Nitartha Digital Library
Tibetan
གླེགས་བམ་བཅུ་པ།

45 occurrences of དྲིལ་བུ་
[Clear Hits]


  
 
བཟོ་གནས་ཉེར་མཁོའི་ཟ་མ་ཏོག
  
 
  
23   
 
15   
  
  


45 occurrences of དྲིལ་བུ་
[Clear Hits]

 
previousབཟོ་གནས་ཉེར་མཁོའི་ཟ་མ་ཏོགnext

བཟོ་གནས་ཉེར་མཁོའི་ཟ་མ་ཏོག


MR10_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་གནས་ཉེར་མཁོའི་ཟ་མ་ཏོག་བཞུགས་སོ། །


MR10_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོ་སེམས་ཅན་ཀུན་དོན་བྱེད། །འཇམ་དཔལ་དེ་ལ་ཕྱག་བྱས་ནས། །བཟོ་གནས་རྒྱ་མཚོ་ཆེན་པོ་ལས། །ཉེར་མཁོའི་ཆུ་ཐིགས་འགའ་ཙམ་བཀོད། །སྤོས་སྦྱོར་ལ་སྤོས་ཐམས་ཅད་ཀྱི་གཞི་མ་ཤུག་ཕྱེ་ཡིན་པས། ཤུག་པའི་སྡོང་རྒན་དྲི་ཞིམ་པོ་དེ་ཆུ་བརྡར་བྱས་པའི་ལྡེ་གུ་ལ་ཆུ་བསྣན་ནས་ལྷོག་བཞི་ལྔ་ཙམ་བསྐོལ་བ་རས་བཟང་ལ་བཙགས་ནས། ཁུ་བ་དོར། སིག་མ་ཚགས་བྱའོ། །ནཱ་གི་འདུལ་ལུགས་ནི་མར་ཁུ་ཁོལ་ཐག་ཆོད་ནས་ལྦུ་བ་ཆད་པའི་དྭངས་མ་ནག་པོར་མ་སོང་བའི་ནང་དུ་བཏབ་ལ་དཀྲུག་ཅིང་བསྲེགས་པས། ཐམས་ཅད་ཚོས་ནས་སེར་སྦོབ་སོང་ལ་ནག་པོར་མ་སོང་གོང་ཕྱུང་ལ་ཆང་ནང་ངར་བསད། སྣུམ་ཕྱིས་ལ་རྡོ་གཞོང་ཡངས་པར་ནཱ་གི་སྐམ་བརྡུང་ཞིབ་པར་བྱས་པའི་ཕྱེ་མ། དེའི་སུམ་འགྱུར་གྱི་བུང་མང་བའི་ཆང་བཟང་པོར་གླ་རྩི། ཀླུ་མོའི་ཕོ་བྲང་ཀླུའི་དུག་གིས་བཤིག་ཅེས་པ་ཆང་དང་གླ་རྩིའོ། །ཐུན་གཅིག་བཏབ་པར་ཚོན་ལྟར་འདུལ། ཆང་གླ་རྩི་གཉིས་ཀྱི་ནུས་པས་


MR10_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འདུར་སླ། ཁ་དོག་དཀར་སིང་མ་སོང་བར་འདུར། སེན་མོ་ལ་བསྐུས་ཏེ་བལྟས་པས་སིག་མ་སྤུ་རྩེ་ཙམ་ཡང་མེད་པར་ཆང་དང་དབྱེར་མེད་འོ་མ་ལྟར་འདྲེས། ཉི་མ་བཅུ་གཉིས་བར་དུ་ཞག་གྲངས་སུ་འདུར་བའི་ཉིན་ལམ་དེ་སྙེད་ལ་དྲིས་ཁྱབ་ནུས་པར་བཤད་དོ། །གུ་གུལ་ནི་རྡོ་གཞོང་དུ་ཆང་དང་སྦྱར་ལ་གྲང་འདུར་བྱས་པས་རོ་མ་མེད་པར་འོ་མ་ལྟར་འདུར་ཐུབ་ནས་ཁ་དོག་དཀར་པོར་འགྲོའོ། །སིཧླ་ཆུའམ་ཆང་ནང་སྔ་མ་ལྟར་ལ་བསྲོས་ནས་ཚ་འདུལ་ལམ། ཡང་ན་གྲང་འདུལ་གང་རིགས་བྱས་པས་དཀར་པོར་འགྲོ་བའི་བར་དུ་བསྣུར་བར་བྱའོ། །གླ་རྩི་ནི་ཀླུ་ས་བདག་ལ་གནོད་པས། དེའི་དུག་འདོན་སླད་གླ་རྩི་སྲང་རེ་ལ། རྡོ་དྲེག་དམར་སེར་གང་རུང་སྐར་མ་རེ་བཏབ་ལ་སྐམ་འདུལ་ཞིབ་པར་བྱ། དེ་རྗེས་ཆུ་བྲན་ལ་ཚོན་ལྟར་ཆུ་དང་དབྱེར་མེད་པར་འདུལ་ལོ། །གུར་གུམ་དང་པོ་སྐམ་འདུལ། དེ་ནས་ཆུ་བྲན་ལ་འདམ་བཏགས་ཇ་ཡུན་ཙམ་བྱ། དེ་ནས་ཆང་ཞིམ་


MR10_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྣན་ལ་སླར་ཡང་འདམ་འཐག་སྔ་མའི་ཡུན་ཙམ་བྱའོ། །སྨན་གཞན་རྣམས་དར་ཚགས་ལ་དྲངས་ནས་ཞིབ་འདུལ་བྱ་བ་གལ་ཆེ། དམ་རྩི་དབང་ལག་སྐམ་བཏགས་ཞིབ་ཆེས་པ་དེ་ཉིད་སྤོས་ལ་བསྲེ་རན་དུས་ཆུར་སྦྱང་འདམ་འཐག་ཡུན་རིང་བྱས་ནས་བསྲེ།དེ་ནས་སྤོས་སྨན་ཐམས་ཅད་སྐམ་པོར་བསྲེ་འདུལ་ལེགས་པར་བྱས་དེ་རྗེས་ཆང་བཟང་གིས་ཆང་བའི་རྗེས་དོད་ཐུབ་ཙམ་འདམ་འཐག་བྱས་ལ། གཙང་སྦྲ་ཐོན་པའི་སྤར་མོས་བཙིར་རམ། འདམ་ཐག་གིས་འདྲེ་ངེས་བྱའོ། །དེ་ནས་ཤུག་ཕྱེ་སྤོས་རབ་ལ་མཉམ་འཇལ། འབྲིང་ལ་བུན། དེ་འོག་ལ་ལོག་པོ། དེ་མཐར་སུམ་འགྱུར་གྱི་ཤུག་ཕྱེ་མང་བ་དང་། ཤིན་ཏུ་ཐ་མར་བཞི་འཕར་ཡང་བྱས་པ། གང་ཡང་བསྲེ་འཕུར་སྔ་མ་ལྟར་འདྲེས་ངེས་བྱས་རྗེས། ཆང་བཟང་གིས་གར་སླ་ཟན་སླ་ཤོས་ཙམ་བྱས་ནས། དྲོད་ནམ་ཟླ་དང་བསྟུན་ལ་ཆང་ཡུན་མ་ལོན་ཙམ་དུ་ཆང་ཇི་ལྟ་བར་བསྙལ། དེ་ལངས་ནས་ཐག་ལ་དྲངས་ཏེ་ཤིང་ལེབ་ཏུ་བླངས་ལ་བསིལ་སྐམ་བྱ། དེ་ནས་ཁ་དོག་དམར་པོ་ཙནྡན་ནམ། ཚ་ལ་སྦངས་བའི་རྒྱ་ཚོས། སེར་པོ་གུར་གུམ་མམ་མྱང་རྩི་སྤྲས་ཀྱིས་བསྒྱུར་བས་འགྲུབ་བོ། །ཚད་ནི་ནཱ་གི། ༡༠༠ གུ་གུལ། ༠ ༤ ༠ གུར་གུམ། ༠ ༤ ༠ གླ་རྩི། ༠ ༠ ༥ ཙནྡན་དཀར་པོ། ༠ ༢ ༥ ལི་སུག་ཨར་སྐྱ་ཛཱ་ཏི་སྐར་རེ་བྱས་ན་ལེགས་ཤིང་། གཞན་ཡང་སྤོས་སྦྱོར་སོ་སོའི་གཞུང་ལྟར་བྱའོ། །སྤོས་སྦྱོར་ལ་དུས་འཁོར་སོགས་རྒྱུད་དང་། ཀླུ་སྒྲུབ་ཀྱི་སྤོས་སྦྱོར་ལྡེའུ་ཆང་བསྟན་འགྱུར་དུ་ཡོད། བྱས་པ། ཁ་ཆེ་པཎ་ཆེན་གྱི་ལྔ་སྦྱོར་སོགས་དང་། གཏོར་མའི་སྤོས་སྦྱོར་སྣ་ཚོགས་དང་། ཆོས་སྐྱོང་སོ་སོའི་མཐུན་རྫས་ཀྱི་སྤོས་སྦྱོར་སོགས་སྣ་ཚོགས་ཡོད། སྤོས་དེ་ལའང་གདབ་སྤོས་བྱེ་མ་བྱུག་པ་སོགས་བརྒྱད་བཤད་དོ། །སྣག་ཚ་བཟོ་བ་


MR10_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཐང་མ་སྒྲོན་ཤིང་ངམ། གྲོ་ག་སོགས་ཀྱི་ཤུན་པ་སྐམ་པོར་མེ་སྦར་ལ་ཁོག་མ་དྲ་བ་ཅན་དུ་མེ་ལྕེ་བཏོན་པའི་དྲེག་པའམ། མར་མེ་དང་དཔལ་འབར་སོགས་ཀྱི་དྲེག་པའམ། ཐ་མ་སླང་དྲེག ཕ་བ་སྒོ་སྒོ་སྐམ་པོ་ཞལ་འདག་གིས་གཡོགས་ནས་བསྲེག་པ་ལྟ་བུ་དེ་དངོས་རྒྱུའོ། །དེ་ལ་སྤྱིན་གྱི་དྭངས་མ་བསྐོལ་པ་གྲང་ནས་ཆགས་ཚེ་ལྕེས་མི་ཕིགས་ཙམ་སྦྱར་བ་ཐང་རྐྱལ་དུ་མཉེ་བསྲུབ་ཡང་ཡང་བྱེད་ཅིང་། རླན་དང་བྲལ་ན་ཆུས་བྲན་ཏེ་ཡང་ཡང་ལྡེ་གུ་བྱས་ནས་འདུལ་བའོ། །འདིར་ཁ་ཅིག་ལྷང་ཚེར་ཐང་རྐྱལ་དུ་མཉེ་བསྲུབ་བྱས་པས་གཞི་བྱས་ནས་དྲེག་པ་སོགས་ཀྱིས་བསྒྱུར་བའང་བྱེད་སྲོལ་ཡོད། སྣག་ཚ་དེ་ལ་མཉེ་བསྲུབ་དུས་སམ། སླད་ནས་ཀྱང་རུང་སྟེ། པི་ལིང་ཀ་ཀོ་ལའི་ཆུས་སྦང་ན་དགུན་མི་འཁྱག ག་བུར་ཏང་ཀུ་ཙནྡན་དཀར་པོའི་ཆུས་སྦྱངས་པས་དབྱར་མི་རུལ། གླ་རྩི་དང་གི་ཝཾ་གི་ཆུས་ཕབ་ན་ཤིན་ཏུ་རྒྱུག་ཅིང་མི་འཆད། རྒྱལ་མོ་ཀ་ར་དང་རྒྱ་སྐེག་གིས་ཆུས་ཕབ་ན་ཁ་དོག་སྣུམ། ལི་ཤི་རུ་རྟ་ག་པུར་རྒྱ་སྤོས་སྤང་སྤོས་ཏང་ཀུ་ཤུ་མོ་ཟ་ཨར་ནག་རྣམས་ཀྱི་ཆུས་ཕབ་ན་དྲི་བཟང་། ཡོས་ཚིག་ཁུ་བ་དང་བེ་ཁྲག་གཉིས་ཀྱི་དྭངས་མ་བླུགས་ན་དངུལ་འོད་འཚེར། སྤྱི་གཞུར་ཁུ་བས་མཐིང་མདངས། སྐྱེར་ཤུན་ཁུ་དྭངས་བླུགས་ན་གསེར་མདོག །སྐག་ཁུས་ཟངས་མདོག་འབྱུང་ཕྱིར་གང་འདོད་བསྲེ། དམ་ཆེས་པས་མི་རྒྱུག་ན། དར་མཚུར་རམ་ཚ་ལ་བསྲེག་ཐལ་ཉུང་ཙམ་བཏབ། སླ་ན་ནས་སམ་སྲན་མའི་རྡོག་པོ་བཏབ་པས་དེས་ཆུ་འཐུང་ནས་གར་བར་ནུས། སྤྱིན་མེད་ན་གྲོ་ནས་ཀྱི་ཡོས་ཁུ་འམ། ཐང་ཁྲག་སོགས་དམ་དུ་སེམས་ཅན་རྫུད་པའི་ཆུ་སེར་དྭངས་མ་ཁྲག་མེད་པ་སོགས་བསྲེས་པས་འོད་དང་ལྡན་ཞིང་དགུན་འཁྱགས་


MR10_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཕྱིར་འཇིབ་མི་འོང་བཟང་ཡང་། རླན་དང་ཕྲད་ན་རྐྱེན་ཆེར་མི་ཁྱགས་སོ། །བུལ་ཏོག་ཇ་བསྐོལ་ནང་བཏབ་ན་འཇུ་བ་དེ་སྣག་ཚའི་དམ་ཚིའི་མཆོག་གོ་ཞེས་ཀྱང་བཤད། གཞན་ཡང་སྣག་ཚ་བཟོ་བའི་རྒྱུ་དགུ་ཡང་བཤད་དོ། །དང་པོ་དྲེག་པ་ལས་སྦྱར་ཚུལ་ནི། སྣུམ་ནག་གི་དྲེག་པ་བུང་ཆེ་བར་འོང་ཡང་འདུལ་ཅུང་དཀའ། ཀྱི་ལྕེའི་དྲེག་པ་འདུལ་སླ་ལེགས་ཀྱང་འོད་ཆུང་། ཤིང་དྲེག་ལེགས་ལ་བོང་ཆེའོ། །དམར་ཆེན་རྩེ་བའི་དྲེག་པ་མདོག་ལེགས་བོང་ཆེ་འདུལ་སླ་ཡང་རུལ་རྐྱེན། དེའི་ཕྱི་དགུན་དུས་དམར་ཆེན་རྩེ་དྲག་དང་། ཡང་ན་སྣུམ་དྲེག་ཀྱི་ལྕེའི་དྲེག་པ་མཉམ་སྦྱར་བྱས་ན་མདོག་ལེགས་འདུལ་སླ་བོང་ཆེ་བའི་དགོས་པ་ཡོད། དེ་ལ་མཐིང་ཀ་འདོད་ན་རམ་གྱི་ཁ་ཆུ་ནག་པོ་དང་སྤྱི་བཞུར་ཁུ་བ། སྔོ་སྐྱ་འདོད་ན་སྤྱི་བཞུར་ཁུ་བ་ཁོ་ན། དངུལ་མདོག་འབྲས་དཀར་དང་མ་ནུ་རུ་རྟའི་ཁུ་བ་ཆ་མཉམ་མང་དུ་བཏང་སྟེ་ཡུན་རིང་ཉི་མར་མཉེས་པས་འོང་། དམར་མདངས་མཚེར་བར་འདོད་ན། སྣུར་ཐག་ཆོད་ཁར་གཙོད་ཁྲག་སྦང་བའི་དྭངས་མ་ཅུང་ཟད་བཏང་ནས་མེ་ལ་མི་བརྟེན་པར་ཉི་མར་མཉེས་པས་འོང་། ཤིན་ཏུ་གནག་ཅིང་འོད་ཆེ་བར་འདོད་ན་ལ་ཆུ་ཅུང་ཟད་བཏང་སྟེ་ཆུ་གྲང་མི་བླུགས་པར་དྲོད་ཁོ་ནར་བརྟེན་པས་འོང་། དེ་རྣམས་གང་བྱེད་ཀྱང་མ་ནུ་རུ་རྟའི་ཁུ་བ་བཏང་བས་འཇམ་ལ་རྨེ་བའི་གནད་ཡོད་དོ། །དམ་གྱི་སྤྱིན་ཆུའི་ཚབ་འབྲས་ཁུ་ཉག་གཅིག་གིས་བྱས་ན་འདྲེན་བདེ་སྐམ་མགྱོགས་དབྱར་མི་རུལ་ལོ། །སུག་ཆུའི་དྭངས་མ་དང་སྤྱིན་ཆུ་ཅུང་ཟད་བཏང་ན་འོད་ཆེ། སྤྱིར་ཡུན་རིང་དུ་མཉེས་པ་དང་། མཉེ་དུས་སྐོར་ཕྱོགས་ངེས་མེད་དུ་བྱས་ན་མི་འཆད་པ་འདྲེན་བདེ་ལ་གནག་སྙིང་ཉུང་། འོད་ཆེ་བའི་གནད་ཡོད་དོ། །གཉིས་པ་མེ་ཏོག་ལས་བཟོ་ཚུལ། སྣུམ་གྱི་མར་མེའི་རྩེར་ཆགས་པ་དྲེག་པ་ནག་པོའི་མེ་ཏོག་ནི་སྣུམ་དྲེག་དང་འདྲ། མེ་ཏོག་གཞན་འབྲས་


MR10_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་ཧ་ལོ་སྨུག་པོ་དང་། རྒྱ་ལྕམ་མེ་ཏོག་གཉིས་སོ་སོར་སྦང་ལ་ནག་པོར་གྱུར་བ་དང་ལྷན་ཅིག་བསྲེ། དེ་ལ་ཚོས་ཁུ་དང་མཚུར་ནག་ར་ཁྲག་ཅུང་ཟད་བཏང་ནས་བྲིས་པས། དང་པོར་སྣག་ཚ་འཆིང་ཁ་སླ་འདྲེན་བདེ་བ་ཞིག་འབྱུང་།བྲིས་ཟིན་ནས་ལོ་རེ་བཞིན་དག་འགྲོ། དེ་ནི་ཚ་བུལ་སོགས་མ་བཏང་བར་མེ་ཏོག་ལ་བྱེད་ཚུལ་ལོ། །གསུམ་པ་ས་ལ་བྱེད་ཚུལ་ནི། ས་སྨྱག་གཤིན་པོ་སྤྱིན་ཆ་གསུམ། ཞིབ་ཟན་ཆ་གཅིག་རྣམས་བསྲེས་ལ་གོང་དུ་བྱ། སྐམ་ཐག་ཆོད་པ་དང་མེ་ལ་བཙན་བསྲེག་བྱ། དམར་པོར་སོང་བ་དང་། དེར་ཕྲལ་གཏུན་ཁུང་མེ་ཐུབ་ཀྱི་ནང་དུ་མཉེས་ནས་ཅུང་ཟད་དྲོ་བ་དེ་ལ་ཉེ་ཤིང་མ་ནི་དྭངས་མ་ཅུང་ཟད་དང་། སྤྱིན་ཆུ་བླུགས་ལ་ཆུ་ཡོད་ན་མཆོག་ཏུ་བཟང་། མེད་ན་ཡང་རུང་ཡུན་རིང་མཉེས་པས་མདོག་ནག་བོང་ཚོང་ཆེ།འཐུབ་ཞལ་བ་ཐབ་ཚང་དང་ཐབ་ཁ་ལ་བྱུག་པའི་སྣག་ཚ་མཆོག་ཡིན་ནོ། །བཞི་པ་ཕ་བ་སྒོ་སྒོ་ལས་བྱེད་པ་ནི། བ་མོ་དུ་གོལ་ཡང་ཟེར། དེ་སྐྱེས་ཕྲལ་གྱི་ཁྲེས་པོ་ཐུས་ལ། མེ་ལ་བཙན་བསྲེག་བྱ། དམར་ཏིང་ངེ་བ་དེ་ཆུ་ལ་བསྒྱུར། དེ་བཏོན་ནས་གཏུན་ཁུང་དུ་མཉེས་སྐམ་ཐག་ཆོད་ནས་བརྔོས་ལ་ཉེ་ཤིང་མའི་ཁུ་བ་དང་སྤྱིན་ཆུ་བླུགས། ཡུན་རིང་མཉེས་པས་མདོག་ནག་པོར་ཆེ་བ་འོང་སྟེ། འདི་ནག་རོ་པ གས་ལ་བྱུག་པའི་འོས་ཡིན་ནོ། །ལྔ་པ་ལྕི་བ་ལས་བཟོ་ན། བ་གླང་གི་ལྕི་བ་སེར་ཀ་མ་བཏུས། དེ་ཡང་སྔ་ལྕི་སེར་ཁ་མ་ཡིན་ན་བཟང་། དེ་མེར་བསྲེགས་དམར་པོར་སོང་དུས་ཆུ་ལ་བསྒྱུར་ནས་བཏོན། དེ་ནས་ཞིབ་ཟན་མཐེབ་ཀྱུ་སྐམ་པོ་བསྲེག་པ་ཆུར་བསྒྱུར་བ་ཅུང་ཟད་བསྲེས་ཏེ། གཏུན་དུ་བསྒྱུར་ཚུལ་གོང་ལྟར་བྱས་པས་མདོག་ཤིན་ཏུ་གནག་པ་འོང་


MR10_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ནག་རྩི་བྱ་བའི་འོས་སོ། །དྲུག་པ་སེར་ཤ་ལ་བྱེད་ཚུལ། དབྱར་ཁའི་སེར་ར་ཤ་ཆད་སླར་འཛུད། བདུན་པ་ཙི་ཏྲ་ཀའི་འབྲས་བུ་སྨིན་པ་དེ་རློན་པ་ཡིན་ན་ཁབ་ཀྱིས་བཙག་པའི་ཁུ་བ་ལྕགས་སྣོད་དུ་བླང་། སྐམ་པོ་ཡིན་ན་ཆོལ་ཙམ་བརྡུང་ལ་ལྕགས་སྣོད་དུ་ཆུར་སྦངས། ཉི་མར་འདུལ་བས་ཁུ་བ་སྨུག་ནག་འབྱུང་བ་ལ། ཐར་ནུ་དང་མཚུར་ནག་གི་ཁུ་བ་དྭངས་མ་བླུགས་ནས་བྲིས་པས་སྣག་ཚ་མཆིན་ཁ། དྲུག་སིང་ངེ་བ། འདྲེན་བདེ་མོ་ཞིག་འབྱུང་། བརྒྱད་པ་ནི་དུད་འགྲོའི་རྒྱུངས་པ་ཁྲག་དང་རྩ་དང་ལྐོག་པ་མེད་པ་ཞིག ཚོན་ཙམ་རྫ་ཕོར་འཇམ་པོའི་ནང་དུ་བླུག དེ་ལ་གོང་གི་དྲེག་པ་རྣམས་གང་ཡོད་བཏབ་ལ་མཉེ། ཆུ་འཇམ་ཙམ་བླུག གར་སླ་རན་པོར་བྱུང་བ་དང་བྲིས་པས། འདྲེན་བདེ་མོ་རང་མིན་པའི་མདོག་ལེགས་པོ་གཅིག་འོང་། འདི་མེ་ཉི་མི་ཕོག་པའི་ཞལ་པ་སོགས་ལ་བྱུག་ན་ལེགས། རྒྱུངས་པ་ཆེ་ན་ཀོག་འོང་པས་ཚོད་ཟིན་པར་བྱའོ། །དགུ་པ་ལ་ཕུག་བརྡར་གསེབ་དྲེག་པ་གང་འདོད་ཅིག་བླུགས། ལག་པས་མཉེས་ལ་ཆུ་གཙང་ཅུང་ཟད་བླུགས་ཏེ་བཙིར་བས་ཕྲལ་དུ་སྣག་ཚ་འབྱུང་སྟེ། མདོག་ལེགས་པོ་རང་མིན་ཡང་འདྲེན་ཤིན་ཏུ་བདེ་བ་གཅིག་འོང་། ཡུན་རིང་ན་ཅུང་ཟད་ཡལ་འགྲོ་བ་ཡིན། ཕྲལ་དུ་སྣག་ཚ་དགོས་ན་འདི་དང་རྒྱུངས་པ་ལ་བྱེད་པ་གཉིས་མགྱོགས་སྣག་ཡིན་ནོ། །སྣག་ཚ་སྦང་ཚུལ་སྣག་བུམ་གྱི་ནང་བསྲོས་ལ་ཆུ་བླུག་དེ་ནས་གྲང་བ་དང་ཆུ་ཐིགས་བླུག་པས་གཞན་གྱིས་བྲིས་ཀྱང་མི་འོང་། རང་གིས་འབྲི་ན་སྣག་བུམ་བསྲོས་ལ་ཚ་ལའི་སྦུ་བ་བླུགས་པས་འབབ་པར་འགྱུར་རོ། །མཚལ་འདུལ་ལུགས་འོག་ཏུ་ཚོན་སྦྱོར་སྐབས་སུ་འཆད། ཡི་གེ་བྲི་ཚུལ་ལ། རང་ལུས་དགྱེ་སྒུར་རན་པས་བྲི་བར་བྱ་སྟེ། ཧ་ཅང་དགྱེ་ན་ཡི་


MR10_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གེ་མི་འགྲིག མདུན་དུ་སྒུར་དྲག་ན་ལུས་ཁམས་ལ་ལྷག་པར་གཟན་པའི་ཕྱིར་རོ། །རང་མདུན་དྲང་པོར་ཤོག་བུ་བཞག་ནས་བྲིས་ན་བདེ། ཡང་ན་པུས་མོ་གཡོན་གྱི་འོག་ཏུ་འདྲ་མྱོར་རྟིང་པ་བཙུགས་ལ་དེ་སྟེང་ནས་བྲིས་ན་ཁམས་ལ་མི་གཟན་ཡི་གེ་ལེགས་པོ་འོང་། གློ་སྐར་སོགས་གཡས་ཕྱོགས་སུ་དཀར་སྣང་ཡོད་ན་མགོ་དང་ལག་པའི་གྲིབ་མས་སྒྲིབ་པས་མི་བདེ་དེས་ན་སྣང་བ་དཀར་བའི་ཕྱོགས་ལ་གཡོན་ཕྱོགས་གཏད་པའམ། ཡང་ན་མདུན་གྱིས་བལྟས་ཏེ་བྲི་བར་བྱའོ། །བྲི་ཀློག་གཉིས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ལགས་པས། དང་པོར་སཾ་ཊ་ལ་ཡིག་མཁན་མཁས་པས་ལག་ཁྲིད་ལྟར་ཐིག་དང་ལྡན་པར་ཡིག་ཆེན། ལི་ཁམ་ཛར་གསུམ་ཕོག་ངེས་ཚད་ལྡན་ལག་གོམས་མཐར་དབྱུང་། དེའི་ཚེ་གཡས་ཀྱི་སོར་མོ་འོག་མ་གསུམ་ནང་དུ་བསྐུམ། མཐེབ་མཛུབ་ཀྱི་ཁ་གྱད་ཡངས་པར་བྱ་ཞེས་བྲིས་པ་རྒན་པོའི་ངག་རྒྱུན་ལ་སྣང་། རྒྱུན་དུ་བྲེལ་བས་ཅི་བྱུང་བྱས་ན་ཡིག་གཟུགས་ལད་ནས་ལག་པ་ངན་གོམས་ལ་འགྲོ་བས་ཚད་ལྡན་ལེགས་པོར་བྲིས་ན་ཡིག་གཟུགས་ཇེ་ལེགས་བྲིས་མཁས་པའི་གྲལ་དུ་ཚུད་པར་འགྱུར་རོ། །གོམས་པ་རྫོགས་ནས་མགྱོགས་བྲིས་བྱས་ཀྱང་ཚུགས་དོད་པ་དང་ཡི་གེ་མི་ལད་པ་འོང་། ལག་རྒྱུ་བཟང་ངན་ནི་བཟོ་རིགས་ཐམས་ཅད་ལ་འོང་ཡང་། ལག་གོམས་ཆེ་ཆུང་ནི་བརྩོན་པ་ལ་རག་ལས་སོ། །དབུ་ཅན་གྱི་ཡི་གེ་ལ་བོད་ཀྱི་ཡིག་བྲིས་པ་མཁས་པས་སྦྱར་བའི་ཐིག་རྩ་དང་། མ་ཆོས། བུ་ཆོས་སོགས་ཀྱི་རྣམ་དབྱེ་ཡོད་དོ། །སློབ་དཔོན་མཁས་པའི་ལག་ཁྲིད་ནི། ཕལ་ཆེར་ཚ་ཚའི་དབྱིབས་བརྐོས་ཕོར་བཟང་ངན་ལ་རག་ལས་པ་འདྲ་བས་དོ་གལ་ཆེའོ། །ཞར་བྱུང་ཤོག་བུ་སྦང་འདོན་བྱེད་པའི་གདམས་ངག་ནི།


MR10_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆུ་སླ་བཙོས་དྭངས་མ་བོང་ཆེ་བར་བྱ་དེ་ལ་དར་བ་མ་བཏགས་པ་བག་ཆུའི་བཞི་ཆ་ཙམ་བཏང་། སྤྱིན་ཆུའི་དྭངས་མ་ཅུང་ཟད་བཏང་། དེ་རྣམས་བསྲེས་ལ་དྲོ་འཇམ་ལ་བག་འདོན་བྱ་དགོས་ཏེ། ཧ་ཅང་ཚ་ཆེས་ན་ཤོག་བུ་འཚིག གྲང་ན་བག་ཆུ་མི་འགོ་བས་ཤོག་བུ་སྲ་འཐིང་མི་འོང་། དེ་བས་ཚ་དྲོད་རན་པར་བྱ། རྫས་དེ་རྣམས་ཀྱི་ཡོན་ཏན་ནི། དར་བས་དཀར་ལ་དང་བ་འབྱུང་བག་ཆུ་སྲ་ལ་འབོལ་བ་འབྱུང་། སྤྱིན་ཆུས་མཁྲེགས་ཤིང་མདངས་ལྡན་འོང་ཞིང་ཡི་གེ་མི་འབྱམས་པ་འོང་། ཤིན་ཏུ་དཀར་པོར་འདོད་ན་ཀ་རག་བརྡར་བའི་ཁུ་བ་ཅུང་ཟད་བཏང་བས་ཤིན་ཏུ་ལེགས་པ་འབྱུང་སྟེ་མང་ན་ལྗིད་ཆེ་བར་འོང་། བག་ཆུ་མང་ཆེན་ཤོག་བུ་འཚིག་ཅིང་ཐིག་མི་ལེན་པ་འོང་། སྤྱིན་ཆུ་གར་ཆེ་ན་ཤོག་བུ་གྱོང་ཞིང་སྣག་མི་ལེན་པ་འོང་། དེས་ན་གོང་ལྟར་ཚོད་ཟིན་པར་བྱའོ། །ཤོག་རྒྱུ་བཟང་ངན་དང་ཤོག་ལས་བཟང་ངན་གྱིས་ཤོག་བུ་སྣ་ཚོགས་འོང་སྟེ་དེ་ནི་ཤོག་བཟོའི་ཚུལ་ལས་ཤེས་སོ། །དབུར་རྡོའི་ཁྱད་པར་ནི། དུང་གིས་དབུར་ན་འཇམ་པོར་འོང་སྟེ་ཤོག་བུ་ཅུང་ཟད་སྔོན་པོར་འགྲོ། རྡོ་ཡིས་དབུར་ན་ཤོག་བུ་འཚིག་ནས་འོང་། མཆོང་གིས་དབུར་ན་རི་མོ་དོད། ལྕགས་སོགས་ཀྱིས་དབུར་ན་གཡའ་འོང་། དེས་ན་གཟི་སེར་ཁྲས་དབུར་ན་མདོག་ལེགས་ཤིང་འཇམ་ཤོག་བུ་འབོལ་བར་འོང་བས་དེ་བཟང་ཞེས་སྔར་གྱི་བྲིས་མཁན་དག་གི་ཉམས་མྱོང་དུ་བཤད། དེ་ལྟར་མ་རྙེད་ན་རྭ་སོགས་ཀྱིས་རུང་ཙམ་དང་། མ་ན་ཧོ་སོགས་རིན་ཆེན་མཁྲེགས་འཇམ་རྣམས་བཟང་ངོ་། །བརྡར་གདན་ཤིང་ལེབ་དྲི་མེད་འཇམ་བརྟན་ངོས་སུ། ལག་བརྡར་རམ་གནམ་དབུར་གྱིས་ཁྱབ་པར་དལ་དབུར་བྱས་ན་ལེགས། ཐིག་ནི་སེར་པོ་འདོད་


MR10_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐྱེར་ཤུན། ལྗང་གུར་དབྱར་གྱི་གྲེས་སྔོན་ལྗང་སེར་སྟོན་ཁའི་གྲེས་རྩེ་སེར་པོར་སོང་བའི་ཁུ་བ། དམར་པོ་ཆུ་རྩ་བཟང་པོ་ཚ་ལས་ཁ་བསྒྱུར་བ། དེ་རྣམས་ནང་དུ་བྱང་བུལ་ལེགས་པ་ཅུང་ཟད་བཏང་ལ། ཉི་མར་ཡུན་རིང་འདུལ་བ་གནད་ཡིན་ནོ་དམར་སེར་འདོད་ན་ཆུ་རྩ་ཉག་གཅིག་མཚལ་གྱིས་ཐིག་བཏབ་ན་དམར་ཀྱང་ཡི་གེ་མདོག་ལེགས་པོ་མི་འོང་། སྔོན་པོ་ཚོན་རམས་དྭངས་མ། དཀར་པོ་དུང་ཐལ་རུལ་བཅུག་པ། ནག་པོ་ཞ་ཉེའི་གཡའ་ཐིག ཐིག་ཕྲ་འདོད་གྲི་རྩེ། སྦོམ་འདོད་སྨྱུག་ཁ་ཟུམ། སྦོམ་ཕྲ་རན་འདོད་ཇི་ཙམ་འདོད་པའི་སྙུག་ཤག་གིས་བྱ། ཡི་གེ་ཤིན་ཏུ་ལེགས་པོར་འབྲི་ན་ཐིག་ཕྲ་བ་བྱ་སྟེ་དེས་ཡིག་གཟུགས་མི་སྒྲིབ་པའི་ཕྱིར་རོ། །ཡི་གེ་འབྲིང་ཙམ་བྲི་ཤེས་ན་ཐིག་སྦོམ་ཕྲ་རན་པར་བྱ། ཡིག་མགོ་འདྲོངས་ཤིང་ཡིག་མིག་དང་ཐིག་མདངས་སྤེལ་བའི་གནད་ཡོད། ཡིག་རིས་ཐ་མ་ཙམ་ལས་འབྲི་མི་ཤེས་ན་ཐིག་སྦོམ་པར་བྱ་སྟེ། ཡི་གེ་དང་ཐིག་གཉིས་མཚན་སྤེལ་དུ་སོང་ནས་ལེགས། མདོག་ཐོན་པའི་གནད་ཡོད་ཅེས་བཤད། ཡི་གེ་ཆེན་པོ་ཡིན་ན་དྲུག་ཐིག་གམ་བརྒྱད་ཐིག་བཏབ། འབྲིང་ཙམ་ལ་བཞི་ཐིག་གམ་སུམ་ཐིག ཡིག་ཆུང་ལ་ཉིས་ཐིག་གམ་རྐྱང་ཐིག་གོ། དེ་ལྟར་འདེབས་ན་མགོ་ཐིག་ཅུང་སྦོམ་ལ་ཡན་ལག་གི་ཐིག་རྣམས་ཤིན་ཏུ་ཕྲ་བར་བྱའོ། །ཞེས་ཐིག་གི་ཉམས་མྱོང་ཅན་དག་གིས་བཤད། སྨྱུག་གྲིའི་ཁྱད་པར་ནི། ལྕགས་རྒྱུ་ཧ་ཅང་བཟང་ན་རྒོད་གས་འབྱུང་ཞིང་བརྡར་དཀའ། ཧ་ཅང་ཞན་ན་རྣོ་མི་བརྟན་ངར་མི་ལེན། དེ་བས་སོག་སེག་ཟེར་དཔྱད་དང་ཤེལ་རྡོའམ། ཕོ་


MR10_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མོ་ལྕགས་འདྲེས་མ་ལ། མར་དང་བུར་སྦྲང་བསྲེས་པ་ཡིས། ལྕགས་ཞུན་བྱས་ལ་བཟོ་བ་གཅེས། རྩེ་མོ་གཟོང་ལྟར་མཉམ་པ་སྨྱུ་གུ་བཟོ་ལ་གཅེས། རྩིབ་དང་ལྟར་སྐྱོན་མེད་པ་ནི། ཤོག་བུ་འདྲ་ལ་གཅེས། རྩེ་ལ་ལྟག་སོ་བྱས་པ་རྫིང་དང་ལྟག་རིས་བྱེད་ན་གཅེས། རྩིབ་མེད་བརྡར་ཤ་ཆོད་པ་རྡོ་ཁ་ལེན་ལ་གཅེས། ལྟག་མཚན་ངར་ཚད་སྙོམས་པ་རྣོ་ཡུན་རིང་ལ་གཅེས། བལ་ཚི་གཅོད་ཁྲག་ཨ་རུ་ར། སྨྱུག་གྲིའི་ངར་ལ་གཅེས་པ་ཡིན། འཛིང་ངམ་ལྕོག་བས་སོགས་ཀྱི་རྡོ། སྨྱུག་གྲིའི་བརྡར་ལ་གཅེས་པ་ཡིན། ཕྱི་ལ་ཁལ་གཅིག་ནང་ལ་དྲུག །བརྡར་བ་ཞལ་ཤེས་དམ་པ་ཡིན། ངར་ཆུང་ཐད་ཀར་བརྡར་བས་རྣོ་ཁ་མྱུར་དུ་ལེན། ངར་ཆེན་བསྐོར་ཞིང་བརྡར་བས་སོ་ཁ་འགུགས་མི་འགྱུར། དེ་ལྟར་བརྗོད་པ་སྨྱུག་གྲིའི་ཉམས་མྱོང་ངོ་། །སྨྱུ་གུའི་ཁྱད་པར་ནི། སྦུ་གུ་ཆུང་ཞིང་བཏེགས་ན་ལྕི། རྩི་འཇམ་པོས་མནན་ན་འདྲེད་པའི་སྨྱུག་སྨྱུག་མ་ནི་སྨྱུ་གུའི་རྒྱུར་བཟང་། སྨྱུག་སྲ་བའི་རིགས་ཆུས་རླན་དཀའ་བས་ལེགས། སྣུམ་བྱུགས་ཏེ་དུད་ཁའམ་མེ་ཉིར་བསྲེ་བྱུག་བྱས་པས་སྲ་བ་འོང་། དེའི་རྩེར་སོར་གསུམ་གཞལ་བའི་སར། གྲི་ཁམ་གཉིས་བཞོག་ནས། སུམ་གཉིས་རྫིང་ཞག སུམ་ཆ་ཡུ་བ་འདྲ་ན་བཟང་། རྒྱུག་ཡིག་འབྲི་ན་སྔ་ཟུར་རིང་། ཚིག་བྲིས་འབྲི་ན་མཉམ་པོར་བཅད་ཟླུམ་བྲིས་འབྲི་ན་ཉིས་ཆོད་བྱ། མགྱོགས་པར་འབྲི་ན་གས་ཆེན་དང་། །ལེགས་པར་འབྲི་ན་གས་ཆུང་བྱ། །སྨྱུག་ཁ་ཆིག་ཆོད་བྱས་གྱུར་ན། །ཡི་གེ་ལེགས་པའི་གནད་གཅིག་ཡོད། །སྨྱུག་ཁ་ཉིས་ཆོད་བྱས་གྱུར་ན། །སྨྱུག་ཁ་སྲ་བའི་གནད་གཅིག་ཡོད། །


MR10_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཤད། འཕྲུལ་ཡིག་འབྲི་ཚུལ་སྐོར་ཆུ་ཡིག་ནི་གསེར་མདོག་ཐར་ནུའི་ཁུ་བས་བྲིས། མཐར་སྣག་ཚས་ཝཾ་བྲིས་པ་ཆུ་ཡིག་གི་བརྡའོ། །དེ་ཀློག་དུས་མཚུར་གྱི་ཆུ་ལ་དྲངས་པས་ཡི་གེ་ནག་ལ་གསལ། མེ་ཡིག་རྒྱ་ཚྭའི་ཆུས་བྲིས། རཾ་ཡིག་བྲི་བ་སོགས་མེ་ཡིག་ཡིན་པའི་མཚན་མ་བྱ། བལྟ་དུས་མེ་ངད་ཀྱིས་ཤོག་བུ་ནག་སོབ་སོང་བ་ཙམ་དུ་བསྲེག་པས་ཡི་གེ་དཀར་པོར་བཀྲ་བར་འགྱུར། ཡང་ན་འོ་མའི་ནང་དུ་ཅོང་ཞི་བསྲེག་པའི་ཐལ་བའམ། ཡང་ན་རུས་ཐལ་སོགས་དཀར་རྩི་བཏབ་པས་ཤོག་དཀར་ལ་བྲིས། ནམ་འདོད་མེའི་ངད་ཀྱིས་བསྲེགས་པས་ཐལ་པར་མ་སོང་གོང་དུ་གསལ་ལོ། །ས་ཡིག་ཀ་ར་སུག་པ་ཆང་གི་ཉིང་ཁུ་ཆ་མཉམ་པས་བྲིས། ལམ་སོགས་མཚན་མ་བྱ། བལྟ་དུས་ཡི་གེར་ཁ་ཡི་ཧས་བཏབ་ལ། ཤོག་མདོག་དང་མི་མཐུན་པའི་ས་ཕྱེ་ཞིབ་མོས་བཏབ་ནས་མནན་བཅག་ཙམ་བྱས་ནས་ས་ཕོས་ལ་དཀྲུག་ཅིང་བྱ་སྒྲོ་སོགས་ཀྱིས་ཡམ་ཙམ་ཕྱིས་པས་གསལ། ཡང་ན་མཛོའོ་དྭངས་མས་བྲིས་ལ། ལུག་མུར་རམ་སྤང་བསྲེག་ཐལ་ཞིབ་སྟེང་དུ་བཀྲམ་ཉི་མ་ལ་ཅུང་བསྲོས་ནས་ཤོག་བུ་སྤྲུག་སྤྲུག་བྱས་པས་གསལ། མཁའ་ཡིག་ནི་ཞུན་མར་དུ་ཀ་ར་ནང་དང་སྦྲང་རྩི་ཅུང་ཟད་བཏབ་པས་བྲིས། ཁཾ་རྟགས་བྱ། བལྟ་དུས་ནམ་མཁར་བཏེགས་པ་ལ། མཚན་མོར་མེའི་འོད་ལ་ཡིག་རྒྱབ་བསྟན་ལ། རང་གྲིབ་མའི་ས་ནས་བལྟས་པས་གསལ་མདུང་རྩེ་དམར་པོས་བྲིས་ཏེ་ས་ཐག་ཅན་ལ་སྦྱར་བ་ཆུ་ཡིག་ཟེར་ཀྱང་ས་འདྲ། མུ་ཟི་སེར་པོས་བྲིས་ཏེ་རླུང་ལ་ཕྱར་བས་རླུང་ཡིག་ཞེས་དམ་ཚིག་སེམས་དཔའ་གཙུགས་བསྡུས་པར་འདུག །རླུང་ཡིག་ནི་མཚན་ཏི་ཀའི་ཁུ་བས་བྲིས་པའི་ཡི་གེ་སྦུད་པས་བུས་ན་གསལ།


MR10_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་གྲུམ་པའི་མཁྲིས་པའམ། མཆིལ་པའི་མཁྲིས་པས་བྲིས་སྐམ་ནས་རླུང་ལ་ཕྱར་བས་གསལ་ལ། །གཞན་ཡང་ཆུ་རྩ་དང་དར་མཚུར་གྱིས་ཡི་གེའམ། སྐུ་ཕྱག་མཚན་སོགས་གང་འདོད་ཤོག་དཀར་ལ་བྲིས། སེམས་ཅན་གང་རུང་གི་ཁྲག་ཆུ་ནང་དྲངས་པས་གསལ་བ་ཁྲག་ཡིག་གོ། འབྲི་དང་ལུག་སོགས་ཀྱི་འོ་མ་གར་མོས་བྲིས་པ་ཆུར་བཅུག་ན་གསལ་བ་འོ་ཡིག་ཟེར་བ་སོགས་དེ་འདྲའི་རིགས་སྣ་ཚོགས་འབྱུང་ངོ་། །ལན་ཝར་སོགས་ཅི་རིགས་གཤར་རྫབ་ཡོད་ཚུལ་ཙམ་འདིར་འཛུད་དཔྱོད། གཞན་གསེར་དངོས་ཀྱི་ཡི་གེ་བྲི་ན་གསེར་འདུལ་ལེགས་པས་མཐིང་ཤོག་ལ་བྲི་བ་དེ་ནི་དེར་ཟད། དེ་བཞིན་ཟངས་སོགས་དང་། གཡུ་བྱིར་སོགས་ཞིབ་འདུལ་གྱིས་སོ་སོའི་ཡི་གེ་བྲི་རུང་ངོ་། །གསེར་འདུལ་མདོར་བསྡུས་བྱ་ན་གསེར་སྦྲང་གཤོག་སེན་མོས་བཅད་བཏུབ་ཙམ་བྱས་ནས་མཁར་གོང་དང་ལྷན་ཅིག་རྡོ་ནང་འདུལ་ཐུབ་ངེས་བྱས་ནས། སླར་དེ་དག་ལྕི་བས་བསྟུམ་པ་སྐམ་ནས་མེར་བསྲེག་ཐལ་བ་ཆུ་ནང་དལ་བུས་དཀྲུག་པས་རྡོ་ཕྱེ་དང་གསེར་སོ་སོར་ཕྱེ་འོང་། གསེར་ཕྱེ་ཞིབ་ནས་བྲིས་ན་རྒྱུག་ངེས་བྱུང་ཚེ་དེ་ལ་ཡོས་ཆུའམ། སྤྱིན་ཆུའི་དམ་རན་པར་སྦྱར་ལ་བྲི། གསེར་འདུལ་འདི་ཞག་ལ་བཞག་ན་གཡའ་ནག་ལྟ་བུ་འོང་བས་ཚོན་ཀོང་ནང་ཆུ་བླུགས་ལ་ཤིང་བུས་དཀྲུག་འདུར་བྱས་ཏེ་གཡའ་ཁུ་ཡང་ཡང་འདོན། དེ་ནས་སྤྱིན་ཆུ་ཚོད་ཟིན་བསྲེས་ལ་པིར་གྱིས་བླང་པ་ལས་སྨྱུ་གུས་སྐ་སླ་རན་པར་བླངས་ཏེ་བྲི་བར་བྱའོ། །ཟངས་འདུལ་ནི། ཕོ་ཟངས་སྨུག་པོ་མིན་པའི་མོ་ཟངས་དམར་སྐྱ་ལེགས་གསེག་བརྡར་གྱིས་བརྡར་ཕྱེ། མཚུར་དཀར་ཆུ་ནང་ཡང་ཡང་བཙོ་ཞིང་བཀྲུ་བར་བྱས་


MR10_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསེར་ལྟར་འདུལ་དུལ་ནས་ཞོ་སྐྱའི་སྔོ་ཀྲུང་ནང་བཙོས་པས་གཡའ་ཆོད་དོ། །ར་གན་ནི། རྒྱ་རག་སེར་པོ་མདོག་བཟང་སེག་བརྡར་གྱིས་བརྡར་ཕྱེ་མཚུར་ནག་ཆུར་སྦྱང་དྭངས་ཁུར་བཙོ་བཤལ་བྱས་ནས་གསེར་ལྟར་འདུལ། དུལ་ནས་སྙ་ལོའི་ཁུ་བར་སེར་མཚུར་བཏབ་ནང་བུལ་ཏོག་ཅུང་ཟད་བཏབ་པའི་ནང་དུ་བཙོས་བཤལ་བྱས་ལ་གསེར་ལྟར་འདུལ། དུལ་ནས་དམ་སྦྱར་བའི་སྐབས་སུ་མྱང་རྩི་སྤྲས་ཀྱིས་ཁ་བསྒྱུར་བས་གསེར་མདངས་འབྱུང་ངོ་། །དངུལ་འདུལ་གཡའ་འདོན་ལ། སྟར་བུལ་ཚ་ལ་གསུམ་གྱི་དྭངས་མ་གྲུང་བར་ཡང་ཡང་བསྣུར་ཞིང་དཀྲུགས་ན་དཀར་པོར་འོང་། ཡང་ན་སེ་འབྲུའི་ཁུ་བ་ཆང་སྦྱར་གྱིས་བཀྲུས་ན་མདངས་ལེགས་པོ་འོང་། གཡུ་སོགས་བྱེ་འདུར་དང་ཆུ་འདུལ་ཞག་ངེས་དམ་སྦྱར་བས་འབྲིའོ། །དངུལ་ཡིག་དངོས་སམ། དངུལ་འདྲ་བྱེད་ན། སྟར་བུ་དང་ཚ་ལ་བུལ་ཏོག་གསུམ་དུམ་རེ་བསྲེས་ཏེ་ཚོན་ཀོང་ནང་དུ་བསྣུར། དེས་ཡི་གེ་བྲིས་ནས་གཟིས་དབུར་ནས་དངུལ་མདངས་ཐོན་པ་འབྱུང་ངོ་། །གསེར་འདྲ་ནི། གླ་རྩི་བཟང་པོ། བཙན་དུག་འབྲི་ཚིལ་མ། བོང་ང་དམར་པོ། མཚུར་སེར། ཤུ་དག་ནག་པོ། མིའི་གསོན་ཁྲག་དང་དྲུག་ཞིབ་བཏགས་ཆང་སྦྱར་གར་སླ་ཞོ་ཙམ་བྱས་པ། ཟངས་བཟང་པོའམ་མོ་རག་བཟང་པོ་བརྡུང་རུང་བའི་སྦྲང་གཤོག་སྲབ་མོ་ལ་བྱུག་ནས་ཉི་མར་སྐམ། དེ་བ་ལྕིས་བཏུམ་ནས་ཞག་གསུམ་མམ་ལྔ་དྲུག་ཏུ་བསྙལ། དེ་ནས་ཐབ་ཏུ་སྐྱེར་བའི་སོལ་བའི་མེ་ནང་བཅུག་ལ། དང་པོ་སྦུད་པ་ཆེ། བར་དུ་འབྲིང་། ཐ་མར་ཆུང་བ་ཤེས་པར་བྱས་ནས་བཞུས་པས་གསེར་བཟང་པོ་ལྟ་བུ་འོང་། དེ་ཡང་མེ་སྟག་ཚེག་ཚེག་བྱུང་བ་ཚོས་ཚད་ཡིན། མེ་སྔོ་ན་


MR10_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚོས་པས་དྲག་ཏུ་འབད། དཀར་ན་འདྲེ་ཡིན་པས་བགེགས་བསྐྲད་བྱ། དེས་གསེར་དངོས་འདྲ་བཟོ་གང་དགོས་བཏུབ་པ་འབྱུང་ངོ་ཞེས་གཏེར་མའི་ལུགས་སོ། །དེས་ཚ་གསེར་རམ་འདུལ་ཏེ་ཡི་གེ་བྲིས་ཀྱང་རུང་ངོ་། །ཚོན་སྦྱོར་སྐོར་ལ། མཚལ་མཐིང་ལྗང་གསུམ་ན་ཅུང་ཟད་ཡོད་པར་བྱས་ཏེ་ཤེད་ཆུང་དལ་བུས་འདུལ། དཀར་སེར་ནག་གསུམ་ཤེད་ཆེན་འདུལ། བོད་མཐིང་བོད་ལྗང་ཆུ་དང་བཅས་ཏེ་འདུལ། རྒྱ་མཐིང་རྒྱ་ལྗང་སྤྱིན་ཆུ་བཅས་ཏེ་འདུལ། མཚལ་ནི་ངེས་མེད་བབ་དང་བསྟུན། གཞན་ཀུན་ཐོག་མར་སྐམ་འདུལ་བྱ། སོ་སོར་ཐལ་རྡུལ་སོགས་མ་ཤོར་བ་དང་ཚོན་འདྲེས་སོགས་མེད་པར་ལག་ཚག་དམ་པས་ལེགས་པར་འདུལ་བར་བྱ། ལྗང་གུ་དང་བ་བླ་འདྲེས་ན་ཚོན་རུལ་བ་སྟེ་མི་ལེགས། གཅིག་གི་སྟེང་དུ་གཅིག་ཕོག་ན་ཡང་ནག་པོར་འགྲོ། ལི་ཁྲི་མང་པོ་ལ་མཚལ་ཉུང་ངུ་བཏབ་ཀྱང་རུལ་བ་སོགས་ཤེས་པར་བྱའོ། །མཚལ་གྱི་རྒྱུ་བཟང་ངན་ནི། ངོས་ལ་འོད་དཀར་དམར་འཕྲོ་བ། བཅག་མཚམས་ཤེལ་དཀར་འདྲ་ན་བཟང་། དམར་དྭངས་གསལ་བ་འབྲིང་སྨུག་ན་ཐ་མའོ། །དེ་འདུལ་ཚུལ་དཀར་འཇམ་གཏུན་ནང་། ཕྲམ་བརྡུང་བྱས་ཏེ་མཚལ་ནུབ་ཙམ་གྱི་ཨ་རུ་རའི་ཁུ་བའི་ཆུ་བླུགས་ཤིང་གཙང་སར་ཞག་གཅིག་བཞག་ནས་ཁ་ཆུ་སེར་པོ་ཕྱིར་དོར། དེ་རྗེས་གཏུན་སྐོར་ཅུང་ཟད་བྱས་པས་འདུལ་སླ་མདོག་ལེགས་འདྲེན་བདེ་བའི་གནད་ཡོད་དོ། །དེ་རྗེས་དཀར་ཡོལ་སོགས་ཚོན་གོང་ནང་དུ་ཡུན་རིང་དལ་བུས་བསྣུར་ཐག་ཆོད་པར་བྱའོ། །དེ་ལས་ཡི་གེ་སོགས་བྲི་ཚེ་སེར་ཞད་འདོད་ན་གོང་གི་ཁ་ཆུ་མི་དོར་བར་ཀ་རའམ་དཔྱད། ཀ་པེད་ཁུ་བ་ཅུང་བཏང་། དམར་སེར་འདོད་ན་ཁ་ཆུ་


MR10_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དོར་ལ་མཉེ། དེ་རྗེས་ཀ་པེད་ཅུང་བཏང་། དམར་འདོད་ཁ་ཆུ་ལན་གསུམ་དོར་ལ་དལ་བུས་བསྣུར། དེ་རྗེས་མཚལ་ཚ་ལའམ་དཔྱད་ལའི་ཁུ་བ་བཏང་བས་འོང་། མི་འབྱར་བར་འདོད་ན་སྤོས་དཀར་རྒྱ་ཚྭ་ཅུང་ཞིག་བཏབ། འོད་ཆེན་འདོད་ན་ཀ་པེད། ཚ་ལའི་དབུ་བ་སྤྱིན་ཆུ་རྣམས་བཟང་། འདྲེན་བདེ་ཕྱིར་ཚ་ལའི་ཁུ་བའམ། སེང་ལྡེང་དམར་པོའི་ཁུ་བ་གང་འདོད་བཏང་། སེར་པོ་འདོད་ན་ཁ་སྟེང་ནས་བླངས་ཏེ་བྲི། དམར་སེར་འདོད་ན་ཁ་གཏིང་གི་བར་དུ་བླང་། སྨུག་འདོད་གཏིང་ནས་བླངས། ཤིན་ཏུ་ལེགས་འདོད་ཡང་ཡང་དཀྲུག་ནས་བྲིའོ། །རྒྱ་ཚོས་ཀྱི་ལག་ལེན་ནི། ཞུ་མཁན་བཙོས་པའི་ཚོས་ཁུ་ཉི་མར་གདུས་པའི་སེར་པོ་དེ་ནང་། རྒྱ་ཚོས་སམ་རྒྱ་སྐེག་ཕྲམ་བརྡུང་བླུག་ནས་ཁུ་བ་འཐག་པར་བྱ། དེ་ཡང་མེ་ལ་གདུས་ན་སྨུག་ནག་ཏུ་འགྲོ། གྲིབ་མར་འཐག་བཅུག་ན་ཁུ་བ་མི་ཐོན། དེས་ན་ཉི་མའི་འོད་ལ་གཞག་སྟེ་གདུ་བ་ལེགས། ཚོས་ཁུ་འདོན་པར་རྒྱ་ཚྭ་ཅུང་ཟད་བཏབ་ན་ཁུ་བ་མྱུར་དུ་ཐོན་ཞིང་དམར་བ་འབྱུང་། ཚ་ལའི་སྦུ་བ་བཏང་ཚ་ལ་ཆུ་བཅད་ཡིན་ནམ་དཔྱད། ན་འོད་དང་ལྡན་ཞིང་མི་འགྱུར་བ་ཡིན་ནོ། །ཉི་མར་ཡུན་རིང་བཞག་ཁོམ་མེད་ན། ཇ་ལོ་དང་བཅས་པའི་ཆུ་གཙང་བསྐོལ་ལ། དེ་ནང་དཀར་ཡོལ་ནང་དུ་ཞུ་མཁན་ཁུ་བར་རྒྱ་སྐེག་བྲམ་བརྡུང་བཏབ་སྟེ་བཅུག་པ། ཆུ་བསྐོལ་གྱིས་གདུ་འཐག་བྱས་ཀྱང་རུང་ངོ་། །འབྲི་མོག་གི་ཁུ་བ་འདོན་ཐབས་ནི། འོ་རྐྱལ་ནང་འོ་ཤང་བླུགས། དེར་འབྲི་མོག་གི་རྩ་བ་སྣུམ་དང་མ་འདྲེས་པ་ཆང་མང་དུའང་དུ་བཏབ་ནས་ཞག་ཅིག་སྦང་། ནང་


MR10_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁ་དམ་དུ་བཅིངས་ལ་ཕྱི་ནས་ལག་འཕུར་ཡང་ཡང་བྱས་པས་ཁུ་བ་འདོན་ནོ། །ཚོན་མདངས་སྦྱར་ཚུལ་ལ། མཐིང་ལྗང་མཚལ་ལི་སྐག་པ་བླ། །རམས་ནི་པ་བདུན་ཀ་རག་མ། །སྔོ་སྐྱ་སྔོ་སེ་མཐིང་གི་བུ། །ཞེས་པ་ཀ་རག་ལ་རྒྱ་མཐིང་ཁ་ཆུ་མང་དུ་བསྲེས་ན་སྔོ་སྐྱ། ཉུང་ངུ་བསྲེས་ན་སྔོ་སེ་འོང་ངོ་། །དེ་བཞིན་དུ། ལྗང་སྐྱ་ལྗང་སེར་ལྗང་གི་བུ། །ཀ་རག་བསྲེས་ན། ལི་སྐྱ་ལི་སེར་བ་བླ་བསྲེས་པ། ལི་ཡི་བུ། །དམར་ཀར་མཚལ་མཉམ་ན། སྐྱ་མི་ཀར་མང་ན། ཤ་ཁ་མཚལ་གྱི་བུ། །ངང་མ་ལི་ཉུང་བ་བླ་མང་ཀར་ཅུང་ཟད། ལྗང་སེར་རམས་དང་བ་བླ། བ་བླའི་བུ། །གློ་དམར་སྐྱ་མཉམ་པ། ཁ་ཟི་ཧུང་སྐག་གི་བུ། །མཆིན་གློ་ཁ་རམས་ཉུང་ན། ཁ་རམས་སེ་ཀར་མང་ན་རང་སེར། རམས་ཀྱི་བུ། །ཇ་ཁ་ཀར་མང་ན་ཟང་སེར་སྣག་ཉུང་ན་ཀར། དུད་ཁ་སྣག་མཚལ་ཉུང་ཟད་སྲིང་མོ་གཉིས། །མཚལ་སྣག་གཉིས་བསྲེས་གཡོག་གཅིག་གོ། ལྗང་སྐྱ་ལ་ཀ་ར་བསྲེས་ན་སེར་ལྗང་འོད་འཕྲོ་བར་འོང་། དེ་རྣམས་ཀྱིས་མཚོན་ནས་ཚོན་གྱི་ཁ་བསྒྱུར་སྣ་ཚོགས་ཆ་ཆེ་ཆུང་རིག་པས་འཕྲུལ་ཏེ་ཤེས་པར་བྱའོ། །ཚོན་སྡེབ་ནི། དཀར་སེར་འགྲིགས་ན་ལོང་བའམ་ཤི་མདོག དམར་ལྗང་བག་མ། སྔོ་སེར་ཚོན་གྱི་མེ་ཏོག་ཡིན། དམར་སེར་བླ་མ། དམར་ནག་དྲག་པོ་ཟེར་བ་ཡོད། ལི་སྦང་སོགས་ལྷ་བཟོའི་ངག་རྒྱུན་བྲི། རྡུལ་ཚོན་ཁ་བསྒྱུར་ཚུལ། རྡོ་ར་གའི་བྱེ་མ་ལེགས་བཙག་ཞོ་དར་ཞག་སྣུམ་མེད་པའི་ནང་སྦང་ལ་འབྲི་མོག་བཏབ་པས་དམར་པོར་འགྱུར། རྡོ་ཞུན་བུལ་ཏོག་བསྲེས་པས་མཐིང་ག །ཡུང་བ་བསྲེས་པས་སྐྱེར་ཁ། དེ་ལ་སྔོན་པོ་འདྲེས་ན་ལྗང་གུ རྡོ་ར་ག་འབྲུ་མར་ནང་བརྔོས་པས་ནག་པོ་འོང་། མཚལ་སོགས་ཚོན་ཆེན་གང་བསྲེས་དེ་མདོག་འོང་། ཡང་ན་རྡུལ་ཚོན་རྒྱུ་རུ་འབྲས་ཕྱེའང་བཟང་ངོ་། །ཆུ་ཚོན་རྡུལ་ཚོན་ཐམས་


MR10_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི་རང་རང་མདོག་གིས་བྱའོ། །མེ་ཏོག་སོགས་ཀྱིས་ཀྱང་ཁ་བསྒྱུར་པ་ཡོད་དོ། །ཐེལ་སྣག་སྦྱར་ཐབས་ལ་ལུགས་གསུམ་ཡོད། གྲོ་ནས་འབྲས་སོགས་ཀྱི་ཚིག་མའི་དྭངས་གར་མ་དང་། ཤེལ་ཀ་ར། སུག་པའི་ཁུ་བ། སྤྱིན་གྱི་དྭངས་ཀྲུང་། ལ་ཆ་རྣམས་མཉམ་པར་བྱས་པ། མེ་ཡི་དྲེག་པ་འབྲུམ་མེད་དང་སྦྱར་ཏེ་ལྕགས་སྣོད་དུ་ཤིང་གཏུན་གྱིས་མཉེས་པས་འགྲུབ་བོ། །ཡང་གཅིག་དྲེག་པ་མི་བཏང་བར་ཚོན་རམས་འདུལ་ལེགས་གར་མའི་ཁུ་བ་དང་། རྒྱ་སྐགས་ཁཎྚ་ཆ་མཉམ་སྔ་མ་བཞིན་བྱས་པ་འོད་ལྡན་འབྱུང་སྟེ་དྲེག་སྣག་ལེགས་ཤོས་ཀྱང་མོག་བོར་བཏང་ངོ་། །ཡང་གཅིག་དྲེག་པ་བཟང་པོ་མར་ནག་གམ། ཟར་ཁུའི་སྣུམ་རྩི་ལ་སྦྱར་བ་དེ་ལ། གནག་གི་རྭ་གྲི་རྣོན་གྱིས་གཞར་བའི་ཕྱེ་མ་འདྲིལ་གཞོག་བསྲེས་ལ། རས་སམ་ཐེར་མའི་སྣོད་དུ་བླུག་ནས་སྒམ་དུ་བཅངས། དགོས་དུས་ཁུག་མའི་ཕྱི་ནས་ཐེའུ་ཚེས་བརྡེག་ཅིང་བཏབ་པས་གསལ་བོར་དོད། འདི་མགྱོགས་ཐེལ་ལས་ཡུན་རིང་མི་ལོའོ། །ཐེལ་མཚལ་བྱེད་ན་སུག་ཁུ་དྭངས་བཙག་སིག་མ་དོར། དྭངས་དངོས་ཁནྜ་ཞོ་དྲུག་ལ། སྤོས་དཀར་འདུལ་ཞིབ་ཞོ་གང་དང་། ཤེལ་ཀ་ར་ཡང་ཞོ་གང་སྟེ་ཐེལ་ཚོ་འམ་དཔྱད། ཚ་ལ་སྐར་མ་ལྔ་བཅས་པ་མེ་ཡིས་དྲོ་ཙམ་བསྲོ་བྱས་ལ། གཏུན་དུ་མཉེ་ཐག་ཆོད་པར་བསྣུར། སྤྱིན་ཆུ་ཅུང་ཟད་འདྲེས་ཀྱང་ལེགས། དེ་ནས་ཤིང་ལེབ་སྟེང་དུ་སྐམ། དགོས་དུས་ཆུར་སྦྱངས་དྭངས་མ་དེ། །མཚལ་སྦྱར་འོད་འབར་དམ་སྦྱོར་ཟབ། །ཅེས་སོ། །རྒྱུ་འདི་མཚལ་དང་སྦྱར་ཏེ་ཚོན་སྣོད་དུ་བསྣུར་པས་ཐེལ་མཚལ་ལེགས་པ་འབྱུང་ངོ་། །རས་གཞི་བཟོ་ཐབས། དར་རས་བརྒྱང་ལ་ཆགས་སྤྱིན་བྱུག །སྐམ་ནས་


MR10_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རག་སྤྱིན་བསྲེས་བྱུག །ཀ་ཆུ་ཉུང་ན་རྡོ་རྩུབ་ཞད་ཅན་གྱིས་ཤེད་ཆུང་བས་དབུར། མང་ན་ཤེད་ཆེ་བས་ཁྱབ་པར་ལན་ལྔ་ཙམ་དབུར། སྐམ་དུས་རྡོ་འཇམ་གྱིས་ལན་ལྔ་ཙམ་དབུར། རྒྱབ་ཏུ་འོད་མ་ཐོན་བར་མདུན་དུ་སྐམ་འུར་མི་བྱའོ། །པྲ་རྩི་ཚོན་ནང་གཏོང་ན་ཚོན་སྐམ་འདུལ་བྱས་ནས། མཚལ་ལ་སྒོང་ཆུ་བསྲེ་བ་སོགས་བྱའོ། །པྲ་རྩི་ཅན་གྱི་སྟེང་དུ་ས་དཀར་བྱུག་ན་དེ་སྟེང་རི་མོ་གང་འདོད་འབྲི་ནུས་སོ། །པྲ་རྩི་ལ་འབྲུ་མར་དང་ཀ་རག་བསྲེས་ནས། རི་མོ་གང་འདོད་བྲི། མི་འབྱར་ན་གསེར་ཤོག་གླན་ནམ་ཚགས་ལ་བཙག་སྟེང་རས་བལ་གྱིས་འདེད་པར་བྱའོ། །ཐུག་བྱུག་རྩི་ཕལ་ཆེར་གྱི་གཞི་མའོ། །ལྷང་ཚེར་གྲིས་གཤག་སྲབ་མོའམ། ཡང་ན་ཆེ་བརྡུང་བྱས་པ། རྫ་གསར་པའི་ནང་ཆང་སྐྱུར་བྲེ་གང་གི་ནང་དུ་བཙོ་ཐེབ་ལན་གསུམ་བྱས་ཏེ་ཁུ་བ་ཡང་ཡང་ཕོ་ཞིང་ཆུ་ཚན་གྱིས་བཤལ་ནས། ར་རྐྱལ་ཆུ་ཐུབ་ཏུ་བླུག རྩི་ཐེག་པར་བྱེད་ན་ཆང་ཨ་རག་བཟང་པོ་རུང་གར་མའམ་གྲང་སྦྱོར་དར་བ་སྐྱུར་པོའམ། སྤྱིན་ཆུའམ། ཆུ་གཙང་གང་འདོད་བླུག་སྟེང་། ཁ་རྔ་རྩིད་ཀྱིས་བསྡམ་ནས་མི་ཤེད་ཆེ་བས་ཁུག་མ་དེ་ལག་མཉེད་བྱས་པས། སྐྱོ་མ་ཞོ་ལྟར་དུལ་བ་དར་ཚགས་ལ་དྲོངས་བ་འདི་ཁ་དོག་གང་འདོད་བ་སྒྱུར་བའི་གཞི་མ་ཁྱད་འཕགས་ཡིན་ནོ། །སྤྱིན་ཆུའམ་ཟར་ཁུའི་དམ་བྱ། ཁོ་རང་རྐྱང་པ་དངུལ་མདོག་ཏུ་འོང་ངོ་། །འདི་ལ་གསེར་གྱི་མདོག་ལྟར་བྱེད་པར་འདོད་ན། ཡུང་བ་སེར་པོ་༡ ༣ ༠ ཁ་ཆེ་ཤ་སྐམ་༡ ༡ ༢ཆུ་བུན་པ་༡ ༣ ༠ སེར་པོ། སྒོ་རུ་ལ་༠ ༧ ༨ ལྷང་ཚེར་༦ ༥ ༠ བཅས་ཁྱོན་སྲང་བཅུའི་ཚད་དུ་བྱའོ། །ལྷང་ཚེར་ནི་རབ་སེར་པོ། འབྲིང་དཀར་པོ། ཐ་མ་སྔོ་ནག་ཡིན་ནོ། །འདིའི་ལག་ལེན་གོང་ལྟར་ལྷང་ཚེར་བཙོ་


MR10_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བཤལ་རྗེས་སུ། དེ་དྲོད་མ་ཡལ་པ་ལ་ཡུང་བ་སེར་པོ་ཞིབ་བཏགས་བཏབ་ནས་རླང་པ་མ་ཤོར་བར་ཡུད་ཙམ་བཙོ། དེ་ནས་གོང་ལྟར་ཆང་ངམ། དར་སྐྱུར་བྲེ་གང་བླུགས་ཏེ་སྐྱོ་མ་བྱས་པར་རྫས་གཞན་གསུམ་ཡང་བཏབ། ར་རྐྱལ་དུ་བླུག །ཁ་བཅིངས་ནས། རྫ་སྣོད་ནས་བྲེ་བརྒྱད་ཤོང་བ་ཙམ་གྱི་ནང་དུ་བཞག དེ་སྟེང་དར་བ་རང་ནུབ་ཙམ་བླུག ཁ་རས་ཀྱིས་བཀབ་ལ་ཞག་གསུམ་མམ་བདུན་དུ་བྱེ་མའི་ནང་བསྙལ། དེ་ནས་བཏོན་ལ་མི་ཤེད་ཆེ་བས་ཁུག་མ་ལག་མཉེད་བྱས། ཞོ་ལྟར་དུལ་ནས་ཁ་ཕྱེ་ལ་དར་ཚགས་ལ་བཙག །འདི་ལ་ནག་པོ་འདོད་ན་མུ་ཟི་དགོས་ཏེ་དམ་སྤྱིན་དང་སྦྱར་ཏེ། ཤོག་བུ་དང་ཤིང་སོགས་གང་དགོས་ལ་བྱུག སླར་ཁ་རྩི་སྤར་དགོས་པ་བྱུང་ན། རྫས་སྔ་མའི་ཁུ་བས་རུང་ངོ་། །ལྷང་ཚེར་གསེར་འགྱུར་གཏེར་མ་ལས་སོ། །ཡང་བྱུག་རྩིའི་ལག་ལེན་ནི། རྡོ་དང་ཤིང་སོགས་གང་ལ་བྱུག་པའི་གཞི་དེར་སྟར་ཁུའི་ཆུ་བྱུག་ལ་བསྐམ། དེ་རྗེས་གཤའ་ཚེ་དཀར་པོ་བཏུལ་བ་སྤྱིན་ཆུ་གར་མས་བྱུག སྐམ་ནས་གཟིས་དབུར་ལ་སྐྱེར་ཁན་བྱུག དེ་སྟེང་སྟར་ཁུ་སླ་མོས་བྱུག དེ་རྗེས་ཁ་ཆེའི་ཁུ་བ་བྱུག །དེ་ལ་སྐྱོབ་བཏང་ནས་པྲ་རྩིས་མནན་པས་གསེར་ལས་འཕགས་པའི་མདོག་ལེགས་པ་འབྱུང་ངོ་། །ཡང་གཤའ་དཀར་དངུལ་ཆུ་ཆ་མཉམ་བཞུས་པ་དེ་ཞིབ་འདུལ་བྱས་ནས་ཤིང་སོགས་གང་དགོས་ལ་བྱུག་པས་དངུལ་ཚབ་རུང་། གུར་གུམ། མྱང་རྩི་སྤྲས་ཆུ་བུན་པ། ཡུང་བ་སེར་པོ། དཔའ་སེར། བང་བུ་ལན་ཚྭའི་མེ་ཏོག ཨུཏྤལ་སེར་པོ་རྣམས་ཀྱི་ཁུ་བ་དང་། ཁང་པའི་དུད་རྒན་ཁྲག་ལྟར་ཞུན་དུ་བབ་པའི་དམར་པོ་བཅས་བསྲེས་པས་བྱུག་ན་གསེར་འགྱུར་ཡིན་ནོ། །


MR10_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མ་ལས་སོ། །ཡང་གཤའ་དཀར་ལེགས་བཞུས་མར་ནག་ནང་དུ་བླུག་པ་ལན་གསུམ་བྱ། དེ་ནས་གཤའ་ཞོ་གང་ནང་དངུལ་ཆུ་སྲན་མ་ཕྱེད་གཉིས་ཙམ་བསྲེས་ཏེ་ལྕགས་སྣོད་དུ་དལ་བུས་བཞུས། དེ་ཀ་ཐར་ནུ། མོ་ཉའི་ཁུ་བའི་ནང་དུ་བླུགས། དེ་འདྲ་ལན་གསུམ་བྱས་པ་དེ་དངུལ་དང་འདྲ་བའི་མདོག་ཏུ་འགྱུར། དེ་ཚ་དངུལ་དུ་བྱེད་དམ། འདུལ་ནས་ཤིང་སོགས་ལ་དངུལ་འགྱུར་དུ་བྱུག་པས་ཆོག་གོ། གཏེར་མ་ལས་སོ། །ཡང་ལྷང་ཚེར་ཞིབ་བརྡུང་བླུག་ཀོང་ནང་བཅུག་སྟེ་ཁ་སོག་སྦུབ་ཙམ་མིན་པ་རྫ་འདམ་གྱིས་བཅད། དེ་ནས་མར་ཟེ་ཚ་ཙམ་མམ། ཟི་ཙི་བླུག་ནས་སོལ་མེར་ཞུ་གདོང་གྲང་བཅུག་པས་ཤོག་བུ་བསྲེག་ཐལ་འདྲ་བ་འོང་། དེ་ཟར་མའི་ཁུ་བ་དང་སྦྱར་ནས་ཅི་ལ་བྱུག་ཀྱང་གསེར་གྱི་མདོག་ཏུ་འོང་ངོ་། །ཡང་ལྷང་ཚེར་ཆང་ནང་མདོག་ཉམས་ཙམ་བཙོས་ལ་བཏོན། ཆང་མེད་པར་ཞིབ་བཏགས་བྱས་པ་ར་རྐྱལ་གཙང་སྒྱེ་ནང་ལྟར་བྱས། མར་ཞག་གསུམ་མཉེ། དྲི་མ་རིམ་བཞིན་བཅད་པས་ཞར་ལ་དག་པར་འགྱུར་ཞིང་། དེ་ལྟར་ལན་འགའ་བྱས་པ་ཟར་ཆུར་ཤི་བ་ཤིང་ཀུན་ནམ་དཔྱད། ཆུང་ཞིབ་བཏགས་ཁུ་བ་བྱས་ཏེ་བྱུག་པས་དངུལ་མདངས་འབྱིན། དེ་ལྟར་ཞིབ་ཆ་མ་གྲུབ་ན་ཡང་། ཆང་གི་ནང་དུ་ཟན་དྲོན་བཙོས་པ་ལྟར་བྱས་ཏེ། འདམ་འཐག་བྱས་ནས་དྲི་མ་སྔར་ལྟར་འདོན་ཅིང་ཟར་ཁུས་བྱུག་པ་གཟིས་དབུར་བས་འགྲུབ། དེ་ལ་ཁ་གུར་བྱུག་ནས། རྦ་རྟ་སྦང་ཆར་བཀྲུས་སྐམ་པོ་དང་། རུ་རྟ་བསྲེས་ཏེ་བསྲེག་དཔྱད། པས་གསེར་ཚ་གསེར་རམ། བཙོ་མ་ལྟར་འགྱུར་རོ། །གཏེར་མ་ལས་སོ། །སྟར་བུ་སྦང་མ་སྦྱར་ཏེ་ལྕགས་ལ་བྱུག་ན་ཟངས་མདོག་འབྱུང་། སག་རམ་རྩི་ཡང་དེ་དང་འདྲ། ཟངས་སྣོད་ནང་དང་སྐྱུ་རུས་མཉེས་ན་


MR10_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ལ་ཟངས་བཞིན་མཐོང་ཞེས་རྒྱུད་ལས་སོ། །དེ་སོགས་དངོས་པོའི་ཁ་དོག་རེས་འགར་བསྒྱུར་ཚུལ་སྣ་ཚོགས་ཡོད་པ་ཤེས་པར་བྱའོ། །ཚོན་རྣམས་ཀྱི་པྲ་རྩིའི་ལག་ལེན་ནི། ཟར་སྣུམ་དཀར་ཡོལ་འབྲིང་ཙམ་མ་ཚིག་པར་དལ་བུས་བསྐོལ་ནས་སར་ཕབ་ལ་གྲང་བའི་ཚེ། སྤོས་དཀར་དང་ཤུག་པའི་ཚི་བ་ཁྱིམ་ཆེན་རེ་དང་། ཚ་ལ་བསྲེག་ཐལ་ཅུང་ཟད་བཏབ། དེ་ནས་དལ་བུས་ཡུན་རིང་བསྐོལ། ཟར་ཆུ་དང་འདྲེ་བར་གྱུར་དུས་ཚོས་པ་ཡིན་པས་ན་པར་བཅངས་ཏེ་བཞག་པ་པྲ་རྩི་ཡིན། པྲ་རྩི་བྱུག་དུས། ཚོན་གསར་སྣུམ་མེད་པ་དག་རྡུལ་ཕྱི་ཡག་བྱས་ལ་སྐྱོབ་སྔོན་དུ་བྱུག་དགོས་ཏེ། གཡེའུ་བཟང་ངན་སྐྱོབ་ལ་རག་ལས་པས། སྐྱོབ་ནི་སྤྱིན་བཟང་གི་དྭངས་མ་སླ་མོ་སྙིགས་མེད་པ་འཁྱགས་ནས་ཆགས་ཚེ་ཤིང་བུས་དཀྲུག་ཐུབ་ཙམ་ཡང་ཡང་དཀྲུགས་ནས་ཆུ་ལྟར་གྱུར་པ། སྤིར་སྦོམ་པོས་ཐམས་ཅད་དུ་ཁྱབ་ངེས་བྱུག་ནས་རྡུལ་མེད་པར་ཞག་གཅིག་བཞག །ནང་པར་སྐམ་པ་དང་། དེ་སྟེང་གླ་ཤུན་ཆུར་བཀྲུས་དྲི་མེད་རློན་པས་པྲ་རྩི་སྙོམ་པར་བྱུག །ཅུང་ཟད་མཉེ་འཕུར་མ་བྱས་ན་གཏིང་དུ་མི་ཟིན། ཧ་ཅང་ཕུར་ཆེ་བ་ཡང་མི་དགོས། དང་པོ་ཟིན་པ་བྱས་ནས། དེ་སྟེང་ཁྱབ་ངེས་བྱུག་ཧ་ཅང་འཐུག་ན་སྐམ་ནས་འདུས་འོང་། ཧ་ཅང་སྲབ་བརྡལ་ཆེ་ན་འོད་མེད་པས་རན་ཚོད་ཟིན་པར་བྱས། དངོས་པོ་ཆུང་ངུ་ཙག་ལི་སོགས་ལ་ལག་པ་བཀྲུས་པའི་སོར་མོས་བྱུག་ཀྱང་རུང་། དེ་ནས་རྡུལ་མེད་པར་ཉི་འོད་སོགས་མི་འཕོག་པར་ཁུང་སྒོ་བརྒྱབ་སྟེ་ཞག་གསུམ་མམ་བདུན་སོགས་མ་སྐམ་བར་དུ་བཞག་དགོས། གནམ་དྭངས་སྐབས་སོགས་འགྲིགས་ན་ལེགས་ཞེས་གླེང་། དེ་ལ་ཟར་སྣུམ་འདོད་ལུགས་ནི། ཟར་


MR10_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤུས་ལེགས་ཞོ་གཅིག་ཙམ་འབྲུ་རེ་རེ་ནས་སྐྱོན་ཕོག་ཙམ་བརྡུང་བ་ཆང་བཟང་གར་ཁུས་སྤར་མོས་བཅངས་ལོ་ཙམ་གྱི་ན་ཕབ་ལ་ཞག་གཅིག་བསྙལ། དེ་ནས་ལྕགས་སླང་དྲི་མེད་དུ་བརྔོ་ལ་ཤིང་བུས་ཡོག་ནས་མ་ཚིག་ཙམ་བྱས་པ་ཚ་མོ་དེ། རེ་ཆུང་སྒྱེ་མོ་རྡུལ་མེད་པའི་ནང་དུ་བླུག་ལ་ཁ་དམ་པར་བཅད། འགྱ་ཞབས་ནོན་ངེས་བྱས་པས་འགྱ་སྣོད་མཆུ་ཡོད་པ་ནས་དེའི་ཁུ་བ་ཟངས་དཀར་རམ་ལི་སྣོད་གང་རུང་དུ་མེ་འཇམ་པོས་བསྐོལ་བ་ལ། གཡེའུའི་རྫས། ཚ་ལ་དཀར་པོ་བརྔོས་མ་ཞོ་ལྔ། ལ་ཆ་དཀར་པོ་སྲང་གང་། སྤོས་དཀར་ཞོ་ལྔ། ལི་ཁྲི་ཞོ་གསུམ། ཞན་རྡོ་སྲང་གང་བཅས་ཞིབ་བཏགས་ཚགས་ལ་དྲོངས་པ་བཏབ་ནས་ཡུན་རིང་བསྐོལ། ཁོལ་ཚད་རྡོའམ་ལྕགས་འཁྱགས་སྟེང་ཐིགས་པ་བླུག་པ་ལ། མཛུབ་མོས་རེག་ཚེ་བ་ཐག་ཡོད་མེད་ཀྱིས་གསལ། ཡུན་རིང་བཞག་རྒྱུ་ལ་སྤོས་དཀར་མང་དགོས། དེ་མ་ཐག་སྐམ་འདོད་ན་ཚ་ལ་ཞན་རྡོ་མང་དགོས། ཡུན་རིང་པོར་བཞག་དགོས་ན་རྫས་མ་བཏབ་པར་བཞག་ལ། དགོས་དུས་རྫས་བཏབ་བསྐོལ་བས་ཆོག་འདི་ལྟར་བྱས་ན་རྒྱ་གཡེའུ་ལྟར་ལེགས་པ་འོང་ངོ་། །བསེ་ཤིང་ལས་བྱུང་བའི་རྒྱ་ཡི་དུག་གཡེའུ་ནི་པྲ་རྩིའི་མཆོག་ཡིན་ནོ། །གསེར་ཞྭ་སོགས་ལ་རྒྱ་གཡེའུ་བྱ་ཐབས་ནི། སྐྱོབ་ཀྱི་ཚབ་ཏུ་ཟར་ཁུ་དང་། ཀ་རའི་ཁུ་བ་བྱུག་ལ་སྐམ་བཅུག་ནས། དེ་སྟེང་ཚ་ལ་ཆུ་བཅད་བཏུལ་མ་དང་གཡེའུ་ཁུ་གཉིས་ཀ་བྱུག ཉི་མ་ལ་བསྟན་ནས་བསྐམ་པར་བྱའོ། །ལ་ཆའི་ལག་ལེན་ནི། ལ་ཆ་དཀར་པོ་མེ་མ་འཕྲད་པ་ཉུང་ཀར་ཙམ་བརྡུང་། རས་ཁུག་དཀར་པོ་དྲི་མེད་ནང་བླུག་ལ་ཆུ་སྐོར་གྱི་རྦ་ལ་སོགས་པ་ཤིང་ལ་ཆུ་དྲག་པོ་འབབ་པར་ཞག་ལྔ་དྲུག་ཙམ་བཏགས་ནས་ཟུར་བཞིར་


MR10_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་པས་བརྒྱངས་ཏེ་བཞག་པས་ཚོས་ཁུ་དོན་ནས་ཤིན་ཏུ་དྭངས་པ་འོང་། དེ་སྣོད་ནས་ཕྱུང་ལ་ཁྲོ་དཀར་རམ། རྫ་སྣུམ་དྲེག་མེད་པའི་ནང་དུ་ཆུ་གཙང་བླུག་པ་ཚ་མོར་བཏབ་ཞབས་ནས་མེ་ཅུང་ཟད་བཏང་བས། ལ་ཆ་དྲོས་ནས་ཆུ་ཡི་སྟེང་དུ་ཁ་ཞག་ལྟར་སྟབ་སྙོམས་ལེབ་མོར་འཐོན་འོང་དེའི་སྟེང་དུ་ཚ་ལ་སུམ་ཆ་གཉིས། ཚ་ལའི་དབུ་བ་སུམ་ཆ། བྱང་བུལ་དཀར་པོ་སུམ་ཆ་རྣམས་ཞིབ་བཏགས་ཕྱེ་མ་སྙོམས་པར་བཀྲམ་ལ། རྫ་མའི་འོག་ནས་མེ་བཏང་བས་སྐབས་ཞིག་ན་ལ་ཆ་ཐམས་ཅད་ཆུ་རུ་སྔོ་ཏིང་ངེ་ཞུ་འགྲོ། དེ་ནས་སྣོད་དེ་ལས་ཕྱུང་སྟེ་རྫ་དྲི་མེད་དམ་རྡོ་ཡི་ནང་དུ་བླུག་སྐབས་ཉི་མར་བསྲོས་ལ་ཆུ་དྲོན་དུམ་རེ་བླུག །ཡང་ཁ་བཅད་ནས་བསིལ་སར་བཞག་པས་ཡུན་རིང་ཉ་ར་བྱེད་བཏུབ། དེ་གང་ལ་བྱུག་ཀྱང་པྲ་རྩི་དང་ཆ་འདྲའོ། །ལ་ཆ་གློ་བུར་དུ་བཟོ་ན། ལ་ཆ་ཞིབ་བརྡུང་ཆུ་ལ་བཙོས་པའི་ཁུ་བ་སྨུག་པོ་ཡང་ཡང་བཏོན། དེ་རྗེས་གོང་བཞིན་རྫས་བཏབ་སྟེ་ཞུ་བར་བྱའོ། །འདི་ལ་ཚ་ལ་དང་བྱང་བུལ་ཆེན་སྐྱ་ལོག་གེ་བ་འབྱུང་། དེ་གཉིས་ཆུང་ན་མི་ཞུ་བས་ཚོས་ཟིན་པར་བྱའོ། །ཡང་གཅིག་ལ་ཆ་ཁྲོབ་བརྡུང་ཆུ་རླབས་ལ་བཞག་ཚུལ་གོང་འདྲ། དེ་ཞོ་ཕོར་གོང་ཙམ་ལ་ཚ་ལ་ཆུ་བཅད་ཁྱེམ་གང་། ཀར་དེའི་ཕྱེད་ཙམ་བཅས་ཞིབ་འདུལ་བསྲེས་པ་དངོས་ཆུ་ཚན་གྱིས་བཞུས་པས་དེ་རངས་ས་སོགས་པས་ཤེད་ཆེ་བས་བྱུག་ཅིང་མེ་ཉིར་ཚ་སྐམ་བྱ་ཞེས་བཤད་དོ། །ཡང་ཆུ་ནང་ལ་ཆ་བཏབ། ཚ་ལ་དུམ་གཅིག་བཅུག་ནས་བསྐོལ་བས་ཆུ་རུ་སོང་བའི་ལ་ཆུ་མདོར་བསྡུས་ཀྱང་བཤད་དོ། །ཡང་དཔེ་འགའ་ཞིག་ལས། ལ་ཆ་ནས་ཙམ་ཧྲོབ་བརྡུང་རས་ཁུག་གསར་པར་བླུག ཆང་ཞིམ་ཕུལ་ཕྱེད་དྲི་ཆུ་ཕུལ་ཕྱེད་


MR10_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྒྱ་ཚྭ་རྒྱམ་ཚྭ་ཟེ་ཚྭ་ལན་ཚྭ་བཞི་ཐུན་བཟང་རེ་བཏབ་ནས། རྫ་གསར་ལོངས་མ་སྤྱད་པའི་ནང་དུ་བླུག་སྟེ་དེ་ནང་ལ་ཆའི་ཁུག་མ་བཅུག རྫ་མའི་ཁ། ཁ་ཆོད་དམ་པོས་བཀབ་པར་འཇིམ་པས་བསྡམས་ནས་བཞག ཞག་བདུན་བརྒྱད་མཚམས་ནས་བལྟས་པས་ཁུ་བ་དམར་ཏིང་ངེ་བ་འོང་། ལ་ཆ་དཀར་པོ་དག་ཏུ་ཡོང་བ་དེ་ཉིད་སྣོད་དྲི་མེད་ནང་དུ་ཆུ་ལ་བཙོས་པའི་ལ་སྐྱོ་ལ། མཚལ་དཀར་ཚ་ལ་དཀར་པོ་ཟེར། བཏབ་པས་ལ་ཆ་ཞུ་ནས་ཆུར་འགྲོ། དེ་བླང་ནས་རྫ་རྡོ་ཤིང་སོགས་གང་ལ་བྱུག་ཀྱང་པྲ་རྩི་འོང་ཞེས་ཕ་དམ་པའི་གདམས་པ་སྣ་ཚོགས་སྐོར་བསྡུས་ཞིག་ལས་བྱུང་ངོ་། །ད་ནི་དར་རས་སྣམ་བུ་སོགས་ཀྱི་ཚོས་བྱེད་ལུགས་ལ། དར་དང་རས་ཚོས་ལ་དམར་པོ་བྱེད་ན་བཙོད་འབྲུ་སླ་ངར་བརྔོས་གྲང་ནས་བརྡུང་ཕྱེ་ཆུ་ལ་ཡུན་རིང་གདུས། སྦུ་བ་མེད་པར་ནག་ཏིང་སོང་བ་དང་། དེ་ནང་དར་དེ་བཙོས། དེ་ནས་ཚ་ལ་བསྲེག་ཐལ་སྐྱ་ཝང་ངེ་བ་དང་། རྒྱ་སྐྱེགས་དུམ་གཅིག སྟག་མའི་ཤིང་གི་ཝ་བ་དེ་བཏུལ་ལ། ཆུ་དྲོན་མོས་བསིགས་པའི་ཁུ་བའི་ནང་དུ་གོང་གི་དར་བཙོས་པ་དེ་བཅུག་ནས། དལ་ཅིག་ཁ་བཀུག་ལ་བསྐམ་པས་མདོག་དམར་པོ་བྱེ་རུ་འདྲ་བ་འོང་། དམར་སྨུག་འདོད་ན་ཡུན་རིང་ཁ་བཀུག་ཚོད་ལྟ་ཞིང་བྱའོ། །སེར་པོ་འདོད་ན་སྟོན་གྱི་སྐྱེར་པའི་བར་ཤུན་བཟང་པོ་དང་། ཚེར་མ་མེ་རུ་ཙེ་སྟེ་ཚེར་སྐྱའི་བར་ཤུན་ཁུ་བ་གོང་བཞིན་བྱས་པ་ཕོག་ནས་དྲོ་འཇམ་ལ་དར་བཅུག་ཡང་གྲིབ་སྐམ་བྱ། དེ་ལྟར་ཡང་ཡང་བྱས་ན་ལེགས། དེ་ནས་ཆུ་དྲོན་ལ་ཚ་ལ་བཏབ་པའི་ནང་དུ་བཅུག་ན་གསེར་སྦྲང་ཤོག་ལྟར་འབྱུང་ངོ་། །དམར་སེར་འདོད་ན་ཡུང་བ་བརྡུང་ཁུ་དྲོ་འཇམ་ལ་ལན་


MR10_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གསུམ་དྲངས་ན་ངུར་སེར་འོང་། སྔོན་པོ་བྱ་ན། ལྕགས་རམས་སྨུགས་ངད་དེ་བ་ཞོ་ཉེད་བྱས་ལ་བྱང་བའི་ཁུ་བ་དང་། གླང་མའི་འབྲས་བུ་སྨིན་པ་ཆོལ་བརྡུང་སྦང་པའི་ཁུ་ཞག་སྨུག་པོ་ཕོས་ལ་ཞིབ་བརྡུང་དང་། སྲན་མའི་མེ་ཏོག་སྨུག་པོའམ། རི་ཁའི་སྲན་ཆུང་ལའང་བཏུབ་སྟེ་དེ་རྣམས་ལྷན་དུ་བརྡུང་ལ་ཆུར་སྦང་། བྱང་བུལ་བཟང་པོ་བཏབ་ལ་བསྙལ། དེར་དར་བཅུག་པས་མཐིང་ཤུན་ལྟར་འོང་། ནམ་མཁའི་མདོག་འདོད་ན་རམས་མང་ཙམ་བྱས་ལ་འདོན་འདྲེན་མང་དུ་བྱ། ཆུ་ཁ་འདོད་ན་རྐྱེན་པར་བསྐམ། མཐིང་ནག་འདོད་ན་བྱང་བུལ་མང་དུ་བཏབ་ནས་ཡུན་རིང་སྦྱངས། རམས་ལ་འཆོལ་རིས་ཡོད་ན་ཤིན་ཏུ་ལེགས་པ་མེ་ཏོག་བྱ་རྐང་ལྟ་བུའོ། །ནག་པོ་བྱེད་ན་སྤོར་དང་བསྡབས་ལ་གོས་ཀྱི་ནག་ཚོས་ལྟར་བྱའོ། །སྔོ་ནག་བྱེད་ན་སྤོར་བརྡུང་ནང་། དར་ཚོས་ལ་མཚུར་ནག་གི་ཁུ་བར་བསིགས་པ་དྲོ་འཇམ་ལ་ལན་གསུམ་ཙམ་དྲངས། ཡང་ན་སེ་བའི་ཤུན་པ་བརྡུང་པའི་ཁུ་བར་བཙོས་ནས་ལན་གསུམ་བསྐམ། དེ་ནས་ནག་མཚུར་ཆུ་ལ་དྲངས་ཀྱང་འོང་ངོ་། །ཡང་གོང་ལྟར་ལི་ག་དུར་ལ་བྱས་ཀྱང་རུང་ངོ་། །ལྗང་གུ་འདོད་ན་དང་པོར་སེར་པོ་བཙོས་པ་གདོད་སྔོན་པོའི་ཁུ་བར་དྲངས་པས་འོང་། འདི་དག་ཡང་ཡང་བསྐྱར་ན་ལེགས་སོ། །ཡང་ལྕགས་ནག་ཁ་བྱེད་ན་ཐར་ནུ་ནས་ཙམ་བརྡུང་ལ་ཞག་གཅིག་སྦང་། དེ་ནས་གདུས་ལ་དེ་ནང་དར་བཙོས་ཏེ་བསྐམ། ནག་མཚུར་ཆུས་བསེགས་པ་ཐར་ནུ་དང་བསྲེས་པ་ལྷོག་ཙམ་བསྐོལ་བར་དར་བཅུག་ལ་ཞག་གཅིག་བསྙལ་ཏེ། དེ་ནས་ཕྱུང་ལ་བསྐམ་པ་དང་། ཆུ་ལ་བཤལ་ཙམ་བྱས་པས་ལེགས་པར་འོང་ངོ་། །དེ་དག་ནི་དར་


MR10_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཚོས་ཀྱི་རིམ་པའོ། །རས་ཚོས་ལའང་གཞན་འདྲ་ལ། རས་འོ་མ་ལ་དྲངས་པ་བསྐམ་པ་ལན་གསུམ་ཙམ་བྱས་ནས། དེ་རྗེས་གོང་ལྟར་བཙོའོ། །དམར་པོ་བྱེད་ན་འོ་མའི་ཚབས་སུ་དར་མཚུར་ལ་བཙོས་ནས། དེ་ནས་གཞུང་བཞིན་བྱའོ། །སྔོན་པོར་བྱེད་ན་སྟོན་སར་གྱི་སྐྱེར་འབྲུ་ལ་བཙོས་རྗེས་ཆུ་བསྐོལ་ལ་བཙོས་ན་སྔོན་པོ་འོལ་ཁ་འོང་ངོ་། །ཞེས་གསུངས་དར་ཚོས་རས་ཚོས་འདི་དག་རཏྣ་གླིང་པའི་གཏེར་ཁ་ལས་བྱུང་བའོ། །གོས་ལ་ཚོས་བྱེད་ན་བཙོད་ལེགས་པ་ཞིབ་བརྡུང་ཆུར་བཏབ་ཁུ་བ་ལེགས་ཐོན་བྱ། ལྭ་བ་སོགས་ཀྱི་རྒྱུ་ཐེར་མ་དང་སྣམ་བུ་ལྟ་བུ་དེ་ལེགས་བཀྲུས་སྐམ་བཅུག །རབ་ཞུ་མཁན་བཟང་པོ་བཙོས་པའི་ཁུ་བ་ལ་ཅུང་ཟད་བཙོས་ནས་བསྐམ། འབྲིང་སྐྱུར་ཚོས་བྱེད་ན་སེར་མཚུར་གྱི་ཆུ་ནང་གོང་བཞིན་བཙོ། ཐ་མ་ལྕུམ་མམ་བསེ་ཡབ་ཀྱི་ཁུ་བར་བཙོ། དེ་ནས་བཙོད་ཁུ་མང་པོ་སྣོད་ནང་བཤམས་པའི་དྭངས་མ་འདྲེས་པའི་རྒྱ་ཚོས་ལྟར་བྱེད་ན་གཅིག་ནས་གཅིག་ཏུ་འདྲེན། དེ་རྗེས་ལྭ་བ་གཅིག་ཡུན་དུ་འཇོག་པ་སོགས་ཚོས་རབ་འབྲིང་ཐ་མ་བྱེད་པ་བོད་ལུགས་སོ། །དེ་ཁ་བཀུག་ན་རབ་བུལ་ཏོག །འབྲིང་ཤིང་ཆེན་བསྲེག་ཐལ། ཐ་མ་ཐང་ཚ་རྡོ་ཞོ་སོགས་གང་ཡང་རུང་སྟེ། དེ་དག་དྭངས་ཁུས་རིམ་པར་ཅི་འདོད་དུ་ཁ་བཀུག་གོ། ཡང་སེར་ཚོས་བྱེད་ཐབས་ནི། རྡོ་དྲེག་དམར་པོ་ས་རྡུལ་མེད་པའི་ཁུ་བ་གར་མའམ། ཡང་ན་མྱང་རྩི་སྤྲས། ཁ་ཆེ། དང་འ་སེར་ལྕང་ང་མེ་ཏོག མེ་ཏོག་ཁ་ཚ། སྐྱེར་ཤུན། ལྕང་ཤོག་སེར་པོ་རྣམས་གང་རྙེད་དང་། སྙ་ལོ་དབྱར་སྨད་ལོ་མ་སེར་དུས་ཐུས་པ་བསིལ་སྐམ་མ་རུལ་སེར་མཚུར་བཟང་པོ་ཆུར་སྦྱངས་གྲུང་བཅུག་པ་དང་། སྙ་ལོའི་ཁུ་བ་གཉིས་མཉམ་དུ་མེར་བསྲོས་ལ་མཛུབ་


MR10_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མི་ཚིག་ཙམ་དུས་ལྭ་བ་དྲི་མེད་སྐམ་པོ་བསུབ་ལ་ཁ་བཅད་དེ་ཞག་གཅིག་བསྙལ། མཚུར་ཁུའམ། ཤིང་ཐལ་ཁུ་གྲུང་ངམ། ཡང་ན་ཁང་རྒན། དགྱིས་གླང་འདྲ། ཚའམ། བྲ་བོ་ཞིབ་བཏགས་རྩམ་པ་ཆུར་སྦྱངས་ལ་སྙིགས་མ་དོར་ལ་དེ་རྣམས་ཀྱིས་ཁ་བཀུག་པས་མདོག་ལྷག་པར་སེར་དུ་འགྲོ། བལ་ཚོས་འཛུད། རས་དང་གུར་སོགས་ལ་རི་མོ་བྲིས་པ་ཆུས་མི་འཇིག་པའི་ཐབས། རམས་དང་སྣག་ཚ་གང་རྙེད་ནང་དུ་ལ་ཆ་སྐྱ་བོ་ཞིབ་ཕྱེ་དང་། ཚ་ལ་བཅས་མཉམ་དུ་བསྐོལ་བའི་ཆུས་བྲིས་ན་རས་མ་བུག་བར་དུ་རི་མོ་མི་འདག་གོ། ཡང་ལུག་མཁྲིས། འོ་ཤང་། དབང་ལག་གསུམ་ནང་རམས་སམ་སྣག་ཚོན་བཏབ་པས་རས་དཀར་སོགས་ལ་རི་མོ་བྲིས་ཀྱང་ཡུན་རིང་འདུག་གོ། ཕྱིང་ཕྲ་ཚོས་བྱེད་ལུགས་ནི། ཕྱིང་པ་སྲབ་མོ་ཤིན་ཏུ་དྭངས་པ་སྲབ་མཐུག་མེད་པ་ཚད་མཉམ་གཉིས་བཞག་ལ་སོ་སོར་བརླིང་བར་བྱ། ཞག་ནས་འགྱོལ་རན་ཉེ་དུས་ཆུས་ལེགས་པར་བཀྲུས་ནས་སྐམ་བཅུག སྐམ་ཐག་མ་ཆོད་ནེམ་ཅུང་ཡོད་དུས། ཆུ་ཚན་ནང་དུ་བག་ཕྱེ་དཀར་ཞིབ་བཏགས་ནས་སྦྱར་བ་སྟོན་ཞོ་ཙམ་སྲབ་འཐུག་མཉམ་པར་བྱུག་སྟེ། ཕྱིང་པ་གཉིས་ཁ་སྦྱར། མཐའ་ཀུན་ནས་སྐུད་ཟུང་བརྒྱབ་སྟེ་མི་འཆུག་པར་བྱས་ལ་ཤིང་ལ་དྲིལ་ཏེ་བརླིང་། དབྱེར་མེད་འབྱར་ནས་སྐམ་བཅུག །སྐམ་ཐག་ཆོད་ནས་དེའི་ཕྱིལ་སྤོས་རྒྱ་གཡུང་དྲུང་སོགས་རི་མོ་གང་འདོད་བྲི། བག་ཞིབ་ཆུ་ཉག་སྦྱངས་སམ་ཆགས་ཙམ་ལ་སྦྱར་བ་ཞོ་གར་ཤོས་ཙམ་གྱིས་བྲིས། སྐམ་ཐག་ཆོད་ནས་ཚོས་ཟངས་ཡངས་པ་ཕྱིང་ཁྲ་དེ། ནུབ་ངེས་ནང་ཚོས་ངེས་བྱས་ལ། འཕུར་བསུབ་མི་བྱ་ཡུན་དུ་བཞག་ཚོས་ཟོས་ནས་བླངས་ལ་འཕུར་བསུབ་མི་བྱེད་པར། ཆུ་ཆེན་ལ་


MR10_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་ཅུང་ཟད་དག་པར་བྱས། བག་སྐྱོ་གྲིས་བྲད་པས་ཞབས་དཀར་པོར་འགྲོ། བར་དུ་སྦྱར་དམ་བག་ཆུས་བྱས་པའི་སྟོབས་ཀྱིས་རྒྱབ་ནས་ཚོས་ཀྱིས་ཚུར་མི་ཕིགས་པས། ཕྱི་ལོགས་མཐོངས་ཀྱི་ངོས་གཉིས་ཚོས་ཀྱིས་ཟབ་ཡིན་ནོ། །ཀོ་བའམ་ར་ལུག་གི་པགས་པ་སོགས་གང་ཡང་དབྱར་དཔྱིད་དྲོ་དུས་ཟངས་སྣོད་ཡངས་པོར་ཆུ་དྲོན་ནང་ཀོ་བུབ་རེ་ལ་བུལ་ཏོག་ཕོར་རེ་ཙམ་བཏབ་པའི་ནང་དུ་ཀོ་རློན་དེ་བཅུག་ལ་ཞག་གསུམ་སོགས་ཅི་རེད་ལྟ་ཞིང་དྲོ་བར་བསྙལ། ནམ་གྲི་ལྟག་གིས་སྤུ་དང་སྤྱི་ནག་མཉམ་དེད་ལོ་བ་ཕྱོགས་ཐམས་ཅད་དུ་བྱུང་ཚེ་སྐྱི་དཀར་མ་བསྣད་པར་བཞར། ཆུ་དེའི་དུ་བསུབ་བརྡུང་བྱས་ནས་ཁྲག་དང་ཆུ་སེར་མ་ལུས་པ་ཤིང་ཁྲེག་ལ་བཀལ་སྟེ་གྲི་ལྟག་གམ་རྟ་རྐྱང་གི་རྩིབ་ཐུར་གྱིས་བཞར། ཤ་ལེགས་བཅད་སྲབ་འཐུག་མཉམ་པར་བྱས། དེ་ལ་སྣུམ་གྱིས་མ་རེག་པར་སྐྱ་མཉེད་བྱེད་པ་ནི་ཀོ་ཚོས་གང་བྱེད་པའི་གཞི་ཡིན་ནོ། །སྐྱི་དམར་ཀོ་དམར་སོགས་འཛུད། སྐྱི་སྔོན་བྱ་ཐབས་ར་ལུག་གང་རུང་གི་པགས་རློན་བརྒྱང་ཤིང་ལ་ཐད་ཀའི་རས་གཞི་ལྟར་བརྐྱང་རྒྱ་ཚྭ་ཆང་སྦྱར་པགས་པའི་ཤ་ཐོག་ཏུ་བླུག་ལ་ཁྱབ་པར་འདེད། ཆུ་དེ་སྲབ་འཐུག་མེད་པར་ཁྱི་ལེ། འཁྱིལ་བ་ལ་ཟངས་དང་མཁར་དམར་གང་རུང་གསེག་བརྡར་གྱིས་བརྡར་ཕྱེ་སྲབ་འཐུག་མེད་པར་རྡུལ་ཚོན་ལྟར་བཀྲམ་པས་པགས་པ་མི་མངོན་པར་བྱ། ཉི་མ་མི་འཕོག་པའི་ས་རློན་དུ་ཞག་དུ་དགོས་བར་དུ་བཞག་འདི་ལ་འགྲུལ་འཛེམ་གལ་ཆེ། སྐྱི་ལ་སྔོན་པོས་ཕྱོགས་གཅིག་ཏུ་མ་ཁྱབ་པ་ཁོལ་བུར་བྱུང་ན་འདྲེ་གནོད་ཡིན་པས་བགེགས་བསྐྲད་བྱ། ཆང་མེད་ན་ཞོ་སྐྱ་དང་འོ་ཤང་བསྲེས་པས་ཀྱང་རུང་


MR10_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟེར། ཡང་ལུགས་གཅིག་ལ་འོ་ཤང་ངམ། ཞོ་ཆང་དང་གསུམ་ཆ་མཉམ་ལ་རྒྱ་ཚྭ་ཞིབ་བཏགས་ཟངས་ཕྱེ་བསྲེས་པ་ཞག་ཅི་རིགས་ཟངས་རོ་མ་ཞུ་བར་དུ་བསྙལ་ནས། དེ་ཉིད་པགས་པའི་སྐྱི་ལ་བྱུག་པས་ཡོང་ངོ་། །ཡང་ལྕགས་སོགས་སྲ་བའི་རིགས་ལ་བྱུག་རྒྱུའི་སྐོར་ལ། གཡུ་རྩི་བཟོ་ན་ཕོ་ཅོང་པུས་ཅན་ལེགས་པ༡ ༠ ༠ ཚ་ལ་༩ ༥ ༠ ཟེ་ཚྭ༠ ༠ ༥སོ་སོར་བཏགས་ལ་དེ་ནས་བསྲེ། དེ་ལ་མཐིང་དུལ་མ་ཞོ་དོ་ཙམ་བསྲེས་ལ་བཞུ་མཐིང་ཚ་འདེབས་ལྟར་རན་ཚོད་ལྟ། ལེགས་པར་བཞུས་ལ་ཀ་ཊོ་རར་བླུག གྲང་ནས་མདོག་དཀར་ན་མཐིང་བསྣན་ནས་ཡང་བཞུ། ལེགས་ན་ཞིབ་པར་བཏགས་པ་དར་ནང་དུ་བཏུམ་ལ་རྫ་མ་སོགས་རྩི་བརྒྱབ་པ་དེ་ལ་ཆུས་ན་ཕབ། ས་སྟེགས་ཤིན་ཏུ་འཁོད་སྙོམས་པར་བཏབ་ལ། ཐལ་བ་མི་འགྲོ་ཕྱིར་དེ་སྟེང་རྫ་མ་ཞིག་སྦུབ་ལ་བཞག དེར་བལྟ་བའི་བུག་པ་བྱ། ཕྱི་ནས་སོལ་མེ་སྦུད་པ་མི་འབུད་པར་རླུང་གིས་རང་འབར་འགྲོ་བས་བསྲེག་ཤེད་སྙོམས་པར་བསྲེག །ཚིག་ཚད་བུ་ག་ནས་བལྟས་པས་དམར་ལྷང་ངེ་བ།གཡུ་རྩི་ཞུ་ནས་འཇམ་འོད་ཤིག་གེ་འོང་། དེ་རླུང་མ་ཕོག་པར་གྲང་བཅུག་དེ་བཞིན་སྦང་མས་ལྗང་གུར་བསྒྱུར་ཆོག སེར་པོ་འཛུད། གཡུ་རྩི་ཞིབ་པ་ཆུར་སྦྱང་བའི་རི་མོ་བྱས་ཀྱང་འགྲུབ་བོ། །ལྕགས་སོགས་ཀྱི་སྟེང་དུ་ལ་མཚལ་བརྒྱབ་ནས་ལ་ཆ་དཀར་དྭངས་ཀྱི་ཕྱེ་མ་གཞི་ཡིན་ལ། མདོག་གང་འདོད་དམར་པོ་ལ་མཚལ། སེར་པོ་འདོད་ན་བ་བླ་སོགས་ཚོན་གང་ཡིན་ཕྱེ་མ་བསྲེས་ལ་གླ་ཧེ་ལ་ནང་དུ་ལྷོད་པོར་བཏུམ་ནས་ཆུ་བསྐོལ་ནང་དུ་བཙོས་པས། ཞུ་ཚེ་ཕྱི་ནས་ལག་པས་འདྲེས་པར་


MR10_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས། ཚོན་མང་ཉུང་ཁ་དོག་ལ་ལྟ་བཞིན་ཚོད་ཟིན་བྱ། དེ་ནས་ཞུ་བ་དེ་རེང་བུར་དྲིལ་ནས་ལྕགས་ཟངས་རག་དང་རྫ་མ་སོགས་གང་ལ་བྱ་བ་དེ་མེ་ལ་རྩི་འཇུ་ཙམ་བསྲོས་ལ། རེང་བུ་གང་དགོས་སུ་ཁྱབ་པར་བྱུག་པས་འགྲུབ་བོ། །ཟངས་ལི་འང་། རག་སོགས་ལ་དཀར་ཡ་གཏོང་ན། གཤའ་དཀར་༠ ༡ ༠ དངུལ་ཆུ་༠ ༠ ༥ དེའང་བཏབ། གང་ལ་བྱུག་གཞི་དེར་སྔོན་དུ་རྒྱ་ཚྭའི་ཆུས་ཁྱབ་པར་བྱུག་ནས། དེ་ནས་མེར་བསྲོས་ལ་གཤའ་རྩི་བཏབ་པས་མར་བཞིན་ཞུ་དུས་རས་དཀར་སྣུམ་མེད་དམ། རས་བལ་དྲི་མེད་སྐམ་པས་བཟུང་བས་ཐམས་ཅད་དུ་སྙོམས་པར་འདེད་ཅིང་བྱུག དངུལ་ཆུ་ཡོད་པ་འདི་གཤའ་དཀར་ཚ་འབྱེད་ཡིན་ཞུ་སླ་ཡང་དུ་བ་ལ་དངུལ་ཆུའི་དུག་ཡོད་པ་ཚ་གསེར་བརྒྱབ་སྐབས་འདྲ་ཡང་ཚ་གསེར་སྐབས་ལྟར་ཐོག་མར་དངུལ་ཆུ་བྱུག་ནས། དེ་ལ་གཤའ་དངུལ་ཆུ་མཉམ་པ་ཚ་གསེར་ལྟར་བརྒྱབ་ཀྱང་ཆོག་གོ། གཤའ་དཀར་གྲང་འགྱེད་དཀར་ཡ་གཏོང་ན། ཟངས་རག་སོགས་གཡའ་མེད་པར་བརྡར་ཕྱིས་བྱས་ནས་རྒྱ་ཚྭའི་ཆུས་ཁྱབ་པར་བྱུག དེ་ནས་མེ་ལ་རན་ཙམ་བསྲོས་པའི་མཐིལ་དུ་གཤའ་དཀར་བཞག་པས་མར་ལྟར་འཇུ། དེ་ནས་རས་དཀར་དྲི་མེད་ཀྱིས་ཁྱབ་པར་དགྲམ་སྟེ་བྱུག སྣོད་དེ་ཚ་ཆེས་ན་འདྲིལ་བས་མི་ཁྱབ། གྲང་ན་ཆགས་ནས་མི་འགོས་པས་མེ་རན་ཚོད་ལྟ་ཞིང་དགྲམ། ལྕགས་ལའང་དེ་ལྟར་རུང་ངོ་། །ཡང་ན་གཤའ་དཀར་སྐམ་པས་བཟུང་སྟེ་སྣེ་མོ་དྲུད་པས་ཆོག དེས་མ་བྱུང་ན་རྒྱ་ཚྭ་སྐམ་པོའི་ཕྱེ་མ་བླུག་ལ་དྲུད། དེས་མ་བྱུང་ན་གཤའ་དཀར་ནང་སྔོ་འཁྱོགས་ཅུང་ཟད་འཕང་ལ་བཞུས་ནས་བརྡུང་ལ་སྔ་མ་ལྟར་དྲུད་པར་བྱའོ། །ཟངས་རིགས་འགའ་ལ་གཤའ་དཀར་མི་ལེན་པ་བྱུང་ན་གཤའ་དཀར་ནང་ཏི་ཚ་སྟེ་


MR10_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་འཁྱོགས་ཅུང་ཟད་བསྣན་པས་འགྲུབ། ལྕགས་ལ་རྒྱ་ཚྭས་སྐམ་འདེབས་བྱས་ནས་གཤའ་དཀར་རིམ་འགྱེད་ཆོག གཤའ་ནག་ཡིན་ན་ཏི་ཚ་བསྲེས་པས་འགྲུབ། འཁར་བར་རྨན་ཆུ་སྔོ་ཟིལ་གང་རིགས་བྱུག་ནས་བསྲོས་ཏེ་གཤའ་ནག་དྲུད་པས་ཆོག་གོ། རོལ་མོ་ལ་གསེར་རྩི་ཆགས་པར་བྱེད་ན། ཨ་རུ་ར་གསེར་མདོག་ཞིབ་བཏུལ་དང་། ཚྭ་ལ་བཏུལ་མ་དེ་གཉིས་ཨ་རག་གི་སྐྱོ་མ་བྱས་ཏེ་བྱུག་ནས་མེ་དང་ཉི་མར་བསྲོས་པས་འགྲུབ་བོ། །སིལ་སྦུབ་ དྲིལབུ next hit་སོགས་ལ་གཡའ་རྩི་ནག་པོ་ཆགས་འདོད་ན། རྒྱ་ཚྭ་ཟེ་ཚྭ་མུ་ཟི་ཐར་ནུ་མཚུར་ནག་སྒོག་པ་རྣམས་ཞིབ་བཏགས་ཀྱི་ཆུས་བྱུག་ནས། ས་ན་སྟེང་དུ་བཞག སྟེང་ནས་སྔོ་རློན་གྱིས་བཀབ་སྟེ་ཞག་ཅི་རིགས་བཞག་པས་འགྲུབ་བོ། །དམར་ངམ་ཆགས་པར་འདོད་ན་གོང་རྫས་སྟེང་བོང་དམར་བསྐྱེད་བསྲེས་འགྲུབ། ཡང་སྟར་གའི་འབྲས་བུ་རློན་པའི་ཕྱི་ཤ་དེས་ན་དྲུད་ཡང་ཡང་བྱས་ལ་ན་པར་བཞག་པས་ཡོང་ངོ་། །ལྷུང་བཟེད་ཀྱི་རྩི་ནི། རམས། སྣག་ཚ། ས་རྫི་ཀ་སྤྱིན་བཅས་བྱུག་གམ། ཡང་ན་གྲོ་སོགས་དུད་པས་བདུ ག་ནས་ནག་པོར་སོང་རྗེས་པྲ་རྩི་བཏང་བའོ། ༈ ད་ནི་མི་བཞུ་བའི་རིན་པོ་ཆེའི་རིགས་ཀྱི་གསར་བཟོ་སྐོར་ལ། རཏྣ་གླིང་པའི་རྟ་དམར་ལས་ཚོགས་ཀྱི་བཟོ་རིགས་འགའ་ཞིག་འདིར་བཀོད་པ་ལ། གཡུ་རྙིང་ལེགས་པ་བཟོ་ན། ཤེལ་ཞོ་ལྔ། ཟངས་ཞོ་བདུན། དངུལ་ཞོ་བརྒྱད།གསེར་ཞོ་དོ། ཟེ་ཚྭ་ཞོ་བདུན་བསྲེ། དེ་ཡང་དྲུག་དམར་འདོད་ན་ཟངས་བསྣན། དྲུག་དཀར་འདོད་ན་ཤེལ་བསྣན། སྨུག་པོ་མུ་མེན་ཁ་འདོད་ན་དངུལ་བསྣན། མདངས་ཆེ་འདོད་ན་གསེར་བསྣན། དེ་ཡང་དང་པོ་ཤེལ་ཕྱེ་མར་འཐག་ལ་ཟེ་


MR10_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཚྭ་དང་བསྲེ། དེ་ནས་ཟངས་དངུལ་གསེར་གསུམ་བསྲེས་ལ། བཞུས་ཐབས་ཐུར་བཅས་དོལ་གཡུ་ལྟར་བྱ། དེ་རྣམས་གཅིག་བཀྲག་གཅིག་གིས་འདོན། གཅིག་མདངས་གཅིག་གིས་འདོན་པས་ཡང་ནས་ཡང་དུ་བཞུ་བཏུལ་ལྔའམ་བདུན་ནམ། བཅུར་བྱས་ན་ཚད་མེད་པར་འགྱུར། གཡུ་ཀུན་ཆང་གིས་མདངས་འདོན་པས་ཆང་བཟང་ནང་བཙོའོ། །ཡང་གཡུ་གསེར་བྱ་ཐབས་ལ། དངུལ་ཞོ་བརྒྱད། ཟེ་ཚྭ་ཞོ་བརྒྱད། དཀར་གོང་ཞོ་དོ། ཞ་ནེ་ཞོ་བརྒྱད། མན་ཤེལ་རྡོ་ཤེལ་འཇའ་ཅན་ཞོ་ལྔ། ཟངས་ཞོ་གང་། ནག་མཚུར་སྲང་གཉིས། བུལ་ཏོག་ཞོ་གཅིག་སྟེ་རྫས་སྣ་བརྒྱད་བཞུ་ཐབས་གོང་བཞིན་ནོ། །ཆུ་ཤེལ་བཟོ་ན། རྡོ་དཀར་སྲིན་མེད། ༡ ༠ ༠ ཕོ་ཅོང་། ༡ ༠ ༠ སོ་སོར་བཏགས་ཕྱེ་བསྲེ། ཚ་ལ་༠ ༥ ༠ ཡིན་ནོ། །༥ ༠ ༠ ཟེ་ཚྭ ༠ ༡ ༠ བཏབ་སྟེ་འདྲེས་པར་ཞིབ་བཏགས་བྱས་པ་བླུག་ཀོང་དུ་བཞུས་པས་འགྲུབ་བོ། །མེ་ཤེལ་བཟོ་ན། ཅོང་ཞི། མཁར་གོང་ཚལ། བསྲེས་པས་འགྲུབ་བོ། །གཞན་ཡང་དེ་འདྲའི་རིགས་སྣ་ཚོགས་སོ། །རིན་ཆེན་དངོས་མིན་ཡང་རྣམ་པ་ཆ་འདྲའི་རྡོ་ལས་བྱས་པའི་བཟོ་ཡི་སྐོར་ལ། ཤེལ་བཟོ་ལ། ཤེལ་བུམ་བྱ་ན། བྱེ་མའི་སྙིགས་སུམ་གཉིས། རྫས་སུམ་ཆ་བྱས་ནས་དེ་གཉིས་བསྲེས། སོལ་ཕྱེ་སུམ་གཉིས་བ་ལང་གི་ལྕི་བ་སུམ་ཆ་བཏབ་པའི་འདག་པ་ལ་བུམ་པའི་གཟུགས་རང་གང་འདོད་བཅོས། དེ་ལ་སྤྲ་ཚིལ་སྲབ་འཐུག་རན་པ་བྱས་པའི་སྟེང་རི་མོ་གང་འདོད་བྲི། དེའི་ཕྱི་ནས་གོང་གི་འདག་ས་ཞོ་ཙམ་བྱུག །དེའི་ཕྱི་ལ་ཡང་གར་ཙམ་བྱུག །ཕྱོགས་བཞི་ནས་ལྕགས་བྲིས་བསྡམ་ཞབས་སུ་བླུག་ཁ་གཞན་དང་མཐུན་པར་


MR10_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་སྐམ་ནས་བསྲེག་པས་སྤྲ་ཚིལ་མེད་པར་བྱ། དེ་ནས་ཤེལ་ཕྱེ་ཞིབ་བཏགས་དཔྱད་སུམ་གཉིས། ཟེ་ཚྭ་སུམ་ཆ་བཅས་ཀོང་བུར་བླུགས་ཏེ་བཞུས་དམར་ལྷང་གིས་གྱུར་པ་དང་ཚ་བླུག་བྱའོ། །དེ་ནས་ཆང་རྒོད་བྱུག་སྟེ་ཕྱིས་པས་ཤེལ་བུམ་ལེགས་པོ་འོང་། ཡང་ཤེལ་ལོ་རྡོ་དང་ཟེ་ཚྭ་བཟང་པོ་སོལ་མེར་བཞུས། དེའི་ཁ་དོག་གང་འདོད་ཚོན་གྱིས་བསྒྱུར། སྤར་དང་བླུག་ཐབས་གོང་བཞིན་བྱའོ། །མུ་མེན་མཐིང་བུམ་བྱ་ན། ཤེལ་སུམ་ཉིས་རྡོ་མཐིང་སུམ་ཆ་ཞིབ་བཏགས་ལ་ཚྭ་སྣ་གོང་ལྟར་བྱ་བ་སོགས་འདྲའོ། །དཀར་ཡོལ་བྱ་ན། ཞིག་པ་ཟེར་བ་འདུག །ཞིག་དཀར་འཚེར་ནག་ནོག་མེད་པ་དཀར་དང་འཇམ་པོ་དེ་རྒྱུ་ཡིན་ལ། དེ་ནས་མཁར་གོང་དཀར་ཙེ་རེ་བ་ཞིབ་བཏགས་དྲུག་ཆ་བཏང་སྟེ་འོ་མས་སྦྲུ་ཞིང་འདམ་འཐག་མར་འདྲ་བ་བྱ། འདི་དུས་ལག་པ་བཀྲུ་བ་སོགས་ནག་དྲི་མེད་པའི་གཙང་སྦྲ་ཐོན་པར་བྱ། དེ་ནས་རྫས་ལས་དཀར་ཡོལ་གཟུགས་ཇི་འདོད་བཅོས་འཐག་བཅག་དང་འཇམ་དབུར་བྱ། དེའི་རྒྱབ་ནས་རྫས་འདམ་དེ་སྲབ་མཐུག་རན་པའི་སྐྱོ་མས་གཡོག་འཐག་བཅག་དང་འཇམ་དབུར་བྱ། དེ་ནས་སྤར་འདོན་དགོས་པས་གྲིས་དྲས་ལ་རླན་གྱིས་དྲས་ཁ་འབྱོར་བར་བཅག་ནན་བྱ། དང་པོ་རློན་དུས་ས་དུས་ཏི་ཙ་དཀར་པོ་ཚ་ལ་དཀར་པོ་འདྲ། དེ་ཕྲལ་བག་ནེ་གཉེར་བྱ་དགོས་པར་འདུག ཞིབ་བཏགས་སིང་པོ་སྦྱར་བས་ཕྱི་ནང་ཁྱབ་པར་བྱུག་ཐབ་ཏུ་སོལ་མེ་ལ་རླུང་མ་ཕོག་པར་བསྲེག་པས་ལེགས་པར་འོང་ངོ་། །ཤེལ་ལེབ་དྲ་དགོས་ན་གང་འདོད་པར་ཚྭ་ཆུས་རི་མོ་བྲིས་ལ་དེ་སྟེང་ལྕགས་བསྲེག་གིས་བྲིས་བསྣུན་པས་འགྲུབ། དགུན་དུས་ཡིན་ན་ཤེལ་ལྕི་བས་གཡོགས་དྲ་མཚམས་རི་མོ་བཏོད་


MR10_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱི་ནང་གཉིས་ཀར་ལྕི་བ་བསལ། དེ་ནས་འཁེང་བཅུག་པས་ལེགས་པར་འཁེང་ཚེ་ལག་པས་བཀྱག་པས་རི་མོའི་མཚམས་ནས་ཆད་པར་འདུག །ཤེལ་གྱི་ཡོ་བྱད་ཆག་པོ་རྣམས་སླར་གཞུག་པས་ཆོག །འཇུ་བྱེད་ཟེ་ཚྭ་ཡིན་འདུག །སྤྱིར་མི་བཞུ་བའི་རིན་ཆེན་རིགས་ཀྱི་བཟོ་ལ། དྲ་བརྡར་འདུག་བརྐོས་ཀྱི་རིགས་ཡིན་པས་དེ་དག་མཐོང་གོམས་ལས་རྟོགས་ཀྱི་ཡི་གེར་འབྲི་བ་དགོས་པ་མེད་དོ། །རིན་པོ་ཆེ་དྲ་གཤག་བརྡར་འབུག་བྱེད་པ་ལ་རབ་ཕ་ལམ་བཟང་པོ། མ་རྙེད་ན་དེའི་རིགས་རྡོ་ཀོ་རན་ཛའི་ཕྱེ་མས་བྱ་སྟེ། ཀོ་རཉྫ་བཏགས་པའི་ཕྱེ་མ་ཕྲ་མོར་དྲ་ན་ཞིབ་པ། སྦོམ་པར་གཤག་ན་ཅུང་རྩིང་བྱས་ལ། ཟངས་གྲིའི་སོ་ལ་ན་བྱུག་པས་བླངས་ནས་གང་འདོད་དུ་སོག་ལེས་ཤིང་ལྟར་དྲ། རླན་མ་བྲལ་བར་རྡོ་ཕྱེ་རིམ་པས་བླངས་ནས་དྲ་དགོས་ཏེ། གཅོད་པ་རྡོ་ཕྱེ་དེ་ཟངས་ལ་ཟུག་ནས་འཐོགས་པ་ན་གྱིས་མི་འཐོར་བ་ཡིན། འབུག་པའི་ཚེ་ཟངས་ཀྱི་གསེར་འབུག་རྩེར་བྱུག་པས་དེ་ལྟར་བྱ། རིན་པོ་ཆེ་གང་ལ་ཡང་གཅོད་བྱེད་ཀྱིས་མི་ཚུགས་པར་འདྲེད་པ་ལ། རིན་པོ་ཆེ་དེར་གང་འདོད་ཙམ་གྱི་སྒྲོ་སེར་སྲབ་མོ་སྤྱིན་གྱིས་སྦྱར་ནས་བསྐམ། དགོས་དམིགས་སུ་དྲ་ལོབ་བྱས་ནས་དྲས་ན་བདེའོ། །མིག་ཡངས་པོར་གཤོང་དགོས་ན་ཟངས་སྐུད་གོ་ཕྱེས་སྦག་པས་བྱ། བརྡར་དགོས་ན་ལྕགས་ཐུར་གྱི་རྩེ་ལ་བརྡར་བྱ་དེ་འབེར་གྱིས་སྦྱར་ནས་གོ་བརྡར་ལ་བརྡར་བས་འགྲུབ་བོ། །ཕ་ལམ་མི་ལོན་ཀྱང་ར་ཐུག་ལུག་ཐུག་གི་རྭས་བརྡར་ཚུལ་འཛུད། གསེར་སོགས་བཞུ་བའི་རིན་ཆེན་རིགས་ཀྱི་བཟོ་ལ། བཞུ་བརྡུང་བྱེད་པ་མ གར་དང་། བཞུ་བླུག་བྱེད་པ་བླུག་གི་བཟོ་


MR10_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཙོ་བོ་ཡིན་ལ། དེ་དག་ནི་མཐོང་བརྒྱུད་དང་། ལག་གོམས་ལ་བརྟེན་ནས་རྟོགས་དགོས་པས་ཡི་གེར་འབྲི་བའི་ངལ་བ་དོན་མེད་ལ། འོན་ཀྱང་བཟོ་རིགས་ཐམས་ཅད་ཀྱི་གནད་ཀྱི་མན་ངག་དང་། ཐབས་ཀྱིས་ཚུལ་ལེགས་པོ་ཡོད་ན་ཡི་གེ་འབྲི་འོས་ཀྱང་ཡིན་ནོ། །བླུག་ཀོང་གི་རྒྱུ་ནི་ཞིག་དཀར་པོ་ཅོང་ཞིའི་མདོག་འདྲ་བ་གསེབ་ནས་རྡོ་རྒྱུས་འབྱུང་བ་དང་། གཞན་ནག་པོ་མཐིང་འོད་འཚེར་བ་སོགས་རྡོ་རིགས་དེ་བས་བྱ། མ་རྙེད་ན་སྤྱིན་ཕུལ་གང་། སོལ་ཕྱེ་དེ་མཉམ་རྟ་བྲུན་ཆར་ཟོས་ཕུལ་ཕྱེད་རྣམས་བསྲེས་ནས་ཞིབ་བཏགས་གང་འདོད་གཟུགས་དང་འཚམས་པའི་ཤིང་གི་ནང་རྫོང་བརྒྱབ་མཉམ་ཞིང་འཐས་པར་བཅོས། སྐམ་ནས་རྒྱབ་ཏུ་བྱེ་མ་དང་ཚྭ་བསྲེས་ལྡེ་གུ་ཞོ་ཙམ་བྱུག་ནས་སོལ་མེར་བསྲེག འཇུ་ཆེ་ནས་སྐྱོན་བྱུང་ན་སོལ་བ་བསྲེ། སྣ་ཐུང་ཞིང་ཞུན་དུ་མ་སོང་བས་མཁྲེགས་པོ་མ་བྱུང་ན། ར་ལུག་གི་རིལ་མ་དང་རྟ་བྲུན་བསྣན། རིམ་པས་བསྲོས་ལ་དལ་བུས་བསྲེག ཕྱི་ནང་ཕྱོགས་བསྒྱུར་ཏེ་རིམ་པས་བསྲེག་ནས་དཀར་སིང་དུ་འགྲོ་ངེས་བྱ། གས་ན་སྔ་མའི་འདམ་ཞལ་གྱི་གསོ་ཞིང་རླུང་མ་ཕོག་པར་རིམ་པས་རང་གྲང་བྱ་སྟེ། གློ་བུར་གྲང་རྐྱེན་འཕྲད་ན་གས་འོང་བས་དེ་ལྟར་བྱའོ། །འདི་རིན་ཆེན་གསེར་དངུལ་སོགས་བཞུ་བའི་སྣོད་དང་། ཐལ་སྨན་རིགས་ཀྱི་སྣོད་སྒམ་སོགས་ཅི་འདོད་བཟོ་བར་བྱས་ན་མེ་ཐུབ་ཅིང་མཁྲེགས་པར་འགྱུར་རོ། །འབེར་ནི། ཐང་ཚིལ་༡ ༥ ༠ གྱི་བྱེད་ཀྱི་ལ་ཆའོ། །ལ་ཆ། ༠ ༥ ༠ གཉིས་རྫ་སོགས་སྣུམ་ལྡན་ནང་དུ་བཞུས། ཁང་པའི་དུད་རྒན་བྲག་ཞུན་ལྟ་བུའི་ཕྱེ་མ་ཐུར་མགོ་གང་ཁམ་པ་སྤྱིན་པོ་


MR10_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུར་སྣེ་རྣམས་བཏབ་སྟེ་དཀྲུགས་པས་འདྲེས་ནས་གྲང་བཅུག་པའོ། །མཉེན་ཆེ་ན་ལ་ཆ་བསྣན། སྣ་ཐུང་ན་ཐང་ཆུ་བསྣན་པས་འགྲུབ། འབེར་འདི་བསྲོས་ཏེ་རིན་ཆེན་རིགས་སྦྱར་ནས། རི་མོ་བཏོད་པ་སོགས་ལ་མཁོ་བའི་ཡོ་བྱད་དོ། །གོ་བརྡར་བཟོ་ན། ལ་ཆའི་ཕྱེ་མ་ཆ་གསུམ་ལ་རྡོ་ཀོ་རཉྫའི་ཕྱེ་མ་ཆ་གཅིག་བསྲེས་པ་གླ་ཧེ་ལ་ནང་དུ་ལྷོད་པོར་བཏུམ་ནས་ཆུ་སྐོལ་དུ་བཙོས་པ་ཞུ་ཚེ་རྐྱལ་པའི་ཕྱི་ནས་ལག་པས་འདྲེས་པར་མཉེས་ལ་བཟོ་ལྟ་གང་འདོད་བཅོས། གྲང་ནས་ཆུ་གྲང་ལ་བྲན་ཞིང་བརྡར་བར་བྱའོ། །དེ་མཚུངས་ཡིག་པོད་ཀྱི་དྲས་ཁ་སོགས་པ་དང་། ལྕགས་ཤིང་སོགས་ཕྱི་བདར་ལ་མཁོ་བའི་རྡོ་ཕྱེའི་བརྡར་ནི། ཤིང་ལ་སོག་ལེ་སོགས་ཀྱིས་རྩུབ་རིས་དོད་པའམ། སྒྲོ་སེར་སོགས་ལ་སྤྱིན་ཆུ་བྱུག་ནས། དཀར་གོང་གི་ཕྱེ་གཙང་ཞིབ་བརྡར་བྱ་དང་བསྟུན་པ་ཁྱབ་པར་བཀྲམ་སྟེ་སྐམ་བཅུག་པ་དང་། སོ་ཆད་ན་སླར་ཡང་སྤྱིན་དམ་ཅན་གྱིས་བྲན་ཏེ་རྡོ་ཕྱེ་བསབ་པས་འགྲུབ་བོ། །གསེར་གྲང་འདུལ་ནི། གསེར་བཙོ་མའམ། གསེར་གང་རེད་དེ་ཀོ་ཕྱར་ཡངས་པ་བཏིང་པའི་ལྕགས་ཀྱི་ཏི་ཙའི་སྟེང་དུ་སྦྲང་བུའི་འདབ་གཤོག་ཙམ་གྱིས་སྲབ་མཐུག་ཏུ་བརྡུངས་ལ། གྲིས་ཅེན་ཙེས། གཏུབ་ཞི་བ་ལ། མཚོ་ཚྭ་དཀར་པོ་ལྷད་མེད་གསེར་གྱི་སུམ་འགྱུར་ཙམ་དང་མཉམ་དུ་གཏུན་ལེགས་པར་ན་ཅུང་ཟད་ཕབ་ལ་བརྡུང་། དེ་ནས་ཆུ་ཚན་གྱི་ཚྭ་བྲོ་བ་མེད་པར་བཀྲུས། དེ་ནས་སྤྱིན་གྱི་དྭངས་མ་སྣག་སྤྱིན་གྱི་དམ་ཚོད་ཙམ་དང་། ཆང་དེའི་བུན་འགྱུར་བསྲེས་པ་གསེར་གྱི་བདུན་འགྱུར་ཙམ་བླུགས་ལ། རྡོ་གཏུན་བཟང་པོར་དལ་བུས་བརྡུང་། རྩི་ལྟར་དུལ་མ་རྣམས་རིམ་


MR10_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐུར་མགོས་བླང་ལ་དཀར་ཡོལ་དུ་བསགས། ཡང་ཆང་སྤྱིན་སྔ་མ་ལྟ་བུ་བསྣན་ལ་བརྡུང་གཅོད་རིམ་པར་བྱ། ནམ་ཡང་བཙག་ཁ་འཐག་པའི་རྡུལ་དང་སྐྱོན་མ་ཤོར་བར་བྱ། དེ་ལྟར་བཏུལ་ནས་ཆུས་བཀྲུ་བཤལ་གྱིས་ཆང་དང་སྤྱིན་གྱིས་རོ་མེད་པར་བྱ། སླར་ཡང་སུག་པའི་ཁུ་དང་གིས་སྦྱར་བསྐམ་ལན་མང་བྱ། དེ་ལྟ་ན་སྤུར་ལེན་པ་ལན་ཚྭ། གཡའ་གཅོད་པ་ཆང་། དྲི་འདོན་པ་སྤྱིན། དག་བྱེད་སུག་པ་ཡིན་པས་དེ་རྣམས་གལ་ཆེ། སླར་ཡང་ཁ་དོག་སྒྱུར་སྙམ་ཉམས་འདུག་ན། སྟར་བུ། སེ་འབྲུ། སེར་མཚུར་བཟང་པོ་གསུམ་གྱི་ཁུ་དྭངས་སྙིགས་མེད་ནང་མེ་ཉོབ་ཁར་དལ་བུས་བཙོས་ལ་སྔར་ལྟར་རྫས་ཀྱི་རོ་མེད་པར་བཀྲུ་བཤལ་བྱ། དེ་ནས་དམར་སེར་འདོད་ན། བཙོད་ཀྱི་ཁུ་དྭངས་གར་མར་བཙོ། སེར་སྣུམ་འདོད་ན་མྱང་རྩི་སྤྲས་དང་། ཁ་ཆེའི་ཁུ་བར་བཙོ། དམར་བར་འདོད་ན་བོང་ང་དམར་པོའི་རྩ་བ་སྟོད་ནས་བྱུང་བའི་ཁུ་བས་བཙོ། གང་ཡང་བཙོས་རྗེས་སྐྱ་མཉེད་མི་བྱེད་པར་ཆུ་གྲང་རྒྱབ་ནས་གྲང་བཅུག་སྟེ་དོར་བ་ལན་གཅིག་བྱའོ། །སླ་ཐབས་སུ་རྡོ་དཀར་ཕྱེ་དང་མཉམ་འདུལ་གོང་དུ་སོང་། དངུལ་གྲང་འདུལ་ནི་སྤྱིར་གསེར་དང་འདྲ་བ་ལས། སླ་ཐབས་སུ་རྡོ་གཞོང་ནང་དུ་སོལ་ཕྱེ་མང་པོ་བླུགས་པའི་ནང་དངུལ་བཞུས་པ་བླུག་ལ་མ་གྲང་བར་རྡོ་རིལ་གྱིས་མཉམ་དུ་འདུལ་བསྲུབ་ཚ་དྲག་ཏུ་བྱས་པས་བརྡར་མི་དགོས་པར་རྩམ་པ་རྩིང་པོ་ཙམ་འབྱུང་བ་སླ་ཐབས་ཡིན། མ་དུལ་བ་ཆེ་ན་སྔར་ལྟར་བཞུས་ནས་ཡང་འདུལ། དེ་རྡོ་གཞོང་དུ་འདུལ། འདུལ་ཚར་རྗེས་སེ་འབྲུ་དང་ཆང་སྦྱར་བའི་ནང་དུ་བཙོ་བ་ནི་དངུལ་བཀྲུ་བའི་ཚུལ་གྱི་མན་ངག་སྟེ་མདངས་


MR10_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པོ་འོང་། ཡང་ན་སྟར་བུ་བུལ་ཏོག་ཚྭ་ལ་གསུམ་གྱི་དྭངས་གྲུང་དུ་ཡང་ཡང་བསྣུར་ཞིང་བཀྲུས་པས་དཀར་པོ་འོང་ངོ་། །གསེར་བྲིས་ཀྱི་དམ་སྣག་སྤྱིན་གྱི་དམ་ཚོད་ཙམ་བྱ། ཟར་ཁུ་ཅུང་ཟད་བསྲེས་ན་གསེར་ཞུན་འཇམ་འོང་། ཟངས་དང་ར་གན་འདུལ་ཐབས་གོང་དུ་སོང་། ཚ་གསེར་ཟངས་སོགས་ལ་བྱུག་རྒྱུ་ནི། བཙོ་སྤྲད་ཟིན་ཡིན་ན་རབ། མིན་ན་གང་རེད། འདུལ་ཟིན་ཡིན་ན་དེར་ཟད། མིན་ན་གསེར་གྱི་སུམ་འགྱུར་གསེར་གྱི་བཞི་འགྱུར་ཡང་རུང་ཟེར་ཏེ་དཔྱད། དངུལ་ཆུ་བསྲེས་ནས་རོ་གཅིག་པའི་ཞག་གོང་ལྟ་བུ་དེ། རྡོ་དཀར་ཕྱེ་མ་དང་། ལྷན་དུ་རྡོ་གཏུན་དུ་འཇག་ཐག་ཆོད་པར་བསྣུར། གསེར་བརྒྱབ་པ་དེའི་དྲི་མ་མཚུར་སོགས་ཀྱིས་བཀྲུ་ཞིང་རྟ་ལུད་རྡོ་ཕྱེ་ཕག་ཟེ་སོགས་ཀྱིས་དྲེག་པ་ཅུང་ཟད་མེད་པར་ཕྱིས་ཏེ། སྐྱུར་ཅུང་ཟད་གཡའ་ཕྱི་གཡའ་འདོན་ཆུས་བཀྲུ། དེ་ནས་དངུལ་ཆུ་ཁྱབ་ཅིང་མཉམ་པར་ཀོ་པགས་སྣོད་དུ་རྟ་ལུད་ཀྱིས་དེད། ཆུས་བཀྲུས་ནས་དཀར་པོ་དངུལ་འདྲ་བྱས་ནས་དངུལ་ཆུ་དང་འདྲེས་པའི་གསེར་ཕྱེ་སོར་རིས་དོད་པ་དེ་ལྕགས་ཐུར་གྱིས་བླངས་ནས་ཐམས་ཅད་དུ་ཁྱབ་པར་བཀྲམ། ཕག་ཟེ་སོགས་ཀྱིས་སྙོམ་ཁྱབ་ཏུ་ཡང་ཡང་འདེད། དེ་ནས་ལྕི་མེ་མེ་ལྕེ་དང་དུ་བ་མེད་པར་བཞག་པས་དྲོད་ཕོག་ནས་ཞུ་ཞིང་ཁྱབ། དེའི་ཚེ་དངུལ་ཆུའི་དུ་བའི་དུག་གིས། མིག་དང་མགོ་བོ་དང་སྲིན་སོགས་ལ་གནོད་པ་སྲུང་ཕྱིར་ཆང་བཏུང་། སླར་ཆུ་དྲོན་གྱིས་བཀྲུས། མུ་ཟི་སེར་པོའི་ཕྱེ་མ་ཅུང་ཟད་ཁར་མྱང་ཞིང་ར་ཚིལ་བཅས་སྣ་སྒོ་ལ་བྱུག་པ་ནི་འདིའི་མན་ངག་གསང་རྒྱ་ཅན་དུག་སྲུང་ངེས་པའོ། །ཚ་གསེར་འདི་རང་བློས་སླར་ཅུང་ཟད་ཞིབ་ཆ་དགོས། གསེར་བཙོ་སྤྲད་


MR10_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལག་ལེན་ལ་འབྲུ་བཙོ་དང་ལྗང་བཙོ་གཉིས་ཡོད། དེ་གཉིས་གང་ལ་ཡང་བཙོ་སྒམ་ནི་རྫས་ལེགས་པོ་ལས། སྒམ་ཆུང་གསེར་གྱི་བྱང་བུ་དང་ཚད་མཉམ་སྲབ་མཐུག་དང་གས་ཆག་མེད་པ་ཁ་ཆོད་བཅས་ལེགས་པ་ལ་སོ་འཐེམ་ངེས་སུ་བསྲེག་པ་དགོས། དེ་ལ་རྫ་མ་གསར་པ་མདོག་དམར་བ་ལོངས་མ་སྤྱད་པ་ཞིག་ཞིབ་ཏུ་བཏགས་པའི་ཕྱེ་མ་ལ། དེའི་ལྔ་ཆའི་ཚ་དཀར་སླད་མེད་བསྲེ་མཚུར་ནག་ལྷད་མེད་ཀྱང་ཚ་འདེབས་ཙམ་བསྲེས་ལ་ཞིབ་བཏགས་བཙོ་ཐལ་ཞེས་བྱ་སྟེ། འདི་ཉིད་བཙོ་སྒམ་ནང་དུ་གྲི་ལྟག་འཐུག་ཤོས་ཙམ་ཁོད་སྙོམ་པར་བཀོད་པའི་སྟེང་དུ། འབྲུ་བཙོ་བྱེད་ན་གསེར་འབྲུ་ཐིག་པོའམ། བྱེ་གསེར་དངུལ་ཆུའི་ལྷད་དང་བྲལ་བ་དག་གཅིག་གིས་གཅིག་ལ་མ་རེག་པར་བཀོད་པའི་སྟེང་དུ་བཙོ་ཐལ་སྔ་མའི་སྲབ་འཐུག་ཙམ་བཀབ་ལ་ཡང་གསེར་བཀྲམ་ཡང་དེ་སྟེང་གཅིག་སྟེ་རིམ་པ་གསུམ་ལས་མང་བར་མི་བྱའོ། །དེ་ལྟར་གསེར་དེ་ནང་ཕན་ཚུན་དང་ཕྱིའི་སྒམ་ལ་མ་རེག་པར་བཙོ་ཐལ་གྱིས་བར་གསེང་བཀང་ལ། ཁ་ཁེབ་བཀབ། བར་མཚམས་འདག་པ་ཚྭ་དང་སོལ་ཕྱེ་བསྲེས་པས་ཞལ་ཞལ། སྐམ་ནས་གས་པ་སོགས་བར་གསེང་མེད་པར་བྱས་ལ་བསྐམ། དེ་ནས་བཙོ་སྒམ་དེ་རྫ་མ་ཆེན་པོ་ཞབས་རྡོལ་ཕྱོགས་མཚམས་སུ་རླུང་གསིང་བུག་པ་ཅན་གྱི་སྒྱེད་པུའི་ཁར། རླུང་ཕྲན་བུ་འོང་མེའི་ནང་དུ་རྫ་སའི་རྐང་གསུམ་ཁར་བཙོ་སྒམ་བཞག །རྫ་མའི་ནང་ཤིང་དང་སོལ་བ་གང་ཡོད་ཀྱིས་བཀང་ལ། མེ་རང་འབར་དུ་ཉིན་ཞག་གཅིག་བསྲེགས། ཡང་ན་རླུང་ཆེར་མི་ལྡང་བར་བོང་མེས་བསྲེག་ཀྱང་རུང་ངོ་། །གྲང་ནས་ཁ་ཕྱེ་ལ་བཙོ་ཐལ་སོགས་ཆུས་བཀྲུ། དེ་ནས་བཞུ་བླུག་སོགས་གང་དགོས་དཔྱད་དོ། །གཉིས་


MR10_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྗང་བཙོ་ནི་སྔ་མ་འབྲུ་བཙོ་བྱས་ནས་འདི་བྱ་བའམ། མིན་ཡང་རུང་སྟེ། གསེར་བཞུས་ལ་ལྗང་བརྡུང་བྱ། སྲབ་མཐུག་གི་ཚད་ནི་གསེར་ཞོ་རེ་ལ་ཞེང་སོར་དོ་དང་། དཀྱུས་མཐེབ་མཛུབ་གང་རེ་མ་བྱུང་བར་བརྡུང་བའི་བྱང་བུ་ལ་ཚྭ་དང་སྟར་བུའི་ཁུ་བ་སླ་མོས་བྱུག་སྐམ་ནས་བཙོ་ཐལ་སོགས་བྱེད་ལུགས་སྔ་མ་ལྟར་བཙོ་ཞིང་། སྒམ་གས་ཆག་དང་རླུང་གསིང་ཤོར་ན་གསེར་ཐིག་པོར་དྲིལ་ཉེན་ཡོད། བཙོ་ལེགས་ན་དམར་སེར་ལི་ཁྲིའི་མདོག་ལྟར་འབྱུང་ལྗང་བཙོ་འདི་གལ་ཆེ་སྟེ། འདི་མ་སོང་བའི་འབྲུ་བཙོ་རྐྱང་བས་ལེགས་པོ་མི་འབྱུང་། འབྲུ་ལྗང་གཉིས་སོང་ན་ལེགས། ཚ་གསེར་གྲང་གསེར་གང་བྱེད་ཀྱང་ལྗང་བཙོ་ལན་རེས་ཆོག གསེར་ཤོག་བྱེད་རྒྱུ་ཡིན་ན་ལན་གྲངས་བསྐྱར་ཏེ་བཙོ་ཐག་ཆོད་པར་དགོས། གསེར་ཐིག་པོ་དང་བཙོ་སྤྲད་པའི་བར་ལ་བཙོ་ཆད་འབྱུང་ལུགས་ནི། གསེར་སྤུས་རབ་ལ་དགུ་ཟུར། འབྲིང་ལ་བརྒྱད་ཟུར། ཐ་མ་བདུན་ཟུར་ཆད་འོང་། འོན་ཀྱང་ཚ་གསེར་གྲང་གསེར་གང་ལ་ཡང་མ་བཙོས་པ་ལས་བཙོ་མ་ཆད་ཆ་དེ་ཙམ་གྱིས་ཁྱབ་ཆེ་ལ་སྣ་རིང་བར་འགྱུར་ཞེས་གྲགས་སོ། །རིན་ཆེན་རིགས་སྦྱར་བའི་ཚ་ལའི་སྐོར་ལ། དངུལ་དག་པ་ཞོ་གང་ནང་ལྷ་སའི་རག་ལྡིག་བརྡུང་ལོ་སྐར་ལྔ་བསྲེས་ནས་བཞུས་པ་སྲབ་བརྡུང་དྲས་ཏེ་ཚ་ལའི་ཆུ་བྱུག་པ་འདི་དངུལ་ལ་ལེགས་པར་རྒྱུག་པ་དེང་སང་མགར་བ་ཀུན་གྱི་ལག་བླངས་མ་ཡིན། དེ་སྟེང་ལི་ཚ་འདེབས་ཙམ་བྱས་ན་རྒྱུག་ཆེ་ཟེར། གསེར་ནང་སྦྱར་བའི་ཚྭ་ལ་ལ་རྒྱ་རག་བཟང་པོ་དང་གསེར་མཉམ་འདེབས་བཞུས་པས་ཆོག་རྒྱ་རག་བཟང་པོ་མ་རྙེད་ན། ཟངས་སྲང་གསུམ་ལ་སྔོ་འཁྱོགས་སྲང་གང་བསྲེས་པས་ཚབ་ཙམ་རུང་ངོ་། །


MR10_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་རག་གི་འཇམ་ཚ་ནི། ཟངས་ཞོ་དོ། །ཏི་ཚ་ཞོ་ཕྱེད། གཤའ་དཀར་སྐར་ལྔ། གསེར་དངུལ་གང་འཛོམ་ཙམ་བཏང་། དེ་ནས་ལྕི་བ་སྲུ་མོའི་ཁུག་ཏུ་བླུག །ཁ་རྩམ་པས་བཀབ་ནས་བཞུ། ཟངས་སྣོད་ཚ་ལ་ཆུ་བཅད་ལ་ཟངས་རག་སྦྱར་བ་སྣ་ཁྲིད་གཏོང་དགོས་དེ་ཐོག་མར་སྦྱར་ནས་ཚ་ལ་རང་མེ་ལ་བསྲེག །སྤྱི་ལྟར་བཞུ་བརྡུང་མི་རུང་། འདི་ཁ་མི་གསལ་སླར་རྩད་བཅད་དགོས། བརྡུང་རྒྱུའི་ཚ་ལ་བསྡུ་ཐབས་ལ། ཟངས་ཞོ་བཞི། སྔོ་འཁྱོགས་སྐར་བརྒྱད། གཤའ་དཀར་སྐར་གསུམ། གསེར་སྐར་དོ་རྣམས་སྔར་ལྟར་བཞུ། ཡང་གསེར་ཚ་བྱ་ཐབས་ལ། ཟངས་ཞོ་དོ། དངུལ་སྐར་མ་ཕྱེད་བཞི། ལི་སྐར་དོ། ཏི་ཚ་ཞོ་གསུམ་རྣམས་ཡིན་ལ། དང་པོར་ཀོང་བུའི་ནང་ཟངས་དངུལ་ལི་གསུམ་མཉམ་དུ་བཞུ། ཞུ་ནས་ཏི་ཚ་འཕང་ལ་དེ་མ་ཐག་ཀོང་བུའི་ཁ་རྩམ་པས་བཅད་པར་འདེབས། དེས་ཏི་ཚའི་དུད་པ་མི་ཤོར་ཤོར་ན་ར་གན་དུ་འགྱུར། དེ་རྗེས་ཡང་ཏི་ཚ་སྐར་མ་ལྔའམ་དྲུག་བསྣན་ནས་བཞུ། དངུལ་སྐར་དགུ་འཕངས་པས་སྔར་བསྡོམ་སྐར་མ་ཕྱེད་བཅུ་གསུམ་ཚང་། འདིས་གསེར་དུ་མ་ཟད་ཟངས་རག་དངུལ་ལི་འཁར་བ་སོགས་གང་ལ་ཡང་སྦྱར་ཆོག དངུལ་ལ་འགྱེད་ན་རྒྱུག་སླ་བས། སོལ་མེའི་ནང་དུ་ཕུ་མ་མགར་བྱེད་ཅིང་། དངུལ་ཚ་ཞུ་སྟེང་ཆུས་བྲབས་ཏེ་ཚུར་ལེན་དགོས། ཡང་དངུལ་ཚ་ལ་དངུལ་སྐར་གསུམ། རྒྱ་རག་སྐར་གཉིས་བཞུས་སྦྲང་གཤོག་བྱས་ཏེ་ཚ་ལའི་ཆུས་སྦྱར་བས་འགྲུབ། དེ་ལ་གཤའ་དཀར་སྐར་དོ་བསྲེས་ན་ཤིན་ཏུ་རྒྱུག་གོ། ཡང་གསེར་ཚ་ལ། ཟངས་དང་ཏི་ཚ་འདྲ་མཉམ་བྱས། དང་པོ་ཟངས་བཞུས་ནང་ཏི་ཚ་དུམ་རེ་རིམ་པས་བསྣན་ཏེ་བཏབ་རྩམ་


MR10_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པས་དུད་པ་བགག་དེ་ནས་དེ་ནང་ཟངས་སྲང་རེ་ལ་དངུལ་ཞོ་རེ་ཙམ་བཏབ་ན་མཆོག །ཤིན་ཏུ་རྒྱུག་སླ་བར་འདོད་ན། གོང་སྟེང་དངུལ་སྐར་ལྔ་དང་། གཤའ་དཀར་སྐར་ལྔ་ཙམ་བསྣན་ན་ཞུ་མགྱོགས་པར་འགྱུར་རོ། །ཡང་ན་གསེར་ཚ་ལ་རྒྱ་རག་ཞོ་དོ།ཏི་ཚ་ཞོ་གང་བསྲེས་པས་ཆོག འདིས་ཟངས་རག་གཉིས་ཀ་སྦྱར་རུང་། གསེར་ལ་རྒྱབ་རྒྱུའི་གསེར་ཚ་ནི་དངུལ་ཚ་གོང་ལྟར་བྱས་པས་ཆོག་ཀྱང་། མདོག་མི་འདྲ་བ་མི་མངོན་སླད་དུ། གོང་སྟེང་གསེར་སྐར་ལྔ་བསྣན་པས་ལེགས།དངུལ་སོགས་ཚ་ལ་དཀར་པོའི་ཆུས་སྦྱར་ན། གསེར་ལ་རྒྱ་ཚྭའི་ཆུས་བྱའོ། །ལྕགས་ཀྱི་ཚྭ་ལ་ནི། དང་པོར་ལྕགས་ལ་ཚ་ལ་དཀར་པོར་བྱུག མཚམས་སུ་ར་གན་བཞག །དེ་ལའང་ཚ་ལ་བྱུགས་ཏེ་དེ་དག་ས་དཀར་གྱིས་གཡོགས་ནས་སོལ་མེས་བསྲེག་པས་འགྲུབ། བརྡུང་ན་མཉེན་པར་འོང་། ཟངས་ཀྱི་དེ་ལྟར་སྦྱར་རུང་ཡང་། རྒྱུ་གྱོང་བག་ཆེ་བར་འགྱུར། ལི་ཚ་ལ། ལི་ཞོ་གང་། གཤའ་དཀར་སྐར་ལྔ། དངུལ་སྐར་ལྔ། ཞ་ཉེ་ཚ་འདེབས་ཙམ་བྱས་པས་འགྲུབ། ལི་ལ་ཡོ་འགུག་བྱུང་ན་ཐོ་བས་ཏུག་ཏུག་བཅག །ལི་ཡི་མགྱོགས་ཚྭ་ནི། ལི་ཞོ་གང་། དངུལ་སྐར་ལྔ། སྔོ་འཁྱོགས་སྐར་གསུམ། གཤའ་དཀར་ཞོ་གང་། ཞ་ཉེ་ཚ་འདེབས་ཙམ་བྱས་པ་བཞུས་པ་དེ། ཚ་ལ་དཀར་པོ་དང་རྒྱ་ཚྭ་གཉིས་སྦྱང་ནས་སྦྱར་དགོས། གས་པ་སྦྱར་བའི་ཚ་ལ་ལ། རྒྱ་རག་ཞོ་གང་། གཤའ་དཀར་ཞོ་གང་། སྔོ་འཁྱོགས་ཞོ་གང་། ཞ་ཉེ་ཚ་འདེབས་ཙམ་བཞུས་པ། ཚ་ལ་དཀར་པོ་དང་རྒྱ་ཚྭའི་ཆུས་སྦྱར་དགོས་སོ། །ཡང་ལི་ཚ། ར་


MR10_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གན་ཞོ་དོ་ནང་། གཤའ་དཀར་ཞོ་གང་སྦྱར། བསྲེ་བཏུལ་སྦྱར་ལུགས་གསེར་ཚྭ་བཞིན་ནོ། །འཁར་བ་སྦྱར་ཐབས། གས་མཚམས་སུ་ཚ་ལ་དཀར་པོ་བཏང་། དེ་ནས་གཡོ་འགུལ་མི་ཤོར་བར། མེ་ལ་བསྲེག་ནས་ཐབ་རྩ་དགོས་ཏེ་དཔྱད་གྲང་དགོས་སོ། །སྟོང་ཚ་ལ། སྟོང་ཞོ་ལྔ། ཏི་ཚ་ཞོ་ཕྱེད་བཞི། དངུལ་སྐར་མ་བཞི་བཞུས་འགྲུབ་བོ། །ཟངས་ཀྱི་ཚ་ལ། ཟངས་ཞོ་དགུ། དངུལ་ཞོ་གང་། ཏི་ཚ་ཞོ་བཅུ་གཅིག་གོ རག་ཚ། རག་སྲང་གང་། ཏི་ཚ་ཞོ་ལྔ། དངུལ་ཞོ་གང་ངོ་། །གཤའ་ཚ་གཤའ་དཀར་ཞོ་གང་། ཞ་ཉེ་སྐར་ལྔ། དངུལ་ཆུ་སྐར་ལྔ། རྒྱ་ཚྭའི་ཆུས་སྦྱང་ན་ཤིན་ཏུ་རྒྱུག་པས་གཤའ་ལའང་འགྲོ་ངེས་སོ། །ལི་སོགས་ཤིན་ཏུ་ཞུ་མགྱོགས་དང་། དངུལ་སྐུད་ཕྲ་མོ་སོགས་སྦྱར་བའི་མར་མེའི་ཚ་ལ་ནི། དངུལ་ཞོ་གང་བཞུས་སྟེང་། དངུལ་ཆུ་སྐར་ལྔ་འཕང་ནས་དཀྲུགས་རྩམ་བྱས་ལ་ཕྲལ་དུ་ལེན་དགོས། ཡུན་རིང་ན་དངུལ་ཆུ་དུད་པ་ཡལ། དུད་པའི་དུག་གིས་ཁ་སྣ་མིག་ལ་ཕོག་ན་གནོད། མར་མེའི་ཚ་ལའི་ནང་དུ་གཤའ་དཀར་རྒྱ་ཁབ་ཙམ་རེ་འཕེན་དགོས་ཞེས་བཤད། མར་མེའི་ཚ་ལ་འདི་མར་མེའི་མེ་ལྕེས་འཇུ་ནུས་པ་ཡིན་མོད། རྒྱ་བལ་མགར་བས་གསང་ནས་སྤེལ་དཀའ་བྱེད། ད་དུང་རྫས་ཆད་བསབ་རྒྱུ་ཡོད་སྲིད་སྙམ་མོ། །གསེར་འགྱུར་དངོས་ནི་དུས་འཁོར་སོགས་རྒྱུད་དང་། ཀླུ་སྒྲུབ་སོགས་ཀྱི་བསྟན་བཅོས་ལས་གསུངས། གསེར་འགྱུར་གྱི་རྡོ་རྙེད་ན་དེ་ལ་ལྕགས་རེད་ཚད་གསེར་དུ་བྱེད་པ་བིཪྺ་པའི་རྣམ་ཐར་གྱིས་ཤེས། འོན་ཀྱང་སྐབས་འདིར་རཏ་གཏེར་སོགས་ལས་གསུངས་པའི་གསེར་དང་འདྲ་བའི་གསེར་འགྱུར་ལ། སྟར་ཁན་ཡུང་བ་སྡོང་རོས་སྐྱེར་ཤུན་ཁུ་བ་


MR10_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ཕ་ཝང་ལོང་བུ། བྱང་བུལ་དྲུག་ཆ་མཉམ་ཆང་ཞིམ་པོ་དང་སྦྱར་བའི་རིལ་བུ་བྱ་རློན་པ་དེ་གྲོ་ཡི་ཕུབ་མར་ཆང་གི་ཁ་ཕྲུ་བཏབ་པའི་སྦང་ལེབ་སྟེང་དྲོ་སར་བསྙལ། ཟངས་ཟོལ་མེད་སྦྲང་གཤོག་མང་དུ་བྱས་ཏེ་ཉི་མར་བསྲེག་པས་ཚ་ལྷང་བྱུང་བ་དང་། གོང་གི་རྫས་བྱུག་ལ་སྤམ་སྟེ་གྲོ་ཕུབ་གསེབ་ཏུ་མནན། ནང་པར་སྔོ་སིང་གིས་འགྲོ། དེ་ནས་བླུག་ཀོང་དུ་བཞུས་ནས། སྡོང་རོས་གུར་གུམ་སྐྱེར་ཁུ་ནག་མཚུར་རྣམས་ཀྱི་ཁུ་བར་ངར་ཐེབ་ལན་གསུམ་བླུད། དུས་པོས་ཁར་བྱ། དེས་གྲུ་ལང་གི་གསེར་ལྟ་བུར་འགྱུར་རོ། །གསེར་བཟོའོ། །ཡང་ལུགས་གཅིག གཤའ་ཚེ། དཀར་པོ། རག་རྡོ། ཟངས་ཕྱེ། མི་ཚིལ། ཤུག་འབྲུ། ཝ་ཚྭ། ཟེ་ཚྭ། མཛེ་ཚྭ། རྒྱ་ཚྭ། ནག་མཚུར་རྣམས་ཀོང་བུར་བཞུ་བཏུལ་ལན་གསུམ་བྱས་ནས་གསེར་ཚད་མ་ལྟར་འོང་ངོ་། །ཡང་རྩི་མ་གི་ཏ་སོགས་དྲུག་སྦྱར་ནས་གསེར་འགྱུར་སྦྱར་ལུགས་གོང་དུ་སོང་། དེ་འདྲ་ཐམས་ཅད་འཛུད། ད་ནི་རི་མོ་བཏོད་པའི་ཐབས་ཀྱི་བཟོ་ཡི་སྐོར་ལས། ལུས་ལ་རི་མོ་བཏོད་ན། ལུས་བཀྲུས་ལ་མཚལ་དང་རམས་སོགས་ཚོན་གང་ཡང་རུང་བས་ཡིག་འབྲུ་སོགས་རི་མོ་གང་འདོད་བྲིས། དེའི་ཁྱོན་ཁབ་ཀྱིས་བཙག་ནས་ཁས་འཇིབ་པས་ཁྲག་རོ་བྱུང་། དེ་ལ་མཚལ་རམས་སོགས་སྔ་མ་ལྟར་བྱུག དེ་སྟེང་སྦྲང་རྒོད་དང་ཚྭ་ཆུས་བྱུག་ནས་རེ་ཞིག་བསྡམ་ལ་བཞག་པས་ལུས་ལ་རི་མོ་དེ་ཡུན་དུ་མངོན་པར་འགྱུར་རོ། །ལྕགས་ལ་གསེར་དངུལ་བྱུག་ན། ལྕགས་དེ་གསེག་བརྡར་རྣོན་པོ་དྲི་མ་མེད་པས་བརྡར་ལ། གར་དགོས་སུ་གསེར་དངུལ་འདུར་མ་ཆུས་སྦྱང་སྟེ་སྤིར་གྱིས་རི་མོ་གང་འདོད་བྲིས།


MR10_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་ནས་མེ་ལ་མདོག་སྨུག་ཙམ་བསྲེག་པའི་སྟེང་ནས་ཐོ་བའི་དལ་བརྡུང་བྱས་ཏེ། སེག་རྗེས་མ་ནུབ་པར་ལན་གཉིས་ཙམ་བྱས་པས་ཆོག གསེར་དངུལ་སྦྲང་གཤོག་ལྕགས་ལ་སྦྱར་ནའང་། སྔོ་འཛུད་ཤུག་པའམ་དཔྱད། དེ་བཞིན་བྱས་པས་འགྲུབ་བོ། །ཨ་རུ་ར་དང་ཚ་ལ་མཉམ་པར་སྦྱར་བའི་ཁུ་བས། ལྕགས་ལ་རི་མོ་གང་འདོད་བྲིས་ཏེ་རྟ་ལུད་རློན་ནམ། ཞབས་སུ་མནན་ན་རི་མོ་ལེགས་པར་དོད་པར་འགྱུར་རོ། །ཡང་ལྕགས་ལ་གཤོང་འབུར་གྱི་རི་མོ་གཏོད་པར། ཛི་ཧ་ལྕེ་འབིགས་འདྲ།བྷིན་དྲ། ཟེ་ཚྭ། ཟབ་ཆུ་རྩའམ། ལག་ཅན། བཙུན་མོ་ནུ་ཐར་ནུ། ཞོ་ཅན། ཏྲི་བྱི་ཏ། དུར་ཕྱེད་དམ། ཧ་རི་ཏ་ཀ མ་ནུ་རྟ་སྐམ་འདྲ། ཨ་རུ་གསེར་མདོག་སྟེ་རྫས་བདུན་ཞིབ་བཏགས་ཆུ་སྦྱར་འོ་མ་ཙམ་ལྕགས་ལ་བྱུག དང་པོ་སྤྲ་ཚིལ་གྱི་རི་མོ་གང་བཏོད་པ་དེ་འབུར་དུ་འོང་བས་དེ་ལུགས་བྱ། རྫས་དེས་ལྕགས་ཟོས་ནས་སྦུ་བ་ཅན་གཤོང་བུར་འགྱུར། དེས་ན་དེ་ལྕགས་ལ་སྐྱོས་འབུར་རི་མོ་བྱ་ཐབས་སོ། །དུང་ལ་རྫས་སྔ་མའི་སྟེང་ཆང་ངམ་ཨ་རག་སྦྱར། མར་རམ་སྤྲ་ཚིལ་གྱིས་རི་མོ་བྱའོ། །ཤེལ་སོགས་རྡོ་དང་ལྕགས་རིགས་སོགས་སྲ་བའི་སྟེང་དུ་རི་མོ་འདུག་རྫས་བྲི་དགོས། གཤའ་དཀར་ཞོ་རེར་དངུལ་ཆུ་སྐར་མ་བདུན་བསྲེས་ནས་བཞུས་པ་ཞིབ་འདུལ་ལ་སྤོས་དཀར་དྲི་ཐོན་ཙམ་བསྲེས་ནས། ལྕགས་སོགས་གང་དགོས་དེར། ཆུས་སྦྱང་ནས་བྱུག་གམ་རི་མོ་བྲིས་པ་སྐམ་བཅུག་སྟེ་ལྕགས་བསྲེག་གིས་འབུར་བས་འབྱར་བར་འགྱུར་རོ། །ཤིང་ཚོན་ལ་པྲ་རྩིའི་སྟེང་དུ་བྲི་བ་དང་། པྲ་རྩི་བཅས་པས་རི་མོ་འབྲི་ཚུལ་གོང་དུ་སོང་། ཤིང་སོགས་ལ་སྐྱོ་འབུར་གྱི་རི་མོ་བཏོད་ཐབས་ནི།


MR10_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བྱེད་དབང་ལག་ཕྱེ་མ། སྣ་རིང་བྱེད་ཟར་མའི་ཁུ་བ། རྒྱུག་བྱེད་ཤེལ་ཀར། མཉན་བྱེད་སྦྲང་དང་སྒོག་ཁུ། སྲ་བྱེད་སྤྱིན་ཡིན་པས་དེ་རྣམས་འདུལ་སྦྱོང་ཡུན་རིང་བྱས་པའི་གར་སླ་ཞོ་ཙམ་བྱས་ནས་སྐྱོ་རྐྱལ་ནང་བླུག་པར་བྱ། དེ་ལ་ལག་ལེན་ཞིབ་པར་བརྗོད་ན།བསྐལ་པའི་བྱེ་ཞག་སྲ་མཁྲེགས་ཞིབ་པ་ལག་རིས་དོད་པ་དེའམ། དེ་ལས་བྱེ་ཤེད་ཆེ་བ་ལས་སྤྱིན་ཅུང་བསྲེ་རུང་། དེར་སྤྱིན་ཆུ་སྣག་དམ་ཙམ་བསྲེས་ནས་དཀར་ཡོལ་དུ་འདུར། བལ་ཚགས་ལ་བཞུར་བའི་སིག་མ་དོར། དྭངས་ལ་སླར་ཡང་ཆུ་བསྣན་ཏེ་འདྲེས་དཀྲུགས་བྱ། དེ་ནས་ཞག་གཅིག་དྭངས་བཅུག་ལ་ཁུ་བ་ཞུར་ལ་དོར། དེ་ལ་གོང་གི་དབང་ལག་སོགས་ཚོད་ལྟ་ཞིང་ཅི་དགོས་རན་པར་བཏབ་སྟེ་བསྲེ་འདུལ་ཡུན་རིང་བྱ། གར་སླ་ཞོ་ཙམ་ར་ལུག་གི་པགས་རྐྱལ་མཉེད་མ་སྐྱི་དཀར་ཡོད་པའི་སྐྱི་ནང་བསྟན་བྱས་པར་བླུགས། སྐྱོ་སྦུག་རྩ་བ་མཐེའུ་ཆུང་གི་རྩེ་ཤོང་བ་ཙམ་དཀྲིས་གཉིས་ཡོད་པ་བཅུག་སྟེ། དཀྲིས་གཉིས་པོའི་མཚམས་ནས་སྐུད་པས་དམ་པར་བསྡམ། སྐྱོ་རྐྱལ་སུམ་གཉིས་ཙམ་བཀང་ནས། སྒྲོག་ལ་བཀྲོག་ཞེས་བཅུར་འདྲ། སྐྱ་རིས་བྲིས་པའི་སྟེང་ནས་བྲིས། འབྱམས་ནས་ལེབ་མོར་སོང་ན་སླ་བའི་སྐྱོན་དང་། རྩུབ་ན་བྱེ་ཤད་ཆེའམ། མ་དུལ་བའམ། འབྱར་བྱེད་ཆུང་བ་ཡིན། གས་ན་སྤྱིན་ཤེད་ཆེ་བ་ཡིན། ལྟ་ལྟོ་གྲོག་སྐེད་བྱུང་ན་བུལ་ནུར་འདྲ། བ་དང་། སྤུ་རྡུལ་སོང་བ་དང་། དབུགས་འཐུམ་བ་རྐྱལ་བའི། དང་། གར་སླ་འདྲེས་པར་མ་འབྱོར་བ་ཡིན། སྐམ་དཀའ་ཞིང་ན་གྱིས་བང་སླ་ན་དཀར་སྦྲང་ཤེད་ཆེ་བ་ཡིན། རྩི་ཞུས་ནས་མ་ཆགས་ན་ཀར་སྦྲང་ཟར་ཁུ་ཉུང་བ་ཡིན། བྲད་ཚེ་ཀོག་ཀྲུག་སླ་ན་སྤྱིན་ཤེད་ཆུང་བ་ཡིན་པས་ལེགས་པར་བརྟག་སྟེ་བྱ།


MR10_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་རྡུལ་མ་ཤོར་བར་གལ་ཆེའོ། །དེ་ལ་གསེར་དངུལ་དང་གཤའ་ཡི་སྦྲང་ཤོག་སྦྱར་ན། སུག་ཁུ་ཀར་ཆང་གི་ཉིང་ཁུ་མཚེ་ལྡུམ་ཁུ་བ་རྣམས་ཆ་མཉམ་དང་། སྒམ་ཕ་ཝང་གིས་མི་ལྡག་པའི་སླད་དུ་སྒོག་པའི་ཁུ་བ་རྣམས་ཆ་མཉམ་ལ། སྲ་བརྟན་ལྡན་ཞིང་ན་གྱིས་མི་འཇིག་པའི་ཕྱིར་སྤྱིན་བཟང་ཉིས་ལོག་ཏུ་བཏང་། བུག་རལ་གྱི་སྐྱོན་མི་མངོན་ཕྱིར་གསེར་ཤོག་སྦྱར་རྒྱུ་ལ་བ་བླ་དང་ངང་པ། དངུལ་དང་གཤའ་ཤོག་ལ་ལྷང་ཚེར་ཀར་བསྲེས་པ་སྦྱང་ནས་གར་སླ་དར་བ་ཙམ་བྱས་ལ་བྱུག སྐམ་ནས་ཁ་ཡི་ཧས་བཏབ་པས་རླན་ཙམ་བྱས་པར་གསེར་ཤོག་སྦྱར་བས་འབྱར། དེ་ཡང་གསེར་ཤོག་དེ་རང་གི་ལག་པའི་ཉ་སྣ་ལྕེས་བང་ཙམ་བལྡག་པའི་སྟེང་དུ་བཞག་ལ། ལག་གཡས་ཀྱིས་ཅུང་ཙམ་བཙིར་བས་ཤོག་ངོས་གཅིག་ཏུ། འབྱར་འགྲོ། དེ་ཆུ་སྣོད་ལེགས་པའི་ཁར་གསེར་རྒྱབ་ཀྱི་ཤོག་བུ་དྲུད་ཐབས་ཀྱིས་དྲངས་ནས། གཟར་དུ་ཆུ་བཞུར་ལ་བཀོད་པ་ཁ་ལྔ་དྲུག་ཙམ་བྱ། སྔ་མ་ཅུང་ཟད་ཆུ་འཐག་ནས། ཤོག་བུས་རང་ཚོད་ཟིན་ཙམ་དུས། སྦྱར་རྩིའི་སྟེང་མཐེ་མོས་མནན་པས་འབྱར་འགྲོ། གཤོག་བུ་སོགས་སུ་སྙིང་ཤུན་དུ་ཟན་སླ་མོ་བཏུམ་པས་མནན་ན་གཤོང་ངམ་སྐྱོང་མོར་འགྲོའོ། །སྐྱོ་འབུར་བྱ་ཐབས་སོ། །རྡོ་ལ་ཡི་གེ་བཏོད་འདོད་ན། དུང་ངམ་དཀར་གོང་མཁྲེགས་པ་ལ་གཞི་བྱ། རྫས་ཆད་དམ། འདྲ།ཡང་མཁྲེགས་པའི་རྡོ་དཀར་ཞིབ་བཏགས་ཕྱེ་མའི་སྐྱོ་མ་བྱས་ཏེ་རྡོ་ཚག་ལའང་ལ་གང་འདོད་བྲིས་ནས་མེ་ལ་བསྲེག་ན་དཀར་པོར་འོང་། དུང་དཀར་ལྟ་བུ་ལ་རྡོ་དཀར་སྐྱོ་མས་བྲིས་ཏེ་མེར་བསྲེག་ན་ཁ་དོག་སེར་པོར་འོང་ངོ་། །རྡོ་འདུལ་ནི་རྡོ་སྣ་རིང་གི་རིགས་


MR10_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་ཆང་གླུམ་དུ་ཞག་གསུམ་བཙོ། དེ་ནས་བཀྲུས་ལ། རྦ་བྱེ་ཨོག་དཀར་གྱི་ཁྲག བྱེ་མ་རག་གཅོད། ཟེ་ཚྭ། སྐྱ་ཁྲའི་ཁྲག །ཁྱི་ནག་ཚིལ་བུ། རྟ་ནག་གི་ཁྲག་རྣམས་ཞིབ་བཏགས་ཆང་སྦྱར་རྡོ་ལ་བྱུག གོས་ཀྱིས་བྱིབས་ལ་དྲོ་སར་ཞག་གསུམ་བསྙལ། དེ་ནས་སྙི་བར་སོང་བ་དང་ཕྱག་ཞབས་ཀྱི་རྗེས་བཏོད་པའམ། རི་མོ་གང་འདོད་བཀོད། སླར་རྡོ་དེ་ཆུ་གྲང་ནང་ཞག་གཅིག་སྦང་བས་སྔར་ལྟར་མཁྲེགས་པར་འགྱུར་རོ། །རུས་པ་ལ་ཡི་གེ་སོགས་བཏོད་འདོད་ན། རུས་དུམ་མམ། ཐོད་དུམ་དེ་ལྟར་ཞུན་ཆུ་ནང་ཞག་གསུམ་སྦང་། དེ་ནས་རྫ་སའི་འདག་པ་སྲབ་མོ་བྱུག་ལ་ཅུང་སྐམ། རླན་ཡོད་ས་དེ་ལ་ཡི་གེ་སོགས་རི་མོ་ཅི་འདོད་རུས་པ་མཐོང་བར་ཁོལ་བུར་བྲིས་ཏེ་སྤིར་གྱིས་ས་རྡུལ་སོགས་མེད་པར་བྱས་ནས་ཤིང་ཚ་ངར་ཅན་གྱི་མེས་རི་མོའི་ཐད་ཐམས་ཅད་བསྲོ་ཞིང་སྲེག་བཞིན། ཁ་ཡིས་ཕུ་བྱ། འདམ་ས་སྐམ་སོང་བ་དང་ཞག་གཅིག་བཞག་ནས་ཆུ་གཙང་གིས་བཀྲུས་པས་རི་མོ་གང་བྲིས་འབུར་དུ་རང་བྱོན་ལྟར་འོང་བར་འགྱུར་རོ། །ཡང་ན་རུས་པ་ལ་རྒྱ་ཚྭའི་ཆུས་རི་མོ་གང་འདོད་བྲིས་ལ་སོལ་མེའི་འོད་ཀྱིས་ཅུང་ཞིག་བསྲེག་པས་རུས་པ་སྔོན་པོར་འགྱུར་ཞིང་། རི་མོ་རྣམས་དུང་ལྟར་དཀར་པོར་མངོན་ནོ། །དུང་ལ་ཞོ་ཡིས་རི་མོ་བྲིས་ཏེ་ཞག་ཏུ་བཞག་པས་དོད། ཡང་དུང་འདུལ་ལ་ཤིང་ཀུན་བཟང་པོ་ཞིབ་བཏགས་ཆང་ལ་སྦང་ལུགས་ལག་ལེན་ལྟར་བྱས་ལ། བང་ནས་ཇི་ལྟར་བཟོ་ཡང་སླ་བ་འབྱུང་ངོ་། །བ་སོ་ལ་བཟོ་བྱེད་ན། བཙན་དུག་ཞིབ་བཏགས་འོ་མར་བཏབ་པའི་ནང་། ཞག་གཅིག་སྦང་ན་ཅི་འདོད་བཞིན་འཆོས་སུ་རུང་བར་འགྱུར་རོ། །དེས་མཚོན་ནས་དངོས་པོ་རྣམས་ཀྱི་བཟོ་


MR10_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སྣ་ཚོགས་གཞན་ལས་ཤེས་པར་བྱའོ། །རྡོ་བཟོའི་སྐོར་ལ་སྤྱིར། རྩིག་པ་བྱ་བ་དང་། རང་འཐག །རྡོ་གཏུན་སོགས་རྡོ་ལས་བྱས་པའི་ཡོ་བྱད་སྣ་ཚོགས་བྱ་བ་ནི་མཐོང་གོམས་ལས་ཤེས། དཀར་ཡོལ་སོགས་གོང་དུ་བཤད། མཚོན་ཙམ་འཛུད། དཀར་ཡོལ་ཆགས་པ་སྦྱར་ཐབས་འཛུད། ས་ལས་བྱས་པའི་བཟོ་རིགས་ལ། སྤྱིར་ཁང་པའི་ཕ་གུ་དང་། གྱང་བརྡུང་བ་སོགས་དང་། རྫ་མཁན་གྱིས་བཟོ་རྣམས་མཐོང་རྒྱུན་དང་ལག་གོམས་ལས་ཤེས། བྱེ་བྲག་ཞལ་བ། ཨ་རྒ་ཐབ་གསོ་སོགས་འཛུད། ས་སྤྱིན་རབ་བཙག་ཕྱེ་ཆ་གསུམ། གཡའ་སྔོན་སོས་བལྡད་ཐུབ་ཀྱི་ཕྱེ་མ། རྒྱུ་མཚན་འཛུད། ཆ་གཅིག་བསྲེས་པ་འདམ་འཐག་བྱ་གང་འདོད་གཟུགས་བཅོས། འཇམ་དབུར་བྱ་ཞིང་སྐམ་ནས་དལ་བུར་བསྲེག ཆང་བཟང་གིས་ངར་བསད་པས་འགྲུབ། དེ་ལ་གཡུ་རྩི་བཏང་ན་གོང་ལྟར་བྱའོ། །རྫ་མ་ཆག་པ་སྦྱར་སོགས་དེའི་རིགས་འཛུད། ཤིང་གི་བཟོ་རིགས་སྐོར། དྲ་བཞོག་བརྡར་འབུག་བརྐོས་སོགས་ཀྱི་བྱ་བ་བྱེད་པ་ཤིང་བཟོ་དང་། ཕོར་སྡེར་སོགས་དཀྲུག་བྱེད་པའི་ཤིང་བཟོའི་བྱ་བ་རྣམས་མཐོང་གོམས་ཀྱིས་རྟོགས་བྱ་ལས།ཡི་གེར་འབྲི་བ་དགོས་པ་མེད། དཀྲུག་ནི་ཤིང་དུ་མ་ཟད་རྡོ་ལྕགས་ཕལ་ལའང་བགྱིད་དུ་ཡོད་དོ། །བྱེ་བྲག་བསྟན་པའི་གཞིར་གསུང་རབ་ཀྱི་སྤར་བརྐོས་པའི་ཐད་ཅུང་ཟད་དམ། ཤིང་གི་བཟོ་ཅུང་ཟད་བྲི། སྐྱེར་པ་རློན་གཞོག་སྣུམ་བྱུག་ནས་སྐམ་ན་མི་གས། ཨི་གྱོས་རློན་པ་གཞོག་སོགས་དེ་ལྟར་འགའ་བྲིའམ་མཆན། ཚེམ་བུའི་བཟོ་སྐོར་ལ། ཆ་ཚད་ཤེས་ཤིང་། དྲ་དྲུབ་ལ་མཁས་པས་བྱེད་དེ། ཞྭ་གོས་ལྷྭམ་སོགས་ཀྱིས་མཚོན་པའི་ཡོ་བྱད་སྣ་ཚོགས་བྱེད་པ་སྟེ། ཚེམ་དྲུབ་དང་ལྷན་དྲུབ་ཀྱི་རི་མོ་སོགས་སྣ་ཚོགས་བྱེད་པ་


MR10_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གོམས་ཀྱིས་ཤེས། དེའི་བྱེ་བྲག་ཕྲན་ཚེགས་ལ་ཅི་རིགས་འགོད། བསེ་བཟོ་སྐོར་ལ། ཀོ་བསེ་བྱེད་ན་གའུ་དང་སྒམ་སོགས་གང་བྱེད་ཀྱང་། རྫས་ལས་གའུའི་ཡ་ཁེབ་དང་མ་གཞི་གང་འདོད་ཚད་ལྡན་བཟོ། སྐམ་ནས་སོ་བཏང་། དེ་བཞིན་གང་འདོད་དབྱིབས་ཀྱི་ནང་རྫོང་བྱ། ཀོ་རློན་འཐུག་པོ་ཤ་སྐྱི་གཉིས་ཀ་བཅད་པ་དེས། ནང་རྫོང་གི་ཕྱི་ནས་གཡོགས་ལ་ཁ་རྩིད་སྐུད་ཀྱིས་རན་པ་ཙམ་བསྡུ་ཞིང་བསྐམ། སྔར་གྱི་ནང་རྫོང་ངམ་རུ་ཤིང་འདི་ཤིང་ལས་བྱས་ཀྱང་ལོ་ཙམ་ཡིན། དེ་ནས་ཟངས་ཆུས་བཀང་བའི་ནང་དུ་ལྡིང་ཐག་ལ་བཏང་སྟེ་སྟེང་འོག་ལ་སོགས་གང་ལའང་མ་རེག་པར་བྱས་ལ་རན་པར་ཆུར་གྱུར་ཐུན་མ་བྱུང་བར་ཟེར། བཙོ་ཞིང་ཕྱིར་བཏོན་ལ། ཕྱི་ནས་བཟོ་ལྟ་ཅི་དགོས་འཆོས་བཏོད། སྐམ་མཐར་ཁ་གྲིས་དྲས་ནས་འབུར་གཤོང་མེད་པར་བྱས་ལ་ཚོན་རིས་བྱའོ། །ཡང་ན་ཀོ་བ་རློན་རིང་ལ་གོང་ལྟར་བཙོ་ཞིང་བསྐམ། ཀྱུང་བུ་རྣོན་པོས་བུ་རམ་མདོག་ལྟར་ལྷང་ལྷང་བ་བྱ། རྡོ་རག་གཅོད་ཀྱིས་བརྡར་ལ་སྤྱིན་འཇམ་བྱུག ཆུ་རྡོ་འཇམ་པོས་དབུར། དེ་ནས་རྩི་ནག་པོ་ལ་སྣག་ཚ། དམར་པོ་ལ་མཚལ། གཞན་ཡང་སྔོན་པོ། མཆིན་ཁ། ལྗང་གུ། སྨུག་པོ་དང་། སྦལ་རྒྱབ་སྟེ་འབྲུམ་རིས་རང་ཅན་སོགས། གང་དགོས་ཀྱི་མཚོན་ཡང་ཡང་མང་དུ་བྱུག །དུས་སོས་ཀའམ་སྟོན་སེར་དུས་སུ་བྱ། རྩི་རྣམས་དམ་མེད་པ་ཡམ་རེ་དང་། སྤྲ་ཚིལ་ཡམ་ཙམ་མང་ན་བཟང་། ཡང་ན་རྩི་ཡི་ཁུ་བ་སྤྲ་ཚིལ་ལས་བྱ། ཀྱུང་བུས་ཆུ་རིས་སོགས་བཏོད། ཚོན་མི་བྱི་བའི་རྩི་རབ་བསེ་ཞོ་དཀར་པོ་དང་། འབྲིང་


MR10_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་རྩི་དཀར་པོ་ལ་བྱ། དེ་ལྟར་བསེ་ཕུབ་དང་སྒམ་དང་ཕོར་བ་སོགས་བྱའོ། །ཤིང་གི་གའུ་སྒམ་སྡེར་མ་སོགས་ཀུན་ལའང་གོང་ལྟར་ཚོན་རྩི་དང་པྲ་རྩི་སྤེལ། མདོར་ན་རྩི་རབ་ལན་བདུན། འབྲིང་ལྔ། ཐ་མ་གསུམ་རེ་བྱ་ཞེས་རྒྱ་བསེ་ཁྱད་པར་ཅན་བཟོ་ལུགས་རད་གཏེར་ལས་སོ། །ཤིང་བསེ་ནི། ཤིང་ལྕང་མ་ཤུག་པ་འབོ་ལོ་སོགས་རུལ་བ་དཀར་པོ་ཞིབ་བཏགས་ཕྱེ་དང་། ཤུག་པ་སྤོས་ཟན་ལྟར་ཆུ་བརྡར་བྱས་པ་ཆ་མཉམ་ཕུལ་ལྔ་ཙམ་ལ། ས་སྤྱིན་དར་ལ་བཙག་པའི་ཕྱེ་མ་ཕུལ་གང་། ཤོག་བུ་དེ་ཙམ་ཆུ་ཕུལ་བཞི་ལ་སྤྱིན་ཐུར་དཔྱད་ཞོ་ལྔ། དབང་ལག་ཕྱེ་ཞིབ་ཕུལ་བྱེད། གྲོ་ཟན་ཚོས་མ་ཕུལ་གང་། འབུ་སྦྲང་ཅུང་ཟད་བཅས་རྫས་སྔ་མ་དང་བསྲེས་ལ་འདམ་ཐག་བཏགས་ཉིན་ཕྱེད་ཙམ་བྱ། དེ་ནས་སྡེར་མ་སོགས་གང་དགོས་སུ་བཅོས་ལ་གྲིབ་བསྐམ་བྱ། ཁོང་ནེམ་ཡོད་དུས་ཕྱི་ནས་འཇམ་དབུར་གང་འོས་བྱེད་ཅིང་ཚོན་རྩི་བཏང་བར་བྱའོ། །འདག་བསེ་ནི་ས་སྤྱིན་སྣ་རིང་ཞིབ་བཏུལ་བྱས་པ་དར་ཚགས་ལ་དྲངས་ནས། རེ་ལྕགས་ཀྱི་ཤོག་བུ་དང་བསྲེལ་བརྡུང་མཉེད་བྱས་པས་གང་དགོས་བྱའོ། །དར་བསེ་ནི། བླ་དར། ལིང་། ཤུག་ཚོང་། མཛོད་དར་སོགས་གཏུབ་ཕྱེ་དང་། དབང་ལག །གྲོ་ཕྱེ། ཨ་རུ་ར། བུ་རུ་ར་བ་རུ་ར་ཡིན་ནམ། རྣམས་ཞིབ་འདུལ་ཆུར་སྦང་ཁུ་བ་བསེ་གང་གི་ནང་དུ་བླུག་ཀྱང་སྲ་ཞིང་ཚད་ལྡན་འབྱུང་ངོ་། །རས་དར་གྱིས་བྱས་པ་ཤིན་ཏུ་བཟང་། སྨན་བསེ་ནི། སྨན་སྣ་ཚོགས་ལ་རྫས་གོང་ལྟར་གང་དགོས་བྱའོ། །རས་བསེ་ནི་ནང་རྫོང་རྒྱབ་ཏུ་ཤོག་སྲབ་སྦང་པས་རིམ་པ་གཅིག་གཡོགས། གྲོ་ཞིབ་སྤྱིན་ཆུ་ལ་བསྐོལ་ནང་རས་གང་དགོས་ལྟར་


MR10_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བུར་བཅད་པ་དྲངས་ནས་ཤོག་བུའི་ཕྱི་ནས་ཤན་ལ་རིམ་པར་བསྐམ། སྔ་མ་སྐམ་ཟིན་ནས་ཕྱི་ནས་རིམ་འདིས་འབག་སོགས་བྱེད། པ་དུ་དགོས་བར་དུ་བརྩེགས། སྐམ་ཐག་ཆོད་ནས་ནང་རྫོང་གིས་འདོན། དྲག་པོའི་ཞལ་འབག་ཡིན་ན་རས་བག་སྤྱིན་གྱིས་སྦྱར་བ་བཞི་བརྩེགས་ཙམ་ལེབ་མོ་ལོགས་སུ་བྱས་པ་སྐམ་ལ་སྨར་སྨིན་ཨག་ཚོམ་མེ་རི་པ་ཏྲ་བྲིས་པ་གསེག་ཆོད་ཀྱིས་གསེང་ནས་དྲས་པ་སོགས་བག་སྤྱིན་དམ་ཤེད་ཆེ་བ་ཙམ་གྱིས་སྦྱར། བྱེ་འདམ་སོགས་ཀྱིས་ཞལ་བ་དང་སྐྱོ་འབུར་སོགས་གང་དགོས་བྱ། དབུར་འཇམ་བྱས་ནས་ཚོན་རྩི་བཏང་བར་བྱའོ། །འདི་ཡི་ནང་རྫོང་ས་ལས་བྱས་པའི་ཞི་ཁྲོ་སོགས་ཀྱི་ཞལ་འབག་ཚད་ལྡན་ལེགས་པ་དང་། གཞན་ཡང་ཡོ་བྱད་གང་འོས་ཀྱི་དབྱིབས་བྱའོ། །ཤོག་བསེ་ནི་སྔ་མའི་རས་བསེ་ལྟར་ཤོག་བུའི་རིམ་པ་ཅན་གྱི་ཕྱི་ནང་གཉིས་རས་ཀྱིས་བྱེད་དགོས། འཇམ་བརྡར་དང་རྩི་སོགས་བྱའོ། །བསེ་ཞེས་པ་སྲ་བའི་རྫས་དང་བསྲེས་ཏེ་འདག་བར་བྱས་ས་སོགས་དཔེ་ལ་སྦྱར་བཟོ་བྱས། པའི་མིང་ཡིན་ལ། རྒྱུའི་ཁྱད་པར་ལས་ཀོ་བསེ་ཤིང་བསེ་དར་བསེ་སོགས་སུ་འབོད་པ་ཡིན་ནོ། །བསེ་ཞེས་རྒྱུ་འདྲ་འདྲེ་དང་། འབག་ཞེས་འདྲ་བརྒྱང་དོན་ནམ་དོན་གཅིག་དཔྱད། དབུག་ཏེ་བཟོ་བྱེད་པའི་མིང་ཡིན་ནོ། །ཕྱི་ནས་པྲ་རྩི་དགོས་པའི་རྩིའི་མིང་ལས་ཨེར་ཐོགས་པའི་ངེས་དཔྱད་པར་བྱའོ་ཧ་ཧ། སྨན་བཟོ་སྐོར་ལ་ཤིང་ཀུན་བཟོ་ན། སྒོག་སྐྱ་བྲེ་གང་། སྒོག་སྐྱའི་རྩ་བ་བྲེ་གང་། སྒོག་པ་རྒྱ་བ། ཙོང་ནག་རྩ་བ་རྣམས་བྲེ་རེ་རེ་གཙང་བཀྲུས་བྱ། རྫ་མ་ཁ་དོག་པོའི་ནང་བྱང་བུལ་དུམ་གཅིག་བཏབ་པའི་ཆུ་ལ་གོང་སྨོས་རིགས་རྣམས་བཏབ་ནས་མ་ཚིག་པར་དཀྲུག་ཅིང་བཙོ། རོ་རྣམས་བྲོ་བ་མེད་པར་རེད་ནས་རྩི་མ་རས་གཙང་གིས་


MR10_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བཙིར་ལ་ཕོ། ཁུ་བ་མེད་པར་རན་པ་གདུ་ནས་ལུག་ཞོ་ཙམ་རེད་ཚེ། ཤིང་ཀུན་གང་འབྱོར་ཕབས་སུ་བཏབ་ལ། རི་དྭགས་གནའ་བའི་ཀླད་པ་སོ་མ་དང་བཅས་འཚོས་པར་དཀྲུག དེ་ནས་རའམ་རྣ་བའི་ཀླད་ཁུང་དུ་བླུག་ལ་ཨག་ཚེད་དམ་དུ་བགག །གཞན་ཡང་སིང་བུག་མེད་ངེས་བྱས་ལ། ཉི་མར་བསྲོའམ་མེ་ངད་དུ་བཞག ཡང་ན་གཡག་རྭ་ནང་བཞག་ལ་གོང་ལྟར་བྱ། སྐམ་ནས་བཏོན་པས་ཤིང་ཀུན་བཟང་པོར་འགྱུར་རོ། །རྒྱ་ཚྭ་བཟོ་ན། ཟེ་ཚ་ལྷད་མེད་དང་། ལན་ཚྭ་མཆོད་རྟེན་རིས་དུམ་གཅིག རྒྱ་ཚྭ་ལྷད་མེད་ཕབ་འདེབས་ཙམ་རྣམས་ཀོང་བུར་བཞུས་ནས་ཆུ་ལྟར་གྱུར་པ་རྡོ་སྟེང་བླུག་པས་ཕྱི་བལྟས་རྒྱ་ཚྭ་མི་འདྲ་ཡང་ནུས་པ་རྒྱ་ཚྭ་དང་ཁྱད་མེད་པ་འབྱུང་ངོ་། །ཁ་རུ་ཚྭ་བཟོ་ན། ལན་ཚྭ་སྒོ་ང་གང་། སེར་མཚུར་དང་བྱང་བུལ་ལྷད་མེད་གཉིས་སྒོ་ང་གང་རྣམས་ཞིབ་བཏུལ་སོལ་ཐབ་ཏུ། སྔོན་ལ་ཀོང་བུ་དམར་ལྷང་བསྲེག་པའི་ནང་དུ་བླུག་སྟེ་བཞུས་ལ་རྡོ་སྟེང་བླུག་པས་འགྲུབ་བོ། །ཡང་ན་ལན་ཚྭ་སྒོ་ང་གང་། མཚུར་ནག་དང་བྱང་བུལ་སྒོ་ང་རེ། གཡག་ར་ལུག་གསུམ་ཐུག་པོའི་རྭ་དང་། འབྲི་ཡི་ར་བཞི་སྒོ་ང་རེ་བཅས་རྩི་ལྟར་བསྣུར་ལ་བཞུ་ལུགས་གོང་ལྟར་བྱའོ། །འདི་རྣམས་རད་གཏེར་ལས་སོ། །འདིས་མཚོན་ནས་ཚྭ་སྣ་དངུལ་ཆུ་བཟོ་བ་སོགས་སྨན་བཟོ་དང་སྨན་གྱི་ལག་ལེན་རྣམས་དེའུ་དམར་དགེ་བཤེས་ཀྱི་ལག་ལེན་ཉེར་མཁོ་སོགས་སུ་གསལ། འདི་དག་གསོ་རིག་གི་ཆ་ལག་ཀྱང་ཡིན་ནོ། །བ་ཡི་ལྕི་བ་སྐམ་བརྡུང་བྱས་པའི་ཕྱེ་མར་གྱི་འོ་སྐོམ་བྱས་ལ་མཚལ་ཐལ་འདོན་ལུགས་བཞིན་བསྲེག་པས་དངུལ་ཆུ་འོང་། དེས་ཤིག་གསོད་པ་སོགས་དངུལ་ཆུའི་


MR10_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀུན་བྱེད་དོ། །དངུལ་ཆུ་ལ་བྲག་སོགས་ལས་བབ་པའི་རང་བྱུང་དང་། ཕུག་རོན་གྱི་རོ་དང་རེ་ཧྲུལ་སོགས་ལས་བཟོ་བ་མང་ངོ་། །ཕྲལ་དུ་མཁོ་བ་སྣ་ཚོགས་བཟོ་གནས་ཕྲན་ཚེགས་ཀྱི་སྐོར་ནི། ངེས་པ་མེད་པར་ཅི་རིགས་སྣ་ཚོགས་ཡིན་པས་མཐའ་མེད་པ་སོ་སོའི་མཐོང་གོམས་དང་ཐོས་པ་སོགས་ལས་ཤེས། སྤྱིར་གོང་འོག་གི་བཟོ་ཐམས་ཅད་ཉེ་བར་མི་མཁོ་བ་མེད་ཀྱང་བཟོ་ཆེན་པོའི་སོ་སོའི་སྡེར་གཏོགས་པ་རྣམས་དེར་བཀོད། འདིར་ནི་དེར་མ་བཤད་པའི་ཕྲལ་དུ་མཁོ་བའི་བཟོ་གནས་ཕྲན་ཚེགས་བྲི་བ་ཡིན་ལ། འཚོ་ཚིས་ཀྱི་བཟོ་ཞིང་ལས་ཕྱུགས་སྐྱོང་། ཐག་བྲན་ཟས་གཡོས་པ་སོགས་མེད་ན་ཕྲལ་ཐབས་ཆག་པའི་རིགས་རྣམས་ནི་མཐོང་རྒྱུན་གྱིས་བྱེད། སྒྱུ་རྩལ་དང་བརྟགས་སོགས་ཀྱི་བཟོ་གནས་ནི་ལོགས་སུ་བཤད་དེ། འདིར་ལག་བཟོའི་སྐོར་འཕྲལ་མཁོ་འགའ་ཞིག་བཀོད་པ་ལ། རི་བོང་རིལ་མ་ཆར་བས་སྐྱ་བོར་སོང་བ་བྲེ་གང་ཙམ་ལ། སྤོས་དཀར་དང་བུལ་ཏོག་ལེགས་པ་བཞི་ཆ་ཙམ་བསྲེ། དེ་གཉིས་ཞིབ་བཏགས་ར་ཚིལ་བཞུས་པའི་དྭངས་མས་སྐ་སླ་རན་པའི་ལྡེ་གུ་སྦོམ་ཕྲ་མདའ་སྙུག་ཚད་ཙམ་བྱ། དེ་ལ་མེ་སྤར་ན་མཐོ་གང་ཙམ་གྱིས་མཚན་གང་ཐུབ་པའི་མེ་འབར་བར་བྱེད་དོ། །ཡང་རས་སེད་སྤོས་དཀར། སྤྲ་བ་ཡུངས་གར་ནག །རི་བོང་རིལ་མ། སྒ་སྐྱའང་། ཀྱི་ལྕེའི་རྩ་བ་སྐམ་པོ་རྣམས་མི་ཚིལ་སྦྱར་བའི་རིང་བུ་མཛུབ་གང་བཙུགས་པ་རྫས་ཀྱི་མར་མེ་གསལ་བའོ། །མུ་ཟི་སྤྲ་ཚིལ་རི་བོང་རིལ་མ་ར་ཚིལ་རྣམས་རས་ལེགས་པོ་དང་བསྲེས་ཏེ་སྡོང་བུའི་དཀྱིལ་སྟོང་དུ་བཙུགས་ལ་ཁྲེས་བརྐྱང་བས་ཆར་རླུང་ཆེ་ཡང་མར་མེ་མི་འཆིའོ། །ཡང་རྒྱ་ཚྭ་ཁ་རུ་ཚྭ་ལན་ཚྭ་ཚ་ལ་བཞི་རས་སྡོང་བུའི་རས་སྐུད་གསེབ་ཏུའམ་


MR10_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཁུའི་གསེབ་ཏུ་བཏང་ན་རླུང་ཆེན་པོས་ཀྱང་མར་མེ་མི་འཆིའོ། །གསེར་སྐུ་དང་ལི་མ་སོགས་བཀྲུ་ཆས་ལ་བུལ་ཏོག་དང་སུག་པ་བསྲེས་པའི་ཆུ་དྲོན་ནང་། སྙུག་ཟེའམ་ཕག་ཟེས་ལན་མང་འཁྲུད་ཕྱིས་བྱས་ནས། ཉི་མར་སྐམ་ཚར་བ་དང་གུར་གུམ་དང་ཡུང་བ་མྱང་རྩི་སྤྲས་སོགས་ཀྱི་ཁུ་བས་བྱུག་པས་གསེར་མདངས་གསོ། དེ་ནས་གསེར་ཞལ་གསོ་བ་སོགས་བྱའོ། །ཚ་གསེར་མེད་པའི་ལི་མ་བཀྲུ་ན། གྱང་ས་ལྕུམ་རྩ་དུད་པ་རམ་བུ་བུལ་ཏོག་རྣམས་ཀྱི་ལྡེ་གུས་བྱུག་ལ་ཞག་གཅིག་བཞག་རྗེས་བུལ་ཆུས་བཀྲུའོ། །བར་འདིར་ལུས་བཀྲུ་གོས་བཀྲུ་ཁ་དྲི་འཕྲོག་སོགས་ལུས་ལ་ཉེར་མཁོ་ཁ་འཕང་གིས་འཛུད། དབྱར་དུས་ཤ་ལ་ཕྲལ་དུ་འབུ་མི་འཇུག་ཐབས་ལ། ཤ་དེ་ལྷུ་རུ་བསིལ་ནས་གྲོད་པུར་བཅུག །རྫ་སྣོད་དུ་ཆུ་བསིལ་པོ་བླུག་པའི་ནང་དུ་བཞག ནང་རེ་བཞིན་སྔ་བར་སད་མ་ཞུ་གོང་གི་ཆུས་ཆུ་སྔ་མ་བརྗེས་ན་ཡུན་རིང་མི་རུལ་ཞིང་འབུ་མི་འབྱུང་ངོ་། །རྫ་སྣོད་མེད་ན་ཁྲོལ་མ་མཁར་སྣོད་དུ་བླུགས། ཟངས་ཀྱི་སྣོད་དུ་མི་བྱའོ། །ཡང་ཀ་ཀོ་ལ་དང་ཛཱ་ཏི་གཉིས་ཞིབ་བཏགས་ཕྱེ་མ་ཆུ་ལ་སྦྱར་ཏེ་ཤ་ལ་བྱུག་པས་འབུ་ཐུབ་བོ། །བྱེ་རུག་པ་ཡིས་ཀྱང་འབུ་སྲུང་ངོ་། །ཆང་གི་གླུམ་རྫ་མ་ཁ་དོག་པོར་བླུགས་ལ་ཁ་བཅད། བུག་པ་ཕྱེས་བཙངས། བསང་དུས་བུག་པ་ནས་སྐྱ་བས་དཀྲུགས་ལ་བཙག དེ་ནས་ཡང་བུག་པ་ཕྱེས་སྔར་ལྟར་བཀག་པས་ཡུན་རིང་པོར་ཡང་ཆང་སྐྱུར་པོ་མི་འབྱུང་ངོ་། །རི་དྭགས་གཉན་གྱི་རྭ་ནང་འོ་མ་བཞག་ནས་ཡུན་རིང་ཡང་མི་རུལ་ཟེར། དེ་སོགས་དེ་རིགས་འདིར་འཛུད། དེ་སོགས་ལག་སྟབས་ཕྲན་ཚེགས་ཀྱི་གནད་ཤེས་ན་ཕྲལ་དུ་ཕན་ལ་


MR10_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཡོད་དེ། མར་མེ་མི་འཛོམ་པར་མུན་པར་རྫས་འཚོལ་བའམ། ཡིག་རྒྱ་དགོས་པར། ཤོག་བུའི་ནང་མར་བཏུམ། སྨན་ཐུན་ལྟར་ཁ་ཟུམ་ནས། རྩེ་ལའང་མར་བསྐུས་རྡོ་སོགས་སྟེང་བཞག་མེ་སྦར་ན་མགལ་མེ་སྦར་བ་སོགས་ལས་དེ་བཟང་།མར་མེའི་ནང་མར་བསྣན་པས་སྙིགས་དང་ཆུས་མི་གསལ་བ་ལ་ཙམ་པ་ཅུང་ཟད་བཏབ་ན་ཕན། འདིས་མཚོན་ལག་སྟབས་ཕྲ་མོ་རྣམས་ལ་ཡི་གེར་འགོད་འོས་ཆེར་མེད་ཀྱང་དྲན་སློང་ལྟ་བུར་སྐབས་སུ་ཅུང་ཟད་ཕན་པའང་ཡོད། རྔ་རྫས་ལ། ཕ་གསུམ། མ་གསུམ། བར་སྣང་ནམ་མཁའ་རྒྱ་མཚོའི་རྫས་གསུམ་སྟེ་དགུ་འཛོམ་དགོས་ཞེས་པ། ཀླད་པ་སུག་པ་མཁན་པ་གསུམ། །གཡེར་མ་སྦང་མ་སྤུ་མ་གསུམ། །རྒོད་ཤ་འབྲུག་རུས་སྲམ་ཚིལ་རྣམས། །སྦྱར་བའི་ཆུ་ལ་ཞག་གཉིས་སྦང་། །བཀྲུས་ཤིང་སྐམ་རློན་རན་ཙམ་དུས། །འཐེན་ཞིང་ལེགས་བཀབ་བྱས་པ་དེ། །དུས་ཀུན་ནམ་མཁའི་འབྲུག་དང་མཚུངས། །ཞེས་སོ། །ཡང་ལུགས་གཅིག་རྔ་དང་ཅང་ཏེའུ་སོགས་གཡོགས་ན་པགས་པར་ཤ་དང་ནག་སྐྱི་མེད་པར་བྱ། སྦང་མ་གསར་བ་བཙིར་བའི་ཁུ་བ་བྲེ་དོར། ཕབ་ཆང་ནོན་གཅིག ཕུག་རོན་རིལ་མ་སྤར་གང་གི་ཕྱེ་མ་བཏབ་པ་རླངས་ཐོན་ཙམ་བསྲོས་ལ་ཞག་གསུམ་དེ་ཡི་ནང་དུ་རྔ་གཡོགས་དེ་སྦང་། དེ་ནས་བཏོན་ལ་ཆུ་བཙིར། ཞག་བདུན་བར་འབུལ་བརྐྱང་བྱ་ཞིང་སྐམ་ཐག་ཆོད་པར་བྱ། དེ་ནས་མདོག་དཀར་ཞིང་སྐད་བཟང་བྱེད་ཀྱི་རྫས་སྦང་མ་གསར་བ་བཙིར་བའི་ཁུ་བར། ཆུ་སེར་འབྱིན་པའི་རྫས་མཚུར་དཀར་སྒོང་ལྐོག་གང་། ལྡིར་ཆེ་བར་བྱེད་བར་ར་ལུག་གི་ཀླད་པ་ཐུར་མགོ་གང་། སྐད་ཆེ་


MR10_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཟང་བར་བྱེད་པ་བྱང་བུལ་སྒོ་ང་གང་། མེ་དང་ཉི་ལྷག་གིས་མི་གནོད་པར་ཕྱུགས་ཆེན་གྱི་རྒྱུངས་པ་ཐུར་མགོ་གང་། གནམ་བད་དང་རླན་གྱིས་མི་ཚུགས་པའི་སླད་དུ་སུག་ཕྱེ་ཁྱོར་གང་། མདངས་ལེགས་ཤིང་ཐན་པ་ཐུབ་བྱེད་ཞོ་མར་བཏོན་པའི་འོ་ཤང་། སྐྱ་ཕུལ་གང་བཏབ། རྔ་ཆེན་དེ་ལུགས་རྫས་མང་བར་བྱ། དེ་རྣམས་ལེགས་པར་བསྲོས་པའི་ཁུ་བ་ནང་སྦང་ཞིང་རློན་མཉེད་ཡུན་འཕུར་བསྲུབ། རིང་བྱ། སླར་ཆུ་གཙང་ནང་བཀྲུས། ཐག་མ་ཤོར་བར་གོང་རྫས་བདུན་པོའི་ཁུ་བར་ཞག་གཅིག་སྦང་། དེ་ནས་གཅུད་ཕུར་གྱིས་ལན་གསུམ་བཞིར་ཆུ་མེད་པར་བཙིར། ར་རི་ནག་ནོག་སོགས་ལེགས་པར་བཞར་ནས་འཇམ་པོར་བྱས་ལ་གཡོགས་བརྒྱབ། ཞག་གསུམ་མེ་ཉི་དང་ལྷག་པ་གང་ཡང་མི་འཕོག་པའི་མུན་པར་ཐུག་རེག་མེད་སར་གནམ་ལ་བཏགས་ཏེ། བཞག །དུས་ནམ་ཡང་རླན་དང་མེ་ཉིས་ཕོག་སར་མི་བཞག དེ་ལྟར་བྱས་པས་འུར་ལྡིར་སིང་ཁྲོལ་རྒྱང་སྐད་ཆེ། དུས་ཀྱིས་ཐང་ལྷོད་མི་འབྱུང་ཞེས་བཤད་དོ། །གཙག་བུ་ལ་ངར་བླུད་པའི་རྫས་ནི། རྒྱ་ཚྭ། སྲུབ་ཀ་བ། ཁ་རུ་ཚྭ། ཟེ་ཚྭ། ཟི་ར་ནག་པོ་ལྔ། གཡག་ལུག་ར་གསུམ་གྱི་རྭ། མིའི་ལག་ངར་གྱི་དྲི་མ་རྣམས་ཆུ་དང་བསྲེས་པ་བྱུག་ནས་མེ་ལ་བསྲེག་སྟེ་ཆུ་གྲང་གིས་ངར་བླུད། ཡང་ན་གྲི་ཁྲག རང་གི་དྲི་ཆུ། ཉྭ་བཞིའི་དྲི་མ་བྱུག་ནས་བསྲེག གཙག་བུ་ལ་ག་བུར་བཟང་དྲུག་མངར་གསུམ་གྱིས་ངར་བཏབ་ན་སྤུ་གྲི་དང་འདྲའོ། །ཞེས་སོ། །མཚན་ཉིད་ལྡན་པའི་རལ་གྲི་ལ། །ཚ་བའི་དབར་ལ་ཚྭ་དང་མར། །བྱུག་སྟེ་


MR10_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མར་བསྲོ་བར་བྱ། །སླར་ཡང་རྒྱ་ཚྭ་གཙོད་ཁྲག་གཉིས། །བསྐུས་ཏེ་ཉི་མར་ལེགས་པར་བསྲོ། །དེ་ནས་གསེར་མདོག་སྨན་ཚྭ་དང་། །ཚ་ལ་ཀ་ར་གྲི་ཁྲག་དང་། །གཙོད་ཁྲག་རྭ་གཞོབ་དྲི་མ་ཚྭ། །མཉམ་པར་སྦྱར་ཏེ་གྲི་ལ་བྱུག །མེ་ལ་བསྲེག་ལ་གངས་ཆུར་བཞུག །དེས་ནི་གང་ལའང་ཐོགས་པ་མེད། །ཆུ་སོགས་ལ་ནི་མར་ནག་དང་། །ཉ་ཚིལ་བྱུག་ལ་ཉི་མར་བསྲོ། །སླར་ཡང་ཙནྡན་རྭ་གཞོབ་དང་། །རྒྱ་ཚྭ་ཉ་ཁྲག་གཙོད་ཀྱི་ཁྲག །བོང་ང་དཀར་པོ་ཆ་མཉམ་སྟེ། །ཉིན་རེ་བྱུག་ཅིང་ཉི་མར་བསྲོ། །རྩར་རྩར་འཛེར་ཞིང་རྩ་འཆག་འགྱུར། །སླར་ཡང་བྱུག་སྟེ་ཟླ་གཅིག་ཏུ། །གྲིབ་མར་བཞག་ཅིང་དྲོ་གོང་དུ། །གངས་ཆུར་ལན་རེ་གཞུག་པར་བྱ། །ཨུཏྤལ་འདབ་དྲུག་དེ་ལྟར་བཞེད། །རལ་གྲི་ལ་ངར་བཏང་ཐབས་ཨུ་རྒྱན་པས་བསྒྱུར་བའོ། །མི་ལ་གསང་ལ་རང་གིས་སྤྱོད། །ཅེས་སོ། །ཡང་། གཅོད་བྱེད་ཀྱི་ལྕགས་ལ་ངར་བཏང་ཐབས་ལྔ་སྟེ། ཤིང་ལ་བརྡེག་པའི་ལྕགས་སཏྭ་རེ་དང་གྲི་སོག་ལེ་སོགས་ལ་ཚྭ་དང་མར་བྱུག དེ་ནས་གཙོད་ཁྲག་རྒྱ་ཚྭ་གཉིས་སྦྱར་ལ་བྱུག །ཡང་རྭ་གཞོབ་བསྣུར་ལ་བྱུག དེ་ནས་བསྲེག་ལ་གངས་ཆུར་གཞུག ཡང་གཅོད་བྱེད་ཀྱི་གཟོང་སོགས་ལ། དང་པོར་མར་ནག་དང་ཉ་ཚིལ་བྱུག་ནས་མེ་ལ་བསྲོ། དེ་ནས་ཙནྡན་དང་རྭ་གཞོབ་རྒྱ་ཚྭ་ཉ་ཁྲག་གཙོད་ཁྲག་བོང་བ་དཀར་པོ་དྲུག་ཞིབ་བཏགས་བྱུག་ལ་བསྲེག་ནས། ར་དཀར་དང་བོང་བ་དཀར་པོའི་ཆུར་བསྐྱུར་བས་ལྕགས་ལ་བཙའ་དམར་ལྷང་གིས་ཆགས་པའོ། །ཡང་གོང་གི་རྫས་དྲུག་སྦྱོང་བའི་ཆུ་ནང་བཅུག་ནས་གྲིབ་མ་ལ་ཟླ་གཅིག་བར་དུ་བཞག དྲོ་གོང་གངས་


MR10_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་གཞུག དེས་ལྕགས་དཀར་ལྟར་དཀར་ལམ་པར་འགྱུར། དེ་ལྟར་ངར་ལེགས་པར་བཏང་བའི་ལྕགས་བྱེའུའི་དང་སྒྲོ་ཙམ་གྱིས། ལྕགས་ལག་ངར་ཙམ་ཆོད། གང་ལ་བརྒྱབ་ཀྱང་ཐོགས་པ་མེད་དོ། །རྡོ་ལ་བསྲེག་པའི་ལྕགས་ལ། རྒྱ་ཚྭ་ཟེ་ཚྭ་ཝ་ཚྭ་ཁ་རུ་ཚྭ་མཚུར་ནག་རྭ་གཞོབ་སྲམ་གྱི་ཁྲག་རྣམས་ཆུ་དང་སྦྱར་ནས་ལྕགས་ལ་བྱུག་པ་བསྲེག་ནས་གངས་ཆུར་གཞུག་པས་རྡོ་ཐུབ་བོ། །རལ་གྲི་དང་གྲི་ཆུང་སོགས་ཤ་ལ་བརྡེག་པའི་ལྕགས་ལ། དུར་བྱེད། ར་དུག་པ། རེ་ལྕགས་པ། ཟངས་རྩི་བ། དབྱི་མོང་། ཁུར་མང་དང་དྲུག་པོ་དེའི་ཕྱེ་མའི་འདག་པ་དང་། རྒྱ་ཚྭ་གཙོད་ཁྲག་གཉིས་ཆུ་ལ་བསྒྱུར་བས་བསྐུས་ནས་གྲང་སར་གྲིབ་མ་ལ་ཟླ་གཅིག་བཞག །དེ་ནས་རྒྱ་ཚྭ་གཙོད་ཁྲག་དྲི་མ་མིའི་ལུས་དྲེག་འདྲ། རྭ་གཞོབ་བཞི་བསྒྱུར་ལ་བསྐུ་ཞིང་མེར་བསྲེག་ནས་ཆུ་གྲང་དུ་བསྒྱུར། དེ་ནས་གོང་གི་རྫས་བརྒྱད་པོའི་རི་མོ་བྱ། དེ་ནས་གྲང་དུ་གཞུག ཡང་ལུགས་གཅིག་ལ་ཤིང་ལ་བརྡེག་སྤྱད་ལ་དང་པོ། ལྕགས་ཚོས་པར་བསྲེག་པ་དེ་ལ་སྤྲ་བའི་ངར་བཏང་གོང་ལྟར་རམ་པའི་རེད་དཔྱད། ནས་ཚ་ལ་དང་སྦྲང་དང་ཆང་གསུམ་སྦྱར་བས་བྱུག་པས་ཁ་མི་ལྡོག །དེ་ནས་རྣོ་བའི་ངར་བཏང་བའི་སླད་དུ། རྒྱ་ཚྭ་ཟེ་ཚྭ་གི་ཝཾ་རྣམས་ཞིབ་བཏགས་པའི་ཆུ་བཏབ་པས་རྣོ་བར་འགྱུར། ལྕགས་གཅོད་བྱེད་ཡིན་ན་སྲ་བའི་ངར་ལ་མར་ནག་དང་ཉ་ཚིལ་ཉི་མ་ལ་བསྲོས་ཏེ་བྱུག དེ་ནས་ཙནྡན། རྭ་གཞོབ། རྒྱ་ཚྭ། ཉ་ཁྲག གཙོད་ཁྲག །ཕ་ཝང་ལོང་བུ་དཀར་པོ་རྣམས་ཞིབ་བཏགས་བྱུག དེ་ནས་ཉི་མ་ལ་བསྲོས་ཚིར་འོད་དམ་རྡུལ་དཔྱད། གྱིས་འོང་


MR10_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཙའ་ཆགས་པ་དང་། གོང་གི་རྫས་རྣམས་ཡམ་གཅིག་བྱུག་ནས་བསྲེགས་ཏེ་ཆུ་ལ་བསྐྱུར། དེས་ལྕགས་དཀར་ཟངས་ཀྱིས་འོང་། གང་ལ་བརྒྱབ་ཀྱང་ཕིག །གལ་ཏེ་སེམས་ཅན་ལ་ཕོག་ན་ངར་ཡལ་ལོ། །རྡོ་ལ་བརྒྱབ་པའི་ལྕགས་ལ་ཤུག་པའི་ཐང་ཆུ་དང་། སྐྱ་གའི་ཁྲག་བྱུག་ནས་ཉི་མར་བསྲེག དེ་ནས་ཚ་ལ་བུལ་ཏོག རྒྱ་ཚྭ། སྙན་གྱི་ཁྲག་སྦྱར་ལ་བྱུག་སྟེ་ངར་བཏང་བས། དབལ་ཚ་བར་འགྱུར་རོ། །རྡོ་ཕ་ཝང་ཡང་འཇོམས་ནུས་སོ། །ཤ་ལ་བརྡེག་སྤྱད་ལ། གཞན་མ་གོང་འདྲ། ངར་མི་འཆི་བའི་ཐབས་སུ་འུག་པའི་སྒོ་ང་གོང་གི་རྫས་ནང་བཏང་ངོ་། །མེ་ལྕགས་ཀྱི་ངར་ལ། སྨན་ལྒ། བརླའི་དྲེག་པ། གནའ་བའི་སྤུ་གཞོབ་བྱུག་ལ་རས་བལ་གྱིས་དྲིལ་ནས་བསྲེག་སྟེ་ཆུ་གྲང་ལ་གཞུག་གནའ་བ་མེད་ན་ར་ཡི་རྭ་ལ་བྱ། དེ་ལྟར་མཚོན་ཆའི་ངར་རྣམ་པ་ལྔ་བཏང་ཐབས་བཤད་དོ། །ལག་བཟོའི་རིགས་རྣམས་ལ་དངོས་པོ་གང་བྱ་བ་དེའི་ཆ་ཚད་ཤེས་པ་གལ་ཆེ་བས། རྒྱལ་བའི་སྐུ་གཟུགས་ཚད་ནི་སྡོམ་འབྱུང་དང་། དུས་འཁོར་སོགས་རྒྱུད་ལས་གསུངས་པ་དང་། ཤཱ་རིའི་བུ་སོགས་ཀྱིས་བཤད་པ་ལྟར་སྐུའི་ཐིག་རྩ། ཡི་གེའི་ཐིག་རྩ། མཆོད་རྟེན་བརྒྱད་ཀྱི་ཐིག་རྩ། གཞལ་ཡས་ཁང་བྲིས་པ་དང་བློས་བསླང་གི་ཐིག་སོགས་གཞན་ན་གསལ་ཞིང་རྒྱས། ཕྱག་མཚན་རྡོ་རྗེ་དང་previous hit དྲིལབུ next hit་ལ། རྒྱུད་སྤྱི་ལས་གསུངས་པའི་previous hit དྲིལབུ next hit་དང་། དུས་འཁོར་རྒྱུད་ལས་previous hit དྲིལབུ next hit་ཞལ་བཞི་མ་གསུངས། དེ་སོགས་ཕྱག་མཚན་གྱི་རིགས་ཀྱི་ཆ་ཚད་དང་དབྱིབས་རྣམས་གཞན་དུ་གསལ། བྱ་བཏུས་སུ་ཡོད་ཚུལ་བཤད། གོས་ཀྱི་ཚད་ལ། གོས་ཀྱི་སྲིད་དུ་རང་མཐོ་


MR10_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཚད་ཡིན་དཀྱིལ་མཐོ་ཡིན། ཐུང་ན་ཕྱེད་བདུན། རིང་ན་དེ་ལས་མཐོ་ཕྱེད་དམ་གང་གི་རིང་དགོས་ན་དེ་ལྟར་བྱ། སྲིད་ལ་ཆ་ཇི་ཡོད་རྒྱབ་ཀྱི་མཐའ་ཆ་དེ་དང་མཉམ། དེ་སྟེང་སྔོན་མཐུ་སྟེང་མ་མཐོ་དྲུག ནང་མ་ལྔ་ཙམ་ཡིན་ཞེས་བཟོ་མཁས་པ་དག་ཟེར། ཕུ་རུང་སྲིད་ཆའི་ཕྱེད་ཆ་ཡིན། ༧འགག་རིང་རྩག་འགག་གི་རྒྱབ་ཞེང་མཐོ་དོའམ་ཕྱེད་གསུམ་ཙམ། སྨད་སྦོམ་སྟོད་ཕྲ་ན་ལེགས། ༧ གཟན་ཛར་རམ་སྲིད་དུ་མཐོ་དྲུག་བདེ་ཚད། དེ་ལས་ཅུང་ཐུང་བའང་ཡོད། ཆས་གཟན་མཐོ་བདུན་སོགས་ཅུང་རིང་བྱེད། སྣམ་ཕྲུག་ཞང་བཅོ་བརྒྱད་ཚད་དཀྱུས་མ་ཡིན། ཕལ་ཆེར་བཅུ་བདུན་རེ་བྱ་འདུག །ཕྲུག་ཞེང་མཐོ་རེ་དང་སོར་གསུམ་ཙམ་གྱི་ལྟག་འོག་ཡིན་འདུག ཤམ་ཐབས་སྲིད་དུ་མཐོ་ཕྱེད་ལྔ་བདེ་ཚད། བཞི་རེ་ཅུང་ཐུང་། ཆས་ཤམ་རྣམས་ལྟེབ་རྒྱུ་སོགས་རིང་བའང་བྱེད་ཟེར། ཕལ་བའི་གོས་ཀྱི་ཚད་ནི་ཆེ་འབྲིང་ཆུང་བའི་ཆ་ཚད་དང་རྣམ་པ་སྣ་ཚོགས་ཡུལ་སོ་སོའི་ལུགས་ལས་གསལ།ཁང་པའི་རྣམ་པ་ལ་གསལ་བ། སྤྱོད་ལམ་བདེ་བ་སོགས་ཀྱི་ཁྱད་པར་དང་། ཁང་བཟོ་ཡོད་ཚུལ་རང་ཐིག་བརྒྱད་ཙམ། འཕྲོས་ཁུ་བརྐུ་བ་སོགས་ཞར་བྱུང་ལྟར་འཛུད། ངོ་མཚར་འཕྲུལ་བཟོའི་སྐོར་ལ། ཐབས་ཤེས་པས་སྦྱར་བའི་འཁྲུལ་འཁོར་གྱི་རིགས་རྣམ་པ་སྣ་ཚོགས་ཡོད་པ་ནི། རྒྱུ་སྣ་ཚོགས་ལས་སྐྱེས་པ་བུད་མེད་ཀྱི་གཟུགས་འགྲོ་བ་སོགས་བྱེད་པ། ནམ་མཁར་ཤིང་གི་བྱ་ལ་བརྟེན་ཏེ་འཕུར་ནས་འགྲོ་ལྡོག་བྱེད་པ། ཐང་ལ་མེ་ཡི་འཁྲུལ་འཁོར་


MR10_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མགྱོགས་པར་བགྲོད་པ། ཆུ་ལ་རྦ་ཀློང་སོགས་ལས་བཟློག་སྟེ་ཅི་འདོད་དུ་འགྲོ་བ་སྔར་ཡང་བྱུང་། རྒྱུད་རྣམས་སུའང་འཁྲུལ་འཁོར་དང་མིག་འཕྲུལ་ཉེར་མཁོ་ཅི་རིགས་གསུངས། གཏེར་མ་སོགས་མན་ངག་གི་ཡིག་ཆ་རྣམས་སུའང་དགོས་དབང་གིས་ཅི་རིགས་སྣང་། ད་ལྟ་ཡང་ཕྱི་གླིང་བ་དག་གིས་བྱས་པའི་འཁྲུལ་འཁོར་སྣ་ཚོགས་ཡོད། དེ་ལྟར་འཁྲུལ་འཁོར་དེ་དག་གསང་ཐག་གི་གནད་སོགས་ལས་ཆུ་ཚོད་འཁོར་ལོ། མཚོན་ཆའི་འཁྲུལ་འཁོར། སྒྱོག་གི་རིགས་སྣ་ཚོགས་སོགས་བརྗོད་དུ་མི་ལངས་པ་དག་གི་ཡུལ་སོ་སོའི་བཟོ་བོ་དག་གི་ལག་སྲོལ་མཐོང་གོམས་ཀྱིས་བྱེད་དོ། །རྫས་ཀྱི་རྟེན་འབྲེལ་ལས་མིག་འཕྲུལ་དང་། དངོས་པོ་གཞན་དུ་བསྒྱུར་བ་སོགས་རྣམ་པ་སྣ་ཚོགས་ཀྱི་འཕྲུལ་ཐབས་ཡོད་པ་ནི་གྲངས་ཀྱིས་ཚད་བཟུང་མེད་དོ། །སངས་རྒྱས་ཀྱི་གསུང་རབ་ལས་ནི་བཟོ་སོགས་གཙོ་བོར་མ་གསུངས་ཏེ། དོན་ཆེ་བ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གཙོ་བོར་སྟོན་པའི་ནང་རིག་པ་ཉིད་རྒྱ་ཆེར་བསྟན་པ་མཛད་དེ། རིག་གནས་གཞན་པ་དག་གཞན་དུ་ཡོད་ཅིང་ཐར་པ་དོན་གཉེར་ལ་མཁོ་ཞིང་ནན་ཏན་བྱ་རྒྱུའི་གཙོ་བོ་མ་ཡིན་པའི་ཕྱིར་རོ། །དེ་དག་གི་མཚོན་བྱེད་ཙམ་བཀོད་པ། མེ་རྫས་ནི་བྱ་མོ་ནག་མོའི་སྒོ་ངའི་ནང་ཆུ་དཀར་པོ། ཛི་ཧྭ་བྷི་ཊ། ས་བཅུད་སེར་པོ་རྣམས་མར་ནག་ཏུ་བཙོས་པ་དེ་ལ་ཆུ་ནམ་འཐོར་ཞུགས་མཆེད་དོ། །རེ་ལྕགས་སམ་ཀྱི་ལྕེ་དཀར་པོ་ཆུ་ནང་གཙང་བཀྲུས་བྱས། སྐམ་ནས་ཕྱེ་བཏགས་མར་ཞུན་གྱིས་སྦྲུས་ཏེ་དཔལ་བཤོས་བྱས་ལ་ཁྲག་བྱུག །


MR10_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དཔལ་འབར་བཙུགས་ནས་མེ་སྤར་བས། མེ་དེ་རྩ་བར་ཐུག་ནས་གཏོར་མ་ལ་རེག་པ་ན་མེ་འབར་བར་འགྱུར་རོ། །ཤིང་རུལ་ཕྱེ་མ་མར་གྱིས་བརྫིས་པའི་གཏོར་མ་ཡང་དེ་བཞིན་ནོ། །མུ་ཟི་རས་སྤོས་དཀར་ལ་ཆ་རྣམས་ཞིབ་བཏགས་སླ་ངར་བཞུས་པའི་རིང་བུ་མེ་ལ་ཡུག་ཡུག་བྱས་པ་ཙམ་གྱིས་འབར་བས་ཧོམ་ནང་མགོ་མཇུག་ལོགས་ལ་བཙུགས་པས་མེ་འབར་རོ། །དེ་སོགས་མེ་རྫས་མང་པོ་རྫུ་འཕྲུལ་མཁྱུད་དཔྱད་སྐོར་དུའང་ཅི་རིགས་བཀོད་པས་འདིར་མིབྲིའོ། །རས་ལ་ཉ་ཡི་ཚིལ་ཞུན་བྱུག་པས་སྡོང་བུ་བྱ། རྡོ་ཐོད་ལེ་ཀོར་གྱི་ཀོང་བུའི་ནང་དུ་བཙུགས། དེའི་ཕྱེད་ཙམ་ཆུས་བཀང་ནས་མེ་སྦར་ན་ཆུ་མ་ཟད་བར་དུ་འབར་བ་ཆུ་ཡི་མར་མེའོ། །ཡང་སྲམ་ཚིལ་བཞུས་པས་སྡོང་རས་བཅུག་ཀྱང་དེ་དང་འདྲ། ཡང་ན་ག་བུར་རས་ཀྱིས་previous hit དྲིལ་བའི་སྡོང་བུ next hit་བྱས་ན་ཡང་དེ་དང་འདྲའོ། །ཏེ་ལོའི་ཁྲག་རྒྱལ་མོ་ཀ་ར་འམ་དཔྱད། ཆུར་འགྱིང་ཕོ་རིས་རྣམས་ཕྱེ་མ་བྱས་ཏེ་ཆུ་ཕོར་གང་ལ་བཏབ་ན་དགུན་ཇི་ལྟར་གྲང་ཡང་འཁྱགས་མི་ཆགས་མཚལ་སྣག་སོགས་ལ་བཏབ་ཀྱང་དེ་དང་འདྲ། བྱེའུ་ཕག་མོ་བཞོན་གསོན་ནམ་དཔྱད། པའི་ཁྲག་ལག་པར་བྱུག་ནས་ཤེལ་དྲི་མེད་ལ་ཧྲིལ་ཧྲིལ་བྱས་ན་འཇིམ་པ་ལྟར་གང་འདོད་འཆོས་པ་འོང་། རྡོ་ལ་ཞབས་རྗེས་སོགས་གོང་དུ་ཡོད། དེ་འདྲ་ཐབས་གཞན་མང་པོ་གཞན་ན་གསལ། ལྕགས་ཀྱི་སྐེད་པར་ཏིལ་དཀར་ནག་དང་། ཤ་བའི་ཁྲག་སྐམ་པོ་སྦྱར་བས་བྱུག ལྕགས་དེ་མེར་འཇམ་ཙམ་བསྲོས་ནས། དེ་སྟེང་བྱ་རྒོད་སྒྲོས་བརྒྱབ་པས་དུམ་བུར་ལིང་གིས་


MR10_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། ཤུག་ཐལ་ཕ་བ་དགོ་དགོ་དུད་པ་བྱ་བལ་མ་གསུམ་གྱི་ཕྱེ་མ་ཆུ་ཁར་བཏབ་སྟེ། དེ་སྟེང་དཀྱིལ་འཁོར་བྲིས་ན་ཚོན་ཐེག ཕུར་རྩེར་རྡོ་ཁབ་ལེན་སྦྱར་ནས་ལིང་གའི་བྲང་ལ་ལྕགས་ཕྱེ་སྦྱར་ལ་ཕུར་པ་ཉེ་བར་ལིང་ག་ལ་གཟས་ཤིང་བསྐོར་བས་ལིང་ག་འགུལ་བ་སོགས་ལག་སྟབས་སྣ་ཚོགས་བྱིས་པ་ངོ་མཚར་སྐྱེ་བ་ཡོད། གཞན་བུམ་ཆུ་ཁོལ་བ་སོགས་རྫས་ཁོ་ནས་བྱེད་པ་རྣམས་ཀྱང་བཟོར་གཏོགས། སྒྲུབ་ཐབས་དང་རྒྱུད་སོགས་ཀྱི་ཆ་ལག་ཏུ་ཡང་གཏོགས། རྫས་སྔགས་བཅས་ཏེ་ལས་བྱེད་པ་སྣ་ཚོགས་ནི་འཇིག་རྟེན་འདས་མ་འདས་ཀྱི་སྔགས་རྒྱུད་ཀྱི་ཆ་ལག་ཏུ་གཏོགས་སོ། །གྲོའམ་ནས་སྲུས་དང་། དབྱར་གྱི་མེ་ཏོག་ཁ་དོག་ལེགས་པའི་རིགས། ཤིང་འབྲས་གང་འདོད་རེ་རེ་ནས་གསར་པ་མདངས་མ་ཡལ་རྒྱས་དུས་ཐུས་སྲུ་མ་ཟེར་དཔྱད། ལ་མར་ཆུ་བཅག་ལེགས་པའི་དཀྱིལ་དུ་རླུང་མི་འགྲོ་བར་བཏུམ་པས་མི་སྐམ་མི་རུལ་བར་སྔར་ལྟར་འདུག་ཡོང་། དགུན་དུས་ནམ་དགོས་ཚུར་འཐེན་ནས་བུལ་ཆུ་དྲོན་མོས་ནང་དུ་བཅུག་ཅིང་ཆབ་ཚས་བྲན་པས་མེ་ཏོག་རྣམས་ཁ་ཕྱེ། སྲུས་དང་།ཤིང་ཐོག་རྣམས་རྒྱས་དུས་ལྟར་མངོན་པས། དེ་མཐོང་མི་རྣམས་ངོ་མཚར་བར་བྱེད་དོ། །འདི་འདྲའི་རིགས་ལ་ཟད་མཐའ་མེད་དེ། ཆུང་ངུ་ནས་བྱིས་པ་རྣམས་རྩེད་མོས་རྩེ་བས། ཡུག་པོ་རྐང་འཁོར། མེ་མགལ་སྤུར་ལེན། ཤིང་བྱ་རང་འདུག་སོགས་བྱ་བ་བཞིན་ནོ། །དེ་ཅི་ཞིག་ཟེར་ན། ཉི་མའི་འོད་ཚ་བར། ལྕི་ཐལ་རང་ཚུགས་ཐུབ་པར་མཆིལ་མ་བཏབ་སྟེ་ཡུག་པོའི་རྐང་པ་བཙུགས་པས་རང་འཁོར་བ་དང་། མེ་ཡོག་ཚ་མོ་མཐུ་བའི་གོས་སྤུ་སོགས་ལ་བརྡབས་


MR10_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ས་རྡུལ་ཉེ་བར། སྟེང་དུ་ཚད་ཅིང་བསྐྱོད་པས་སྦུར་རྣམས་ལེན་པ་དང་། ཤིང་གི་བྱ་གཟུགས་ལ་གཡས་གཡོན་དུ་ཐད་ཀར། ཤིང་ཐུར་ཕྲ་མོ་བྱ་ཡི་ལུས་ལས་ཕྱིར་རིང་བ་བྱས་པའི་སྣེ་ལ་ཟན་རིས་སོགས་ལྗིད་མཉམ་པ་སྦྱར་བས། བྱ་ཡི་མཇུག་མ་ཟུར་ཅུང་ཟད་འཐོགས་པ་ཡོད་པར་བརྟེན་ནས་འདུག་པ་ལྟ་བུས་མཚོན་ཏེ་འཁྲུལ་འཁོར་གྱི་བཟོ་རིགས་རྣམས་གནད་མ་ཤེས་པས་བལྟས་ན་ཤིན་ཏུ་ཡ་མཚན་ཆེ་མོད། དེ་དག་ལ་ཅི་ཙམ་མཁས་ཀྱང་ཐར་པའི་ཐབས་ལ་མི་ཕན་པས། རྣམ་གྲོལ་དོན་གཉེར་རྣམས་ཀྱིས་ནན་ཏན་བྱ་བའི་འོས་མ་ཡིན་ལ། འཇིག་རྟེན་པ་དག་གིས་དེ་དག་ལ་ཆེ་ཐང་དུ་བརྩི་ཞིང་། དེ་ལ་བརྟེན་ནས་གནས་སྐབས་སུ་ཉེ་བར་ཕན་པའང་ཅི་རིགས་འབྱུང་བ་ཡོད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། མདོ་ལས། སྣ་ཚོགས་བཟོ་རྣམས་འཇིག་རྟེན་རྗོད་པར་བྱེད། །ཅེས་གསུངས་པ་ལྟར་གཞན་ལ་ཕན་པའི་ཆེད་དུ་བཟོ་གནས་སྣ་ཚོགས་ལ་འཇུག་ཅིང་སྟོན་པའང་ཡིན་ནོ། །དེ་ལྟར་ཉེར་མཁོའི་སླད་དུ་ལག་བཟོའི་བྱ་བ་ཕྲན་ཚེགས་ཅི་རིགས་བཀོད་པ་འདི་ནི། བཟོ་གནས་དེ་དག་ལ་གོམས་པ་རྣམས་ཡི་གེ་འདི་ལྟ་བུ་ལ་ཆེར་ལྟོས་མ་དགོས་ཀྱང་། བཟོ་གནས་ལ་ཆེར་མ་གོམས་པ་དག་གིས་མཁོ་བའི་བྱ་བ་དེ་དག་ལག་མཐུས་བསྒྲུབ་པ་ལ་ཅུང་ཟད་ཕན་སྲིད་པ་དང་། བཟོ་གནས་ཀྱི་རིག་པ་འཕེལ་ཞིང་སྣ་ཚོགས་བཟོ་ཡི་ཚུལ་མཚོན་བྱེད་ཙམ་དུ་གཏེར་མ་སོགས་དཔེ་སྣ་ཚོགས་ལས་ཉུང་ངུ་ཙམ་བཏུས་པ་ཡིན་ནོ། །སྣ་ཚོགས་རྒྱུ་ལས་བྱས་པའི་སྣ་ཚོགས་བཟོ། །ཕ་མཐའ་ཡས་པ་མཐོང་བརྒྱུད་ལག་གོམས་ལས། །ཡི་གེར་བྲི་བའི་ངལ་བས་ཅི་


MR10_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱ། །འོན་ཀྱང་ཉེ་བར་མཁོ་ཞིང་བྱ་སླ་བ། །འགའ་ཞིག་ཕྱོགས་གཅིག་མི་ཕམ་པ་ཡིས་བཀོད། །འདིས་ཀྱང་གཞན་ལ་ཕན་པ་འབྱུང་གྱུར་ཅིག །ཤུ་བྷཾ་མངྒ་ལཾ། མེ་རྟ་ཟླ་༤ཚེས་༡༡ལ་གྲུབ་བོ། །ཁྲ་འགུའི་རི་ཁྲོད་དུ་དགེའོ།། །།


previousབཟོ་གནས་ཉེར་མཁོའི་ཟ་མ་ཏོགnext