྡན། བར་ཆོད་པའི་ཟུང་ལྡན། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གསུམ་ལས། དང་པོ་ལ་རྐང་པ་དང་པོའི་ཐོག་མ་ན་ཡོད་པ་བར་མ་ཆོད་པའི་ཟུང་ལྡན་དང་། དེ་བཞིན་གཉིས་པ། གསུམ་པ། བཞི་པའི་དང་པོ་ན་ཡོད་པ་བཞི་ལས། དང་པོ་རྒྱ་དཔེའི་རྐང་པ་དང་པོའི་ཐོག་མར་མཱ་ནེ་ན་མཱ་ནེ་ན། ཞེས་ཡོད་པའི་ཚིགས་བཅད་དོ། །དེ་ལ་མཱ་ནེ་ན་སྔ་ཕྱི་གཉིས་པོ་སྒྲ་འདྲ་ཡང་དོན་མི་འདྲ་བ་ནི་འདི་ལྟར་མ་དགག་ཚིག ཨ་ན་འདི། དེ་དང་འགྲོགས་པ་
ཞེས་སྦྲེལ་ཚེ་རྣམ་དབྱེ་གསུམ་པ་ཐོབ་པས་ཊཱ་ཨི་ན་རུ་བསྒྱུར་བ་སྦྱར་བས་མཱ་ནེ་ན། ཞེས་དང་། ཕྱི་མ་ལ་མཱ་ན་ཁེངས་པའི་སྐད་དོད་དེ་ལ་ཊཱ་བྱིན་པས་མ་ན་ནེ་ཞེས་གྲུབ་པ་དེ་ལྟར་འཆད་འགྱུར་གྱི་ཟུང་ལྡན་ཐམས་ཅད་ལ་སྒྲ་གཟུགས་འདྲ་ཡང་དོན་མི་འདྲ་བ་འགྱུར་བ་ཤེས་པར་བྱ་སྟེ། ལེགས་སྦྱར་གྱི་སྐད་སྒྲ་གཟུགས་གཅིག་ཀྱང་དོན་དུ་མ་ལ་འཇུག་པའི་སྒོ་ཡངས་པས་ཟུང་ལྡན་བྱ་སླ་བ་རྣམས་ལྟ་ཅི་སྨོས་ཀྱི། བྱ་དཀའ་བའི་རིགས་རྣམས་ཀྱང་བདེ་བླག་ཏུ་སྦྱར་ནུས་སོ། །བོད་སྐད་སྒོ་དོགས་པས་བྱ་དཀའི་རིགས་རྣམས་ལྟ་ཅི་སྨོས། བྱ་སླ་བའི་ཟུང་ལྡན་གྱི་བྱེ་བྲག་རྣམས་ཀྱང་ཇི་བཞིན་སྦྱར་དཀའ་སྟེ། བོད་སྐད་ཟུང་ལྡན་གྱི་དཔེ་བརྗོད་ནི། ཕལ་ཆེར་ཡི་གེ་བསྐོར་བ་ལས་ཡི་གེ་ཚོགས་པའི་སྒྲ་བསྐོར་བ་ཉུང་ལ། ཡི་གེ་བསྐོར་བ་ནི་རྗེས་ཁྲིད་དང་ཆ་འདྲ་བ་ལས་ཟུང་ལྡན་དངོས་མིན་ཡང་གནས་ངེས་པར་སྒྲ་གཅིག་ཡང་བསྐྱར་བྱས་པ་རྣམས་ཀྱང་ཟུང་ལྡན་དང་ཆ་འདྲར་འགྱུར་རུང་ངོ་། །སྐབས་འདིར་སྐད་གཉིས་ཤན་སྦྱར་བའི་རྒྱ་སྐད་ཡོད་ན་བདེ་བླག་ཏུ་ཟུང་ལྡན་སོགས་ཀྱི་དོན་རྟོགས་ནུས་མོད། བོད་སྐད་དུ་བསྒྱུར་བ་ལ་ཟུང་ལྡན་གྱི་དཔེར་བརྗོད་མི་འོང་ཞིང་། ཟུང་ལྡན་སོགས་ཀྱི་ཚིགས་བཅད་དེའི་དོན་ཙམ་ཡིན་ནོ། །དེས་ན་དཔེ་བརྗོད་ཀྱིས་བསྟན་བྱའི་གཙོ་བོ་ཟུང་ལྡན་གྱི་
དཔེ་ཉིད་ཡིན་ནའང་། བོད་སྐད་དུ་བསྒྱུར་ཟིན་འདི་དག་གི་ཚིག་འགྲེལ་བསྡུས་ཙམ་མ་བྱས་ན་གཞུང་མཐར་ཆགས་སུ་འགྲེལ་བར་མ་གྱུར་པའི་སྐྱོན་འབྱུང་བ་དེ་སྤང་པ་དང་། ཚིགས་བཅད་འདི་རྣམས་དོན་གྱི་རྒྱན་དང་ལྡན་པ་ཡིན་ཞིང་ལེགས་པས་ན། ཚིག་འགྲེལ་མཚོན་ཙམ་བྱས་ན། རྒྱ་སྐད་ཚིགས་བཅད་དེའི་དོན་བོད་སྐད་དུ་བསྒྱུར་བའི་དོན་ནི། ཀྱེ་གྲོགས་མོ་མཛའ་བོའི་སྐྱེ་བོ་ལ་ཁེངས་པ་ཡི་སེམས་འདི་དང་ཁྱོད་འགྲོགས་པར་མ་བྱེད་ཅིག སྔར་དུས་བཏབ་ཀྱང་མ་སོང་བར་བསླུས་པས་ད་ནི་མཛའ་བོ་དེ་ཡི་མགྲིན་པ་ནས་འཁྱུད་ལ། སྔར་བསླུས་པ་དེ་ཉིད་ལ་ངོ་ཚ་དང་ལྡན་པར་གྱིས་ཤིག ཅེས་སོ། །དེ་བཞིན་དུ་གཉིས་པ་རྐང་པ་གཉིས་པའི་ཐོག་མར་ཡོད་པ་ནི། ངང་པ་རྣམས་ཀྱི་དྲེགས་པ་འཇོམས་པ་ཡི་སྤྲིན་གྱི་སྒྲ་འབྲུག་གི་དབྱངས་འདི་ཡིས་མྱོས་བྱེད་འདོད་ལྷ་དགའ་མ་དང་བཅས་པ། བུད་མེད་ཀྱི་ཁེངས་པ་བྲལ་བའི་སླད་དུ་ཡིད་ལ་རབ་ཏུ་འཇུག་པར་བྱེད་ཅེས་པའི་རྒྱ་སྐད་ཀྱི་ཚིགས་བཅད་དེའི་རྐང་པ་གཉིས་པའི་ཐོག་མར་མ་ད་ནོ་མ་ད་ནོ་ཞེས་པ་བར་མ་ཆོད་དུ་ཡོད་པའི་ཟུང་ལྡན་ནོ། །གསུམ་པ་རྐང་པ་གསུམ་པའི་ཐོག་མར་ཡོད་པ་བར་མ་ཆོད་པའི་ཟུང་ལྡན་ནི། རྒྱ་སྐད་དུ་གསུམ་པའི་ཐོག་མར་ཙ་ཏུ་རཾ་ཙ་ཏུ་རཾ་ཡོད་པའི་ཚིགས་བཅད་དེའི་དོན་
ནི། ཆུ་གཏེར་བཞི་ཡི་སྐ་རགས་ཅན་གྱི་འདི་ཡི། །ལག་གིས་ལེན་པའི་དཔྱ་ཁྲལ་འཛིན་ལ་མཁས་པ། །ཁྱོད་ཉིད་རྗེ་བོར་ཐོབ་ནས་ད་ལྟ་ནི། །སྐྱེ་རྒུ་ཐམས་ཅད་རྒྱལ་པོ་བཟང་པོ་དང་ལྡན་པར་གྱུར་ཏོ། །བཞི་པ་རྐང་པ་བཞི་པའི་དང་པོར་ཧ་རི་ཏེ་ཧ་རི་ཏེ་ཞེས་ཡོད་པའི་ཚིགས་བཅད་ཀྱི་དོན་ནི། རྐང་ཐང་ཤིང་རྟ་གླང་པོ་དང་རྟ་དང་བྲལ་བ་ཡི་རྒྱལ་པོ་ཁྱོད་ཀྱི་དགྲ་འགའ་ཞིག་ནགས་ཀྱི་ནང་དང་། གཞན་དག་ནི་ཁྱོད་ཀྱིས་བསད་པས་ལྷ་རྣམ་དག་གི་གནས་སུ་སོང་ངོ་། །དང་པོ་དང་བར་མའི་ཐོག་མར་ཡོད་པ། དང་པོར་མ་དྷུ་ར་མ་དྷུ་ར་ཞེས་དང་། གཉིས་པར་བ་ད་ནེ་བ་ད་ནེ། ཞེས་ཡོད་པའི་ཚིགས་བཅད་དེའི་དོན་ནི། ཆུ་སྐྱེས་གདོང་ལྡན་མིག་དག་གི། །རྣམ་འཕྲུལ་ཡིད་འོང་འདི་ལ་ནི། །དཔྱིད་ཀྱི་བུང་བའི་རྣམ་འཕྲུལ་གྱིས། །ཅོ་འདྲི་བྱེད་པ་ཅི་ཡིན་སྨྲོས། །ཞེས་བུད་མེད་ལ་ཆུ་སྐྱེས་གདོང་ལྡན་ཞེས་བོས་ནས་ཁྱོད་ཀྱི་མིག་གི་གནག་སྣུམ་གཡོ་བའི་རྣམ་འཕྲུལ་ལ་བུང་བས་འགྲན་པ་ཅི་ཡིན་སྨྲོས་ཞེས་བརྗོད་པའོ། །དེ་བཞིན་དང་པོའི་ཐོག་མར་བཱ་ར་ཎོ་བཱ་ར་ཎོ། ཞེས་དང་། གསུམ་པའི་ཐོག་མར་ན་ཡ་ཏོ་ན་ཡ་ཏོ་ཞེས་ཡོད་པའི་ཟུང་ལྡན་གྱི་ཚིགས་བཅད་ནི། འདོད་པ་ཁྱོད་ལ་གཡུལ་དུ་དཔའ་བ་ཡི་གླང་པོའམ། མགྱོགས་པས་གཟུང་དཀའ་བའི་རྟ་མེད་མོད་ཀྱི། གང་
ཕྱིར་བདག་ཅག་ཆགས་པས་སྲོག་མཐར་བྱས་པ་དེ་ཕྱིར་ཁྱོད་ཀྱི་རྣམ་གནོན་འདི་མཚར་རོ། །རྐང་པ་དང་པོའི་ཐོག་མར་རཱ་ཛི་ཏཻ་རཱ་ཛི་ཏཻ་ཞེས་དང་། བཞི་པའི་དང་པོར་བ་སུ་དྷ་བ་སུ་དྷ་ཞེས་ཡོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། གཡུལ་དུ་རྣམ་གནོན་རྣོ་བས་མཛེས་པ་ཡི་མི་བདག་ཁྱོད་འདྲས་ནོར་འཛིན་ལས་ནི་རྒྱལ་བར་གྱུར་ཏེ་དེ་རྗེས་ནོར་མང་པོའི་རྒྱུན་གྱིས་ཚིམ་པ་དག་ཀྱང་ཐོབ་པར་གྱུར་ཏོ། །རྐང་པ་གཉིས་པའི་དང་པོར་ཀ་ལི་ཀོཏ་ཀ་ལི་ཀོཏ། ཞེས་དང་། གསུམ་པའི་དང་པོར་མནྨ་ནོ་མནྨ་ནོ། ཞེས་ཡོད་པའི་ཟུང་ལྡན་གྱི་ཚིགས་བཅད་ནི། ས་ཧ་ཀཱ་རའི་མེ་ཏོག་གསར་པས། བདག་ཡིད་མཆོག་ཏུ་སྲེད་ལྡན་བྱེད་ཅིང་། དེར་མ་ཟད། ཁུ་བྱུག་མྱོས་པ་དག་གི་སྒྲ། །ཡིད་དུ་འོང་བ་འདིས་ཀྱང་ངོ་། །རྐང་པ་གཉིས་པའི་དང་པོར་བི་ཧ་ཏཱ་བི་ཧ་ཏཱ། ཞེས་དང་། བཞི་པའི་དང་པོར་མངྒ་ནཱ་མངྒ་ནཱ། ཞེས་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། གཞོན་ནུ་ན་ཕྲ་བ་ཁྱོད་ལ་དམིགས་པའི་རེ་བ་དང་མ་བྲལ་བའི་བུད་མེད་རྒན་པ་འདི་ལ། ཁྱོད་ལ་ཆགས་པ་དེ་འདྲ་ཡི་གནས་སྐབས་ཀྱི་ངང་ལ་ཚེ་ཟད་ནས་ལུས་ནི་འཇིག་པར་བྱེད་པས་བྱིས་པ་ཁྱོད་ད་ལྟ་བུད་མེད་འཛེགས་ནུས་ཇི་ལྟར་མིན་ཏེ་དེས་ན་འདི་ལ་སྤྱོད་ཅིག འདི་རྒན་པོས་གཞོན་ནུ་མ་ལ་སྨྲས་པ་དང་། རྒན་མོ་
ཞིག་གིས་གཞོན་ནུ་ལ་སྨྲས་པ་སྐད་དུ་དང་། གཞན་ཞིག་གིས་གཞོན་ནུ་ལ་སྨྲས་པ་གསུམ་གྱི་འཆད་ཚུལ་སྣང་ཡང་འདིར་ཕྱི་མ་ལྟར་རོ། །རྐང་པ་གསུམ་པའི་དང་པོར་ཏ་རུ་ཎཱ་ཏ་རུ་ཎ་ཞེས་དང་། བཞི་པའི་དང་པོར་ན་ལི་ནོ་ན་ལི་ནོ། ཞེས་ཡོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། ཡལ་འདབ་གསར་པས་མཛེས་པ་ཡི་ལྗོན་པས་ཡིད་དྲངས་པའི་གཞོན་ནུ་རྣམས་སླར་ཡང་པདྨར་མངོན་དུ་ཕྱོགས་པའི་བུང་བ་ཡིས་དེའི་མིག་ནས་བཟུང་སྟེ། དེར་འགུགས་པར་བྱེད་ཅེས་མིག་ཕྲོག་ནས་བཀུག་པའི་དོན་ནོ། །རྐང་པ་དང་པོའི་ཐོག་མར་བི་ཤ་དཱ་བི་ཤ་དཱ། གཉིས་པའི་དང་པོར་སཱ་ར་སེ་སཱ་ར་སེ། གསུམ་པའི་དང་པོར་ཀུ་རུ་ཏེ་ཀུ་རུ་ཏེ། ཞེས་ཡོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། མྱོས་པའི་བཞད་ནི་རབ་འཇུག་པ། རྫིང་གི་ཆུ་ལ་རོལ་ཞིང་དཀར་བ་ཡི། ངང་མོ་འདི་ཡི་ཅ་ཅོ་ཡིས། བྲལ་ཉེན་ཅན་བདག་ནི་མཐར་བྱེད་གཤིན་རྗེའི་ཟས་སུ་བྱེད་དོ། །རྐང་པ་དང་པོའི་ཐོག་མར་བི་ཥ་མ་བི་ཥ་མ། གཉིས་པའི་དང་པོར་མ་ད་ནཾ་མ་ད་ནཾ། བཞི་པའི་དང་པོར་མ་ལ་ཡཱ་མ་ལ་ཡཱ། ཞེས་ཡོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། དྲི་བྲལ་ཟླ་བའི་ཆ་དག་དང་། ལྷན་ཅིག་མ་ལ་ཡ་ཡི་རླུང་འདི་ནི། བདག་དགའ་བར་མི་བྱེད་པའི་འདོད་པ་ནི་མི་བཟད་པ་བསྐྱེད་པས་དུག་གི་རྗེས་སུ་འགྲོའོ། །རྐང་པ་
དང་པོའི་ཐོག་མར་མཱ་ནི་ནཱི་མཱ་ནི་ནཱི། གསུམ་པའི་དང་པོར་ཧཱ་རི་ཎཱི་ཧཱ་རི་ཎཱི། བཞི་པའི་དང་པོར་ཏ་ནུ་ཏཱཾ་ཏ་ནུ་ཏཱཾ། ཞེས་ཡོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། བདག་སྟེན་པར་མི་འདོད་པའི་ཁེངས་པ་ཅན། མུ་ཏིག་སོགས་ཀྱི་དོ་ཤལ་དང་ལྡན་ཡིད་འཕྲོག་བྱེད་མ། ལུས་མེད་འདོད་ལྷ་ཁྱོད་ཀྱི་མདའ་ལྔ་ཡི་དོང་བ་ལྟ་བུར་གྱུར་བ་ཉིད་འདི་ཡི་ང་རྒྱལ་ཕྲ་བར་གྱུར་ནས་བདག་དང་འགྲོགས་པའི་བདེ་བ་རྒྱས་པར་མཛོད་ཅིག རྐང་པ་གཉིས་པའི་དང་པོར་ན་ཀ་ཐཾ་ན་ཀ་ཐཾ། གསུམ་པའི་དང་པོར་ཀ་མ་ལཾ་ཀ་མ་ལཾ། བཞི་པའི་དང་པོར་ད་ལི་མད྄་ད་ལི་མད྄། ཡོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། ཁྱོད་ཀྱི་གདོང་གིས་ཤེས་ལྡན་གཏམ་སྨྲ་བ་ལས་རྒྱལ་ན། ཆུ་ཡི་རྒྱན་དུ་གྱུར་ཅིང་བུང་བ་འཕྱོ་བ་ཅན། འདབ་ལྡན་པདྨ་གཏམ་སྨྲ་བ་མེད་པ་ལས་ཅི་ལྟར་མི་རྒྱལ། བདག་གི་དགའ་མ་ཞེས་སོ། །རྐང་པ་བཞི་ཀའི་ཐོག་མར་ཡོད་པ་བར་མ་ཆོད་པའི་ཟུང་ལྡན་ནི། ར་མ་ཎཱི་ར་མ་ཎཱི་ཡཱ་མེ། པཱ་ཊ་ལཱ་པཱ་ཊ་ལཱཾ་ཤུ་ཀཱ། བཱ་རུ་ཎཱི་བཱ་རུ་ཎཱི་བྷཱུ་ཏ། སཽ་ར་བྷཱ་སཽ་ར་བྷཱ་སྦ་དེ། ཉི་མའི་འོད་ཀྱིས་དམར་བར་གྱུར་པའི་ནུབ་ཕྱོགས་ཀྱི་ཆུ་ལྷ་མོ་བཞིན་ཤིང་པཱ་ཊ་ལ་སྡེ་སྐྱ་སྣར་དུ་གྲགས་པའི་མེ་ཏོག་ལྟར་དཀར་དམར་རམ་དམར་སྐྱའི་གོས་ཅན་དྲི་བཟང་པོའི་གནས་སུ་གྱུར་པ།
བདག་གི་དགའ་མ་འདི་ནི་འདོད་པས་དགའ་བར་བྱའོ། །འདི་ལ་བོད་སྐད་ཀྱི་དཔེར་བརྗོད་ན། སྐྱེ་བ་སྐྱེ་བ་བརྒྱུད་མར་ཡང་དང་ཡང་། །མཁས་པ་མཁས་པ་མཆོག་ལས་ལེགས་བཤད་སྦྱངས། །བློ་གསལ་བློ་གསལ་མཆོག་གིས་ལེགས་བསྔགས་པའི། །ཡོན་ཏན་ཡོན་ཏན་གྱིས་གྲགས་ཚེ་འདིར་ཐོབ། །ཅེས་པ་ལྟ་བུའོ། །དེ་ལྟར་གོང་དུ་བསྟན་པ་དེ་ཐམས་ཅད་རྐང་པའི་ཐོག་མ་ཡི་ཟུང་ལྡན་བར་ཆོད་པ་མེད་པའི་རྣམ་རྟོག་ཅན་ནོ། །འདིར་བར་མ་ཆོད་པའི་ཟུང་ལྡན་ཐོག་མ་དང་དབུས་མཐར་ཡོད་པའི་དཔེར་བརྗོད་མདོར་བསྡུས་ནི། བ་ལང་བ་ལང་ཁྱུར་ནི་བག་ཕེབས་ལྟར། །འདིར་ནི་བླུན་པོ་བླུན་པོ་གཞན་རྣམས་དང་། །བྱ་བ་སྣ་ཚོགས་སྣ་ཚོགས་གཏམ་གྱིས་གཡེངས། །ལེགས་བཤད་མཁས་པར་མི་འགྲོགས་བླུན་འགྲོགས་བླུན། །རྣམ་སད་རྣམ་སད་ལྷན་ཅིག་བདེར་གནས་བཞིན། །གང་ཞིག་བློ་ལྡན་བློ་ལྡན་གཞན་ལྷན་ཅིག །ལེགས་སྤྱོད་རྣམ་མང་རྣམ་མང་ལེགས་བཤད་སྤྲོ། །ལོག་སྤྱོད་བླུན་པོར་མི་འགྲོགས་མཁས་འགྲོགས་མཁས། །ཞེས་པ་ལྟ་བུ་དང་། སངས་རྒྱས་སངས་རྒྱས་སྲས་ལ་དད་པས། །མཆོད་རྣམས་མཐོང་ཆོས་མཐོང་ཆོས་མིན་པར། །བདེ་ནས་བདེར་འགྱུར་འཇིག་རྟེན་འཇིག་རྟེན། །འདས་པའི་དཔལ་ཀུན་ཡོངས་སུ་འགྲུབ་བོ། །ཞེས་པས་མཚོན་
ནས་དུ་མར་འགྱུར་བ་ཤེས་པར་བྱའོ། །རྐང་པ་བཞི་ཀའི་མཐར་ཡོད་པ་བར་ཆོད་པའི་ཟུང་ལྡན་ཡང་བོད་སྐད་དུ་དཔེར་མཚོན་ན། དཔལ་སྦས་ཀྱི་མདོ་ལས། དགེ་དང་མི་དགེ་སྔོན་བྱས་ཆུད་མི་ཟ། །མཁས་པ་རྣམས་ལ་བསྟེན་པ་ཆུད་མི་ཟ། །འཕགས་པའི་ཚོགས་ཀྱི་ལེགས་བཤད་ཆུད་མི་ཟ། །བྱས་ལ་བྱས་བཟོ་ནམ་ཡང་ཆུད་མི་ཟ། །ཞེས་གསུངས་པ་ལྟ་བུའོ། །ད་ནི་གཉིས་པ་བར་དུ་ཆོད་པ་ཡི་རྣམ་རྟོག་འགའ་ཡང་བསྟན་པར་བྱ། རྐང་པ་སྔ་མ་གཉིས་ཀྱི་ཐོག་མར་མ་དྷུ་རེ་ཎ་ཞེས་ཡོད་པའི་བར་ཡི་གེ་གཞན་གྱིས་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། ས་ཧ་ཀཱ་ར་ལས་འཁྲུངས་ཉིད། །ཡིད་འོང་དྲི་བཟང་ལྡན་པ་ཡིས། །དཔྱི༷ད་དུས་ཀྱི་རི་དྭགས་ཨེ༷་ཎའི་མིག་ཅན་གྱི། །ཁེངས་པ་སྒྲ་ཡི་ལྷག་མར་བྱེད། །རྐང་པ་དང་པོ་དང་། བཞི་པའི་ཐོག་མར་ཀ་རོ་ཏི་ཞེས་ཡོད་པའི་བར་ཆོད་ཟུང་ལྡན་གྱི་ཚིགས་བཅད་ནི། དགའ་མའི་ལག་པ་ཤིན་ཏུ་དམར། །རྒྱུད་མངས་ལ་བསྣུན་རྣམ་འཕྲུལ་ལ། །ཕྲག་དོག་ལྡན་པ་ཡིན་ནམ་མཛའ་བོ་ལའང་། རྣ་བའི་ཨུཏྤལ་གྱིས་སྣུན་བྱེད། །དང་པོ་དང་བཞི་པའི་ཐོག་མར་ས་ཀ་ལཱ་བོ་ཞེས་ཡོད་པའི་བར་ཆོད་ཟུང་ལྡན་ནི། རླུང་གིས་གར་བསྒྱུར་སྤྲིན་གྱི་ཕྲེང་། །མཐའ་དག་ཆུ་ནི་འཐོར་བར་བྱེད། །དེ་རྗེས་མཇུག་མ་རབ་
བསླང་བའི། །མཇུག་སྒྲོ་ལྡན་པ་གར་བྱེད་དོ། །ཞེས་པ་གོ་སླའོ། །དང་པོ་དང་གསུམ་པའི་ཐོག་མར་ཀ་ལི་ཀཱ་ཞེས་ཡོད་པའི་ཟུང་ལྡན་བར་ཆོད་པའི་ཚིགས་བཅད་ཀྱི་དོན། འདོད་ལྡན་མ་དག་ཁྱོད་ཀྱི་ཡིད། །ཁེངས་རྩོད་རང་ཉིད་ཉམས་འགྱུར་ཏེ། །ནཱི་པའི་ཀ་ལི་ཀཱ་མཐོང་ན། །གནས་སྐབས་ཅི་ལ་རེག་འགྱུར་རམ། །ཞེས་ནཱི་པ་ཚོགས་ཅན་ཤིང་གི་ཀ་ལི་ཀ་མེ་ཏོག་གོ། གཉིས་པ་དང་བཞི་པའི་ཐོག་མར་ཙནྡྲ་ཀཱནྟ་ཞེས་ཡོད་པའི་ཟུང་ལྡན་ཚིགས་བཅད། རྩེ་དགའི་རི་ཡི་ངོས་སུ་མཚན་མོ་ཟླ་འོད་ཀྱི། །ཐང་འདི་ལ་ནི་འཛེགས་གྱུར་ནས། །མདོངས་མཐའ་མཆོག་ཏུ་རབ་མཛེས་པའི། །གཙུག་ཕུད་ཅན་འདི་གར་བྱེད་དོ། །རྐང་པ་རྗེས་མ་གཉིས་ཀྱི་དང་པོར། བ་རཱ་ཧེ་ཞེས་ཡོད་པའི་བར་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། གང་ཞིག་སྦྲུལ་མཆོག་སྟེང་གནས་ཤིང་། །ཕག་པས་བཟུང་བའི་ས་འདི་ནི། །རྒྱལ་པོའི་ཚོགས་ལས་རབ་བླངས་ནས། །ད་ལྟ་ཁྱོད་ཀྱི་ལག་པས་བཟུང་། །ཞེས་ཀླུ་ལྷག་མ་ཅན་གྱི་སྟེང་ན་གནས་ཤིང་། ཁྱབ་འཇུག་ཕག་གི་རྣམ་པས་བརྟེན་པའི་ས་འདི་རྒྱལ་པོ་གཞན་ལས་བླངས་ནས་ཁྱོད་ཀྱི་དཔུང་པས་འཛིན་ཅེས་སོ། །རྐང་པ་སྔ་མ་གསུམ་གྱི་དང་པོར་ཀ་རེ་ཎ་ཞེས་ཡོད་པ་བར་ཆོད་པའི་ཟུང་ལྡན་ཚིགས་བཅད། གཡུལ་དུ་དགྲ་ཡི་གླང་པོ་རྣམས། །ཁྱོད་ཀྱི་ལག་
པ་མཐར་བྱེད་ཀྱིས། །བསྣུན་པའི་ཁྲག་ནི་རབ་ཟག་པ། །ཐུན་མཚམས་དག་གི་སྤྲིན་བཞིན་མཛེས། །མཐར་བྱེད་གཤིན་རྗེའོ། །རྐང་པ་དང་པོ་གསུམ་པ་བཞི་པའི་ཐོག་མར་སཱ་ར་ག་ཏ་ཞེས་ཡོད་པའི་བར་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། རླུང་གིས་རི་ཡིས་ཤིང་ཕྲེང་བཞིན། །གཞན་གྱི་སྡེ་ནི་དཔའ་བོས་བཅོམ། །མཐའ་ནི་ག་ཤེད་སོང་བ་བཞིན། །རྡུལ་གྱིས་ནམ་མཁའ་ཁྱབ་པར་གྱུར། །འདི་ལ་མཐར་ནི་ག་ཤེད་དེ་གཏོལ་མེད་དུ་སོང་ཞེས་འཆད་པ་ཡོད། ཡང་ན་མཐའ་གད་པ་ལྟ་བུ་ག་ཤེད་དེ་གཏོལ་མེད་དུ་ཞིག་སོང་བ་བཞིན་ཞེས་ཀྱང་ངོ་། །རྐང་པ་ཕྱི་མ་གསུམ་གྱི་དང་པོར་སཱ་ད་ན་ཞེས་ཡོད་པས་བར་ཆོད་པའི་ཟུང་ལྡན་དེའི་དོན་བོད་སྐད་དུ། ལེགས་པ་དང་ལྡན་ཞིང་ཆུ་འཛིན་གསར་པའི་འོད་ལྟར་སྔོ་བསངས་སམ་ནག་པོའི་མདོག་ཅན་ཁྱབ་འཇུག་དེས་ལྷ་མིན་དག་གི་རིགས་ཉམས་བྱེད། ལྷ་མིན་གྱི་ཆང་ལྡན་གླང་པོ་མཆོག་བཅོམ་པ། ཁྱབ་འཇུག་དེས་ཁྱེད་རྟག་ཏུ་སྲུངས། རྐང་པ་བཞི་ཀའི་ཐོག་མར་ཀ་མ་ལེ་ཞེས་ཡོད་པས་བར་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། ཁྱོད་ཀྱི་མགོ་སྐྲ་བུང་བ་འདྲ། །གདོང་ནི་པདྨར་ཕྲག་དོག་བྱེད། །དཔལ་གྱིས་བཞིན་དུ་རབ་མྱོས་པ། །ཁྱོད་ཀྱིས་སུ་ཞིག་རྩི་མི་བྱེད། །དཔལ་གྱིས་ཞེས་ལྷ་མོ་དཔལ་མོས་གཞན་མྱོས་པར་
བྱེད་པ་བཞིན་དུ། སྐྱེ་བོ་སུ་ཞིག་བདག་ཉིད་ལ་ཆགས་པའི་གྲངས་སུ་རྩི་མི་བྱེད་དེ། ཐམས་ཅད་ཆགས་པའི་གྲངས་སུ་བརྩིའོ། །ཞེས་སོ། །རྐང་པ་དང་པོ་གཉིས་ཀྱི་ཐོག་མར་མུ་དཱ་ར་མ་ཎ་དང་། ཕྱི་མ་གཉིས་ཀྱི་ཐོག་མར་མ་ད་བྷྲ་མ་ཞེས་ཡོད་པ་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། རྒྱ་ཆེ་རིན་ཆེན་རྒྱན་དང་ལྡན། །རྒྱགས་པས་མིག་འཁོར་ཛ་གྷ་ན། །ཆུང་བ་མིན་པས་མཛའ་བོ་ནི། །དགའ་བ་ལྡན་པར་བྱེ་བ་བཟོད། །ཅེས་གོ་སླའོ། །ཁ་ཅིག་གིས་ཛ་གྷ་ན་ཚང་ར་ལ་བཤད་ཀྱང་། འདོད་འཇོར་བུད་མེད་ཀྱི་སྟ་ཟུར་རྒྱབ་ཀྱི་ཆ་ནི་ནི་ཏམྦི་སྟེ་འཕོངས་སོ། །མདུན་གྱི་ཆ་ལ་ཛ་གྷ་ནཾ་སྟེ་བསྣུན་གནས་སོ། །ཞེས་བཤད་པ་དེ་ལྟ་བུ་ཆུང་མིན་ཆེ་བའོ། །དེས་མཛའ་བོ་དགའ་བར་བྱེད་ནུས་པའམ་བྱེད་བཟོད་པའོ། །རྐང་པ་དང་པོ་གསུམ་པའི་ཐོག་མར། ཨུ་དི་ཏཻ་ར། ཞེས་དང་། གཉིས་དང་བཞི་པའི་དང་པོར་མ་རུ་ཏཻ་ར་ཡོད་པ་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། གཞན་གསོས་རྣམས་ཀྱིས་བསྒྲགས་པ་དང་། །ཁྱོད་ཀྱིས་བརྗོད་པའི་སྒྲ་དང་ནི། །ལྷོ་ཡི་ཕྱོགས་ཀྱི་རླུང་གིས་ཀྱང་། །བདག་ཡིད་ཕྲོག་གོ་ཕོ་ཉ་མོ། །འདིར་ཕོ་ཉ་མོ་ནི་མཛའ་མོས་སྐྱེས་པ་འགུགས་པར་སྦྲན་ནས་མངགས་པ་ལ་བྱའོ། །རྐང་པ་དང་པོ་དང་བཞི་པའི་དང་པོར་སུ་རཱ་ཛི་ཏ། གཉིས་པ་དང་གསུམ་པའི་དང་པོར་ཏ་ནུ་མ་དྷྱཱ་ཡོད་པ་ཆོད་པའི་
ཟུང་ལྡན་ཚིགས་བཅད་དེའི་དོན། སྐེད་པ་ཕྲ་ཞིང་རྔུལ་ཟག་པས། །གདོང་གི་ཟླ་བ་རབ་མཛེས་པའི། །བུད་མེད་ཆང་གིས་ངོ་ཚ་བཅོམ། །སྐྱེས་པའི་ལུས་ལ་འཛེག་པར་བྱེད། །ཅེས་སོ། །དེ་ལྟར་བར་ཆོད་ཟུང་ལྡན་གྱི། །རབ་ཏུ་དབྱེ་བ་འདི་ཡང་བསྟན། །བར་ཆོད་མ་ཆོད་བདག་ཉིད་ཀྱི། །རྣམ་རྟོག་ཀྱང་ཡོད་འདི་ལྟ་སྟེ། །གསུམ་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ལས། རྐང་པ་དང་པོ་དང་གཉིས་པའི་ཐོག་མར་སཱ་ལཾ་སཱ་ལཾ། ཞེས་དང་། གསུམ་པ་དང་བཞི་པའི་དང་པོར་ནཱ་ལཱི་ནཱ་ལཱི། ཞེས་ཡོད་པ་འདི་ལ་རྐང་པ་སྔ་མ་གཉིས་འདྲ་ཞིང་། ཕྱི་མ་གཉིས་འདྲ་བ་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ཞེས་བྱ་སྟེ། སཱ་ལཾ་སཱ་ལཾ་ལྟ་བུ་བར་མ་ཆོད་པ་དང་། རྐང་པ་གཞན་ལ་བལྟོས་ནས་བར་ཆོད་པ་ཡང་ཡིན་པའི་ཕྱིར་རོ། །ཚིགས་བཅད་དེའི་དོན། ཀ་ལི༷་ཀཱ་སྟེ་མེ་ཏོག་ཁ་འབུས་པ་འཕྱང་པའི་ཡལ་ག་ཅན་གྱི་ཤིང་སཱ་ལ་སྟེ་སྤོས་དཀར་ཤིང་མཛེས་པ་དེ་ཉིད་མིག་བལྟ་བར་བྲལ་ཉེན་ཅན་ཆགས་ལྡན་དེ་ཡིས་མི་ནུས་ཏེ་ཆགས་པ་བསྐྱེད་པས་སོ། །དེ་བཞིན་ཤིང་བ་ཀུ་ལར་ཆགས་པའི་བུང་བ་དང་། དེར་མ་ཟད་གྲོགས་མོས་པདྨ་ཅན་གྱི་མཚོ་ཡང་བལྟ་ནུས་པ་མིན། ཞེས་སོ། །དང་པོ་དང་བཞི་པར་ཀཱ་ལ་ཀཱ་ལ་དང་། གཉིས་པ་དང་གསུམ་པར་ཏཱ་ར་ཏཱ་ར། ཞེས་ཡོད་པས་ཐོག་མཐའ་གཉིས་དང་བར་
མ་གཉིས་འདྲ་བ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། སྤྲིན་ནག་ཆེན་པོ་ལྡན་དུས་སུ། སྣང་དང་རྒྱུ་སྐར་ཀུན་མི་མཚོན་པའམ་མི་མངོན་ཞིང་སྐད་གསང་མཐོར་དགའ་བ་ཡི་སྒྲ་དབྱར་གྱི་རྔ་སྒྲོ༷ག་པར་བྱེད་པ། དུས་ཏེ་གཤིན་རྗེ་འདྲ་བར་སུ་ཡིས་བལྟ་བར་ནུས། དུས་འདི་འདྲ་ཟེར་ཀྱང་རུང་ངོ་། །རྐང་པ་བཞི་ཀར་འདྲ་བ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནི། རྐང་པ་བཞི་ཀའི་ཐོག་མར་ཡཱ་མ་ཡཱ་མ་ཞེས་ཡོད་པའི་དོན། ཐུན་གསུམ་གྱི་དབང་དུ་གྱུར་པས་ཡུན་རིང་བ་ཡི། མཚན་མོ་ཡིས་ནི་བདག་མྱུར་དུ་ཤི་ཞིག ཅེས་སྨོན་པའམ། ཤི་བ་ཞིག་གམ་འཆི་བ་འདྲ་ཞེས་ཀྱང་གཞན་དག་འཆད། ཅིའི་ཕྱིར་དགའ་མ་གང་ལ་བདག་ཡུལ་གཞན་དུ་སོང་བས་དེས་སྲོག་གཟིར་བ་སྟེ་འགོག་པར་འགྲོ་འདོད་པ་བརྩེ་ལྡན་མ་དེ་ནི་བློ་མེད་དམ་སྙིང་མེད་པོ་བདག་གིས་བཅོམ་པར་བྱས་སོ་ཞེས་འགྱོད་པ་སྐད་དུའོ། །ཞེས་པ་འདི་ཡན་ཆད་རྐང་པ་རྣམས་ཀྱི་དང་པོ་སྟེ་ཐོག་མར་ཡོད་པའི་ཟུང་ལྡན་གྱི་རྣམ་རྟོག་གི་ལུགས་ནི་དཔེ་བརྗོད་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཅིག་པོ་འདི་འདྲ་འདི་ལྟ་བུ་ཁོ་ན་ཟུང་ལྡན་གྱི་རྣམ་རྟོག་གཞན་པ་བར་དང་ཐ་མ་ན་ཡོད་པ་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །ཞེས་འབྱུང་ངོ་། །དེ་རྣམས་རེ་རེ་ནས་སྤྲོས་པས་དབྱེ་བ་མང་བས་འཇིགས་ཕྱིར་དེའི་དབྱེ་བ་ནི་མཐའ་དག་བརྗོད་པར་མི་
འདོད་དོ། །དེ་ལ་བྱ་སླ་བ་ཅི་རིགས་ཤུགས་ལས་མཚོན་པའི་བྱ་དཀར་རམ་བྱ་དཀའ་བར་མངོན་འདོད་གང་། འགའ་ཞིག་དག་ནི་བསྟན་པར་བྱ། གཉིས་པ་རྐང་པ་དང་པོ་ལས་གཞན་ན་ཡོད་པའི་ཟུང་ལྡན་ལས། རྐང་པ་བཞི་ཀའི་དབུས་ན་ཡོད་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནི། སྠི་རཱ་ཡ་ཏེ་ཡ་ཏེནྡྲི་ཡོ། ན་ཧཱི་ཡ་ཏེ་ཡ་ཏེརྦྷ་བཱ་ན། ཨ་མཱ་ཡ་ཏེ་ཡ་ཏེ་སྱ་བྷཱུ། ཏྶུ་ཁཱ་ཡ་ཏེ་ཡ་ཏེ་ཀྵ་ཡཾ། འདི་བོད་སྐད་དུ། དམ་བཅའ་བརྟན་ལྡན་དབང་པོ་ཡུལ་ལ་གཡེང་བ་རབ་ཏུ་བསྡམ་པ་ཁྱོད་ནི་སྡོམ་བརྩོན་ཏེ་བཙུན་ཚུགས་ལས་མི་ཉམས་ཤིང་། ཁྱོད་ལ་གཞན་བསླུ་འདོད་ཀྱི་སྒྱུ་མེད་པ་ཁྱོད་ཀྱི་བདེ་བ་ནི་ནམ་ཡང་འཇིག་པའམ་ཟད་པར་མི་འགྱུར་ཏེ་སྡོམ་བརྩོན་སོགས་ཡོན་ཏན་འདི་སྙེད་བདེ་བ་དེ་འཕེལ་བའི་ཆེད་དུའང་འགྱུར་རོ། །བཞི་ཀའི་དབུས་ན་ཡོད་པ་ཆོད་པའི་ཟུང་ལྡན་ནི། ས་བྷ་སུ་རཱ་ཛནྣ་སཱུ་རཱ་ཧ་ཏཻ་རྨུ་ཁེ། རྐང་པ་དང་པོ་ལ་སཱུ་རཱ་དབུས་ན་ཡོད་ཅིང་། ཡི་གེ་གཞན་ཛནྣས་བར་ཆོད་པ་འདི་བཞིན་རྐང་པ་གཞན་གསུམ་ཀའི་དབུས་ན་ཡང་སཱུ་ར་ཡོད་པ་འདྲ་ལ། དེ་དག་གི་ཐོག་མཐའ་བར་གསུམ་ཡི་གེ་གཞན་དང་གཞན་གྱིས་ཆོད་པས་རྐང་པ་བཞི་ཀ་མི་འདྲ་བ་ཡིན་ནོ། །ཚིགས་བཅད་དེ་བོད་སྐད་དུ། རྒྱལ་པོ་ཁྱོད་ཀྱི་མདུན་སར་ས་ཡི་ལྷ་སྟེ་བྲམ་ཟེ་རྣམས་དག་གི་ཞལ། ཆང་གིས་མ་
བཅོམ་ཞེས་ཆང་བཟི་མིན་ཡང་རྒྱལ་པོས་བྱིན་པའི་ནོར་གྱིས་ངོམས་པའི་མཛེས་པས་རབ་བསྟོད་པའི། ཁྱོད་ཀྱི་ཡོན་ཏན་རབ་ཏུ་གསལ་བར་བྱས་པ་འདི་ནི་ཁྱོད་ལ་དགའ་ཞིང་ཆགས་པའི་བདག་ཉིད་དུ་གྱུར་པའི་སྐྱེ་རྒུ་རྣམས་ལ་གཏམ་གྱི་ཕུང་པོ་ཉིད་དུ་གྱུར་ཅིང་། དེར་མ་ཟད་གཏམ་འདི་ལྷ་རྣམས་སུ་ནི་མི་འགྲོ་མིན་ཞེས་སོ། །རྐང་པ་བཞི་ཀའི་མཐའ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་ནི། བཞི་ཀའི་མཐར་མཏྟ་ཡཱ་ཞེས་ཡོད་པའི་ཡི་གེ་བཅུ་གཉིས་པའི་ཚིགས་བཅད་དེའི་དོན། །དམ་པའི་སྤྱོད་ལ་བག་མེད་ཁྱོད་ཀྱི་དགའ་མ་གང་། །དགའ་བའི་དགའ་སྟོན་གྱི་དགའ་བས་ཁྱད་པར་དུ་མྱོས་མ། །དེ་ཡིས་འདིར་ནི་འོད་ལྡན་རྒྱན་རྣམས་བཟུང་བར་འོས། །བདག་ལ་མཛེས་ལྡན་ཉིད་ཀྱི་འབྲས་བུ་འགའ་ཡང་མེད། །ཅེས་དམ་པའི་སྤྱོད་པར་འཇུག་པའི་བག་ཡོད་མེད་པའི་དགའ་མ་ཞེས་སྦྱར་རོ། །འདི་ཆགས་བྲལ་དྲང་སྲོང་ཞིག་གིས་གསེར་སོགས་རྒྱན་བྱིན་པ་ཕར་གཏད་པའི་ཚིག་བྱས་ཀྱང་རུང་ལ། འགྲེལ་པ་གཞན་དུ་བདག་པོས་བྱི་བོ་བྱས་པར་ཆུང་མས་ཁྲོ་ཚིག་སྨྲས་ཏེ་བདག་ལུས་བརྒྱན་ནས་ཁྱོད་དང་འཁྲིག་མི་འདོད་ཅེས་སྨྲ་བར་འཆད་དོ། །རྐང་པ་བཞི་ཀའི་མཐར་ན་ཏེ་ན་ཏེ་ཞེས་ཡོད་པས་མཐའ་ཡི་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། མགོན་པོ་ཁྱོད་ལྟ་གཞན་ལ་དུང་པའི་རོ་ནི་མི་མཁྱེན་ཏེ། །
འདུད་པར་མི་སེམས་པ་དང་དེའི་རྒྱུ་མཚན། །དམན་པ་ཉིད་དང་མཆོག་ཉིད་དག་ནི་ངེས་པར་འགལ། །ཞེས་མི་མཚུངས་ཤིང་མི་མཉམ་པས་སོ། །དེས་ན། གང་ཞིག་དམན་པ་རྣམས་ཀྱིས་ཁྱོད་ལ་མགོས་འདུད་ཅིང་། དེ་དག་ཁོ་ནའམ་ངེས་པར་དམན་པའི་རོ་མྱོང་བ་དེས་ཁྱོད་ཀྱི་བཀུར་སྟིའི་ཆེད་དུ་མཆོག་ཏུ་ངལ་བཞིན་རྒྱུའོ། །རྐང་པ་བཞི་ཀའི་དབུས་དང་མཐར་ཏེ་ན་ཞེས་ཡོད་པས་བར་མཐའ་ན་ཡོད་པ་ཆོད་པའི་ཟུང་ལྡན་གྱི་ཚིགས་བཅད་དེའི་དོན། རོལ་པའི་འཛུམ་དཀར་དང་ནི་འཇམ་པོར་སྨྲ་བ་དང་། །ཆུང་ངུའི་ལྟ་བ་དང་ནི་ལྕི་བའི་འགྲོ་བ་དང་། །ཀུན་ཏུ་གླལ་དང་ཛ་ན་དག་སྟོན་པ་དེས། །བསྣུན་པ་དེས་ན་བདག་ནི་འཚོ་བས་དམན་པར་འགྱུར། །ཆུང་ངུའི་ལྟ་བ་ཟིམ་བུའི་ཚུལ་གྱིས་ཅུང་ཟད་ལྟ་བའོ། །ལྕི་བའི་འགྲོ་བ་ནི་དལ་བུར་ས་མནན་ཏེ་འགྲོ་བའོ། །མྱོས་པའི་ཀུན་ཏུ་གླལ་བ་ཞེས་གླལ་བའི་དོན་འདོད་པའི་སྒྱུ་ཐབས་སུ་འགྲེལ་པ་འདོད་འཇོར་བཤད། ཁ་ཅིག་གིས་འདོད་པའི་དབང་གིས་སྡོད་ཚུགས་མི་བརྟན་པར་ཕྱལ་ཕྱལ་བསྐྱོད་པ་ལྟ་བུ་ལ་བཤད། ཁ་གདངས་ནས་གླལ་བའི་དོན་ནི་སྐབས་འདིར་མི་འགྲེལ་ལོ། །དེ་སོགས་ཆགས་སུ་རུང་བའི་སྤྱོད་ལམ་དེས་ཡིད་ལ་བསྣུན་པས་བདག་ཆགས་པས་འཆི་ལ་ཐུག་གོ་ཞེས་སོ། །རྐང་པ་བཞི་ཀའི་དབུས་
དང་མཐར་མཱ་ན་མཱ་ན་ཞེས་ཡོད་པས་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ཚིགས་བཅད་དེའི་དོན་ནི། དཔལ་སྦྱིའམ་དཔལ་མོ་ལྡན་པས་དཔལ་ལྡན། ཀུན་ལ་ཁྱབ་པས་གནས་གང་རུང་གཅིག་ཏུ་མི་ཤོ༷ང་བ། རྟག་ཏུ་གནས་པས་བརྟན་ལྡན་ཡིན་པའི་རྒྱུ་གང་གིས། དེའི་རང་བཞིན་ནམ་བདག་ཉིད་ནི་འཆི་མེད་ལམ་དང་མཉམ་པའི་ཚད་དང་ལྡན་པའོ། །ཁྱོད་ལ་གུས་པས་རབ་ཏུ་དད་པའི་འགྲོ་བ་རྣམས་ལ་དཔལ་རྒྱས་པར་བྱེད་ལ། ཀུན་གྱིས་མཆོད་པར་འོས་པ་དང་ལྡན་ཅིང་ཡོན་ཏན་ཚད་མེད་པའི་མིང་ཅན་ནི། གོམ་པས་ས་གསུམ་འཇལ་བྱེད། གཟུགས་ཀྱི་རྣམ་པ་ཚད་མེད་པ་མང་པོ་བཀོད་པ་ཁྱབ་འཇུག་དེ་ལ་ཕྱག་དག་འཚལ་བར་མཛོད་ཅིག ཅེས་སོ། །རྐང་པ་བཞི་ཀའི་ཐོག་མ་དང་བར་ན་སཱ་ར་སཱ་ར་ཞེས་ཡོད་པ་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། འདོད་པའི་རོ་བཅུད་ལ་ཞུགས་ཏེ་ནུ་འབུར་རྒྱས་པའི་བྲང་གིས་མཛའ་བོ་དགའ་བར་བྱེད་ཅིང་། སྲིད་པའི་འདོད་ཡོན་གྱི་སྙིང་པོར་གྱུར་པའི་བཅུད་མང་པོའི་དཔལ་རབ་ཏུ་འཛིན་པ་གང་ཞིག ཆུ་བྱ་བཞད་ཀྱི་སྒྲའི་རྗེས་སུ་མཚུངས་པའི་སྒྲ་དང་ལྡན་པ་གསེར་གྱི་དྲིལ་ཆུང་སིལ་སིལ་འཁྲོལ་བ་ཅན་གྱི་བུད་མེད་བཟང་མོ་དེས་ནི་བཅུད་ཀྱིས་ལེན་གྱི་སྨན་སོགས་སྲིད་བདེ་གཞན་སྙིང་པོ་མེད་པར་རིག་པར་བྱས་སོ། །རྐང་པ་བཞི་ཀའི་ཐོག་མ་
དང་དབུས་ན་ན་ཡཱ་ཡོད་ཅིང་། དེར་མ་ཟད་དང་པོ་དང་གསུམ་པའི་མཐའ་ནའང་ཡོད་པས་དེ་གཉིས་ཀྱི་མཐར་ན་ཡཱ་གསུམ་བརྒྱུད་མར་ཡོད་པ། དང་པོའི་དབུས་ན་ལོ་ཙཱ་དང་། གསུམ་པའི་དབུས་ན་སིརྫི་ཡོད་པ་མ་གཏོགས་རྐང་པ་དེ་གཉིས་ཀ་ཐམས་ཅད་ན་ཡཱ་ཞེས་པའི་སྒྲ་ཡིན་པ་འདི་ལྟ་བུ་དང་པོ་དང་དབུས་ན་ཡོད་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ཡིན་ཀྱང་། སྔ་མ་གཉིས་ཀྱི་མཐའ་ཐོག་དང་། ཕྱི་མ་གཉིས་ཀྱི་མཐའ་ཐོག་སྦྱར་ཏེ་བར་མ་ཆོད་པའི་ཟུང་ལྡན་དུའང་འགྱུར་རོ། །ཚིགས་བཅད་དེའི་དོན་མཆོག་གི་ཡོན་ཏན་བརྟན་ལ་རྒྱས་པ་ཞེས་བོས་ནས། ཚུལ་དང་ཚུལ་མིན་ལེགས་པར་བརྟག་པ་འདི་ཡིས་ནི། ཚུལ་ལུགས་མེད་ཅིང་དགེ་བའི་ཐབས་བསྒྲུབ་པ་ལ་ལོང་བ་ལྟ་བུ་རྣམས་རྣམ་པར་ཐུལ་ཅིག ཁྱོད་ནི་བཞོན་པ་ཕལ་པ་རྟ་གླང་སོགས་ཀྱིས་བཞོན་པས་མི་འགྲོ་ཞིང་ཐབས་ཤེས་ལྡན་པས་རྒྱལ་བའི་ཐེག་པ་ལ་བཞོན་པས་འགྲོ་བ་དག་གིས་གང་ཞིག་ལམ་ཡང་དག་པའི་ཚུལ་མ་ཐོབ་པ་རྣམས་ཚུལ་ཐོབ་པ་ཉིད་དུ་འགོད་པ་དག་ལ་ཁྱོད་སྙིང་སྟོབས་བརྟན་པ་སྐྱེད་ཅིག ཅེས་སོ། །རྐང་པ་བཞི་ཀའི་ཐོག་མར་ར་བེ་ཞེས་ཡོད་པས་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། གཞན་གྱིས་འདེགས་དཀའ་བ་མཚུངས་མེད་ལྕི་པའི་མཚོན་ཆ་དང་ལྡན་པའི་གཡུལ་ངོ་ཆེན་པོ་གང་དུ་
ས་སྐྱེས་ལྷ་མིན་རྣམས་ནི་ཁྱབ་འཇུག་གི་རྒྱལ་མཚན་ལ་གནས་པ་དཔའ་བོ་བྱ་ཡི་ཏོག་ཅན་རླུང་གིས་བསྐྱོད་པའི་སྒྲ་ཡིས་བྲོས་སོ། །ཉི་མ་བཞིན་དུ་བརྗིད་པའི་འཕྲོག་བྱེད་དེ་ཁྱབ་འཇུག་འདི་ཡི་མདུན་དུ། འཇིགས་རུང་གཡུལ་ལ་འཇུག་པར་རྩོམ་པའི་དགྲ་དེ་ནི་བཤན་པའི་སྔོན་དུ་ལུག་དང་མཚུངས་པར་རིག་སྟེ་དེས་གསད་པའི་ཕྱིར་རོ། །རྐང་པ་བཞི་ཀའི་ཐོག་མཐར་མ་ཡཱ་མ་ཡཱ་ཞེས་ཡོད་པས་བར་མཆོད་ཅིང་ཆོད་པའི་ཟུང་ལྡན་གྱི་ཚིགས་བཅད་འདི་ལ། རྐང་པ་བཞི་ཀའི་དབུས་ཀྱི་ཡི་གེ་བཞི་མ་གཏོགས་ཐམས་ཅད་ན་ཡཱ་འབའ་ཞིག་ཏུ་གྱུར་པ་འདི་ཡི་དོན། གང་ཁྱོད་དང་བྲལ་པས་ཉེན་པ་དེའི་དབང་གིས། མཚན་མོ་གཅིག་ཀྱང་ཚད་མེད་པ་རིང་བའི་ཐུན་དང་ལྡན་ལ། དེར་དགའ་བའི་དཔལ་གྲོགས་པོ་མེད་པའི་སྡུག་བསྔལ་ཚད་མེད་ཅིང་། མཐར་ནི་ཁྱོད་ཀྱིས་བསྒྲོ༷ད་བྱ་གཏན་ནས་མིན་པའི་འཚོ་བ་ཟད་པའི་ནད་ལ་བརྟེན་པའམ་རེག་པ་དང་། ཆ་བཅུ་དྲུག་པ་ཡི་རང་བཞིན་ཟླ་བ་ཡང་ནད་དུ་འགྱུར་བ་ཅན། ཁྱོད་དང་བྲལ་བའི་ནད་ཀྱིས་གཟིར་བའི་སྐལ་ལྡན་ཡིད་འོང་མ་འདི་སྙིང་རྗེའི་རང་བཞིན་དུ་གྱུར་པས་འདི་དང་འབྲལ་མེད་དུ་འགྲོགས་པར་མཛོད་ཅིག རྐང་པ་བཞི་ཀའི་ཐོག་དབུས་མཐའ་གསུམ་གར་མ་ཏཱ་ཞེས་ཡོད་པ། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། གཞན་དོན་
ལ་ངལ་བ་མེད་པར་ཁྱོད་ཀྱི་བློ་ལ་ཆོས་ཀུན་ལའམ། སྐྱེ་བོ་ཀུན་ལ་མཉམ་ཉིད་བཟློ༷ག་པ་ཉིད་མ་ཡིན་ཏེ་མཉམ་མོ། །ཁྱོད་ནི་སྐྱེས་བུ་བླ་ན་མེད་པ་དམ་པ་རྣམས་ཀྱི་རྗེས་སུ་མི་མཐུན་པར་འགྲོ་བ་མ་ཡིན་ཏེ་མཐུན་པར་འགྲོའོ། །དེས་ན་དཀའ་ཐུབ་སོགས་ཀྱིས་གདུང་བ་མེད་པའི་ལས་ཀྱིས་གོ་འཕང་མཆོག་ཐོབ་པ་རྒྱལ་བ་མཆོག་གི་རྗེས་སུ་མཐུན་པ་ཉིད་དོ། །དེས་ན་ཁྱོད་ནི་དཀའ་ཐུབ་ཀྱིས་གདུང་བས་དགའ་བ་མེད་པའི་ཀུན་ཏུ་རྒྱུ་གཞན་དང་། གཞན་དོན་ལ་འདོད་པ་མེད་པ་ཆགས་བྲལ་ཕལ་གྱི་བཞེད་པ་དག་ལས་རྒྱལ་པོ་ཞེས་སྐྱེས་བུ་དམ་པ་ལ་བསྔགས་པའོ། །རྐང་པ་བཞི་ཀའི་ཐོག་མཐའ་བར་གསུམ་ཡོད་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གྱི་དཔེ་བརྗོད་ནི། འདིར་ཀཱ་ལ་ཀཱ་ལ་ཞེས་པ་རྐང་པ་བཞི་ཀའི་ཐོག་མཐའ་བར་གསུམ་དུ་བསྐོར་ཞིང་བརྗོད་པས། རྐང་པ་རེ་རེའི་ནང་ན་དབུས་ཀྱི་ཀཱ་ལ་ཀཱ་ལའི་ཐོག་མར་ཡི་གེ་ཟུང་རེ་སྟེ་བཞི་མ་གཏོགས་ཐམས་ཅད་ཀཱ་ལིའི་སྒྲ་འབའ་ཞིག་ཏུ་གྱུར་པ་ཡིན་ལ། འདི་ཡི་གེ་བཅུ་དྲུག་པའི་དཔེ་བརྗོད་ལ་དེ་ལྟར་ཡིན་གྱི། དེ་བས་མང་པའི་ཡི་གེ་རྣམས་ལ་བར་དུ་ཡི་གེ་དུ་མ་ཡོད་པའང་འབྱུང་ངོ་། །ཚིགས་བཅད་འདིའི་དོན། དུས་ཞེས་པ་གཤིན་རྗེ་རྣམས་ཀྱི་ཡང་དུས་ཅན་ཏེ་དེ་དག་འབྱུང་བ་དང་སྡུད་པར་བྱེད་པ་པོ་མགྲིན་ནག་དབང་ཕྱུག་ཆེན་
པོ། སྒོ་ནི་མུ་ཁའི་སྒྲ་ལས་ཞལ་ནག་པོ་ཁྱུ་མཆོག་གི་རྒྱལ་མཚན་ནག་པོ་ཉིད་དག་འཛིན་པ་དེ་ནི། དཔེར་ན་ཁུ་བྱུག་དང་རྨ་བྱ་སོགས་སྐད་སྙན་པར་སྒྲོག་པ་དག་གི་སྐད་གདངས་སྒྲོ༷ག་པའི་དུས་དབྱར་གྱི་བུང་བའི་ཚོགས་དང་སྤྲིན་ནག་པོ་དཀྲིགས་པ་ལྟ་བུར་ནག་པ་གང་ཞིག་འཇིག་པའམ་འཕོ་བའི་དུས་ཀྱིས་མི་བཟུང་སྟེ། རྒ་བ་དང་འཆི་བ་མེད་པར་གནས་ཤིང་། ལོ་ཟླ་སོགས་དུས་ཀྱི་ཆའི་གཙོ་བོ་སྟེ་བདག་པོར་གྱུར་པ་ཞེས་བོས་ནས། མཛེས་པའི་སྤྲིན་ཚོགས་རྒྱ་ཆེན་པོའི་འབྱུང་གནས་སུ་གྱུར་པ་ཅན་གྱི་རྒྱ་མཚོ། ཁྱོད་མཉེས་པ་ལྷུར་ལེན་པའི་དཀའ་བས་འཚོ་བའི་འཛུམ་མིག་གཡོ་ལྡན་ལན་བུའི་ཕྲེང་བ་རོལ་པ་ཅན་འདི་དང་འབྲལ་མེད་རྟག་ཏུ་འགྲོགས་པར་མཛོད། ཅེས་སོ། །རྒྱ་འགྲེལ་གཉིས་ལས་འདི་ཡི་རྐང་པ་དང་པོ་གཉིས་དབང་ཕྱུག་ལ་བཤད་དེ། དེ་ནི་ཨུ་མ་དང་མི་འབྲལ་བ་དཔེར་བྱས་ནས། རྐང་པ་ཕྱི་མ་གཉིས་ཁྱབ་འཇུག་ལ་ལྷའི་གླུ་མཁན་གྱིས་བསྐུལ་བ་སྐད་དུ་མཛེས་པའི་སྤྲིན་མཚོ་ཁྱོད་དང་ཡུན་རིང་བྲལ་བས་ཁྱོད་ལ་རེ་བའི་དཀའ་བས་འཚོ་ཞིང་ཆགས་པས་གཡོ་བའི་ཡིད་ལྡན་ལན་ཕྲེང་གནག་པ་རོལ་པ་ཅན་དཔལ་མོ་དང་འགྲོགས་པར་མཛོད་ཅེས་བཤད། མཚུངས་སྒྲ་རྒྱ་དཔེ་ལ་དངོས་སུ་མེད་ཀྱང་བར་གྱི་ཚིག་བསྡུས་པ་ཡིན་པར་ཡང་བཤད་ཀྱང་
དབང་ཕྱུག་ལ་བརྗོད་པ་ལྟར་བྱས་ནའང་དེའི་སྤྱོད་པ་དང་མཐུན་པར་རྗེས་སུ་བརྗོད་པའི་ཕྱིར་མི་ལེགས་པ་མེད་དོ། །འདི་བོད་སྐད་དུ་དཔེར་བརྗོད་ན། བྱེད་པོ་བྱེད་པོ་མ་ཡིན་བྱེད་པོ་བྱེད་པོ་ཡིན་ན་སུ་ཞིག་བྱེད་པོ་བྱེད་པོ། །བྱེད་པོ་བྱེད་པོ་མེད་ན་བྱེད་པོ་བྱེད་པོ་མིན་ཏེ་རི་རབ་བྱེད་པོ་བྱེད་པོ། །བྱེད་པོ་བྱེད་པོ་ཡོད་ན་བྱེད་པོ་བྱེད་པོ་གཞན་ཕྱིར་ཐུག་མེད་བྱེད་པོ་བྱེད་པོ། །བྱེད་པོ་བྱེད་པོ་ཡོད་མིན་བྱེད་པོ་བྱེད་པོ་མེད་མིན་དེ་འདྲའི་བྱེད་པོ་བྱེད་པོ། །ཞེས་པ་འདིའི་དོན་ཚངས་པ་དབང་ཕྱུག་ཁྱབ་འཇུག་རཧྨ་ཎ་སོགས་དང་བདག་དང་དུས་སོགས་བྱེད་པོ་གཅིག་པུ་རྟག་པས་ཐམས་ཅད་བྱས་པ་ལ་མི་འཐད་པར་བརྗོད་པ་སྟེ། བདག་ལ་སོགས་པ་གང་ཞིག་ཀུན་གྱི་བྱེད་པོ་ཞེས་འདོད་པ་དེ་ནི་ཐམས་ཅད་བྱེད་པ་པོ་མ་ཡིན་ཞེས་དམ་བཅའ་བའོ། །གཞན་དག་ན་རེ། བྱེད་པོ་དེ་ནི་འཇིག་རྟེན་ཐམས་ཅད་བྱེད་པ་པོ་ཡིན་ནོ་ཞེ་ན། འཇིག་རྟེན་ཐམས་ཅད་བྱེད་པ་པོ་མེད་པར་མི་འབྱུང་བར་འདོད་པ་དེ་བཞིན་གང་སུ་ཞིག་བདག་གམ་དབང་ཕྱུག་བྱེད་པ་པོ་དེའི་བྱེད་པོ་ཡིན་ཏེ། དེ་ཡང་བྱེད་པོས་མ་བྱས་པར་འབྱུང་བ་མེད་པར་མཚུངས་སོ། །དེ་ལ་ལན་དུ་བྱེད་པོ་འདི་ལ་བྱེད་པོ་གཞན་མེད་དེ་རང་བྱུང་བའོ་ཞེ་ན། རྒྱུ་རྐྱེན་གང་གིས་མ་བྱས་མ་བསྐྱེད་པ་དེ་འདྲའི་བྱེད་པོ་དེ་ནི་ཆོས་གཞན་གྱི་བྱེད་པོ་མིན་
ཏེ། དཔེར་ན་རི་བོང་གི་རྭ་བྱེད་པོ་དེའི་བྱེད་པ་པོ་ཡིན་པར་ཁས་བླངས་པ་དང་ཁྱད་མེད་དེ། རི་བོང་རྭས་བསྐྱེད་པའི་འབྲས་བུ་ཞིག་ཡོད་མ་མྱོང་པ་བཞིན་རྒྱུ་མེད་པའི་བྱེད་པོ་རང་ཉིད་ཡོད་པ་མི་སྲིད་དོ། །གནོད་པ་དེར་དོགས་ནས་བྱེད་པོ་དེ་ལའང་བྱེད་པ་པོ་གཞན་ཡོད་པར་འདོད་ན་བྱེད་པོ་དེ་ཉིད་བྱེད་པོ་གཞན་གྱིས་བྱས་པའི་ཕྱིར་བྱེད་པ་པོ་ཡ་མཐའ་ཐུག་མེད་ཀྱི་བྱེད་པོ་སྔ་མ་མང་པོ་ཕྱི་མ་མང་པོའི་བྱེད་པོར་འགྱུར་བས་བྱེད་པོ་རྟག་གཅིག་ནམ་ཡང་མི་འཐད་དོ། །དེ་ལྟར་ན་བྱེད་པོ་དེ་ལ་བྱེད་པ་པོ་ཡོད་པ་མིན་ཏེ། བྱེད་པོ་རྟག་གཅིག་རང་དབང་ཅན་དུ་འདོད་པས་སོ། །བྱེད་པོ་དེ་ཉིད་སྐྱེད་པའི་བྱེད་པོ་མེད་པའང་མིན་ཏེ། བྱེད་པོ་དོན་བྱེད་ནུས་པའི་ངོ་བོས་ཡོད་པར་འདོད་པ་གང་ཞིག དེ་ཡོད་ན་རྒྱུ་མེད་པ་མི་འཐད་ལ་རྒྱུ་མེད་ན་དེ་ཡོད་པར་ཡང་མི་འགྲུབ་སྟེ་རི་བོང་རྭ་བཞིན་ནོ། །དེས་ན་རིགས་པས་བརྟག་ན་མི་འཐད་པ་དེ་འདྲའི་བྱེད་པོ་དེ་ཀུན་གྱི་བྱེད་པོ་ཡིན་ནོ་ལོ་ཞེས་སམ། ཅིས་མ་ཡིན་ཞེས་བསྟིངས་ཚིག་ཏུ་ཤུགས་ཀྱིས་གོ་བའོ། །འདི་ནི་ཡི་གེ་ཚོགས་པ་བསྐོར་བ་གཞུང་འདིའི་ལེགས་སྦྱར་གྱི་ཐོག་མཐའ་དབུས་གསུམ་གྱི་ཟུང་ལྡན་མ་ཆོད་པ་དང་ཆ་འདྲར་མཚར་ལྟོས་ཀྱིས་སྦྱར་བ་སྟེ། བོད་སྐད་ལ་ཤིན་ཏུ་བྱ་དཀའ་བ་ཡིན་ནོ། །འོན་ཀྱང་བོད་སྐད་ལ་ཡོན་ཏན་བཅུ་དང་དོན་རྒྱན་མཐའ་དག་
དང་། ཟུང་ལྡན་གྱི་བྱེ་བྲག་ཅི་རིགས་བགྱིད་རུང་བ་ལས། བྱ་དཀའ་ཕལ་ཆེར་རྒྱ་སྐད་དང་མཚུངས་པ་ལྟ་བུ་བགྱིད་མི་ནུས་པ་ནི་སྣམ་བུའི་ཐགས་ལ་ཟ་འོག་གི་རི་མོ་གཏོད་མི་ནུས་པ་ལྟར་སྐད་ཀྱི་གཤིས་སུ་ཟད་པས། རྒྱ་སྐད་ལ་དེ་འདྲ་བྱར་ཡོད་པའི་གོ་བ་ཆགས་ཕྱིན་བོད་སྐད་ཀྱིས་དེའི་ལད་མོ་འབའ་ཞིག་བྱེད་པའི་དཀའ་ལས་ཚེགས་ཆེ་དོན་ཆུང་བས་ཡི་གེ་རེ་རེའི་ཟུང་ལྡན་ལས་དཔེ་བརྗོད་སྔ་མ་དག་གིས་བྱས་པ་རྣམས་སྐད་འདི་ལ་འགབ་ཅིང་མཛེས་སོ། །གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ནི། རྐང་པ་གཉིས་ཀྱི་མཐའ་ཐོག་ནི། །རབ་སྦྱར་ཟུང་ལྡན་གནས་སྐབས་འདི། །འདིའི་གོང་དུ་བརྗོད་པའི་དཔེ་བརྗོད་བཞི་བཤད་མ་ཐག་པ་དེའི་ཁོངས་སུ་འདུས་མོད་ཀྱི། རང་དབང་ངམ་རང་རྐྱ་བའི་ཚུལ་ཉིད་ཀྱིས་འདིར་བཤད་དོ་ཞེས་གསུངས་ནས། འདིའི་དཔེ་བརྗོད་ཀྱི་རྐང་པ་དང་པོའི་མཐའ་དང་གཉིས་པའི་ཐོག་མར་མ་དེ་ན་སཱ། གཉིས་པའི་མཐའ་དང་གསུམ་པའི་ཐོག་མར་ན་ཡོ་ཛི་ཏཱ། གསུམ་པའི་མཐའ་དང་བཞི་པའི་དང་པོར་ག་ཏཱ་སི་ཏཱ། ཡོད་པ་འདི་མཐའ་ཐོག་སྦྱར་བའི་ཟུང་ལྡན་ནོ། །ཚིགས་བཅད་དེའི་དོན་བདག་ལ་སྔར་དེ་འདོད་ཅིང་མྱོས་པའི་ཆགས་པ་ཉེ་བར་གནས་ཀྱང་བུད་མེད་དེས། བདག་ཉིད་ལ་མ་སྦྱར་བའི་རྒྱུ་དེར་བདག་གི་འཁོན་འཛིན་གྱི་སྡིག་པས་སམ་
ཉེས་པས་ཁྲོ་བ་ཡི་རོ་དང་སྦྱར་ཏེ། ད་ནི་འདི་ལུས་མེད་འདོད་པ་དག་གིས་གདུང་བར་ཀུན་ནས་བདག་འདོད་མོད་ཀྱང་། བདག་ནི་འདི་ལ་འདི་སྙེད་ཀྱི་གདུང་བ་འབྱུང་བའི་སླད་དུ་དེའི་གན་དུ་མ་བསྡད་དོ། །ཞེས་སོ། །བཞི་པ་ཀུན་ཏུ་ཟུང་ལྡན་ལ། རྐང་པ་བཟླས་པ། ཚིགས་བཅད་བཟླས་པ། ཟུང་ལྡན་ཆེན་པོ་གསུམ་ལས། དང་པོ་གཉིས་མདོར་བསྟན་པ་ནི། ཚིགས་བཅད་ཀྱི་ཕྱེད་དེ་རྐང་པ་གཉིས་སླར་ཡང་བཟླས་པ་ནི་ཡང་དག་སྦྱར་བ་ཞེས་པའི་ཟུང་ལྡན་ཡིན་ནོ། །འདི་ལ་དང་པོ་གསུམ་པར་བཟླས་ཤིང་གཉིས་པ་བཞི་པར་བཟླས་པ་དང་། དང་པོ་གཉིས་པར་དང་། གསུམ་པ་བཞི་པར་བཟླས་པ་དང་། དང་པོ་བཞི་པར་དང་། གཉིས་པ་གསུམ་པར་བཟླས་པའི་དབྱེ་བ་གསུམ་དུ་འདོད་དོ། །རྐང་པ་གཅིག་སླར་ཡང་བཟླས་པ་ལའང་དུ་མ་ཡི་དབྱེ་བའི་བདག་ཉིད་ཡོད་པ་དེ་དག་རིམ་པ་བཞིན་དཔེས་གསལ་བར་བྱའོ། །དང་པོ་གསུམ་པ་དང་གཉིས་པ་བཞི་པར་བཟླས་པའི་ཟུང་ལྡན་ནི། རྐང་པ་དང་པོར། ནཱ་སྠེ་ཡཿསྭ་ཏྭ་ཡ་བརྫྱ་ཿ ཞེས་པ་འདི་རྐང་པ་གསུམ་པར་སླར་ཡང་བཀོད་པ་དང་། རྐང་པ་གཉིས་པར། པ་ར་མཱ་ཡ་ཏ་མཱན་ཡཱ། ཞེས་པ་འདི་རྐང་པ་བཞི་པར་སླར་ཡང་འདི་ཁོ་ན་བཀོད་པས་ཡི་གེ་དུ་མ་ཚོགས་པའི་རྐང་པ་དེ་དག་རྐང་པ་གཞན་གྱིས་བར་ཆོད་པར་
བྱུང་བས་ཟུང་ལྡན་གྱི་བྱེ་བྲག་ཏུ་ཡང་གྱུར་པའོ། །ཚིགས་བཅད་དེ་ཉིད་བོད་སྐད་དུ་བསྒྱུར་པ། སྐྱེས་བུ་བརྟན་པ་གང་ཞིག་སྙིང་སྟོབས་ཅན་དེས་ཁྱོད་ལ་མི་འདུད་པའི་ཁེངས་པ་རབ་ཏུ་སྤངས་ཀྱང་། ཁྱོད་ཀྱིས་སྔར་སྤང་བྱ་ཉིད་དུ་བྱས་པ་དེ་ང་ནི་ཁྱོད་ཀྱིས་མཆོག་ཏུ་འབད་པ་ཡིས་སྐྱེས་བུ་དེ་གཅིག་པུ་ལ་ཡིད་བརྟན་བྱའོ། །བློ་མི་བརྟན་མ་ཞེས་བོས་པའོ། །དེ་བཞིན་དུ་རྐང་བ་དང་པོའི་ཚིག་རྣམས་དང་གཉིས་པ་ཁྱད་མེད་ལ་དེ་བཞིན་ཕྱི་མ་གཉིས་འདྲ་བའི་ཟུང་ལྡན་གྱི་ཚིགས་བཅད་བོད་སྐད་དུ་བསྒྱུར་བའི་དོན་ནི། རྒྱལ་པོ་ཁྱོད་ཀྱི་དཔུང་གི་བགྲོད་པ་ཁྱབ་བདག་ཁྱབ་འཇུག་ཁྲོས་པ་ལྟ་བུའི་གཟི་བྱིན་གྱིས་ཕ་རོལ་གྱི་དཔུང་ལ་གནོད་པ་ཡང་ཡང་རབ་ཏུ་སྦྱར་བས་གཞན་སྤ་བཀོང་ནས་ངོ་མདངས་མཛེས་པ་མེད་པ་ཡི་མི་རྣམས་དཔའ་བའི་ཚུལ་དང་ང་རྒྱལ་ཉམས་བྱས་ནས། སྡུག་བསྔལ་བས་གདུང་ཞིང་ཀྱེ་མ་རོ་རྣམས་བྱས་ཟོས་ནས་རྣམ་པར་བཅོམ་མོ། །དེ་བཞིན་རྐང་པ་དང་པོ་དང་བཞི་པ་ཁྱད་མེད་ཅིང་། གཉིས་པ་དང་གསུམ་པ་འདྲ་བའི་ཟུང་ལྡན་ཚིགས་བཅད་ཀྱི་དོན། སྤྲིན་གྱི་བགྲོད་པ་དང་ལྡན་པ་དབྱར་གྱི་དུས་སྐྱེས་པའམ་བྱུང་བའི་ཚེ་ན་རྨ་བྱའི་ཚོགས་རྣམས་ནི་དགའ་བའི་སྒྲ་ཡིས་མཛེས་པ་ཐོབ་པར་འགྱུར་ལ། དེའི་ཚེ་སྤྲིན་འཐོར་བྱེད་རླུང་གི་ཚོགས་
སྟུག་པོའམ་འཐུག་པོ་དང་བྲལ་བས་ན། ཆུར་སྒྲོག་གི་ཞེས་པ་ངང་པའི་ཚོགས་རྣམས་ནི་སྙན་པའི་སྒྲ་དང་བྲལ་བ་ཉིད་དུ་འགྱུར་རོ། །དེས་ཚིགས་བཅད་ཀྱི་ཕྱེད་བཟླས་པ་ཡང་དག་སྦྱར་བའི་ཟུང་ལྡན་གྱི་དབྱེ་བ་གསུམ་བསྟན་ནས། ད་ནི་ཚིགས་རྐང་གཅིག་སླར་ཡང་བཟླས་པ་ལ་དབྱེ་བ་དུ་མ་འབྱུང་བའི་དཔེ་བརྗོད་བསྟན་པ་ལ། ཚིག་རྐང་དང་པོ་གཉིས་པར་སླར་ཡང་བཟླས་ནས། གཞན་གཉིས་ཅི་བདེར་བྱས་པ་དང་པོ་གཉིས་པར་བཟླས་པའི་ཟུང་ལྡན་ཡིན་ལ། དེ་ནི་བོད་སྐད་ལ་ཚིག་རྐང་དང་པོ་དེ་ཉིད་གཉིས་པར་སླར་བཀོད་ཀྱང་དོན་ཐ་དད་པར་གྱུར་པ་ཞིག་བརྩམ་ན་དེས་འཐུས་པས་སྐབས་འདིར་རྒྱ་སྐད་མ་བཀོད་ལ། བོད་ཀྱི་ཟུང་ལྡན་སོགས་ཀྱི་དཔེ་བརྗོད་རྣམས་ཆ་འདྲ་བ་ཙམ་དུ་གྱུར་ཀྱང་བོད་སྐད་ལ་དེ་ལས་མ་ཐོན་མོད། དཔེ་ཙམ་དུ་དེ་དག་གི་སྟེང་ནས་གོ་བརྡ་སྤྲད་རུང་ངོ་། །རྒྱ་སྐད་དུ་རྐང་པ་དང་པོ་གཉིས་པར་བཟླས་པའི་ཚིགས་བཅད་ཀྱི་དོན་བོད་སྐད་དུ་བསྒྱུར་བའི་དོན་ནི། ཁོ་མོའི་འདོད་གདུང་གཞིལ་ནས་སྲོག་འཚོ་བར་བྱེད་པས་འཚོ་བའི་དབང་ཕྱུག་ཅེས་བོས་ནས། འདུད་པའི་ཡིད་ཀྱིས་ཁོ་མོ་ནི་དམན་ཞིང་ཁེངས་པ་ངེས་པར་བསྒྲུབ་པའི་དབང་གྱུར་མ་བདག་གིས་སྐྱེས་བུ་དེ་ལ་བརྩེ་བ་སྤངས་པས་བདག་ཉིད་ཀྱི་བྲང་གི་འོ་མ་འཛིན་ཏེ་ནུ་མ་གཉིས་
པོ་ཉེ་བར་གཏད་ནས་ཀུན་ཏུ་མ་འཁྱུད་དོ། །ད་ནི་དེ་དང་བྲལ་བས་བདག་མི་འཚོའོ་ཞེས་མཛའ་མོས་འགྱོད་ཚིག་ཏུ་སྨྲས་པ་སྐད་དུ་བརྗོད་པའོ། །ཚིག་རྐང་དང་པོ་སཱ་བྷ་སུ་རཱ་ཎ་སོགས་ཡི་གེ་བཅུ་གཉིས་པོ་སླར་ཡང་རྐང་པ་གསུམ་པར་བཟླས་པའི་ཚིགས་བཅད་ཀྱི་དོན་ནི། ལྷ་རྣམས་ཀྱི་འདུན་ས་དག་ཏུ་ལྷ་མིན་སྟོབས་ཞེས་པ་མེད་པར་བྱེད་པ་པོ་ཁྱབ་བདག་བརྒྱ་བྱིན་གནས་པ་དེ་ན་ཡང་རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་གྱི་གྲགས་པ་པད་རྩ་ལྟར་དཀར་བ་དྲི་མ་མེད་པས་འཛེགས་ཞེས་ལྷའི་འདུན་སར་ཡང་ཁྱོད་ཀྱི་གྲགས་པས་ཁྱབ་ཅེས་དང་། རྒྱལ་པོ་དེ་ནི་འོད་འབར་པའི་གྲོང་བཟང་རྣམས་ཀྱི་ཕུན་སུམ་ཚོགས་པ་དང་། ལེགས་པར་བརྒྱན་པའི་བུད་མེད་རྣམས་དང་རྣམ་པར་རྩེ་ཞིང་སྤྱོད་ཅེས་སོ། །རྐང་པ་དང་པོ་བཞི་པར་བཟླས་པའི་རྒྱ་སྐད་ཚིགས་བཅད་ཀྱི་དོན། སྙན་པར་སྨྲ་དང་ལུས་སྐེད་དུད་པ་ལྟར་བདོ་བ་དང་། ནུ་གཉིས་མས་སྐྱེས་བུ་བརྟན་པ་ཁྱོད་ལས་གཞན་པ་སུ་ཞིག་མ་བཅོམ་དེ་ཐམས་ཅད་བཅོམ་པ་དེ་ཡི་ཕྱིར་སྐྱེ་རྒུའམ་འབྱུང་པོ་གང་ཞིག་ལུས་དང་ལྡན་པ་ཀུན་གྱི་སྤྱི་མཐུན་གྱི་སྐྱོན་ལས་གྲོལ་བ་ཁྱོད་ལ་སོགས་པ་དུ་ཡོད་ཅེས་བགྲང་བ་ལ་ནི་མཐེ་བོང་ཁྱོད་ཀྱི་དོད་དུ་དང་པོར་བྱས་ཏེ་བརྩིས་ན་མིང་མེད་སྲིན་ལག་ལ་ཐུག་པར་ཉེ་བར་འགྲོ་བ་མ་ཡིན་ཞེས་ཁྱོད་དང་
འདྲ་བ་རེ་ཟུང་ཙམ་སྲིད་ན་ལས་མང་པོ་མེད་ངེས་ཞེས་པའི་དོན་ནོ། །འགྲེལ་པ་འགར་མཐེའུ་ཆུང་དང་པོར་བྱས་ཏེ་ཡར་བགྲང་པས་སྲིན་ལག་ལ་མི་འགྲོ་བས་ཁྱོད་ཁོ་ན་ལས་གཞན་མེད་ཅེས་པའི་དོན་དུ་འཆད་དོ། །རྐང་པ་གཉིས་པ་གསུམ་པར་བཟླས་པའི་ཚིགས་བཅད་དེ་བོད་སྐད་དུ། ཁྱབ་འཇུག་ལྟ་བུ་ཁྱོད་ཀྱི་དམག་དཔུང་གོ་བགོས་པ། །མཚོན་རྣོན་ལྡན་པ་དཔའ་བོ་དག་གིས་ཕྱོགས་རྣམས་སུ། །གྲགས་པ་དང་ནི་རྡུལ་དག་རྒྱས་བྱེད་གཡུལ་གྱིས་ནི། །དགྲ་རིགས་ལུས་བྲལ་གཟི་མེད་རྒྱགས་པ་ཉམས་པར་བྱེད། །ཅེས་པ་གོ་སླའོ། །གཉིས་པ་བཞི་པར་བཟླས་པའི་ཟུང་ལྡན་གྱི་ཚིགས་བཅད་བོད་སྐད་དུ། དྲན་ལྡན་ཞེས་བོས་ནས། བདག་ཉིད་ལ་ཕན་པའི་ཚིག་གཅིག་གསན་པར་མཛོད་ཅེས་སམ། དྲན་ལྡན་བདག་ལས་ཁྱོད་ལ་ཕན་པའི་ཞེས་སུའང་འཆད་པ་ཡོད། ཚིག་གཅིག་པོ་གང་ཞེ་ན། ཁྱོད་ཀྱི་ལག་པ་དཔལ་དང་ལྷན་ཅིག་ལག་འགྲོ་ཡི། །ས་ཡི་དཀྱིལ་འཁོར་རྣམ་འཛིན་དེ་ཕྱིར་ས་གཞི་འཛིན། །རང་ལག་རིག་ནས་རྒྱགས་པ་རྒྱས་པར་ཡོངས་མ་མཛད། །ཅེས་རྒྱལ་པོ་ལ་ལག་འགྲོ་ཀླུ་ལྷག་མ་ཅན་གྱི་གདེངས་ཀས་འཛིན་པའི་ས་དཔུང་པས་བཟུང་བས་ས་གཞི་འཛིན་པའི་མིང་ཐོབ་ཀྱང་། རང་གི་ལག་པས་ཇི་ཙམ་བཟུང་བའི་ས་ཀླུས་ཀྱང་འཛིན་པ་ཤེས་པར་བྱས་
ནས་རང་ཁོ་ནས་འཛིན་པའོ་སྙམ་དུ་རྒྱགས་པར་མ་མཛད་ཅིག ཅེས་སོ། །རྐང་པ་གསུམ་པ་བཞི་པར་བཟླས་པ་ཡི་རྒྱ་སྐད་ཚིགས་བཅད་བོད་སྐད་དུ། འདོད་པའི་མེ་གང་ཁེངས་པས་རབ་བསྒྲུབ་པ། །སྐད་ཅིག་དང་མཉམ་རྒྱས་དེས་པདྨའི་མིག །རོ་མེད་ཁྱོད་ཀྱི་བདེ་བ་དེ་དག་ནི། །ཀུན་ནས་ཉམས་པ་ཉིད་དུ་ཅིས་མི་བྱེད། །ཅེས་འདོད་པ་ཡོད་ཀྱང་ཁེངས་པས་གཞན་མ་བསྟེན་པའི་བུད་མེད་ཆགས་བདེའི་རོ་མ་མྱོང་བ་ལ་འདོད་གདུང་གི་སྡུག་བསྔལ་ཡོད་པ་ཅན་ལ་བརྗོད་པའོ། །དེ་ཡན་ཆད་ཀྱི་རྐང་པ་བཟླས་པ་རྣམས་ནི་རྐང་པ་གཅིག་ཉིད་རྐང་པ་བཞིའི་གནས་སོ་སོར་ལན་གཅིག་ཟློས་ཚུལ་གྱི་དབྱེ་བ་ཡིན་ལ། ད་ནི་རྐང་པ་གཅིག་ལན་གཉིས་སུ་བཟླས་པ། རྐང་པ་དང་པོ་དེ་ཉིད་གཉིས་པ་དང་གསུམ་པར་བཟླས་པས། རྐང་པ་ཐ་མ་མ་གཏོགས་གཞན་གསུམ་འདྲ་བར་གྱུར་པ་ན་ཡང་དོན་ཐ་དད་ཀྱི་སྒོ་ནས་ཚིགས་བཅད་གཅིག་ཏུ་གྱུར་པ་ཡིན་ལ། དེ་འདྲའི་ལེགས་སྦྱར་གྱི་དཔེ་བརྗོད་ནི། པྲ་བྷཱ་བ་ཏོ་ནཱ་མ་བཱ་ས་བ་སྱ། ཞེས་པ་འདི་རྐང་པ་གཉིས་པ་དང་གསུམ་པར་སླར་ཡང་བཟླས་པ་ཡིན་པས་ཟློས་ཚུལ་གྱི་དཔེ་དེ་ཡིན་ལ། དེ་ལྟར་བཟླས་ཀྱང་དོན་གཅིག་ཏུ་མ་སོང་བ་བོད་སྐད་དུ་བསྒྱུར་ཚེ། མ་དུད་ཁྱོད་ནི་འཇིག་རྟེན་བདག་གྱུར་ཚེ། །མཐུ་ཡིས་མཐུ་ལྡན་
ནོར་ཅན་འདུད་བྱེད་པ། །དེ་ཕྱིར་གསར་པའི་བཏུང་ལྡན་མཆོད་སྦྱིན་ནི། །ངེས་པ་ཉིད་དུ་ཆད་པར་མ་གྱུར་ཏོ། །ཞེས་གཞན་སུ་ལའང་མ་དུད་ཁྱོད་ཅེས་རྒྱལ་པོ་ལ་འབོད་པའོ། །མཐུ་ལྡན་ནོར་ཅན་ནི་བརྒྱ་བྱིན་དེ་དེས་ཀྱང་འདུད་པའོ། །ཟླ་བའི་བཏུང་བ་གསར་པ་སོགས་ཀྱིས་མཆོད་སྦྱིན་མ་ཆད་ཅེས་སོ། །ཟླ་བའི་བཏུང་བ་ནི་རིག་བྱེད་ལས་བཤད་པ་རྩ་དཱུརྦའི་ཁུ་བ་དང་ཆང་སོགས་སྦྱར་བའི་མཆོད་ཡོན་བསྒྲུབས་ནས་བཏུང་བར་བྱ་བའི་མིང་ངོ་། །དེ་བཞིན་རྐང་པ་དང་པོ་གསུམ་པ་བཞི་པ་རྣམས་ཁྱད་མེད་པར་ཚིག་རྐང་གཅིག་ཡང་ཡང་བཟླས་ནས་གཉིས་པར་ཚིག་གཞན་བཀོད་པ་དེ་འདྲའི་ཟུང་ལྡན་དེ་བོད་སྐད་དུ། དཔུང་གི་གླང་པོ་རྣམས་ནི་གཞན་དང་གཞན། །སྟོབས་ལྡན་སྒྲ་སྒྲོག་རབ་ཏུ་བརྒྱུད་པ་ཡིས། །ཐང་ལ་རྡུལ་བསྒྲུབས་ནམ་མཁའ་འགོག་བྱེད་ཅིང་། །གཡུལ་གྱི་སྟོབས་བཟློག་མཆོག་ཏུ་གཞན་ལ་རྒྱུག །ཅེས་པ་གོ་སླའོ། །རྐང་པ་གཉིས་པ་དེ་གསུམ་པ་དང་བཞི་པར་བཟླས་པས་རྐང་པ་དང་པོ་མ་གཏོགས་གཞན་གསུམ་འདྲ་བར་བྱས་པའི་ཚིགས་བཅད་དེའི་དོན། ཁྱོད་ལྟ་མཉམ་པར་མ་བཞག་སྲིད་པར་ནི། །རྣམ་གཉིས་མི་མཉམ་ཕན་པ་མེད་རྣམ་ཚིག །ལོག་པར་གྱུར་པ་སྒྲུབ་བྱེད་མི་མཉམ་པ། །སྦྲུལ་བགྲོད་མཚུངས་པ་མི་དད་ངོ་ཚ་མེད། །ཅེས་སྐྱེ་བོ་ངན་པ་ངོ་
ཚ་མེད་པ་ལ་སྨྲས་པ། ཁྱོད་ལྟ་བུ་སེམས་སྐད་ཅིག་ཙམ་ཡང་མཉམ་པར་མ་བཞག་པ་སྲིད་པ་འདིར་ནི་ཆགས་སྡང་རྣམ་གཉིས་མི་མཉམ་ཞིང་། གཞན་ལ་ཕན་པ་མེད་པ་རྣམས་ཀྱི་ཚིག་ཕྱིན་ཅི་ལོག་པའམ། མི་བདེན་པ་བསླུ་བ་དག་སྒྲུབ་པར་བྱེད་པས་ཁ་ཞེ་མི་མཉམ་པ་གཡོ་སྒྱུ་ཅན། དཔེར་ན་སྦྲུལ་གྱི་བགྲོད་པ་དང་མཚུངས་པ་རྒྱུད་འཁྱོགས་པོ་ཁྱོད་ལ་བདག་ཡིད་མི་ཆེས་ཏེ་མི་དད་དོ། །ཀྱེ་ངོ་ཚ་མེད་པ་ཞེས་སོ། །དང་པོ་ཉིད་ཕྱི་མ་གསུམ་ལ་བཟླས་པ་ནི་ལན་གསུམ་བཟླས་པ་སྟེ། དེ་ལྟར་ན་རྐང་པ་བཞི་ཀ་མཚུངས་པ་ནི། འདིར་སནྣཱ་ཧི་ཏོ་མཱ་ན་མ་རཱ་ཛ་སེ་ན། ཞེས་པ་རྐང་པ་དང་པོ་ཡིན་ལ། ཕྱི་མ་གསུམ་ཡང་འདི་ཁོ་ན་ཡིན་པ་ནི་དཔེ་བརྗོད་དོ། །ཚིགས་བཅད་དེ་ཡི་རྐང་པ་བཞི་ཀ་ཚིག་འདྲ་ཡང་དོན་སོ་སོར་གྱུར་པ་བོད་སྐད་དུ་བྱས་ན། དགྲ་ཡི་མཛེས་འཇོམས་རྒྱལ་པོའི་སྡེ་ཡིས་བཏུད། །ཨུ་མཱས་ཕན་པ་དཔལ་ཟླ་མེད་མིན་སྡེ། །མི་འདུད་གོ་བགོས་མཆོད་ཐོབ་རྡུལ་མེད་པ། །སྐྱེས་མཆོག་རྗེ་བོ་དམ་པ་མི་མཛེས་མིན། །ཞེས་དགྲ་སྡེ་གཞན་པ་ཡི་མཛེས་པ་འཇོམས་པ། གཞན་པའི་རྒྱལ་པོའི་སྡེ་ཡིས་བཏུད་པ། ཨུ་མཱས་ཕན་པར་བྱེད་པའི་དཔལ་གྱི་ཟླ་བ་མེད་པ་མིན་པ་སྟེ། ལྷ་དབང་ཕྱུག་ཆེན་པོའི་མགོན་དང་བཅས་པ་ཞེས་པ་འདི་རྣམས་ལ་རེ་རེ་བཞིན་
འབོད་ཚིག་རྒྱ་དཔེར་ཡོད་པས་རྒྱལ་པོ་ལ་བསྔགས་པ་སྟེ། ཀྱེ་དགྲ་ཡི་མཛེས་འཇོམས་ཀྱི་རྒྱལ་པོའི་སྡེ་ཡིས་བཏུད་པ་སོགས་སོ། །སྡེ་རྣམས་གཞན་ལ་མི་འདུད་པའི་གོ་བགོས་པ། ཀུན་གྱི་མཆོད་པ་ཐོབ་པ། རྡུལ་ཏེ་སྡུག་བསྔལ་མེད་པའི་སྐྱེས་མཆོག་རྗེ་བོ་དམ་པ་ཁྱོད་ནི་མི་མཛེས་མིན་ཏེ་མཛེས་སོ་ཞེས་སོ། །ཡང་འགྱུར་གཅིག་ལྟར་ན། མི་ཕན་འཇོམས་གྲགས་རྒྱལ་པོའི་སྡེ་ཡིས་བཏུད། །སྐྱེས་མཆོག་ཨུ་མས་ཕན་པའི་དཔལ་ཟླ་བ། །མེད་མིན་རྗེ་དང་བཅས་པར་གོ་བགོས་པ། །མཆོད་ཐོབ་དམ་པ་རྡུལ་མེད་མི་མཛེས་མིན། །ཞེས་ཀྱང་ངོ་། །ཤོང་འགྱུར་ལྟར་ན། དགྲ་ཡི་མཛེས་ཉམས་རྒྱལ་པོའི་སྡེ་ཡིས་བཏུད། །སྐྱེས་མཆོག་ཨུ་མཱས་ཕན་རྗེ་དཔལ་མེད་མིན། །གོ་བགོས་ཨུ་མཱས་བཏུད་པ་མདའ་འདྲ་སྟེ། །མཆོད་ཐོབ་དམ་པ་རྡུལ་མེད་མི་མཛེས་མིན། །ཞེས་བསྒྱུར་རོ། །རྐང་པ་གཅིག་གིས་ཚིགས་བཅད་བྱས་པ་འདི་བོད་སྐད་དུ་དཔེར་བྱས་ན། སྒྱུ་མ་བྱེད་མང་དགའ་མཚར་ངོམས། །ཞེས་པ་འདི་ལན་བཞིར་བརྗོད་པ་ལ་དོན་མི་འདྲ་བ་འདི་ལྟར་འགྱུར་ཏེ། སྒྱུ་མ་བྱེད་པས་དགའ་མཚར་མང་པོ་ངོམས། །སྒྱུ་མ་བྱེད་ལ་མང་པོ་དགའ་མཚར་ཚིམ། །སྒྱུ་ཅན་མ་འདི་བྱེད་མང་དགའ་མཚར་སྟོན། །གཡོ་སྒྱུ་མ་བྱེད་མང་པོ་དགའ་མཚར་ཚིམ། །ཞེས་པའི་དོན་སོ་སོར་གོ་རུང་
ངོ་། །དེ་ལྟར་ཚིགས་བཅད་ཀྱི་རྐང་པ་གཅིག་ལན་གཅིག་དང་། གཉིས་དང་གསུམ་དུ་ཡང་བཟླས་པ་སྟེ། རྐང་པ་གཅིག་བཟླས་པའི་རྣམ་གྲངས་བསྟན་ནས། ཚིགས་བཅད་གཅིག་སླར་ཡང་བཟླས་པ་ན་ཚིགས་བཅད་མི་འདྲ་བ་གཉིས་ཀྱི་དོན་དང་ལྡན་པ་ནི་ཚིགས་བཅད་སླར་ཡང་བཟླས་པ་ཡིན་ཏེ། དཔེར་བརྗོད་ན། བི་ནཱ་ཡ་ཀེ་ན་སོགས་ཚིགས་བཅད་གཅིག་ལན་གཉིས་བརྗོད་པའི་དང་པོ། ཟླུམ་ཞིང་རྒྱས་པའི་ལག་པ་ཅན། །གྲོགས་མིན་རབ་ཏུ་འཇོམས་བྱེད་པ། །རྣམ་འདྲེན་ཁྱོད་ཀྱིས་བསྟེན་པ་ཡི། །མི་མཚུངས་ས་འདི་འཇིགས་པ་མེད། །ཅེས་རྒྱལ་པོ་གང་གི་དཔུང་པས་དགྲ་འཇོམས་པ་ཁྱོད་ཀྱིས་བསྟེན་པའི་ས་འདི་ནི་གཞན་དང་མི་མཚུངས་པར་སུ་ལའང་འཇིགས་པ་མེད་ཅེས་རྒྱལ་པོས་བསྐྱང་བའི་ས་གནས་དེར་འཇིགས་པ་མེད་པའི་དོན་ནོ། །ཡང་གཉིས་པར་བཟླས་པའི་དོན་སྔ་མ་ལས། གཞན་དུ། འདྲེན་པ་དག་དང་བྲལ་གྱུར་ཅིང་། །ལག་པ་སྲེག་ཁང་ཉེར་གྱུར་པ། །རང་གྲོགས་ཀྱིས་བཏང་དགྲ་ཡིས་ནི། །མི་མཉམ་པ་འདི་མངོན་པར་བརྟེན། །ཅེས་འདྲེན་པའམ་མགོན་དང་རང་གི་གྲོགས་དང་བྲལ་བའི་དགྲ་རྣམས་ཀྱི་ལག་པ་སྲེག་ཁང་དུ་འཇུག་པ་དང་ཉེ་བར་གྱུར་ལ། སྔར་འཛིན་མཁན་དང་ཕྱིས་འཛིན་མཁན་མི་མཉམ་པར་
གྱུར་པའི་ས་འདི་མངོན་པར་བརྟེན། ཅེས་དགྲ་རྣམས་ས་ཤོར་ལ་ཁད་པའི་དོན་བསྟན་པའོ། །རྐང་པ་བཞི་ཀ་རྣམ་པར་གཅིག་པ་གང་ཡིན་པ་ཟུང་ལྡན་ཆེན་པོར་བརྗོད་པ་ཡིན་ཏེ་སྔར་བསྟན་པ་བཞིན་ནོ། །ཟུང་ལྡན་ཆེན་པོ་དེ་ལའང་། རྐང་པ་བཞི་ཀ་རྣམ་པ་གཅིག་ཏུ་མཚུངས་པ་ཙམ་དུ་མ་ཟད། རྐང་པ་རེ་རེ་ལ་ཡང་མ་ཆོད་པའི་ཟུང་ལྡན་རེ་ཡོད་པའི་ཚིག་བཟླས་པ་ཡོད་པར་མཐོང་སྟེ། དེ་ནི་བཞི་ཀར་བཟླས་པ་རྣམ་པ་ཀུན་ཏུ་བར་མ་ཆོད་པའི་ཟུང་ལྡན་གྱི་བྱ་བ་སྔ་མ་ལན་གསུམ་བཟླས་པ་ལས་གཞན་ཞིག་ཡིན་ནོ། །དེ་དཔེར་ན། ས་མཱ་ན་ཡ་ས་མཱ་ན་ཡ། ཞེས་རྐང་པ་བཞི་ཀར་བཀོད་པ་དེ་ཡི་དོན། མཉམ་མེད་དཔལ་ལྡན་མཚུངས་མེད་མ། །ཁེངས་ལྡན་ངལ་བ་དག་དང་ནི། །ཁེངས་པ་མཉམ་ལྡན་ཚུལ་མིན་དག །དོར་བའི་ཚད་འདིས་འགྲོགས་སུ་ཆུག །ཅེས་པ་འདི་ཚུལ་མཐུན་གྱི་ཆུང་མས་རང་གི་བདག་པོ་ལ་སྨྲས་པ་སྐད་དུ་རྒྱ་འགྲེལ་ལས་བཤད་ཅེས་ཁམས་འགྲེལ་དུ་གསུངས། དེ་ལྟར་ན་ཀྱེ་མ་མཉམ་མེད་དཔལ་ལྡན་ཞེས་བདག་པོ་ལ་བོས་ནས། སྐྱེས་པ་གཞན་ལ་མི་འདུད་པའི་མཚུངས་མེད་མ་བདག་ནི་སྐྱེས་པ་གཞན་ལ་ཁེངས་ལྡན་ཡིན་ཏེ། གཞན་ལ་ཆགས་སུ་ཟིན་ཀྱང་འདོད་པས་གདུང་བའི་ངལ་བ་དག་དང་ནི། དེ་ལ་མི་འདུད་པའི་ཁེངས་པ་མཉམ་
པར་ལྡན་པ་འབྱུང་བས། ཇི་ལྟར་ཡང་རང་གི་བདག་པོ་མིན་པ་ལ་འགྲོགས་པའི་ཚུལ་མིན་གྱི་བྱ་བ་དག་དོར་བའི་ཚད་དུ་གྱུར་པ་བདག་གི་ངང་ཚུལ་འདིས་ཁྱོད་ལ་ངེས་པར་འགྲོགས་སུ་ཆུག་ཅེས་འཆད་དོ། །ཡང་ན་བུད་མེད་གཟུགས་ཀྱི་ཡོན་ཏན་མཉམ་པ་མེད་པའི་དཔལ་དང་ལྡན་པའི་མཚུངས་མེད་མ་ལ་བོས་ནས། ཁེངས་ལྡན་མ་ཁྱོད་ནི་སྐྱེ་བོ་ལ་ཆགས་པས་གདུང་ཞིང་ངལ་བ་དང་། དེ་ལ་མི་འདུད་པའི་ཁེངས་པ་མཉམ་དུ་ལྡན་པ་འདི་ཚུལ་མིན་དག་ཡིན་པས། ཁེངས་པ་དེ་དོར་བའི་ཚད་དེས་ལེགས་པར་འགྲོགས་སུ་ཆུག་ཅིག་ཅེས་ཆགས་བཞིན་དུ་ཁེངས་པ་མི་རིགས་པས་ཚུལ་མིན་ཡིན་ནོ་ཞེས་བརྗོད་པ་སྐད་དུའོ། །ལྔ་པ་བསྲེས་པའི་ཟུང་ལྡན་ནི། མཐའ་ཐོག་སྦྱར་བ་དང་ཆོད་པ་དང་མ་ཆོད་པའི་ཟུང་ལྡན་རྣམས་ཚིགས་བཅད་གཅིག་གི་ནང་དུ་ཅི་རིགས་པར་བསྲེས་པ་སྟེ། རྐང་པ་སོ་སོར་འདི་ལྟར། དྷ་རཱ་དྷ་རཱ་ཀཱ་ར་དྷ་རཱ་དྷ་རཱ་བྷུ་ཛཱཾ་བྷུ་ཛ་མ་ཧཱིཾ་པཱ་རུ་མ་ཧཱི་ན་བི་ཀྲ་མ། ཀྲ་མཱཏྟ་ཧནྟི་སཱ་ཧ་སཱ་ཧ་ཏཱ་ར་ཡོ། ར་ཡོ་གྷུ་རཱ་མཱ་ན་དྷུ་རཱ་མཱ་ན་དྷུ་རཱ་བ་ལམྦི་ནཿ ཞེས་པ་འདི་རྐང་པ་བཞི་ཀ་མཐའ་ཐོག་སྦྱར་བ་དང་། རྐང་པ་སོ་སོར་ཡང་བར་མ་ཆོད་ཅིང་ཆོད་པའི་ཟུང་ལྡན་འགའ་ཡོད་པ་ཉིད་དོ། །འདིའི་ཚིག་དོན་བོད་སྐད་དུ། འཛིན་མ་ས་ཆེན་པོ་འདི་འཛིན་པའི་ཀླུ་ལྷག་མ་ཅན་གྱི་རྣམ་
པ་འཛིན་པ། །འཛིན་མ་ས་གཞི་ལ་སྤྱོད་པ་ས་སྐྱོང་རྣམས་ཀྱི་ལག་པ་ཕ་རོལ་རྣམ་པར་གནོན་པ་མི་དམན་ཞིང་། འཕྲལ་ལ་དགྲ་འཇོམས་པ་ཡི་ཤུགས་མྱུར་བ་དང་ལྡན། མཆོད་སྦྱིན་རྒྱ་ཆེན་པོ་གཏོང་བའི་ཁུར་ནི་བསྟེན་པ་ཡིས། ས་གཞི་ཆེན་པོ་འདི་དག་ནི་རིམ་པས་ཏེ་ལུགས་བཞིན་བསྲུང་བར་བཟོད་པ་ཡིན་ཅེས། ས་སྤྱོད་ཀྱི་ལག་པ་དགྲ་འཇོམས་ཤིང་མཆོད་སྦྱིན་བྱེད་པའི་ཡོན་ཏན་ཅན་དེས་ས་འཛིན་ཞེས་སོ། །དྲུག་པ་བཟློག་པའི་ཟུང་ལྡན་ནི། རྐང་པ་ཕྱེད་དམ་ཚིགས་བཅད་རིལ་པོ་ཡི་སྤྱོད་ཡུལ་ཅན། ལུགས་ལས་བཟློག་པ་བསྐོར་བ་ནི། གཟུགས་མཚུངས་པའི་ཡི་གེ་དུ་མ་ཡོད་པས་ཟུང་ལྡན་ཡིན་པ་གང་ཞིག་ཟུང་ལྡན་ལུགས་ལས་བཟློག་པ་ཞེས་པར་བཤད། དེ་ལ་དང་པོ་རྐང་ཕྱེད་བཟློག་པའི་ཟུང་ལྡན་ལ། རྐང་པ་དང་པོ་གཉིས་པར་བཟློག་ཅིང་། གསུམ་པ་དང་བཞི་པར་བཟློག་པ་དང་། དང་པོ་བཞི་པར་དང་གཉིས་པ་གསུམ་པར་བཟློག་པའི་དཔེ་བརྗོད་གཉིས་ལས། དང་པོ། ཡཱ་མ་ཏཱ་ཤ་ཀྲྀ་ཏཱ་ཡཱ་སཱ། སཱ་ཡཱ་ཏཱ་ཀྲྀ་ཤ་ཏཱ་མ་ཡཱ། ར་མ་ཎཱ་ར་ཀ་ཏ་ཏེ་྅སྟུ། སྟུ་ཏེ་ཏཱ་ཀ་ར་ཎཱ་མ་ར། འདིའི་དོན་དུས་བཏབ་པ་ལས་ཡོལ་བའི་མཛའ་བོ་ལ་ཁྲོས་པའི་བུད་མེད་ཀྱི་ཚིག་སྟེ། ཁྱོད་དང་འགྲོགས་པའི་བྱ་བ་གང་ལ་འབད་པར་བྱས་ན་ཡང་། ཁྱོད་མ་འོངས་བས་བདག་གི་
ལུས་སེམས་གདུང་བས་བཅིར་ནས་ཕྲ་མོ་ཉིད་དུ་གྱུར་པ་དེ་ནི་བདག་གིས་ཐོབ་ཟིན་པས། ད་མཛའ་བོ་ཁྱོད་འདོད་པ་དོན་གཉེར་གྱི་རེ་འདོད་མེད་པས་བྱེད་པ་མེད་པའི་ལྷ་སྟེ་ལྷ་ཡི་གཟུགས་བརྙན་ལྡེར་བཟོ་སོགས་དང་འདྲ་བ། སྟུ་ཏེ་ཞེས་པ་བཀུར་སྟི་དང་མཆོད་ཐོབ་བསྔགས་པ་ལ་འཇུག་པ་ལས། སྐབས་འདིར་བུད་མེད་ཀྱིས་བདག་པོ་ལ་འདོད་པ་དོན་གཉེར་གྱི་སླད་དུ་བསྟོད་བཀུར་བགྱིས་ཕྱིར་དེ་ལ་བསྟོད་པ་ཐོབ་པ་ཞེས་བོས་ནས། ཁྱོད་མྱུར་དུ་སླར་ལྡོག་པས་འགྲོ་བར་གྱུར་ཅིག འདོད་པ་བཞིན་བྱེད་པ་མིན་ཞིང་། དུས་སུ་མི་འོང་བའི་ཁྱོ་གའི་མིང་ལ། དེ་བར། ཞེས་གྲགས་པའི་ར་ཡིག་ཕྱིས་པའམ། ཡང་ན་དེ་ལ་བདེན་པ་མེད་པ་ཞེས་པའི་མིང་འཇུག་པར་རྒྱ་འགྲེལ་ལས་བཤད། འདིར་སྒྲ་བསྡུས་ནས་བྱེད་མེད་ལྷ་ཞེས་བསྒྱུར་བ་འདོད་པ་དུས་སུ་མི་བྱེད་པའི་ལྷ་ཞེས་པའི་མིང་ཙམ་གྱི་བསྟོད་པ་ཐོབ་པ་ཁྱོད་ཅེས་སོ། །གཉིས་པ་རྐང་པ་དང་པོ་ནཱ་དི་ནོ་སོགས་ལུགས་ལས་བཟློག་པ་རྐང་པ་བཞི་པ་དང་། གཉིས་པ་ན་མེ་ཀ་སོགས་ལུགས་ལས་བཟློག་པས་གསུམ་པ་བྱས་པ། དེ་ཉིད་བོད་སྐད་དུ་བསྒྱུར་བ། ནཱ་ད་དང་ལྡན་རང་གི་བློ། །མྱོས་མིན་འདོད་པ་འགའ་ཡང་མེད། །དུལ་བ་འཇོམས་པའི་འདོད་པ་ཡིས། །རང་དབང་གདུང་བ་
དག་ཀྱང་མེད། །ཅེས་བསྒོམ་བྱ་ཟབ་པའམ་ཕྲ་བའི་རྣལ་འབྱོར་དང་ལྡན་པ་ཞིག་གིས་སྨྲས་པ་སྐད་དུ་བྱས་པ་སྟེ། ནཱ་དའི་སྒྲ་ཕྲ་བ་དང་ཟབ་པ་དང་སྒྲ་སོགས་ལ་འཇུག་པ་ལས། མུ་སྟེགས་པའི་ཞི་བའི་གཞུང་ལ་གྲགས་པའི་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་ཞིག་གོ། དེ་དང་ལྡན་པས་རང་ངམ་བདག་གི་བློ་ནི་འདོད་པས་མྱོས་པ་མིན་པས་ཡུལ་ལ་འདོད་པ་འགའ་ཡང་མེད་ཅིང་། རྒྱུད་དུལ་བ་འཇོམས་པའི་འདོད་པ་ཡིས་རང་དབང་དུ་གདུང་བ་དག་ཀྱང་མེད་ཅེས་རྒྱུ་འདོད་པ་དང་། དེའི་འབྲས་བུ་གདུང་བ་མེད་པར་བསྟན་པའོ། །ཚིགས་བཅད་བཟློག་པའི་ཟུང་ལྡན་ནི། ཡཱ་ན་མཱ་ན་ཡ་མཱ་རཱ་བི། །ཀ་ཤོ་ནཱ་ན་ཛ་ནཱ་ས་ནཱ། །ཡཱ་མུ་དཱ་ར་ཤ་ཏཱ་དྷཱི་ན། །མཱ་ཡཱ་མཱ་ཡ་མ་ནཱ་དི་བཱ། །ཞེས་པའི་ཚིགས་བཅད་འདི་རྣལ་མ་སྟེ་འདིའི་དོན། ཡིད་འགྲོ་བདུད་སྐྱོང་ལྕག་མི་དམན། །གང་ཞིག་དབང་གྱུར་སྐྱེ་བོ་འཇོམས། །གང་ལ་བདག་སོངས་སྐྱེ་བོ་བརྒྱའི། །དབང་གྱུར་དེ་ལ་བྱོན་ཅེས་སྨྲས། །ཞེས་པ་སྟེ། ལུས་ཅན་རྣམས་ཀྱི་ཡིད་དུ་འགྲོ་བའམ་འཇུག་པའི་འདོད་ལྷའི་བདུད་ཀྱི་ཕྲིན་ལས་སྐྱོང་ཞིང་སྐུལ་བའི་ལྕག་མི་དམན་པའམ་མཆོག་ཏུ་གྱུར་པ་གང་ཞིག་ཀུན་གྱི་དབང་དུ་གྱུར་པའི་སྐྱེ་བོ་དམ་པ་དྲང་སྲོང་དང་བྲམ་ཟེ་དེ་དག་གི་ཡང་ཚངས་སྤྱོད་འཇོམས་པ་གང་ལ་བལྟ་བའི་ཕྱིར་བདག་སོང་
ནས་སྐྱེ་བོ་བརྒྱའི་དབང་པོའམ་བདག་པོར་གྱུར་པ་དེ་ལ་བདག་གིས་འདི་བྱོན་ཅེས་ཕེབ་པར་སྨྲས་སོ། །ཡང་ན་འཇིག་རྟེན་ན་ཆེ་བའི་སྐྱེ་བོ་བརྒྱའི་དབང་དུ་གྱུར་བས་ཕལ་པ་དག་གིས་བརྟེན་བྱར་མ་གྱུར་པའི་མཛེས་མ་དེ་ལ་བདག་གིས་འདིར་བྱོན་ཅེས་བདག་གིས་བོས་པར་གྱུར་ཏོ་ཞེས་ཀྱང་འཆད། རྣལ་མའི་ཚིགས་བཅད་དེ་ལུགས་ལས་བཟློག་པ་ནི། བཱ་དི་ནཱ་མ་ཡ་མཱ་ཡཱ་མ། །ན་དྷཱི་ཏ་ཤ་ར་དཱ་མུ་ཡཱ། །ནཱ་ས་ནཱ་ཛ་ན་ནཱ་ཤོ་ཀ །བི་རཱ་མཱ་ཡ་ན་མཱ་ན་ཡཱ། །དེ་བོད་སྐད་དུ། སྟོན་འདི་ཡིས་ནི་གཟིར་གྱུར་ཅིང་། །སྟན་མི་ཤེས་མ་དེ་ཡིས་ནི། །ཉིན་མོའི་ནད་དག་མ་ཐོབ་མིན། །མྱ་ངན་འབྲལ་སླད་ཁེངས་མ་བྱེད། །ཅེས་སྟོན་གྱི་ཚད་པ་འདི་ཡིས་གཟིར་བར་གྱུར་ཅིང་། སྟན་ལ་བག་ཕེབས་ནས་འདུག་པར་མི་ཤེས་པའི་གཞོན་ནུ་མ་དེ་ཡིས་ནི་ཚད་པས་གཟིར་བ་ཉིན་མོའི་ནད་དག་མ་ཐོབ་པ་མིན་ལ། ཁྱོ་དང་བྲལ་བའི་མྱ་ངན་དང་འབྲལ་བའི་སླད་དུ་ཁེངས་པར་མ་བྱེད་ཅིག ཅེས་དང་། ཁེངས་མི་བྱེད་ཅེས་ཀྱང་སྣང་། ཡང་ཚད་པས་མྱོས་ནས་སྟན་ལ་འདུག་པའང་མི་ཤེས་པ་ཞེས་དང་། མྱ་ངན་དང་འབྲེལ་སླད་སོགས་ཚིག་ཟུར་མི་འདྲ་བ་དུ་མར་བཤད་པའང་སྣང་། ཨཱ་ས་ན་སྟན་ལ་ཡོངས་སུ་གྲགས་ཀྱང་འདིར་དམིགས་བསལ་ལ་འཇུག་པ་རྒྱ་འགྲེལ་ལས་བཤད་ཅེས་ཀྱང་གསུངས་སོ། །སྐབས་འདིར་
ཚིགས་བཅད་བཟློག་པའི་དཔེ་བརྗོད་བཀོད་པ། རྒྱལ་པོ་བཟང་སྡུད་འཁོར་མང་དཔུང་། །སྟོབས་ཆེ་བློ་དང་ཁྲིམས་མཁས་རབ། །རྗེ་ལ་ལེགས་དཔྱ་འབུལ་རྣམས་འབངས། །བདེ་བས་སྐྱོང་མཉམ་ས་ཡི་ལྷ། །ཞེས་དང་། དེ་བཟློག་ན། ལྷ་ཡི་ས་མཉམ་སྐྱོང་བས་བདེ། །འབངས་རྣམས་འབུལ་དཔྱ་ལེགས་ལ་རྗེ། །རབ་མཁས་ཁྲིམས་དྲང་བློ་ཆེ་སྟོབས། །དཔུང་མང་འཁོར་སྡུད་བཟང་པོ་རྒྱལ། །ཞེས་སོ། །གཉིས་པ་ཟུང་ལྡན་དེ་ཡི་ཆར་གཏོགས་བྱ་དཀའ་བ་འགའ་ཞིག་གི་དཔེ་བརྗོད་བསྟན་པ་ལ། བ་ལང་གཅིན་སོགས་ཀྱི་དཔེ་བརྗོད་དང་དབྱངས་སོགས་ངེས་པ་གཉིས། དང་པོ་ལ་བ་ལང་གཅིན་དང་། ཕྱེད་འཁོར། ཀུན་འཁོར་གསུམ་ལས། དང་པོ། གལ་ཏེ་ཚིགས་བཅད་ཕྱེད་ཀྱི་ཡི་གེ་རྣམས་མི་འདྲ་བ་གཅིག་གིས་བར་ཆོད་པ་ལས་གཞན་རྣམས་གཟུགས་གཅིག་ཉིད་དུ་གྱུར་པ་དེ་ནི་བྱ་དཀའི་དེ་ཉིད་རིག་པ་རྣམས་ཀྱིས་བ་ལང་གཅིན་ཞེས་སྨྲ་སྟེ་དཔེར་བརྗོད་ན་ཞེས་སོ། །འདིར་བ་ལང་འགྲོ་བཞིན་པའི་གཅིན་བཏང་བ་ཕར་འཁྱོག་ཚུར་ཁྱོག་གི་རྣམ་པར་གནས་པ་དཔེར་བྱས་ནས་མིང་དེ་ལྟར་བཏགས་པའོ། །དེའི་དཔེ་བརྗོད་ནི། མ་ད་ནོ་མ་དི་རཱ་ཀྵཱི་ཎཱ། །མ་བངྒཱ་སྟྲོ་ཛ་ཡེ་ད་ཡཾ། །མ་དེ་ནོ་ཡ་དི་ཏཏྐྵཱི་ཎཱ། །མ་ནངྒཱ་ཡཾ་ཛ་ལིཾ་ད་དྷེ། །ཞེས་པའི་ཚིགས་བཅད་
འདི་ཡིས་ཕྱེད་སྔ་མའི་འོག་ཏུ་ཕྱི་མ་བཀོད་ན་ཡ་རྣམས་གཟུགས་གཅིག་ལ་ཆ་རྣམས་མི་གཅིག་ཅིང་གོང་འོག་ཕན་ཚུན་འཁྱོག་རིས་སུ་བརྗོད་ན་ཅིག་ཤོས་སུ་འགྱུར་བ་ཡིན་ཏེ། དཔེའུ་རིས་འདིས་ཤེས་པར་བྱའོ། །མ་ ད་ ནོ་ མ་ དི་ ར་ ཀྵཱི་ ཎཱ་ མ་ པ་ དྒཱ་ སྟྲོ་ ཛ་ ཡེ་ ད་ ཡཾ་ ཚིགས་བཅད་དེ་བོད་སྐད་དུ། ཆང་འདྲའི་མིག་ལྡན་ཟུར་མིག་གིས། །མཚོན་གྱིས་འདོད་པ་འདིར་རྒྱལ་ཏེ། །གལ་ཏེ་མ་ དེ་ ནོ་ ཡ་ དི་ ཏཏ་ ཀྵཱི་ ཎཱ་ མ་ ན་ ངྒཱ་ ཡཾ་ ཛཾ་ ལིཾ་ ད་ བྷེ་ བདག་ཀྱང་སྡིག་ཟད་ན། །འདོད་པ་ལ་ནི་ཐལ་མོ་སྦྱོར། །ཞེས་ཆང་གིས་མྱོས་པ་འདྲ་བར་ཟིམ་བུར་ལྟ་བའི་མིག་ལྡན་མའི་ཟུར་མིག་གི་མཚོན་གྱིས་འདོད་པ་འདི་འགྲོ་བ་ཀུན་ལས་རྒྱལ་བར་གྱུར་ཏེ། གལ་ཏེ་བདག་ཀྱང་འདོད་པ་ཁྱོད་ཀྱི་མཐུས་མཛེས་མ་དང་འགྲོགས་པ་ཐོབ་ནས་ཆགས་པའི་གདུང་བའམ་སྡིག་པ་ཟད་པར་གྱུར་ན་འདོད་པ་ཁྱོད་ལ་དགའ་བའི་ཐལ་མོ་སྦྱོར་རོ། །ཞེས་སོ། །ས་བཅད་གཉིས་པ་དང་གསུམ་པ་ལྷན་དུ་བསྟན་པ། གལ་ཏེ་ཚིགས་བཅད་སྔ་ཕྱིའི་ཕྱེད་ཡས་དང་མས་ནས་འཁོར་ན་ཕྱེད་དུ་འཁོར་བ་ཞེས་བྱར་བརྗོད་ཅིང་། གལ་ཏེ་ཕྱེད་དུ་མ་ཟད་ཚིགས་བཅད་ཀྱི་ཐོག་མཐའ་ཀུན་ཏུ་འཁོར་བ་ན་ཀུན་ཏུ་བཟང་པོ་ཞེས་པར་འདོད་དེ། དང་པོ་ཕྱེད་འཁོར་གྱི་དཔེ་ནི།
མ་ནོ་བྷ་བ་ཏ་བཱ་ནཱི་ཀཾ། ནོ་ད་ཡ་ཡ་ན་མཱ་ནི་ནཱི། །བྷ་ཡཱ་ད་མེ་ཡཱ་མཱ་མཱ་བཱ། །བ་ཡ་མེ་ནོ་མ་ཡཱ་ན་ཏེ། །འདི་ཡང་དཔེའུ་རིས་ལས་རྟོགས་པར་བྱ་སྟེ། ༡མ ༢ནོ ༣བྷ ༤བ ༡ཏ ༢བ ༣ནཱི ༤ཀཾ འདི་ལྟར་ཚིགས་བཅད་ཀྱི་ཕྱེད་སྔ་མ་བཞི་པོ་རིམ་བཞིན་སྟེང་ནས་མར་འཁོར་ཞིང་། ཕྱེད་ཕྱི་མ་བཞི་པོ་མས་ནས་ཡར་རིམ་བཞིན་སྟེང་དུ་འཁོར་བས་ཕྱེད་འཁོར་ ༢ནོ ད ཡཱ ཡ ན མཱ ནི ༣ནཱི ཞེས་སོ། །ཚིགས་བཅད་དེ་བོད་སྐད་དུ། མ་དུད་ཡིད་བྱུང་ཁྱོད་དར་ཕྱིར། །སྡེ་ནི་ཁེངས་ལྡན་མ་ཡིན་མིན། །ཡང་ན་ཚད་དཔག་མེད་ནད་ཀྱི། །འཇིགས་ ༣བྷ ཡ ད མེ ཡཱ མཱ མཱ ༢བཱ ལས་བདག་ཅག་སྡིག་པའི་དངོས། །ཞེས་པ་འདི་གོ་བདེ་ལ་འགྱུར་སྔ་མ་ཅུང་འཁྲུགས་སོ། །སུ་ལའང་མ་དུད་པའམ་སུའི་དབང་དུ་མ་གྱུར་པ་འདོད་ལྷ་ཁྱོད་ ༤བ ཡ མེ ནོ མ ཡཱ ན ༡ཏེ ཀྱི་སྟོབས་སམ་སྲིད་དར་ཞིང་རྒྱས་པའི་ཕྱིར། སྡེའམ་དཔུང་ནི་ཁེངས་ལྡན་མ་འདི་མ་ཡིན་མིན་ཞེས་ཡིན་ནོ། །ཡང་ན་ཁེངས་པས་འགྲོགས་སུ་མ་བཏུབ་པས་ཚད་དཔག་ཏུ་མེད་པའི་ཆགས་གདུང་གི་ནད་ཀྱི་འཇིགས་པ་ཆེན་པོ་ལས་ནི་བདག་ཅག་སྡིག་པའི་དངོས་པོ་སྟེ་སྐལ་བ་ངན་ནོ། །འདིར་ན་མ་ཞེས་འདུད་པ་དེའི་སྔོན་དགག་པའི་ཨ་སྦྱར་བས་མ་དུད་པའམ། ཡང་ན་ཨ་ནི་ཁྱབ་འཇུག་སྟེ། །སྐར་ནང་འོད་ལྡན་
ཟླ་བ་ཡིན། །རི་བོའི་ནང་ན་ང་རི་རབ། །ང་ནི་ཡི་གེའི་ནང་ན་ཨ། །ཞེས་བཤད་པས་དེ་ལ་དུད་པ་འདོད་ལྷ་སྟེ། འདོད་ལྷས་ཁྱབ་འཇུག་ལ་བཏུད་པའི་ལོ་རྒྱུས་ཕྱི་རོལ་པ་ལ་ཡོད་ཅེས་ཀྱང་བཤད། ཀུན་འཁོར་གྱི་ཚིགས་བཅད་ནི། སཱ་མཱ་ཡཱ་མཱ་མཱ་ཡཱ་མཱ་སཱ། །མཱ་རཱ་ནཱ་ཡཱ་ཡཱ་ནཱ་རཱ་མཱ། །ཡཱ་ནཱ་པཱ་རཱ་རཱ་བཱ་ནཱ་ཡཱ། །མཱ་ཡཱ་རཱ་མཱ་མཱ་རཱ་ཡཱ་མཱ། །ཞེས་པ་འདི་ཡིན་ཏེ་ཚིག་རྐང་གི་ཕྱེད་སྔ་མ་ལུགས་འབྱུང་དེ་ཉིད་ཕྱེད་ཕྱི་མར་ལུགས་ལས་བཟློག་པ་ཅན་ནོ། །འདི་ནི་རྐང་པའི་ཕྱེད་ལ་འཁོར་བར་མ་ཟད་སྔ་ཕྱི་གཉིས་ཀའི་སྟེང་འོག་ནས་གཉིས་ཀ་ལ་འཁོར་བཏུབ་པ་དཔེའུ་རིས་ལས་རྟོགས་པར་བྱ་སྟེ། ༡སཱ ༢མཱ ༣ཡཱ ༤མཱ ༡མཱ ༢ཡཱ ༣མཱ ༤སཱ ཟུར་གྱི་གྲར་འགྲིག་ཅིག་འོང་ཡང་ཞར་བྱུང་དུ་ཐོན་པ་ལས་ཆེད་བྱས་མིན་ལ། དབྱངས་ཨཱ་རིང་གཅིག་ཏུ་ངེས་པ་ཡང་ཀུན་འཁོར་ཡིན་ཚད་ལ་དེ་ལྟར་དགོས་པ་༢མཱ རཱ ནཱ ཡཱ ཡཱ ནཱ རཱ ༣མཱ མིན་ཡང་། ཀུན་འཁོར་བྱ་དཀའ་བའི་སྟེང་དུ་དབྱངས་གཅིག་ཏུ་ངེས་པའང་བྱ་དཀའ་བས་འདི་ལྟ་བུ་ཡ་མཚན་པར་འགྱུར་རོ། །འདིར་བསྟན་པའི་ཀུན་འཁོར་ནི་༣ཡཱ ནཱ བཱ རཱ རཱ བཱ ནཱ ༢ཡཱ ཚིགས་བཅད་གཅིག་གི་འཁོར་ལུགས་ཡིན་ལ། བོད་དུ་དེ་ལས་འཕྲོས་ཏེ་ཀུན་བཟང་འཁོར་ལོ་ཞེས་ཚིགས་བཅད་དུ་མ་ཅན་འཁོར་ཚུལ་མི་འདྲ་བ་སྣ་ཚོགས་རང་༤མཱ ཡཱ རཱ མཱ མཱ རཱ ཡཱ ༡མཱ བློས་སྤྲོས་པ་ཤིན་ཏུ་མང་ངོ་། །ཀུན་ཏུ་འཁོར་བའམ་ཀུན་ཏུ་བཟང་པོ་ཞེས་པའི་ཚིགས་བཅད་དེ་བོད་སྐད་དུ། ནད་རིང་མིན་པའི་དགའ་མ་གང་། །བདུད་རྒྱར་མ་ལྷུང་བགྲོད་བཟློག་མ། །སྒྲ་མེད་སྟོབས་ལྡན་སྒྱུ་གནས་ཏེ། །ཟླ་དང་ལྷན་ཅིག་འཆི་སླད་དུའོ། །ཞེས་པ་འདིའི་དོན་ཆགས་གདུང་གི་ནད་རིང་དུ་ལྡན་པ་མིན་པའི་དགའ་མ་ཆགས་པ་ཆུང་ངུར་གྱུར་པ་གང་ཡིན་པ་འདི་འདོད་ལྷའི་བདུད་ཀྱི་རྒྱར་མ་ལྷུང་བས་སྐྱེས་པས་དེའི་གན་དུ་བགྲོད་པ་ཟློག་པར་བྱེད་མ། འཁྲིག་པའི་གཏམ་གྱི་སྒྲ་མེད་པ་དེ་ལང་ཚོ་མཛེས་པའི་སྟོབས་དང་ལྡན་ཞིང་མཛེས་ཆོས་ཀྱིས་ཡིད་འཕྲོག་པའི་སྒྱུ་ཐབས་དུ་མའི་གནས་སུ་གྱུར་པ་ཅན་ཏེ། འདི་ནི་ཟླ་བ་ཤར་བ་དང་ལྷན་ཅིག་ཆགས་ལྡན་དག་འཆི་བའི་སླད་དུ་གནས་པའོ། །ཀུན་འཁོར་འདི་བོད་སྐད་དུ་དཔེར་བརྗོད་པ། དཔལ་རྒྱས་སྙན་གྲགས་གྲགས་སྙན་རྒྱས་དཔལ། །རྒྱས་ལ་རབ་གསལ་གསལ་རབ་ལ་རྒྱས། །སྙན་རབ་ས་གང་གང་ས་རབ་སྙན། །གྲགས་གསལ་གང་གྲགས་གྲགས་གང་གསལ་གྲགས། །ཞེས་པ་སྟེ་འདིའི་དོན་སྐྱེ་བོ་ཁྱད་འཕགས་ཁྱོད་ནི་བློ་གྲོས་དང་གཟི་བརྗིད་འབྱོར་པ་སོགས་ཀྱི་དཔལ་རབ་ཏུ་རྒྱས་པའི་སྙན་གྲགས་དང་ལྡན་ནོ། །དེ་ལྟར་གྲགས་སྙན་རྒྱས་པ་ལས་སླར་ཡང་སྐྱེ་བོའི་ཚོགས་ཆེན་པོས་བཀུར་ཞིང་མཆོད་པའི་དཔལ་འཕེལ་ཞིང་རྒྱས་ལ་ཉི་མ་བཞིན་དུ་འཇིག་རྟེན་འདིར་རབ་
ཏུ་གསལ་ལོ། །དེར་ཡང་ཉམས་པ་མེད་པར་གོང་ནས་གོང་དུ་འཕེལ་བའི་ཚུལ་དུ་གསལ་བ་རབ་ལ་སོན་པ་ཉིད་དུ་རྒྱས་པར་འགྱུར་རོ། །དེས་ན་ཁྱོད་ཀྱི་སྙན་པ་གང་ཞིག་གཞན་ལ་རབ་དང་ཕུལ་དུ་གྱུར་པའི་གྲགས་པས་ས་ཆེན་པོའི་སྟེང་ངམ། ས་གསུམ་གྱི་ཁྱོན་ཡོངས་སུ་ཁྱབ་པའམ་ཡོངས་སུ་གང་བ་ཉིད་ཀྱི་ཕྱིར། གང་ཞིག་ས་ཆེན་པོ་འདི་ནི་རབ་ཏུ་སྙན་པའི་གྲགས་པས་གསལ་བར་ནུས་པ་གང་དེ་ནི་རེས་འགའ་ཙམ་མིན་པར་སྐྱེ་བོ་ཐམས་ཅད་ལ་ཡོངས་སུ་གྲགས་པས་ན། དེ་འདྲའི་གྲགས་པ་རྒྱ་ཆེ་བ་དང་ལྡན་པ་གང་ཁྱོད་ཀྱི་མིང་སྐྱེ་བོ་ཐམས་ཅད་ཀྱི་རྣ་བར་རབ་ཏུ་གསལ་བར་གྲགས་ཏེ། དཔེར་ན་འཛམ་གླིང་གི་མི་རྣམས་ལ་འབྲུག་གི་སྒྲ་བཞིན་ནོ། །དེའི་ཕྱིར་དོན་ལ་བློ་གཞོལ་པའི་བློ་གསལ་སྐྱེ་བོའི་ཚོགས་ཀྱིས་ཁྱོད་ཀྱི་མིང་སྒྲོག་ཅིང་ངོ་མཚར་བའི་སྒོ་ནས་ཡོན་ཏན་གྱི་བསྔགས་པ་ཡང་ནས་ཡང་དུ་ངང་གིས་བརྗོད་པ་ཕྱི་མཐའི་བར་དུ་བྱེད་པར་འགྱུར་རོ། །ཞེས་གྲགས་པ་རྒྱ་ཆེ་བའི་ཉམས་ཀྱིས་བསྔགས་པའོ། །ཞེས་སོ། །གཉིས་པ་དབྱངས་སོགས་ངེས་པ་ནི། ཨ་སོགས་དབྱངས་དང་། མགྲིན་པ་སོགས་ཀྱི་སྐྱེ་གནས་དང་། གསལ་བྱེད་ཀ་སོགས་ཀྱི་ཡི་གེ་རྣམས་ངེས་པ་ཅན་དུ་བྱས་པ་འདི་བྱ་དཀའི་བྱེ་བྲག་ཏུ་བཤད་ལ། དེ་ཡང་བཞི་དང་གསུམ་ལ་སོགས་པར་ངེས་པར་རབ་ཏུ་བསྟན་པ་
འདི་ཉིད་བྱ་དཀར་བརྗོད་ཀྱི། གཞན་དབྱངས་དང་གསལ་བྱེད་ལྔ་པ་ཡན་ཆད་ནི་བྱ་སླ་བ་དག་ཏུ་འདོད་དོ། །དེའི་དཔེ་བརྗོད་ལ། དབྱངས་ངེས་པ། སྐྱེ་གནས་ངེས་པ། གསལ་བྱེད་ངེས་པ་གསུམ་དུ་ཡོད་པའི་དང་པོ། དབྱངས་བཞིར་ངེས་པ་ནི་རྒྱ་སྐད་ཀྱི་དཔེ་བརྗོད་དུ། རྐང་པ་དང་པོའི་སྲོག་གི་ཡི་གེ་ཨཱ་རིང་པོ་འབའ་ཞིག་དང་། གཉིས་པ་ཨཱི་རིང་། གསུམ་པ་ཨོ། བཞི་པ་ཨེ་ཁོ་ནར་བྱས་པ་ཡོད་པ། དེ་ཉིད་བོད་སྐད་དུ་བསྒྱུར་བའི་ཚིགས་བཅད་ཀྱི་དོན་ནི། རིག་བྱེད་རྣམས་ཀྱི་མཐར་སྨྲས་པའི་ཚིག་ཆགས་པ་བསྐྱེད་པའི་དོན་ཅན་ངག་སྙན་པོས་གླུར་བླངས་པ་དེ་ནི་ཆགས་པ་སྐྱེ་བའི་གླུ་ཡིན་པ་དེ་དང་། ཡམས་ཀྱི་ནད་གཉིས་ནི་བག་ཡོད་པ་དག་འཇིགས་པར་བྱ་བའི་གནས་ཡིན་ཡང་། དེ་མི་ཤེས་པར་དེ་ལ་དགའ་བ་ཡིས་ལོངས་སྤྱོད་པ་རྣམས་ལ་དེ་དང་བྲལ་ཚེ་ཡིད་མི་དགའ་བའི་ནད་དང་། དེ་ཉན་པའི་ཚེ་དགའ་བའམ་སྲེད་པ་སྐྱེ་བ་དང་། དེའི་དབང་གིས་སྡུག་བསྔལ་ལ་བདེ་བར་འཛིན་པའི་རྨོངས་པའང་འབྱུང་བས་ན། དེ་དང་དུ་མི་ལེན་པར་བསོད་ནམས་དགེ་བའི་ཡུལ་དུ་སེམས་འདོད་པའམ་འདུན་པས་ལེགས་པར་ཟུངས་ཤིག་ཅེས་སོ། །དབྱངས་ཨི་ཨ་ཨུ་གསུམ་དུ་ངེས་པ་ནི། རྒྱ་སྐད་དུ་རྐང་པ་དང་པོ་ཨི་ལྡན་འབའ་ཞིག གཉིས་པ་ཨ། གསུམ་པ་ཨུ། བཞི་པ་དེ་གསུམ་
འདྲེས་པར་བྱས་པའི་ཚིགས་བཅད་དེའི་དོན། ས་ལས་རྣམ་པར་རྒྱལ་བའི་བརྟན་པ་སྒྲུབ་པར་བྱེད་པའི་བརྟུལ་ཞུགས་ལ་དགའ་ཞིང་། བླང་དོར་མཆོག་ཏུ་རྟོགས་པ། ཀུ་རུ་པས་ཞེས་པ་སྒྲ་ངན་གྱི་རྒྱལ་པོའོ། །དེས་གཡུལ་དུ་རང་གི་སྒྲ་ཡི་རིགས་རྣམས་ནི་འབྲོས་སུའང་མི་སྟེར་བར་ཆེ་བར་བཀག་ཅིང་། ལྕི་བར་ཞེས་ཤུགས་ཆེ་བར་འདར་བར་བྱས་སོ་ཞེས། འདི་སྐྱ་བསེང་གི་བུ་ལྔ་དང་གཡུལ་འགྱེད་མཁན་དེ་ཡིན་ཞིང་། དེ་ཉིད་དཔའ་ཞིང་གཡུལ་གྱི་བྱ་བ་ལ་མཁས་པར་བསྔགས་པའོ་ཞེས་བཤད་པའང་སྣང་། དབྱངས་ཨཱི་ཨེ་གཉིས་སུ་ངེས་པ་ནི། ཤྲཱི་དཱི་པྟཱི་ཧྲཱི་ཀཱིརྟཱི། དྷཱི་ནཱི་ཏཱི་གཱིཿཔྲཱི་ཏཱིཿ ཨེ་དྷེ་ཏེ་དྭེ་དྭེ་ཏེ། ཡེ་ནི་མེ་ཏེ་བེ་ཤེ། འདི་བོད་སྐད་དུ། དཔལ་གཟི་ངོ་ཚ་གྲགས་དང་། །བློ་ལུགས་ཚིག་དང་དགའ་དག །ཁྱོད་ལ་འཕེལ་བ་གཉིས་གང་། །འདི་གཉིས་ལྷ་དབང་ལ་མེད། །རྒྱལ་པོ་ཁྱོད་ལ་དཔལ་དང་གཟི་བརྗིད་སོགས་གཉིས་གཉིས་ཟུང་དུ་འཕེལ་བ་འདི་འདྲ་ལྷ་དབང་ལ་ཡང་མེད་ཅེས་བསྔགས་པའོ། །དབྱངས་ཨཱ་གཅིག་ཏུ་ངེས་པ་ནི། གོང་གི་ཀུན་འཁོར་གྱི་ཚིགས་བཅད་དེ་ཉིད་སླར་ཡང་འདིར་བཀོད་པའོ། །ཚིགས་བཅད་དེ་ཉིད་དབྱངས་བཞིའམ་གསུམ་གཉིས་གཅིག་ཏུ་ངེས་པ་འདི་ཉིད་བོད་སྐད་དུའང་བྱ་དཀའ་བ་ཆེན་པོ་མེད་པས་བོད་ཀྱི་དཔེ་བརྗོད་རྣམས་སུའང་མང་དུ་བྱུང་
ངོ་། །དེ་ནས་སྐྱེ་གནས་ངེས་པ་བཤད་པ་ལ། སྤྱིར་ཡི་གེ་ཐམས་ཅད་སྐྱེ་གནས་ལྔས་བསྡུས་ཏེ། ཨ་ཀུ་ཧ་རྐ་ནམ་མཁའི་ཁམས་མགྲིན་པའི་གནས་ལས་སྐྱེ་བ་ཡིན་ཞེས་སོགས་སུ་བཤད་པ་ལྟར། ཨི་ཙུ་ཡ་ཤ་རྐན། རྀ་ཊུ་ར་ཥ་སྤྱི་བོ། ཨུ་བུ་ཝ་མཆུ། ལྀ་ཏུ་ལ་ས་སོ་ཡི་སྐྱེ་གནས་ཅན་ནོ། །ཀུ་ཞེས་པ་ཀ་ཁ་ག་གྷ་ང་མཚོན་པ་ལྟར་གཞན་མ་བཞི་ལའང་ཤེས་པར་བྱའོ། །སོ་སྤྱི་མགྲིན་རྐན་གྱི་གནས་བཞིར་ངེས་པ་འདིའི་དཔེ་བརྗོད་ཀྱི་རྒྱ་སྐད་ལ་མཆུ་ཡི་སྐྱེ་གནས་ཅན་གཏན་མེད་ཅིང་། གཞན་བཞི་པོ་ཅི་རིགས་སུ་འདྲེས་པར་བྱས་པ་དེ་བོད་སྐད་དུ་བསྒྱུར་བ། འདྲེན་བྱེད་ཀུན་དགའ་སྐྱེད་བྱེད་མ། །རྒྱུ་སྐར་ཚོགས་རྣམས་དག་གི་གནས། །སྤྲིན་མེད་མཁའ་ལ་ལུས་ཅན་མ། །ཁྱོད་གདོང་ལན་གཅིག་སྦྱིན་པར་མཛོད། །ཅེས་པ་གོ་སླ་ཞིང་། འོག་མིག་བལྟ་བའི་བུད་མེད་ལ། ནམ་མཁའ་ལ་ལན་གཅིག་ལྟོས་ཞེས་སྨྲས་པའོ། །མགྲིན་སོ་རྐན་གསུམ་དུ་ངེས་པའི་དཔེ་བརྗོད་ཀྱང་གོང་འདྲ་དེ་དག་ཅི་རིགས་སུ་བསྲེས་པ་ཞིག་གོ། དེ་བོད་སྐད་དུ། ནུ་སྟུག་ཁྱོད་དགོང་ལན་བུ་ཡི། །འཁྲི་ཤིང་བུང་བ་ལྟར་སྔོ་ཞིང་། །འདྲེན་བྱེད་པདྨའི་གཟུགས་བརྙན་ཅན། །ཟླ་ལྟར་མཛེས་པས་སུ་མ་བཅོམ། །ཞེས་པ་གོ་སླའོ། །མགྲིན་པ་དང་སོ་ཡི་སྐྱེ་གནས་གཉིས་སུ་ངེས་པའི་རྒྱ་སྐད་ཀྱི་དཔེ་བརྗོད་ཀྱང་དེ་གཉིས་བསྲེས་པའོ། །
དེ་བོད་སྐད་དུ། རྟག་ཏུ་སྡིག་མེད་ཀུན་དགའ་མཆོག ཅེས་རྒྱལ་པོ་ལ་བསྔགས་ནས། ལུས་དང་ངག་དང་འགྲོགས་ལ་ཆགས། །ཞེས་ལུས་རྒྱས་མ་གཞན་དང་འགྲོགས་ལ་ཆགས་མོད། ཁྱོད་ཀྱི་བཙུན་མོ་ལུས་མེད་ཀྱིས་འགོངས་ཏེ། འཇིགས་པའམ་གནོད་པ་དུ་མས་རེག་པར་གྱུར། །ཅེས་རྒྱལ་པོ་ལ་ཟུར་གྱིས་འཕྱ་ཚིག་ལྟ་བུར་བརྗོད་པའོ། །མགྲིན་པའི་གནས་གཅིག་པུར་ངེས་པ། ཨ་གཱ་གཱ་གངྒཱ། ཀཱ་ཀཱ་ཀ གཱ་ཧ་ཀཱ྅་གྷ་ཀ་ཀཱ་ཀ་ཧཱ། ཨ་ཧཱ་ཧཱ་ག་ཁ་གཱངྐ་ག ཀཾ་ཀཱ་ག་ཁ་ག་ཀཱ་ཀ་ཀ ཞེས་པ་འདི་བོད་སྐད་དུ། ཧཱ་ཧཱ་མི་སྒྲོག་ཅེས་པ། མུ་ཅོར་མི་སྨྲ་བའམ། ཡང་ན་ཀྱེ་མ་ཀྱེ་ཞེས་པ་ལྟ་བུ་མྱ་ངན་གྱི་སྒྲ་མི་སྒྲོག་པའོ། །མཁའ་འགྲོས་མཚན་རི་འགྲོ་ཞེས་པ། མཁའ་ལ་འགྲོ་བ་ཉི་མས་མཚན་པའི་རི་ལྷུན་པོའི་སྟེང་དུ་གྲགས་པ་འགྲོ་བའོ། །དབང་འཁྱོགས་ལྡན་མ་ཆགས་ཞེས་པ་མིག་འཁྱོགས་པོར་ལྟ་བ་དང་ལྡན་པའི་བུད་མེད་རྣམས་ལ་མ་ཆགས་པའོ། །དེ་རྣམས་ཀྱིས་རྒྱལ་པོ་ལ་བསྔགས་ནས། འཁྱོག་སྒྲོག་གངྒཱའི་ཆུར་འཇུག་ཅེས་པ། འཁྱོག་པོར་འཇུག་ཅིང་སྒྲ་སྒྲོག་པ་ཡི་གངྒཱའི་ཆུར་འཇུག་པར་གྱིས་དང་། སྡིག་བྱ་རོག་འཇོམས་པ་མཐོ་རིས་འགྲོ། ཞེས་པ། སྡིག་པ་བྱ་རོག་ལྟ་བུ་ནག་པ་རྣམས་འཇོམས་པ་ཉིད་དུ་གྱུར་ཏེ་མཐོ་རིས་ལྷའི་གནས་སུ་འགྲོ་བར་འགྱུར་རོ། །ཞེས་སོ། །
དེ་ནས་གསལ་བྱེད་ངེས་པ་ལ། ར་ག་ཀ་མའི་ཡི་གེ་བཞིར་ངེས་པ་ནི། རེ་རེ་རོ་རཱུ་རུ་རཱུ་རོ་རུ། གཱ་གོ་གོ྅་གཱཾ་ག་གོ྅་ག་གུཿ ཀིངྐེ་ཀཱ་ཀཱ་ཀུ་ཀཿཀཱ་ཀོ། མཱ་མཱ་མཱ་མཱ་མ་མཱ་མ་མ། འདི་བོད་སྐད་དུ། ཀྱེ་ཀྱེ་ཞེས་པ་འབོད་པ་སྟེ་རྒྱ་གར་བ་རྣམས་ཀྱིས་བྲན་གཡོག་སོགས་ལ་འབོད་པ་ལ་རེ་རེ་ཞེས་འབོད་པར་བཤད། སྒྲ་སྒྲོག་རུ་རུའི་བྲང་ཞེས། ཡང་ཡང་སྒྲ་སྒྲོག་པ་རི་དྭགས་རུ་རུ་སྟེ་ཁ་ཤའི་བྲང་འཇོམས་སྡིག་པ་རི་རི་ཆར་འགྲོ་ཞེས་པ་ཁ་ཤའི་བྲང་ཕེད་པའམ་འཇོམས་པའི་སྡིག་ཅན་པ་རི་པ་ཞེས་མིང་ཐོག་པ་ཞིག་སྟེ་པ་རི་ནི་རྔོན་པའི་མིང་ངོ་། །ཁ་ཅིག་ཁྱིམ་གནས་རྣམ་པ་ལ་ལོངས་སྤྱོད་པ་བཞིན་རྔོན་པས་ལོངས་སྤྱད་བྱ་བ་ལྟ་བུ་རི་དྭགས་རྣམས་ཡིན་པས་བ་རི་ཞེས་སྒྲ་བསྡུས་ཟེར་ཡང་མི་ལེགས་པ་འདྲའོ། །རི་ཡི་ཆར་རི་དྭགས་འཚོལ་དུ་འགྲོ་བ་ཁྱོད། ང་ཅན་མ་འོང་བདག་གི་བ། །བྱ་རོག་རྨ་བྱའི་སྒྲ་བསྒྱུར་ཅི། །ཞེས་པ་རླུང་ཅན་ཏེ་ངའི་གནས་སུ་མ་འོང་ཞིག །ཅིའི་ཕྱིར་ན་གཞན་གནོད་ལ་མི་འཛེམ་པར་གཞན་གྱི་ཤ་ཁྲག་ལ་རང་གིར་འཛིན་པའི་བདག་གི་བ་དམ་པོ་ཅན་ཁྱོད་དང་བདག་ཅག་བསམ་སྤྱོད་མི་མཚུངས་པས་ཁྱོད་དང་ལྷན་ཅིག་མཐུན་པར་སྨྲ་བ་ནི་མི་སྲིད་དེ། དཔེར་ན་བྱ་རོག་གིས་རྨ་བྱའི་སྒྲ་སྒྱུར་རམ་ཅི་ཞེས་སོ། །བདག་གི་བ་ཞེས་པ་བདག་ལ་ཡོད་པའི་བ་ལང་ལ་འཆད་མཁན་ཡང་འདུག་སྟེ་འགྲིག་དཀའོ། །ན་ད་བ་གསུམ་
དུ་ངེས་པའི་ལེགས་སྦྱར་གྱི་དཔེ་བརྗོད་ཡི་གེ་དེ་གསུམ་བསྲེས་པ་འབའ་ཞིག་གིས་ཚིགས་བཅད་བརྩམས་པ་ཞིག་སྟེ། དེའི་དོན། ལྷ་རྣམས་དགའ་བར་བྱེད་པའི་ལྷ། །རིག་བྱེད་ལ་སྨོད་འགོག་པ་པོས། །ཞེས་པ་ཁྱབ་འཇུག་གོ། ལྷ་མིན་དགའ་བྱེད་ཅེས་པ་ལྷ་མིན་གྱི་དབང་པོ་ནི་ཧི་ར་ཎྱ་དང་། ཀ་ཤ་སུ་དང་། ཀཻ་ཊ་བྷ་ལ་སོགས་པ་རྣམས་སོ། །དེ་རྣམས་བཅོམ་པ་ན་དེའི་གྲགས་པའི་སྒྲ་ཡིས་མཐོ་རིས་འཁྲུགས་པར་གྱུར། ཅེས་པ་ལྷ་གནས་སོ་སོར་གསང་མཐོར་སྨྲ་བས་སྒྲ་གསང་འཐབ་སྟེ་འཁྲུགས་པར་གྱུར་ཅེས་སོ། །སར་གཉིས་སུ་ངེས་པ་ནི། སཱུ་རིཿསུ་རཱ་སུ་རཱ་ས་རཱི། །སཱརཿསཱ྅་རཱ་སི་སཱ་ར་སཱ། །ས་སཱ་ར་ས་ར་སཱིཿསཱི་རཱི། །ས་སཱུ་རུཿས་སུ་རཱ་ར་སཱི། །དེ་བོད་སྐད་དུ། མཁས་པས་ལྷ་དང་ལྷ་མིན་ལ། །འགྲོ་སྟོབས་ལྡན་པའི་བྱིན་ལེགས་ཅན། །ཞེས་པ་སྒྱུ་རྩལ་སོགས་ཀྱི་རིག་པར་མཁས་པ། ལྷ་དང་ལྷ་མིན་ལ་ཁྱབ་པར་འགྲོ་བའི་སྟོབས་དང་ལྡན་པའི་བྱིན་པ་མཛེས་ཤིང་ལེགས་པ་ཅན། ཆང་གི་རོ་ལྡན་གཤོལ་འཛིན་དེ། །བཞད་ཀྱི་སྒྲ་ལྡན་མཚོ་རུ་སོང་། །ཞེས་པ། ཆང་གིས་མྱོས་པའི་རོ་ལ་དགའ་བ་དང་ལྡན་པ། ལག་ན་ཐོང་གཤོལ་འཛིན་པས་གཤོལ་འཛིན་ཞེས་བྱ་བ་ཁྱབ་འཇུག་གི་ཕུ་བོ་སྟོབས་བཟང་དེ་ནི་ཆུ་བྱ་བཞད་ཀྱི་སྒྲ་དང་ལྡན་པའི་མཚོ་རུ་ཁྲུས་བྱེད་པ་ལ་སོང་ཞེས་སོ། །ན་ཡིག་
གཅིག་ཏུ་ངེས་པ་ནི། ནཱུ་ན་ནུ་ནྣཱ་ནི་ནཱ་ནེ་ན། །ནཱ་ན་ནེ་ནཱ་ན་ནཱ་ནི་ནཿ ནཱ་ནེ་ནཱ་ན་ནུ་ནཱ་ནུ་ནེ། །ནཻ་ནེ་ནཱ་ནཱ་ནི་ན་ནཱི་ནཱིཿ འདི་བོད་སྐད་དུ། འདི་ཡིས་བདག་ཅག་རྣམས་ཀྱི་བཞིན། །བཞིན་གྱིས་ངེས་པར་མ་བཅོམ་མིན། །བདག་སྲོག་མི་དམན་འདི་དང་སྦྱོར། །རྗེ་བོ་སྐྱེས་མིན་སྡིག་ཅན་ངེས། །ཞེས་པ་དགྲ་ཟླ་བཟོད་དཀའ་བ་འདི་ཡིས་བདག་ཅག་རྣམས་ཀྱི་བཞིན་མདངས། འདི་ཡིས་བཞིན་གྱིས་ངེས་པར་ནི་མ་བཅོམ་མིན་ཏེ་བཅོམ་པས་འདིའི་བཞིན་ལ་བལྟ་དཀའ་ཞིང་། བདག་ཅག་གི་སྲོག་དབང་སྟོབས་མི་དམན་པ་འདི་དང་སྦྱོར་བར་བྱེད་པ། ཀྱེ་མ་བདག་ཅག་གི་རྗེ་བོ་ནི་སྐྱེས་བུ་དམ་པ་མིན་ཏེ་སྡིག་ཅན་དུ་ངེས་སོ། །ཞེས་པའོ། །བ་ལང་གཅིན་ནས་འདིའི་བར་ཐམས་ཅད་གཙོ་ཆེར་ཀུན་ཏུ་ཟུང་ལྡན་གྱི་ཆར་གཏོགས་པ་སྟེ་ཡང་ཡང་བཟླས་པ་མང་བས་སོ། །གསལ་བྱེད་ཡི་གེ་གཅིག་གིས་ཚིགས་བཅད་རྩོམ་པ་འདི་བོད་སྐད་དུ་བྱ་དཀའ་བ་ཡིན་ལ། བོད་སྔ་མ་དག་གིས་འདིའི་དཔེ་བརྗོད་དུ་མིང་གཞི་ཙམ་ཞིག་གསལ་བྱེད་གཅིག་ཡིན་ལ་འཕུལ་འཇུག་སོགས་ཡི་གེ་གཞན་འདྲེས་པ་ལས་ཡི་གེ་གཅིག་ཁོ་ནས་བརྩམས་པའི་དཔེ་མ་མཐོང་བས་འདིར་འདིའི་དཔེ་བཀོད་པ། རི་རི་རེ་རེ་ར་རོ་རོ་རེ། །རེ་རོ་རེ་རེ་ར་རེ་རེ་རེ། །རེ་རེ་རེ་རུ་ར་རོ་རེ། །ར་རོ་རེ་རེ་ར་ར་རི་རེ། །འདིར་རི་ཞེས་པ་རི་དངོས་པོ། དེ་རྗེས་
ཀྱི་རི་ནི་བདུན་གྱི་མིང་སྟེ། གཟའ་གླིང་ཐུབ་རི་དྲང་སྲོང་བདུན་ཞེས་བཤད་པ་བཞིན་ནོ། །དེ་བཞིན་རོ་སྔ་ཕྱིའི་སྒྲ་ལའང་ཤེས་པར་བྱ་ཞིང་། རེ་རེ་ནི་སོ་སོ་བའི་དོན་དང་། རེ་བ་ནི་ཆགས་པའི་དོན་དང་། ར་རོ་བ་རྒྱུ་དེས་མྱོས་པའམ་རྨོངས་པར་བྱས་པའི་དོན་དང་། ར་རི་ནི་ནག་པོ་ར་རི་ཟེར་བ་ལྟར་དྲི་མའམ་སྐྱོན་དུ་དོན་གྱིས་གོ་བར་བྱས་ནས་འདི་སྐད་དུ། རི་བདུན་སོ་སོར་རོ་དྲུག་རེ། །རོ་དྲུག་གཅིག་ལའང་འདོད་མཁན་རེ། །འདོད་ཅན་རེ་རེར་མྱོས་པ་རེ། །མྱོས་པ་རེ་ལ་སྐྱོན་རེ་ཡོད། ཅེས་པའི་དོན་ཏེ། རི་བདུན་བསིལ་རི་སོགས་ནང་གི་རི་དྲུག་དང་ཕྱིའི་ལྕགས་རི་ལ་གྲགས་མོད་ཀྱི། སྐབས་འདིར་ནང་གི་རི་དྲུག་དང་རི་རབ་ལྷུན་པོ་དང་བདུན་ནོ། །དེ་རེ་རེའི་གནས་སུའང་རོ་དྲུག་ཡོད་པ་ནི་མངར་སྐྱུར་སོགས་རོ་དྲུག་དངོས་ལ་ཡང་གོ་རུང་ལ། ཡང་ན་འདོད་ཡོན་དྲུག་གི་རོའོ། །རོ་དྲུག་པོའི་གང་རུང་གཅིག་ལའང་རེ་མཁན་ནམ་འདོད་མཁན་ཡོད་དེ། ཁ་ཅིག་མངར་བ་ལ་དགའ། ཁ་ཅིག་ཁ་བ་ལ་དགའ་བའམ། ཁ་ཅིག་གཟུགས་ལ་ལྷག་པར་ཆགས་པ་སོགས་མདོར་ན་རོ་དྲུག་ལ་ཆགས་མཁན་ཡོད་ཅེས་སོ། །རེ་རེ་རེ་རུ། ཞེས་པའི་རེ་རེ་ནི་སོ་སོ་བའི་དོན་ཡིན་ལ། རེ་ཞེས་པ་རེ་འདོད་དོ། །རུ་ཞེས་པ་གནས་གཞིའི་དོན་ཅན་བདུན་པའོ། །ར་རོ་རེ། ཞེས་པ་རོ་དྲུག་གང་ལ་ཆགས་
ཀྱང་གནས་སྐབས་དེ་ན་དེས་ཡིད་འཆིང་བའམ་མྱོས་སོ། །ར་རོའམ་མྱོས་པ་རེ་རེ་ཡང་ར་རི་ལྟ་བུའི་སྐྱོན་གྱི་བག་ཆགས་སེམས་ལ་བགོ་པའི་ཉེས་པ་ཡོད་དེ་ཞེས་པའི་དོན་ནོ། །དེ་ཡན་ཆད་ཀྱིས་ཟུང་ལྡན་གྱི་རིགས་སུ་གཏོགས་པའི་བྱ་སླ་བ་དང་དཀའ་བའི་རིམ་པའི་དཔེ་བརྗོད་རྣམས་བསྟན་ཟིན་ནས་གབ་ཚིག་བསྟན་པར་བཞེད་པས། དེ་ལྟར་བྱ་དཀའི་ལམ་ལ་ཡང་། དཔེ་ཡི་རིམ་པ་ཅུང་ཟད་ཀུན་ཏུ་བསྟན། ད་ནི། གབ་ཚིག་དག་གི་རྣམ་པ་ཡི། །ལུགས་ཀྱང་རབ་ཏུ་བསྟན་པར་བྱ། །ཞེས་གསུངས་སོ། །གཉིས་པ་གབ་ཚིག་བཤད་པ་ལ། དེ་ཡི་དགོས་པ་བསྟན་པ་དང་། གབ་ཚིག་དངོས་ཀྱི་དཔེ་བརྗོད་བསྟན་པ་གཉིས། དང་པོ། རྩེད་མོའི་བྱ་བ་རྩོམ་པའི་མདུན་སར་བཞད་གད་ཀྱི་དོན་དང་། གབ་ཚིག་དེ་ཤེས་མཁན་གཞན་ལ་ཚོགས་སུ་གསང་བའི་དོན་སྨྲ་བའི་ཕྱིར་དང་། གབ་ཚིག་མི་ཤེས་པའི་ཕ་རོལ་པོ་དག་ཚིག་དེའི་དོན་ལ་ཀུན་ཏུ་རྨོངས་པར་བྱེད་པ་ལ། གབ་ཚིག་དག་ནི་ཉེར་མཁོ་ལྡན་པ་ཡིན་ནོ། །འགྲེལ་བ་གཞན་ན་གབ་ཚིག་ཅེས་པ་སྔོན་སྐ་ཅོག་སོགས་ཀྱི་དུས་སུ་བརྡ་རྙིང་ལ། སྐུ་སྐའམ་ལྡེའུ་ཞེས་སུ་བསྒྱུར། སྒྲུང་ལྡེའུ་བོན་གསུམ་གྱི་ཡ་གྱལ་གཅིག་ཡིན། ད་ལྟ་སྡེབས་རྒྱགས་པའམ་བསྐུལ་བར་ཡང་གྲགས་ཞེས་བཤད་དེ། གྲོང་པ་ཕལ་པ་དག་གི་ཁ་མཚར་གྱི་ཚིག་གབ་ཚིག་དང་ཆ་འདྲ་བ་ནི།
དཔེར་ན། མེད་ན་ཐབས་ཆག་ཡོད་ན་རེག་མི་ཕོད་པ་ཅི་ཡིན། དེ་བཞིན་གྲངས་ཀྱི་སྒོ་ནས། གཅིག་མེད་ན་བྱ་ཐབས་ཆག གསུམ་ཡོད་ན་བྱ་ཐབས་ཆག་ཅེས་དང་། འདྲ་བའི་སྒོ་ནས་ཙནྡན་སྡོང་པོའི་རྩེ་མོ་ནས། གཡུ་འབྲུག་སྔོན་མོ་འཁྱུག་འགྲོས་བྱེད་ཅི་ཡིན་དྲིས་པ་ལ། གཞན་པ་དེས་རིམ་བཞིན་མི་དང་ཕོ་མོ་དགའ་མགུར་སྤྱོད་ཚེ་མི་གཞན་ཡོད་ན་མི་སྤྱོད་པ་དང་། སྤོས་རིངས་གི་དུ་བ་རྣམས་ལ་ཟེར་བ་ཤེས་ན་དོན་སྟེང་དུ་ཁེལ་བས་ཁེད་པ་དང་། མ་ཤེས་ན་མ་ཁེད་པས་སྐུགས་འཆོར་བ་ལྟ་བུའི་བློས་བརྟགས་ཀྱི་འདྲ་བཞག་སྣ་ཚོགས་ཀྱི་ཚིག་བརྗོད་པ་ལ་ཡུལ་སོ་སོའི་སྐད་ཀྱིས་མིང་འདོགས་པ་ཙམ་ལས་དོན་གཞན་ཅི་མི་སྣང་ངོ་། །གཉིས་པ་ལ་གབ་ཚིག་བཅུ་དྲུག་གི་ངོ་བོ་བསྟན་པའམ་མཚན་ཉིད་བསྟན་པ་དང་། དཔེར་བརྗོད་གཉིས་ལས། དང་པོ། ལེགས་སྦྱར་ལྟར་ན་སུ་པྲ་ཏིང྄་སོགས་དང་། བོད་སྐད་ལྟར་ན་ཚིག་ཕྲད་ཀྱི་ཡི་གེ་སོགས་ཚིག་སྔ་ཕྱི་མཚམས་སྦྱར་ནས་དོན་གཞན་དུ་གོ་བ་ཤས་ཆེ་བས་བརྗོད་དོན་གབ་པའམ་སྦས་པ་ནི་ཀུན་ཏུ་ཚོགས་པའི་གབ་ཚིག་ཅེས་པར་བརྗོད་དེ། ཚིག་སྔ་ཕྱི་ཀུན་ཏུ་ཚོགས་པས་ཚིག་གི་དོན་གཞན་ཞིག་ཏུ་གྱུར་པ་ཞིག་གོ། གཉིས་པ་གབ་བྱ་དང་གབ་བྱེད་མིང་གི་སྒྲ་མཚུངས་པ་ལས། གཞན་གབ་བྱེད་དེ་ལ་ཡོངས་སུ་གྲགས་པ་ཤས་ཆེ་བའི་སྒྲ་དག་
གིས་གཅིག་ཤོས་གབ་བྱའི་མིང་དུ་གྲགས་ཆུང་པ་ལ་མི་གོ་བར་ངག་གང་དུ་གབ་རྒྱུའི་དངོས་དོན་ལ་བསླུ་བ་ནི་སླུ་བྱེད་ཅེས་བྱའོ། །གསུམ་པ་ངག་གི་སྦྱོར་བ་གོ་རིམ་ཤིན་ཏུ་འཁྲུགས་པ་ཡིས་དོན་རྟོགས་པ་ལ་རྨོངས་པར་བྱེད་པ་ནི་རིམ་པ་དང་བྲལ་བ་ཞེས་བྱ་བ་སྟེ་གབ་ཚིག་ཏུ་འགྱུར་རོ། །བཞི་པ་སྦྱོར་བ་གང་ལ་བརྗོད་དོན་གབ་བྱ་དེར་སྔར་ཡོངས་སུ་མ་གྲགས་ཀྱང་དོན་ལ་དེ་ལྟར་བརྗོད་ན་འཇུག་ཏུ་རུང་བ་ཙམ་གྱི་མིང་ཤ་སྟག་སྦྱར་བ་བརྟགས་ན་དེར་འཇུག་རུང་བའི་ངེས་ཚིག་ཡོད་ཙམ་ཡིན་ཡང་དེ་ལྟར་མི་གོ་བར་བདེ་བླག་ཏུ་དོན་རྟོགས་དཀའ་བ་ཡི་ཚིག་གི་ཕྲེང་བ་དེ་ནི་རབ་བཅོམ་ཞེས་བྱ་བ་ཡིན་ནོ། །ལྔ་པ་བརྗོད་བྱ་དངོས་མ་སྨྲས་པར། དེ་དང་ཆོས་འདྲ་བའི་དངོས་པོ་གཞན་ལ་དེར་བཏགས་པའི་དོན་བཀོད་པའི་ཚིག་དག་གིས་དེ་གཉིས་བསྡེབས་པ་དག་ནི་མཐུན་པའི་གཟུགས་ཅན་གྱི་གབ་ཚིག་གོ། དྲུག་པ་བརྡ་སྤྲོད་པའི་གཞུང་ནས་བཤད་པའི་རྐྱེན་དང་རྣམ་དབྱེ་སྦྱར་ཚུལ་སོགས་ཀྱི་མཚན་ཉིད་ཡོད་ཙམ་མམ། དེར་བཤད་དུ་རུང་ཙམ་གྱིས་ངེས་ཚིག་དང་ལྡན་པའི་ཚིག་སྦྱར་བ་ནི་རྩུབ་མོ་ཞེས་ནན་གྱིས་བརྟགས་དགོས་པའོ། །བདུན་པ་གང་དུ་བརྗོད་བྱའི་གྲངས་ཙམ་བརྗོད་པས་ཉིད་ཀྱིས་གྲངས་ཅན་དངོས་ཀྱི་བརྗོད་དོན་ལ་ཀུན་ཏུ་རྨོངས་པར་བྱེད་པ་གྲངས་ཉིད་ཀྱི་གབ་ཚིག་ཅེས་བྱ་སྟེ་དེ་ལྟར་ཤེས་པར་བྱའོ། །བརྒྱད་
པ་གང་དུ་གབ་པར་བྱ་བ་དེ་ཉིད་དེ་དང་མཚུངས་པའི་ངག་དོན་ནམ། ངག་སྦྱོར་གྱི་རྣམ་པ་གཞན་དུ་སྣང་བ་དག་ཏུ་བྱས་པ་དེ་ནི་རབ་བརྟགས་ཀྱི་གབ་ཚིག་ཉིད་དོ། །དགུ་པ་གང་དུ་གབ་བྱ་དེའི་མིང་དངོས་སུ་མ་བརྗོད་པར་དེའི་མིང་གཅིག་ལ་སྣ་ཚོགས་པའི་དོན་གཞན་དང་གཞན་གྱི་མིང་གི་རྣམ་པ་ཅན་དུ་བརྟགས་པར་གྱུར་པ་བསྲེས་པས་ཐད་ཀར་བལྟས་ན་མིང་དུ་མ་བརྗོད་པ་ཙམ་ལས་གབ་བྱ་དངོས་སུ་མི་གསལ་ཡང་། ལེགས་པར་བརྟགས་ན་གབ་བྱའི་མིང་བསྟན་ཡོད་པའི་ངག་དེ་ནི་མིང་དུ་མ་འདུས་པ་ཉིད་དོ། །བཅུ་པ་རྗོད་བྱེད་ཀྱི་ཚིག་དེ་ནི་གབ་བྱ་དང་གབ་བྱེད་གཉིས་ཀ་ཆོས་མཚུངས་ལ་རེག་པར་གྱུར་ཅིང་། དེ་ལས་གབ་བྱེད་ལ་གོ་བ་གསལ་ཞིང་ཉེ་བར་གྱུར་པས་དོན་གཞན་གབ་བྱ་བསྒྲིབས་པ་བསྒྲིབས་པའི་གབ་ཚིག་གོ། བཅུ་གཅིག་པ་བསྒྲིབ་བྱའི་དངོས་མིང་མ་སྨོས་པར། དེའི་མིང་གི་ཡི་གེ་སོ་སོར་ཕྲལ་བའམ། རིལ་པོའང་རུང་སྟེ་དོན་གྱི་མིང་གི་རྣམ་གྲངས་ཀྱི་སྒྲ་ནི་བཀོད་པ་ཡིས། མིང་དེ་བསྒྲུབ་པ་མཐུན་པའི་སྒྲ་ཡི་གབ་ཚིག་གོ། བཅུ་གཉིས་པ་གང་ཞིག་བརྗོད་བྱ་དེ་དག་གིས་མངོན་སུམ་དུ་དོན་བསྟན་པ་ན་ཡང་། ངག་དེས་སླར་ཡང་རྨོངས་པར་བྱེད་པའི་ཕྱིར་ན་ཀུན་ཏུ་རྨོངས་པ་ཞེས་བྱ་བའི་གབ་ཚིག་གོ། བཅུ་གསུམ་པ་ངག་གང་ལ་ཚིག་སྔ་ཕྱི་རིམ་
པར་སྦྱོར་བ་མང་པོ་བརྒྱུད་པའི་སྒོ་ནས་བསྟན་བྱའི་དོན་བརྗོད་པ་ཕྲེང་བ་ལྟ་བུར་འབྲེལ་བ་ཡི་བདག་ཉིད་ཅན་དེ་ནི་ཡོངས་སུ་འཕྲོག་པའི་གབ་ཚིག་ཅེས་བྱ་སྟེ། རིམ་འབྲེལ་བྱས་ན་དོན་གོ་ཡང་དེ་ལྟར་མི་གོ་ནས་བརྗོད་བྱ་གང་ཡིན་ཡོངས་སུ་འཕྲོག་པའི་ཕྱིར་རོ། །བཅུ་བཞི་པ་གང་དུ་རྟེན་ལུས་ལྟ་བུ་མ་བརྗོད་པར་སྦས་ཏེ། བརྟེན་པ་ཡན་ལག་ལྟ་བུ་དངོས་སུ་གསལ་བ་ནི་གཅིག་བསྒྲིབས་པ་ཡི་གབ་ཚིག་ཅེས་བྱའོ། །བཅོ་ལྔ་པ་གང་དུ་རྟེན་བརྟེན་པ་གཉིས་ཀ་སྦས་པར་གྱུར་པ་དེ་ནི་གཉིས་ཀ་བསྒྲིབས་པའོ། །བཅུ་དྲུག་པ་ངག་གང་ལ་ཇི་སྐད་བཤད་པའི་གབ་ཚིག་དེ་དག་གི་མཚན་ཉིད་སྣ་ཚོགས་འདྲེས་པར་བྱས་པ་དེ་ནི་ཡོངས་སུ་འདྲེས་པ་ཞེས་བྱའོ། །འདི་དག་ནི་གབ་ཚིག་གི་རྣམ་པ་བཅུ་དྲུག་སྟེ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན་པའོ། །འདི་ལས་གཞན་དུ་གབ་ཚིག་ངན་པ་གཞན་དག་ཀྱང་བཅུ་བཞི་ཙམ་ཞིག་སྔ་མ་དེ་དག་རྣམས་ཀྱིས་བརྗོད་མོད། ངན་པ་དེ་དག་ལ་གབ་ཚིག་ཡང་དག་ཏུ་རུང་བའི་མཚན་ཉིད་མེད་པ་ཡིན་པས། གང་དེ་ལྟ་བུ་ནི་མཚན་ཉིད་དང་མི་ལྡན་པའི་སྐྱོན་གྱི་གབ་ཚིག་གི་གྲངས་ཉིད་དུ་ཡོངས་སུ་བགྲང་བར་བྱ་བ་མིན་པར་རིག་ནས་སློབ་དཔོན་སྔ་མའི་རྗེས་སུ་སླར་ཡང་དབྱུག་པ་ཅན་བདག་གིས་གབ་ཚིག་ལེགས་པ་གབ་ཚིག་གི་མཚན་ཉིད་ཡོད་པ་བཅུ་དྲུག་པོ་འདི་ཁོ་ན་དཔེ་ཡི་སྒོ་ནས་བརྗོད་པར་
བྱ་ན་ཞེས་གསུངས་ཏེ། རྗོད་བྱེད་ཀྱི་ཚིག་དེ་སྒྲ་དང་དོན་གྱི་སྒོ་གང་ནས་ཀྱང་མཚན་ཉིད་མི་ལྡན་པའི་སྨྲ་བ་ངན་པ་ལེགས་པར་བརྟགས་ཀྱང་དོན་མི་གོ་བ་དུ་མ་ཡོད་མོད། དེ་བླུན་པོས་བརྗོད་པ་མི་ཤེས་པའི་ངག་སྦྱོར་བའི་སྐྱོན་ཡིན་པས་གབ་ཚིག་ཏུ་བགྲང་བྱ་མིན་ནོ། །ཞེས་སོ། །གཉིས་པ་གབ་ཚིག་གི་དཔེ་བརྗོད་ལ་བཅུ་དྲུག་ཡོད་པའི། དང་པོ་ཀུན་ཏུ་ཚོགས་པའི་གབ་ཚིག་གི་དཔེ་བརྗོད་ནི། བདག་གིས་བ་ལང་རོ་སེམས་ཀྱིས། །ཤེས་པ་མེད་ལ་ཅི་སླད་ཁྲོ། །གནས་མིན་ནམ་དོན་མེད་དུ་ངུ་བ་འདི་ཡིས་ནི། །ཅི་བྱེད་ཀུན་ཏུ་མིག་དམར་མ། །ཞེས་པ་འདིར་བདག་གི་སྐད་དོད་ཨསྨད་ལ་དྲུག་པའི་ངས་བྱིན་པས་མེ་ཞེས་གྲུབ་པ། དེའི་ཕ་རོལ་ཏུ་གནོད་པའི་སྐད་དོད། ཨ་གས་བཞག མེའི་ཨེ་ཨ་ཡ་རུ་བསྒྱུར་ནས་མཚམས་སྦྱར། དེའི་རྗེས་སུ་ར་ས་རོའི་སྐད་དོད་བཞག རྣམ་བཅད་ཨུར་བསྒྱུར། ཨ་ཨུ་ཨོར་སོང་། གོང་དུ་དགག་ཚིག་ན་ཉ་ཞེས་པའི་ན་བཞག་པས། ན་མ་ཡཱ་གོ་ར་ས་ཞེས་གྲུབ་པ་འདི་ནི་གབ་བྱེད་དེ། ཅིའི་ཕྱིར་ན། ཨསྨད་ཀྱི་ད་བཞག ཨསྨ་མ་རུ་བསྒྱུར། ཊ་སྦྱར། ཨ་ཙ་ལ་འོས་མ་བསྒྱུར་བ་ལ་ད་ཡ། དེ་ནའི་ཨ་ལ་དྲངས་པས་མ་ཡ། ཞེས་གྲུབ་པ་བདག་གིས་ཞེས་གྲུབ་ནས། གོ་བ་ལང་། ར་ས་རོ་ཡིན་པས་བདག་གིས་བ་ལང་རོ་
སེམས་ཀྱི་ཞེས་སུ་གོ་ནས་གབ་བྱ་མི་གསལ་བའོ། །གབ་བྱ་དངོས་དོན་བདག་གིས་གནོད་པའི་རོ་སྟེ་ཉམས་ཙམ་ཡང་དྲན་པའམ་ཤེས་པ་མེད་པ་ལ་ཅི་སླད་ཁྲོ་ཞིང་ངུས་ནས་མིག་དམར་པོར་གྱུར་ཅེས་པའི་དོན་ནོ། །འདི་ལ་བོད་སྐད་ལྟར་ན། ཁྱིམ་གྱི་མེ་ཏོག་བཞིན་དུ་ནི། །ཀུན་གྱི་སྤྱི་བོར་འཁོར་བ་ཡིན། །དེ་དུས་ན་ཆུང་མ་སྐྱེས་བུ། །རང་རང་གི་ནི་གནས་སུ་འགྲོ། །ཞེས་པ་འདིར་ཁྱིམ་གྱི་མེ་ཞེས་ཡར་བཅད། དེ་དུས་ན་ཞེས་ཡར་བཅད་ན་ཉི་མ་ཤར་ཚེ་ཆུང་མ་དང་སྐྱེས་བུ་ཉལ་པོ་བྱས་པ་ལས་ལངས་ནས་རང་གནས་སུ་འགྲོ་ཞེས་པ་ཡིན་ཡང་ཚིག་མཚམས་སྦྱར་བས་དེ་ལ་མི་གོ་བའོ། །སླར་ཡང་དེའི་དཔེ་བརྗོད་གཞན་ནི། འདུལ་འཛིན་ཞིབ་མོའི་ཀུན་སྤྱོད་ཅན། །གྱ་ནོམས་ཟས་སྤངས་དབེན་པར་རྒྱུ། །དེ་ན་ཚོད་མ་རྙིང་པ་དག །བདག་གིར་བཞེས་པའི་རྣམ་ཐར་མཛེས། །ཞེས་པའི་དེ་སྒྲ་ཡང་གོང་དུ་བཅད་ན་དངོས་དོན་གོ་བ་ལྟ་བུའོ། །གཉིས་པ་སླུ་བྱེད་ཀྱི་གབ་ཚིག་ནི། ཀུབྫཱ་བསྟེན་པ་ཁྱོད་ཀྱི་ནི། །དགའ་བ་ཇི་ལྟར་འཕེལ་གྱུར་པ། །འཆི་མེད་བུ་མོར་ཅོ་འདྲི་མ། །མི་མོར་སྤྱོད་པས་དེ་ལྟར་མིན། །ཞེས། ཀཱནྱ་ཀུབྫ་ཞེས་པའི་ཡུལ་གྱི་བུད་མེད་རྣམས་མཆོག་ཏུ་བཟང་བར་གྲགས་པའི་ཡུལ་དེའི་བུ་མོ་བསྟེན་པའི་དགའ་བ་ལྷ་ཡི་བུ་མོ་བསྟེན་པའི་དགའ་བར་ཅོ་འདྲི་ཡི་མི་མོ་གཞན་སྤྱོད་པས་
དེ་ལྟར་མིན་ཞེས་པའི་དོན་ཡིན་ཡང་། དེ་འདྲའི་ཀུབྫ་གྲགས་ཆུང་ལ། ཀུབྫཱ་རྒུར་མོར་གྲགས་པ་ཤས་ཆེ་བས། རྒུར་མོ་བསྟེན་པ་ཁྱོད་ཀྱི་ཞེས་པར་གོ་བའོ། །འདི་ལ་བོད་སྐད་ལྟར་ན། ན་ཆུང་མཚན་མ་བཟང་པོ་ལས། །བསླང་པའི་མཚལ་གྱི་ཆ་དག་ལས། །ཅུང་ཟད་མང་བའི་ག་བུར་དག །བསྲེས་ནས་སྐྱེས་བུའི་གཟུགས་ཀྱིས་ཤིག །ཅེས་པ་འདི་མཚན་མ་བུད་མེད་ཀྱི་སྐྱེ་གནས། མཚལ་མངལ་ཁྲག་ག་བུར་སྐྱེས་པའི་ཁུ་བ་བསྲེས་ནས་བུ་བྱོས་ཤིག་ཅེས་བརྗོད་རྒྱུ་ཡིན་ཡང་། ཡོངས་གྲགས་མཚན་བཟང་མ་ལས་མཚལ་བསླངས་ཏེ་ག་བུར་དང་བསྲེས་ནས་སྐྱེས་བུའི་གཟུགས་བརྙན་བྱེད་པར་གོའོ། །ཟླ་མཚན་ལས་ཁུ་བ་མང་ན་བུ་རུ་འགྱུར་བ་ཡིན་པས་ཅུང་ཟད་མང་བའི་ཞེས་སོ། །སླར་ཡང་དེའི་དཔེ་གཞན་བརྗོད་པ། ངུར་སྨྲིག་གོས་འཆང་བཙུན་པ་འདིས། །སྤྱི་བོའི་རྒྱན་གྱུར་ཟླ་བ་ཡང་། །ས་ལ་འབེབས་པར་བྱེད་པ་འདི། །འོས་མིན་ནན་གྱིས་རྩོམ་ལ་ལྟོས། །ཞེས་ཟླ་བ་ནི་དངོས་དང་སྤྱི་བོའི་ཧཾ་གི་རང་བཞིན་ཁུ་བ་གཉིས་ཀར་གོ་རུང་ཡང་ཟླ་བ་རང་ཡོངས་གྲགས་ཡིན་པས་གཅིག་ཤོས་བསྒྲིབས་པའོ། །གསུམ་པ་རིམ་པ་བྲལ་བའི་གབ་ཚིག་ནི། ཡུ་བར་འོ་བྱེད་པད་ཅན་གྱི། །ངང་པ་ཚེར་མ་རྩུབ་མོ་ཅན། །བཞིན་ལ་སྒྲ་སྙན་སྒྲོག་བྱེད་ཅིང་། །ལུས་ནི་
འདར་བར་བྱེད་ཅིང་མཆུས། །ཞེས་པ་འདི་ངང་པ་གང་གི་བཞིན་ནམ། ཁ་ལས་སྒྲ་སྙན་སྒྲོག་པར་བྱེད་ཅིང་། ལུས་ནི་འདར་བར་བྱེད་ཅིང་མཆུས། པདྨ་ཅན་གྱི་ཡུ་བ་ཚེར་མ་རྩུབ་མོ་ཅན་ལ་འོ་བྱེད། ཅེས་པའི་དོན་བརྗོད་རྒྱུ་ཡིན་ཡང་། འདི་ལྟར་གོ་རིམ་དཀྲུགས་ཏེ་བརྗོད་པ་རྒྱ་སྐད་ལ་ཡང་ཡོད་པ་ལྟར་རོ། །འདིའི་དཔེ་བརྗོད་གསལ་བས་འདི་ཁོ་ནས་འཐུས་མོད་ཀྱི། ཉམས་མཚར་དུ་སླར་ཡང་དཔེ་བརྗོད་གཉིས་བྱས་པ། རྩེ་དགའ་མི་འདོད་ལུས་བཟང་མ། །འབྲལ་བ་ལྷན་ཅིག་ཡང་དང་ཡང་། །མི་ཆོག་གནས་པར་བདག་གིས་མིན། །འདོད་དེ་གཞན་ལ་དེ་འདྲ་བ། །ཞེས་ལུས་བཟང་མ་འབྲལ་བར་མི་འདོད། གཞན་ལ་དེ་འདྲ་བ་མིན། ལྷན་ཅིག་རྩེ་དགའ་ཡང་ཡང་མི་ཆོག་པར་གནས་པ་བདག་གིས་འདོད་དེ། ཞེས་པ་གོ་རིམ་དཀྲུགས་པས་དོན་དངོས་མི་གོ་བའོ། །སླར་ཡང་། ལྷན་ཅིག་གཞོན་ནུ་མ་དང་གཞན་པ་ཡིས། །བློ་འཕྲོག་འདོད་པས་འཕྱ་ལ་དོགས་མེད་འདི། །ཅི་དགར་བྱེད་པ་ཚོགས་ཀྱི་དབུས་སུ་ན། །དབེན་པར་ཅི་བདེར་སྤྱོད་པ་སྨྲོས་ཅི་འཚལ། །ཞེས་པའི་གཞོན་ནུ་མ་དང་ལྷན་ཅིག་གོང་འོག་བརྗེ། བློ་ཕྲོགས་དང་འདོད་པ་གོང་འོག་བརྗེ། གཞན་པ་ཡིས་འཕྱ་ལ་དོགས་མེད་འདི། ཚོགས་ཀྱི་དབུས་སུ་ཅི་དགར་བྱེད་པ་ན། ཞེས་སྦྱར་ན་དངོས་དོན་
གསལ་ལོ། །བཞི་པ་རབ་བཅོམ་གྱི་གབ་ཚིག་ནི། བུ་མོ་མཛེས་མ་ཁྱོད་རྐང་པར། །རྐང་གདུབ་རྒྱས་པ་སྒྲ་སྙན་སྒྲོག །མངོན་སུམ་ཉིད་དུ་གྱུར་པ་འདིར། །བདག་གི་སྲོག་ནི་བརྟན་མ་ཡིན། །ཞེས་པ་འདི་རྒྱ་སྐད་ལ་གོ་དཀའ་བར་ཡོད་ཀྱང་བོད་སྐད་དུ་དེའི་ཚུལ་ཞིག་ནས་གབ་བྱ་དངོས་སུ་གསལ་བར་སོང་བ་ཡིན་ཞིང་། འདིའི་དཔེ་གོང་གི་མགྲིན་པའི་སྐྱེ་གནས་གཅིག་པུར་ངེས་པའི་ཚིགས་བཅད། ཧཱ་ཧཱ་མི་སྒྲོག་མཁའ་འགྲོས་མཚན། །རི་འགྲོ་དབང་མཆོག་སོགས་ཀྱི་ཚིགས་བཅད་དེ་ལྟ་བུ་ཡིན་ཞེས་དཔང་ལོས་གསུངས་པ་དེ་ཁོ་ན་ལྟར་ངེས། དེ་ཡང་རབ་བཅོམ་ཀྱི་གབ་ཚིག་འདིའི་རྒྱ་སྐད་དུ། ཀཱནྱ་ལ་བོང་སི་བྱིན་པས་ཀཱ་ནི་ཞེས་པ་ཀྱེ་བུ་མོ་མཛེས་མ་སོགས་སྒྲ་དེ་རྣམས་འཇུག་བཏུབ་ཙམ་ལས་ཡོངས་གྲགས་མིན་ལ། ཀཱ་ལ་ཡོངས་གྲགས་དུས་ཡིན་ཡང་འདིར་རྐང་པ། ཙནྡྲ་ཟླ་བ་འདིར་མཛེས་སམ་ཡིད་འོང་། དྷ་རེ་ཎ་ཡང་དྷ་ར་འཛིན་པའི་དོན་ལ་ཨི་ན་རྐྱེན་དུ་བྱིན་པ་ལྟར་སྣང་ཡང་། དྷཱ་རི་བརྟན་པའི་དོན་ལ་ཎ་ཡིག་གིས་དགག་པ་ཡིན་པ་གོ་དཀའ་ཞིང་། ཁྱཱ་ཏ་ཏ་ཡ་རྐང་གདུབ་དྲིལ་ཆུང་ཅན་ལ་འཇུག་པ་ཡང་ཡོངས་སུ་མི་གསལ་བས་རྒྱ་སྐད་ལ་དེ་ལྟར་དོན་མི་གསལ་བ་ཞིག་ཡིན་ནོ། །བོད་སྐད་ལྟར་ན་གསལ་ཞིང་གོ་སླ་མོད། གབ་དོན་དངོས་སུ་གསལ་བར་སོང་ངོ་། །
འདི་ལ་དཔེར་བརྗོད་བྱས་ན། གཡེང་སྤྱོད་ངང་ནས་ཁྱོད་ཀྱི་ལུས། །རིག་ལ་རིང་བར་མ་གྱུར་ཅིང་། །མཚན་དུས་བརྩམས་ཀྱང་རྩོམ་མེད་པའི། །བྱ་བ་ལ་ནི་འདི་མང་བྱས། །གཡེང་བའི་སྤྱོད་པ་བྱེད་བཞིན་པ་ན་ཡང་ཁྱོད་ཀྱི་ལུས་སེམས་ཀྱིས་རིག་པའམ་དྲན་པ་ལ་རིང་བར་མ་གྱུར་ཅེས་བྱ་བ་སྣ་ཚོགས་ལ་ཡེངས་དུས་ཀྱང་ཁྱོད་དྲན་ཞེས་པའོ། །མཚན་དུས་ལས་སྣ་ཚོགས་བརྩམས་པར་སྣང་ཡང་དོན་དུ་རྩོམ་པ་མེད་པ་ནི་རྨི་ལམ་མོ། །རྨི་ལམ་གྱི་བྱ་བ་ན་ཡང་ཁྱོད་དང་འཕྲད་པ་སོགས་ལན་མང་བྱས་ཞེས་སོ། །སླར་ཡང་བརྗོད་པ། མཐོང་ལ་དབང་བ་དཀར་མིན་འདབ་ཡངས་པའི། །ངང་ཚུལ་ཅན་དེས་སློང་བ་དྲངས་ནས་སུ། །ཤིན་ཏུ་ཡུན་ཐུང་ལོངས་སྤྱོད་དུས་ཀྱི་གཏམ། །ཕྱོགས་མཐར་ཡུན་རིང་བརྗོད་པའི་ཚུལ་ལ་ལྟོས། །ཞེས་པ་མཐོང་ལ་དབང་བ་མིག་དཀར་མིན་ནག་པོའོ། །སློང་བ་ནི་དགེ་སློང་སྟེ་བྷིཀྵུའི་སྒྲ་སློང་བ་དང་དོན་གཅིག་གོ། ཡུན་ཐུང་བའི་ལོངས་སྤྱོད་འཁྲིག་པའི་གཏམ། ཕྱོགས་སུ་གཞན་གྱིས་དུས་རིང་མོའི་བར་དུ་བརྗོད་པའོ། །ལྔ་པ་མཐུན་གཟུགས་ཀྱི་གབ་ཚིག་ནི། སྤྱིར་བསྡུས་བརྗོད་དང་ཚུལ་འདྲ་སྟེ། དེའི་དཔེ་བརྗོད་གཞུང་ལས། གང་གི་ཡལ་འདབ་ཡལ་འདབ་ལ། །མེ་ཏོག་སྣུམ་པའི་དོག་པ་ཅན། །འཁྲི་ཤིང་ཡལ་འདབ་ལྔ་པ་ནི། །སྐྱེད་མོས་ཚལ་འདིར་
བདག་གིས་མཐོང་། །ཞེས་པ་སྐྱེད་ཚལ་དུ་མཛེས་མ་མཐོང་བ་འཁྲི་ཤིང་གི་རྣམ་པས་བརྗོད་པ། བུད་མེད་ཀྱི་ལག་པ་ཡལ་ག སོར་མོ་འདབ་མ། སེན་མོ་མེ་ཏོག་ཏུ་བྱས་ཏེ་བརྗོད་པའོ། །གང་གི་ལག་པའི་ཡལ་འདབ་དང་རྐང་པའི་ཡལ་འདབ་ལས། མེ་ཏོག་མདངས་སྣུམ་པའི་དོག་པ་ཅན་གྱི་འཁྲི་ཤིང་ཡལ་ག་ཡི་འདབ་མ་ལྔ་པ་ཅན་འདི་ནི་སྐྱེད་ཚལ་འདིར་མཐོང་ཞེས་སོ། །འདི་སྤྱིའི་བསྡུས་བརྗོད་དང་འདྲ་ཡང་གབ་པའི་ལྡོག་ཆ་ནས་གབ་ཚིག་ཏུ་རུང་ངོ་། །འདིར། ཡལ་ག་བཞི་པའི་ལྗོན་བཟང་ལས། །མེ་ཏོག་བཞད་པའི་ཟེའུ་འབྲུ་དཀར། །བུང་བ་རྣམས་ཀྱིས་རྩེན་པའི་གནས། །བདག་གི་མིག་ལ་མངོན་སུམ་གྱུར། །ཅེས་ཡན་ལག་བཞི་ལྡན་གདོང་མཛེས་སོ་ཕྲེང་དཀར་བའི་མཛེས་མ་ཆགས་ལྡན་རྣམས་ཀྱིས་རྩེན་གནས་དེ་མཐོང་། ཞེས་དང་། ཡང་། པདྨར་མངོན་ཕྱོགས་དཔྱིད་ཀྱི་བུང་བ་འདི། །རྣམ་པར་འཕྲུལ་ཞིང་ཕྱོགས་རྣམས་ཀུན་ཏུ་རྒྱུ། །སྦྲང་རྩིས་ངོམས་པར་མ་གྱུར་དེ་སྲིད་དུ། །ལྡོག་པ་མེད་པར་སྐྱེད་མོས་ཚལ་དུ་འཕྱན། །ཞེས་འདོད་ལྡན་བུད་མེད་ཚོལ་བར་འཕྱན་པ་བརྗོད་པའོ། །དྲུག་པ་རྩུབ་མོའི་གབ་ཚིག་ནི། སིཏུའི་འགྱུར་བཅོས་ཅན་ལས། ཆང་མ་རྣམས་ནི་ཆང་ཁང་དུ། །སོ་ཡི་འོད་ཀྱིས་ཅི་དགར་འཁྱམས། །ད་ནི་མྱོས་པར་བྱས་དེ་རྣམས། །ཆང་
གི་རྫིང་བུར་བྱིང་བ་བཞིན། །ཞེས་པ་འདིར་ཚིག་རྐང་དང་པོའི་སུ་རཱཿདང་། བཞི་པའི་སོར་གཉིས་སྒྲ་བསྒྲུབ་ཚུལ་གྱི་དབང་གིས་ཡིན་ཏེ། སུ་རཱ་ཆང་གི་མིང་ལ་དེ་བྱེད་པོའི་དོན་ཎིཙ྄་བྱིན། ཨིཥྛན་བཞིན་དུ་ཨཱ་ཕྱིས་ནས་སྦྱར་བས་སུ་ར། དེ་ལ་སླར་ཡང་བྱེད་པོའི་ཨཙ྄། དེ་ལ་ཛས་བྱིན་པས་སུ་རཱཿ ཆང་མ་ཞེས་དང་། སུ་རཱ་ལ་དེ་ཕན་ཨན་སྦྱར་བས་སཽ་ར་ཞེས་པ་ཆང་གིས་མྱོས་པ་ལ་འཇུག་པས། ཆང་གིས་མྱོས་པ་བརྗོད་པ་ཡིན་ལ། སུ་རཱའི་སྒྲ་ལྷ་དང་བཅུད་ལའང་འཇུག་པས། འགྱུར་སྔ་མ་དག་ཏུ། ལྷ་རྣམས་ལྷ་ཡི་ཁང་པ་རུ། །སོ་ཡི་འོད་ཀྱིས་དལ་བུར་རྒྱུ། །དྲི་བཟང་རྫིང་བུར་མྱོས་བྱས་པ། །དེ་རྣམས་ད་ནི་རྒན་མོ་བཞིན། །ཞེས་འབྱུང་། དེ་བཞིན་གཞན་དུ། བཅུད་ལྡན་བཅུད་ཀྱི་ཁང་པ་རུ། །སོ་ཡི་འོད་ཀྱིས་རང་དབང་དུ། །བཅུད་ལྡན་རྫིང་བུར་མྱོས་བྱས་པ། །དེ་རྣམས་ད་ནི་བྱིང་བ་བཞིན། །ཞེས་པར་ཡང་གོ་རུང་ལ། སྒྲའི་སྒྲུབ་ཚུལ་ཡོངས་གྲགས་ལྟར་གྱི་དེ་ལ་གོ་ནས། གབ་བྱ་བསྒྲིབ་པ་ཞིག་ཡིན་དགོས་ཏེ། མཛྫ། བྱིང་བའམ་རྒན་མོ་ལ་ཡང་འཇུག བྱིང་པའི་དོན་མྱོས་ཏེ་གོམ་ཚུགས་འཁྱོལ་བ་ས་ལ་བྱིང་བ་འདྲ་བའམ། རྒན་མོ་དང་འདྲ་ཞེས་པའི་དོན་ནོ། །འདིའི་གབ་བྱེད་ཆང་ལ་བྱས་ན་གབ་བྱ་ལྷ་ཡིན་དགོས་ཀྱང་། འགྱུར་སྔ་མ་ལྟར་གབ་བྱེད་ལྷ་རྣམས་
ལྷ་ཡི་སོགས་ཚིགས་བཅད་དེ་ལ་བྱས་ནས། གབ་བྱ་ཆང་བཟི་རྣམས་ལ་བརྗོད་ན་ལེགས་སྙམ་སྟེ་དཔྱད་པར་བྱོས་ཤིག འདི་གོང་གི་རབ་བཅོམ་དང་མི་འདྲ་བའི་ཁྱད་པར་ནི་མིང་ཐུན་མོང་བ་གཅིག་ལ་རྐྱེན་གྱིས་བསྒྲུབ་ཚུལ་ཡོངས་སུ་མ་གྲགས་པ་ཞིག་བྱས་ཤིང་། དེ་ལྟར་བྱས་ནའང་རུང་ཙམ་ཞིག་ཡིན་པ་སྦྱར་བས་ཡོངས་གྲགས་གཞན་ལ་གོ་བར་འགྱུར་བ་ཞིག་ཡིན་ཏེ། བོད་སྐད་དུ་དཔེར་བརྗོད་ན། གཡོ་ལྡན་བྱ་བས་དགའ་བ་མོ་ཡི་རོ། །ལན་མང་ཉམས་ཀྱིས་མྱོང་བ་དེ་དག་རྣམས། །ད་ནི་ལུས་སུ་རྒས་ཞུགས་བརྩོན་པ་ལྷོད། །ཨེ་མ་ཆགས་བྲལ་མིན་ཡང་ཆགས་བྲལ་འདྲ། །ཞེས་པ་འདིར་འཁྲིག་པའི་མིང་ལ་གཡོ་བ་ཅན་ཞེས་གྲགས་ཀྱང་། འདིར་གཡོ་ལྡན་ཞེས་བསྒྲུབ་ཚུལ་བྱས་པ་དོན་ལ་འདྲ་བ་ཙམ་ཡིན་ཡང་དེ་ལ་གོ་དཀའོ། །འཁྲིག་པའི་བྱ་བས་དགའ་མ་ཞེས་ཆུང་མའི་མིང་ཡིན་པ་ལ། དགའ་བ་མོ་ཞེས་གཞན་དུ་བསྒྲུབས་པས་གོ་དཀའ་བ་དང་རོ་མང་པོ་སྙམས་སུ་མྱོང་བ་ཞེས་པ། ཉམས་ཀྱིས་མྱོང་ཞེས་དོན་འདྲ་ཙམ་གྱིས་ཚིག་ཕྲད་གཞན་གྱིས་བསྒྲུབ་པའོ། །དེ་ལྟར་ངག་འདིའི་དོན་འཁྲིག་པའི་བྱ་བས་དགའ་མའི་རེག་བྱའི་རོ་མྱོང་བ་གབ་བྱར་བྱས་ཏེ། གབ་བྱེད་ཚིག་གི་ཕྲད་དང་མིང་གི་རྣམ་པ་གཞན་ཆ་འདྲས་བརྗོད་པས། བམ་རོའམ་མྱང་བྱའི་
རོ་གང་ཡིན་འབྱེད་དཀའ་བ་དང་། གབ་བྱ་འཁྲིག་པ་དང་དགའ་མ་ལ་གོ་དཀའ་བ་དང་། ད་ནི་ལུས་སུ་རྒས་ཞུགས་བརྩོན་པ་ལྷོད། །ཅེས་ད་ནི་རྒས་ཏེ་གཉིས་སྦྱོར་གྱི་བརྩོན་པ་ལྷོད་པས་ཆགས་བྲལ་མིན་ཡང་ཆགས་བྲལ་དང་འདྲ་བར་གྱུར་ཏོ། །ཞེས་པའང་ཅུང་ཟད་གོ་བཀའ་བས་འདི་འདྲ་ཞིག་ཡིན་ཡང་། བོད་སྐད་ལ་ཚིག་ཕྲད་སྦྱར་ཚུལ་དང་མིང་བརྗོད་ཚུལ་དོན་ལ་འགལ་མེད་ཙམ་གྱི་སྒྲ་ཟུར་མི་འདྲ་བར་སྦྱར་བ་ལས། རྣམ་དབྱེ་སོགས་རྐྱེན་བྱིན་པའི་གཟུགས་འགྱུར་གྱི་སྒོ་ནས་གཞན་དུ་གོ་བ་བྱ་དཀའ་བས། གབ་ཚིག་འདིའི་ཁྱད་པར་འདི་འདྲ་ཞིག་གིས་མ་བྱས་ན་རབ་བཅོམ་སོགས་དང་ཁྱད་མེད་དུ་འགྱུར་རོ། །འདི་སྐོར་དོན་ཅུང་ཟད་ཅིག་ལ་བརྗོད་རྒྱུ་མང་པོ་མ་བྱས་ན་ཇི་བཞིན་གོ་མི་ནུས་པས་ཚིག་ཅུང་མང་དུ་སྤྲོ་བར་བྱས་སོ། །བདུན་པ་གྲངས་ཀྱི་གབ་ཚིག་ནི། སྣ་ལྡན་དབུས་གནས་གསལ་བྱེད་བཞིས། །ཡོངས་སུ་རྣམ་པར་བརྒྱན་པ་ཡི། །གྲོང་ཁྱེར་འགའ་ཡོད་འགའ་ཞིག་ན། །མི་བདག་ཡིག་བརྒྱད་མིང་ཅན་ཡོད། །ཅེས་པ་ཀཉྩ་པུ་རི་སྟེ་གྲོང་ཁྱེར་གསལ་ལྡན་ཞེས་པ་དེ་བརྗོད་པར་འདོད་ནས་སྣ་ལྡན་ཉ་ཡིག་དབུས་ན་གནས་ཤིང་ཀ་ཙ་སུ་རི། ཞེས་པའི་གསལ་བྱེད་བཞིས་བརྒྱན་པའི་གྲོང་ཁྱེར་འགའ་ཞིག་ཡོད་པ་དེའི་བྱེ་བྲག་གི་གྲོང་འགའ་ཞིག་ན། ཀཉྩ་པུ་རི་པ་ལཱ་
བ་ཞེས་པ་མི་བདག་ཡིག་བརྒྱད་མིང་ཅན་ཡོད་ཅེས་གྲངས་ཙམ་སྨོས་ཀྱི། གྲངས་ཅན་སྦས་ཏེ་མ་བརྗོད་པའོ། །བ་ལཱ་བ་ནི་ཡལ་འདབ་ཅེས་སོ། །འདིའི་དཔེར་བརྗོད། གང་ཞིག་དགུ་ཡི་གྲངས་ཅན་ལས། །བདུན་ནི་སྟེང་དུ་ཕྱོགས་གཅིག་གནས། །དེ་ལས་གཡོ་འགུལ་ཅན་གཉིས་དང་། །གྲོགས་མོ་ཁྱོད་ནི་འདྲ་བ་ཡིན། །ཞེས་བུ་ག་དགུ་ཡི་གྲངས་ལས་བདུན་ནི་སྟེང་གི་ཕྱོགས་མགོ་བོ་ཕྱོགས་གཅིག་ཏུ་གནས་པ་དེ་ལས་གཡོ་འགུལ་ཅན་གཉིས་ནི་མིག་སྟེ་དེ་དང་ཁྱོད་འདྲ་བར་སེམས་ལ་གཅེས་སྤྲས་ཡོད་དོ་ཞེས་པའོ། །སླར་ཡང་བརྗོད་པ། ལྔ་པོ་དག་གི་ཐོག་མ་རབ་རྒྱས་པས། །གསུམ་གྱི་དབུས་མར་གྱུར་ལ་རབ་ཏུ་དད། །གནས་སྐབས་བཞི་པས་དུས་ཀུན་འདའ་བྱེད་པ། །འདི་ནི་ཀ་ལནྟ་ཀ་བཞིན་དུ་འཁྱམས། །ཞེས་དུག་ལྔའི་དང་པོ་ཆགས་པ་རྒྱས་པས། སྐྱེས་པ་བུད་མེད་མ་ནིང་གསུམ་གྱི་དབུས་མ་བུད་མེད་ལ་དད་ཅིང་། གནས་སྐབས་བཞི་པ་སྙོམས་འཇུག་གིས་དུས་ཀུན་འདའ་བ་འདི་ཆགས་པ་ཆེ་བར་གྲགས་པ་བྱ་ཀ་ལནྟ་ཀ་བཞིན་དུ་བུད་མེད་ཀྱི་ཆེད་དུ་རྣམ་པར་འཁྱམས་སོ། །ཞེས་པ་ལྟ་བུའོ། །བརྒྱད་པ་རབ་བརྟགས་ཀྱི་གབ་ཚིག་ནི། ཚིག་རྣམས་རབ་ཏུ་འཁྲུལ་པ་དང་། །མགོ་བོ་དུད་ཅིང་མིག་དམན་པ། །འདུག་ཀྱང་འདར་ལྡན་བདག་ལ་
ནི། །རྒན་མོ་རྗེས་སུ་མི་བརྩེ་འམ། །ཞེས་པའི་ངག་དོན་འདི་དབུལ་པོ་དམན་པ་ཞིག་ཕྱུག་པོ་ཆེན་པོ་ལ་སློང་བ་དང་། ཆགས་ལྡན་ཞིག་གང་ལ་ཤིན་ཏུ་ཆགས་ཀྱང་ངོ་ཚའི་གནོང་བག་ཅན། གཉིས་ཀ་ལ་ཡང་ཚིག་འབྲུ་བརྗོད་པ་ནོར་འཁྲུལ་དང་། མགོ་བོ་དུད། མིག་དམན། མ་ལངས་བར་ས་ལ་འདུག་པར་གྱུར་ཀྱང་ལུས་འདར་བ་དང་ལྡན་པ་ཡོད་པས་དབུལ་ཞིང་སློང་བ་པོའི་ངག་དོན་དེ་ཉིད་ཀྱིས་ཆགས་ལྡན་ཞིག་གིས་རྒན་མོ་ལ་ཀུ་རེ་བརྗོད་པའོ། །འགྱུར་འདི་ལྟར་ན་རྒན་མོ་ཞེས་ཡོད་པས་ཆགས་ལྡན་གྱི་ངང་ཚུལ་དེས་སློང་བ་གབ་པར་འགྱུར་མོད། བྲྀརྡྷེའི་སྒྲ་རྒན་མོ་དང་ཕྱུག་པོ་གཉིས་ཀ་ལ་འཇུག་པས་གཉིས་ཀར་ཕྱོགས་སུ་མ་ལྷུང་བ་བརྗོད་པའི་བྲྀརྡྷེ་རྗེས་སུ་མི་བརྩེ་འམ་ཞེས་བྱས་ན་ལེགས་པ་འདྲའོ། །འདིའི་ངག་དོན་ཚང་མ་གབ་བྱ་གབ་བྱེད་གཉིས་ཀར་གོ་རུང་བའི་སྒོ་ནས་གང་ཡིན་འབྱེད་དཀའ་བས་གབ་བྱ་སྦས་ཏེ། གབ་བྱེད་ཀྱི་ངག་དོན་དང་འདྲ་བར་སྒྲོ་བཏགས་པའམ་རབ་བརྟགས་བྱས་པ་ཞིག་ལ་གོ་དགོས་སོ། །འདིའི་དཔེར་བརྗོད་པ། མཆོག་གི་ཞལ་བཟང་ཡིད་ལ་རབ་བཀོད་དེ། །ཞབས་ཀྱི་པདྨར་མངོན་དུ་ཕྱོགས་བྱས་ནས། །གང་གི་ཉེ་དྲུང་དགའ་བས་འཁོད་པ་བདག །གཟིགས་པར་མཛོད་ཅིག་ལྷ་མོ་མེ་ཏོག་ཅན། །འདིར་མཛེས་མ་མཆོག་གི་གདོང་མཐོང་
ནས་དེའི་ཚུལ་ལ་ཡིད་ཞུགས་ཤིང་། དེའི་ཞབས་ཀྱི་སྐྱེ་གནས་སུ་ཡིད་མངོན་པར་ཕྱོགས་ཏེ་རེ་བའི་ཡིད་ཀྱིས་ཉེ་དྲུང་དུ་གནས་པ་བདག་གཟིགས་པར་མཛོད་ཅིག་བཟང་མོ་གང་ཞིག་ལྷ་མོ་འདྲ་བ་མེ་ཏོག་གི་སྒྲ་སྐྱེ་གནས་སམ་ཡང་ན་ཟླ་མཚན་ལའང་འཇུག་པས་མེ་ཏོག་ཅན་ཞེས་བོད་པའོ། །སྒྲིབ་བྱེད་སྒྲོལ་མ་ལྟ་བུའི་ལྷ་མོ་གང་གི་ཞལ་ཡིད་ལ་དྲན་ནས་དེའི་ཞབས་གདན་གྱི་པདྨའི་རྩ་བར་ལུས་ཀྱིས་མངོན་དུ་བཏུད་དེ། བྲིས་སྐུའི་དྲུང་ན་འདུག་ཅིང་སྔགས་བཟླ་བ་སོགས་ལ་དགའ་བས་འཁོད་པ་བདག་གཟིགས་པར་མཛོད་ཅིག་ལྷ་མོ་ཕྱག་ན་མེ་ཏོག་ཨུཏྤལ་བསྣམས་པ་ཅན་ཞེས་འགོད་པའོ། །དེར་མ་ཟད་འདིའི་དཔེར་བརྗོད་གཞན་ཡང་། ཁྱོད་ལ་བརྣག་པ་གསལ་བྱེད་པ། །འཁྱོགས་པོའི་མིག་གིས་ཡང་ནས་ཡང་། །ལྟ་བར་བྱེད་པ་འདིའི་མདུན་དུ། །འོང་བར་མ་བྱེད་འདི་ཡིད་འཁྲུགས། །ཞེས་ཡིད་ལ་དམ་དུ་འཛིན་པའམ་བརྣག་པའི་སྒོ་ནས་མིག་འཁྱོགས་པོས་ཡང་ཡང་ལྟ་བ་འདིའི་མདུན་དུ་ཁྱོད་མ་འོངས་ཤིག འོང་ན་འདི་ཡིད་འཁྲུགས་པར་གདའོ་ཞེས། ཆགས་པས་བརྣག་པའམ་དམ་དུ་འཛིན་པའི་དོན་གསལ་བར་བྱེད་པའི་ཟུར་མིག་ཡང་ཡང་ཁྱོད་ལ་ལྟ་བར་བྱེད་པ་འདིའི་མདུན་དུ་ཁྱོད་འོང་ན་འདི་འདོད་པས་ཡིད་འཁྲུགས་ནས་སེམས་རྣལ་དུ་མི་གནས་
པར་བྱེད་དོ་ཞེས་པ་གབ་བྱ། གབ་བྱེད་སྡང་བས་བརྣག་པ་གསལ་བར་བྱེད་པའི་སྡང་མིག་འཁྱོགས་པོས་ཁྱོད་ལ་ཡང་ཡང་བལྟ་བ་འདིའི་མཐོང་སར་ཁྱོད་འོང་ན་འདི་སྡང་བས་ཡིད་འཁྲུགས་པར་གདའོ་ཞེས་པའོ། །དགུ་པ་མིང་དུ་མ་འདུས་པའི་གབ་ཚིག་ནི། མིག་མི་བརྟན་མ་ས་ལྡན་འགའ། །དང་པོར་རཱ་ཛ་ཞེས་པ་སྒྲོག །སཱ་ན་ཏ་ན་ཡང་སྟེ་འདི། །རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན། །ཞེས་པ་འདིས་བརྗོད་བྱ་ནི། ཤིང་རཱ་ཛ་ཏན་ཞེས་འཕགས་ཡུལ་ཕལ་སྐད་ཀྵི་རི་ཞེས་འབོད་པ་དེ་ཡིན་མོད། དེའི་མིང་བརྗོད་པ་ལ་མིང་གཞན་མང་པོ་བརྗོད་པའི་སྒོ་ནས་བསྟན་པ་ནི། མིག་མི་བརྟན་མ་ཞེས་བོས་ནས། སརྠི་བཿས་ལྡན་ཏེ། རྒྱལ་པོ་དང་ཤིང་གཉིས་ཀ་ལ་འཇུག་རུང་བ་ཙམ་གྱི་མིང་ཡིན་ལ། དེའི་བྱེ་བྲག་འགའ་ལ་དང་པོར་རཱ་ཛ་ཞེས་པ་ཉིད་དུ་སྒྲོག་པ་ཡིན་ནོ། །དེའི་རྗེས་ས་ན་ཏ་ན་ཡང་སྟེ་ཞེས་པ། ས་ནཱ་ཏ་ན་རྟག་པ་ཅན་ནམ་རྒྱུན་ཅན་ཏེ་ཁྱབ་འཇུག་གི་མིང་ཡིན་མོད། འདིར་དེ་བརྗོད་པ་མ་ཡིན་ལ། བརྗོད་པར་བྱ་བ་དངོས་ཏ་ན་ཡིན་པས། ཏ་ནའི་སྔོན་དུ་དགག་པའི་ཨ་བཞག་པའི་ཏ་ན་མེད་པ་དང་། དེའི་སྔོན་དུ་དགག་པའི་ན་བཞག་ནས་མཚམས་སྦྱར་བས། ནཱ་ཏན་ཞེས་པ་ཏ་ན་མེད་པ་མིན་པ་ཡོད་པའི་དོན་དུ་འགྱུར་ཞིང་། དེའི་གོང་དུ་བཅས་ཞེས་པའི་ས་
བཞག་པས། ས་ནཱ་ཏན་ཞེས་པ། ཏ་ན་མེད་མིན་བཅས་ཀྱང་འདི་ཞེས་པས་ས་ལྡན་གྱི་བྱེ་བྲག་འགའ་ཞིག་ལ་མིང་རཱ་ཛ་དང་དེའི་རྗེས་སུ་ཏ་ན་དང་བཅས་པས་རཱ་ཛ་ཏ་ན་ཞེས་ཤིང་གི་བྱེ་བྲག་ཀྵི་རི་ཞེས་པའི་མིང་བརྗོད་པའོ། །དེ་ལྟར་ན་ས་ལྡན་ཞེས་པ་ཤིང་དང་རྒྱལ་པོ་ལ་འཇུག་པ་དང་། རཱ་ཛ་ནི་ཤིང་གི་རྒྱལ་པོ་དང་མིའི་རྒྱལ་པོ་ལའང་འཇུག་པ་དང་། སཱ་ན་ཏན་ཁྱབ་འཇུག་གི་མིང་དུ་འཇུག་མོད། རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན་ཞེས་པས་ཤིང་ཡིན་པར་བསྟན་ཏེ། མདོར་ན་ངག་སྦྱོར་འདིས་གབ་ནས་བརྗོད་རྒྱུ་ཤིང་རཱ་ཛ་ཏ་ན་ཡིན་མོད། དེའི་མིང་བརྗོད་ལ་མིང་གཞན་སྣ་ཚོགས་བསྲེས་ནས་བརྗོད་པས་ཐད་ཀར་བལྟས་ན་མིང་དུ་མ་ཞིག་བརྗོད་པ་ཙམ་ལས་དངོས་དོན་མི་གསལ་བའོ། །འདིའི་དཔེ་གཞན་བརྗོད་པ། དབང་ཆེན་འདི་ནི་ཀ་ཆེན་ཏེ། །དེ་ཡི་སྔོན་དུ་དྲན་པའི་སྒྲ། །གདུང་འདེགས་བྱེད་པའི་ཀ་བ་མིན། །དབང་ཆེན་ཡིན་ཏེ་བཤོལ་དུ་མེད། །ཅེས་པ་དྲན་པའི་ཀ་ཆེན་ཞེས་གྲགས་པ་སྐྱེས་བུའི་རྟགས་ཀྱི་དབང་པོ་བརྗོད་ཅིང་། དེ་ལ་ཀ་ཆེན་ཟེར་ཡང་གདུང་འདེགས་བྱེད་པའི་ཀ་བ་ནི་མ་ཡིན་ལ། དབང་ཆེན་པོ་ཡིན་ཏེ་དེ་སྟོབས་དང་ལྡན་པར་གྱུར་ན་དེས་ཅི་འདོད་པ་ལ་འཇུག་པ་ལས་བཤོལ་དུ་མེད་དོ་ཞེས་སོ། །གཞན་ཡང་མིང་ཙམ་ཁོ་ནར་མ་
ཟད་བྱ་བ་སོགས་ཀྱི་ངག་དོན་བརྗོད་པ་ལ་ཡང་མིང་དུ་མ་བསྲེས་པས་བསྒྲིབ་པ་ལྟར་གྱུར་པ་ཡོད་དེ། ལུས་མེད་གཡོ་བྱེད་མིག་དམར་ནི། །འཁྱོག་སྤྱོད་མངོན་པར་མཐོང་བས་ཁྱོད། །རྡུལ་གྱིས་རབ་ཏུ་རྨོངས་སོ་བུ། །འདོད་ལྷ་རླུང་གཟའ་ས་རྡུལ་མེད། །ཅེས་ལུས་མེད་དེ་འདོད་ཆགས་གཡོ་བར་བྱེད་པའི་མིག་དམར་པོ་འཁྱོག་པོར་སྤྱོད་པའི་མཛེས་མའི་ཟུར་མིག་མཐོང་བས་ཁྱོད་རྡུལ་ཏེ་ཆགས་པས་རབ་ཏུ་རྨོངས་པར་བྱས་སོ། །བུ་ཞེས་བོས་ནས་ལུས་མེད་འདོད་ལྷའི་མིང་དང་། གཡོ་བྱེད་རླུང་དང་གཟའ་མིག་དམར་འཁྱོག་འགྲོས་ལ་སྤྱོད་པ་དང་ས་རྡུལ་གྱི་མིང་བརྗོད་དོན་ཡིན་པར་ཤེས་པའི་ཆེད་དུ་འདོད་ལྷ་རླུང་གཟའ་ས་རྡུལ་མེད་ཅེས་སོ། །བཅུ་པ་བསྒྲིབ་པའི་གབ་ཚིག་ནི། རྫས་བྲལ་མི་ནི་བཏང་བྱས་ནས། །ནོར་ལྡན་རྣམས་ཅན་བགྲོད་པ་དང་། །སྣ་ཚོགས་ཀྱོག་བརྒྱས་འཇིག་རྟེན་འགུགས། །གཟུང་དཀའ་སྨད་འཚོང་མ་ཡིན་ནོ། །ཞེས་པ་འདི་སྨད་འཚོང་མ་དང་བསོད་ནམས་ཀྱི་འབྲས་བུར་གྱུར་པའི་དཔལ་ཕུན་སུམ་ཚོགས་པ་གཉིས་ཀ་ལ་གོ་རུང་བའི་རྗོད་བྱེད་དུ་གྱུར་པས་གང་ཡིན་མི་འབྱེད་པའི་ཚུལ་དུ་གབ་པ་ཡིན་ལ། འདི་དང་གོང་གི་རབ་བརྟགས་ཀྱི་གབ་ཚིག་གི་ཁྱད་པར་ནི། རབ་བརྟགས་ནི་གབ་བྱ་དེ་དང་འདྲ་བའི་དངོས་པོ་གཞན་ཞིག་ལ་བསྙད་བཏགས་ནས་
བསམ་ངོ་ན་ཡོད་པའི་གབ་རྒྱུ་དེ་ཟུར་གྱིས་བསྟན་པ་ཡིན་ལ། བསྒྲིབ་པ་ནི་བསམ་རྒྱུའི་དོན་གབ་བྱ་དེ་གབ་བྱེད་གཞན་ལ་བསྙད་བཏགས་ནས་བརྗོད་པ་མིན་ཡང་། རྗོད་བྱེད་ཀྱི་ཚིག་དེ་གབ་བྱ་གབ་བྱེད་གཉིས་ཀ་ལ་གོ་རུང་བས་གཅིག་ཤོས་བསྒྲིབས་པ་ཡིན་ནོ། །དེ་ཡང་ནོར་རྫས་དང་བྲལ་པ་དབུལ་པོའི་མི་རྣམས་ཀྱི་རྗེས་སུ་མི་འཇུག་པས་རྫས་བྲལ་རྣམས་བཏང་བར་བྱས་ནས། ནོར་ཅན་རྣམས་ཀྱི་གནས་སུ་བགྲོད་པ་གང་ཞིག སྣ་ཚོགས་ཀྱོག་བརྒྱས་འཇིག་རྟེན་འགུགས་པ་ནི། སྨད་འཚོང་མས་འདོད་པའི་སྒྱུ་ཐབས་ཀྱོག་པོས་གཞན་འགུགས་པ་དང་། བསོད་ནམས་ཀྱི་དཔལ་དེ་དང་ལྡན་ན་ཆེད་དུ་འབད་པ་མ་བྱས་ཀྱང་སྒྱུ་ཐབས་ཀྱི་ཀྱོག་བྱས་པ་དང་འདྲ་བར་འཇིག་རྟེན་པའི་ཕུན་ཚོགས་ཀུན་འགུགས་པའོ། །དེ་གཉིས་ཀའང་རང་འདོད་ཙམ་གྱིས་ཅི་དགར་བཟུང་མི་ནུས་པས་བཟུང་དཀའ་བ་ཡིན་ནོ། །དེ་ལྟ་བུ་འདི་སྨད་འཚོང་མ་ཡིན་ནོ། །ཞེས་སྨད་འཚོང་མ་ལ་གོ་ན་དེ་ལྟར་དངོས་སུ་ཡིན་ལ། ཡང་སྨད་འཚོང་མ་ནི་མ་ཡིན་ནོ་ཞེས་དགག་སྒྲའི་དོན་དུ་བྱས་ན་གཅིག་ཤོས་བསོད་ནམས་ཀྱི་དཔལ་ལ་གོ་སྟེ། ངག་སྦྱོར་འདི་དེ་གཉིས་ཀར་གོ་རུང་ཡང་གང་ལ་གོ་བ་དེས་གཅིག་ཤོས་བསྒྲིབ་པར་འགྱུར་རོ། །བོད་
སྐད་མ་ཞེས་པ་སྐབས་འདིར་བུད་མེད་ཀྱི་རྟགས་དང་དགག་སྒྲ་གཉིས་གང་དུ་ཡང་འཇུག་པས་གོ་ཐོབ་གཉིས་འོང་ལ། རྒྱ་སྐད་ལ་ཡང་དགག་སྒྲ་ཁོངས་ནས་བཏོན་མ་བཏོན་གཉིས་སུ་འགྱུར་རོ། །འདིར་དཔེར་བརྗོད་པ། པདྨའི་སྦུབས་སུ་འཇུག་ལ་རབ་དགའ་ཞིང་། །ཡང་ཡང་གཡོ་ལྡན་བཅུད་ཀྱི་ཟིལ་དངར་ཅན། །སྦྲང་རྩི་འཛིན་པ་དེ་ལས་གཞན་གྱུར་པས། །མི་མོའི་ཚོགས་རྣམས་མཆོག་ཏུ་དགའ་བ་སྐྱེད། །ཅེས་སྐྱེས་པའི་རྟགས་དང་བུང་བའི་ཆོས་ངག་གཅིག་གིས་བརྗོད་ནས་དེ་མ་ཐག་ཏུ་བུང་བ་སྨྲོས་པའི་ཟོལ་གྱིས་བསྒྲིབ་ཅིང་། སླར་བུང་བ་མ་ཡིན་པ་དེས་ནི་མི་མོའི་ཚོགས་ཀྱི་དགའ་བ་སྐྱེད་ཅེས་སོ། །སླར་ཡང་། དམར་སེར་འོད་སྟོང་དྲྭ་བས་མཛེས་པ་ཡིས། །མུན་པའི་ཚོགས་འཇོམས་ཀུན་དགའི་སྣང་བ་ཅན། །རྩོལ་མེད་ཤུགས་ཀྱིས་སྲིད་པར་རྟག་རྒྱུ་བ། །འཇིག་རྟེན་མགོན་དུ་སྨྲ་བའི་ཉི་མ་མཛེས། །ཞེས་ཉི་མའི་ཆོས་བརྗོད་ནས་ཆོས་དེ་ལྡན་ལ་འཇིག་རྟེན་པ་རྣམས་ཀྱིས་འཇིག་རྟེན་གྱི་མགོན་དུ་སྨྲ་བར་གྱུར་པའི་ཉི་མ་འདི་ནི་མཛེས་སོ་ཞེས་པས་དངོས་སུ་མ་བསྟན་པར། གབ་བྱ་འཇིག་རྟེན་མགོན་དུ་གྱུར་པ་འཇམ་དཔལ་སྨྲ་བའི་ཉི་མ་བརྗོད་པའོ། །བཅུ་གཅིག་པ་མཐུན་པའི་སྒྲའི་གབ་ཚིག་གམ་དངོས་མིང་གི་དོན་དང་རྗེས་སུ་མཐུན་པའི་སྒྲ་བཀོད་པའི་གབ་ཚིག་གི་དཔེ་བརྗོད་ནི།
ཁྱོད་ཀྱི་ས་མིན་མིང་མཐུན་གང་། །རབ་གྱུར་སྐྲ་མིང་ཅན་ལས་རྒྱལ། །དེ་ཡིས་དེང་བདག་མཆོག་ཏུ་ནི། །སྲེད་ལྡན་བྱེད་དོ་སྙན་སྒྲོག་མ། །ཞེས་སྙན་སྒྲོག་མ་ཞེས་བོས་ནས། ཁྱོད་ཀྱི་མཆུ་སྒྲོས་དམར་པོ་བྱེ་རུའི་མདོག་ལས་རྒྱལ་བ་དེས། དེང་བདག་གི་ཡིད་མཆོག་ཏུ་སྲེད་ལྡན་བྱེད་དོ་ཞེས་པའི་དོན་ལ། འདིར་ས་མིན་མིང་མཐུན་ཞེས་པ། དྷཱ་ར་འཛིན་མ་སྟེ་ས་གཞིའི་མིང་ཡིན་ལ། དེའི་སྔོན་དུ་དགག་པའི་ཨ་བཞག་པས། ཨ་དྷ་རཿནི་ས་མིན་ཞེས་སོ། །དེ་དང་མིང་མཐུན་པ་ཞེས་པ་མཆུ་སྟེ། མཆུའི་མིང་ལའང་ཨ་དྷ་རཿཞེས་གྲགས། འདི་འདོད་འཇོར་མ་མཆུ་ལ་བཤད། ཡང་བཱ་ལ་སྐྲ། དེའི་སྔོན་དུ་ཉེ་བསྒྱུར་པྲ་བཞག་པས། པྲ་པཱ་ལ་སྟེ་རབ་ཏུ་གྱུར་པའི་སྐྲ་སྟེ་བག་མའི་ལན་བུའོ། །དེའི་མིང་ཅན་ནི་བྱི་རུ་སྟེ། བྱི་རུའི་མིང་དུ་པྲ་པཱ་ལ་ཞེས་གྲགས་པ་དེ་ལས་རྒྱལ་བའོ། །དེ་ལྟར་མིང་གཅིག་ལའང་ཡི་གེ་སོ་སོར་ཐལ་ཏེ་དོན་གཞན་བཤད་པའི་སྒོ་ནས་དེའི་མིང་དང་མཐུན་པའམ། དེའི་མིང་ཅན་ཞེས་བརྗོད་པའི་ཚུལ་གྱིས་བརྗོད་བྱའི་དངོས་མིང་སྦས་པའོ། །འདིར་དེའི་དཔེ་བརྗོད་བཀོད་པ། མཐོང་བྱ་འཆང་བའི་མིང་ཅན་འདིའི། །ཡུལ་ན་གནས་པ་ཐམས་ཅད་ལས། །མཉན་བྱའི་མིང་ནི་འཛིན་པ་ལ། །གསེར་བཟང་མུ་ཏིག་ཅན་
འདི་མཛེས། །ཞེས་མཐོང་བྱ་གཟུགས་དེ་འཆང་བའམ་འཛིན་པ་ནི་གཟུགས་འཛིན་ཏེ་མིག་གོ། མིག་དེའི་ཡུལ་ན་གནས་པ་སྟེ་མཐོང་བར་གྱུར་པ་ཐམས་ཅད་ལས་མཉན་བྱའི་མིང་སྒྲ་ཡིན་ལ། དེ་འཛིན་པ་སྒྲ་འཛིན་ཏེ་རྣ་བའོ། །རྣ་བར་གསེར་བཟང་པོ་དང་མུ་ཏིག་གི་རྒྱན་ཅན་འདི་ཁོ་ན་མཛེས་སོ། །གཞན་ཡང་། མི་རྩུབ་དགེ་བའི་མིང་མཐུན་གཞོན་ནུ་ཞིག །ཆུ་གཏེར་མིང་ཅན་ལས་བྱུང་ལྷ་མོ་དང་། །ལྷན་ཅིག་གསོད་པའི་སྨན་གྱུར་བཅུད་ཀྱིས་ལེན། །སྙིང་ལ་བསྟེན་དང་ཕུན་ཚོགས་དཔལ་ཀུན་འཕེལ། །ཞེས་མི་རྩུབ་པ་དང་མིང་མཐུན་པ་འཇམ། དགེ་བ་དང་མིང་མཐུན་པ་དཔལ། ཆུ་གཏེར་དང་མིང་མཐུན་པ་མཚོ་བྱུང་སྟེ་དབྱངས་ཅན་མ། དེ་དག་ལྷན་ཅིག་པ་སྟེ་ཡབ་ཡུམ་དུ་གྱུར་པ། མར་གསོད་པའི་དོན་ཅན་གྱི་བདུད་དེའི་སྨན་དུ་གྱུར་པ་རྩི་སྟེ། འཇམ་དཔལ་ཡབ་ཡུམ་བདུད་རྩི་བཅུད་ཀྱིས་ལེན་དང་འདྲ་བ་སྙིང་དབུས་སུ་བསྟེན་ན་བློ་གྲོས་སོགས་ཕུན་སུམ་ཚོགས་པའི་དཔལ་ཀུན་འཕེལ་ལོ། །ཞེས་རྣམ་གྲངས་གཞན་གྱི་མིང་གིས་བརྗོད་བྱའི་མིང་བརྗོད་པའོ། །བཅུ་གཉིས་པ་ཀུན་ཏུ་རྨོངས་པའི་གབ་ཚིག་གི་དཔེ་བརྗོད་ནི། འདོད་ལྡན་དག་ནི་མལ་སྟན་ལ། །ཁྲོ་བས་ཕྱིར་བཟློག་ཉལ་བར་གྱུར། །ཆགས་པས་དེ་ཉིད་ཉིད་ཉལ་ཏེ། །དལ་བུ་ཡིས་
ནི་ཁ་དག་སྦྱོར། །ཞེས་གབ་བྱ་འདོད་ལྡན་ཁ་སྤྲོད་དུ་སྦྱོར་བ། གབ་བྱེད་འདོད་ལྡན་དག་ནི་རང་གི་མལ་སྟན་ལ་འདི་ལྟར་ཕན་ཚུན་ཁྲོ་བས་ཕྱིར་ཕྱོགས་ཏེ་རྒྱབ་སྤྲད་དུ་ཉལ་ཅིང་། ཆགས་པས་དེ་བཞིན་ཉིད་དུ་ཉལ་བ་དང་། དལ་བུས་ཁ་སྦྱོར་བ་མི་རིགས་སོ་སྙམ་དུ་གོ་ནས་དོན་ལ་ཀུན་ཏུ་རྨོངས་པར་བྱས་པའོ། །དོན་དངོས་སུ་བསྟན་པ་ནི་འདོད་ལྡན་བུད་མེད་དག་ནི་རང་གི་འོག་གི་མལ་སྟན་ལ་ཁྲོ་བས་ཕྱིར་བཟློག་པའི་ཚུལ་དུ་རྒྱབ་བསྟན་ཏེ་ཉལ་བར་གྱུར་ཏོ། །ཆགས་པས་སྔ་མ་དེ་བཞིན་ཉིད་དུ་ཉལ་ཏེ། དལ་བུ་ཡི་ནི་སྐྱེས་པ་དང་ཕན་ཚུན་ཁ་དག་སྦྱོར་བར་བྱེད་དོ། །འདིར་དཔེ་གཞན་བརྗོད་པ། ཨེ་མ་བཙུན་པར་གྲགས་པ་ཁྱོད། །ཆགས་པའི་དབང་གིས་བུད་མེད་ཀྱི། །ཕྱི་ནས་འགྲོ་བར་མི་བྱེད་ཅིང་། །མདུན་དུའང་ཕྱོགས་གཅིག་ལྟ་མི་བྱེད། །ཅེས་བརྗོད་བྱ་བུད་མེད་ཀྱི་མདུན་དུ་འདུག་ནས་གཉིས་ཀ་གདོང་སྤྲད་པས་ཕྱོགས་སོ་སོར་ལྟ་བ་སྟེ་གདོང་སྤྲད་ན་གཅིག་གིས་ཤར་དུ་བལྟས་ཚེ་གཅིག་ཤོས་ཀྱིས་ནུབ་ཏུ་བལྟ་བ་ཡིན་པ་དངོས་སུ་བསྟན་ཀྱང་། དེ་ལས་ཕྱིན་ཅི་ལོག་ཏུ་མགོ་རྨོངས་པར་བྱས་པའི་ངག་གོ། དེ་བཞིན་དུ། སྡོམ་བརྩོན་ཁྱོད་ནི་བུད་མེད་དང་འཕྲད་ཚེ། །ཕྱོགས་གཅིག་མི་བལྟ་སོ་སོར་བལྟ་བཞིན་དུ། །ཅ་ཅོའི་སྒྲ་གསང་ཆེ་བ་མི་སྒྲོག་པར། །སྐྱེ་བོས་
དབེན་པ་མྱུར་དུ་ཚོལ་བར་བྱེད། །ཅེས་པའང་གོང་དང་འདྲ་ལ་སྒྲ་མི་སྒྲོག་པར་འགོལ་བའི་གནས་ཤིག་ཏུ་བུད་མེད་འཁྲིད་པར་བྱེད་ཅེས་བསྟན་ཀྱང་དེ་ལྟར་མི་གོ་བའོ། །བཅུ་གསུམ་པ་ཡོངས་འཕྲོག་གི་གབ་ཚིག་ནི། བྱ་རྒྱལ་ཟས་སྐྱེས་དགྲ་ཡིས་ནི། །བླ་མའི་འོད་ཀྱིས་བཅོམ་སྐྱེ་བོ། །ཁ་འཇོམས་གྲོགས་མིན་འཛིན་པ་ཡི། །ཁྱབ་པའི་མཁའ་ལ་མངོན་པར་དགའ། །འདིར་གབ་རྒྱུའི་བརྗོད་བྱ་ཉི་མའི་འོད་ཀྱིས་གདུང་བའི་སྐྱེ་བོ་རྣམས་སྤྲིན་གྱིས་ཁྱབ་པའི་ནམ་མཁའ་ལ་དགའ་འོ་ཞེས་པ་རིགས་ཀྱང་། དེ་དག་ཚིག་དུ་མ་བརྒྱུད་པའི་ཕྲེང་བ་ཅན་གྱི་ངག་གིས་བསྟན་པས་བརྗོད་བྱ་དངོས་གང་ཡིན་ཆ་མ་འཚལ་བས་བློ་ཕྲོག་པར་བྱས་པ་སྟེ། བྱ་མཁའ་ལྡིང་དེས་བདུད་རྩི་འཕྲོག་པའི་གཏམ་རྒྱུད་ཡོད་པས་བྱ་རྒྱལ་ནས་ཐོབ་པ་བདུད་རྩི་སྟེ་དེ་ཡི་ཟས་སོ། །བདུད་རྩི་དེ་ཡིས་ཟས་ཅན་ལྷའི་དབང་པོ་བརྒྱ་བྱིན། བརྒྱ་བྱིན་དེ་ལས་སྐྱེས་པ་ནི། སྐྱ་བསེང་བུ་ལྔའི་ནང་གི་སྲིད་སྒྲུབ་སྟེ་དེ་ནི་ལྷ་དབང་གི་བུ་ཡིན་པར་གྲགས་སོ། །སྲིད་སྒྲུབ་དེའི་དགྲ་ཀརྞ་དང་ཀརྵ་དེའི་བླ་མ་ཉི་མ་ཡིན་པའོ། །ཁ་བ་འཇོམས་པ་མེ། དེའི་གྲོགས་མིན་དགྲ་བོ་ཆུ། དེ་འཛིན་པ་ཆུ་འཛིན་ཏེ་སྤྲིན་ནོ། །དེ་ལྟར་དུ་མ་བརྒྱུད་པའི་ངག་གི་ཕྲེང་བས་བསྟན་བྱ་བརྗོད་པའོ། །འདིར་དེའི་དཔེ་བརྗོད། མེ་དགྲ་སྐྱེས་ཀྱི་གཉེན་གྱི་ནི། །ཁ་ལོ་པ་ནི་
སྣང་བའི་ཚེ། །དཀར་པོའི་སློབ་མ་འཇོམས་སྐྱེས་ཀྱི། །གདོང་བྱུང་བདག་གིས་བཀླག་པར་བྱ། །ཞེས་མེ་ཡི་དགྲ་ཆུ་དེ་ལས་སྐྱེས་པ་པདྨ་དེའི་གཉེན་ཉི་མ་དེའི་ཁ་ལོ་པ་སྐྱ་རེངས་ཤར་བའམ་སྣང་བའི་ཚེ་དཀར་པོ་སྟེ་པ་སངས་ཀྱི་སློབ་མ་ལྷ་མིན་དེ་འཇོམས་པ་ཁྱབ་འཇུག དེའི་ལྟེ་བའི་པདྨ་ལས་སྐྱེས་པ་ཚངས་པ། དེའི་གདོང་བཞི་ལས་བྱུང་བ་རིག་བྱེད་ཡིན་པས་དེ་བདག་གིས་བཀླག་པར་བྱའོ། །ཞེས་དང་། ཡང་། འདིར་ནི་ཉིན་མིན་དུས་ཀྱི་མགོན་པོ་ནི། །རིམ་བཞིན་འཕེལ་བའི་ཆ་ཤས་བཅོ་ལྔ་པའི། །དཀྱིལ་འཁོར་དང་པོར་འཆར་བར་རྩོམ་པ་ན། །དགའ་སྟོན་བདོ་བའི་དུས་ཡིན་ཤེས་པར་གྱིས། །ཞེས་ཉིན་མིན་དུས་མཚན་མོ་དེའི་མགོན་པོ་ཟླ་བ། དེ་རིམ་བཞིན་འཕེལ་བའི་ཆ་ཤས་བཅོ་ལྔ་པའི་དཀྱིལ་འཁོར་རྫོགས་པ་ཟླ་བ་ཉ་གང་བ་དེ་ཡི་དཀྱིལ་འཁོར་ས་འདིར་དང་པོར་འཆར་བར་རྩོམ་པ་སྲོད་ཀྱི་དུས་སུ་འུ་ཅག་ལྷན་ཅིག་དགའ་སྟོན་རྒྱས་པར་བྱེད་པའི་དུས་ཡིན་ཞེས་དུས་བཏབ་པའོ། །བཅུ་བཞི་པ་གཅིག་བསྒྲིབས་པའི་གབ་ཚིག་ནི། ནམ་ཡང་མཚོན་དང་བུད་མེད་ཀྱི། །ནུ་མའི་དཀྱིལ་འཁོར་ལ་མ་རེག །མི་མ་ཡིན་པ་འགའ་ཞིག་གི། །ལག་ནི་འབྲས་མེད་མིན་ནོ་ལོ། །འདིར་གབ་བྱ་དྲི་ཟའི་ལག་པར་གྲགས་པ་ཤིང་ཨེ་རཎྜ་ཞེས་དནྜའི་ཤིང་ཡིན་ལ། དེའི་འབྲས་བུ་
དནྡ་རོག་པོ་ཡིན་པས་ཤིང་རང་ལ་འབྲས་བུ་ཡོད་པ་ཡིན་མོད། སྐབས་འདིར་ལག་པའི་དགོས་པའམ་འབྲས་བུ་མེད་པ་ལ་བསམས་ནས་དེ་འདྲའི་ལག་པ་འབྲས་བུ་མེད་པ་མིན་ནོ་ལོ་ཞེས། འབྲས་བུ་མི་འདུག་ཅེས་པའི་དོན་ནོ། །དེ་ལ་ལག་པའི་བྱ་བའམ་དགོས་པ་མེད་ཚུལ། ལག་པ་ལ་དགྲ་ལས་རྒྱལ་ཕྱིར་མཚོན་དང་འདོད་པའི་དོན་དུ་བུད་མེད་ཀྱི་ནུ་མའི་དཀྱིལ་འཁོར་ལ་རེག་པའི་བྱ་བ་གཏན་བྲལ་ཞིག་མེད་ཀྱང་། འདི་ནི་ནམ་ཡང་མཚོན་ཆ་དང་བུད་མེད་ཀྱི་ནུ་མའི་དཀྱིལ་འཁོར་ལ་མ་རེག་པ་སྟེ་རེག་པར་མ་བྱས་པའི་ལག་པ་ཞིག་གོ། དེ་སུའི་ལག་པ་ཡིན་ཞེ་ན། མི་མ་ཡིན་པ་འགའ་ཞིག་གི་ལག་པར་གྲགས་པ་ཞེས་སྤྱི་ཙམ་དུ་བརྗོད་ཀྱི། མི་མིན་གྱི་བྱེ་བྲག་དྲི་ཟ་དངོས་སུ་མ་བརྗོད་པས་རྟེན་སྦས་པའོ། །དེ་ཡང་ཨེ་རཎྜའི་འདབ་མ་ལ་ལག་པ་ལྟར་སོར་མོ་ལྔ་ཡོད་པས་པཉྩཱངྒུ་ལ་སྟེ་སོར་མོ་ལྔ་པ་ཞེས་གྲགས་སོ། །ཁ་ཅིག་དྲི་ཟ་སྦས་པ་མི་འཐད་དེ། དེ་བཏགས་པ་ཙམ་ལས་རྟེན་དངོས་མིན་པས་རྟེན་ཤིང་ཉིད་སྦས་པ་ཡིན་ནོ་ཟེར་ཡང་། དེ་ལྟར་ན་དེ་ལ་ལག་པ་ཞེས་པ་ཡང་བཏགས་པ་ཡིན་ལ། བརྟེན་པ་དངོས་མ་ཡིན་པས་བརྟེན་པ་མ་སྦས་པ་ཡང་མི་འཐད་པར་མཚུངས་སོ། །འོན་ཀྱང་ཤིང་སྦས་ནས་དེ་ལ་བརྟེན་པ་མི་མ་ཡིན་པའི་ལག་པ་ཞེས་པའི་མིང་དང་། དེས་ལག་པའི་བྱ་བ་མ་བྱས་པ་
ཙམ་ཞིག་བསྟན་ནོ་ཞེས་བརྗོད་ན་མི་རུང་བ་མེད་དོ། །འདིར་དཔེར་བརྗོད་པ། གང་ལ་བརྟེན་པའི་དབྱུག་གུའི་རྩེ་མོ་ནི། །མིག་སྨན་ལྟར་གནག་དུང་འདྲའི་ཐད་ལ་འགྲིམ། །གང་གི་འབྲས་བུ་མདོག་གསུམ་བསྐོར་བ་དེས། །དེ་ཡི་རྗེས་གཅོད་དེ་ཡིས་རོ་འཛིན་བསྐུལ། །ཞེས་པ་ལག་པ་གང་ལ་བརྟེན་པ་སྨྱུག་གུའི་རྩེ་མོ་སྣག་ཚས་ནག་པོར་བྱས་པས་དུང་འདྲ་ཤོག་དཀར་གྱི་ཐང་ལ་འགྲིམ་ནས་ཡི་གེ་བྲིས་པ་དེ་གང་གི་འབྲས་བུ་ཞེས་མིག་གི་འབྲས་བུ་མིག་གི་དབུས་ཀྱི་མཐོང་བྱེད་གང་ཞིག་དེའི་མཐའ་ནག་དཀར་དམར་བའི་མདོག་གསུམ་གྱིས་བསྐོར་བ་དེས། ཐང་ལ་འགྲིམ་པ་དེའི་རྗེས་གཅོད་པར་བྱེད་དེ། དེ་ཉིད་གར་སོང་གི་རྗེས་ཐམས་ཅད་དུ་བལྟ་ཞིང་། དེའི་རྐྱེན་གྱིས་རྗེས་གཅོད་པ་དེའི་རྗེས་སུ་རོ་འཛིན་ལྕེ་སྐུལ་བར་བྱེད་ཅེས་དོན་ལ་ཡི་གེ་བྲིས་ནས་བཀླག་པ་གབ་ཚིག་གིས་བརྗོད་པ་སྟེ། གང་ལ་བརྟེན་པ་དང་། གང་གི་འབྲས་བུ་ཞེས་པས་རྟེན་སྤས་ནས་བརྟེན་པའི་མིང་མ་སྤས་པར་བརྗོད་པའོ། །བཅོ་ལྔ་པ་གཉིས་ཀ་བསྒྲིབས་པའི་གབ་ཚིག་གི་དཔེ་བརྗོད་ནི། སུ་ཞིག་གང་དད་འགྲོགས་པ་ཡིས། །བྱ་བ་ཐམས་ཅད་ཉེ་བར་ནི། །ཐོབ་ཅིང་ཟས་ཀྱི་དུས་དག་ཏུ། །གལ་ཏེ་མཐོང་ན་འདོར་བར་བྱེད། །ཅེས་འདིར་གབ་བྱ་སུ་ཞིག་ཅེས་སྐྲ་དེ་མགོ་བོ་གང་དང་འགྲོགས་པས་ཁྲུས་རྒྱན་སོགས་བྱ་
བ་ཐམས་ཅད་དེ་དང་ལྷན་ཅིག་ཐོབ་ཅིང་། གང་ཟས་ཀྱི་དུས་སུ་དེ་ཟས་ཀྱི་ནང་དུ་བྱུང་ན་འདོར་བར་བྱེད། ཅེས་སོ། །འདི་ལའང་རྟེན་བརྗོད་བྱའི་གཙོ་བོར་བྱས་པ་དང་། རྟེན་བརྟེན་པའི་ཆོས་གཉིས་ཀ་འདྲ་བར་བརྗོད་བྱའི་གཙོ་བོར་བྱས་པའི་ཚིག་གི་ནུས་པ་འདོན་ཚུལ་གཉིས་ཡོད་ཀྱང་དོན་གཉིས་ཀ་སྦས་པར་འདྲའོ། །འདིར་དཔེར་བརྗོད་པ། གང་ཞིག་གང་དང་ཕྲད་ན་དེ་ཡི་ཤུགས། །ཁ་ནས་འཇུག་ཅིང་ནམ་མཁའི་ལམ་ལ་འགྲོ། །མཐར་ནི་རྐང་པས་ས་འོག་སྒོ་འབྱེད་པ། །འདི་ཡི་ཁ་ལོ་སྒྱུར་ལ་ཁྱོད་འདྲ་དཀོན། །ཞེས་མདའ་སྐྱེན་པ་ལ་བསྔགས་པ་སྟེ་མདའ་གང་ཞིག་གཞུ་གང་དང་འཕྲད་ན་གཞུ་དེ་ཡི་ཤུགས་མདའ་ཡི་ཁའམ་ལྟོང་ནས་འཇུག་ཅིང་མཁའ་ལ་འགྲོ་བ་དང་། མཐར་རྐང་པ་ལ་འཛུགས་པ་དེ་ཡི་ཁ་ལོ་བསྒྱུར་བ་ལ་ཁྱོད་འདྲ་དཀོན་ཞེས་སོ། །བཅུ་དྲུག་པ་ཡོངས་སུ་འདྲེས་པའི་གབ་ཚིག་གི་དཔེ་བརྗོད་ནི། ཧ་ཡ་ག་ཛ་བྷཊ་ཅན། །སྡེ་འདི་གལ་ཏེ་མ་རྒྱལ་ན། །མཱ་ཏྲི་ཀ་མེད་ངེད་ཀྱི་བུ། །འདི་ནི་ཡི་གེ་ཤེས་ཀྱང་བླུན། །ཞེས་པ་འདི་ཡིན་ལ། འདི་ལ་གབ་ཚིག་སྔ་མ་དག་ཇི་ལྟར་འདྲེས་ཞེ་ན། བཤད་མ་ཐག་པའི་དཔེ་བརྗོད་དེ་ནི། གབ་ཚིག་དགུ་པ་མིང་དུ་འདུས་པ་བསྲེས་ཤིང་། གབ་ཚིག་གཉིས་པ་བསླུས་པ་ཡི་ནི་གཟུགས་དང་ལྡན་པས་གཉིས་འདྲེས་པ་ཡིན། དེ་བཞིན་ཉིད་དུ་གབ་ཚིག་གཞན་གྱི་རྣམ་པ་ཡང་
འདྲེས་པའི་རིམ་པ་ཤེས་པར་བྱའོ། །ཞེས་གསུངས་སོ། །ཚིགས་བཅད་དེའི་གབ་བྱའི་དོན། ཧ་སོགས་ཐ་མའི་ཡི་གེ་ལྔ། ཡ་སོགས་བཞི། ག་སོགས་ཀ་སྡེ། ཛ་སོགས་ཙ་སྡེ། བྷ་སོགས་པ་སྡེ། ཊ་སྡེ་དང་། སྡེ་ཡི་སྐད་དོད། སེ་ནཱ། ཞེས་པའི་ན་སོགས་ཏ་སྡེ་དང་བཅས་པའི་ཡི་གེ་དེ་རྣམས་ཀྱི་སྲོག་གི་དབྱངས་ཀྱིས་མཚོན་པས། དབྱངས་གསལ་གྱི་ཡི་གེའི་སྡེ་འདི་ལས་མ་རྒྱལ་པ་སྟེ་བཀླག་མ་ནུས་པའམ་མ་ཤེས་ན། མཱ་ཏྲྀ་ཀ་སྟེ་ཡི་གེ་ཕྱི་མོ་ཙམ་ཡང་ཤེས་པ་མེད་པ་ངེད་ཀྱི་བུ་འདི་ནི་ཁ་ནས་ཡི་གེ་ཡི་སྒྲ་གདངས་འབྱིན་པ་ཙམ་ཤེས་ཀྱང་རིག་པའི་གནས་ལ་བླུན་པ་ཡིན་ཏེ། ཡི་གེའི་ཕྱི་མོ་ཙམ་བཀླག་མི་ཤེས་པས་སོ་ཞེས་བརྗོད་རྒྱུ་ཡིན་ནོ། །འདིར་ཡི་གེ་ཞེས་པ་རྟག་པ་རང་བྱུང་གི་རིག་བྱེད་ཙམ་ཤེས་ཀྱང་ཞེས་གཞན་དག་གིས་འཆད་དེ། རྟག་པ་རང་བྱུང་གི་རིག་བྱེད་ནི་བསླབ་པ་མེད་པར་སེམས་ཅན་རྣམས་ཀྱིས་བཟའ་བཏུང་འགྲོ་འདུག་སོགས་ཤེས་པ་ལྟ་བུ་ལ་བསམ་པའོ། །འོན་ཀྱང་གོང་ལྟར་བཤད་ན་བདེ་བར་མངོན། འདིར་གབ་བྱེད། ཧ་ལ་རྟ། ག་ཛ་གླང་པོ་ཆེ། བྷ་ཊ་དཔའ་བོའམ་དཔུང་བུ་ཆུང་ཅན་གྱི་སྡེ་འདི་ལས་མ་རྒྱལ་ན། མཱ་ཏྲི་ཀ་མེད་ཅེས་མ་མེད་པ་ངེད་ཀྱི་བུ་འདི་ཡི་གེ་ཙམ་བཀླག་ཤེས་ཀྱང་བླུན་པའོ། །ཞེས་པར་གོ་ནས་མ་མེད་བུ་སོགས་ཅི་ཡིན་མི་གསལ་
བའོ། །འདི་ལ་རྟ་གླང་སོགས་ཀྱི་མིང་དུ་མ་བསྲེས་པ་དང་། མཱ་ཏྲི་ཀ་ཡོངས་གྲགས་མ་ལ་གོ་བས་སླུ་བྱེད་གཉིས་འདྲེས་པ་ཡིན་ནོ། །འདིའི་དཔེ་གཞན་བརྗོད་པ། འོད་བརྒྱ་སྲིད་པའི་མིག་གྱུར་བདུད་རྩི་ཅན། །ཉི་ཟླ་བསྟེན་པས་མུན་པ་འགོག་པར་བྱེད། །གང་གི་དབུས་སུ་གང་ཞིག་རྩེན་བྱས་ན། །ཟ་མ་ཏོག་ཏུ་མེ་ཆེན་འབར་བར་ངེས། །ཞེས་པ་འདིའི་རྐང་པ་དང་པོ་མིང་དུ་འདྲེས་པ། གཉིས་པ་སླུ་བྱེད་དེ། འཇམ་དཔལ་ལ་རྡོ་རྗེ་ཉི་མ་དང་སྨྲ་བའི་ཉི་མར་གྲགས་པ་དང་། དབྱངས་ཅན་མ་ལ་ཟླ་བ་འདྲ་བའི་ཆོས་ཀྱིས་དེར་གྲགས་པ་ཡོད་ཀྱང་སྐབས་འདིར་ཉི་ཟླ་ཡོངས་གྲགས་ལ་གོ་བ་དང་། ནང་གི་མི་ཤེས་པའི་མུན་པ་ཡང་ཕྱིའི་མུན་པར་གོ་ནས་སླུ་བར་བྱེད་པའོ། །གསུམ་པ་གཉིས་ཀ་བསྒྲིབས་ནས་གང་ཞིག་གང་གི་ཞེས་སྨྲོས་པ་དེ་ནི་འཇམ་དཔལ་ཡབ་ཡུམ་གང་ཞིག་སྙིང་གང་གི་དབུས་སུ་འཁྲིལ་སྦྱོར་དུ་རྩེན་པར་བསྒོམས་པར་བྱས་ན། ཞེས་སོ། །རྐང་པ་བཞི་པ་ནི་མཐུན་གཟུགས་ཀྱི་གབ་ཚིག་སྟེ། ཟ་མ་ཏོག་ནི་སྙིང་དང་མེ་ཆེན་པོ་ནི་ཤེས་རབ་བོ། །དེ་བཞིན་སྔར་བསྟན་གབ་ཚིག་བཅོ་ལྔ་པོ་དེ་རྣམས་གཉིས་སམ་གསུམ་ལ་སོགས་པ་ཅི་རིགས་པ་ཡོངས་སུ་འདྲེས་པའི་རིམ་པ་ཤེས་པར་བྱའོ། །གབ་ཚིག་འདི་རིགས་རག་པ་ཙམ་དུ་ཤེས་སླ་སླ་འདྲ་ཡང་། ཞིབ་ཏུ་བརྟགས་ན་སོ་སོའི་
མཚན་ཉིད་མ་འདྲེས་པར་ཤེས་ཤིང་། དེ་འདྲའི་ངག་སྦྱོར་རྩོམ་པ་ལ་སྒོ་ཡངས་པར་གྱུར་པའི་གནད་ཤེས་པ་དཀོན་པར་མཐོང་ནས་འདིར་འགྲེལ་པ་དང་དཔེ་བརྗོད་རྣམས་ཅུང་ཟད་རྒྱས་པར་བྱས་པ་ཡིན་ནོ། །གབ་ཚིག་འདི་སྒྲ་དོན་གྱི་རྒྱན་གང་དུ་གཏོགས་པ་མིན་ཡང་། བསྡུས་བརྗོད་རབ་བརྟག་སྦྱར་བ་སོགས་ཀྱི་ཆ་དང་འདྲ་བ་ཙམ་དང་། གསང་ཚིག་སྨྲ་བའི་སྐབས་སུ་མཁོ་ཞིང་མཚར་བསྐྱེད་ཀྱི་ངག་ཡིན་པའི་ཆ་ནས་སྙན་དངགས་ཀྱི་བསྟན་བཅོས་སུ་འཕྲོས་དོན་དུ་སྨོས་པ་འདི་སྤྱིར་སྙན་དངགས་ཀྱི་ཆར་གཏོགས་རུང་བས་ན་སྔ་འགྲེལ་རྣམས་སུ་གབ་ཚིག་གི་རྒྱན་ཞེས་ཀྱང་གསུངས་སོ། །གསུམ་པ་སྙན་ངག་གི་སྐྱོན་བཅུ་སྤང་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་སྙན་ངག་སྦྱར་བ་ལ། བརྗོད་བྱ་དོན་གྱི་སྒོ་ནས་སྐྱོན་དུ་གྱུར་པ་ནི། དོན་ཉམས་པ་སྟེ་དོན་དང་བྲལ་བ་དང་། དོན་སྔ་ཕྱི་འགལ་བ་དང་། དོན་གཅིག་ཡང་ཡང་ཟློས་པ་དང་། དོན་དེར་མི་ངེས་པའི་ཐེ་ཚོམ་ཅན་དང་། བརྗོད་ཚུལ་གྱི་སྐྱོན་མདོར་བསྟན་རྒྱས་བཤད་སོགས་ཀྱི་གོ་རིམ་མམ་རིམ་པ་ཉམས་པ་དང་། རྗོད་བྱེད་ཚིག་གི་སྐྱོན་དུ་གྱུར་པ་བརྡ་སྤྲོད་པའི་གཞུང་ནས་བཤད་པའི་མཚན་ཉིད་དང་མི་ལྡན་པས་སྒྲ་དམན་པ་དང་། གཅོད་མཚམས་ཉམས་པ་དང་། ཚིགས་བཅད་ལ་སྡེབ་སྦྱོར་གྱི་
མཚན་ཉིད་མེད་པས་སྡེབ་སྦྱོར་ཉམས་པ་དང་། བརྡ་སྤྲོད་པའི་གཞུང་ལྟར་མ་བྱས་པས་ཡི་གེ་སྔ་ཕྱི་མཚམས་སྦྱོར་ཚུལ་བཞིན་བྱེད་པ་དང་བྲལ་བ་སྟེ་དེ་ལྟར་དགུ་དང་། དོན་ལ་འགལ་བ་ཡོད་པ་ལ་ཡུལ་དང་དུས་དང་སྒྱུ་རྩལ་དང་འཇིག་རྟེན་དང་། ཡིད་ཆེས་པའི་ལུང་དང་། གཏན་ཚིགས་ཀྱི་རིགས་པ་དག་དང་འགལ་བ་སྟེ་རྣམ་པ་དྲུག་པོ་གཅིག་ཏུ་བྱས་ནས་འགལ་པའི་སྐྱོན་ཞེས་བྱའོ། །དེ་ལྟར་སྐྱོན་བཅུ་པོ་དེ་དག་སྙན་ངག་གི་ཚིག་ལ་སྙན་ངག་མཁན་གྱིས་ལེགས་པར་བརྟགས་ནས་སྤང་བར་བྱའོ། །གཞན་ཡང་དམ་བཅའ་བ་བསྒྲུབ་བྱ་དང་། དེ་སྒྲུབ་བྱེད་གཏན་ཚིགས་དང་། དེ་ཡི་དཔེ་ཉམས་པ་ཞེས་པ་རྟོག་གེའི་གཞུང་སོགས་གཞན་ལ་གྲགས་པ་འདི་ཡང་སྐྱོན་མིན་ནམ་ཞེ་ན། སྤྱིར་དེ་དག་སྐྱོན་ཡིན་མོད། དེ་དག་གི་དོན་གྱི་སྐྱོན་ནི་རིགས་པ་དང་འགལ་བའི་ཁོངས་སུ་འདུ་ལ། སྙན་ངག་གི་སྐབས་སུ་བརྗོད་འདོད་ཀྱི་དབང་གིས་རྣམ་པ་སྣ་ཚོགས་སུ་བརྗོད་ཀྱང་ཉམས་མཚར་པའི་གོ་རྒྱུ་ཡོད་ཅིང་། དོན་གྱིས་འགལ་བ་མེད་པ་དུ་མ་ཡོད་དེ། ཟླ་བས་གདུང་བར་བྱེད་པ་དང་། བཏགས་པའི་ཆོས་ཀྱི་རྒྱུ་ལས་འབྲས་བུ་སྔ་བ་སོགས་དང་། རྣམ་པ་འགལ་བ་ལྟར་ཆེད་དུ་བསྟན་པའི་འགལ་རྒྱན་སོགས་ལ་དོན་གྱི་འགལ་བར་ངེས་པའི་སྐྱོན་མེད་ན། རྣམ་པ་འགལ་བ་ལྟ་བུའི་བརྗོད་ཚུལ་ཕལ་ཆེར་ལ་
དམ་བཅའ་སྒྲུབ་བྱེད་དཔེ་སོགས་འགལ་བའི་རྣམ་གཞག་དཔྱད་པར་དཀའ་བ་ཉིད་སྦྱར་བ་དེ་ཡི་འབྲས་བུའམ་དགོས་པ་ཅི་ཞིག་ཡོད་དེ། དེའི་ཕྱིར་འདིར་དེ་འདྲའི་སྤྲོས་པ་རྒྱ་ཆེན་པོ་བཤད་པ་སྐབས་སུ་བབས་པ་མིན་པས་མ་བཤད་ལ། གལ་ཏེ་དེ་ཡི་ཚུལ་ཤེས་པར་འདོད་ན་རྟོག་གེའི་བསྟན་བཅོས་སོགས་ལས་རྟོགས་པར་བྱའོ། །གཉིས་པ་རྒྱས་བཤད་ལ་མདོར་བསྟན་པའི་རིམ་པ་དང་མཚུངས་པར་བཅུ་ལས། དང་པོ་དོན་ཉམས་པ་ནི་རྗོད་བྱེད་ཀྱི་ཚིག་ཕན་ཚུན་ཚོགས་པའམ་འབྲེལ་བའི་དོན་གྱིས་སྟོང་པ་གང་ཡིན་པའི་ངག་འབྲེལ་མེད་དེ་ནི་དོན་ཉམས་པ་ཞེས་པར་འདོད་དེ། དེ་འདྲ་མྱོས་པ་དང་སྨྱོན་པ་དང་བྱིས་པ་ཡིས་བརྗོད་ན་དེར་ཟད་ཀྱི། དེ་ལས་གཞན་བརྗོད་པ་པོ་ལ་འབྲེལ་མེད་སྨྲ་བའི་སྐྱོན་དུ་འགྱུར་རོ། །དོན་མེད་ཀྱི་ངག་དེའི་དཔེར་བརྗོད་པ། སྐྱེས་བུ་འདི་ནི་རྒྱ་མཚོ་འཐུང་བྱེད་དེ། །བདག་ནི་དེ་རིང་ཁོ་ནར་རྒ་བས་གཟིར་རོ། །སྤྲིན་འདི་འབྲུག་སྒྲ་རབ་ཏུ་སྒྲོག་པར་བྱེད་དེ། འཕྲོག་བྱེད་ཁྱབ་འཇུག་ནི། གླང་པོ་ས་སྲུང་དག་ལ་དགའོ། །འཕྲོག་བྱེད་ཅེས་པ་སྐབས་འདིར་བརྒྱ་བྱིན་ལ་བཞེད་པ་ཡོད་དོ་ཞེས་པའི་ཚིགས་བཅད་འདི་ལ་ཐད་ཀ་ཐད་ཀའི་ངག་ཅི་བྱུང་བརྗོད་པ་ལས། ཚིག་ཚོགས་པ་དེའི་བརྗོད་བྱ་འདི་ཡིན་གྱི། དོན་གྱིས་སྟོང་པའི་སྨྱོན་པའི་ངག་ལྟ་བུའོ། །འདི་སེམས་རྣལ་དུ་མི་གནས་པའི་དབང་
གིས་མངོན་པར་བརྗོད་པ་ལ་སྨད་པར་བྱ་བ་ཡིན་ཏེ། སེམས་རྣལ་དུ་མི་གནས་པའི་རང་རྟགས་ཡིན་པས་དེ་ལྟར་འབྲེལ་མེད་ཀྱི་ཚིག་ཅི་ལ་སྨྲ་ཞེས་བརྗོད་མི་རིགས་པས་སོ། །གཞན་དུ་གོང་བསྟན་དེ་ལྟ་བུ་ལ་སོགས་པ་སྙན་ངག་མཁན་པོ་སུ་ཞིག་གིས་སྦྱོར་འོས་ཏེ་མི་སྦྱོར་རོ། །སེའུ་བཅུ་པའི་ངག་ཅེས་འབྲེལ་མེད་ཀྱི་དཔེར་བྱེད་པ་དེ་ཡང་འདི་དང་འདྲ་སྟེ་སེའུ་འབྲུ་བཅུ་གསུམ་དང་འཁུར་བ་དྲུག་རི་དྭགས་ཀྱི་པགས་པ་རྩྭའི་གོང་བུ་སོགས་ལྷན་ཅིག་བརྗོད་པའི་ཚིགས་བཅད་ཡོད་པ་དེའོ། །གཉིས་པ་དོན་སྔ་ཕྱི་འགལ་བ་ནི། ངག་ཚིགས་བཅད་གཅིག་གམ་ཚིགས་བཅད་དུ་མ་དང་ལྡན་པའི་ངག་གི་རྒྱུན་ལ་ཡང་། སྔ་མ་ཡི་དོན་ཕྱི་མ་གཞན་གྱིས་འཇོམས་པ་ནི་རང་ཚིག་སྔ་ཕྱི་འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན་ལ་དོན་འགལ་ཞེས་པར་རབ་ཏུ་བརྗོད་དེ། དཔེར་ན། དགྲ་ཡི་རིགས་མཐའ་དག་འཇོམས་པ་དང་བྱ་བ་སྣ་ཚོགས་ཀྱི་ཁུར་ཅན་འདི་རྒྱལ་བར་གྱུར་ཅིག འབྱུང་པོའམ་སྐྱེ་བོ་ཀུན་ལ་བརྩེ་བ་ཅན། །ཁྱོད་ལ་དགྲ་ནི་སུ་ཡང་མེད་ཅེས་པར། དགྲ་འཇོམས་པའི་བརྩེ་མེད་དང་། ཀུན་ལ་བརྩེ་ཞིང་དགྲ་མེད་པ་འགལ་བས་སོ། །དམིགས་བསལ་མངོན་པར་ཆགས་ལྡན་སེམས་ལ་ནི། འགལ་བའི་ཚིག་གི་གོ་སྐབས་དེ་ལྟ་བུ་འགའ་ཞིག་ཡོད་པས་ན། ངག་གང་ལ་འགལ་བའི་དོན་ཅན་གྱི་ཚིག་
ཀྱང་སྨྲ་བ་མངོན་པར་འདོད་པར་འགྱུར་ཏེ། གཞན་གྱི་བུད་མེད་ལ་སྲེད་པ་འཇིག་རྟེན་དང་བསྟན་བཅོས་ལས་སྨད་པའི་གནས་དེ་ནི་གང་ཟག་ཁྱད་པར་ཅན་འཕགས་པ་དག་གིས་བྱ་བར་ག་ལ་རིགས་ཀྱང་། གཞན་གྱི་ཆུང་མ་དེ་ཡི་སོ་བསྒྲིབས་ཏེ་མཆུ་གཡོ་བ་དག་བདག་གིས་ནི་ནམ་ཞིག་མཆུས་སྦྱར་ཏེ་འཐུང་བ་ཡོད་པར་འགྱུར་རམ་ཞེས་ཆགས་ལྡན་གྱིས་སྨྲས་པ་བཞིན་ནོ། །གསུམ་པ་དོན་གཅིག་པ་ནི། བརྗོད་བྱའི་དོན་ཉིད་དམ་ནི་རྗོད་བྱེད་ཀྱི་སྒྲ་ལ་ཡང་དོན་དང་དགོས་པ་ལྷག་པོར་སྟོན་པའི་ཁྱད་པར་ཅི་ཡང་མེད་པས་ན་ཡང་སྔར་བརྗོད་པ་གལ་ཏེ་སླར་ཡང་རབ་བསྒྲགས་པ་དེ་ནི་དོན་གཅིག་ཡང་ཡང་ཟློས་པར་འདོད་དེ། དཔེར་ན་འདི་ལྟར་སྲེད་པ་དང་སྲེད་པར་བྱེད་པའི་བུ་མོ་རྣམས་དེ་ཡི་ལན་བུའི་འོད་ཟེར་ཅན་ཆུ་འཛིན་གློག་དང་ལྡན་པ་ནི། ཟབ་མོའི་སྒྲ་སྒྲོག་པ་སྤྲིན་འདི་དག་གོ་ཞེས། སྲེད་པ་དང་སྲེད་བྱེད་ཀྱི་སྐད་དོད་ཨུཏྐཱ་དང་ཨུནྨན་གཉིས་ཀ་སེམས་ཤོར་བའམ་ཡིད་ཆགས་པས་ཡང་ཡང་དྲན་པའི་དོན་དུ་གཅིག་པས་གོ་རྒྱུ་ཐ་དད་མེད་པ་དང་། དེ་ཡི་ལན་བུའི་འོད་ཟེར་ཅན་གྱི་ཆུ་འཛིན་གློག་ལྡན་ཡང་སྤྲིན་ཡིན་ལ། ཟབ་མོ་སྒྲ་སྒྲོག་ཀྱང་སྤྲིན་ཡིན་པས་ཚིགས་བཅད་འདི་ལ་དཔེ་དང་དཔེ་ཅན་གྱི་དོན་སོ་སོ་བ་གོ་རྒྱུ་མེད་པ་ཡང་ཟློས་བྱས་པ་ཙམ་དུ་བས་སོ། །
དམིགས་བསལ་རྗེས་སུ་བརྩེ་བ་དང་ཁྲོས་པ་དང་ངོ་མཚར་བ་དགའ་བ་སོགས་ཁྱད་པར་འཕགས་པ་ལས། གལ་ཏེ་དོན་འགའ་ཞིག་བརྗོད་པར་འདོད་ན། ཡང་བརྗོད་པའི་ཟློས་པ་དང་། འབྲེལ་མེད་ལ་སོགས་པའི་སྐྱོན་མེད་དེ། ངོ་མཚར་བ་དང་རྩོད་པ་དང་། །ཁྲོ་དང་ཞུམ་དང་ངེས་བཟུང་དང་། །ངད་དང་དགའ་བ་རྣམས་ལ་ནི། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་བརྒྱད་སྟོང་འགྲེལ་ཆེན་དུ་གསུངས་པ་བཞིན་ནོ། །དེར་མ་ཟད་ཡང་ཡང་བརྗོད་པ་ཁྱད་པར་ཅན་འདི་ནི་ཚིག་ཉམས་མཛེས་པའི་རྒྱན་དུ་རིགས་པ་ཡིན་ཏེ། དཔེར་ན། འདོད་པ་གང་འདི་སྐབས་མིན་པ་སྟེ་རྒྱུ་མེད་པར་འཁོན་པ་ཡིས། བུད་མེད་མཆོག་དེ་བཅོམ་པར་གྱུར། །ཡན་ལག་ཀུན་མཛེས་བཅོམ་པར་གྱུར། །འཇམ་པར་སྒྲོགས་མ་བཅོམ་པར་གྱུར། །ཅེས་དེ་བཅོམ་པ་ལ་རྗེས་སུ་བརྩེ་བ་ཁྱད་པར་ཅན་གྱིས་ཡང་ཡང་བརྗོད་པ་ནི། ངོ་མཚར་བ་དག་གིས་འདི་མཚར་རོ་འདི་མཚར་རོ། །ཨ་ལ་ལ། ཨ་ལ་ལ། ཞེས་བརྗོད་པ་བཞིན་ནོ། །བཞི་པ་ཐེ་ཚོམ་དུ་གྱུར་པའི་སྐྱོན་ནི། བརྗོད་བྱའི་དོན་རྟོགས་པར་བྱེད་པའམ། ངེས་པའི་དོན་དུ་རབ་ཏུ་སྦྱར་བའི་ཚིག་རྣམས་ཉིད་ཀྱིས་གལ་ཏེ་ན། ངེས་པའི་འགལ་ཟླ་ཐེ་ཚོམ་སྐྱེད་པར་བྱེད་ན། ངག་འདི་ཐེ་ཚོམ་ཅན་ཞེས་བརྗོད་དོན་མི་འགྲུབ་པའམ་དེར་མ་ངེས་པའི་སྐྱོན་དུ་རབ་ཏུ་
བཤད་དེ། དཔེར་ན། ཡིད་ཀྱི་རེ་འདོད་ཀྱིས་མཛའ་བོ་ལ་དགའ་བ་ཡི་ཚུལ་དུ་ལྟ་བ་ཡི། འདོད་པའི་རོ་ལ་སེམས་པའི་མིག་གཡོ་བ་ཡི་གྲོགས་མོ་དག་དང་། རྒྱང་ན་འདུག་པའི་མ་ལ་འདིས་འདི་འདྲ་བལྟ་བར་བཟོད་པ་ཡིན་ཅེས་པ་འདི་ལ་ཐེ་ཚོམ་སྐྱེ་སྟེ། ཅི་ཡི་ཕྱིར་ན་འདིར་རེ་འདོད་ཀྱི་སྐད་དོད་མ་ནོར་ཐ་སྟེ་ཡིད་ཀྱི་ཤིང་རྟ་ཞེས་ཡོད་ཅིང་། པྲི་ཡ་ཡིད་ལ་འདོད་པ་དང་མཛའ་བོ་གཉིས་ལ་འཇུག་པས་དེ་གཉིས་གང་ཡིན་མི་འབྱེད་པ་དང་། ཨཱ་ར་ཏ་ཐག་ཉེ་རིང་གཉིས་ལ་འཇུག་པས་དེ་གཉིས་མི་འབྱེད་པ་དང་། གཞན་ཡང་ཨ་དསྲ་ལས་བསྒྲུབས་པའི་ཨ་སཽ་ཞེས་པ་ཡང་འདི་ཞེས་མངོན་གྱུར་དང་། དེ་ཞེས་ལྐོག་གྱུར་གཉིས་ཀར་འཇུག་པས་གང་ཡིན་མི་ཕྱེད་པ་དང་། བལྟ་བར་མི་བཟོད་པའང་ལྐོག་གྱུར་གྱི་ཕྱིར་བལྟ་མི་ནུས་པའམ། མངོན་དུ་གྱུར་ཀྱང་ལྟ་མི་འདོད་པ་གང་ཡིན་གྱི་ཐེ་ཚོམ་མི་ཆོད་པས་སོ། །ཐེ་ཚོམ་ཅན་གྱི་ངག་འདི་འདྲ་བསམ་བཞིན་ཐེ་ཚོམ་བསྐྱེད་པའི་སླད་ཉིད་དུ་རབ་སྦྱར་ན། འདི་ནི་རྒྱན་ཉིད་དུ་འགྱུར་གྱི། དེ་ལ་སྐྱོན་མེད་འདི་ལྟ་སྟེ། ལུས་སྐྱེས་མིན་པའི་གདུང་བ་ཡིས། །ཟིལ་གྱིས་མནན་ཞིང་དུས་རྩུབ་མོས། །ཟོས་པའི་མ་སྨད་མ་དེ་མཐོང་། །ཁྱོད་ལ་བདག་གི་རེ་བས་ཅི། །ཞེས་པ་འདིར་ལུས་སྐྱེས་མིན་པ་ཞེས་པའི་སྐད་དོད། ནངྒ་ཛ་ཧ། ཞེས་པ་འདི་ཕྱོགས་གཅིག་གི་དབང་དུ་བྱས་ན།
ཨངྒ་ལུས་ཛ་ཏ་སྐྱེས་པ། ན་དགག་ཚིག་ཏུ་བྱས་ནས་ལུས་སྐྱེས་མིན་པ་ཞེས་པ་ལུས་སྐྱེས་འདོད་ཆགས་མིན་པ་ཚད་པའི་ནད་ཀྱིས་གདུང་བ་ལ་གོ་བ་དང་། ཡང་ན་ལུས་མེད་སྐྱེས་ཀྱི་གདུང་བ་ཡིས། ཞེས་པར་གོ་ན་འདོད་ལྷས་བསྐྱེད་པའི་ཆགས་གདུང་གིས་གཟིར་བར་གོ་པས་ཐེ་ཚོམ་སྐྱེ་བ་ཡིན་པས། དེ་གཉིས་གང་ལྟར་ཡང་། གདུང་བ་ཡིས་ཟིལ་གྱིས་མནན་ཞིང་། དེ་འདྲའི་དུས་རྩུབ་མོས་ཟོས་པའི་མ་སྨད་མ་དེ་མཐོང་བས་ན། སྐྱེས་བུ་ཁྱོད་ལ་ཕོ་ཉ་མོ་བདག་གིས་དེའི་གན་དུ་འགུགས་པར་རེ་བས་ཅི་བྱ་སྟེ། མཆོག་ཏུ་མ་སྨད་མ་མཛེས་པ་དེ་ནི་དེ་ལྟ་བུའི་གནས་སྐབས་སུ་གྱུར་ཏེ། ཞེས་གང་གིས་ཕོ་ཉ་གཏོང་བའི་མཛེས་མ་དེ་འདོད་པས་གཟིར་རམ། ཚ་བས་གདུང་བ་ཞེས་པ་གཉིས་ངེས་མེད་དུ་བྱེད་པའི་ཚིག་ཡིན་ལ། རྩེད་འཇོའི་དབང་གིས་སྐྱེས་པའི་ཡིད་འཁྲུགས་པར་ནི་བྱ་ཕྱིར་བར་སྦྲེལ་བའི་ཕོ་ཉ་མོས་དེ་ལྟར་སྨྲས་སོ། །ལྔ་པ་གོ་རིམ་ཉམས་པའི་སྐྱོན་ནི། དང་པོར་མིང་གིས་མདོར་བསྟན་པའི་རྗེས་སུ་མཐུན་པར་ནི། གལ་ཏེ་དེ་ཡི་དོན་རྗེས་སུ་བསྟན་པར་མ་བྱས་ན། རིམ་པ་ཉམས་པར་མངོན་དུ་བརྗོད་པའི་སྐྱོན་དུ་དེ་ནི་བཤད་དེ། དཔེར་ན། འགྲོ་བ་རྣམས་ཀྱི་གནས་པ་དང་། །སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ། །བདེ་འབྱུང་སྲེད་མེད་ཆུ་སྐྱེས་ཀྱི། །སྐྱེ་གནས་ཅན་གྱིས་ཁྱེད་རྣམས་སྲུངས། །ཞེས་པ་འདིར་འགྲོ་བ་
རྣམས་སྐྱེད་པའི་རྒྱུ་ཚངས་པ། གནས་རྒྱུ་ཁྱབ་འཇུག འཇིག་པའི་རྒྱུ་དབང་ཕྱུག་ཡིན་པར་བཤད་ཀྱང་། འདིར་དང་པོར་སྤྲུལ་པའམ་སྐྱེ་བའི་རྒྱུ་དང་མཐར་འཇིག་པའི་རྒྱུ་དང་བར་དུ་གནས་པའི་རྒྱུ་ནི། རང་གི་ངོ་བོ་རྒྱུ་གཞན་ལས་མ་སྐྱེས་པ་རང་བྱུང་གི་བདག་ཉིད་བདེ་འབྱུང་དབང་ཕྱུག་དང་། སྲེད་མེད་བུ་ཁྱབ་འཇུག་དང་། ཆུ་སྐྱེས་ཀྱི་སྐྱེ་གནས་ཅན་ཚངས་པ་ཞེས་སྨོས་པའི་སྔ་ཕྱི་གོ་རིམ་བཞིན་སྦྱར་ན། སྐྱེད་རྒྱུ་དབང་ཕྱུག འཇིག་རྒྱུ་ཁྱབ་འཇུག གནས་རྒྱུ་ཚངས་པར་སོང་བས་རིམ་པ་བྲལ་བའི་སྐྱོན་ཡོད་དོ། །སྔ་ཕྱིའི་འབྲེལ་བ་ངེས་པར་ཤེས་པའི་རྒྱུར། གང་ཡང་གལ་ཏེ་དེ་སྟོན་བྱེད་ཀྱི་ཚིག་སྦྱོར་བ་ལ་འབད་པར་བྱས་ན། རིམ་པ་འདས་ཀྱང་སྐྱོན་མིན་པར། །མཁས་པ་རྣམས་ནི་སྨྲ་སྟེ་དཔེར། །གཉེན་གཏོང་བ་དགུ་ལུས་གཏོང་དང་། །ཡུལ་གཏོང་ཞེས་པ་གསུམ་པོ་ལ། །དང་པོ་ཐ་མ་ཉོན་མོངས་རིང་། །བར་མ་སྐད་ཅིག་གདུང་བའོ། །ཞེས་པ་འདིར་བར་མ་ལུས་གཏོང་རྫས་སུ་བཤད་ཀྱང་། ལུས་གཏོང་བ་གདུང་ཡུན་ཐུང་ལ། གཞན་གཉིས་ཀྱི་གདུང་བ་ཡུན་རིང་བའི་འབྲེལ་པ་ཤེས་ནས་དེ་ལྟར་བརྗོད་པ་ལ་སྐྱོན་མེད་པ་བཞིན་ནོ། །དྲུག་པ་སྒྲ་དམན་པའི་སྐྱོན་ནི། མཚོན་བྱ་ངག་སྦྱོར་གང་ལ་མཚན་ཉིད་བརྡ་སྤྲོད་པའི་ལམ་མམ་ཚུལ་མ་མཚོན་པ་སྟེ། བརྡ་སྤྲོད་པའི་ལུགས་ཀྱི་མཚན་ཉིད་
མེད་པའི་ཚིག་སྦྱོར་དེ་ནི། སྨྲ་བའི་དབང་པོ་མཆོག་གིས་མི་འདོད་པ་ཡིན་ཏེ། སྤྱིར་བཏང་སྒྲ་ཉམས་པ་ལྟར་སྣང་ཡང་། དམིགས་བསལ་དེ་འདྲ་སྦྱར་རིགས་པར་མཆོག་རྣམས་དག་གིས་བཞེད་པའམ་འདོད་པ་ཉིད་ནི་སྒྲ་ཉམས་པའི་སྐྱོན་མ་ཡིན་ནོ། །དེ་དཔེར་ན། ས་གཞི་རྒྱ་མཚོའི་སྐ་རགས་ཅན། །རྒྱལ་ཆེན་ཁྱོད་ལ་དཔུང་པ་སྲུང་། །ཞེས་པ་འདི་ལྟ་བུ་ལ་ཤེས་འདོད་དམ་ཤེས་བྱེད་ཀྱི་ནུས་པ་མེད་པས་ན། ཚིག་འདི་ལ་ནི་ཡིད་འོང་གི་ཉམས་ཡོད་པ་མིན་ནོ། །འདིར་རྒྱལ་ཆེན་ཁྱོད་ཀྱི་ཞེས་རྣམ་དབྱེ་དྲུག་པ་ཐོབ་པ་ལ་བཞི་པའི་མཐའ་ཅན་དུ་བྱས་པ་དང་། དཔུང་པས་ཞེས་གསུམ་པ་ཐོབ་པ་ལ་དང་པོའི་མཐའ་ཅན་དུ་བྱས་པ་འདི་ལྟ་བུ་བོད་སྐད་རང་གིས་ཀྱང་རྟོགས་ནུས་པས་འདི་ཐད་ཀྱི་སྐད་དོད་རྣམས་ལ་རྣམ་དབྱེ་དང་བསྡུ་བ་ཇི་ལྟར་བྱས་པའི་ཚུལ་བརྗོད་ན་མང་བས་མ་སྤྲོས་སོ། །སྤྱིར་སྒྲ་ཉམས་པ་འདྲ་ཡང་སྒྲ་ཉམས་མིན་པའི་དམིགས་བསལ་ནི། ལྷོ་ཡི་རི་ལས་ཉེར་བཏུད་པའི། །རླུང་གིས་ཙཱུ་ཏའི་རྐང་འཐུང་ནི། །རོལ་པར་བསྐྱོད་པ་བྱི་རུ་ཡི། །མྱུ་གུ་མཛེས་དང་ལྡན་པར་བྱེད། །ཅེས་སོགས་བསྟན་བཅོས་བདག་ཉིད་ཆེ། །ལྷ་ལ་གཡེལ་བའི་སེམས་ལྡན་པ། །སྒྲ་ཉམས་བཞིན་དུ་སྣང་མོད་ཀྱི། །སྐལ་བཟང་ཉིད་ནི་གཏོང་མ་ཡིན། །ཞེས་གསུངས་ཏེ། ལྷོ་ཡི་རི་ལས་ཉེ་བར་བཏུད་པའི་རླུང་གིས་ཤིང་ཙཱུ་ཏའི་རྐང་འཐུང་ནི་རོལ་སྒེག་
གི་ཚུལ་དུ་བསྐྱོད་པ་ཡིས་བྱི་རུ་ཡི་མདོག་ཅན་གྱི་མྱུ་གུ་མཛེས་ལྡན་དུ་བྱེད་དོ། །ཞེས་པ་འདིར་ལྷོ་ཡི་རི་ལ་ཞེས་སྤྱིར་བཏང་རྣམ་དབྱེ་གཉིས་པ་ཐོབ་པའམ་ཡང་ན་བདུན་པ་ཐོབ་པ་འདྲ་ཡང་། འདིར་འབྱུང་ཁུང་གི་དོན་ཅན་རྣམ་དབྱེ་བཞི་པར་བྱས་པ་ནི། རི་དེ་ལས་འགྲོ་བའམ་བཏུད་ཅིང་བདར་བའི་དོན་ཡིན་པས་ཕྱི་མ་གཙོ་ཆེ་བར་བྱས་པ་འདི་འདྲ་བ་རྣམས་བརྡ་སྤྲོད་པའི་སྤྱིར་བཏང་གི་རྣམ་དབྱེ་ཅུང་ཟད་ཤེས་ཀྱང་། བསྟན་བཅོས་ཆེན་པོ་ལྟ་བ་ལ་གཡེལ་བ་དག་གི་ངོར་སྒྲ་ཉམས་པ་ལྟར་སྣང་ཡང་། དམིགས་བསལ་གྱི་ཐོབ་ཚུལ་བཤད་པའི་བརྡ་སྤྲོད་ཀྱི་གཞུང་ཆེན་པོ་ན་དེ་འདྲ་སྦྱར་བར་བཤད་པའི་ཕྱིར་བརྡ་སྤྲོད་པའི་མཚན་ཉིད་དང་ལྡན་པའི་སྐལ་བཟང་གཏོང་བ་མིན་ནོ། །བདུན་པ་གཅོད་མཚམས་སམ་ངལ་བསོ་ཉམས་པ་ནི། ཚིགས་བཅད་རྣམས་ལ་བཞི་ལ་སོགས་པ་སྡོད་ས་ངེས་པའི་གནས་སུ་བསྟན་པ་ཚིག་གི་གཅོད་མཚམས་དེ་ནི་ངལ་བསོ་བའི་གནས་ཞེས་པར་རིག་པར་བྱ་བ་ཡིན་ལ། དེ་ཉིད་ཇི་སྐད་བཤད་པ་ལྟར་ངལ་བསོ་བའི་གནས་སུ་མ་སོང་བས་ཉམས་པ་ནི་གཅོད་མཚམས་ཉམས་པ་སྟེ། ཚིག་སྔ་ཕྱིའི་བར་གྱི་གཅོད་མཚམས་དེར་མ་ཕོག་པའི་ཕྱིར་དེས་ཉན་པ་པོ་དགའ་བ་མིན་པ་བསྐྱེད་དེ། དཔེར་ན། བུད་མེད་རྣམས་ཀྱིས་ཡང་དག་བརྗོད་པའི་ཆོ་ག་རོ་ཉམས་མེད་ལ་འདིར། །མཆོག་རྣམས་དང་
འགྲོགས་མི་དབང་ཉི་མའི་རིགས་འདིས་ལྟ་བྱེད་ལ་སོགས་སྐྱོན། །ཞེས་གསུངས་པ་འདི་འདིའི་རྒྱ་སྐད་ཀྱི་སྟེང་ནས་ཤེས་དགོས་ཀྱི། བོད་སྐད་དུ་བསྒྱུར་ཟིན་འདིའི་སྟེང་ནས་ངལ་བསོ་ཉམས་ཚུལ་སྟོན་དུ་མེད་དོ། །དེ་ལ་རྐང་པ་གཉིས་པོ་འདིའི་རྒྱ་སྐད་དེ་ཉིད་ཡི་གེ་བཅུ་བདུན་པ་ཡིན་ལ། དེའི་སྡེབ་སྦྱོར་ནི་དལ་འགྲོ་ཅན་ཏེ། མ་ཝ་ན་སུ་རར་ཝ་རྣམས་མཚོ་དུས་འཇིག་རྟེན་དལ་འགྲོ་ཅན། ཞེས་བཤད་པས། བཞི་དྲུག་བདུན་ལ་ངལ་བསོ་དགོས་པ་ལས། འདིར་ཡང་དག་བརྗོད་པའི་སྐད་དོད་སཾ་གཱི་ཏ་ཞེས་པའི་གཱ་ཡི་སྟེང་དུ་ངལ་བསོ་བཞི་པ་ཕོག་པས་མིང་གི་དཀྱིལ་དུ་ངལ་བསོས་པ་དང་། དེ་ནས་དྲུག་པའི་ངལ་བསོ་ཉི་མའི་སྐད་དོད་ཨཱ་དི་ཏ་ཡ་ཞེས་པའི་ཐོག་མར་ཕོག་པ་སོགས་ངལ་བསོ་ཉམས་པ་འདི་ལ་སོགས་པ་ནི་ངལ་བསོ་ཉམས་པའི་སྐྱོན་ཡིན་ཞེས་སོ། །རོ་ཉམས་མེད་ལ་ཞེས་པ་སྒེག་པ་སོགས་ཀྱི་ཉམས་འགྱུར་ཕུན་ཚོགས་ཉམས་པ་མེད་པ་ལ་ཞེས་འབྲུ་མནན་པ་དང་། ཁ་ཅིག་དེ་འདྲའི་རོ་ཉམས་ཅི་ཡང་མེད་པ་ལ་ཞེས་འབྲུ་མནན་པར་སྣང་ངོ་། །ཡང་དག་བརྗོད་པའི་ཆོ་ག་ནི་གླུ་གར་སོགས་སོ། །ཡང་ངལ་བསོ་ཉམས་པ་ལྟར་སྣང་སྐྱོན་དུ་མི་འགྱུར་བ་ནི། བྱ་དང་བྱ་མིན་མ་ཚང་མེད་ལ་ལུང་ཉིད་ཀྱིས་ནི་ལྟ་བྱེད་ཅིང་། མི་བདག་འདི་ཡི་དབང་གྱུར་ས་འཛིན་ཞེས་པ་དེ་ལྟར་སྦྱོར་བ་ཡོད། ཅེས་བླང་དོར་ཐམས་ཅད་ལ་
ལུང་ཉིད་ཀྱིས་ལྟ་བ་ནི་ལུང་ལས་བཤད་པ་བཞིན་བྱེད་པའོ། །གཞན་གོ་སླ། འདིར་ཡང་སྡེབ་སྦྱོར་སྔ་མ་དང་མཚུངས་པ་ལས། བྱ་དང་བྱ་མིན་གྱི་སྐད་དོད་ཨ་ཀར་ན་ཞེས་པའི་ཡཱ་ན་ལ་ཕོག་པས་ཡ་ལྷག་མར་ལུས། མ་ཚང་མེད་པ་རྣམས་ལ་ཞེས་པའི་སྐད་དོད་ཨ་བི་ཀ་ལཱནྱཱ་ཞེས་པའི་ལཱ་ལ་སྡོད་པས་ཡ་ལྷག་མར་ལུས་པ་དེ་གཉིས་རྣམ་དབྱེ་ཤས་ཀྱི་རྗེས་ཡིན་པས་རྣམ་དབྱེའི་ལུས་འགྱུར་དེ་དག་ལྷག་མར་ལུས་ཀྱང་མིང་མཐའ་ཡར་ཐོབ་སྟེ་མིང་མཐའ་དངོས་མ་ལུས་པས་ངལ་བསོ་ཉམས་པར་མི་འགྱུར་ཞེས་སོ། །འདི་ལ་དཔང་ལོས་དེ་ནི་བརྗོད་འདོད་ཙམ་དུ་བས་སོ་ཞེས་གསུངས་ཀྱང་དེ་གཉིས་ལ་ཁྱད་ཡོད་ཅེས་མཁས་པ་དག་གསུངས་པ་ལྟར་ལེགས། བཤད་མ་ཐག་པ་ལྟ་བུ་ལ་ངལ་བསོ་མི་ཉམས་པའི་རྒྱུ་མཚན་ནི། ཇི་ལྟར་རྣམ་དབྱེ་བྱིན་ཀྱང་ཚིག་མཐའ་སྟེ་རྣམ་དབྱེའི་གཟུགས་འགྱུར་ཕྱིས་པ་ལ་ལྷག་མའི་མིང་མཐའ་དེ་ཉིད་ཚིག་ཉིད་དུ་ངེས་པ་དེ་བཞིན་རྣམ་དབྱེའི་གཟུགས་འགྱུར་མ་ཕྱིས་པའི་ཡ་སོགས་ཕ་རོལ་ཏུ་ལྷག་མར་ལུས་ཀྱང་། རྣམ་དབྱེ་དང་མཚམས་སྦྱོར་ཟིན་པའི་རྣམ་འགྱུར་གྱི་མཐའ་ཅན་སྔ་མ་དེ་ཡང་ཚིག་དེ་ཉིད་ཀྱི་མཐའ་ཡིན་ཞེས་ནི་བརྗོད་པ་ཡིན་པའོ། །དེ་ལྟར་ན་ཡང་གཅོད་མཚམས་དེ་ལྟ་བུ་ཅན་ནི་རྣ་བར་རྩུབ་པས་ན་སྙན་ངག་མཁན་རྣམས་ཀྱིས་ངག་དེ་འདྲ་མི་སྦྱོར་ཏེ།
དཔེར་ན། རྒྱལ་པོ་དེ་ཡི་རྒྱལ་མཚན་ཅན། །ཏོག་གིས་ཆུ་འཛིན་བསྐུལ་ཞེས་འདིའོ། །ཞེས་པ་འདིའི་རྒྱ་སྐད་དུ་ཏོག་གི་སྐད་དོད་ཀེ་ཏུ་མིན་པ་ལ་དེའི་དཀྱིལ་ནས་བཅད་དེ། ཀེ་ཚིག་རྐང་དང་པོའི་མཐའ་དང་། རླུང་གཉིས་པའི་ཐོག་མར་ཡོད་པ་འདི་ལྟ་བུའོ་ཞེས་གསུངས་ཏེ། རྒྱལ་མཚན་མཐོ་བས་ནམ་མཁའི་སྤྲིན་པ་སྐུལ་ཞིང་བསྐྱོད་པ་བརྗོད་པའི་ཚིག་རྐང་གཉིས་པོ་དེ་ལ་དཔེར་མཛད་པའོ། །བོད་སྐད་དུ། མི་ཡི་བདག་པོ་དེ་ཡི་རྒྱལ། །མཚན་གྱིས་སྤྲིན་ལ་རིག་པའོ། །ལྟ་བུར་རྣམས་རྩུབ་པ་དང་། དེར་མ་ཟད་ཁྱིམ་གྱི་མེ་ཚ་གདུང་ཆེ་བས་གངས་ཀྱི་རི་ཞུ་བར་བྱེད་དོ། །ལྟ་བུ་ཡང་བཅད་མཚམས་ཀྱི་དབང་གིས་རྣ་བར་རྩུབ་པས་དེ་ལྟར་མི་སྦྱར་བར། ཁྱིམ་གྱི་མེ་འདིའི་ཚ་གདུང་གིས། །གངས་ཀྱི་རི་རྣམས་ཞུ་བར་བྱེད། །ལྟ་བུར་སྦྱར་བར་བྱའོ། །བརྒྱད་པ་སྡེབ་སྦྱོར་ཉམས་པའི་སྐྱོན་ནི། གང་དུ་ཡི་གེ་དྲུག་པ་ལ་སོགས་པ་གང་ཡིན་པ་དེ་ལས་ཆད་པའམ་ལྷག་པར་གྱུར་པ་དང་། ལྕི་བ་དང་ཡང་བའི་མཚན་ཉིད་གཞུང་ལས་ཇི་སྐད་བསྟན་པ་ཇི་ལྟ་བ་བཞིན་དུ་མི་གནས་པ་དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། སྐྱོན་འདི་སྙན་ངག་ལ་ཤིན་ཏུ་སྨད་པའོ། །དེ་ཇི་ལྟར་ན་ཡི་གེ་བརྒྱད་པ་རྗེས་བསྔགས་ལ་ཡི་གེ་བདུན་དུ་གྱུར་ན་ཉུང་བ་དང་། དགུ་པར་གྱུར་ན་ལྷག་པ་ཡིན་པའི། དཔེ་བརྗོད་རིམ་བཞིན། ཟླ་བའི་འོད་ཟེར་
བསིལ་བས་རེག་ཅེས་པ་ལྟ་བུ་ཡི་གེ་ཉུང་བ་ཉིད་དེ། འདིའི་རྐང་པ་དང་པོ་ལ་རྒྱ་སྐད་དུ་ཡི་གེ་བདུན་ལས་མེད་པས་བོད་སྐད་དུ་དྲུག་བྱུང་ངོ་། །ས་ཧ་ཀཱ་རའི་ལོ་འདབ་གསར་པ་རྣམས། སྣུམ་ཞེས་ཡི་གེ་ལྷག་པའོ། །ཞེས་འདིའི་རྐང་པ་སྔ་མར་རྒྱ་སྐད་ལ་ཡི་གེ་དགུ་ཡོད་པས། བོད་སྐད་དུ་ཡང་དགུ་བྱས་པ་ཡིན་ནོ། །འདོད་པས་མདའ་རྣོན་རི་དྭགས་མིག་ཅན་ལ། །རྣམ་པར་འཕངས་ཞེས་ལྕི་བ་ཇི་བཞིན་མིན། །ཞེས་པ་འདི་ཉིད་རྒྱ་སྐད་དུ་ཡི་གེ་བཅུ་གཅིག་པ་སྡེབ་སྦྱོར་ཉེ་དབང་རྡོ་རྗེ་ཅན་ཡིན་པས། ཡི་གེ་དང་པོ་ཡང་དགོས་ཀྱང་ཀཱ་རིང་པོར་བྱས་པས་ལྕི་བ་ཇི་ལྟ་བ་བཞིན་དུ་གནས་པ་མིན་པའི་སྐྱོན་བྱུང་ངོ་། །མཛེས་པའི་མིག་ཅན་དག་ལ་མྱོས་བྱེད་ཀྱི། །མདའ་བསྣུན་ལྷུང་ཞེས་ཡང་བ་ཇི་བཞིན་མིན། །ཞེས་པ་འདི་རྒྱ་སྐད་དུ། སྡེབ་སྦྱོར་དབང་པོ་རྡོ་རྗེ་ཉིད་དུ་བྱས་པ་ཡིན་ཡང་། དེའི་དང་པོ་ལྕི་བ་ཡིན་དགོས་པ་ལ། འདིར་མ་ད་ན་ཞེས་པའི་མ་ཡང་བས་ཡང་བ་གཞུང་ལས་བཤད་པ་ཇི་ལྟ་བ་མིན་པ་ཡི་སྐྱོན་ཡོད་པའི་དཔེར་བརྗོད་དོ། །དགུ་པ་མཚམས་སྦྱོར་ཉམས་པའི་སྐྱོན་ནི། ཡི་གེ་རྣམས་མཚམས་སྦྱར་ཏེ་བསྡུས་པ་བརྗོད་པར་མི་འདོད་དེ། ཕན་ཚུན་སོ་སོར་བརྗོད་དོ་ཞེས་ཚིག་སྔ་ཕྱི་ལ་དབྱངས་དང་གསལ་བྱེད་རྣམ་བཅད་ཀྱི་མཚམས་སྦྱོར་ཐོབ་ཀྱང་མ་སྦྱར་བར་མཚམས་སྦྱོར་མེད་པ་
གང་ཡིན་པ་དེ་ལ། ཡ་ཕྱིས་པ་ལ་སོགས་པ་མཚམས་སྦྱོར་མི་བྱ་བའི་རྒྱུ་མཚན་མེད་པ་དེ་ནི་མཚམས་སྦྱོར་བྲལ་བ་ཞེས་སུ་མཁས་པ་དག་གིས་བསྟན་ཏོ། །དེའི་དཔེ། མཁའ་དང་བདག་གི་ཡིད་ལ་ཡང་། །རླུང་ནི་དལ་བུར་རྒྱུ་བ་ཡིས། །བུད་མེད་འགྲམ་པའི་དཀྱིལ་འཁོར་ལ། །རྔུལ་གྱི་ཆུ་རྒྱས་སེལ་བར་བྱེད། །ཅེས་པ་གོ་སླ་ཞིང་། ཚིགས་བཅད་འདིའི་རྒྱ་སྐད་ཀྱི་རྐང་པ་དང་པོའི་མཐར་རྒྱུ་བའི་སྐད་དོད་ཙ་ར་ཎཱ། གཉིས་པའི་ཐོག་མར་ཨངྒ་ན་ཡོད་པ་མཚམས་སྦྱོར་ཐོབ་ཀྱང་མ་སྦྱར་བ་ལྟ་བུའོ། །དེ་ལ་རྒྱ་དཔེར། རྐང་པ་སྔ་མ་གཉིས་སྦྲེལ་ནས་དེ་རྫོགས་མཚམས་ཤད་གཅིག་དང་། ཕྱི་མ་གཉིས་སྦྲེལ་མཐར་ཤད་གཅིག་སྟེ་ཚིགས་བཅད་གཅིག་ལ་མཚམས་སུ་ཤད་གཉིས་འབྱུང་བས། ཤད་ཀྱིས་ཆོད་པ་དག་གི་སྔ་ཕྱི་མཚམས་མི་སྦྱོར་ཏེ་རང་སོར་འཇོག་པ་ཡིན་ནོ། །མཚན་མོ་འདི་ལ་ཞེས་འདི་འདྲ། །མཁས་པས་ཉམས་པར་རིག་མི་བྱེད། །ཅེས་པ་མཚན་མོ་འདི་ལ་སོགས་ཀྱི་རྒྱ་སྐད་རྐང་པ་གཉིས་ཀྱི་ཐོག་མར། ཨཱ་སུ་ར་ཞེས་བྱུང་བ་དེ། ཚིགས་བཅད་སྔ་མའི་མཐར་སྱ་སི་ཞེས་བྱུང་བ་ལ་མཚམས་མ་སྦྱར་བ་ནི་ཚིགས་བཅད་ཀྱི་མཚམས་ཡིན་པས་མཁས་པས་མཚམས་སྦྱོར་ཉམས་པར་རིག་པར་མི་བྱེད་དོ། །ཞེས་སོ། །བཅུ་པ་གོང་དུ་ཡུལ་སོགས་དང་
འགལ་བ་གསུངས་པ་དེའི་དོན་ཅི་ལྟ་བུ་ཞིག་ཡིན་ཞེ་ན། རི་དང་ནགས་དང་ཡུལ་འཁོར་དང་ཆུ་བོ་དང་འབྱུང་ཁུངས་ལ་སོགས་པ་ནི་ཡུལ་ལོ། །ཉིན་མཚན་དང་དུས་དྲུག་དང་དུས་བཞི་ལ་སོགས་པ་དུས་སོ། །ཡུལ་ལ་ལོངས་སྤྱོད་པའི་འདོད་པའི་དོན་ལ་བརྟེན་པ་ཡི་གར་དང་གླུ་སོགས་ལུས་ངག་གི་སྒྱུ་རྩལ་ཏེ། འབྱུང་པོ་རྒྱུ་བ་སེམས་ཅན་དང་། མི་རྒྱུ་བའི་དངོས་པོ་སྣོད་ཀྱི་འཇུག་པའམ་ཚུལ་ནི་འཇིག་རྟེན་གྱི་མིག་ཅན་ནོ། །རིགས་པ་ནི་སྒྲུབ་བྱེད་གཏན་ཚིགས་རིགས་པ་ཡི་བདག་ཉིད་དོ། །ཐོས་པ་དང་བཅས་ཤིང་ཡིད་ཆེས་ཀྱི་ལུང་དུ་གསུངས་པ་ལུང་ཉིད་དེ། སྙན་ངག་མཁན་པོ་གང་ཞིག་ལེགས་པར་བསྒྲིམས་ཏེ་མི་རྟག་པའི་བག་མེད་པ་ལས། དྲུག་པོ་དེ་དང་དེར་ཇི་ལྟར་གྲགས་པ་བཞིན་མིན་པར་གལ་ཏེ་རབ་ཞུགས་ན། འདི་ནི་ཡུལ་སོགས་འགལ་ཅེས་བརྗོད་དོ། །དེ་དག་གི་དཔེ་བརྗོད་རིམ་པར་བསྟན་པ་ལས། ག་པུར་རྐང་འཐུང་ལ་རེག་པའི། །མ་ལ་ཡ་རླུང་དྲི་བཟང་ཅན། །ཅེས་པ་རི་ཡི་གནས་ཚུལ་དང་འགལ་ཏེ། མ་ལ་ཡའི་རི་ལ་ག་བུར་གྱི་ཤིང་མེད་པས་སོ། །ཀ་ལིངྐ་ཡི་ནགས་སུ་སྐྱེས་པའི་གླང་པོ་ནི་རི་དྭགས་ཀྱི་རིགས་ཅན་མང་པོ་ཞེས་པ་ནགས་དང་འགལ་ཏེ། ནགས་དེ་ན་གླང་པོ་ཆེ་བྷ་དྲ་ཞེས་པའི་རིགས་མང་གི། རི་དྭགས་ཀྱི་རིགས་མི་
མང་ངོ་། །ལྷོ་ཕྱོགས་ཅོ་ལ་གོ་ལ་ཞེས་པའི་ཡུལ་གྱི་ཆུ་ཀླུང་ཀཱ་བེ་རཱི་ཞེས་པའི་འགྲམ་ངོགས་ཀྱི་སའི་ཆར་ཨ་ག་རུ་ནི་ནག་པོ་ལོ་མ་སྔོ་བས་ཁྱབ་ཅེས་ཆུ་ཀླུང་དང་འགལ་ཏེ་དེ་ན་ཨ་གར་མེད་པས་སོ། །ཞེས་པ་ཡུལ་དང་འགལ་བ་ཡི་ཚིག་གི་འཇུག་པ་ནི་བཤད་མ་ཐག་པ་འདི་འདྲ་སྟེ། དེ་བཞིན་དུས་དང་འགལ་བའི་དཔེ་ནི། པདྨ་ཅན་ནི་མཚན་མོ་རྒྱས། །ཉིན་པར་ཀུ་མུད་ལྡན་པ་གསལ། །ཞེས་པདྨ་ཅན་དང་ཀུ་མུད་ལྡན་པ་ནི། དེ་དག་གི་ཡུ་བའི་ཤིང་རྒྱས་པ་ལས་མེ་ཏོག་ཁ་ཕྱེ་བ་ལ་འཆད་པའང་སྣང་། ལྡན་སྒྲས་དེ་དག་གི་ཚལ་བྱས་ཀྱང་རུང་སྟེ། པདྨ་ཉིན་མོ་ཁ་ཕྱེ་ཀུ་མུད་མཚན་ཁ་ཕྱེ་བ་དང་འགལ་བ་ནི་ཉིན་གྱི་དུས་དང་འགལ་བའོ། །དཔྱིད་ནི་ནི་ཙཱུ་ལ་རབ་རྒྱས། །སོས་ཀ་དག་ནི་སྤྲིན་གྱིས་གཏིབས། །ངང་པའི་སྒྲ་ནི་དབྱར་མཉན་འོས། །སྟོན་ནི་རྨ་བྱ་མྱོས་པ་སྟེ། །དགུན་སྟོད་ཉི་མ་དྲི་མ་མེད། །དགུན་ནི་ཙནྡན་བསྔགས་པར་འོས། །ཞེས་པ་དུས་དྲུག་དང་འགལ་བ་སྟེ་དཔྱིད་ནི་ཙཱུ་ལའི་ཤིང་ཁ་འབུས་ཀྱི་མེ་ཏོག་རྒྱས་སོ། །སོས་ཀ་ཆར་སྤྲིན་མེད་པ་དང་། དབྱར་ངང་པ་སྒྲ་སྙན་མི་བསྒྲགས་པ་དང་། སྟོན་ཆར་སྤྲིན་དང་འབྲུག་སྒྲ་ཞན་པས་རྨ་བྱ་མི་མྱོས་པས་སོ། །དགུན་སྟོད་ཉི་མ་རླུང་དང་རྡུལ་གྱིས་བསྒྲིབས་པས་དྲི་མ་མེད་པ་མིན་པ་དང་། དགུན་སྨད་ཙནྡན་ཤིང་གི་ཡལ་ག་དང་མེ་ཏོག་མི་རྒྱས་ཤིང་། གྲིབ་
བསིལ་ལ་མི་རེ་བས་བསྔགས་པར་འོས་པ་མིན་པས་སོ། །ཞེས་པ་འདི་འདྲ་དུས་དང་ནི། །འགལ་བའི་ལུགས་དག་བསྟན་པ་ཡིན། །སྒྱུ་རྩལ་དག་དང་འགལ་བའི་ལམ། །ཅུང་ཟད་བསྟན་པར་བྱ་སྟེ་དཔེར། །དཔའ་དང་སྡིག་པའི་ཡིད་བྱེད་ཀྱི། །གནས་ཅན་ཁྲོ་དང་ཡ་མཚན་ནོ། །དབྱངས་བདུན་རྫོགས་པ་འདི་དག་ནི། །ཐ་དད་ལམ་དུ་རབ་ཏུ་འཇུག །འདི་ལྟར་སྒྱུ་རྩལ་དྲུག་ཅུ་བཞིར། །འགལ་བ་ལེགས་པར་རྟོགས་པར་བྱ། །སྒྱུ་རྩལ་ཡོངས་སུ་བཅད་པ་ལས། །དེ་ཡི་རང་བཞིན་གསལ་བར་འགྱུར། །ཞེས་གནས་ཞེས་པ་ཡིད་བྱེད་དེ་ཉམས་བརྒྱད་པོའི་རྒྱུ་ཡིད་ཀྱི་ཀུན་སློང་འགའ་ཞིག་ལུས་ངག་གི་ཉམས་སུ་མ་ཐོན་པའོ། །སྠི་ཡི། ཞེས་པ་གནས་ཅན་ཏེ་ཡིད་བྱེད་དེ་ལས་སྐྱེས་པའི་ཉམས་བརྒྱད་པོའི་སྤྱི་མིང་ངོ་། །དེ་ལ་ཁྲོ་བའི་ཡིད་བྱེད་ལས་དྲག་ཤུལ་གྱི་ཉམས་དང་ཡ་མཚན་པ་ལས་རྨད་བྱུང་། དགའ་བས་སྒེག་པ། སྤྲོ་བས་དཔའ་བ་སོགས་རྒྱུ་འབྲས་མ་ནོར་བར་འབྱུང་དགོས་པ་ལས། འདིར་དཔའ་བའི་ཡིད་བྱེད་ཀྱི་གནས་ཅན་ཁྲོ་བ་དང་། སྒེག་པ་ལ་ཡ་མཚན་པ་སྦྱར་བས་འགལ་བའོ། །ཞེས་བཤད་ཀྱང་། དེ་ལྟར་ན། ཁྲོ་དང་ཡ་མཚན་ཡིད་བྱེད་ཀྱི། །གནས་ཅན་དཔའ་དང་སྒེག་པའོ། །ཞེས་སྦྱར་ན་འགྲིག་གི་གོང་ལྟར་ན་ཚིག་ལྷུས་འགྲིག་ཅུང་དཀའོ། །
འདི་ལ་འགྱུར་སྔ་ཕྱིས་གོ་བ་ཐ་དད་དུ་བླང་བར་འདུག་སྟེ། ཡང་ན་སྒེག་སོགས་ཡིད་ལ་བྱེད་པའི་ཉམས་བརྒྱད་ལ། གནས་ཞེས་གོ་ནས། གནས་ཅན་དེའི་རྒྱུ་ཁྲོ་བ་སོགས་ལ་གོ་ན། སྔ་མ་ལྟར་བརྗོད་རུང་མོད། མདོར་ན་ཡིད་བྱེད་རྒྱུ་ཡིན་པས་ཉམས་དེ་དང་དེའི་འབྱུང་གནས་ཡིན་ལ། དེ་ལས་སྲུང་བའི་ཉམས་བརྒྱད་གནས་ཅན་འབྲས་བུར་གོ་དགོས་པས། དེ་ལྟར་ན་དཔའ་དང་སྒེག་པའི་ཡིད་བྱེད་ཀྱི་གནས་སུ་གྱུར་པ་ཅན་ནི་ཞེས་འབྲུ་བསྣོན་དགོས་པ་འདྲ་སྟེ་དཔྱད། གོ་རྒྱུའི་དོན་སྒེག་པའི་ཡིད་བྱེད་དགའ་བ་སོགས་ཡིན་པ་དེ་མ་ནོར་བར་སྦྱར་ན་མི་འགལ་ལ། ནོར་བར་སྦྱར་ན་འགལ་བ་ཡིན་ནོ། །ཤོང་འགྱུར་དུ། དཔའ་དང་སྒེག་པ་དག་གི་དངོས། །བརྟན་པ་ཁྲོ་དང་ཡ་མཚན་ནོ། །ཞེས་བསྒྱུར། དབྱངས་བདུན་ནི། དྲང་སྲོང་། ས་འཛིན། དྲུག་སྐྱེས། བར་མ། བློ་གསལ། ལྔ་པ། འཁོར་ཉན་ཞེས་པ་བདུན་ནོ། །དེ་བདུན་འདྲེས་ཤིང་རྫོགས་པ་སྙན་པའི་ཚད་མིན་ལ། འདིར་དང་པོ་དབྱངས་བདུན་རྫོགས་པ་འདི་དག་ནི་ཞེས་ཁས་བླངས་ནས་དེའི་རྗེས་སུ་ཐ་དད་ལམ་དུ་རབ་ཏུ་འཇུག་ཅེས་བཤད་པ་འགལ་ཞེས་ཁམས་འགྲེལ་དུ་གསུངས། དེ་ཡང་། རྩེད་མེ་རློམ་པས་བླང་པ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་
བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ། །ཞེས་བཤད་པས། དབྱངས་རང་རང་གི་འཇུག་ཡུལ་དང་འབྲེལ་དགོས་པ་ལས། སྙིང་རྗེའི་ཡུལ་ལ་བློ་གསལ་གྱི་དབྱངས་ལེན་པ་ལྟ་བུ་སྒྱུ་རྩལ་དང་འགལ་བ་ཡིན་པས། དབྱངས་བདུན་ཀ་གཅིག་ཏུ་རྫོགས་པ་ཡུལ་ཐ་དད་ལ་ལེན་པ་ཡིན་པ་ནི་སྒྱུ་རྩལ་དྲུག་ཅུའི་བྱེ་བྲག་དབྱངས་བདུན་དང་འགལ་བའོ། །ཇི་སྐད་བཤད་པ་འདི་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་འགལ་བ་ལེགས་པར་རྟོགས་པར་བྱའོ། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཅི་ལྟ་བུ་ཞིག་ཡིན་ཞེ་ན། སྒྱུ་རྩལ་ཡོངས་སུ་བཅད་པ་ཞེས་པའི་གཞུང་ལེའུ་བཞི་པ་ཞིག་སློབ་དཔོན་དབྱུག་པ་ཅན་ཉིད་ཀྱིས་མཛད་པ་དེ་ལས་སྒྱུ་རྩལ་དེ་ཡི་རང་བཞིན་གསལ་བར་འགྱུར་རོ། །ཞེས་སོ། །སྤྱིར་ལུས་ངག་གི་སྒྱུ་རྩལ་ལ་རྣམ་པ་ཤིན་ཏུ་མང་པོ་ཡོད་ཀྱང་། འཕགས་ཡུལ་སོགས་སུ་ཡོངས་གྲགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི་བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུ་སྟེ་དྲུག་ཅུ་རྩ་བཞིའོ། །དེའི་དང་པོ་སུམ་ཅུ་ནི། ཡི་གེ། ལག་རྩིས། གྲངས་དང་། རྩིས་ཆེན། ཐོར་ཚུགས། ཤོམ་སྟབས། ལྕགས་ཀྱུས་བསྒྱུར་བ། རལ་གྲིའི་ཐབས། ཞགས་པས་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་
བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོག་པ། སྒྲ་གྲག་པར་འཕོག་པ། གནད་དུ་འཕོག་པ། མི་འཆོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོངས་པ། གྱད་ཀྱི་འཛིན་སྟངས། བང་འགྲོས། རྐྱལ་བ། བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ་གཞུ། གྱད་སྟོབས་དང་སུམ་ཅུའོ། །གཉིས་པ་རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། རྔ་པོ་ཆེ། རྫ་རྔ་དཀྱུས་མ། རྔ་དཀྱུས་མ། རྔ་ཟླུམ་ལག་རྔ། འཁར་རྔ། པི་ཝཾ་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། རྫ་རྔ་ཆེན་པོ། ལྕགས་ཀྱི་སིལ་ཁྲོལ། ཁར་དཀྲོལ། པི་ཝཾ་རྒྱུད་གསུམ་པ། པི་ཝཾ་རྒྱུད་བདུན་པ། རྔ་མུ་ཀུནྡ། སིལ་སྙན། གླུ་དབྱངས། ཕེག་རྡོབ། རྔ་ཆུང་། གླིང་བུ་དང་བཅོ་བརྒྱད་དོ། །གླུ་དབྱངས་ཀྱི་ངེས་པ་བདུན་ནི། བར་མ། དྲང་སྲོང་། ས་འཛིན། དྲུག་སྐྱེས་སམ་དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་བདུན་ནོ། །གར་གྱི་ཆ་བྱད་དགུ་ནི། སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིགས་རུང་། སྙིང་རྗེ། རྔམ་པའམ་ངོ་མཚར་བ། ཞི་བ་དང་དགུའོ། །འདི་རྣམས་སོ་སོའི་ངེས་ཆ་བཤད་པ་མ་མཐོང་ཡང་ཕལ་ཆེར་གོ་སླ་ལ། དཔེ་ལ་ལར་སྒྱུ་རྩལ་ཡང་དང་པོ་སུམ་ཅུའི་གྲངས་སུ་བརྩིས། བང་
རྐྱལ་གཅིག་ཏུ་བརྩིས་འདུག་ཀྱང་སྒྱུ་རྩལ་སྤྱི་མིང་ཡིན་ཅིང་། དབྱེ་གཞི་ཡིན་པས་རེ་བཞིའི་གྲངས་སུ་མི་བརྩི། བང་ཞེས་པ་བརྒྱུག་པ་དང་རྐྱལ་ཞེས་པ་ཆུ་ལ་རྐྱལ་བ་སྟེ་སོ་སོར་བརྩིའོ། །དེ་ལ་ཡི་གེ་འབྲི་བ་དང་། ལག་རྩིས་ཞེས་པ། རྩིས་ཕྲན་ལག་པའི་སྟེང་དུ་བརྩིས་ཆོག་པ། གྲངས་ཅན་ནི་གྲངས་རྩིས་དགུ་མཐའ་ཤེས་པ་ལྟ་བུ། རྩིས་ཆེན་པོ་གཟའ་སྐར་གྱི་ལོངས་སྤྱོད་སོགས་བརྩི་བ། ཐོར་ཅོག་བཅིངས་པ་དང་། གོམ་པ་འདོར་སྟབས་དང་། མཆོངས་པ་དང་། ཤེད་འཐབ་ཚེ་གྱད་ཀྱི་འཛིན་སྟངས། ཆུ་སོགས་ལ་བརྒལ་བ། ཤེད་སྦྱངས་ཏེ་སྟོབས་དང་ལྡན་པ། རྟ་དང་གླང་པོ་ཞོན་པ་ལ་སྦྱངས་བ། ཤིང་རྟ་འདྲེན་པ་སོགས་ཀྱི་ཐབས། མདའ་གཞུ་འགེངས་པ། མདའ་བོ་ཆེ་འཕེན་པ། མདུན་དུའམ་སྔར་བསྣུར་བ་དང་ཕྱིར་བསྣུར་བ། ལྕགས་ཀྱུ་འདེབས་པ་དང་རལ་གྲི་དག་གི་འཕྲུལ་ཐབས་དང་ཞགས་པ་འདེབས་པ་ལ་བྱང་བ། རལ་གྲིས་བཅད་པ་དང་དྲལ་བ། མདུང་གིས་འབུག་པ་དང་། གཞན་ཡང་ཤིང་སོགས་དངོས་པོ་བཅད་པ་དྲལ་བ་འབུག་པ་ལ་བྱང་བ་ཕལ་ཆེར་ཤིང་བཟོ་དང་ལྕགས་བཟོའི་ལས་ལྟ་བུ་ཡིན་རུང་འདིར་རྒྱལ་རིགས་ལ་མཁོ་བ་མཚོན་ཆའི་སྒྱུ་རྩལ་གཙོ་བོར་བྱས་པ་འདྲའོ། །མདའ་འཕེན་པ་ལ་འཕོང་གི་གནས་
ལྔ་ལ་བྱང་བ་ཞེས། དང་པོ་བ་ལང་གི་ཕུར་པ་སོགས་འཕེན་དུ་བྱས་ནས་སྦྱངས་པས། རིམ་པས་བསྒྲིམ་ན་ཕོག་པ་དང་། དེ་ནས་བསྒྲིམ་མི་དགོས་པར་ཕོག་པ་འབྱུང་ལ། ད་དུང་སྦྱང་བས་རྒྱང་རིང་པོར་ཕོག་པ་དང་། གང་ལ་འཕངས་ཀྱང་མི་འཆོར་བར་ཕོག་པ་དང་། གང་ལ་གཏད་ས་ལྟར་གནད་དུ་ཕོག་པ་དང་། ཤུགས་སམ་ཚབས་ཆེ་བར་ཕོག་པ་དང་། གཟུགས་མ་མཐོང་ཡང་སྒྲ་གྲགས་པ་ལ་གཏད་ནས་འཕང་བས་ཕོག་པ་བྱུང་བ་འཕོང་གི་གནས་ལྔ་བྱང་བ་ཡིན་ནོ། །རྫ་རྔ་དང་པི་ཝཾ་དང་རྔ་ཡི་བྱེ་བྲག་རྣམས་སོ་སོའི་བཟོ་དབྱིབས་མི་འདྲ་བ་དེ་རྣམས་དང་། ཤམྱཱ་སྟེ་ཁར་དཀྲོལ་ཅེས་པ་འདི་ལ་ལས་འཁར་བའི་སིལ་ཁྲོལ་ཞེས་བྱས་འདུག་སྟེ་ཁ་ཡི་ཐད་དུ་དཀྲོལ་པའི་ཆ་བྱད་ཆུང་ངུ་ཡོད་པས་དེ་འདྲའམ་དུང་སོགས་ཁ་ནས་འབུད་པའི་རིགས་ཡིན་ནམ་སྙམ་སྟེ་དཔྱད། སིལ་ཁྲོལ་ནི་ཆ་ལང་ལྟ་བུ། ཕེག་རྡོབ་པ་རྒྱ་གཞུང་ཁ་ཅིག་ཏུ་ལག་པ་རྡོབ་པ་ལ་ཡང་བཤད། ལ་ལར་ལག་མཐིལ་གྱི་རོལ་མོ་ཆུང་ངུ་ཞེས་བཤད་སྣང་། གླུ་དབྱངས་ནི་ངག་གི་དབྱངས་ལེན་པ། སིལ་སྙན་གླིང་བུ་སོགས་ཡོངས་གྲགས་ལ་དེའི་བྱེ་བྲག་དུ་མ་ཡོད་དོ། །ཁ་ཅིག་གིས་རྫ་རྔ་ཆེན་པོ་མ་བརྩིས་པར་བྲོ་དང་། པི་ཝཾ། རོལ་མོའི་སྒྲ་གསུམ་བརྩིས་ནས་བཅོ་བརྒྱད་བྱས་སྣང་ཡང་། བྲོ་རོལ་མོ་མིན་ཡང་བྲོ་ཡི་ངག་
ལ་བསམ་ན་མི་རུང་བ་མེད་འདྲ་ཡང་དཔྱད། རོལ་མོའི་སྒྲ་ཞེས་པ་སྤྱི་ཙམ་ལས་བྱེ་བྲག་མི་འབྱེད་ཅིང་། པི་ཝཾ་ལ་རིགས་དུ་མ་ཡོད་པར་འདུག་ཀྱང་། གོང་བཤད་པི་ཝཾ་གཉིས་མིན་པའི་པི་ཝཾ་གང་ལ་ངོས་འཛིན་པ་ཡང་མི་གསལ་བས་པི་ཝཾ་རྒྱུད་བདུན་པ་ལ་བྱས་ན་འཐད་འདྲ་བས་དེ་ལྟར་བརྩིས། རྔ་ཡི་རིགས་ལ་དུ་མ་དང་། རྔ་ཟླུམ་གྱི་བྱེ་བྲག་ལ་ཨ་རུ་ར་དང་བ་ལང་གི་མཇུག་མ་དང་ནས་ཀྱི་དབུས་ཆ་ལྟ་བུ་མི་འདྲ་བ་ཡོད་པ་དང་། པ་ཊ་ཧཿཞེས་པ་སྒྲ་འདོར་ཏེ་རྔ་ཆུང་གི་མིང་ཡིན་པ་དང་། རྒྱལ་ཕྲན་སོགས་ཀྱི་ཌྷ་རྫ་ག་རྔ་སོགས་དབྱེ་བ་དང་། པི་ཝཾ་ལའང་དབྱེ་བ་དུ་མ་འཆི་མེད་མཛོད་ལས་བཤད་དོ། །གླིང་བུ་སོགས་སྦུབས་ཅན་དང་། པི་ཝཾ་སོགས་རྒྱུད་ཅན་དང་རྔ་སོགས་གཡོགས་ཅན་དང་ལྕགས་ལས་བྱས་པའི་མཁྲེགས་ལྡན་གྱི་རོལ་མོའི་རིགས་འདི་དག་འབུད་དཀྲོལ་བརྡུང་བའི་བྱ་བ་ལ་གོམས་པ་མཐར་དབྱུང་བ་ནི་རོལ་མོའི་སྒྱུ་རྩལ་ལོ། །ངག་གི་དབྱངས་བདུན་ནི། སོ་སོའི་དབྱངས་ཀྱི་ངེས་པ་མི་འདྲ་བ་ཡོད་པ་སྦྱངས་ནས་ཤེས་དགོས་ཤིང་། འཆི་མེད་མཛོད་འགྲེལ་དུ་སྒྲའི་སྐྱེ་གནས་དྲུག་འཛིན་པ་དྲུག་ལྡན་སོགས་ངེས་ཚིག་གི་བཤད་པ་སྣང་ཞིང་། ཐུབ་པ་མིས་བྱིན་བུས། བར་མ་ཁྲུང་ཁྲུང་གི་སྐད། ཁྱུ་མཆོག་གམ་དྲང་སྲོང་ཞེས་པ་བ་ལང་གི་
སྐད་དང་། གཱནྡྷ་ར་ས་འཛིན་ནམ། ལ་ལར་གནྡྷ་ར་དྲི་འཛིན་ཞེས་འབོད་པར་ཡི་སྐད། དྲུག་སྐྱེས་སམ་དྲུག་ལྡན་རྨ་བྱའི་སྐད། ལྔ་པ་ཁུ་བྱུག་གི་སྐད། བློ་གསལ་རྟ་ཡི་སྐད། འཁོར་ཉན་གླང་པོ་ཆེའི་སྐད་ཅེས་བྱའོ། །དབྱངས་འདི་དག་འདེགས་འཇོག་ཕྲ་སྦོམ་འགྱུར་འཁུག་ཇི་ལྟར་ཡིན་པ་བྱང་ནས་ཡིད་ཕྲོག་པར་བྱས་པ་ངག་གི་སྒྱུ་རྩལ་ལོ། །གར་གྱི་ཆ་བྱད་དམ་ཉམས་དགུ་ནི། ཉམས་ལྡན་གྱི་རྒྱན་གྱི་སྐབས་སུ་བཤད་པ་ལྟར་མཛེས་ཤིང་སྒེག་པ་དང་། སེམས་མ་ཞུམ་པར་བརྟན་པའི་དཔའ་བ་དང་། ཞེན་ལོག་པའི་མི་སྡུག་པའི་རྣམ་པ་དང་། བསྡིགས་པ་སོགས་དྲག་ཤུལ་དང་། དགོད་ཅིང་འཛུམ་པའི་བཞད་གད་དང་། ཚམ་རྔམ་གྱི་འཇིགས་རུང་དང་། བྱམས་ཤིང་མཆི་མ་འབྱིན་པ་སོགས་སྙིང་རྗེ་དང་། མིག་གདངས་ཤིང་ཡ་མཚན་པའི་ཚུལ་དུ་ཨ་ལ་ལ་ཞེས་སོགས་སྒྲོག་པ་དང་། དལ་ཞིང་བག་ཕེབས་ལ་བྱམས་པའི་ཚུལ་ཅན་ཞི་བའི་ཉམས་རྣམས་ལུས་ཉམས་སུ་ཐོན་པར་བྱས་པ་ནི་གར་གྱི་འཆམ་སྟབས་ཁྱད་པར་ཅན་ཡིན་པས་དེ་ལ་བྱང་བ་ནི་སྒྱུ་རྩལ་ལོ། །དེ་རྣམས་སློབ་དཔོན་མཁས་པའི་དྲུང་ནས་མིག་མཐོང་དང་ལག་ལེན་བཞིན་བྱང་བར་བྱས་པ་ནི་འཇིག་རྟེན་ལ་ཉེ་བར་མཁོ་བའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཤེས་པ་ཞེས་བྱའོ། །གཞན་ཡང་འདོད་པའི་སྒྱུ་རྩལ་
དྲུག་ཅུ་རྩ་བཞི་དང་། བཟོ་སྦྱང་སོགས་སྒྱུ་རྩལ་ལ་གཏོགས་པ་ནི་ཤིན་ཏུ་མང་པོ་ཉིད་ཡོད་པ་ཡིན་ནོ། །གླང་པོ་དག་ནི་རལ་པ་གཡོ། །རྟ་ཡི་རྭ་ནི་རྣོ་པ་ཡིན། །ཨེ་རཎྜ་འདི་སྙིང་པོ་ལྕི། །སེང་ལྡེང་རློན་པ་སྙིང་པོ་མེད། །ཅེས་པ་འདི་ནི་འཇིག་རྟེན་པ། །ཉིད་དང་འགལ་བས་ཀུན་གྱིས་སྨད། །ཅེས་གླང་པོའི་རལ་བ་དང་རྟ་ཡི་རྭ་མི་སྲིད་ལ། ཤིང་ཨེ་རཎྜ་ལྕུམ་ལྟར་སྙི་ཞིང་སྙིང་པོ་མེད་པ་དང་། སེང་ལྡེང་རློན་པ་སྲ་མཁྲེགས་ལ་སྙིང་པོ་སྲ་བའི་ཆ་མེད་པར་བརྗོད་ན་འཇིག་རྟེན་པ་ཀུན་གྱིས་མངོན་སུམ་མཐོང་བ་དང་འགལ་བས་ཀུན་གྱིས་སྨད་པར་བྱ་བའོ། །རིགས་པ་ཞེས་བྱ་གཏན་ཚིགས་ཀྱི། །རིགས་པ་དང་འགལ་བཤད་པར་བྱ། །དེ་ལ་ནང་པའི་རིགས་པ་དང་འགལ་བའི་དཔེ་ནི། བདེ་གཤེགས་འདུས་བྱས་འཇིག་པར་ནི། །གསུངས་པ་བདེན་མོད་དེ་ལྟར་ནའང་། །ཙ་ཀོ་ར་ཡི་མིག་ཅན་དེ། །ད་དུང་བདག་གི་སྙིང་ལ་གནས། །ཞེས་པ་འདུས་བྱས་ཡིན་ན་འཇིག་པ་ཡིན་པས་ཁྱབ་པ་ཡིན་ཡང་། བྱ་ཙ་ཀོ་ར་ཡི་མིག་ཅན་མཛེས་མ་དེ་ནི་ད་དུང་ཡང་བདག་གི་སྙིང་ངམ་སེམས་ལ་གནས་པས་ན་སྐད་ཅིག་གིས་འཇིག་ན་ད་དུང་སེམས་ལ་གནས་པ་མི་འཐད་དོ། །ཞེས་སོ། །ཙ་ཀོ་རའི་མིག་ཅན་མ་ཡང་འདུས་བྱས་ཡིན་པས་དངོས་དོན་ལ་མ་ཞིག་པར་གནས་པ་ནི་མི་སྲིད་པས་སོ། །སེར་སྐྱ་བའི་
ལུགས་ཀྱི་རིག་པ་དང་འགལ་པ་ནི། སེར་སྐྱ་བ་རྣམས་ཀྱིས་དངོས་པོ་སྔར་མཐོང་བ་མེད་པ་རྣམས་ཀྱི་སྐྱེ་བ་ནི་རྒྱུ་ལ་ཡེ་ནས་གནས་པ་ཉིད་དེ་སྔར་མེད་ན་སྐྱེ་བར་མི་རིགས་སོ་ཞེས་ཟེར་ཡང་། ཅི་ཕྱིར་བདག་ཅག་རྣམས་ཀྱིས་ནི། སྔོན་མེད་པ་རྣམས་གསར་དུ་རབ་ཏུ་སྐྱེ་བ་མཐོང་ངོ་། །རིགས་པ་དག་དང་འགལ་བ་ཡི། །ལུགས་འདི་ལྟ་བུ་རྣམས་ཀུན་ཏུ་བལྟ་བར་བྱའོ། །དེ་ནས་ལུང་དང་འགལ་བ་ཡི། །འཇུག་པ་དག་ནི་བསྟན་པར་བྱ། །མེ་ནི་བཞག་པ་མ་ཡིན་ཡང་། །བུ་སྐྱེས་བྲམ་ཟེ་མ་ཉམས་པའི། །སྤྱོད་པས་བརྒྱན་པ་འདི་དག་ནི། །བཻ་ཤཱ་ན་རཱའི་མཆོད་སྦྱིན་བྱེད། །ཅེས་པ་རིག་བྱེད་ཀྱི་གཞུང་ལས་བུ་རང་ཉིད་སྐྱེས་དུས་ཀྱི་མེ་དེ་ཡི་རྒྱུན་མ་ཆད་པར་བཞག་པ་ལ་བུ་དེ་ཉིད་ཀྱིས་སྦྱིན་སྲེག་བྱེད་པར་བཤད་དེ། རིག་བྱེད་ལས། གང་ཞིག་མེ་ནི་བཞག་བྱས་ནས། །བུ་སྐྱེས་བཻ་ཤྭཱ་ན་ར་ཡི། །མཆོད་སྦྱིན་ཉམས་སུ་མྱོང་བར་བྱེད། །ཅེས་བཤད་ལ། མེ་ལྷ་ནི་དྲང་སྲོང་བཻ་ཤྭཱ་ན་རའི་བུ་ཡིན་པས་དེ་ལ་བུ་རྒྱུད་ཀྱི་རྐྱེན་བྱིན་པས་བཻ་ཤྭཱ་ན་རཱི་སྟེ་མེ་དང་མེ་ལྷ་ཐུན་མོང་གི་མིང་ཡིན་པས་མེ་ཡི་སྦྱིན་སྲེག་བྱེད་པའོ། །དེ་ལ་རང་སྐྱེས་དུས་ཀྱི་མེ་ནི་རྒྱུན་མ་ཆད་པར་བཞག་པ་མ་ཡིན་ཡང་། བུ་སྐྱེས་པའི་བྲམ་ཟེ་རིགས་ལས་མ་ཉམས་པ་དག་གིས། བཻ་ཤ་ན་རཱི་སྟེ་མེའི་མཆོད་སྦྱིན་བྱེད་དོ། །ཞེས་པ་ལུང་དང་འགལ་བ་
དང་། ཡང་བྲམ་ཟེར་བསྒྲུབ་པའི་ཆོ་ག་བྱས་ནས་བླ་མ་ལས་རིག་བྱེད་བཀླག་པར་བྱ་ཡི། ཆོ་ག་མེད་པར་བཀླག་པར་རིག་བྱེད་ཀྱི་ལུང་ལས་མ་བཤད་ཀྱང་། སྐྱེས་བུ་འདི་ནི་ཆོ་ག་མ་བྱས་པར་བླ་མ་དག་ལས་རིག་བྱེད་ཀློག་པར་བྱེད་དེ། དཔེར་ན་རང་བཞིན་གྱིས་དག་པའི་ཤེལ་དག་ནི་དག་པར་བྱེད་པའི་འདུ་བྱེད་གཞན་ལ་བལྟོས་པ་མེད་པ་བཞིན་ནོ། །ཞེས་པ་ལྟ་བུའོ། །ཆོ་གའི་སྒོ་ནས་བྲམ་ཟེར་བསྒྲུབས་པས་བྲམ་ཟེ་རྣམས་ལ་གཉིས་སྐྱེས་ཞེས་སུའང་གྲགས་ཞེས་བཤད། དེ་ལྟ་བུའི་སྐྱོན་ནི་མཐའ་དག་འདི་དང་འདི་ལྟ་བུ་ལ་ཡང་། རེས་འགའ་སྙན་ངག་མཁན་མཁས་པས། །སྐྱོན་གྱིས་གྲངས་ལས་རབ་འདས་ནས། །ཡོན་ཏན་ལམ་ནི་རྣམ་པར་འཛིན། །ཞེས་སྐྱོན་མེད་པའི་བརྗོད་ཚུལ་དམིགས་བསལ་ཡོད་དེ། དཔེར་ན་ཡུལ་དང་འགལ་བ་ལྟར་སྣང་ཡང་སྐྱོན་མེད་པ་ནི། རྒྱལ་པོ་དེ་ཡི་མཐུ་ལས་ནི། །དེ་ཡི་སྐྱེད་ཚལ་ལྷ་རྣམས་ཀྱི། །ལྗོན་པ་ཡལ་འདབ་གོས་སྣུམ་དང་། །ལྡན་པ་དག་གི་གནས་སུ་གྱུར། །ཅེས་པ་མིའི་ཤིང་རྣམས་ལ་ལྷའི་ལྗོན་པའི་ཡལ་འདབ་ཀྱི་གོས་མདོག་སྣུམ་ཅན་མེད་ཀྱང་བསོད་ནམས་ཀྱི་མཐུས་དེ་ལྟར་སྲིད་དེ། མེ་སྐྱེས་ཀྱི་ལོ་རྒྱུས་མདོ་ལས་གསུངས་པ་བཞིན་ནོ། །དུས་དང་འགལ་ཡང་སྐྱོན་མེད་པ་ནི། རྒྱལ་པོ་འཇིག་པ་གསལ་བྱེད་པ་ཤིང་
ཀ་དམྤ་ཡི་མེ་ཏོག་གི་རྡུལ་དང་འགྲོགས་པའི་རླུང་གིས་འདབ་མ་བདུན་པ་ཡི་ཤིང་ལས་འཁྲུངས་པ་ཡི་ལོ་མ་སྐྱོད་པར་བྱེད་ཅིང་། དྲག་པོ་ཡི་ནི་རླུང་དག་རྒྱུའོ་ཞེས། ཀ་དམྤའི་མེ་ཏོག་དབྱར་དུས་སུ་འགྱུར་ཞིང་། ཚིགས་རེ་ལ་ལོ་མ་བདུན་ཡོད་པའི་ཤིང་གི་ལོ་མ་སྟོན་ཀར་འབྱུང་བ་ཡིན་པས་ཤིང་དེ་གཉིས་ལྷན་ཅིག་རྒྱས་པ་མི་སྲིད་ཀྱང་། རྒྱལ་པོ་འཆི་བ་སོགས་ལྟས་ངན་པ་ལ་སྲིད་པས་དུས་དང་མི་འགལ་ལོ། །སྒྱུ་རྩལ་དང་འགལ་ཡང་སྐྱོན་མེད་པ་ནི་འདོ་ལི་བ་མ་ཁྱོགས་ཀྱིས་རབ་ཏུ་བསྐུལ་བས་སྐྲག་པ་ཡི། སྐྱེ་བོ་དང་བུད་མེད་ཀྱི་ཁས་བརྗོད་པའི་གླུ་མྱུར་ཕུལ་དང་འཇམ་རྩུབ་སོགས་སྟབས་མི་མཉམ་པས་འདོད་ལྡན་གྱི་ཆགས་པ་དག་ནི་འཕེལ་བར་བྱེད་དོ་ཞེས། སྟབས་མི་མཉམ་མི་མཛེས་པ་ངག་གི་སྒྱུ་རྩལ་དེས་ཆགས་པ་བསྐྱེད་པ་སྒྱུ་རྩལ་དང་འགལ་བ་ལྟར་སྣང་ཡང་དེ་ལྟར་སྲིད་པས་མི་འགལ་ལོ། །འཇིག་རྟེན་དང་འགལ་བ་ལྟར་སྣང་ཡང་དོན་གྱིས་མི་འགལ་བ་ནི་ཟླ་བའི་འོད་ཟེར་རབ་ཏུ་བསིལ་བ་འདི་ཡང་། བསྲེག་བྱ་འཛིན་པ་མེ་ཡི་རེག་བྱ་དང་ལྡན་པར་འདོད་ལྡན་དེ་ནི་བུད་མེད་དང་བྲལ་བའི་ཉོན་མོངས་ཀྱིས་ཡིད་འཁྲུགས་པ་འདི་ཡིས་རྩི་བར་བྱེད་ཅེས། ཆགས་གདུང་ཅན་འདིས་ཟླ་བ་བསིལ་བ་ཡང་མེ་ཡི་རང་བཞིན་དུ་བརྩིའོ་ཞེས་པ་ཟླ་བ་བསིལ་བར་འཇིག་རྟེན་ན་མངོན་སུམ་
གྱིས་གྲུབ་པ་ཡིན་ཡང་ཆགས་ལྡན་གདུང་བས་སྲེག་པར་བྱེད་པ་ལ་མེ་དང་འདྲ་བར་བཏགས་པས་མི་འགལ་ལོ། །རིགས་པ་དང་འགལ་བའི་དམིགས་བསལ་སྐྱོན་མེད་ཚུལ་སྣ་ཚོགས་སུ་བློས་གཞལ་བྱ་ཡིན་ཡང་། དེའི་ངོ་བོ་མཐར་ཐུག་གཞལ་བྱ་མིན་པ་དང་། ས་ལ་སོགས་པ་ཐམས་ཅད་ཇི་སྙེད་ཀྱི་གཟུགས་ཅན་ཡིན་པས་ཆ་དང་ལྡན་པ་ཡིན་ཡང་ངོ་བོ་ཆ་མེད་ཡིན་པས་ཆ་ལྡན་མིན་པ་དང་། དེའི་རང་བཞིན་རྟག་པ་གཅིག་པུ་ཉིད་ཡིན་ཡང་། སྣ་ཚོགས་སུ་འཆར་བས་གཅིག་ཉིད་མིན་པ། སྣ་ཚོགས་གཟུགས་ཅན་ཚངས་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ། དེ་ལྟར་དངོས་འགལ་གཉིས་གཞི་གཅིག་ལ་འདུ་བ་མི་སྲིད་ཀྱང་ཚངས་པའི་རང་བཞིན་བསམ་གྱིས་མི་ཁྱབ་པ་ལ་ཆ་རེ་རེ་ནས་གཞལ་ན་དེ་ལྟར་འཐད་པས་རིགས་པ་དང་འགལ་བ་འདྲ་ཡང་འགལ་སྐྱོན་མེད་པའོ། །ལུང་དང་འགལ་བའི་དམིགས་བསལ། སྐྱ་བསེང་བུ་ལྔ་དག་གི་ནི། །ཆུང་མ་ལྔ་ལེན་བུ་མོ་སྟེ། །དག་པ་རྣམས་ཀྱི་མཆོག་ཏུ་གྱུར། །འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ། །ཞེས་རྒྱལ་པོ་སྐྱ་བསེང་གི་བུ་བརྟན་པ་དང་འཇིགས་སྡེ་དང་སྲིད་སྒྲུབ་དང་ལྷར་བཅས་དང་རིགས་མེད་ལྔ་པོ་དག་གི་ཐུན་མོང་གི་ཆུང་མ་གཅིག་པུ་ནི་གྲོང་ཁྱེར་ལྔ་ལེན་གྱི་བུ་མོ་དྲོ་པ་དཱི་ཞེས་པ་སྟེ། དེ་ཡང་རིག་བྱེད་ལས་ཆུང་མ་གཅིག་ལ་
སྐྱེས་པ་དུ་མས་ལོངས་སྤྱད་ན་བུད་མེད་འཆོལ་བར་འགྱུར་ཞེས་དང་། བགྲོད་མིན་དུ་གྱུར་པས་ངན་སོང་གི་རྒྱུ་དང་མ་དག་པའི་ཆོས་སུ་བཤད་ཀྱང་། འདི་དག་ནི་ཁྱོ་ཤུག་སོ་སོ་ཡང་ཕྲག་དོག་དང་གཡོ་སོགས་ཀྱི་སྐྱོན་མེད་པར་དག་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་འདི་འདྲ་ངན་སོང་གི་རྒྱུ་དང་སྨད་པའི་འོས་མིན་པར་མ་ཟད། ལྷ་ཡི་སྐྱེ་བ་སྒྲུབ་བྱེད་དུ་གྱུར་པ་ཉིད་དོ་ཞེས་སོ། །ཁ་ཅིག་གིས་དག་པའི་མཆོག་གྱུར་དེ་འདྲ་ལྷ་ཡི་མཐུས་སྒྲུབ་པར་བྱེད་དོ་ཞེས་འཆད། འདི་ལུང་དང་འགལ་བ་ལྟར་སྣང་ཡང་སྐྱ་བསེང་གི་བུ་རྣམས་ལྷའི་རིགས་ཡིན་པ་དང་ཆུང་མའང་ཡོན་ཏན་མཆོག་དང་ལྡན་པས། བསོད་ནམས་དང་ལྷའི་མཐུ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བའི་ཕྱིར་ཕལ་པའི་ཁྱོ་ཤུག་དང་མི་འདྲ་བས་ལུང་འགལ་གྱི་སྐྱོན་མེད་དོ། །ཞེས་སོ། །དེ་ལ་སྐྱ་བསེང་བུ་ལྔའི་ལོ་རྒྱུས་ནི། སྔོན་རྒྱལ་པོ་སྐྱ་བསེང་ཞེས་པ་རི་དྭགས་གཤོར་དུ་ཆས་པ་དེས་དྲང་སྲོང་ངན་འདུལ་བྱ་བ་ཞིག་རི་དྭགས་ཀྱི་གཟུགས་སུ་བསྒྱུར་ནས་རི་དྭགས་མོ་དང་ལྷན་ཅིག་འདོད་པའི་དགའ་བ་ཉམས་སུ་མྱོང་བར་རྩོམ་པ་ལ། རྒྱལ་པོས་ངོ་མ་ཤེས་ནས་རི་དྭགས་དེ་ལ་མདས་བསྣུན་པ་དང་། དེ་དྲང་སྲོང་རང་གི་གཟུགས་སུ་གྱུར་ནས། ཁྱོད་ཀྱིས་བདག་དགའ་བ་ཉམས་སུ་མྱོང་བར་བརྩམས་པ་ལ་དགའ་བ་ཉམས་སུ་མ་མྱོང་བར་འཇིག་
རྟེན་གཞན་དུ་འགྲོ་བར་བྱས་པ་དེ་བཞིན་དུ་ཁྱོད་ཀྱང་འཆི་བར་གྱུར་ཅིག་ཅེས་དམོད་པ་བོར། དྲང་སྲོང་གི་ཆུང་མས་དེའི་རོ་བསྲེག་པའི་ཤིང་ཕུང་ཆེན་པོའི་སྟེང་དུ་འཛེགས་ནས་ཁྱོད་ཀྱི་ཆུང་མ་ཡང་ཁྱོད་ཤི་ནས་བསྲེགས་པའི་ཤིང་གི་རྩིག་པ་ལ་འཛེག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་བྱས་སོ། །རྒྱལ་པོ་སྐྱ་བསེང་ལ་མ་དྲཱི་དང་། ཀུན་དཱི་ཞེས་པའི་ཆུང་མ་གཉིས་ཡོད་ཀྱང་།རྒྱལ་པོ་དྲང་སྲོང་གི་དམོད་པས་འཇིགས་ནས་དེ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་མ་ནུས་སོ། །དེའི་ཚེ་ཀུན་དཱིས་བསམ་པ་ངས་དྲང་སྲོང་གནས་ངན་ལས་རིག་སྔགས་ཐོབ་པ་དེས། ངའི་མངོན་འདོད་གཅིག་ནི་བསྒྲུབས་ཟིན་མོད། ད་དུང་ལན་བཞིའི་བར་འདོད་དོན་སྒྲུབ་པར་བྱེད་ཆོག་པས་གལ་ཏེ་རྒྱལ་པོས་གནང་ན་ངས་བུ་བསྐྱེད་པའི་བྱ་བ་བྱའོ་སྙམ་ཞིང་། རྒྱལ་པོས་ཀྱང་ཐབས་གང་གིས་ང་ལ་བུ་ཡོད་པར་འགྱུར་སྙམ་དུ་སེམས་པ་ན། ཀུན་དཱིས་དབེན་པར་རྒྱལ་པོ་ལ་དོན་དེ་སྨྲས་པ་དང་། རྒྱལ་པོ་དགའ་སྟེ་རྗེས་སུ་གནང་ངོ་། །ཀུན་དཱི་ཁང་པར་ཞུགས་ཏེ་རིག་སྔགས་བཟླས་ནས་ཆོས་ཞེས་བྱ་བའི་ལྷ་དེ་དང་ལྷན་ཅིག་ཆགས་པ་སྤྱད་ཕྱིར་ཤོག་ཅེས་སྨྲས་པ་དང་། ཇི་ཙམ་ན་ཆོས་འོང་སྟེ་དེ་དང་འདུས་པ་ལས་གཡུལ་ངོར་བརྟན་པ་ཞེས་པའི་བུ་སྐྱེས་སོ། །དེ་བཞིན་དུ་རིམ་པར་རླུང་ལྷ་
བཀུག་སྟེ་དེ་དང་འདུས་པ་ལས་འཇིགས་སྡེ་དང་། བརྒྱ་བྱིན་དང་འདུས་པ་ལས་སྲིད་སྒྲུབ་སྐྱེས་སོ། །དེ་ཙམ་ན་མ་དྲཱི་བུ་མེད་པས་གདུང་སྟེ་བདག་འཆི་བར་བྱའོ་ཞེས་སྨྲེ་སྔགས་འདོན་ཞིང་ཀུན་དཱི་ལ་གསོལ་བ་བཏབ་པ། ཁྱོད་ཀྱི་རིག་སྔགས་དེ་ཁོ་མོ་ལ་ལན་གཅིག་བྱིན་ཅིག གལ་ཏེ་བདག་ལའང་བུ་སྐྱེ་བར་མི་འགྱུར་རམ། ཞེས་སྨྲས་སོ། །དེས་རྒྱལ་པོ་སྐྱ་བསེང་ལ་དྲིས་ཏེ་གནང་ནས་རིག་སྔགས་བྱིན། མ་དྲཱིས་ཀྱང་སྔགས་བཟླས་པས་ལྷའི་སྨན་པ་ཐ་སྐར་སྤུན་གཉིས་བཀུག་ནས་དེ་དག་དང་འདུས་པ་ལས་ལྟར་བཅས་དང་། ན་ཀུ་ལ་སྟེ་རིགས་མེད་ཅེས་པ་གཉིས་དུས་གཅིག་མཚེ་མར་སྐྱེས་སོ། །ཇི་ཙམ་ན་རྒྱལ་པོ་སྐྱ་བསེང་གིས་ས་ཆེན་པོ་ལས་རྒྱལ་པར་བྱས་ཏེ། རང་གི་སྤུན་ཟླ་ཡུལ་འཁོར་སྲུང་ལ་རྒྱལ་སྲིད་བྱིན་ནས་བདག་ཉིད་ཆུང་མ་གཉིས་བུ་དང་བཅས་པ་རི་རྩེ་མོ་བརྒྱ་པར་ཡུན་རིང་པོར་ཚངས་པར་སྤྱོད་པ་བྱས་སོ། །དེས་སྐབས་ཤིག་ཏུ་མ་དྲཱི་གཟུགས་སྡུག་པ་མཐོང་ནས། ཁོ་བོ་ཤི་ཡང་བླའི་འདི་ལ་སྤྱད་དོ་སྙམ་དུ་སྤྱད་པར་བརྩམ་པ་ན་དེ་ཉིད་དུ་ཤི་བར་གྱུར། བསྟི་གནས་དེའི་དྲང་སྲོང་རྣམས་ཀྱིས་རྒྱལ་པོའི་རོ་དང་ཆུང་མ་གཉིས་བུ་དང་བཅས་པ་ཡུལ་འཁོར་སྲུང་ལ་གཏད། ཡུལ་འཁོར་སྲུང་དེས་བསྲེགས་ཤིང་བརྩིགས་ཏེ་སྐྱ་བསེང་གི་རོ་ལ་མཆོད་ནས་མེ་སྦར།
མ་དྲཱིས་ཀྱང་བུ་གཉིས་ཀུན་དཱི་ལ་གཏད་དེ། རྒྱལ་པོའི་རོ་བསྲེག་པའི་མེ་ལ་བདག་ཉིད་དོར། ཇི་ཞིག་ན་འཐབ་དཀའ་དང་བརྟན་པ་སོགས་འཕོང་སློབ་པར་ལྷན་ཅིག་འཚོགས་ཚེ་ཀྲི་ས་དང་ཀྲོ་ན་སོགས་མཚོན་ཆའི་ཐབས་ཀྱི་རིག་པ་སློབ་པ་ན། རྣ་ཅན་ལས་འཁོན་གཅུག་ཏུ་གྱུར་པའི་རྒྱུས་འཐབ་དཀས་བུ་ལྔ་པོ་རྒྱ་སྐེག་གི་ཁང་པར་བཅུག་པ་ལས་མཚན་མོ་བྲོས་པས་ཐར་ནས། སྲིན་པོ་ཧི་དམ་པ་བསད་ནས་དེའི་སྲིང་མོ་འཇིགས་སྡེས་བླངས་པ་ལ་བུ་བུམ་པ་སྐྲ་འགེངས་ཞེས་པ་སྐྱེས་སོ། །དེ་ནས་སོང་སྟེ་གྲོང་ཁྱེར་འཁོར་ལོ་གཅིག་པར་སོང་བའི་ལམ་ཁར་རྒྱས་པ་དང་འཕྲད་ནས་དབུགས་ཕྱུང་ཏེ་རྒྱལ་སྲིད་དང་ཆུང་མ་ཐོབ་པའི་མཆོག་བྱིན་ནོ། །དེ་ནས་གྲོང་ཁྱེར་དེར་ཕྱིན་ནས་བྲམ་ཟེ་ཞིག་གི་ཁྱིམ་དུ་ལོ་བཞིར་བསྡད་ཅིང་། དེ་ལ་ཕན་པའི་ཕྱིར་སྲིན་པོ་ཆུ་སྐྱར་ཞེས་པ་བསད་ནས། གྲོང་ཁྱེར་ལྔ་ལེན་དུ་སོང་ནས་རྒྱལ་པོའི་བུ་མོ་རྣམས་ཁྱོ་འདམ་པའི་སྐབས་སུ་བུ་མོ་དྲཽ་བ་དཱི་ཞེས་པ་བུ་ལྔ་ཀའི་ཐུན་མོང་གི་ཆུང་མར་བླངས་ནས་ལོ་གཅིག་དེར་འདུག་སྟེ་དབང་པོའི་གནས་ཞེས་བྱ་བར་སོང་ནས་རྒྱལ་སྲིད་ཐོབ་བོ་ཞེས་འབྱུང་ངོ་། །དེར་ལོ་ཉི་ཤུ་རྩ་དགུའི་བར་དུ་རྒྱལ་སྲིད་བྱས་ནས། རྒན་པོས་སྦྱར་བ་ཞེས་པ་ལ་སོགས་པའི་རྒྱལ་པོ་བསད་དེ་མཆོད་སྦྱིན་བྱས་ནས་
འཐབ་དཀའ་དང་། གཡུལ་ངོར་བརྟན་པ་སོགས་སྐྱ་བསེང་གི་བུ་ལྔ་པོ་ཆོ་ལོས་རྩེ་བ་རྩེ་བ་ན། འཐབ་དཀའི་སྒྱུ་རྩལ་གྱིས་ཕམ་པར་བྱས་ཏེ། རྒྱལ་སྲིད་ནས་བདག་ཉིད་ཀྱི་བར་དུ་སྐུགས་ཤོར་བས། ལོ་བཅུ་གཉིས་ཀྱི་བར་དུ་ནགས་སུ་གནས་པར་བྱས་ནས་སླར་གྲོང་ཁྱེར་བི་ར་ཏར་ལོ་གཅིག་ནས་འཇིགས་སྡེས་ཀི་ཙཀ་བསད་དོ། །དེ་ནས་ཀུ་རུ་ཀྵེ་ཏྲ་སྟེ་སྒྲ་ངན་གྱི་ཞིང་དུ་འཐབ་མོ་ལ་ཞུགས་སོ། །དེའི་ཚེ་ཁྱབ་འཇུག་འཐབ་དཀའི་གན་དུ་སོང་ནས། ཁྱོད་ནོར་ལྷ་གཅིག་པུ་བདམ་མམ་འཁྱེར་རམ། དཔུང་ཚོགས་བཅོ་བརྒྱད་འཁྱེར་ཞེས་སྨྲས་པ་ལ། དེ་ན་རེ། དཔུང་ཚོགས་བཅོ་བརྒྱད་འཁྱེར་ཟེར་བ་ལ་ཁྱབ་འཇུག་ཁྲོས་ནས་སྐྱ་བསེང་བུ་ལྔའི་ཕྱོགས་བཟུང་སྟེ་འཐབ་དཀའ་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་བརླགས་པར་བྱས་སོ། །དེ་ལྟར་གཞན་ཐམས་ཅད་གཡུལ་དུ་ཤི་ནས་གཡུལ་ངོར་བརྟན་པ་རྒྱལ་པོར་གྱུར་ཏེ་ལོ་སུམ་ཅུ་རྩ་དྲུག་གི་བར་དུ་རྒྱལ་པོ་བྱས་ནས། ཇི་ཞིག་ན་ཁྱབ་འཇུག་ལྷ་ཡུལ་དུ་སོང་། ཡུལ་འཁོར་སྲུང་དང་སྐྱ་བསེང་གི་བུ་ཐམས་ཅད་དང་། ཆོས་ཞེས་བྱ་བའི་ལྷ་ཁྱིར་སྐྱེས་པ་དེ་ཐམས་ཅད་དུས་ལས་འདས་པར་གྱུར་ཏོ། །ཞེས་གྲགས་སོ། །རྣ་ཅན་དང་འཐབ་དཀའི་ལོ་རྒྱུས་ནི། ཀུནྟ་བོ་ཛ་ཞེས་པའི་རྒྱལ་པོའི་བུ་མོ་ཀུན་ཏཱི་ཞེས་པ་གཟུགས་དང་ལང་ཚོ་
སོགས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེའི་ཁྱིམ་དུ་དྲང་སྲོང་གནས་ངན་ཞེས་བྱ་བས་འོ་ཐུག་བསླངས་པ་དང་། ཀུན་དཱིས་འོ་ཐུག་ཉེ་བར་བསྒྲུབས་ཏེ་སྣོད་བཀང་བ་ལག་པར་ཐོགས་པས་ལག་པས་རྡུལ་མྱོང་བཞིན་རྣམ་འགྱུར་མེད་པར་གུས་པས་དྲང་སྲོང་ལ་བཏབ་པ་དང་། ཟས་ཀྱི་མཐར་ཡང་ལག་པ་མ་ཚིག་པར་མཐོང་བས་དྲང་སྲོང་མགུ་སྟེ་ང་ལས་མཆོག་སློངས་ཤིག་ཅེས་སྨྲས་པ་ལ། ཀུན་དཱིས་གལ་ཏེ་བཞེད་ན་བདག་གིས་སྐྱེས་བུ་གང་དང་གང་འདོད་པ་དེ་དབང་དུ་འགྱུར་བ་དེ་ལྟ་བུའི་མཆོག་སྩོལ་ཅིག དེས་དེ་ལ་རིག་སྔགས་བྱིན་ནས་འདི་ཁྱོད་ཀྱིས་བཟླས་ན་ལན་ལྔའི་བར་དུ་མངོན་པར་འདོད་པའི་དངོས་གྲུབ་འགྲུབ་པར་བྱེད་དོ་ཞེས་སྨྲས་ནས་སོང་ངོ་། །ཀུན་དཱིས་གནས་ཀྱི་གཞིར་འདུག་སྟེ་རིག་པ་འདི་བདེན་ནམ་མིན་ཞེས་ཉམས་སད་པའི་ཕྱིར་བཟླས་ནས་ཉི་མ་དང་འཕྲད་པར་གསོལ་བ་བཏབ་པ་ན། སྐད་ཅིག་དེར་ཉི་མ་གོ་ཆ་དང་ཤིང་རྟ་བཅས་པར་དྲུང་ན་འདུག་པ་ལ་ཀུན་དཱིས་ངའི་གནས་སུ་མ་འོངས་ཞེས་བཟློག་ཀྱང་། ཉི་མས་སྨྲས་པ། ང་ལ་གསོལ་བ་བཏབ་པའི་བྱ་བའམ་བྱས་པར་མི་ལྡོག་གོ། ཡང་ན་ཁྱོད་ཀྱི་རིགས་མ་ལུས་པ་བརླག་པའི་དམོད་པ་གདབ་པར་བྱའོ་ཟེར་བ་ལ། ཀུན་དཱིས་ཇི་ལྟར་ན་རང་གི་རིགས་སུན་པར་བྱེད་ཅེས་སྨྲས་ནས་དེ་དང་
ཆགས་པ་སྤྱད་པ་ལས། གཞོན་ནུ་ཉིད་དུ་འགྱུར་བའི་མཆོག་བྱིན་ནས་ཉི་མ་སོང་ངོ་། །དེའི་རྗེས་སུ་ཉི་མའི་བུ་ལུས་ལ་གོ་ཆ་བགོས་པ་དང་བཅས་ཤིང་། རྣ་བ་གཉིས་རྣ་ཆས་བརྒྱན་པ་ཞིག་སྐྱེས་པ་ལ་རྣ་ཅན་དུ་གྲགས་སོ། །ཁྱེའུ་དེའི་ཁ་སྦྲང་རྩི་དང་མར་གྱིས་བཀང་ཞིང་འཇམ་པའི་གོས་ཀྱིས་ལུས་དཀྲིས་པ་སྒྲོམ་གྱི་ནང་དུ་བཅུག་པ་དེ་གྲོགས་མོ་ཞིག་གིས་བཟུང་ནས་གངྒཱའི་ངོགས་སུ་སོང་སྟེ། ཉི་མའི་བུ་ནི་མཛེས་པ་འདི། །སྒྲོམ་ནི་རྒྱ་མཚོས་སྲུང་བར་གྱིས། །ལྷ་ཡི་ཚོགས་ནི་འདུས་པ་དང་། །ཚངས་པས་ཀྱང་ནི་རྟག་ཏུ་སྲུངས། །ཞེས་སྨྲས་ནས་གངྒཱར་བོར་རོ། །གངྒཱ་དང་ཉེ་བར་ཡུལ་འཁོར་སྲུང་གི་རྟའི་རྫི་བོ་ཞིག་རྟ་འཚོ་ཞིང་འདུག་པས་མཐོང་ནས་འཁོར་རྣམས་ལ་སྒྲོམ་དེ་བླང་བར་བསྐུལ་བ་ལྟར་ཁྱེར་ཏེ་འོང་བས་བུ་མཐོང་བ་དང་། འདི་ངའི་བུར་བྱའོ་སྙམ་ནས་གསོས་སོ། །དེའི་ཚེ་རི་དབང་ཆེན་ན་དགའ་བྱེད་དགྲ་སྟྭ་ཅན་ཞེས་པ་མཚོན་ཆའི་སྦྱོར་བ་ལ་མཁས་པ་དཀའ་ཐུབ་སྤྱོད་པ་དེས། མཚོན་ཆའི་སྦྱོར་བ་འདི་བྲམ་ཟེ་མ་ཡིན་པ་ལ་མི་བསླབ་པར་དམ་བཅས་སོ། །རྣ་ཅན་དེས་བྲམ་ཟེའི་ཆ་ལུགས་སུ་བྱས་ནས་མཚོན་ཆའི་སྦྱོར་བ་བསླབས་སོ། །དེས་ལོབས་ནས་འཐབ་དཀའི་ཐད་དུ་སོང་སྟེ་དེ་ལ་རང་ཉིད་བསྟེན་པའི་ཕྱིར་བསྟབས་པས་དེས་ཀྱང་ཨངྒའི་ཡུལ་བྱིན་ཏེ་ཨངྒའི་རྒྱལ་པོར་གྱུར་ཏོ། །རྣ་ཅན་
འདི་སྦྱིན་པ་ལ་དཔའ་བ་ཞིག་ཡིན་ཞིང་། འདིའི་ལུས་ལ་རང་བཞིན་གྱིས་གྲུབ་པའི་མེ་བྱེད་པའི་གོ་ཆ་ཡོད་པ་དེས་སུས་ཀྱང་ཚུགས་པར་དཀའ་ལ། ཇི་ཞིག་ན་སྲིད་སྒྲུབ་དང་དེ་གཉིས་རྩོད་པ་བྱེད་པ་ལ་ཉེ་བར་གྱུར་བ་ལྷའི་དབང་པོས་ཤེས་ནས། རང་གི་བུ་སྲིད་སྒྲུབ་བསྲུང་བའི་ཕྱིར་བརྒྱ་བྱིན་བྲམ་ཟེའི་ཆ་ལུགས་སུ་བྱས་ནས་རྣ་ཅན་གན་དུ་སོང་ངོ་། །དེས་ཀྱང་མགྲོན་དུ་བོས་ནས་ཅིའི་དོན་དུ་འོང་ཞེས་ལན་གསུམ་དྲིས་ཀྱང་གསལ་བར་མ་སྨྲས་སོ། །ལན་བདུན་གྱི་བར་དུ་དྲིས་པ་ན་ཁྱོད་ཀྱི་གོ་ཆ་འདོད་དོ་ཞེས་སྨྲས་པས། རྣ་ཅན་ན་རེ། ཅིའི་ཕྱིར་སྔ་ནས་མི་སྨྲ། ཐེ་ཚོམ་མེད་པར་ཁྱོད་ལ་སྦྱིན་པར་བྱའོ་ཞེས། རྡོ་རྗེའི་སྤུ་གྲི་བླངས་ནས་རང་གི་ལུས་ལས་གོ་ཆ་བཤུས་ཏེ་དེ་ལ་བྱིན་པ་དང་། བརྒྱ་བྱིན་ཡོངས་སུ་མགུ་ནས་སྨྲས་པ། གང་གིས་སློང་བ་མགུ་བྱའི་ཕྱིར། །རང་གི་སྲོག་ལའང་མི་དཔྱོད་པ། །རྣ་ཅན་ལྟ་བུའི་སྦྱིན་བྱེད་མེད། །ང་དང་འདྲ་བའི་བརྩེ་བྲལ་མེད། །ཅེས་སྨྲས་སོ། །འདི་དག་གི་གཏམ་རྒྱུད་ཤིན་ཏུ་མང་ངོ་། །དཔེ་ལ་ལར་ཁྱབ་འཇུག་གིས་ཀརྞ་ལ་གོ་ཆ་བསླང་བ་བྱིན་པས་མགུ་སྟེ་དེ་ལ་མདུང་ཐུང་བྱིན། སླར་མདུང་ཐུང་གིས་སྲིད་སྒྲུབ་བསད་ན་མི་རུང་སྙམ་དུ་བུམ་པ་སྐྲ་འགེངས་ཀརྞ་ལ་འཐབ་ཏུ་བཏང་། བུམ་སྐྲ་འཐབས་པས་ཐུབ་དཀའ་བ་ཞིག་
ཡིན་ཡང་རྣ་ཅན་དེས་མདུང་ཐུང་འཕངས་བས་ས་འོག་ས་སྟེང་ས་བླར་བུམ་སྐྲ་གཟུགས་སྣ་ཚོགས་སུ་བསྒྱུར་ཏེ་བྲོས་པ་དེ་དང་དེའི་གཉེན་པོའི་གཟུགས་སུ་གྱུར་ནས་བདས་ཏེ་མཐར་བསད་པར་གྲགས་སོ། །འཐབ་དཀའ་བྱུང་ཚུལ་ནི། ཡན་ལག་བཀྲ་སྦྱིན། སྣ་ཚོགས་བརྩོན་འགྲུས། འཇིགས་བྱེད། རྒྱལ་བ་ཞེས་བྱ་བ་བཞི་ནི་གངྒཱ་ལས་སྐྱེས་པའི་སྤུན་ཡིན་ནོ། །ཡན་ལག་བཀྲ་སྦྱིན་ནི་དྲི་ཟའི་རྒྱལ་པོ་ཡན་ལག་བཀྲ་སྦྱིན་ཞེས་པས་མིང་གི་འཁོན་གྱིས་གཡུལ་ངོར་བསད་དོ། །འཇིགས་བྱེད་ནི་ཚངས་པར་སྤྱོད་པ་ལ་ཞུགས་པར་གྱུར་པ་ལ་བདེ་ལྡན་མས་འུ་བུ་ཅག་གིས་རབས་ཆད་པས་བུ་བསྐྱེད་པའི་རྩོལ་བ་གྱིས་ཤིག་ཅེས་སྨྲས་པ་ལ། དེ་ན་རེ། རྒྱས་པ་དང་ངེད་གཉིས་སྤུན་ཡིན་མོད། ང་ནི་ཆུང་ངུ་ནས་ཚངས་པར་སྤྱོད་པས་འདོད་བདེ་ཉམས་སུ་མྱོང་བར་མི་བྱེད་དོ་ཞེས་བཟློག་པ་དང་། དེའི་རིགས་རྒྱུད་ཐམས་ཅད་འདུས་ཏེ་རྒྱས་པ་ལ་གསོལ་བ་བཏབ་པ་བཞིན། ཨཾ་བི་ཀ་དང་། ཨཾ་བ་ལི་ཀ་དང་། རྟོགས་ལྡན་མ་ཞེས་པ་དེ་གསུམ་དང་རྒྱས་པ་འདུས་པ་ལས། རིམ་པ་བཞིན་དུ་ཡུལ་འཁོར་སྲུང་དང་། སྐྱ་བསེང་དང་། བློ་ལྡན་ཞེས་བྱ་བ་བུ་གསུམ་སྐྱེས་སོ། །དེར་ཡུལ་འཁོར་སྲུང་དམུས་ལོང་དུ་གྱུར་པ་དེ་ལ་སྐྱ་བསེང་གིས་ས་ཆེན་པོ་ཀུན་ལས་རྒྱལ་བར་བྱས་ཏེ་ཡུལ་འཁོར་
སྲུང་ལ་བྱིན་ནས་ནགས་སུ་སོང་ངོ་། །རྒྱས་པར་ཡུལ་འཁོར་སྲུང་ལ་མཆོག་བྱིན་པ། ཁྱོད་ཀྱི་ཆུང་མའི་དམ་པ་དྲི་ཟ་མོ་ལས་བུ་བརྒྱ་སྐྱེ་བར་གྱུར་ཅིག དེ་དག་གི་ཕུ་བོ་འཐབ་དཀའ་ཞེས་བྱ་བའང་འབྱུང་བར་འགྱུར་རོ། །ཞེས་སྨྲས། ཇི་ཙམ་ན་དྲི་ཟ་མོ་མངལ་དང་ལྡན་པར་གྱུར་ནས་ལོ་གསུམ་ན་ཤའི་གོང་བུ་ལྕགས་ཀྱི་ཐོ་བ་འདྲ་བ་སྐྱེས་པ་དང་། རྒྱལ་པོས་སྨྲས་པ། འདི་ཤའི་དུམ་བུ་བརྒྱར་གྱིས་ལ་སོ་སོར་བཞག་སྟེ་ཆུ་བསིལ་བས་ཡང་ཡང་གཏོར་ཅིག་ཟེར་བ་ལྟར་བྱས་པས། ཅི་ཞིག་ན་བུ་བརྒྱ་དབང་པོ་ཡོངས་སུ་རྫོགས་པ་ཉིད་དུ་གྱུར་ཏོ། །དེར་བློ་ལྡན་གྱིས་ཡུལ་འཁོར་སྲུང་ལ་སྨྲས་པ། འཐབ་དཀའ་འདི་སྡིག་པའི་མཚན་ཉིད་དང་ལྡན་པས་འདི་ལ་བརྟེན་ནས་སྒྲ་ངན་གྱི་རིགས་ཐམས་ཅད་འཇིག་པར་འགྱུར་བས་ངས་ཤེས་ཀྱི། འདི་གསད་པར་བྱ་སྟེ། གཅིག་བསད་པས་སྲོག་ཆགས་མང་པོ་ལ་སྲོག་བྱིན་པ་ལ་ཉེས་པ་ཡོད་པར་མ་མཐོང་སྟེ། ཆོས་ཀྱི་བསྟན་བཅོས་ལས། གང་གི་འབྲས་བུ་ཆུང་འགྱུར་པ། །སྡིག་པ་ཆེན་པོ་དེ་མི་བྱ། །སྡིག་པ་ཆུང་ལ་དོན་ཆེ་བ། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་བཤད་དོ། །ཞེས་སྨྲས་ཀྱང་དེ་ལྟ་བུ་ལ་བརྩེ་བས་གསོད་མ་ནུས་སོ། །དེར་སྐྱ་བསེང་ནགས་སུ་སོང་། བློ་ལྡན་ནི་ཆོས་ཀྱི་ཚིག་ཅན་རྒྱལ་སྲིད་ལ་མི་དགའ་
བ་དང་། ཡུལ་འཁོར་སྲུང་ནི་ནུས་པ་མེད་པར་གྱུར་པ་དང་འཐབ་དཀས་རྒྱལ་པོ་བྱས་སོ། །དེ་ནས་རྣ་ཅན་དང་འཐབ་དཀའ་དག་གི་ཕྱོགས་སུ་གྱུར་པ་རྣམས་དང་། སྐྱ་བསེང་གི་བུ་རྣམས་གཡུལ་འགྱེད་པ་ལ་ཞུགས་པའི་ལོ་རྒྱུས་རྒྱ་ཆེར་ཡོད་དོ། །དེ་ལྟར་གཡུལ་འགྱེད་པའི་དུས་སུ་སྲིད་སྒྲུབ་ཀྱིས་གསོལ་བ་བཏབ་པས་ཁྱབ་འཇུག་རང་ཉིད་ཀྱིས་སྲིད་སྒྲུབ་ཀྱི་ཤིང་རྟའི་ཁ་ལོ་པར་བྱས་ནས་གཡུལ་ངོར་དྲངས་སོ། །དེར་སྲིད་སྒྲུབ་ཀྱིས་དཔུང་གི་ཚོགས་ཐམས་ཅད་ལ་བལྟས་ནས། ཀུན་པཱིའི་བུས་ནི་དེར་བལྟས་ན། །ཐམས་ཅད་གཉེན་དུ་རྣམ་པར་གནས། །མཆོག་ཏུ་བརྩེ་བས་ནོན་པ་ཡིས། །ཞུམ་པ་ཡི་ནི་འདི་སྐད་སྨྲས། །ཁྱབ་འཇུག་གཉེན་རྣམས་མཐོང་བས་ན། །འཐབ་པར་འདོད་དེ་གནས་པ་ལ། །བདག་གི་ལུས་ནི་ཞུམ་གྱུར་ཅིང་། །ཁ་ཡང་ཡོངས་སུ་སྐེམ་པར་བྱེད། །ཅེས་སོགས་དང་། གང་གི་དོན་དུ་རྒྱལ་སྲིད་དང་། །ལོངས་སྤྱོད་བདེ་བ་འདོད་གྱུར་པ། །དེ་ཉིད་སྲོག་དང་ནོར་རྣམས་ནི། །སྤངས་ནས་ང་དང་འཐབ་པར་གནས། །ཞེས་སོགས་སྨྲས་ནས་འཐབ་པར་མི་བྱེད་དོ། །དེ་སྤྲོ་བ་དང་བྲལ་བ་མཐོང་ནས། ཁྱབ་འཇུག་གིས་སྒྲ་ངན་རྣམས་གསོད་པའི་ཕྱིར་སྤྲོ་བ་བསྐྱེད་པ། བུམ་སྐྱེས་འཇིགས་བྱེད་རྒྱལ་པའི་ཤིང་རྟ་རྣ་ཅན་དང་། །དེ་བཞིན་འཇིག་རྟེན་དཔའ་བོ་གཞན་དག་ང་ཡིས་
བསད། །ཁྱོད་ནི་སེམས་ལ་མི་དགར་མ་བྱེད་གསོད་པར་གྱིས། །གཡུལ་དུ་དགྲ་ལས་ངེས་པར་རྒྱལ་བ་ཉིད་དུ་འགྱུར། །ཞེས་དང་། གང་གིས་འདི་ཀུན་རྒྱལ་འགྱུར་བ། །དེ་ནི་མི་འཇིག་ཤེས་པར་གྱིས། །མི་འཇིག་པ་དང་མི་ཟད་པ། །དེ་ནི་སུས་ཀྱང་གསད་མི་ནུས། །ལུས་འདི་མཐའ་དང་ལྡན་འགྱུར་གྱི། །ལུས་ཅན་དག་ནི་རྟག་པར་བཤད། །འཇིག་ཅིང་ཚད་མེད་གྱུར་པས་ན། །འཐབ་པར་གྱིས་ཤིག་བྷ་ར་ཏ། །དཔེར་ན་གོས་རྙིང་དག་ནི་བོར་ནས་སུ། །སར་པ་གཞན་དག་མི་ནི་ལེན་པར་བྱེད། །དེ་བཞིན་ལུས་ནི་རྙིང་པ་སྤངས་ནས་སུ། །ལུས་གཞན་སར་པ་དག་ནི་ལེན་པར་བྱེད། །ཅེས་སོགས་སྨྲས་པའི་ཚིག་གི་རྗེས་སུ་འབྲངས་ཏེ་སྲིད་སྒྲུབ་ཀྱི་གཡུལ་བཀྱེ་བ་ན་འཐབ་དཀའི་རིགས་དཔུང་གི་ཚོགས་བཅོ་བརྒྱད་དང་བཅས་པའི་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་བསད་ནས་སྲིད་སྒྲུབ་གཡུལ་ལས་རྒྱལ་བར་གྱུར་ཏོ། །བཞི་པ་ལེའུ་ཐ་མའི་མཇུག་བསྡུ་བ། སྒྲ་དང་དོན་གྱི་རྒྱན་ནི་བྱེ་བྲག་སོ་སོར་རྣམ་པར་བཀྲ་བ་དང་། བྱ་སླ་བ་དང་བྱ་དཀའ་བ་དག་གི་ལམ་དང་། སྙན་ངག་རྣམས་ཀྱི་ཡོན་ཏན་སྐྱོན། དེ་ལྟར་མདོར་བསྡུས་ནས་རབ་ཏུ་བསྟན་ཏོ་ཞེས་སོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། གཞུང་ཡོངས་སུ་རྫོགས་
པའི་མཇུག་དོན་བསྡུ་བ་དང་། སློབ་དཔོན་གང་གིས་མཛད་པའི་མཛད་བྱང་། ལོ་པཎ་གང་གིས་བསྒྱུར་བའི་འགྱུར་བྱང་སྨོས་པ་གསུམ་ལས། དང་པོ་སྙན་ངག་གི་ཚུལ་སྒྲུབ་པར་བྱེད་པའི་སླད་དུ་བསྟན་པའི་ལམ་ཡོན་ཏན་བཅུ་དང་། དོན་རྒྱན་སོ་ལྔ་དང་། ཟུང་ལྡན་བྱ་དཀའ་སླ། གབ་ཚིག་དང་སྐྱོན་བཅུ་སྤང་བ་བཅས་ལེའུ་གསུམ་གྱིས་བསྟན་པ་འདིས་སྙན་ངག་ལེགས་པར་མ་སྦྱར་བའི་སྐྱོན་དང་། ལེགས་པར་སྦྱར་བའི་ཡོན་ཏན་དག རབ་ཏུ་རྟོགས་པའི་བློ་ཅན་གང་ཞིག རྗོད་བྱེད་ངག་གི་དཔལ་ཡིད་དུ་འོང་བའི་སྐལ་བ་བཟང་པོའི་དབང་དུ་གྱུར་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་དང་མངོན་པར་འགྲོགས་པར་བྱས་པ་དེ་ནི་དཔེ་ཇི་ལྟར་ན། ཆང་གིས་མྱོས་པ་དང་འདྲ་བར་མིག་གང་ཞིག་མཐོང་བས་ཡིད་མྱོས་པར་ནུས་པའི་མཛེས་མ་དག་དང་། སྐྱེས་བུ་མཛེས་པའི་ལང་ཚོ་ཅན་འཕྲད་ནས་དགའ་བ་ཉམས་སུ་མྱོང་བ་བཞིན་དུ་ཚིག་དེས་ཡིད་ལ་དགའ་བ་བསྐྱེད་པ་དང་། ཚིག་དེ་འདྲ་སྨྲ་བ་པོ་འཇིག་རྟེན་ན་མཁས་པའི་གྲགས་པ་ཐོབ་པར་འགྱུར་རོ། །ཞེས་སོ། །མཛད་བྱང་ནི། ཞེས་པ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པ་སྙན་ངག་གི་རྒྱན་ལས་བྱ་དཀའི་རྣམ་པར་བཅད་པ་སྟེ་ལེའུ་གསུམ་པའོ། །ཞེས་འགྱུར་བྱང་ནི། གཞུང་འདི་བོད་དུ་འགྱུར་བའི་
ཐོག་མ་ཤོང་འགྱུར་ཡིན་ཏེ། སྙན་ངག་མེ་ལོང་དབྱུག་པ་ཅན་གྱིས་མཛད་པ་འདི། ཕུལ་དུ་བྱུང་བའི་ཡོན་ཏན་དཔག་ཏུ་མེད་པས་སྤྲས་པ་ཆོས་ཀྱི་རྒྱལ་པོ་ས་སྐྱ་བ་འཕགས་པ་རིན་པོ་ཆེ་དང་། དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་སྙན་ངག་མཁན་ཆེན་པོ་ལཀྵྨཱི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ། །ཕྱིས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་ཀྱང་འགྱུར་བཅོས་ཅུང་ཟད་མཛད་ཅིང་བཤད་ཉན་ཡང་ལེགས་པར་མཛད། དཔང་ལོ་འདིས། སྔོན་ཚེ་སྦྱངས་པས་སྐྱེ་བ་འདིར། །གཞུང་རྣམས་རྩེད་མོའི་ཞར་ལ་ཤེས། །ཞེས་སོགས་གསུངས་པ་ལྟར་མཁྱེན་རབ་ཀྱི་དབང་ཕྱུག་ཏུ་གྱུར། དེ་ཡི་རྗེས་སུ་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་རྒྱ་དཔེ་རྙིང་པ་དང་འགྲེལ་པའི་རྒྱ་དཔེ་ལ་གཏུག་སྟེ་དག་པར་བཅོས་ཤིང་མཆན་བུ་འགའ་ཡང་འདེབས་པར་མཛད་དོ། །སླད་ནས་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་གི་ལོར་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་འགྲེལ་པའི་རྒྱ་དཔེ་གཉིས་དང་བསྟུན་ནས་རྒྱ་སྐད་ལ་ཞུ་དག་དང་བོད་སྐད་ཀྱི་བསྒྱུར་ནོར་མི་བཅོས་ཀ་མེད་རྣམས་ལེགས་པར་བཅོས་ནས་སྐད་གཉིས་ཤན་སྦྱར་དུ་སྤར་དུ་བསྒྲུབས་པ་ཡིན་ནོ། །དེ་
ཡང་རྒྱ་གར་དུ་སིངྒ་ལ་ཡི་གླིང་དུ་འཁྲུངས་པ་ནང་པའི་ཎྜི་ཏ་རཏྣ་ཤྲཱི་དང་། ཡང་ནང་པའི་པཎ་ཆེན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་རྒྱ་འགྲེལ་འདི་གཉིས་འཕགས་ཡུལ་དུ་གྲགས་ཆེ་བས་འགྲེལ་བའི་རྒྱ་དཔེ་དེ་གཉིས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་ཕྱག་ཏུ་འབྱོར་བ་དེ་དང་བསྟུན་ནས་ལེགས་པར་བཅོས་པའི་གཞུང་འདི་ཡིད་བརྟན་ཆེ་བར་མངོན། ངག་གི་དབང་ཕྱུག་གྲགས་པ་ཞེས་པ་མཁས་པ་སྒོ་དྲུག་གི་ནང་ཚན་དེ་ཡིན་མིན་བརྟག་གསུངས་སོ། །སྙན་དངགས་མེ་ལོང་གི་གཞུང་འདི་ལ་ཤོང་སྟོན་ལོ་ཙཱས་མདོར་བསྡུས་ས་བཅད་ཙམ་གྱི་འགྲེལ་ཆུང་དང་། དཔང་ལོ་ཙཱས་གཞུང་མཐར་ཆགས་སུ་བཤད་པ་གཉིས་གཞིར་བྱས་ནས་བོད་འགྲེལ་ཆེས་མང་པོ་ཞིག་བྱུང་བ་དེ་དག་གིས་ཀྱང་ལམ་སྲོལ་འདི་ལ་ཕན་པ་ཅི་རིགས་སུ་གྱུར་ཀྱང་དཀའ་གནད་འགའ་ལ་མ་རྟོགས་པ་དང་ལོག་རྟོག་ཏུ་གྱུར་པ་རྣམས་ཅི་རིགས་ཁམས་པའི་འགྲེལ་པ་དབྱངས་ཅན་ངག་གི་རོལ་མཚོར་བཀག་པ་ལྟར་ན། ཁམས་འགྲེལ་འདི་ནི་རྩོམ་པ་པོ་མཁྱེན་རབ་དང་གསུང་གསལ་ཞིང་། ཁྱད་པར་དུ་བརྡ་སྤྲོད་སྨྲ་བའི་དབང་ཕྱུག་མ་ཧཱ་པཎྜི་ཏ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་རྒྱ་འགྲེལ་གཉིས་དང་བསྟུན་པའི་ཞལ་རྒྱུན་ཞིབ་པར་གནང་བ་ལ་བརྟེན་ནས་བརྩམས་པའི་ཕྱིར། འདིའི་
སྔར་བྱུང་བའི་བོད་འགྲེལ་མཐའ་དག་གི་ནང་ནས་འདི་ཉིད་ལེགས་བཤད་ཆེ་ཤོས་སུ་སྣང་ངོ་། །འདིར་སྨྲས་པ། ཚིག་དོན་གཉིས་ཀ་རབ་ཏུ་གསལ་བ་ཡི། །གཞུང་བཟང་འདི་ལ་མེ་ལོང་ཞེས་པའི་མིང་། །བཏགས་པ་ཡང་དག་དོན་དང་ལྡན་མཐོང་ནས། །གུས་ཤིང་སྤྲོ་བའི་སེམས་ཀྱིས་རྣམ་བཤད་བྱས། །རྣམ་བཤད་འདིར་ཡང་ཚིག་མང་སྤྲོས་པ་ཡི། །ངལ་བ་མེད་ཀྱང་གཞུང་གི་དོན་མཐའ་དག །དྭང་བའི་མེ་ལོང་དཀྱིལ་ན་གཟུགས་བརྙན་བཞིན། །བློ་མིག་ལྡན་པས་བལྟས་པ་ཙམ་གྱིས་མཐོང་། །གང་ན་ཚིག་གི་ནུས་པ་ཕྲ་མོའི་དོན། །ཡོངས་རྫོགས་གསལ་ནུས་ལེགས་བཤད་ནོར་བུ་དང་། །འོལ་སྤྱི་ཙམ་དུ་བཤད་པ་མཆིང་བུའི་ནོར། །ཁྱད་པར་ཤིན་ཏུ་ཆེ་བ་ཡིན་མོད་ཀྱི། །གཞུང་དོན་རགས་པ་ཙམ་ཞིག་བརྗོད་པ་ཡིས། །བློ་ཚིམ་གྱུར་པའི་བླུན་ལ་ཅི་ཆ་ཡང་། །ཤིན་ཏུ་ཞིབ་མོའི་བློ་ལྡན་མཁས་རྣམས་ཀྱིས། །ལེགས་བཤད་རིན་ཆེན་མཆོག་རྣམས་གུས་པས་ཟུངས། །དཔལ་ལྡན་སྨྲ་བའི་དབང་ཕྱུག་དཎྜིའི་ཞབས། །དགྱེས་པ་སྐྱེད་བྱེད་ལེགས་བཤད་རོལ་པའི་མཚོ། །འདི་ཉིད་སྐལ་བཟང་ངང་པའི་ཚོགས་རྣམས་ཀུན། །ཡོངས་སུ་དགའ་བའི་བསྟི་གནས་ཉིད་གྱུར་ཅིག །ཕན་པའི་སེམས་ཀྱིས་ལེགས་པར་སྦྱར་བ་ལས། །བྱུང་བའི་དགེ་
ཚོགས་རབ་དཀར་འདི་བཟང་གིས། །ས་གསུམ་སྙིང་གི་མུན་པ་རབ་བསལ་ནས། །ཡང་དག་ཆོས་ཀྱི་དགའ་སྟོན་རྒྱས་པར་ཤོག །བདག་ཀྱང་སྐྱེ་ཀུན་མཚུངས་མེད་སྙན་ངག་གིས། །རྒྱལ་བའི་ཆོས་མཛོད་རྒྱ་མཚོ་གསལ་བྱེད་ཅིང་། །རྡོ་རྗེ་སྒྲ་དབྱངས་ལྷ་མོས་རྗེས་བཟུང་ནས། །རྨད་བྱུང་ངག་གི་དབང་ཕྱུག་འགྲུབ་གྱུར་ཅིག །འཇིག་རྟེན་ཁམས་སུ་དུས་ཀྱི་རྒུད་པ་ཞི། །ལེགས་གསུང་ལེགས་པར་སྨྲ་བས་ས་སྟེང་གང་། །རྒྱལ་བསྟན་རིན་ཆེན་ཕྱོགས་བཅུར་རབ་རྒྱས་ཤིང་། །འགྲོ་ཀུན་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག །ལྷ་བརྒྱའི་ཅོད་པན་ནོར་བུས་མངོན་མཆོད་པ། །དབྱངས་ཅན་ངག་གི་དཔལ་མོ་དགྱེས་པའི་ཞལ། །ཡིད་འོང་ཟླ་བ་གཞོན་ནུའི་འཛུམ་དཀར་འོད། །འདི་འཛིན་སྙིང་གི་འོ་མཚོར་འདྲེས་གྱུར་ཅིག །དེ་ཡི་མཐུ་ལས་རྨད་བྱུང་ངག་གི་དཔལ། །རབ་གྲུབ་ལེགས་བཤད་སྨྲ་བའི་སྒྲ་དབྱངས་ཀྱིས། །ས་གསུམ་ངོ་མཚར་དཔལ་དང་ལྡན་པ་ཡི། །སྐལ་བ་བཟང་པོས་འགྲོ་འདི་མཛེས་གྱུར་ཅིག །ཅེས་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་ཞེས་བྱ་བ་འདིར་སྔ་འགྲེལ་རྣམས་ཀྱི་ལེགས་བཤད་ཀྱི་བཅུད་འདུས་ཤིང་། སྒྲ་དོན་གྱི་ཆ་འགའ་ཞིག་ལ་ཐེ་ཚོམ་ཆོད་པའི་སྒོ་ནས་སྔ་འགྲེལ་རྣམས་ལས་ཀྱང་འཕགས་པར་གྱུར་པས་ན། བོད་སྔ་མ་རྣམས་ཀྱིས་བརྩམས་པའི་
སྙན་འགྲེལ་མང་དུ་མཆིས་ནའང་། དོན་འདུས་ཤིང་རྒྱས་བསྡུས་འཚམས་པ། གོ་སླ་ཞིང་མཐར་ཆགས་སུ་བཤད་པ་སོགས་ཀྱིས་རིག་ལམ་འདི་ནི་དོན་དུ་གཉེར་བ་རྣམས་ལ་ཕན་པའི་བསམ་པས། མི་ཕམ་པ་མཚོ་བྱུང་བཞད་པའི་གེ་སར་ཞེས་འབོད་པས་རང་ལོ་དྲུག་ཅུ་རྩ་བཞི་པ། ས་མོ་བྱའི་ལོའི་སྨིན་དྲུག་ཟླ་བའི་ཚེས་གསུམ་ལ་མགོ་འཛིན་ཙམ་བྱས་ནས་ཤར་མར་འབྲི་འདུན་ཡིན་ཡང་། ཞག་འགའ་ཞིག་ལ་གཞན་རྐྱེན་གྱི་དབང་གིས་ཡིག་ལྡེབ་རེ་ཟུང་ལས་བྲི་རྒྱུ་མ་བྱུང་ཡང་། ཟླ་བ་དེ་ཡི་ཚེས་ཉེར་གསུམ་རེས་གཟའ་ཉི་མ་དང་རྒྱུ་སྐར་དབོ་འཛོམས་པའི་སྔ་དྲོ་དང་པོའི་ཆ་ལ། ལྡན་ཡུལ་གོ་ཐི་ཞེས་པ་བདེ་མཆོག་གི་གནས་སུ་གྲགས་ཤིང་། ཆུ་དང་ཤིང་དང་ཐང་དང་རི་ཡིས་ལེགས་པར་བསྐོར་བའི་དབུས་ཀྱི་ས་གནས་ཉམས་དགའ་བར་སྦྱིན་པའི་བདག་པོ་མདུན་བློན་དིས་མགོ་བཀྲ་ཤིས་ཚེ་རིང་གིས་གསར་དུ་བསྐྲུན་པའི་རང་གནས་ཀྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་ལེགས་པར་གྲུབ་པ་འདིས་བསྟན་པ་དང་སེམས་ཅན་ལ་ཕན་བདེ་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག མངྒ་ལཾ།། ༈ །།ཨོཾ་སྭསྟི། མཐའ་ཡས་འགྲོ་བའི་རྨོངས་མུན་ཀུན། །སེལ་བྱེད་ངག་གི་བསིལ་འོད་འབུམ། །སྲིད་ཞིར་ཁྱབ་པར་རྟག་སྤྲོ་བ། །དབྱངས་ཅན་ཟླ་བ་དེར་ཕྱག་འཚལ། །གསུང་རབ་རྒྱ་མཚོར་མིང་ཚིག་དང་། །བརྗོད་
པ་ལ་བལྟོས་ཐོས་བསམ་གྱི། །སྤྱོད་ཡུལ་ཅན་རྣམས་ཐུན་མོང་གི། །རིག་ལམ་སྤངས་ན་ཤིན་ཏུ་འཁྱམས། །ཁྱད་པར་སྙན་པར་སྨྲ་བའི་ངག །གང་ལ་ལྡན་མིན་དེ་ཡི་ཚེ། །ཏོག་གེར་བྱང་དང་སྡེ་སྣོད་ལ། །མཁས་གྱུར་རྣམས་ལའང་སྐྱོན་མང་ལྡན། །བཅུ་ཕྲག་གནས་ལྔའི་གྲུ་བོ་ཆེ། །འདོར་བཞིན་གསུང་རབ་རྒྱ་མཚོ་ལ། །ཞུགས་འདོད་རྒྱལ་དང་རྒྱལ་སྲས་རྣམས། །བཞད་གད་གནས་སུ་ཅིས་མ་གྱུར། །ཚུལ་དེ་གཟིགས་ནས་བཀའ་བསྟན་གྱི། །སྤྱི་སྟེགས་རིག་ལམ་འདི་མེད་ན། །བསྟན་པ་ནུབ་དང་མཚུངས་སོ་ཞེས། །ཀུན་ལ་གདམས་དང་རྗེས་མཐུན་པར། །ཤེས་བྱ་རྒྱ་མཚོའི་འཁོར་ལོས་སྒྱུར། །འཇམ་པའི་དབྱངས་དང་གཉིས་མེད་པ། །མི་ཕམ་སྨྲ་བའི་སེང་གེ་ཡིས། །ཚིག་རྒྱན་འདོད་འཇོའི་མེ་ལོང་འདིར། །ས་ལ་སྔ་འགྲེལ་བྱུང་ཀུན་གྱིས། །བཤད་པའི་སྐལ་བཟང་ལྷག་མ་བཅས། །སྔོན་བྱུང་རྗེས་ཟློས་ཙམ་མིན་པའི། །ལེགས་བཤད་རྔ་ཆེན་སླར་ཡང་བསྒྲགས། །དོན་ཆེན་དགོས་པ་ཆེན་པོ་རུ། །ལྷག་པར་ཐུགས་ལ་རྗེ་རང་ཡང་། །བཏགས་བཞིན་ཆོས་སྦྱིན་ཕྱི་མོའི་འཕྲུལ། །བསྒྲུབ་འོས་རྗེས་སུ་འདོམས་པ་ན། །ཞལ་འདེབས་རིན་ཆེན་གཉིས་པ་ཡི། །སྲང་འཁོར་ཉེར་ལྔ་དང་བཅས་ཏེ། །བཀའ་སྩལ་ཕེབས་བཞིན་ཏཱའི་སི་ཏུ། །པདྨ་དབང་མཆོག་རྒྱལ་པོའི་ཞབས། །གང་གི་ཐུགས་བསྐྱེད་ཆུ་གཏེར་ལས། །ཆོས་སྦྱིན་ཕྱི་མོའི་ནོར་བུ་ནི། །དཔལ་སྤུངས་
གདན་སར་ཐུབ་བསྟན་གྱི། །རྒྱལ་མཚན་མཛེས་པའི་རྒྱན་དུ་ཤར། །ང་འདིར་ཡོད་ཅེས་སྨྲ་བ་དང་། །མཚུངས་པའི་ལེགས་བཤད་འདིར་ཞུགས་ན། །བློ་གསལ་ཚོགས་རྣམས་ཚིག་རྒྱན་དང་། །སྙན་ངག་སྨྲ་ལ་འགྲན་མེད་འགྱུར། །རབ་དཀར་དགེ་ཚོགས་ཅི་མཆིས་པ། །ཟག་མེད་ཡེ་ཤེས་ཚོགས་ཀྱི་རྒྱུར། །འབབ་པའི་མཐུ་ལས་མཐའ་ཡས་འགྲོ། །དབྱངས་ཅན་གོ་འཕང་ཐོབ་གྱུར་ཅིག །ཐུན་མོང་ཐུན་མིན་ཤེས་བྱ་ཡི། །སྣང་བས་འཚོ་བཞིན་འཇིག་རྟེན་ན། །བསྟན་པའི་དཔལ་དང་འགྲོ་བའི་བདེ། །རྟག་ཏུ་ཕུན་སུམ་ཚོགས་ཐོབ་ཤོག །ཅེས་པ་འདི་འང་ལྷ་སྲས་ཚེ་དབང་བདུད་འདུལ་གྱི་ཐུགས་བསྐྱེད་དཀར་པོས་ཉེ་བར་དྲངས་ཏེ་སླར་ཡང་སྤར་ཁང་ཆོས་མཛོད་ཆེན་པོའི་ནང་སྤར་ཏུ་བསྒྲུབས་པ་དགེ། །།རྒྱལ་རྣམས་མཁྱེན་གཉིས་ཡེ་ཞེས་ཀྱི། །རྣམ་པ་ཤེས་རབ་རལ་གྲིའི་གཟུགས། །