བརྒལ་ལན་ཉིན་བྱེད་སྣང་བ།
བརྒལ་ལན་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ། །
གང་གི་ཐུགས་བརྩེ་ཉི་མའི་སྣང་བ་ཡིས། །ལེགས་པར་བཟུང་བས་ཡང་དག་ལམ་མཆོག་ལ། །གོལ་བ་མེད་པར་འདྲེན་པའི་བཀའ་དྲིན་ཅན། །འཇམ་དབྱངས་བླ་མའི་ཞབས་ལ་གུས་ཕྱག་འཚལ། །འདིར་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་བ་བདག་གིས་བྲིས་པ་དེ་ལ་མི་འཐད་པར་སྨྲ་བའི་ལན་གྱི་ཁྱད་པར་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་སྤྱིར་བོད་སྔ་རབས་པ་དང་ཕྱིས་ཀྱི་མཁས་པ་དག་གི་བཞེད་ཚུལ་ཅུང་ཟད་མི་འདྲ་བའི་ཁྱད་པར་མཆིས་པ་ལས། བདག་ནི་སྐྱེ་བ་འདིར་སྔ་འགྱུར་པའི་བསྟན་ཞབས་སུ་སྐྱེས་ཤིང་བསྟན་འཛིན་ཆེན་པོ་རྣམས་ཀྱི་ཞལ་གྱི་བདུད་རྩི་ནོད་པ་ལས་སྔ་འགྱུར་གྱི་བསྟན་པ་དང་དེ་འཛིན་ལ་གུས་པ་ཡར་འཕེལ་དུ་གྱུར་པ་ལས། དམ་པའི་རིང་ལུགས་ཟབ་མོ་སུན་འབྱིན་གྱི་བློ་ངན་ཕུང་ཁྲོལ་ངན་པའི་གདོན་གྱིས་མ་ཟིན་ཙམ་གྱི་དངས་པ་གཙོ་བོར་བྱས་ནས་གཞུང་ལུགས་ཀྱི་བཤད་པ་ཅུང་ཟད་
རེ་བྱས་པ་རྣམས་སྔོན་གྱི་དམ་པ་དག་གི་རྗེས་སུ་བརྗོད་པ་ཡིན་ལ། དེར་རང་གཞན་གྱི་བཞེད་པའི་ཁྱད་པར་དང་དགོངས་པའི་འཛིན་ཚུལ་མདོ་ཙམ་བརྗོད་པར་མ་བྱས་ན། རྟོགས་དཀའ་བ་ཟབ་མོ་ཡེ་ཤེས་ཀྱི་སྤྱོད་ཡུལ་སྔོན་གྱི་དམ་པ་དག་གི་དགོངས་པ་ནི་ཕྱོགས་མགོ་ཙམ་ཡང་མ་གོ་བར། རྣམ་ཤེས་ཀྱི་སྤྱོད་ཡུལ་དང་ཚིག་གི་འཐེན་རྩོད་ཙམ་ལ་ཞེན་པ་དག་གིས་སྔ་རབས་པའི་ལུགས་ངན་པ་དེ་དག་རིགས་པ་མི་ཤེས་པས་སླར་ཡང་བརྗོད་པའོ་སྙམ་དུ་འཕགས་བོད་ཀྱི་མཁས་གྲུབ་བརྒྱུད་པའི་མན་ངག་ཟམ་མ་ཆད་ཅིང་དགོངས་པ་ལྷད་མེད་པའི་བཞེད་གཞུང་རྣམ་དག་ཀྱང་འདོར་ཞིང་། དེ་འཛིན་པའི་དམ་པ་མཆོག་རྣམས་ལའང་བརྙས་པར་མཐོང་ནས་ཕན་པའི་བསམ་པས་མི་བརྗོད་ཀ་མེད་ཀྱི་གནད་ཕྱོགས་མགོ་ཙམ་རེ་སྨྲས་པ་ལས། མང་པོ་སྨྲ་རྒྱུ་མཆིས་ཀྱང་སྤྲོས་པ་ཤིན་ཏུ་བསྐྱུངས་པ་ཡིན་ཏེ། དེའི་
རྒྱུ་མཚན་བདག་རང་ངོས་ནས་རང་གཞན་གྱི་དམ་པ་དག་གིས་ལེགས་པར་བཤད་པའི་གསུང་ཀུན་ལ་དད་པ་ཁྱད་མེད་པར་མཉམ་ཞིང་། བཞེད་པའི་ཁྱད་པར་མི་འདྲ་བ་དག་ལའང་རང་ལུགས་བརྗོད་པའི་ཞར་ལ་གཞན་དང་མི་མཐུན་པ་བྱུང་ཡང་། མཁས་གྲུབ་གཞན་རྣམས་ཀྱི་བཞེད་པ་ཇི་ལྟར་ཡང་དགོས་པའི་དབང་གིས་གདུལ་བྱ་འདུལ་བའི་དོན་ལྡན་ཡིན་ནོ་སྙམ་དུ་བློ་བསྐྱེད་པ་ལས། སྡང་ཞུགས་ཀྱིས་སུན་ཅི་ཕྱིན་གྱི་བློ་ངན་སྐྱེད་མི་རུང་བའི་ཉེས་དམིགས་ཤེས་པས་དོན་མེད་ཀྱི་སྨྲ་བ་གང་བྱུང་སྨྲ་དོན་མེད་ན་ཡང་། གཞན་གྱི་བཞེད་པ་དང་མི་མཐུན་པར་སྨྲས་པ་ཙམ་བྱུང་བ་ན། དེང་སང་གི་མི་རྣམས་ཕལ་ཆེར་ཕྱོགས་ཞེན་ཆགས་སྡང་ནི་ཆེ། གཟུ་བོར་ནི་མི་གནས། གསར་རྙིང་གི་ཀློག་པ་པོ་རྣམས་ཚིག་གི་བརྗོད་སྒྲོས་ཀྱི་འཐེན་རྩོད་དང་ཚིག་རིས་ཀྱི་འབྲུ་ནོན་ཙམ་ལ་ལོ་མང་འབད་ཀྱང་དོན་གནད་ཟབ་མོ་ཚུལ་བཞིན་རིག་པ་ཉུང་བའི་ཕྱིར་མི་ཤེས་པ་ཕལ་གྱི་བསམ་ངོར། དམན་པ་འདིས་ཀྱང་ཙོང་ཁ་པ་སོགས་ཆེན་པོ་རྣམས་ཀྱི་གསུང་ལའང་ཀླན་ཀར་བྱེད་དོ་ཞེས་ཁོང་འཁྲུགས་པ་ལས་གནད་བསམ་པ་ཉུང་བའི་ཕྱིར་མང་དུ་མ་སྤྲོས་པ་ཡིན་ནོ། །དེས་ན་བོད་གངས་ཅན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕྲིན་ལས་འགྲན་ཟླ་དང་བྲལ་བ་རྗེ་བཙུན་ཆེན་པོ་ཙོང་ཁ་པའི་གཞུང་གསལ་ཞིང་ལེགས་པར་བཤད་པ་རྣམས་ལ་གུས་ཤིང་བཀའ་
དྲིན་ཆེ་བར་ཤེས་མོད། སྔ་རབས་ཀྱི་དམ་པ་མཆོག་རྣམས་ཀྱི་བཞེད་པ་དང་ཁྱད་པར་ཡོད་པ་རྣམས་ལ། སྔ་རབས་པའི་གཞུང་འཛིན་པ་དག་གིས་རང་ལུགས་གཙིགས་སུ་བྱས་ནས་ལུང་དང་རིགས་པས་དེ་སྒྲུབ་པ་ནི་གྲུབ་མཐའ་སྨྲ་བ་སྤྱིའི་ཚུལ་ལུགས་ཡིན་པས་དེ་འདྲའི་སྨྲ་བ་གང་བྱུང་ལ་གཞན་ཁྲོ་ན་གཞན་གྱི་རང་མཚངས་སུ་གསལ་ཞིང་། སྔ་རབས་པའི་ལུགས་འཛིན་པས་གཞན་བཀག་པ་སོགས་ལ་ཕྱིས་ཀྱི་མཁས་པའི་ལུགས་འཛིན་པ་གཞན་གྱིས་ལུང་རིགས་རྣམ་དག་དང་མཐུན་པའི་བརྒལ་བ་བྱུང་བ་ལ་རང་ཉིད་ཁྲོ་ན་རང་མཚངས་སུ་གནས་པའི་ཕྱིར་རང་དང་གཞན་གྱིས་བརྗོད་པ་རྣམས་ལ་གང་ཞིག་ནི་ཡང་དག་པའི་ལུང་དང་དངོས་སྟོབས་ཀྱི་རིགས་པ་དང་མཐུན་པའོ་ཞེས་རྣམ་པར་དཔྱད་དགོས་ཀྱི་ཕྱོགས་ཞེན་ཁོ་ནའི་དབང་དུ་སོང་བ་ནི་ཚུལ་མ་ཡིན་ནོ། །དེས་ན་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོ་ནས་བློ་གྲོས་གསལ་བར་གྲགས་པ་ཏྲེ་པོ་བྲག་དཀར་སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་ནས་ཟབ་མོ་དབུ་མའི་གནད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ་རང་ལུགས་ཀྱི་རྗེས་བརྗོད་གསལ་པོར་མཛད་པའི་གཞུང་ལེགས་པ་ཞིག་བྲིས་ཏེ་བདག་ལ་བརྒལ་བའི་ཕྱིར་འདིར་འབྱོར་བ་ལ་མི་དགའ་བ་མེད་པར་མ་ཟད་རྨ་བྱས་དབྱར་རྔ་ཐོས་པ་ལྟར་དགའ་བའི་གསོས་སུ་གྱུར་ཏེ་
གང་དག་རང་ཉིད་ཆོས་སྒོ་གང་ལ་ཞུགས་པའི་ལུགས་བཟུང་ནས་དེ་དང་མི་མཐུན་པར་སྨྲ་བ་ལ་བརྒལ་བ་ནི་ཕ་རྗེས་བུ་འཇུག་ཡ་རབས་དམ་པའི་སྲོལ་ཡིན་པས། དུས་ངན་གྱི་རང་རྟགས་རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་རྣམས་ལ་སྨད་ནས་གཞན་ལུགས་རྗེས་བརྗོད་ལ་དགའ་ཡང་། གཞན་གྱི་ལད་མོ་ཇི་བཞིན་རྗེས་སུ་མ་འཁྱོལ་བའི་བླ་བཙོང་ངོ་ཚ་མི་ཤེས་པ་དག་དང་མི་འདྲ་བའི་ཕྱིར་རོ། །དེ་ལྟ་ནའང་གཞན་གྱིས་བརྗོད་པ་ལ་དེ་མ་ཐག་ཏུ་ལན་རྩོམ་པས་ཅི་ཞིག་བྱ་སྙམ་དུ་དབེན་པར་ཅི་མི་སེམས་སུ་གནས་ན་ཡང་། བོད་སྔ་ཕྱིའི་བཞེད་པའི་སྐོར་དེ་དག་ལ་གསལ་ཁ་ཞིག་ཅིས་ཀྱང་དགོས་ཞེས་སྔ་ཕྱིར་དོན་གཉེར་ཅན་དུ་མས་ནན་ཏན་བསྐུལ་བ་དེས་ན་སྤྲོ་བ་དང་བཅས་ཏེ་བརྒལ་བ་དེ་ལ་ལན་གྱི་ཁྱད་པར་ཅུང་ཟད་བརྗོད་འོས་དུས་སུ་བརྗོད་པ་ལས། རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུ་སྨོས་ཅི་དགོས་ཉིད་ལའང་མི་གུས་པ་མེད་མོད་ཀྱི། དབྱུ་གུ་དང་རྔ་སྒྲའམ་སྒྲ་དང་སྒྲ་བརྙན་གྱི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་ལས་བརྒལ་ལན་གྱི་སྨྲ་བ་ཅུང་ཟད་བརྗོད་པ་ལ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་དངོས་སྟོབས་ཀྱི་རིགས་པས་དཔྱད་པ་ལས་ཐུགས་གནོད་པར་མི་མཛད་པར་ཞུའོ། །དེ་ལ་བྲག་སྤྲུལ་གྱི་ཞལ་ནས་འདི་སྐད་དུ། ཤེར་ལེའི་འགྲེལ་པ་ནོར་བུ་ཀེ་ཏ་ཀ་ཞེས་པ་དེར་རྩོམ་པ་པོ་གྲུབ་མཐའ་ལ་
རྒྱུས་ཆུང་བའི་སྐྱོན་གྱིས་ལུང་རིགས་དང་མི་མཐུན་པའི་བཤད་པ་གནད་ཆེ་བ་འགའ་མཆིས་པ་ལ་ཟབ་མོའི་གནད་བཤད་པའི་ཞོར་ལ་དགག་པ་བརྗོད་པར་བྱ་ཞེས་གསུངས་ཤིང་། ཁོང་གི་བཞེད་པའི་ཐོག་མར་དགག་བྱ་ངོས་བཟུང་བ་ལ། རང་སྡེ་དངོས་སྨྲ་བ་རྣམས་ཀྱིས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་དོན་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞིག་བྱུང་ན་དེ་ལ་བདེན་གྲུབ་དང་དེར་འཛིན་པའི་བློ་ལ་བདེན་འཛིན་ལྷན་སྐྱེས་སུ་འདོད་དོ། །ཐལ་འགྱུར་བ་རང་ལུགས་ནི་ཆོས་ཐམས་ཅད་རྟོག་པས་བཏགས་པའམ་དེའི་དབང་གིས་བཞག་པ་ཡིན་ཏེ། རྟོག་པའི་དབང་གིས་འཇིག་རྟེན་རྣམས་བཏགས་ཏེ་ཞེས་སོགས་གསུངས་པ་ལྟར་ལ། རྟོག་པས་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པ་ཞིག་བྱུང་ན་དེ་ལ་བདེན་གྲུབ་དང་དེ་འཛིན་པའི་བློ་ལ་བདེན་འཛིན་ལྷན་སྐྱེས་སུ་བཞེད་དོ། །ཞེས་སོགས་གསུང་། དེ་ལ་ཁོ་བོས་དཔྱད་པར་བྱ་སྟེ། སྤྱིར་དབུ་མའི་སྐབས་སུ་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་ལས་དོན་རང་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པར་གཏན་ལ་འབེབས་པ་ནི་དམ་པ་རྣམས་ཀྱི་དགོངས་པ་རྨ་མེད་པ་ཡིན་ལ། ཙོང་ཁ་པ་ཆེན་པོས་ཀྱང་དེ་ལྟར་གསལ་བར་བཀྲལ་བ་ལེགས་བཤད་མཚུངས་པ་མེད་པ་
ཡིན་མོད་ཀྱང་། ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་འདོད་པ་ནི་ཐལ་རང་གི་མཁས་པ་ཀུན་གྱི་བཞེད་པ་ཐུན་མོང་བ་ཡིན་གྱི་ཐལ་འགྱུར་ཐུན་མོང་མིན་པའི་ལུགས་སུ་འདོད་པ་ནི་ཆེས་ནོར་བ་སྟེ། འདི་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་ཆོས་གང་ཡང་དཔྱད་བཟོད་དུ་མི་གྲུབ་ལ། དེའི་ཕྱིར་རྟོག་པས་བཏགས་པ་ཙམ་ཞིག་ཏུ་གྲུབ་པར་འགྱུར་བའི་ཕྱིར་རོ། །དེ་མ་ཡིན་ཏེ་རང་རྒྱུད་པའི་ལུགས་ལ་ཡུལ་རང་མཚན་གྱིས་གྲུབ་པ་ཁས་ལེན་ལ་ཐལ་འགྱུར་བས་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་ཞལ་གྱིས་མི་བཞེས་པའི་ཁྱད་པར་འདི་ཡོངས་སུ་གྲགས་པའི་ཕྱིར་རོ་སྙམ་ན་དེ་ལྟར་ཡིན་མོད་ཀྱི། རང་རྒྱུད་པས་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་འཆད་པའི་སྐབས་སུ་དོན་དམ་བདེན་སྟོང་ཙམ་ལ་བཞེད་པ་དང་། ཐ་སྙད་ཚད་གྲུབ་བཞེད་པའི་གནད་ཀྱིས་ཁས་ལེན་དང་བཅས་པའི་དབུ་མ་རྗེས་ཀྱི་ངེས་པ་དང་མཐུན་པར་གཏན་ལ་ཕབ་པ་ཡིན་ལ། ཐལ་འགྱུར་བས་རྣམ་གྲངས་མིན་པ་ཁས་ལེན་ཐམས་ཅད་བྲལ་བའི་དབུ་མ་ཆེན་པོ་རྩལ་དུ་བཏོན་ནས་བཤད་པའི་ཚེ་དོན་དམ་དཔྱོད་པ་གཞིར་བཞག་གི་དབང་དུ་བྱས་ཏེ་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་མི་འདོད་པར་ཇི་ལྟར་སྣང་བ་ཐམས་ཅད་སྤྲོས་བྲལ་དམིགས་པ་མེད་པ་མཉམ་གཞག་དམ་པའི་སྤྱོད་ཡུལ་དང་མཐུན་པར་གཏན་ལ་འབེབས་པ་ཡིན་ཏེ། དེའི་ཚུལ་
རྣམས་སྔོན་གྱི་དམ་པ་དག་གི་མན་ངག་བཞིན་དུ་གཞན་དང་གཞན་དུ་ཅུང་ཟད་བཤད་ཟིན་པས་འདིར་རྒྱས་པར་མི་སྤྲོ་ལ། རྣམ་གྲངས་མིན་པ་དང་རྣམ་གྲངས་པའི་དོན་དམ་གཉིས་སུ་འབྱེད་པ་ནི་རང་རྒྱུད་པའི་གཞུང་སོགས་རྒྱ་གཞུང་ཆེན་པོ་རྣམས་སུ་གསལ་ལ། རྣམ་གྲངས་མིན་པ་ཁས་ལེན་ཐམས་ཅད་དང་བྲལ་བའི་དོན་དམ་འཕགས་པའི་མཉམ་གཞག་གི་ཡུལ་དུ་སྣང་ཞིང་། རྣམ་གྲངས་པའི་དོན་དམ་རྗེས་ཀྱི་ངེས་པ་ལ་སྣང་ལ་སྔ་མ་ཡེ་ཤེས་དང་ཕྱི་མ་རྣམ་ཤེས་ཀྱི་སྤྱོད་ཡུལ་ཡིན་ཞིང་དབུ་མ་པ་རྣམས་ཀྱང་རང་རང་གི་བློའི་དབང་གིས་ཉམས་སུ་ལེན་ཚུལ་སྣ་ཚོགས་མཛད་དོ། །དེ་ལྟར་དོན་དམ་བཏགས་པ་བ་དང་མཚན་ཉིད་པ་གཉིས་པོ་དང་མཉམ་རྗེས་སྦྱར་རྒྱུ་འདིར་གོ་བའི་གནད་ཆེན་པོ་ཡོད་ཅིང་འདི་གོ་ན་ལྟ་བའི་འཛིན་སྟངས་ཞིག་མ་ཞིག་གི་གནད་ཀྱང་གོ་ནུས་ལ། ཚུལ་འདི་བཞིན་རྗེ་ཙོང་ཁ་པས་ཀྱང་བཞེད་པ་རེད་མདའ་བར་ཕུལ་བའི་ཤོག་དྲིལ་སོགས་ལས་གསལ་བས་དེར་བལྟ་བར་བྱོས་ཤིག དེ་ཡང་རང་མཚན་གྱིས་གྲུབ་པ་ཞེས་པ་འདིར། རྟོག་གེ་ལ་གྲགས་པ་དོན་བྱེད་ནུས་པ་ལ་རང་གི་མཚན་ཉིད་དུ་བརྗོད་པ་དང་། མངོན་པ་སོགས་ལས་གསུངས་པ་མེའི་ཚ་བ་ལྟ་བུ་མཚོན་བྱའི་མཚན་ཉིད་ལ་རང་མཚན་དུ་གསུང་བ་དང་། དབུ་མ་པས་ཆོས་རང་གི་ངོ་བོའམ་རང་བཞིན་ནམ་མཚན་ཉིད་གང་ཞིག་དོན་དམ་དཔྱོད་པས་དཔྱད་
བཟོད་དུ་གྲུབ་པ་ལ་རང་མཚན་གྱིས་གྲུབ་པ་ཞེས་བརྡ་སྦྱར་ཚུལ་གསུམ་ཡོད་ཀྱང་། གང་གྲུབ་བམ་མ་གྲུབ་དཔྱད་རྒྱུའི་རང་མཚན་ནི་ཆོས་དེའི་ངོ་བོ་ལས་གཞན་དུ་མེད་པས་གནད་མཐུན་ཏེ། རང་རྒྱུད་པས་རང་མཚན་གྱིས་གྲུབ་པར་བཞེད་པ་ཡང་ཐ་སྙད་དུ་ཆོས་དེའི་ངོ་བོ་ལ་བརྡ་སྦྱར་བ་ཙམ་སྟེ། ཐ་སྙད་དུ་བཙོ་སྲེག་གི་དོན་བྱེད་པའི་མེ་དེ་དམར་འབར་བ་དང་ཚ་བའི་མཚན་ཉིད་ཅན་དུ་གྲུབ་པ་དེ་ལ་མཚན་མཚོན་སོགས་ཀྱི་རྣམ་པ་མ་ཕྱེ་བར་ཇི་ལྟར་སྣང་བ་དེའི་ངོ་བོ་ཙམ་གྱི་ཆ་ནས་རང་གི་ངོ་བོ་ཞེས་བྱ་ལ། མཚན་མཚོན་ཕྱེ་ན་མེ་ཞེས་པའི་དོན་ནི་ཚ་ཞིང་སྲེག་པ་ལ་རང་གི་མཚན་ཉིད་ཅེས་བྱ་བ་ལས་འོས་མེད་པས་དེ་དག་གནད་གཅིག་ཏུ་སོང་བ་ལས་དོན་གྱི་སྟེང་ན་ཁྱད་པར་མེད་ཚུལ་འདི་གོ་བ་གལ་ཆེའོ། །དེས་ན་དོན་དམ་པར་རང་མཚན་མ་གྲུབ་ཀྱང་ཐ་སྙད་དུ་གྲུབ་ལ་དེ་གཉིས་གཅིག་གིས་གཅིག་སུན་མི་འབྱིན་པར་བདེན་གཉིས་སོ་སོར་ཕྱེ་སྟེ་གཞི་གཅིག་ལ་ལྡན་པར་སྨྲ་བ་རང་རྒྱུད་པའི་འདོད་པའོ། །གལ་ཏེ་འདི་སྙམ་དུ་རང་མཚན་གྱིས་གྲུབ་པའམ་རང་གི་ངོ་བོས་གྲུབ་པ་དེ་ནི་རྟོག་པས་ཕར་བཏགས་པ་ཙམ་མིན་པར་ཡུལ་རང་གི་ངོ་བོས་གྲུབ་པ་ལ་བརྗོད་ཅིང་དེ་ལྟར་གྲུབ་ན་མཐའ་གཅིག་ཏུ་བདེན་གྲུབ་ཏུ་འགྱུར་རོ་སྙམ་ན། དོན་དམ་དཔྱོད་པས་དཔྱད་པའི་ཚེ་ཡུལ་རང་ངོས་ནས་གྲུབ་པ་རྡུལ་ཙམ་རྙེད་ནའང་དེ་བདེན་གྲུབ་ཏུ་འགྱུར་མོད།
དོན་དམ་དཔྱོད་པའི་ངོར་རང་ངོས་ནས་གྲུབ་པ་ནི་རང་རྒྱུད་པས་ཀྱང་ཁས་མི་ལེན་ལ་ལེན་ན་དབུ་མ་པར་མི་རུང་ཞིང་ཐར་པའི་ལམ་ཡང་དེ་ལ་མེད་པར་འགྱུར་རོ། །ཐ་སྙད་དཔྱོད་པའི་ངོར་ཡུལ་རང་གི་ངོ་བོས་གྲུབ་པར་སྣང་ཡང་དེས་ཡུལ་དེ་བདེན་གྲུབ་ཏུ་ག་ལ་འགྱུར་ཏེ་ཐ་སྙད་ཚད་མས་གྲུབ་པ་འཐད་དགོས་ལ། དེ་ཐ་སྙད་དཔྱོད་བྱེད་ཀྱི་ངོར་ཡང་མ་གྲུབ་ན་གང་དུའང་གྲུབ་པར་མི་འགྱུར་རོ། །དེའི་ཕྱིར་ཆོས་གང་ཡང་རུང་སྟེ་ཇི་ལྟར་སྣང་བའི་ངོ་བོའམ་དེའི་མཚན་ཉིད་དམ་སྡོད་ལུགས་ཐུན་མོང་མིན་པ་མེའི་ཚ་བ་དང་ཆུའི་གཤེར་བ་སོགས་ལྟ་བུ་དེ་དོན་དམ་དཔྱོད་པས་དཔྱད་བཟོད་དུ་གྲུབ་ན་ངོ་བོའམ་རང་མཚན་དོན་དམ་པར་གྲུབ་པར་འགྱུར་ལ། དཔྱད་བཟོད་མེད་ཀྱང་སྣང་བ་བསླུ་མེད་ནི་ཐ་སྙད་དུ་གྲུབ་ཚུལ་ལོ། །དེས་ན་དོན་དམ་དཔྱོད་པ་སྔོན་དུ་སོང་བའི་ལག་རྗེས་ལ་ཆོས་ཐམས་ཅད་རྟོག་པས་ཕར་བཏགས་པ་ཙམ་དུ་འཆར་ཏེ་དབུ་མ་པ་ཡིན་ན་ཆོས་ཐམས་ཅད་བཏགས་ཡོད་ཙམ་དུ་སྨྲ་དགོས་པར་ཡང་ཡང་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འདི་དབུ་མ་པ་ཀུན་གྱི་ཐ་སྙད་ཀྱི་ཆོས་རྣམས་ལ་རྗེས་ཀྱི་ངེས་པའི་སྐྱེ་ཚུལ་ཡིན་གྱི་ཐལ་འགྱུར་བའི་ཐ་སྙད་འཇོག་ཚུལ་ཐུན་མོང་མིན་པ་མ་ཡིན་ཏེ། ཇི་ལྟར་ན་ཐ་སྙད་རྣམས་འཇོག་པའི་ཚེ་དོན་དམ་དཔྱོད་པ་ལ་ལྟོས་མི་དགོས་པར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་
མའི་སྒོ་ནས་འཇོག་པ་ཡིན་ལ། དེ་ལ་བརྟེན་ནས་དོན་དམ་གཟོད་རྟོགས་དགོས་ཏེ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་སོགས་གསུངས་པ་དང་། འཇུག་འགྲེལ་ལས་ཀྱང་། ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཐབས་ཡིན་པའི་ཕྱིར་བདག་དང་གཞན་ལས་སྐྱེ་བ་སོགས་མ་དཔྱད་པར་འཇིག་རྟེན་ལུགས་ཀྱིས་ཁས་ལེན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །བློས་ཕར་བཏགས་ཙམ་གྱིས་གྲུབ་པར་འཇོག་པ་འདི་ནི་དོན་དམ་དཔྱོད་པ་སྔོན་དུ་སོང་བ་ལ་མ་ལྟོས་པར་ནམ་ཡང་གྲུབ་མི་ནུས་ཏེ་ནུས་ན་ཐམས་ཅད་ཡེ་ནས་དབུ་མ་པར་འགྱུར་རོ། །དེའི་ཕྱིར་ན་ཐལ་འགྱུར་པའི་ལུགས་ལའང་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་ལ་ཐ་སྙད་དུ་འདོད་དེ། འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་གསུངས་པ་ལྟར་བློ་གནོད་མེད་ལ་སྣང་བའི་དངོས་པོ་རྣམས་ལ་མ་བརྟགས་མ་དཔྱད་པར་ཇི་ལྟར་སྣང་བ་ལྟར་ཐ་སྙད་བྱེད་པ་སྟེ་འཇིག་རྟེན་རྒན་པོའི་རྗེས་སུ་མཐུན་པར་ཁས་ལེན་གྱི་བརྟགས་ཤིང་དཔྱད་ན་འཇིག་རྟེན་གྲགས་པའི་རྣམ་
གཞག་རྣམས་འཇིག་པར་འགྱུར་ཏེ། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་ཐ་སྙད་ཚད་མས་གྲུབ་ཚུལ་ཡང་མ་དཔྱད་མ་བརྟགས་པའི་འཇིག་རྟེན་གྱི་ངོར་གྲུབ་ཀྱི་བརྟགས་ཤིང་དཔྱད་ན་གྲུབ་པར་མི་འགྱུར་རོ། །དེ་ལྟར་འཇིག་རྟེན་ན་གནོད་མེད་ཀྱི་དབང་པོ་ལ་སྣང་བའི་དབང་གིས་བཞག་པའི་ཐ་སྙད་བྱེད་ཚུལ་དེ་བོར་ནས་རྟོག་པས་ཕར་བཏགས་པ་ཙམ་གྱི་ཚད་གྲུབ་ཁས་ལེན་ན། རྟོག་པས་བཏགས་པ་ཙམ་གྱི་དབང་ཕྱུག་བྱེད་པ་པོ་དང་གཙོ་བོ་དང་རྟག་པའི་སྒྲ་ལ་སོགས་པ་ཡང་གྲུབ་པར་འགྱུར་ཏེ་དེ་དང་བུམ་པ་སོགས་ལ་ཐ་སྙད་དུ་ཡང་ཡུལ་རང་ངོས་ནས་མ་གྲུབ་པ་ལ་ཁྱད་མེད་ཅིང་། རྟོག་པས་ཕར་བཏགས་པ་ལའང་ཁྱད་མེད་པའི་ཕྱིར་རོ། །གཞན་ཡང་རྟོག་པས་ཕར་བཏགས་པ་དེ་ཐ་སྙད་དུ་ཡུལ་གྱི་ངོས་ནས་མེད་པ་ལ་སྒྲོ་བཏགས་པ་འཁྲུལ་བའི་བློ་ཞིག་ཡིན་ནམ་ཡུལ་ལ་ཡོད་པ་ལ་ཡོད་པར་བཏགས་པ་མ་འཁྲུལ་བ་གང་ཡིན། དང་པོ་ལྟར་ན་སངས་རྒྱས་ཀྱིས་ཐ་སྙད་ཀྱི་ཆོས་གང་ཡང་གཟིགས་པར་མི་འགྱུར་ཏེ་དེ་ལ་འཁྲུལ་བས་སྒྲོ་བཏགས་པའི་བློ་མི་མངའ་བའི་ཕྱིར་རོ། །གཉིས་པ་ལྟར་ན་ཐ་སྙད་དུ་བློས་ཕར་བཏགས་པ་ཙམ་མིན་
པར་ཐ་སྙད་དུ་ཆོས་དེ་དག་རང་ངོས་ནས་ཀྱང་ཡོད་པར་འགྱུར་རོ། །གཞན་ཡང་རྟོག་པ་ཞེས་པ་ལ་གསུམ་ལས་འདི་སྐབས་རྟོག་དཔྱོད་ཀྱི་རྟོག་པ་དོན་མེད་ལ། ངོ་བོ་ཉིད་རྟོག་གིས་ཕར་བཏགས་པ་ཡིན་ན་འཇིག་རྟེན་གནོད་མེད་ཀྱི་ཤེས་ངོར་ཀ་བར་སྣང་བ་འདི་མིག་ཤེས་ཀྱིས་ཕར་མ་བཏགས་ན་དེར་ཕྱི་དོན་ཀ་བ་མེད་པའམ། དེས་གདགས་གཞི་མེད་བཞིན་བཏགས་ན་ཀ་བས་དབེན་པའི་ཕྱོགས་སུའང་རབ་རིབ་ལྟར་བློས་ཀ་བ་བཏགས་པས་གདུང་འདེགས་ཀྱི་དོན་བྱེད་པར་འགྱུར་ཞིང་ཐ་སྙད་དུའང་ཕྱི་དོན་མེད་པར་ཡང་འགྱུར་རོ། །དེའི་ཕྱིར་རྟོག་མེད་ཀྱི་ཤེས་པ་ཡུལ་རང་མཚན་མེད་པར་མི་སྐྱེ་བས་དེས་ཕར་བཏགས་པ་མི་སྲིད་ལ་དེ་ལྟར་འདོད་པའང་མེད་མོད། སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཕར་བཏགས་པ་མིང་རྐྱང་བཏགས་ཡོད་ཙམ་ལ་ཟེར་ན། མིག་ཤེས་རྟོག་མེད་ལ་མེ་དམར་འབར་བར་སྣང་བའི་ཚེ་དེའི་སྟེང་ན་ཚ་བ་མེད་པར་འགྱུར་ཏེ་རྟོག་པས་མ་བཏགས་ཀྱི་བར་དུ་ཡུལ་རང་ངོས་ནས་ཚ་བ་ཐ་སྙད་དུ་མེད་པའི་ཕྱིར། དམར་འབར་བ་ཙམ་པོའང་མི་སྣང་བར་འགྱུར་ཏེ་རྟོག་མེད་ལ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མི་སྲིད་པས་ཡུལ་འདོགས་བྱེད་མེད་པའི་ཕྱིར་རོ། །བརྒྱ་ལ་རགས་པ་འཛིན་པའི་རྟོག་པའམ་དེར་ཤེས་པ་ཙམ་གྱིས་རྟོག་པས་བཏགས་པའོ་སྙམ་ན་འདི་ཐ་སྙད་དུ་བུམ་སོགས་ལ་ཕྱི་རོལ་ན་གདགས་
གཞི་མེད་ན་མི་འཐད་པ་གོང་དང་ཁྱད་མེད་དོ། །གལ་ཏེ་འདི་སྙམ་དུ་རྟོག་པས་ཕར་བཏགས་ཡིན་ཡང་རྟོག་པས་བཏགས་ཚད་གྲུབ་མཉམ་དང་མི་གྲུབ་མཉམ་མི་དགོས་སོ་སྙམ་ན། དེ་འདྲའི་ཁྱད་པར་དེ་ཡུལ་ཅན་གནོད་མེད་ཀྱི་དབང་པོའི་དབང་གིས་དང་། ཐ་སྙད་ཤེས་པའི་ངོར་དེའི་ཡུལ་རང་ངོས་ནས་ཡོད་མེད་ཀྱི་ཁྱད་པར་གཉིས་པོ་གང་ལའང་མ་བརྟེན་པར་གང་གྲུབ་ལ་གང་མ་གྲུབ་ཅེས་འཇོག་ཚུལ་ཇི་འདྲ་ཡིན་པ་གསལ་པོར་སྨྲ་དགོས་སོ། །དེས་ན་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་པ་ལ་བརྟེན་ནས་ཐ་སྙད་ཐམས་ཅད་བློས་ཕར་བཏགས་ཙམ་དུ་གྲུབ་ཀྱང་དེ་ཁོ་ནས་ཐ་སྙད་གཞག་པར་མི་བྱ་སྟེ། ཐལ་འགྱུར་བའི་ལུགས་ཀྱི་ཀུན་རྫོབ་འཇོག་ཚུལ་ནི་འཇིག་རྟེན་རྒན་པོ་ལྟར་བྱ་བར་གཞུང་ན་གསལ་ཞིང་ཡོངས་སུ་གྲགས་ལ། ཁྱེད་ཀྱིས་ཀྱང་གྲུབ་མཐས་བློ་མ་བསྒྱུར་བའམ་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་འཇིག་རྟེན་རྒན་པོ་ལྟར་ཐ་སྙད་བྱེད་པར་བཞེད་ན། འཇིག་རྟེན་རྒན་པོ་རྣམས་ཀྱིས་དཔྱད་པ་མ་ཞུགས་པར་བློ་གནོད་མེད་ལ་སྣང་བ་དང་མི་སྣང་བའི་དབང་གིས་བུམ་པ་ཡོད་མེད་ཀྱི་ཐ་སྙད་བྱེད་པ་ལས། རྣམ་པར་དཔྱད་ནས་བློས་ཕར་བཏགས་པ་ཙམ་གྱི་བུམ་པའོ་ཞེས་ཐ་སྙད་བྱེད་པའམ། མ་དཔྱད་ཀྱང་བློས་ཕར་བཏགས་པ་ཙམ་གྱི་ཐ་སྙད་འཇོག་ཤེས་པའི་རྒན་པོ་དེ་སྲིད་
དམ་དཔྱད་པར་མཛོད་ཅིག དེའི་ཕྱིར་ཐ་སྙད་འཇོག་ཚེ་ཐ་སྙད་དུ་ཡང་རྟོག་པས་ཕར་བཏགས་པ་ཙམ་ལས་ཡུལ་རང་ངོས་ནས་མེད་པ་ལ་ཐ་སྙད་ཚད་གྲུབ་བཞག་ཏུ་མེད་དེ། འཇུག་པ་ལས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང་། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་སོ། །དེ་ལྟར་ན་བརྟེན་ནས་འབྱུང་བའི་སྣང་བ་བརྟག་མི་བཟོད་པ་འདི་རང་གཞན་འཇིག་རྟེན་ཐམས་ཅད་ལ་མཐུན་པར་སྣང་བ་ཙམ་ལ་མ་བརྟགས་པར་འཇིག་རྟེན་ཐུན་མོང་དང་མཐུན་པར་འཇུག་པ་ནི་ཐལ་འགྱུར་བའི་ཐ་སྙད་ཐུན་མིན་བྱེད་ཚུལ་ཡིན་ལ། དོན་དམ་པར་དཔྱད་ན་གང་དུའང་མ་གྲུབ་ཀྱང་དེས་འཇིག་རྟེན་གྱི་ངོར་གྲུབ་པ་ཙམ་ནི་ཁེགས་པར་མི་འགྱུར་ཏེ། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད་ཅེས་དང་། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་ཀྱིས་དང་། །ཕྱི་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ། །ཞེས་དང་། ཚིག་གསལ་ལས། འཇིག་རྟེན་པས་ནི་བདག་དང་གཞན་ལས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་དཔྱོད་པ་འཇུག་པ་མེད་པར་བྱས་ནས། རྒྱུ་ལས་འབྲས་བུ་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་རྟོགས་པ་ཡིན་ནོ། །སློབ་དཔོན་ཡང་དེ་ལྟར་རྣམ་པར་བཞག་
པ་མཛད་པ་ཡིན་ཏེ། དེ་ཕྱིར་རྣམ་པ་ཐམས་ཅད་དུ་ཁྱད་པར་དོན་མེད་པ་ཉིད་དོ་ཞེས་བྱ་བར་ངེས་སོ། །ཞེས་སོགས་གསུངས་པ་བཞིན་ནོ། །ཡང་ཁོང་གི་ཞལ་ནས། ཆོས་ཀྱི་བདག་འཛིན་ལ་བརྟེན་ནས་ནི་གང་ཟག་གི་བདག་འཛིན་མ་རིག་པ་ལྷན་སྐྱེས་འབྱུང་སྟེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་ཇི་སྲིད་ཕུང་པོ་བདེན་གྲུབ་ཏུ་འཛིན་པ་དེ་སྲིད་དུ་དེ་ལས་ངར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཉིད་འབྱུང་ལ་འཇིག་ལྟ་མ་ལུས་པ་སྤངས་པ་ལ་ཕུང་པོ་བདེན་འཛིན་ངེས་པར་སྤོང་དགོས་པར་བསྟན་ཏེ། རྐང་པ་ཕྱི་མ་གཉིས་ཀྱིས་ངར་འཛིན་པའི་འཇིག་ལྟ་ཡོད་ན་དེ་ལས་ལས་དབང་གིས་འཁོར་བར་སྐྱེ་བར་བསྟན་པ་ལུང་འདིའི་དོན་འདི་བཞིན་ཟླ་བས་ཀྱང་བཞེད་པས་འཐད་ལྡན་དུ་འཛིན་གྱི་གཞན་དུ་སྤྱོད་ཊཱིཀ་ནོར་བུ་ཀེ་ཏ་ཀར་འབོད་པ་ཉིད་དུ་ལུང་འདི། འཇུག་པ་ལས། བདག་མེད་མཐོང་ཚེ་རྟག་པའི་བདག་སྤངས་ཤིང་། །ཞེས་སོགས་ཚིག་རྐང་བཞིའི་དོན་དང་གཅིག་ཏུ་འཆད་པ་ནི་གཞུང་ཆེན་པོ་ལ་གོམས་འདྲིས་དམན་པའི་རང་མཚང་ངོམས་པའོ། །དེ་ལྟར་ལུང་འདིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའང་དོན་གྱིས་བསྟན་
ཏེ། བདག་འཛིན་གཉིས་པོ་དེ་འཁོར་བའི་རྩ་བ་ཡིན་པ་ལ་ཁྱད་མེད་ཅིང་། དེ་དག་གི་ཞེན་ཡུལ་སུན་མ་ཕྱུངས་པ་དེ་སྲིད་དུ་འཁོར་བ་ལས་ཐར་བར་མི་འགྱུར་ལ། འཁོར་བ་ལས་མ་ཐར་བའི་ཉན་རང་དགྲ་བཅོམ་པ་ནི་སུས་ཀྱང་ཁས་མི་ལེན་པས། ཉན་རང་ལ་བདག་མེད་གཉིས་ཀྱི་དོན་མངོན་སུམ་རྟོགས་པ་ཡོད་པར་ཤིན་ཏུ་གསལ་ལོ། །ཚུལ་དེ་དང་མཐུན་པར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །ཞེས་སོགས་གསུངས་པའི་དོན་བཀྲལ་ཏེ་བཤད་ནས་བརྒལ་བར་རྩོམ་མོ། །དེ་ལ་ཁོ་བོས་ལན་བརྗོད་པར་བྱ་སྟེ། སྤྱི་ཙམ་དུ་ཆོས་ཀྱི་བདག་འཛིན་ལ་བརྟེན་ནས་གང་ཟག་གི་བདག་འཛིན་ལྷན་སྐྱེས་འབྱུང་བ་དང་། འཇིག་ལྟ་ལྷན་སྐྱེས་སྤོང་བ་ལ་ཕུང་པོ་བདེན་འཛིན་སྤང་དགོས་པ་དང་། འཇིག་ལྟ་ལྷན་སྐྱེས་མ་སྤངས་ན་འཁོར་བར་སྐྱེ་བའི་ལས་འགྲུབ་པ་ལུང་དེའི་དོན་ཡིན་ཡང་། ཁྱོད་འདོད་པ་ལྟར་མ་ཡིན་ཏེ་གདགས་གཞི་ཕུང་པོ་ལ་བདེན་པར་བཟུང་བའི་དབང་གིས་ངར་འཛིན་ལྷན་སྐྱེས་འབྱུང་ན་ཡང་ཕུང་པོ་དུ་མ་དང་མི་རྟག་པའི་རང་བཞིན་ཆ་མེད་པའི་བར་དུ་རྟོགས་པའི་ཕུང་པོ་བདེན་མེད་དམ་ཆོས་བདག་མེད་རགས་པ་ཙམ་རྟོགས་པ་དེས་གང་ཟག་གི་བདག་མེད་ཕྲ་བ་རྟོགས་པར་ནུས་ཏེ། རྒྱུ་མཚན་ཆ་མེད་ཙམ་གྱི་ཆོས་དུ་མ་གྲུབ་ཏུ་ཆུག་ཀྱང་དེ་ལ་ངར་འཛིན་པར་མི་བྱེད་དེ་དེ་རྣམས་དུ་མ་དང་མི་རྟག་པར་
མངོན་སུམ་མཐོང་ཚེ་དེ་ལ་བརྟེན་ནས་ང་ཞེས་བློས་བཏགས་པ་ཙམ་ལས་རང་ངོས་ནས་མ་གྲུབ་པར་མངོན་སུམ་མཐོང་སྟེ་གདགས་གཞིའི་ཆོས་དེ་དག་བདག་ཏུ་འཛིན་པའི་དམིགས་རྣམ་དང་མི་མཐུན་པའི་ཕྱིར། དཔེར་ན་ཐག་པ་མེད་པར་མ་ཤེས་ཀྱང་སྤྲུལ་འཛིན་ལྡོག་པ་སྲིད་པ་བཞིན་ནོ། །དེས་ན་ཇི་སྲིད་ཕུང་པོའི་ཚོགས་པ་ལ་རིལ་པོ་གཅིག་པུའི་ངོ་བོར་བདེན་པར་འཛིན་པ་ཡོད་པ་དེ་སྲིད་དུ་གང་ཟག་དེ་ལ་ངར་འཛིན་པ་ཡོད་ཅེས་པའི་དོན་ཏེ། རིན་ཆེན་ཕྲེང་བ་ལས། འདུས་པ་དོན་མེད་ཉིད་ཀྱི་ཕྱིར། །གཟུགས་ཀྱང་དོན་དུ་དོན་མེད་དོ། །ཞེས་སོགས་ཀྱིས་དབང་པོའི་ཡུལ་དུ་སྣང་བའི་ཕུང་པོ་རྣམས་ཆ་བཅས་དང་དེ་ལ་འདུས་པའི་ངོ་བོ་མེད་པར་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པ་བཞིན་ནོ། །དེ་དག་གི་དོན་ཟླ་བའི་ཞབས་ཀྱིས་ཀྱང་རྒྱས་པར་གསུངས་ཏེ་ཕུང་པོ་རགས་པ་བདེན་མེད་དུ་རྟོགས་དགོས་པ་འདི་ཉན་ཐོས་ཀྱི་དབང་དུ་མཛད་པ་ཡིན་པར། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་སོགས་ཀྱིས་གསལ་བ་དང་། མདོ་ལས་ཀྱང་། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཞེས་སོགས་གསུངས་པ་དེ་ཉན་ཐོས་པའི་ལུགས་ཀྱི་ཆོས་བདག་མེད་པ་བསྟན་པ་ཡིན་ནོ་ཞེས་འཇུག་པ་རང་འགྲེལ་དུ་གསུངས་ལ། དེ་ལྟར་གང་ཟག་གི་བདག་དེ་བརྟེན་ནས་འབྱུང་བའམ་བརྟེན་ནས་བཏགས་པ་ཙམ་གྱི་སྟོང་ཉིད་
དེ་ཁོང་དུ་མ་ཆུད་པར་གྲོལ་བ་མི་སྲིད་ཅིང་། གང་ཟག་གི་བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་པ་དེ་བཞིན་དུ་བུམ་སོགས་ཆོས་རྣམས་ཀྱང་རང་རང་གི་ཡན་ལག་ལ་བརྟེན་ནས་བཏགས་པ་ཙམ་ཡིན་ལ། གང་བཏགས་པ་ཙམ་ལས་རང་གི་ངོ་བོས་མ་གྲུབ་པ་དེ་ལ་སྟོང་པ་ཉིད་ཅེས་བྱ་བ་ཁོ་ན་ཡིན་པས། སྤྱིར་སྟོང་ཉིད་མ་རྟོགས་ན་འཁོར་བ་ལས་གྲོལ་བ་མི་སྲིད་པར་ཟླ་བས་བཞེད་ཀྱི་ཆ་མེད་གཉིས་སོགས་ཆོས་ཐམས་ཅད་སྟོང་པར་ཤེས་པའི་ཆོས་བདག་མེད་ཕྲ་མོ་ཡོངས་སུ་རྫོགས་པར་ཉན་རང་དགྲ་བཅོམ་པས་རྟོགས་དགོས་པར་མི་བཞེད་དེ། དེའི་ཚུལ་འོག་ཏུ ་ཡང་འཆད་པར་འགྱུར་རོ། །ཆ་མེད་གཉིས་པོ་བདེན་མེད་དུ་མ་རྟོགས་ན་ཕུང་པོ་རགས་པ་བདེན་མེད་དུ་མི་རྟོགས་ཏེ་དེའི་གདགས་གཞི་བདེན་པར་འཛིན་པས་སོ་སྙམ་ན། ཆ་མེད་ལ་བདེན་འཛིན་མ་དོར་ཀྱང་དེ་བསགས་པ་ལ་རིལ་པོ་གཅིག་ཏུ་དོན་དམ་པར་འཛིན་པའི་ཞེན་པ་ལོག་པ་ན་ངར་འཛིན་གྱི་ཞེན་པའང་ལྡོག་ནུས་ཏེ། ཕུང་པོ་དུ་མ་དང་མི་རྟག་པའི་ཆོས་སུ་ཁོ་ཐག་ཆོད་ཚེ་དུ་མ་དེ་བཞིན་ང་དུ་མར་འཛིན་པ་དང་དེའི་ནང་གི་གང་རུང་གཅིག་དམིགས་ཀྱིས་བཀར་ཏེ་ངར་འཛིན་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་དུ་མ་དང་མི་རྟག་པར་མངོན་སུམ་དུ་རྟོགས་ཀྱང་གང་ཟག་གི་བདག་མེད་མངོན་སུམ་མི་རྟོགས་ན་གཅིག་དུ་བྲལ་གྱི་རིགས་པ་དང་རྣམ་བདུན་ཤིང་རྟའི་རིགས་པ་ཁོ་
ནས་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྩ་བ་དྲུང་ནས་ཕྱུང་བ་མི་སྲིད་པར་འགྱུར་ན་ཡང་རིགས་པ་དེ་དག་གིས་གང་ཟག་གི་བདག་མེད་རྫོགས་པར་གཏན་ལ་འབེབས་ནུས་པར་ཀུན་གྱིས་ཐུན་མོང་དུ་བཞེད་པའི་ཕྱིར་རོ། །དེས་ན་བདག་འཛིན་གང་དང་འཛིན་སྟངས་མི་མཐུན་པ་བདག་མེད་ཀྱི་ངེས་ཤེས་གོམས་པ་མཐར་ཐུག་པ་ན་བདག་མེད་ལ་གསལ་སྣང་སྐྱེ་བས་བདག་འཛིན་དྲུང་ནས་འབྱིན་པ་ཡིན་གྱི་ཆོས་དུ་མ་དམིགས་པ་ཙམ་དང་དེ་ཡང་བཏགས་པ་ཙམ་གྱི་རང་རྒྱུད་ཀྱིས་བསྡུས་པར་སྣང་ཡང་དེས་ལྷན་སྐྱེས་ཀྱི་ངར་འཛིན་མི་སྐྱེད་དོ། །ཅིས་ཀྱང་སྐྱེད་དགོས་ན་བདེན་མེད་དུ་ཤེས་ཀྱང་རང་རྒྱུད་ཀྱི་ཕུང་པོ་ཙམ་གྱི་བློ་ཡོད་པ་ལའང་མི་ལྡོག་པར་མཚུངས་ན་དེ་འདྲའི་བློ་ལྷག་བཅས་དགྲ་བཅོམ་པ་རྣམས་ལའང་མེད་པར་ཁྱེད་ཀྱིས་སྨྲའམ་དཔྱོད་ཅིག དེས་ན་སྟོང་པ་ཉིད་ཀྱི་བྱེ་བྲག་ཏུ་གྱུར་པ་བདག་བརྟེན་ནས་འབྱུང་བའི་དེ་ཉིད་མ་ཤེས་པར་རྟེན་འབྱུང་གི་དོན་སྟོང་པར་བཤད་པའི་ཐེག་ཆེན་ལ་མི་འཐད་པར་སེམས་ན། ཉན་ཐོས་སྡེ་པས་གང་ཟག་གི་བདག་མེད་འདོད་པ་དེ་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པ་ངོ་བོས་སྟོང་པ་མིན་པར་ཕུང་པོ་རྟག་བདག་གིས་སྟོང་པ་ཙམ་ལ་འཆད་དགོས་པས་དེ་ལྟ་ན། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤངས་ཤིང་། །ཞེས་སོགས་ཀྱི་དོན་ལྟར་ངར་འཛིན་ལྷན་སྐྱེས་
ཀྱི་ཞེན་ཡུལ་དྲུང་ནས་འབྱིན་པར་མི་འགྱུར་ཞེས་སྟོན་པ་ཡིན་པས་ལུང་སྔ་ཕྱིའི་དོན་དེ་ལྟར་གཅིག་ཏུ་འཆད་པ་ནི་ཟླ་བའི་དགོངས་པ་རྨ་མེད་པ་ཡིན་ནོ། །དེས་ན་ཕུང་པོ་ལ་བཏགས་ཙམ་གྱི་བདག་དེ་བརྟེན་ནས་འབྱུང་བར་ཤེས་པའི་སྟོང་ཉིད་འདི་ཙམ་ཉན་རང་ལ་ཡོད་པར་བསྒྲུབ་ཅིང་། དེ་མེད་ན་ཕྱི་རོལ་པའི་ཆགས་བྲལ་བཞིན་དུ་འཁོར་བ་ལས་ཀྱང་ཐར་བར་མི་འགྱུར་ཞེས་རྒྱ་ཆེར་བསྒྲུབས་པ་དེ་ཁོ་ན་ལྟར་ཤེས་པར་བྱ་བ་གལ་ཆེ་སྟེ་རེ་ཞིག་ཅུང་ཟད་བརྗོད་པའོ། །ཡང་བྲག་དཀར་སྤྲུལ་པའི་སྐུ་བློ་གྲོས་ཅན་གྱི་ཞལ་ནས། འདིར་དེང་སང་གི་སྤྱོད་ཊཱིཀ་པ་ཁ་ཅིག་ནི། ཉོན་མོངས་མེད་ཀྱང་ཞེས་པའི་སྐབས་སུ་འདིར་ཉོན་མོངས་མངོན་གྱུར་ཙམ་སྤངས་པས་གྲོལ་ན་ཞེས་སྦྱར་བ་མི་འཐད་དེ་ཞེས་སོགས་སྨྲོས་ཏེ་དགག་ཁུལ་བགྱིས་པ་ནི་མུ་ཏོ་པས་རྒྱལ་པོ་ལ་འཐབ་པ་བཞིན་དུ་གནོད་པ་ཡོད་པར་མ་མཐོང་སྟེ། འདིའི་ལས་ཀྱི་ནུས་པ་ཡོད་མེད་ཅེས་པ་ནི་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་ཀྱི་ནུས་པ་ཡོད་མེད་ལ་བྱེད་པའི་ཕྱིར་ཏེ། འདིར་མི་རྟག་སོགས་བསྒོམ་པའི་ལམ་ཙམ་གྱིས་འཁོར་བ་ལས་གྲོལ་མི་གྲོལ་རྩོད་པའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་འདིར་དོན་ལ་མི་གནས་པའི་དགྲ་བཅོམ་མཽ་གལ་གྱི་བུ་ལྟ་བུ་དང་བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་སོགས་ལ་སྦྱར་ནས་གྲོལ་བ་གཏན་དུ་བ་
ཡིན་མིན་རྩོད་པ་སོགས་རང་གིས་རང་ལ་ངལ་བ་མི་དགོས་སོ། །ཕ་རོལ་པོས་མི་རྟག་སོགས་རྟོགས་པའི་ལམ་ཙམ་གྱིས་གྲོལ་བར་འདོད་པའི་འདོད་པ་རྟགས་སུ་བཀོད་དེ། ཉོན་མོངས་མངོན་གྱུར་ཙམ་སྤངས་པས་གྲོལ་བར་མི་འདོད་པར་ཐལ་བ་འཕངས་པ་ལ། ཕ་རོལ་པོས་མངོན་གྱུར་ཙམ་སྤངས་པས་གྲོལ་བར་མི་འདོད་པས་འབྲེལ་མེད་ཀྱི་ཐལ་བ་ཞེས་རང་གིས་ཐལ་འགྱུར་གྱི་འགྲོ་ཚུལ་ཟུར་ཙམ་ཡང་མི་ཤེས་པའི་ནང་ཆ་ཤིན་ཏུ་གསལ་པོ་དེ་འདྲ་མི་མཛད་པར་ཞུ། རྒྱ་འགྲེལ་ཡིན་ཡང་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་ལས་ལོགས་སུ་གྱུར་ན་བླང་བྱའི་གནས་མ་ཡིན་ཏེ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་པའི་ཕྱིར་རོ། །ཞེས་སོགས་གཟེངས་བསྟོད་དེ་རྒོལ་བར་བྱེད་དོ། །དེའི་ལན་ཅུང་ཟད་ཅིག་ཞུ་ན་སྙན་གསོན་ཅིག ཉོན་མོངས་སྤངས་པས་གྲོལ་ན་ཞེས་པའི་ཐད་འདིར་ཁྱེད་ཀྱི་འཆད་ཚུལ་དེར་སྤྱོད་འཇུག་གཞུང་ཚིག་གི་བབ་དང་མི་འགྲིགས་ཚུལ་མཚོན་ཙམ་ལས་མ་སྨྲས་ཀྱང་། ད་ལན་ཅུང་ཟད་སྤྲོས་ན་སྐབས་འདིར་འཁོར་བ་ལས་གྲོལ་མི་གྲོལ་དཔྱད་པའི་སྐབས་ཡིན་ཡང་དེ་དག་གོང་དུ། གང་ཕྱིར་ལུང་ལས་སོགས་ཀྱིས་བཤད་ལ། འཁོར་བ་ལས་གྲོལ་ཀྱང་མཐར་ཐུག་གི་གྲོལ་བ་མིན་པའི་ཚུལ་འཆད་པར་བཞེད་ནས་ཉོན་མོངས་སྤངས་པས་གྲོལ་ན་ཞེས་སོགས་བཀོད་པ་སྟེ། སྤྱིར་སྟོང་ཉིད་
མ་རྟོགས་པར་འཁོར་བ་ལས་གྲོལ་བ་ཡོད་མེད་དང་འཁོར་བ་ལས་གྲོལ་བ་དེ་ཙམ་གྲོལ་བ་མཐར་ཐུག་ཡིན་མིན་ཀྱང་དཔྱད་པ་སྐབས་སུ་ཆེས་བབ་པ་ཡིན་ལ། ཅིས་ཀྱང་སྐབས་སུ་མ་བབ་པའི་དོན་མེད་ཀྱི་ངག་ཞིག་ཡིན་ན། གཞུང་འདིར་སྐབས་འདིའི་མཇུག་ཐོག་དེ་མ་ཐག་ཏུ་ཡང་། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། །ཅེས་སྟོང་པ་ཉིད་རྟོགས་པའི་ཤེས་རབ་རྣམ་གྲོལ་མཐར་ཐུག་པའི་ལམ་དུ་གསུངས་པའང་དོན་ལ་མི་གནས་པ་ཡིན་ནམ་དཔྱད་པར་ཞུ། ཁྱེད་ཀྱི་འདོད་པའང་གལ་ཆེ་བ་ལོས་ཡིན་ཏེ། དེ་བས་ཤིང་རྟ་ཆེན་པོའི་གཞུང་ཉམས་པར་ཕངས་པས་འགའ་ཞིག་ནི་ཁྱེད་ཁོ་ནའི་རྗེས་སུ་སྨྲ་བར་མི་བྱེད་ཀྱང་ཁྲོ་བར་མི་མཛད་པར་ཞུ། རྒྱ་འགྲེལ་ཡིན་པ་ཙམ་གྱིས་ཚད་མར་འཛིན་དགོས་པ་ཡིན་པའི་ངེས་པ་མེད་མོད་ཀྱང་། ཤེར་འབྱུང་ལ་སོགས་རྒྱ་གར་གྱི་པཎ་ཆེན་ཡོངས་གྲགས་དུ་མའི་གཞུང་ཞལ་འཆམ་ཚེ་ཞི་བ་ལྷ་ནས་བརྒྱུད་པའི་བཤད་རྒྱུན་མ་ཉམས་པའང་དེ་རྣམས་ལ་ཡོད་དགོས་ཤིང་རྣམ་དཔྱོད་ཀྱང་བོད་ཕལ་ལས་མི་དམན་ཙམ་བཞུགས་ཚོད་འདྲ་བས་བོད་ཀྱིས་ཇི་བདེར་འཆད་པ་ལས་དམན་དགོས་པ་མིན་པ་འདྲ་སྙམ་ཞིང་ལུགས་དེར་རིགས་པས་གནོད་པ་ཡོད་མེད་ནི་དཔྱད་པར་བྱ་བཞིན་པ་ལགས་སོ། །དེ་ལ་ཉོན་
མོངས་སྤངས་པས་གྲོལ་ན་ཞེས་པ་འདིར། སྟོང་ཉིད་རྟོགས་མི་དགོས་ཏེ་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་གོམས་པས་ཉོན་མོངས་ཟད་པར་སྤངས་པས་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ་ཞེ་ན། ཉོན་མོངས་མངོན་གྱུར་ཙམ་རེ་ཤིག་སྤངས་པའི་གང་ཟག་དེའི། མངོན་གྱུར་སྤངས་པ་དེ་མ་ཐག་ཏུ་དགྲ་བཅོམ་པ་དེར་འགྱུར་བར་ཐལ། མི་རྟག་སོགས་བཅུ་དྲུག་གི་ལམ་གོམས་པས་ཉོན་མོངས་ཟད་ནས་དགྲ་བཅོམ་ཐོབ་པའི་ཕྱིར་ཞེས་སྦྱར་བ་འདི་ལ་དཔྱད་ན། མངོན་གྱུར་ཞེས་པའི་ཁྱད་པར་དེ་གཏན་ནས་མ་སྦྱར་ན་ནི་སྐབས་ཀྱི་ཞེ་འདོད་ལ་འབྲེལ་མེད་ཀྱི་ངག་ཏུ་འགྱུར་ཏེ། སྤྱིར་ཉོན་མོངས་སྤངས་པས་གྲོལ་ན་དེའི་དེ་མ་ཐག་ཏུ་གྲོལ་བར་འགྱུར་རིགས་ལ། དེ་ལྷག་བཅས་དགྲ་བཅོམ་ལ་སྦྱར་ནས་འཆད་ཚུལ་ལྟར་མི་བྱེད་ན་དེ་ལྟར་སྨྲས་པས་ཕྱིར་རྒོལ་ལ་ཐལ་བ་ཅི་ཡང་མི་འཇུག་གོ། །དེས་ན་མངོན་གྱུར་ཙམ་ཞེས་པའི་ཁྱད་པར་འདི་གཞུང་གི་ཚིག་ཟིན་ལ་མེད་ཀྱང་དོན་གྱིས་གོ་བའི་དབང་དུ་བྱས་ནས་དེ་མ་ཐག་པའི་མགོར་སྦྱར་བ་ལྟར་ན། ཚིག་ཟིན་ལ་ཉོན་མོངས་ཟད་པར་སྤངས་པས་གྲོལ་བར་འདོད་ན་ཉོན་མོངས་མངོན་གྱུར་སྤངས་པའི་དེ་མ་ཐག་ཏུ་གྲོལ་བར་འགྱུར་རོ་ཞེས་སྨྲས་ཚེ། ཟད་པར་སྤངས་པས་གྲོལ་བར་ཁས་ལེན་པ་ལ་མངོན་གྱུར་སྤངས་པས་གྲོལ་བར་ཐལ་ཞེས་ཟེར་བ་ནི་སྤྱོད་འཇུག་གཞུང་གི་ཚིག་ལ་དངོས་
འགལ་འབྲེལ་མེད་ཀྱི་སྐྱོན་ཡོད་པར་བསྟན་པས་འགྲེལ་ཚུལ་ལེགས་སམ་དཔྱོད་ཅིག །གལ་ཏེ་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་གྱིས་གྲོལ་བར་འདོད་པའི་ཁས་ལེན་རྟགས་སུ་འགོད་ཀྱི། ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་རྟགས་སུ་མི་བྱེད་དེ་སྙམ་ན། མི་རྟག་སོགས་གོམས་པའི་ལམ་གྱིས་གྲོལ་ན་ཉོན་མོངས་མངོན་གྱུར་ཙམ་སྤངས་དུས་ནས་གྲོལ་བར་ཐལ་ཞེས་ཞེ་འདོད་ལ་ཡོད་བཞིན་དེ་འདྲའི་རྟགས་དང་ཁྱབ་པ་དངོས་ཤུགས་གང་དུའང་མི་སྟོན་པར་ཉོན་མོངས་སྤངས་པས་གྲོལ་ན་ཞེས་སོགས་འབྲེལ་མེད་ཀྱི་ཐལ་བ་བརྗོད་པ་ནི་རྩོམ་པ་པོ་ཚིག་བརྗོད་ཚུལ་ལ་མི་མཁས་པར་འགྱུར་ན་དེ་འདྲའི་བརྗོད་པ་ངན་པ་ཞི་བ་ལྷ་ལྟ་བུ་ལ་ག་ལ་མངའ། གོང་དུ་བདེན་པ་མཐོང་བས་ཞེས་སོགས་ཀྱི་སྐབས་བཞིན་བདེན་བཞི་བཅུ་དྲུག་རྟོགས་པས་གྲོལ་བར་འདོད་པའི་ཁས་ལེན་དེ་འདིར་ཡང་དོན་གྱིས་རྟགས་སུ་གོའོ་སྙམ་ན། མི་གོ་སྟེ་སྐབས་འདིར་ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་འདི་དེ་མ་ཐག་ཏུ་དེར་འགྱུར་རོ་ཞེས་པའི་རྒྱུ་མཚན་དུ་དངོས་སུ་བཀོད་པ་བོར་ནས་དོན་གཞན་ལ་སྙེགས་པར་མི་རིགས་ཏེ་ཚིག་གི་འབྲེལ་མི་འགྲིགས་པའི་ཕྱིར་རོ། །གལ་ཏེ་ཚིག་གི་སྟེང་ནས་དེ་འདྲའི་དཔྱད་པ་ཞིབ་མོར་བྱེད་པ་བོར་ནས་རགས་པ་ཙམ་དུ་རྟགས་ཆོས་དོན་གསུམ་དེ་ལྟར་བསྒྲིགས་ན་ཡང་། ཕྱིར་རྒོལ་གྱི་ངོར་སྐབས་འདིར་མི་རྟག་
སོགས་བཅུ་དྲུག་གོམས་པའི་ལམ་གྱིས་གྲོལ་ན། ཉོན་མོངས་མངོན་གྱུར་ཙམ་སྤངས་པའི་དེ་མ་ཐག་ཏུ་གྲོལ་བར་ཐལ་ཞེས་བརྗོད་པ་དེའི་ཁྱབ་པ་ཚད་མ་དང་ཁས་བླངས་གང་གིས་ཀྱང་མ་གྲུབ་པས་ན་ཁྱབ་མེད་ཀྱི་ལན་འདེབས་རིགས་ཀྱི། མི་འདོད་པར་ཐལ་བ་འཕེན་པ་ལ་འདོད་ལན་འདེབས་མཁན་སུ་ཡང་མི་སྲིད་བཞིན་དུ་འདིར་ཕྱིར་རྒོལ་གྱིས་འདོད་ལན་བཏབ་པའི་དབང་དུ་མཛད་དེ། འདོད་མི་ནུས་ཏེ། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་འགོད་པ་འདི་འཐད་དམ་ལེགས་པར་དཔྱོད་ཅིག །དེ་ལྟར་མངོན་གྱུར་ཙམ་སྤངས་པས་གྲོལ་བར་ཐལ་ཞེས་འཕངས་པ་ལ། མངོན་གྱུར་ཙམ་སྤངས་པས་མི་གྲོལ་བ་ཕྱིར་རྒོལ་བས་ཀྱང་འདོད་བཞིན་དུ་མངོན་གྱུར་ཙམ་སྤངས་དུས་ནས་གྲོལ་བ་ལ་འདོད་ལན་བཏབ་ནས། དེ་འདྲའི་མངོན་གྱུར་སྤངས་པའི་སྤོང་བ་པོ་དེ་ལ་ཡང་སྲིད་འཕེན་བྱེད་ཀྱི་སྲེད་པ་ངེས་པར་མེད་ཅེས་སྨྲ་བའི་ཕྱིར་རྒོལ་བླུན་པོ་དེ་འདྲ་ལ་ཞི་བ་ལྷས་དགག་པ་མཛད་པར་མི་འོས་སོ། །དེ་མིན་ཏེ་ཕྱིར་རྒོལ་བས་མི་རྟག་སོགས་བཅུ་དྲུག་གི་ལམ་གྱིས་གྲོལ་བར་འདོད་ལན་བཏབ་པའོ་སྙམ་ན། རྩ་བའི་དམ་བཅའ་དེ་མ་ཐག་ཏུ་ཞེས་པ་དེ་མངོན་གྱུར་སྤངས་པ་ལ་མི་སྙོགས་ན་ཇི་ལྟར་སྦྱར་དཔྱད་པར་མཛོད་ཅིག །ཉིད་ཀྱི་ཞལ་ནས་ཐལ་འགྱུར་གྱི་འགྲོ་ཚུལ་ཟུར་ཙམ་
ཡང་མ་ཤེས་སོ་ཞེས་པའི་སྐྱོན་བརྗོད་འདི་མཐར་སུ་ལ་འཁོར་ཡོད་གངས་ཅན་པའི་བློ་གསལ་བརྒྱུད་མར་བྱུང་བ་རྣམས་ཀྱིས་གཟུ་བོའི་བློས་དཔྱད་པར་མཛོད་ཅིག །འདི་སྐོར་ཚིག་གི་སྟེང་ནས་ཞིབ་ཆ་བྱས་ན་ཤིན་ཏུ་མང་པོ་སྨྲ་རྒྱུ་ཡོད་ཀྱང་དེང་སང་ནི་ཐམས་ཅད་ཚིག་ལ་འཆེལ་ཡང་ཚིག་ནུས་ཕྲ་མོ་མྱང་ནུས་པའི་བློ་གྲོས་ཅན་དཀོན་པའི་ཕྱིར་དང་ཡི་གེ་མང་དོགས་ནས་མ་བྲིས་སོ། །སྤྱིར་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་འདི་ཁོ་ན་ལ་ཐར་པ་མེད་ཅེས་སྒྲུབ་ན། མདོ་ལས། འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །ཞེས་སོགས་ལུང་ཚད་མེད་པ་དང་ཚད་མ་གྲུབ་པ་ལས་ཇི་ལྟར་བསྒྲུབས་པའི་རིགས་པ་སོགས་ལ་འགལ་ཞིང་། ཐལ་འགྱུར་བ་ཁོ་ན་མ་གཏོགས་པའི་གྲུབ་མཐའ་གཞན་གྱི་རང་ལམ་ལ་ཐར་པའི་ལམ་མེད་ཅེས་སྐུར་པ་བཏབ་ན། དུས་གསུམ་གྱི་འཕགས་པ་རྣམས་ཀྱི་ལམ་ལ་སྐུར་བ་བཏབ་པའི་ཕྱིར་བྱང་སེམས་ཀྱི་རྩ་བའི་ལྟུང་བ་སོགས་འབྱུང་བ་ལས་འོས་མ་མཆིས་པས། གང་ཟག་གི་བདག་མེད་ཕྲ་མོ་ཡོངས་སུ་རྫོགས་པའི་བདེན་བཞིའི་ལམ་གྱིས་གྲོལ་བ་ཡོད་ཀྱི། ཉན་ཐོས་པའི་གྲུབ་མཐའ་སྨྲ་བ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་བདག་བརྟེན་ནས་བཏགས་པའི་སྟོང་ཉིད་དུ་མ་ཤེས་པར་རགས་པའི་བདག་མེད་གཙོར་གྱུར་བདེན་བཞི་བཅུ་དྲུག་རྟོགས་
པའི་ལམ་དེས་མི་གྲོལ་ཞེས་ཁྱད་འབྱེད་པ་གལ་ཆེའོ། །དེ་ལྟར་མངོན་གྱུར་ཙམ་ཞེས་པའི་ཁྱད་པར་འདི་དེ་མ་ཐག་ཏུ་ཞེས་པའི་དམ་བཅའ་ཁོ་ནར་སྦྱར་ཀྱང་དེ་མ་ཐག་ཏུ་ཞེས་པའི་སྙོགས་ས་གོང་གི་ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་དེ་ལས་འོས་མེད་པས་དེ་ལའང་མངོན་གྱུར་ཙམ་སྤངས་པས་གྲོལ་ན་ཞེས་པར་དོན་གྱིས་གོ་དགོས་ཏེ། དེ་ལ་མངོན་གྱུར་ཙམ་སྤངས་པས་ཞེས་མ་གོ་ན་དེ་མ་ཐག་ཏུ་ཞེས་པར་ཡང་མངོན་གྱུར་གྱི་ཁྱད་པར་སྦྱར་མི་རུང་སྟེ་ཉོན་མོངས་པ་སྤངས་པའི་དེ་མ་ཐག་ཏུ་གྲོལ་བར་ཞེས་སུ་འགྱུར་རོ། །དེས་ན་ཟིན་བྲིས་ལས་ཀྱང་། དེའི་ཕྱིར་ལམ་དེས་ཉན་ཐོས་སྡེ་པ་གཉིས་དང་ཐུན་མོང་བའི་ཉོན་མོངས་སུ་བཞག་པ་རྣམས་སྔར་བཤད་པ་ལྟར་གྱི་ལམ་རྒྱུད་ལ་བསྐྱེད་པས་རེ་ཞིག་མངོན་གྱུར་དུ་རྒྱུ་བ་མེད་པའི་ཚེ་ཉོན་མོངས་ཟད་པས་གྲོལ་བ་ཐོབ་པར་འཇོག་ན། ཉོན་མོངས་མངོན་གྱུར་ཙམ་རེ་ཞིག་སྤངས་པ་དེའི་དེ་མ་ཐག་ཏུ་ཟག་པ་ཐམས་ཅད་ཟད་པའི་གྲོལ་བ་ཐོབ་པར་འགྱུར་རོ་ཞེས་འགོག་པ་ལ་དགོངས་པ་ཡིན་ནོ་ཞེས་བཤད་དགོས་སོ་ཞེས་གསུངས་སོ། །མདོར་ན་མངོན་གྱུར་ཙམ་ཞེས་པའི་ཁྱད་པར་དེ་ཉོན་མོངས་སྤངས་པས་ཞེས་པ་ལ་སྦྱར་ནས་ཁས་བླངས་ཀྱི་རྟགས་བྱས་ནའང་མི་བདེ་ལ། དམ་བཅའ་ཁོ་ནར་སྦྱར་ན་ཡང་མི་བདེ་བས་ཚིག་འབྲེལ་འགྲིགས་དཀའ་ཞིང་ཞིབ་ཏུ་བསམ་ཤེས་ན་ཤིན་ཏུ་མི་བདེ་བ་
ཤེས་པར་འགྱུར་རོ། །དེ་བས་ཅི་དགར་སྦྱར་རུང་ན། རྟག་གཅིག་རང་དབང་ཅན་གྱི་བདག་འཛིན་གྱིས་དྲངས་པའི་ཉོན་མོངས་སྤངས་པས་གྲོལ་བར་འགྱུར་ན་དེ་འདྲའི་བདག་འཛིན་སྤངས་པ་དེའི་དེ་མ་ཐག་ཏུ་གྲོལ་བར་ཐལ་ཞེས་དང་། འདོད་མི་ནུས་ཏེ་དེ་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་ཡོད་པའི་ཕྱིར། དེ་ཡོད་དེ་དེ་འདྲའི་གང་ཟག་གི་རྒྱུད་ཀྱི་སྲེད་པ་འདི་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་ཉོན་མོངས་ཅན་མིན་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་དང་། བདག་འཛིན་ལྷན་སྐྱེས་དང་བཅས་པའི་ཚོར་བ་མངོན་གྱུར་པ་ཡོད་པའི་ཕྱིར་ལྟ་བུ་སྦྱར་ན་ཅུང་ཟད་དེ་བདེ་ཡང་གཞུང་རྙོགས་པའི་རྣམ་དཔྱོད་ལ་དགོས་པ་དང་ཡ་མཚན་ཅི་ཡང་མི་འདུག་པས་མ་སྤྲོས་སོ། །དོན་བསྡུས་ན་མི་རྟག་སོགས་བཅུ་དྲུག་གོམས་པའི་ལམ་གྱིས་མི་གྲོལ་བར་སྒྲུབ་འདོད་ན་དེས་མི་གྲོལ་བའི་རྒྱུ་མཚན་དེ་ཐོག་མ་ནས་བརྗོད་རིགས་ཀྱི། ཁར་འགྲོ་བ་ལ་ལྟག་པ་བསྐོར་བའི་དཔེ་ལྟར་འབྲེལ་མེད་གཞན་བརྗོད་ནས་རང་གིས་རང་ལ་ངལ་བ་སྒྲུབ་པ་འདི་འདྲ་བྱེད་མི་དགོས་སོ། །ཡང་བྲག་སྤྲུལ་ཞལ་ནས། སྲེད་འདི་ཞེས་པའི་སྐབས་སུ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་
པའི་སྲེད་པ་མངོན་གྱུར་པ་རེ་ཞིག་སྤངས་ཀྱང་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་སྦྱར་བ་མི་འཐད་དེ། སྤྱིར་ན་སྐྱེས་བུ་གཅིག་གི་རྒྱུད་ལ་དུས་མཉམ་པའི་བདག་འཛིན་དུ་མས་དྲངས་པའི་སྲེད་པ་དུ་མ་ཡོད་པ་འགལ་ཞེས་སོགས་སྨྲས་ཏེ་དགག་ཁུལ་བགྱིས་ཀྱང་། ཕ་རོལ་པོས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་པ་རེ་ཞིག་སྤངས་པ་ན་སྲིད་པ་ཉེར་ལེན་གྱི་རྐྱེན་སྲེད་པ་སྤངས་ཞེས་འདོད་པ་ལ། ད་དུང་དེ་ཙམ་གྱིས་སྲིད་པ་ཉེ་བར་ལེན་བྱེད་ཀྱི་རྐྱེན་སྲེད་པ་མི་ལྡོག་སྟེ། ཁྱོད་ཀྱིས་འདོད་པའི་གང་ཟག་དེའི་རྒྱུད་ཀྱི་སྲེད་པ་འདི་མངོན་པ་ནས་བཤད་པའི་སྲེད་པ་ཉོན་མོངས་ཅན་མིན་ཡང་། ཤེར་མདོ་ནས་བཤད་པའི་གང་ཟག་རང་ངོས་ནས་གྲུབ་པར་འཛིན་པའི་འཇིག་ལྟ་མ་རིག་པ་ནི་དེ་དག་གིས་མངོན་གྱུར་ཙམ་ཡང་སྤངས་མ་ནུས་ལ། དེས་ན་འཇིག་ལྟ་དེ་དག་གིས་དྲངས་པའི་སྲེད་པ་ཉོན་མོངས་ཅན་ཞིག་ནི་ཅི་སྟེ་མེད་ཅེས་རྩོད་པ་སྔ་མའི་རྗེས་འབྲེལ་དུ་མཐར་གྱིས་རྩོད་པ་ནི་དོན་གྱི་མཁས་པའི་སྲོལ་ལོ། །དེས་ན་སྐྱེས་བུ་གཅིག་གི་རྒྱུད་ལ་དུས་མཉམ་པའི་བདག་འཛིན་དུ་མས་དྲངས་པའི་སྲེད་པ་དུ་མ་ཡོད་པར་འགལ་བ་དང་། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྲེད་པ་
ལ་ཉོན་མོངས་ཅན་མིན་པ་ཡོད་པའི་ཞལ་བཞེས་མི་འདུག་ཅིང་། ཕ་རོལ་པོས་འདོད་པའི་གང་ཟག་དེའི་རྒྱུད་ལ་ཕ་རོལ་པོས་འཇིག་ལྟས་དྲངས་པའི་སྲེད་པ་ཡོད་པར་འདོད་ན་ཅི་སྟེ་མེད་ཅེས་ཆེད་དུ་སྨྲ་བར་མི་འགྱུར་ཞིང་། ཀུན་རྨོངས་ཞེས་པའི་ཚིག་གིས་སྲེད་པ་ཉོན་མོངས་ཅན་ཞིག་ནི་སྟོན་བྱས་ན་འོས་ཡིན་ཏེ་རྩོད་པ་སྔ་མའི་འགྲོས་ཀྱིས་ཤེས་པ་དེའི་ཕྱིར་མཁས་པ་ཆེན་པོའི་གསུང་དོན་འོལ་སྤྱི་ཙམ་ཡང་མ་གོ་བར་དོན་མེད་ཀྱི་ཅ་ཅོ་སྒྲོག་པ་འདི་དག་ནི་འབེན་རྩད་མ་ཆོད་པར་མདའ་འཕེན་པ་བཞིན་དུ་མཁས་པས་མཐོང་ན་བཞད་གད་ཀྱི་གནས་སོ། །དེ་ལྟར་ཁྱོད་ཀྱི་འདོད་པ་ཕལ་ཆེར་ལོག་རྟོག་ཤ་སྟག་ཏུ་འདུག་པས་རེ་རེ་ནས་དགག་པ་བགྱིད་དུ་མི་ལོངས་ཀྱང་སྐབས་སུ་གནས་པ་འགའ་ཞིག་ལུང་རིགས་བྱུང་དུས་དགག་པར་བྱ་ལ། ཞེས་བརྗོད་པར་བྱེད་དོ། །དེ་ལ་ཁོ་བོས་ཀྱང་ལན་ཅུང་ཟད་ཙམ་བརྗོད་པར་བྱ་སྟེ། སྤྱོད་འཇུག་གཞུང་གི་དངོས་བསྟན་གྱི་ཚིག་འདི་ལ། ཉོན་མོངས་ཅན་མིན་པའི་སྲེད་པ་ཡོད་པ་དམ་བཅའ། ཚོར་བ་སྒྲུབ་བྱེད། ཀུན་རྨོངས་དཔེར་བྱས་པར་ཟད་ལ། དེར་སྲེད་པ་ལ་རྒྱུ་བདག་འཛིན་གཉིས་པོས་དྲངས་པའི་ཁྱད་པར་དང་ཚོར་བ་ལ་བདེན་འཛིན་ནམ་རང་མཚན་གྱིས་གྲུབ་པར་འཛིན་པའི་ཁྱད་པར་སྦྱར་དགོས་པ་འདི་གཞུང་རྩོམ་པ་པོའི་དགོངས་པ་ཡིན་ན་དངོས་སུ་གསལ་བར་སྦྱར་རིགས་
ཤིང་། ཚིག་ཀྱང་འདི་ལྟར་རྩོམ་པར་མི་རིགས་ཏེ་ཞེ་འདོད་ལ་ཡོད་པ་ཁ་ནས་མ་འཁྱོལ་བ་ལྟ་བུ་དང་། རིགས་པའི་གནད་སྟོར་ནས་དོན་མེད་རྒྱང་སྐོར་གྱི་ངག་རང་གིས་རང་ལ་ངལ་བ་སྐྱེད་པ་དེ་འདྲ་བདག་ཉིད་ཆེན་པོ་ཞི་བ་ལྷ་ལྟ་བུ་ལ་ཅུང་ཟད་ཀྱང་མི་མངའ་སྟེ། སྤྱིར་མཁས་པ་ཆེན་པོ་རྣམས་ཀྱི་གསུང་གི་དོན་འོལ་སྤྱི་ཙམ་རྟོགས་ན་ཡང་། རིགས་པ་རྣོ་ལ་ཆོད་ཆེ་བ་བརྟག་བདེ་བ་ཡང་དག་པར་གྲུབ་པས་ཡིད་དགའ་བ་སྐྱེད་པ་ཞིག་ཡིན་གྱི་ནག་ནོག་དབྱེ་བསལ་དཀའ་བ་ཅན་མིན་པར་ངེས་ནུས་སོ། །དེ་ཡང་གོང་གི་རྩོད་པའི་འགྲོས་ན་འདིར་ཁྱད་པར་སྦྱར་རྒྱུ་དེ་རྣམས་གསལ་བར་སྟོན་པའི་ནུས་པ་གང་ཡང་མི་སྣང་སྟེ། གོང་གི་རྩོད་པ་དེ་དག་གི་རིགས་པའི་གནད་ཚིག་འདི་ལ་མར་གཏུགས་ནས་ཤེས་དགོས་ཤིང་འདིས་ཀྱང་གོང་རྣམས་ཤེས་དགོས་ན་འདི་རང་ལའང་ཁྱད་པར་དེ་རྣམས་དངོས་སུ་མེད་པར་མ་ཟད་བརྗོད་ཚུལ་གྱི་དབང་གིས་ཁྱེད་ཀྱི་འཆད་ཚུལ་དེ་དང་འདིར་ཡང་མི་འགྲིགས་པར་མཐོང་ངོ་། །ཇི་ལྟར་ན་སྲེད་འདི་ཞེས་པ་དེ་རེ་ཞིག་ཉེར་ལེན་སྲེད་པ་ནི་མེད་ཅེས་གོང་ན་བཤད་མ་ཐག་པ་དེ་ལ་ལན་དུ་བསྟན་པ་ཡིན་པས་ན། ཁྱེད་ཀྱི་བཞེད་པ་ལྟར་ཡིན་ན་ཞི་བ་ལྷའི་རང་ལུགས་ལ་ཉོན་མོངས་ཅན་མིན་ཡང་ཞེས་བརྗོད་པ་དོན་མེད་དེ། ཕ་རོལ་གྱིས་གྲོལ་བར་འདོད་པའི་གང་ཟག་དེ་འདྲའི་
རྒྱུད་ལ་ཡང་སྲིད་ཉེར་ལེན་གྱི་སྲེད་པ་ཡོད་དེ་གང་ཟག་རང་མཚན་གྱིས་གྲུབ་པར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་མ་སྤངས་པས་དེས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་གསུངས་རིགས་པ་ལ། དེ་ལྟར་མ་གསུངས་པར་ཕྱིར་རྒོལ་བས་ཡང་སྲིད་ཉེར་ལེན་གྱི་སྲེད་པ་མེད་པར་ངེས་ཞེས་སྨྲས་པ་ལ་སྲིད་པ་ཉེ་བར་ལེན་པའི་སྲེད་པ་ཉོན་མོངས་ཅན་མེད་པ་གཞིར་བཞག་མཛད་ནས་ཉོན་མོངས་ཅན་མིན་ཡང་ཞེས་སོགས་ལན་གསུངས་པས་ཤེས་ལ། དེ་ནི་ཕྱིར་རྒོལ་བའི་ངོར་ཀུན་རྨོངས་ལ་དཔེར་བྱས་ནས་སྲེད་པ་ལའང་གཉིས་སུ་ཡོད་པར་བསྒྲུབས་སོ་སྙམ་ན་ཕ་རོལ་པོའི་ངོར་སྲེད་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་ཡོད་པར་གྲུབ་ཏུ་ཆུག་ཀྱང་དེས་རང་གི་ཞེ་འདོད་ལ་ཅི་ཡང་མི་ཕན་ལ། ཞེ་འདོད་ལ་ཡོད་རྒྱུ་ནི་བདག་འཛིན་གཉིས་པོས་དྲངས་པའི་སྲེད་པ་ཡོད་མེད་ཡིན་ན་དེ་ནི་གཞུང་ཚིག་གིས་མི་སྟོན་ཏེ། འཁོར་རྩའི་འཇིག་ལྟ་ལྷན་སྐྱེས་ཀྱིས་དྲངས་པའི་སྲེད་པ་ལ་མངོན་པའམ་ཤེར་མདོ་སུའི་ལུགས་ལའང་ཉོན་མོངས་ཅན་མིན་པ་མེད་ལ། དེ་འདྲའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་ཉོན་མོངས་ཅན་ཡང་སྲིད་འཕེན་ནུས་ཡོད་པར་བསྒྲུབ་འདོད་ན་ཉོན་མོངས་ཅན་མིན་ཡང་ཞེས་བརྗོད་མི་རིགས་ཏེ་འཁོར་བའི་ཡང་སྲིད་འཕེན་ནུས་ཀྱི་སྲེད་པ་ལ་ཉོན་མོངས་ཅན་གྱིས་ཁྱབ་པའི་ཕྱིར་རོ། །དེ་མ་ཡིན་ཏེ་ཉོན་མོངས་ཅན་མིན་ཡང་ཞེས་པ་
གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་ཉོན་མོངས་ཅན་མིན་ཡང་། གང་ཟག་རང་མཚན་གྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་འབྲུ་གནོན་ནོ་སྙམ་ན། རྩ་བའི་ཚིག་ལ་ཉོན་མོངས་ཅན་མིན་ཡང་ཞེས་པ་དང་ཀུན་རྨོངས་བཞིན་དུ་ཞེས་སྨོས་པས་སྤྱིར་ཉོན་མོངས་ཅན་མིན་པའི་སྲེད་པ་ཡོད་པར་གོ་ནུས་ཀྱི་སྐབས་ཀྱི་ཞེ་འདོད་ཉོན་མོངས་ཅན་དེ་ལ་ཇི་ལྟར་གོ་སྟེ། ཅི་སྟེ་མེད་ཅེས་པའི་ཚིག་གོང་གི་ཉོན་མོངས་ཅན་མིན་ཡང་ཞེས་པ་ལ་འབྲེལ་ནས་དོན་སྟོན་དགོས་པ་ལ། དེ་ཡང་དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ཉོན་མོངས་ཅན་མིན་ཡང་ཞེས་དམིགས་བསལ་ནས་དེའི་དཔེར་ཀུན་རྨོངས་བཀོད་དེ་དེ་ནས་ཅི་སྟེ་མེད་ཅེས་བརྗོད་ན་སྲིད་པ་ཉོན་མོངས་ཅན་མིན་པ་ཞིག་ཅི་སྟེ་མེད་ཅེས་ངེས་པར་གོ་ནུས་ཀྱི། དངོས་སྨྲ་བ་ཁྱོད་འདོད་པ་ལྟར་གྱི་དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ཞེས་དཔྱད་གཞིར་བྱས་ནས། དེ་ལ་ཡོད་རྒྱུ་དང་མེད་རྒྱུ་ཞེ་འདོད་ཀྱི་སྲེད་པ་གཉིས་པོ་དང་སྦྱར་ནས་འགྲེལ་ན། མེད་རྒྱུ་ནི་བདག་འཛིན་སྔ་མས་དྲངས་པའི་སྲེད་པ་ཉོན་མོངས་ཅན་མངོན་གྱུར་ལ་བཤད་དགོས་པ། དེ་ལྟ་ན་ཉོན་མོངས་ཅན་ཞེས་པ་ཙམ་བརྗོད་པ་དོན་མེད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་
གྱིས་དྲངས་པའི་སྲེད་པ་མིན་པ་དང་། ཉོན་མོངས་ཅན་ཡང་ཡིན་པའི་སྲེད་པ་གཞན་ཡོད་པའི་ཕྱིར། བྱེ་བྲག་བརྗོད་པ་ལ་སྤྱི་བརྗོད་པ་ནི་འཁྲུལ་ཏེ་ལྷས་བྱིན་མེད་པར་བརྗོད་འདོད་པས་མི་མེད་ཅེས་བརྗོད་པ་བཞིན་ནོ། །ཡང་དགག་སྒྲ་སྦྱར་ཚུལ་ཀྱང་མི་འཐད་དེ། ཉོན་མོངས་ཅན་མེད་ཀྱང་ཞེས་བརྗོད་རིགས་པ་ལ་མིན་ཡང་ཞེས་བརྗོད་པ་དོན་མེད་དོ། །ཡོད་པ་མིན་ཡང་ཞེས་འབྲུ་བསྣན་ཏེ་བཤད་དོ་སྙམ་ན་ཅི་དགའ་ཅི་དགར་བསྣན་ཡང་འགྲིགས་དཀའ་བའི་རང་བཟོའི་ངལ་བ་དང་དུ་བླངས་པས་ཅི་ཞིག་བྱ། ཡང་མེད་རྒྱུ་ནི་བདག་འཛིན་ཕྱི་མས་དྲངས་པའི་སྲེད་པ་ལ་བཤད་དགོས་ན་ཅི་སྟེ་མེད་ཅེས་དྲི་ཚིག་ཙམ་ཞིག་གི་རང་གི་ནུས་པས་དེ་སྟོན་མི་ནུས་ལ། གོང་གི་ཚིག་གི་ཤུགས་ལས་ཀྱང་མི་ངེས་ཏེ། ཞེ་འདོད་ཀྱི་མེད་པར་བཤད་རྒྱུ་དེ་འདྲ་མེད་ཀྱང་ཞེ་འདོད་ཀྱི་ཡོད་པར་བཤད་རྒྱུའི་སྲེད་པ་དེ་འདྲ་ཡོད་ངེས་སུ་གོ་བའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་ཏེ། སྲེད་པ་དང་པོ་མངོན་གྱུར་པའང་མེད་ལ་ཕྱི་མ་ཡང་མེད་པ་མི་འགལ་བའི་ཕྱིར། དེས་ན་ཅི་སྟེ་མེད་པ་ཅི་ལ་སྙེགས་ཚིག་ཟིན་ལ་མི་གསལ་བའི་ཚིག་འཐུམས་པོར་འགྱུར་ཞིང་། ཚོར་བ་ཙམ་གྱི་གཏན་ཚིགས་ཀྱང་ཞེ་འདོད་ཀྱི་བསྒྲུབ་བྱ་ལ་ནུས་པ་མེད་པར་སོང་བས་ན་ཁྱད་པར་དུ་མ་མངོན་ཤེས་ཀྱིས་བཙལ་ནས་སྦྱར་དགོས་པའི་གཞུང་དུ་འགྱུར་རོ། །གཞན་ཡང་ཁྱོད་འདོད་པའི་
དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་མིན་ཡང་ཀུན་རྨོངས་བཞིན་དུ་སྲེད་པ་ལའང་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་མིན་གཉིས་སུ་ཅི་སྟེ་མེད་ཅེས་འབྲུ་གཉེར་ཏེ་བཤད་ན་དེ་ཙམ་ཞིག་གཞུང་གི་བསྟན་དོན་དུ་འགྱུར་གྱི། ཡང་ཚིག་དེས་འཆད་ཚུལ་གཞན་ལྟར་བྱས་ནས་ཞེ་འདོད་ཀྱི་སྲེད་པ་གཉིས་པོ་ཇི་ལྟར་བསྟན་པར་འགྱུར་ཏེ། སྲེད་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་ཕ་རོལ་གྱི་ངོར་གྲུབ་ཀྱང་དེས་སྐབས་ཀྱི་རང་གི་ཞེ་འདོད་འཁོར་བའི་ཡང་སྲིད་འཕེན་པའི་སྲེད་པ་དེ་འགྲུབ་པ་ལ་ཅི་ཡང་མི་ཕན་པས་ངལ་བ་ཙམ་དུ་ཟད་དོ། །སྤྱིར་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་མེད་པར་རྟོགས་པ་མཐར་ཕྱིན་ཚེ་བདག་དེ་ཕུང་པོ་ལ་བཏགས་པ་ཙམ་ལས་ངོ་བོས་མ་གྲུབ་པར་ཡང་རྟོགས་ནུས་པར་མཁས་པ་གཞན་གྱིས་བཞེད་དོ། །གོ་བཤད་དེ་འདྲའི་དཔྱད་པ་ཞིབ་ཏུ་སྤྲོས་ན་ཆེས་མང་ཡང་ཕྱོགས་མཚོན་ཙམ་ལས་མ་སྨྲས་སོ། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་ལྷན་སྐྱེས་ཀྱང་ཡོད་པར་ཁྱེད་ཀྱི་གཞུང་ལས་གསུངས་ལ། གཞན་ཕལ་མོ་ཆེས་གང་ཟག་རང་མཚན་གྱིས་གྲུབ་པར་འཛིན་པའི་འཇིག་ལྟ་ནི་ལྷན་སྐྱེས་ཡིན་ལ་དེ་ལས་གཞན་ཀུན་བརྟགས་སུ་བཤད་པ་གང་ལྟར་ཡང་སྐྱེས་བུ་གཅིག་གི་རྒྱུད་ཀྱི་ལས་བསོགས་པའི་སྲེད་པ་ཐམས་ཅད་
དམིགས་རྣམ་མི་འདྲ་བ་མེད་པར་བདག་འཛིན་ལྷན་སྐྱེས་གཅིག་པུས་དྲངས་ནས་ང་བདེ་བར་བྱའོ་སྙམ་པ་ཙམ་གྱིས་འཇུག་སྟེ། རྟག་པ་དང་རང་རྐྱ་ཐུབ་པ་སོགས་ཀྱི་ཁྱད་པར་སྦྱར་ནས་དེ་འདྲའི་བདག་བདེ་བར་བྱའོ་སོགས་སྙམ་ནས་མི་འཇུག་པ་ནི། གང་དག་དུད་འགྲོར་བསྐལ་མང་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །ཞེས་གསུངས་པ་དང་ཚུལ་འདྲའོ། །འདིར་གནད་མི་འགལ་བར་ཚིག་གི་འགྲེལ་བ་ཙམ་ལུགས་སོ་སོས་ཇི་ལྟར་མཛད་ཀྱང་ཅུང་ཟད་རེ་ལ་ནན་ཏན་ཆེན་པོས་བརྟག་པ་དང་དེ་ལ་ལན་གྱི་ཁྱད་པར་མ་བྱས་ཀྱང་གནོད་པ་མེད་མོད། ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་ནས། ཚོར་བ་དེ་དག་ལ་ཡང་ཡོད་ཅེས་པའི་བར་འདིས་མདོ་སྡེ་པདྨ་དཀར་པོ་སོགས་ཀྱི་དགོངས་དོན་མཐར་ཐུག་ཐེག་གཅིག་ཏུ་བསྟན་པ་དེ་ཀླུ་སྒྲུབ་ཡབ་སྲས་ཀྱིས་རིགས་པའི་ལམ་ནས་བསྒྲུབས་ཤིང་། ཇི་ལྟར་ན་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཁོ་ནའི་སྒོ་ནས་བསྒྲུབས་ཏེ། འཇུག་པ་ལས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་ཞེས་སོགས་ཀྱིས་བསྟན་པ་ལྟར་གཞུང་འདིར་ཡང་སྐབས་འདིས་དེ་སྟོན་པར་མཛད་པ་ཡིན་ཏེ། དཔལ་ཕྲེང་སེང་གེ་སྒྲའི་མདོ་ལས། བཅོམ་ལྡན་འདས་དེ་ལྟ་ལགས་པས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་ཀྱང་སྐྱེ་བའི་ཆོས་ཀྱི་
ལྷག་མ་དང་བཅས་པ་ལགས་ཏེ། བཅོམ་ལྡན་འདས་དེ་དག་གི་སྐྱེ་བ་བས་པའང་མ་མཆིས་སོ་ཞེས་དང་། བཅོམ་ལྡན་འདས་འཆི་འཕོ་ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན་རྒྱུན་ཆད་པའི་འཆི་འཕོ་དང་ཡོངས་སུ་བསྔོས་པ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལགས་སོ། །བཅོམ་ལྡན་འདས་དེ་ལ་རྒྱུན་ཆད་པའི་འཆི་འཕོ་ནི་ཉིང་མཚམས་སྦྱོར་བ་དང་བཅས་པའི་སེམས་ཅན་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་ཡོངས་སུ་བསྔོ་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ནི་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དབང་ཐོབ་པ་དང་ཡིད་ཀྱི་ལུས་རྣམས་ལགས་ཏེ་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལགས་པས་སོ། །ཞེས་དང་། དེ་ལ་འཆི་འཕོ་དང་པོའི་དབང་དུ་བྱས་ནས་བདག་གི་སྐྱེ་བ་ཟད་དོ་སྙམ་དུ་དགྲ་བཅོམ་དང་རང་སངས་རྒྱས་ཀྱི་ཤེས་པ་འབྱུང་བ་ཞེས་སོགས་དང་། བཅོམ་ལྡན་འདས་ཉོན་མོངས་པ་དག་ནི་རྣམ་པ་གཉིས་ཏེ་གནས་ཀྱི་སའི་ཉོན་མོངས་པ་རྣམས་དང་ཀུན་ནས་ལྡང་བའི་ཉོན་མོངས་པ་རྣམས་སོ། །གནས་ཀྱི་ས་ཡང་རྣམ་པ་བཞི་སྟེ་ལྟ་བ་གཅིག་ལ་གནས་པའི་ས་སོགས་བཞི་གསུངས། ཡང་འདི་བཞིའི་ནང་ན་མ་རིག་པའི་གནས་ཀྱི་
ས་ནི་སྟོབས་ཆེ་སྟེ། དེ་ཉན་རང་གི་ཤེས་པས་མི་བརྫི་ལ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཞེས་དང་། བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་ས་ནི་སྟོབས་ཆེ་བ་ལགས་སོ། །བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་སའི་རྐྱེན་གྱིས་ཟག་པ་མ་མཆིས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ཀྱི་ཡིད་ཀྱི་ལུས་གསུམ་འབྱུང་སྟེ། ཞེས་སོགས་དང་། བཅོམ་ལྡན་འདས་བཟང་ངན་རབ་ཏུ་འབྱེད་པའི་ཆོས་ཅན་དག་ནི་མྱ་ངན་ལས་འདས་པ་ཐོབ་པ་མ་ལགས་ཀྱི། བཅོམ་ལྡན་འདས་ཡེ་ཤེས་མཉམ་པ་དག་གིས་མྱ་ངན་ལས་འདས་པ་ཐོབ་ལགས་སོ་ཞེས་སོགས་དང་། གཞན་ཡང་གྲོལ་བ་དང་ཡེ་ཤེས་མཉམ་པ་གཅིག་པུ་མྱང་འདས་ཡིན་ལ་དེ་ལྟ་བུའི་སྤངས་རྟོགས་མཐར་ཕྱིན་ཉན་རང་ལ་མེད་པས་མཐར་ཐུག་གི་རྣམ་གྲོལ་མིན་པ་དང་། སྟོབས་དང་མི་འཇིགས་པ་སོགས་ལ་སྒྲིབ་པའི་ཉེ་བའི་ཉོན་མོངས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་མ་རིག་བག་ཆགས་ཀྱི་ས་ལས་བྱུང་བ་ཡིན་པས་དེ་སྤངས་ན་ཐམས་ཅད་མཁྱེན་པའི་སེང་གེའི་སྒྲ་སྒྲོག་པར་གསུངས་
ཤིང་། མཐར་ཐུག་ཐེག་གཅིག་ཆོས་ཀྱི་སྐུར་གྲོལ་བ་རིགས་གཅིག་ལས་མེད་པ་དང་། འཕགས་པའི་བདེན་དོན་ཟབ་མོ་བདེ་གཤེགས་སྙིང་པོ་རྟོགས་པ་ལས་མཐར་ཐུག་གི་གྲོལ་བ་འབྱུང་ཡང་དེ་ཉན་རང་གི་སྤྱོད་ཡུལ་མིན་ཞིང་། སྡུག་བསྔལ་འགོག་པའི་བདེན་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་ཉན་རང་གི་ཤེས་པའི་སྤྱོད་ཡུལ་མིན་པ་དམུས་ལོང་གིས་ཉི་མ་བལྟ་མི་ནུས་པའི་དཔེས་གསུངས་སོ། །ཚུལ་དེ་དང་མཚུངས་པར་འཇུག་པ་རང་འགྲེལ་དུ་མཐར་ཐུག་ཐེག་གཅིག་སྒྲུབ་པའི་སྐབས་སུ་མདོ་དྲངས་ཏེ། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ་དེ་ཡང་གཅིག་ཡིན་གྱི་གཉིས་དང་གསུམ་དུ་ནི་མ་ཡིན་ནོ་ཞེས་དང་། རྒྱུད་བླ་མ་ལས། སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་དང་། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་སོགས་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་ལྟར་མཐའ་ཀུན་གྱིས་སྟོང་པའི་རྣམ་གྲངས་མིན་པའི་དོན་དམ་མཉམ་པ་ཉིད་རྟོགས་པས་འཚང་རྒྱ་ཞིང་། དེ་མ་རྟོགས་ན་མཐར་ཐུག་གི་མྱང་འདས་མི་ཐོབ་པའི་ཚུལ་རྒྱ་ཆེར་གསུངས་པ་བཞིན་དུ་གཞུང་འདིར་ཡང་
བསྟན་པ་ནི་ཐེག་པ་ཆེན་པོའི་དོན་གནད་ཁྱད་པར་ཅན་ཡིན་པས་སྙིགས་མའི་དུས་འདིར་ཡང་རང་ནུས་གང་ཡོད་ཀྱིས་སངས་རྒྱས་དང་ཆོས་ལ་ཕངས་པའི་སེམས་སུ་བྱས་ནས་དེའི་དོན་ཅུང་ཟད་གསལ་བར་བརྗོད་པ་ཡིན་པས་ཐུགས་མི་གནོད་པར་ཞུའོ། །ཡང་སྤྲུལ་པའི་སྐུ་ལགས་ཀྱི་ཞལ་ནས། དེ་ཡང་ཁྱོད་ཀྱིས་ཆོས་ཀྱི་བདག་འཛིན་ནི་རྨོངས་པ་སྤྱི་དང་། གང་ཟག་གི་བདག་འཛིན་ནི་དེའི་བྱེ་བྲག་སྟེ། ཤིང་དང་པ་ལ་ཤ་བཞིན་ནོ་ཞེས་དང་། ཉན་རང་དགྲ་བཅོམ་པས་ཕུང་སོགས་ཤེས་བྱ་མཐའ་དག་གི་སྟེང་གི་སྟོང་ཉིད་མ་རྟོགས་ཞེས་དང་། དེས་རྟོགས་པའི་སྟོང་ཉིད་སྟོང་ཉིད་ཉི་ཚེ་བ་ཡིན་ཞེས་དང་། བྱང་སེམས་རྣམས་ཀྱིས་སྤང་བྱ་སྤོང་ཚུལ་ཡང་ཐེག་ཆེན་མཐོང་ལམ་དུ་སྒྲིབ་གཉིས་ཀུན་བཏགས་ཀྱི་ཆ་སྤོང་ལ། དེ་ནས་རིམ་བཞིན་སྒྲིབ་གཉིས་མཉམ་པར་སྤངས་ནས་ས་བརྒྱད་པ་ནས་ཉོན་མོངས་མེད་ཀྱང་དེ་ཕན་ཆད་དུ་ཤེས་སྒྲིབ་འབའ་ཞིག་སྤོང་པར་འདོད་ནས་བོད་ཀྱི་ཞེ་འདོད་དང་མི་བསྲེ་ཞེས་སྨྲས་ཀྱང་སྙིང་པོ་ཡོད་པར་མ་མཐོང་སྟེ། དེ་ལྟར་ན་ཆོས་ཀྱི་བདག་འཛིན་སྤོང་བའི་གང་ཟག་ཡིན་ན་ཤེས་སྒྲིབ་སྤོང་བའི་གང་ཟག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན་ཉན་རང་དགྲ་བཅོམ་རྣམས་སངས་རྒྱས་ཉིད་དུ་ཐལ། དེ་དག་གིས་ཉོན་མོངས་པ་ཆོས་ཀྱི་བདག་འཛིན་སྤངས་པའི་ཕྱིར་ཏེ།
དེ་དག་གིས་ཉོན་མོངས་པ་མཐའ་དག་སྤངས་པའི་ཕྱིར་ཏེ། ལུགས་འདིར་ཆོས་ཀྱི་བདག་འཛིན་བདེན་འཛིན་གང་ཞིག་ཉོན་སྒྲིབ་ཏུ་བཞེད་པའི་ཕྱིར་རོ། །ཞེས་གསུངས། འདི་ལ་ལན་བརྗོད་པར་བྱ་སྟེ། གོང་གི་ཐལ་བ་དེ་ལ་བོད་སྔ་རབས་པའི་ལུགས་འཛིན་བདག་གིས་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར་ཏེ། དེ་དག་གི་ལུགས་ལ་ཉན་རང་དགྲ་བཅོམ་པ་ཆོས་ཀྱི་བདག་འཛིན་མཐའ་དག་སྤངས་པའི་གང་ཟག་མ་ཡིན་པའི་ཕྱིར་རོ། །དེས་ན་ཉན་རང་དགྲ་བཅོམ་པ་རྣམས་སངས་རྒྱས་ཉིད་དུ་ཐལ། དེ་དག་གིས་ཉོན་མོངས་པ་ཆོས་ཀྱི་བདག་འཛིན་སྤངས་པའི་ཕྱིར་ཏེ་ཞེས་སོགས་ཀྱི་དོན་ལུགས་འདིར་ཆོས་ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་བཞེད་པའི་ཕྱིར་རོ་ཞེས་འཕེན་པ་འདི་ནི་འབེན་རྩད་མ་ཆོད་པའི་མདའ་འཕེན་པ་དང་དངོས་སུ་འདྲ་བར་ཟད་དེ། བོད་སྔ་རབས་པའི་ལུགས་ཀྱི་དབུ་མ་ཐལ་འགྱུར་སྨྲ་བ་རྣམས་ཀྱིས་ཐལ་འགྱུར་བའི་ལུགས་ལ་ཆོས་ཀྱི་བདེན་འཛིན་ཉོན་སྒྲིབ་ཡིན་ནོ་ཞེས་ཞལ་བཞེས་ཡོད་ན་དེ་འདྲའི་ཐལ་བ་འཕེན་རིགས་ཀྱི། འོན་ཀྱང་ཐལ་འགྱུར་སྨྲ་བ་སྔ་རབས་པའི་ལུགས་ལ་བདག་འཛིན་གཉིས་སུ་ཕྱེ་བའི་ཆོས་ཀྱི་བདག་འཛིན་ནམ་བདེན་འཛིན་ཡིན་ཚད་སྒྲིབ་གཉིས་ཀྱི་ཟླས་ཕྱེ་བའི་ཉོན་སྒྲིབ་འབའ་ཞིག་ཏུ་གཏན་ནས་མི་འདོད་པའི་ཕྱིར་རོ། །དེ་ལ་སུན་འབྱིན་སྨྲ་བ་པོ་ན་རེ།
དེ་ཅིས་ཀྱང་འདོད་དགོས་ཏེ་རིགས་པ་དང་ལུང་གིས་གྲུབ་པའི་ཕྱིར་རོ་ཟེར་ན། རིགས་པས་མ་གྲུབ་ཚུལ་འོག་ཏུ་འཆད་པར་འགྱུར་ལ། འདིར་ཕ་རོལ་གྱིས་སྒྲུབ་བྱེད་དུ་འདོད་པའི་ལུང་གི་ཕྱོགས་ལ་བརྟག་པ་ཅུང་ཟད་བྱ་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་གཟིགས་ནས་དེ་གྲོལ་བའི་ཕྱིར་དངོས་པོ་ཡང་དག་པར་སྟོན་པའི་སླད་དུ་རྩ་ཤེས་བརྩམས་སོ་ཞེས་དང་། དངོས་པོའི་ངོ་བོ་ཉིད་དུ་རྟོག་པས་ཆགས་སྡང་སྐྱེ་བ་དང་རྟེན་འབྱུང་ཤེས་པས་གཏི་མུག་གི་མུན་པ་བསལ་ཞིང་དངོས་པོའི་ངོ་བོ་ཉིད་མེད་པར་ཆགས་སྡང་མི་སྐྱེ་བར་གསུངས་པ་དང་། བཞི་བརྒྱ་པ་ལས། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགགས་པར་འགྱུར། །ཞེས་དང་། བརྒྱ་འགྲེལ་ལས། རྣམ་ཤེས་དངོས་པོའི་ངོ་བོ་ལྷག་པར་སྒྲོ་འདོགས་པར་བྱེད་པ་ཉོན་མོངས་པ་ཅན་གྱི་མི་ཤེས་པའི་དབང་གིས་དངོས་པོ་རྣམས་ལ་ཆགས་པ་དང་ལྡན་ཞིང་འཁོར་བར་འཇུག་པའི་ས་བོན་དུ་གྱུར་པ་འགགས་པས་འཁོར་བ་ལྡོག་ཅེས་དང་། འཇུག་འགྲེལ་ལས། མ་རིག་པ་དངོས་པོའི་ངོ་བོ་མེད་པ་ལ་སྒྲོ་འདོགས་པར་བྱེད་ཅིང་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ་ཞེས་དང་། དེ་ལྟར་སྲེད་པའི་ཡན་ལག་གིས་ཡོངས་སུ་བསྡུས་
པའི་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་བདེན་པ་རྣམ་པར་བཞག་གོ་ཞེས་དང་། རིགས་པ་དྲུག་ཅུ་པ་ལས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འབྱུང་། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱུང་། །ཞེས་གསུངས་པའི་ལུང་འདི་རྣམས་ཀྱིས་དངོས་པོ་ལ་བདེན་པར་ཞེན་པ་དེ་འཁོར་བའི་རྩ་བར་བསྟན་པ་དང་། དེ་ཉོན་མོངས་ཅན་དུ་བསྟན་པ་དང་། དེ་ལས་ཆགས་སྡང་སོགས་སྐྱེ་བ་དང་། རྟེན་འབྱུང་གི་དེ་ཉིད་ཤེས་པས་དེ་སྤོང་བར་གསུངས་པས་ན་བདེན་འཛིན་ཉོན་སྒྲིབ་ཏུ་བཞེད་པ་ཡིན་ནོ་ཞེ་ན། སྤྱིར་དངོས་པོ་ལ་བདེན་པར་ཞེན་པའི་རྨོངས་པ་ལས་འཁོར་བ་འབྱུང་བ་དང་། རྨོངས་པ་དེ་ལ་ཉོན་མོངས་པ་ཞེས་བྱ་བ་དང་། མ་རིག་པ་ལས་ཆགས་པ་སོགས་འབྱུང་བ་དང་། རྟེན་འབྱུང་དང་དེ་ཁོ་ན་ཉིད་ཤེས་པས་དེ་ལྡོག་པ་ཙམ་ནི་སངས་རྒྱས་པ་སྤྱིའི་ལུགས་ལ་གྲུབ་པས་སྤྱིར་དེ་ཙམ་ཞིག་སྟོན་པའི་ལུང་དེས་བདེན་འཛིན་དེ་ཉོན་ཤེས་གཉིས་ཀྱི་ཟླས་ཕྱེ་བའི་ཉོན་སྒྲིབ་ཁོ་ན་སྟོན་པར་མི་འགྲུབ་སྟེ། སློབ་དཔོན་གྱི་ཞལ་ནས། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །
ཞེས་གསུངས་པ་ལྟར་དངོས་པོའི་དེ་ཉིད་མི་ཤེས་པ་ལས་ཆགས་སོགས་སྐྱེས་ནས་ཇི་ལྟར་འཁོར་བར་འཇུག་སྙམ་ན། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ནས། །ཞེས་སོགས་འཇིག་ལྟ་ལྷན་སྐྱེས་འཁོར་རྩ་དང་ཉོན་མོངས་པའི་རྩ་བར་གཞུང་འདི་རྣམས་སུ་ཡང་ཡང་འབྱུང་བས་ཤེས་སོ། །མ་རིག་པས་ཆོས་རྣམས་ཀྱི་གནས་ལུགས་སྐྱེ་བ་མེད་པའི་རང་བཞིན་བསྒྲིབས་ནས་སྐྱེ་སོགས་ལྟར་སྣང་བ་ཀུན་རྫོབ་དང་། དེ་སུའི་ངོར་བདེན་ན་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པའི་ཉོན་མོངས་པ་མ་རིག་པ་དང་ལྡན་པ་ལ་རྨོངས་པ་དེའི་དབང་གིས་བདེན་པར་སྣང་ངོ་ཞེས་གསུངས་ཏེ། སྣང་ཡང་བདེན་པར་མི་འཛིན་པ་རྣམས་ལ་ནི་ཀུན་རྫོབ་ཙམ་དུ་སྣང་གི་བདེན་པར་མི་སྣང་སྟེ། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པ་སོགས་ཀྱིས་ཤེས་སོ། །ཡང་སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་གསུངས་པས་བདེན་འཛིན་འཁོར་བའི་རྩ་བར་དངོས་སུ་མ་བསྟན་ནམ་སྙམ་ན། གོང་དུ་བཤད་པ་ལྟར་དངོས་པོ་བདེན་འཛིན་གྱི་མ་རིག་པ་ལས་ཡན་ལག་བཅུ་གཉིས་
འབྱུང་བ་ཡིན་ཏེ། ཇི་ལྟར་རྩ་བ་ཤེས་རབ་ལས། མ་རིག་སྒྲིབ་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །ཅེས་སོགས་གསུངས་པ་ལྟར་ལ། དེ་ཡང་མ་རིག་པའི་བྱེ་བྲག་གམ་དེ་དང་མཚུངས་པར་ལྡན་པའི་ལྟ་བ་སྟེ་ངའམ་བདག་ཏུ་རྨོངས་པ་ལས་འཁོར་བའི་རྟེན་འབྲེལ་འགྲུབ་པ་ཡིན་པར་ནི། རྩ་ཤེའི་རབ་བྱེད་བཅོ་བརྒྱད་པ་ལས། ནང་དང་ཕྱིར་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་གསུངས་པ་བཞིན་ནོ། །ཡང་ངར་འཛིན་ལྷན་སྐྱེས་ཟད་ནས་འཁོར་བའི་རྟེན་འབྲེལ་ལྡོག་ན་ཡང་མ་རིག་བག་ཆགས་ཀྱི་ས་ནས་བསམ་གྱིས་མི་ཁྱབ་པར་འཆི་འཕོ་བའི་རྒ་ཤིའི་བར་གྱི་རྟེན་འབྲེལ་ནི་སངས་རྒྱས་ཀྱི་ས་མ་ཐོབ་བར་དུ་མི་ལྡོག་པར་ལུང་རྣམས་ལས་གསུངས་པས་མ་རིག་པ་ལས་ཡན་ལག་ལྷག་མ་འབྱུང་ཞིང་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པས་བསྐྱེད་པ་ཡིན་ལ། དེའི་གཉེན་པོ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་པར་ཡང་ལུང་སྔ་མའི་འཕྲོས་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །ཡང་བཞི་བརྒྱ་པ་ལས། ལུས་
ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་པ་སྟེ། །ཞེས་སོགས་གཏི་མུག་བཅོམ་ན་ཉོན་མོངས་ཀུན་ཆོམ་པར་གསུངས་པ་དང་། མ་རིག་པ་དེ་ལྡོག་པ་ལ་རྟེན་འབྱུང་མཐོང་དགོས་པར་གསུངས་པ་དང་། རྟེན་འབྱུང་གི་དོན་ཡང་རང་བཞིན་སྟོང་པར་གསུངས་པ་དང་། ཡང་རིགས་པ་དྲུག་ཅུ་པ་ལས། གང་ཡང་རུང་བའི་གནས་རྙེད་ནས། །ཉོན་མོངས་སྦྲུལ་གདུག་གཡོ་ཅན་གྱིས། །ཟིན་པར་འགྱུར་ཏེ་གང་གི་སེམས། །གནས་མེད་དེ་དག་ཟིན་མི་འགྱུར། །ཞེས་སོགས་ཀྱི་ལུང་རྣམས་ལས་དངོས་པོ་ལ་བདེན་པར་འཛིན་པ་ཉོན་མོངས་པར་བཤད་པའི་ཕྱིར་རོ་སྙམ་ན། བདེན་འཛིན་ལ་ཉོན་མོངས་པའི་མིང་གིས་བཏགས་པ་ནི་བདེན་ཏེ། རྨོངས་པ་ཐམས་ཅད་ལ་ཉོན་མོངས་ཞེས་པའི་མིང་འཇུག་པ་དགག་ཏུ་མེད་ཅིང་མདོ་བསྟན་བཅོས་ཀུན་ནས་ཀྱང་དངོས་པོའི་དེ་ཁོ་ན་ཉིད་མི་ཤེས་པའི་མ་རིག་པ་ལ་ཉོན་མོངས་ཞེས་མིང་བཏགས་པ་ཡང་ནས་ཡང་དུ་འབྱུང་མོད། དེ་ཙམ་གྱིས་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་སུ་ཕྱེ་བའི་ཉོན་སྒྲིབ་ཏུ་བཞེད་པ་ཡིན་ན་གོང་དུ་དྲངས་པ་དཔལ་ཕྲེང་གི་མདོ་ལ་སོགས་པ་མང་ཞིག་ལས་མ་རིག་བག་ཆགས་ཀྱི་ས་ལའང་ཉོན་མོངས་པའི་མིང་གིས་བསྟན་པ་དང་། སྤྱིར་རྨོངས་པ་དང་ཕྱིན་ཅི་ལོག་གི་ཀུན་ཏུ་རྟོག་པ་ཐམས་ཅད་ལ་ཉོན་མོངས་པའི་མིང་འཇུག་པས་དེ་ལྟར་
སྦྱར་བ་ཚད་མེད་ན་དེ་ཐམས་ཅད་ཉོན་སྒྲིབ་འབའ་ཞིག་ཡིན་དགོས་པས་ཤེས་སྒྲིབ་གཏན་མེད་དུ་འགྱུར་རོ། །དེས་ན་ཐལ་འགྱུར་བའི་རིང་ལུགས་ཀྱི་གཞུང་ཆེན་པོ་རྣམས་སུ་བདེན་འཛིན་ཉོན་སྒྲིབ་ཡིན་གྱི་ཤེས་སྒྲིབ་མིན་ཞེས་གསལ་པོར་བསྟན་པའི་ཁུངས་མེད་བཞིན་ཚིག་གི་འཐེན་ཕྱོགས་ཙམ་གྱིས་ནི་གང་ཡང་མི་འགྲུབ་སྟེ། འགྲུབ་ན་རང་རྒྱུད་པའི་ལུགས་ལའང་དེ་ལྟར་བཞེད་པའི་ལུང་ཡོད་ཅེས་སྨྲས་ན་ཆོག་པར་མངོན་ཏེ། དབུ་མ་རྒྱན་ལས། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་བསྒྲིམ་པ་མེད་པར་སྤོང་། །ཞེས་གསུངས་པ་སོགས་འདི་འདྲའི་ལུང་རང་རྒྱུད་པའི་གཞུང་རྣམས་སུའང་འབྱུང་བས་ཤེས་སོ། །དེས་ན་འདིར་བཤད་པ་རྣམས་ཀྱིས་མཚོན་ནས་དེ་འདྲའི་ལུང་ཆེས་མང་པོ་ཡོད་ཀྱང་དེ་ཙམ་གྱིས་ཕ་རོལ་གྱི་ཞེ་འདོད་མི་འགྲུབ་པའི་ཚུལ་ཤེས་པར་བྱ་སྟེ། དཔེར་ན་སྟོབས་དང་མི་འཇིགས་པ་སོགས་ཐམས་ཅད་མཁྱེན་པའི་ཆོས་ལ་སྒྲིབ་པའི་ཉོན་མོངས་པ་ཚད་མེད་ཡོད་པར་གསུངས་པ་དང་། སྤྱིར་ཉོན་མོངས་ཐམས་ཅད་ཀྱིས་ཀྱང་ཐམས་ཅད་མཁྱེན་པའི་བྱེད་པ་ལ་སྒྲིབ་མོད་ཀྱི་དེ་ལྟར་བསྟན་པའི་ལུང་དེས་ཉོན་མོངས་ཡིན་ཚད་ཤེས་སྒྲིབ་ཡིན་ནོ་ཞེས་བསྒྲུབས་ན་མི་འགྲུབ་པ་བཞིན་ནོ། །དེའི་ཕྱིར་ན་སྒྲིབ་པ་གཉིས་པོ་འདི་ནི་ཐར་པ་དང་
ཐམས་ཅད་མཁྱེན་པ་ལ་གེགས་བྱེད་པའི་གཙོ་བོའི་རིགས་སུ་གནས་པའི་ཆ་ནས་བཞག་པ་སྟེ། འཇིག་ལྟ་ལས་བྱུང་བའི་ཉོན་མོངས་པ་རྣམས་ལ་ཉོན་སྒྲིབ་དང་། འཁོར་གསུམ་དུ་རྟོག་པ་ལས་བྱུང་བའི་ཉོན་མོངས་པ་རྣམས་ལ་ཤེས་སྒྲིབ་ཅེས་གསུངས་ཤིང་། སྤྱིར་ཆགས་སོགས་ཉོན་མོངས་རྣམས་ཀྱིས་ཀྱང་ཤེས་བྱ་ཐམས་ཅད་ཡོངས་སུ་ཤེས་པ་ལ་གེགས་མི་བྱེད་པ་མིན་ལ། འཁོར་གསུམ་དུ་རྟོགས་པས་ཀྱང་ངར་འཛིན་ཡོད་ཀྱི་རིང་ལ་འཁོར་བའི་སྐྱེ་བ་འགྲུབ་བྱེད་ཀྱི་ཉོན་མོངས་པ་རྣམས་ལ་ཕན་མི་འདོགས་པ་མིན་ན་ཡང་གཙོ་ཆེ་བའི་སྒོ་ནས་དེ་ལྟར་སྒྲིབ་པ་གཉིས་སུ་བཞག་སྟེ། འཁོར་བའི་རྩ་བ་འཇིག་ལྟ་ལྷན་སྐྱེས་ལྡོག་ན་དེ་ལས་བྱུང་བ་འཁོར་བ་འགྲུབ་བྱེད་ཀྱི་ཉོན་མོངས་ཐམས་ཅད་ལྡོག་ངེས་པས་ཐར་པ་ཐོབ་ན་ཡང་། དེ་ཙམ་གྱིས་ཐམས་ཅད་མཁྱེན་པར་འགྱུར་བའི་སྒྲིབ་པ་སྤོང་མི་ནུས་ལ་ངར་འཛིན་ལྷན་སྐྱེས་སྤངས་པ་ན་འཁོར་གསུམ་དུ་རྟོག་ཀྱང་དེ་ཙམ་གྱིས་ཉོན་མོངས་པ་མི་སྐྱེ་སྟེ་རྐྱེན་མ་ཚང་བའི་ཕྱིར་རོ། །དེས་ན་གོང་གི་ཐལ་བ་འཕེན་པ་ལ་ལན་ཅུང་ཟད་བརྗོད་ན། བདག་འཛིན་གཉིས་ཀ་ས་བོན་དང་བཅས་པ་སྤངས་པའི་གང་ཟག་ཡིན་ན་ཤེས་སྒྲིབ་སྤོང་བས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན་བདག་མེད་གཉིས་ཀ་མངོན་སུམ་རྟོགས་པའི་ཡེ་ཤེས་ཆོས་ཅན། ཁྱོད་དང་ཤེས་སྒྲིབ་སྤང་གཉེན་གྱི་ཚུལ་
དུ་རྒྱུད་གཅིག་ལ་ལྷན་ཅིག་མི་གནས་པའི་འགལ་བ་མ་ཡིན་པར་ཐལ། ཁྱོད་དང་ཤེས་སྒྲིབ་མཐའ་དག་གང་ཟག་གཅིག་གི་རྒྱུད་ལ་བསྐལ་པ་གྲངས་མེད་གཅིག་སོགས་ཀྱི་ཡུན་དུ་འགྲོགས་པ་སྲིད་པའི་ཕྱིར། རྟགས་གྲུབ་སྟེ་མ་དག་ས་བདུན་པའི་རྒྱུད་ཀྱི་དེ་གཉིས་དེ་ལྟར་ཡིན་པར་འདོད་པའི་ཕྱིར། འདོད་མི་ནུས་ཏེ་སྤྱིར་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་དང་ཤེས་སྒྲིབ་འགལ་བ་མེད་ན་ཚོགས་མཐའ་ཡས་པས་ཟིན་ཀྱང་འགལ་བ་མེད་པའི་ཕྱིར་དང་། བྱང་སེམས་ལ་སྒྲིབ་གཉིས་སྤངས་པའི་ཐམས་ཅད་མཁྱེན་པ་ཐོབ་ཕྱིར་ཆོས་བདག་མེད་པ་བསྟན་ནོ་ཞེས་པའི་ལུང་དང་འགལ་བའི་ཕྱིར་རོ། །ལུང་གི་དོན་ནི་བདག་མེད་རྟོགས་པའི་ཡེ་ཤེས་ཚོགས་མཐའ་ཡས་པས་ཟིན་པ་དེས་བདེན་འཛིན་གྱི་བག་ཆགས་འཇོམས་པའི་དོན་དུ་དགོངས་སོ་སྙམ་ན་དེ་མིན་པ་འོག་ཏུ་འཆད་པར་འགྱུར་ལ། ཚོགས་མཐའ་ཡས་པས་ཟིན་པའི་བདག་མེད་རྟོགས་པ་དེས་ཤེས་སྒྲིབ་ཅིའི་ཕྱིར་མི་སྤོང་སྙམ་ན། ས་བདུན་པ་པའི་བྱང་འཕགས་ཀྱི་ཐུགས་རྒྱུད་ན་ཡོད་པའི་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་དེ་གྲངས་མེད་གཉིས་ཀྱི་ཚོགས་དམ་པས་ཟིན་ཀྱང་དེས་ཤེས་སྒྲིབ་ལ་ཅུང་ཟད་ཀྱང་མི་གནོད་པ་དེ་བཞིན་ད་རུང་གྲངས་མེད་གཅིག་གི་ཚོགས་བསགས་པས་ཟིན་ཀྱང་མི་གནོད་པ་སྲིད་པར་འགྱུར་
རོ། །དེ་མི་སྲིད་དེ་བདེན་འཛིན་ནི་ཉོན་སྒྲིབ་དང་དེའི་བག་ཆགས་ནི་ཤེས་སྒྲིབ་ཡིན་པས་གང་བདེན་འཛིན་དང་འགལ་བ་བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་དེས་བདེན་འཛིན་ས་བོན་དང་བཅས་པ་སྤང་ནུས་པ་དེ་བཞིན་དུ་སླར་ཡང་གོམས་པས་བདེན་འཛིན་གྱི་བག་ཆགས་གང་ཞིག་ཤེས་སྒྲིབ་ཏུ་གྱུར་པ་རྣམས་ཀྱང་རྩ་བ་ནས་ཅིའི་ཕྱིར་མི་སྤོང་སྙམ་ན། དེ་ལྟ་ན་ཉན་ཐོས་རྟོགས་པ་མྱུར་བས་ཚེ་གསུམ་གྱིས་ཉོན་སྒྲིབ་བདེན་འཛིན་ས་བོན་དང་བཅས་པ་སྤོང་ནུས་པ་དེ་བཞིན་ཚོགས་མཐའ་ཡས་པས་མ་ཟིན་ཀྱང་བདག་མེད་རྟོགས་པ་དེ་གོམས་པ་ཁོ་ནས་བདེན་འཛིན་གྱི་བག་ཆགས་ཤེས་སྒྲིབ་ཀྱི་མིང་ཅན་དེ་དུས་ཐུང་ངུས་མྱུར་དུ་སྤོང་པའི་གང་ཟག་གཅིག་ཀྱང་སྲིད་པ་ལ་དངོས་སྟོབས་ཀྱི་རིགས་པའི་གནོད་པ་གང་ཡང་མེད་པའི་ཕྱིར་ཉན་རང་དགྲ་བཅོམ་པ་སངས་རྒྱས་སུ་འགྱུར་བའི་ཐལ་བ་དེ་སླར་འཁོར་ཉེན་ཆེ་བས་བག་ཡོད་པར་མཛོད་ཅིག་གུ། དེས་ན་ཙོང་ཁ་པ་ཆེན་པོས་བདེན་འཛིན་གྱི་བག་ཆགས་ལ་ཤེས་སྒྲིབ་ཏུ་མིང་བཏགས་པར་མཛད་པ་ནི། ས་བདུན་པ་མན་ཆད་དུ་ཤེས་སྒྲིབ་འབའ་ཞིག་སྤོང་བ་མིན་པས་བྱེད་པ་གཙོ་ཆེ་ཆུང་གི་དབང་གིས་བདེན་འཛིན་ལ་ཉོན་སྒྲིབ་དང་དེའི་བག་ཆགས་ལ་ཤེས་སྒྲིབ་ཅེས་མིང་འདོགས་ལུགས་ཙམ་ལས་དོན་སྔ་རབས་བའི་བཞེད་པ་དང་ཁྱད་མེད་པར་རང་གིས་སེམས་སོ། །
གལ་ཏེ་དེ་ལྟར་མིན་ན་ཤེས་སྒྲིབ་དང་འགལ་བའི་གཉེན་པོ་ཚད་མས་རྟོགས་པ་མེད་དེ་བདག་མེད་གཉིས་རྟོགས་ཙམ་ནི་དེ་དང་མི་འགལ་ན་དེ་ལས་གཞན་པའི་གཉེན་པོ་མི་རྙེད་པས་ཤེས་སྒྲིབ་སྤངས་པའི་གང་ཟག་ཀྱང་དཀའ་བར་འགྱུར་རོ། །གཞན་ཡང་བག་ཆགས་གང་གིས་ཤེས་བྱ་ཐམས་ཅད་ཡོངས་སུ་གཅོད་པ་ལ་གེགས་བྱེད་ན་དེ་མངོན་དུ་གྱུར་པས་ཅིའི་ཕྱིར་གེགས་མི་བྱེད། མངོན་དུ་གྱུར་ཀྱང་གེགས་མི་བྱེད་ན་བག་ཆགས་ཀྱིས་དེ་བས་ཀྱང་མི་བྱེད་པར་འགྱུར་བའི་ཕྱིར། མ་དག་ས་བདུན་དུ་ཤེས་སྒྲིབ་སྤངས་པ་མེད་པའི་ལུགས་བཞག་དཀའ་བར་མཐོང་ནས་སྔ་རབས་པའི་ལུགས་ལྟར་བརྗོད་པ་ཡིན་གྱི་ཨ་ཕའི་ཁ་ཕོར་ལ་གཙང་ཞེན་ལྟར་ཞེན་ལྟས་འཇུས་པ་ཙམ་ནི་མ་ཡིན་ནོ། །ད་ནི་བདེན་འཛིན་ཉོན་སྒྲིབ་ཡིན་པར་སྒྲུབ་པའི་རིགས་པ་ལ་བསམ་པར་བྱ་བ་སྐབས་སུ་བབ་ཅིང་། དེ་ཡང་རྣམ་པར་དཔྱོད་པའི་ཐུགས་མངའ་སྤྲུལ་པའི་སྐུའི་ཞལ་ནས། ཡང་ཉན་རང་དགྲ་བཅོམ་པས་ཕུང་སོགས་ཞེས་བྱ་མཐའ་དག་གི་སྟེང་གི་སྟོང་ཉིད་མ་རྟོགས་ན། དེ་ཆོས་ཅན། འཁོར་བ་ལས་མ་ཐར་བར་ཐལ། འཁོར་བའི་རྩ་བ་ཕུང་སོགས་རང་མཚན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་མ་སྤངས་པའི་ཕྱིར། ཁྱབ་སྟེ་འཇུག་པ་ལས། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་
སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་དང་། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་ཞེས་བདག་དང་བདག་གི་བའི་མིག་སོགས་རང་མཚན་གྱིས་གྲུབ་པར་འཛིན་པ་ཡོད་པ་དེ་སྲིད་དུ་འཁོར་བར་འཁོར་བ་མི་འཆད་ཅེས་པའི་དོན་ཡིན་པའི་ཕྱིར་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་ཀྱང་། གང་དག་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་དམིགས་ཀྱང་ཉོན་མོངས་པ་རྣམས་སྤོང་བར་འདོད་པ་དེ་དག་ལ་ནི་ཉོན་མོངས་པ་སྤོང་བ་མི་སྲིད་དོ། །ཞེས་སོགས་ལུང་རིགས་ཀྱི་གནོད་པ་བཟློག་ཏུ་མེད་པའི་ཕྱིར་མི་འཐད་དོ། །ཡང་དེ་ལ་ཁྱོད་ཀྱིས་འཇུག་འགྲེལ་ཤེས་བྱེད་དུ་དྲངས་པའང་དགོངས་པ་མ་ལོན་པ་ཉིད་དེ། འཇུག་འགྲེལ་ལས་སྔ་མ་དང་མཐུན་པར་གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་པ་རྟོགས་པར་ཡང་མི་འགྱུར་ཏེ་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་ཞེས་སོགས་ཤེས་བྱེད་ཀྱི་ལུང་དང་བཅས་ཏེ་གསལ་བར་གསུངས་
པའི་ཕྱིར། དེས་ན་ཉན་རང་འཕགས་པས་སྟོང་ཉིད་ཉི་ཚེ་བ་ལས་མ་རྟོགས་པ་སོགས་འཁྱོགས་བཤད་ཀྱི་བ་མོས་ལུགས་བཟང་གི་པདྨོ་གཞོམ་པར་མི་བྱའོ། །དེ་ནས་སྤང་བྱ་སྤོང་ཚུལ་ཡང་མི་འཐད་དེ། ཉོན་མོངས་པ་ས་བོན་དང་བཅས་པ་མ་སྤངས་བར་དུ་ཉོན་མོངས་པའི་བག་ཆགས་ཤེས་སྒྲིབ་ཀྱི་ཆ་ཅུང་ཟད་ཀྱང་སྤོང་མི་ནུས་པའི་ཕྱིར་ཏེ། དཔེར་ན་རས་ཀྱི་སྟེང་དུ་ལྷུང་བའི་སྣུམ་དེ་མ་ཟད་བར་དུ་སྣུམ་གྱིས་གོས་པའི་དྲི་མ་ཕྲ་མོ་སེལ་མི་ཐུབ་པ་བཞིན་ཡིན་པའི་ཕྱིར་ཏེ། འཇུག་འགྲེལ་ལས། ཏིལ་མར་དང་མེ་ཏོག་ལ་སོགས་པ་བསལ་དུ་ཟིན་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ལ་དེ་དག་དང་འཕྲད་པའི་ཡོན་ཏན་ཕྲ་མོ་དམིགས་པ་བཞིན་ནོ། །འདི་ལྟར་ཉོན་མོངས་པ་སྤངས་ཀྱང་བག་ཆགས་ཡོད་པས་ཞེས་སོགས་ཤེས་བྱེད་ཀྱི་ལུང་དུ་མ་ཡོད་པའི་ཕྱིར་རོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་འདི་ལ་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་དང་མཐུན་ན་བོད་ཀྱི་ཞེ་འདོད་ཡིན་ཡང་དང་དུ་བླང་བར་རིགས་སོ། །འོ་ན་མདོ་དང་བསྟན་བཅོས་དུ་མ་ནས་ཉན་རང་ལ་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་མེད་ཅེས་གསུངས་པ་རྣམས་ཇི་ལྟར་དྲངས་ཤེ་ན། ཡོད་དེ་དེས་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཅེས་པ་ནི་ཉན་རང་ལ་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ཡེ་ཤེས་ཡོད་ཀྱང་།
དེ་དག་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྟོགས་པ་མེད་པའི་དོན་ཡིན་ནོ་ཞེས་ལུང་རིགས་ཚད་ལྡན་གྱི་རྗེས་སུ་འབྲངས་ནས་མགྲིན་པ་གཟེངས་བསྟོད་དེ་སྨྲའོ། །ཞེས་གསུངས་སོ། །འདི་ལ་ལན་གྱི་རིམ་པ་བརྗོད་པར་བྱ་སྟེ། དེ་ལ་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་སྟོན་པའི་རིགས་པ་ནི་འཇུག་པ་རང་འགྲེལ་གྱི། རིང་དུ་སོང་བར་བློས་ཀྱང་ལྷག་པར་འགྱུར་ཞེས་པའི་ཐད་ནས་གསུངས་པ་ཡིན་ལ་དེ་དག་གི་གནད་འདིར་མདོར་བསྡུས་སུ་བརྗོད་པར་བྱས་ན། གང་ཟག་གི་བདག་ཏུ་འཛིན་པ་ནི་འཁོར་བར་སྐྱེ་བའི་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་ཡིན་ལ་དེའི་དམིགས་ཡུལ་གྱི་ང་དེ་རང་བཞིན་གྱིས་གྲུབ་པ་ཞིག་ན་ངར་འཛིན་སྤང་མི་ནུས་ཀྱང་། དེ་ནི་མ་དཔྱད་པར་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ལས་རང་གི་ངོ་བོས་མ་གྲུབ་པ་ཡིན་ཞིང་། ཇི་ལྟར་ན་བདག་དེ་དུ་མ་དང་མི་རྟག་པའི་ཕུང་པོ་ཙམ་ལ་བརྟེན་ནས་བཏགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་ཤེས་པས་འཁོར་བ་ལས་གྲོལ་ནུས་ལ། དེ་དང་ཕུང་སོགས་ཀྱི་སྟོང་པ་ཉིད་དམ། ཆོས་བདག་མེད་བསྟན་པ་ལ་སྟོང་གཞིའི་ཁྱད་པར་ཙམ་ལས་སྟོད་ཚུལ་ལ་ཁྱད་མེད་པ་དང་། བདག་བརྟེན་ནས་འབྱུང་བའི་ངང་ཚུལ་ཅན་གྱི་སྟོང་པ་ཉིད་དུ་རྟོགས་པ་དེ་ཡང་ཕུང་པོ་རགས་པའི་རང་བཞིན་བཏགས་ཡོད་ཙམ་ལས་རྫས་སུ་མེད་པར་ཤེས་
པ་སྔོན་དུ་འགྲོ་བ་ལ་བརྟེན་དགོས་པར་རིགས་པས་གྲུབ་ཚུལ་བསྟན་པས་ཆོས་བདག་མེད་པའམ་སྟོང་པ་ཉིད་ལ་མི་འཐད་པར་སེམས་པ་བཟློག་པར་འགྱུར་བའི་ཕྱིར་ཏེ། སྟོང་པ་ཉིད་ཅེས་བྱ་བ་ནི་བརྟེན་ནས་འབྱུང་བའི་ཆོས་དེ་ལ་རང་གི་ངོ་བོ་ཉིད་མེད་པ་དེ་ཙམ་ཞིག་ལས་གཞན་དུ་ཅི་ཡང་མེད་ལ། དེ་ཉན་ཐོས་པས་གཏན་ནས་ཁས་མི་ལེན་པ་ཞིག་ན་གང་ཟག་གི་བདག་མེད་ཀྱང་རྟོགས་ཐབས་མེད་དོ། །ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་དེ་ངོ་བོས་གྲུབ་པར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་མ་ཁེགས་བར་དུ་རྟག་གཅིག་རང་དབང་ཅན་གྱི་བདག་སོགས་མེད་པར་ཤེས་ཀྱང་དེ་ཙམ་གྱི་ཐར་པར་མི་འགྱུར་ཏེ་ཕྱི་རོལ་པའི་ཆགས་བྲལ་དང་འདྲ་བར་འགྱུར་ཞེས་རིགས་པས་སྒྲུབ་པར་མཛད་ལ། རྩ་བར་ཡང་། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་འགྱུར། །ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་གསུངས་པ་ལྟར་ཉན་ཐོས་པ་ཁྱོད་ཀྱིས་བརྟེན་ནས་འབྱུང་བའི་སྟོང་ཉིད་མི་འདོད་པ་ལྟར་ན་རྟག་པའི་བདག་ཙམ་མེད་པར་རྟོགས་སུ་ཆུག་ཀྱང་བདག་ངོ་བོས་གྲུབ་པར་འཛིན་
པ་མི་སྤོང་ལ། དབུ་བ་རྡོས་པ་ལྟ་བུ་དུ་མའི་ཆོས་ཚོགས་པ་ལ་རགས་པ་གཟུགས་སུ་འདོགས་པ་ཙམ་གྱི་རགས་འཛིན་ཀྱང་གཞིག་མི་ནུས་ན་གཟུགས་རང་བཞིན་གྱིས་སྟོང་པའི་ཚུལ་ག་ལ་རྟོགས་ཏེ། དེས་ན་གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཞིང་། གཟུགས་བཟང་པོར་བཟུང་ཞིང་དེ་ལ་དམིགས་ནས་ང་འདི་དང་འཕྲད་པར་བྱའོ་སྙམ་པའི་འདོད་ཆགས་སོགས་སྐྱེ་བར་འགྱུར་ཏེ་ཡུལ་དེ་ཡི་ངོ་བོ་རྟོགས་པ་མེད་པའི་ཕྱིར་ཞེས་ཡུལ་གཟུགས་སོགས་ཀྱི་དེ་ཉིད་ཤེས་པ་མེད་པར་ཡུལ་དུ་གནས་པ་དང་ངར་འཛིན་མ་སྤངས་པས་ཕྲ་རྒྱས་ཀྱང་ཡོད་པར་བསྟན་པ་ཡིན་ཏེ་རང་འགྲེལ་གྱི་བབ་རྣམས་དང་བསྟུན་པས་ཤེས་སོ། །ཕུང་པོ་རིལ་པོའམ་རགས་པ་མ་གྲུབ་པ་འདི་ལ་ཡང་ཆོས་བདག་མེད་རགས་པ་ཙམ་གྱི་ཐ་སྙད་རུང་སྟེ་ཤེས་པར་བྱ་བའི་ཆོས་གང་དང་གང་ཡིན་ཀྱང་བཏགས་པ་ཙམ་ལས་དེ་དང་དེ་རང་གི་ངོ་བོས་མ་གྲུབ་པ་ནི་དེ་དང་དེའི་སྟོང་ཉིད་ཡིན་དགོས་པའི་ཕྱིར་རོ། །འོན་ཀྱང་ཕུང་པོ་རགས་པ་རྫས་སུ་མ་གྲུབ་པ་ཙམ་འདོད་ཀྱང་དེའི་གདགས་གཞི་ཆ་མེད་ཀྱི་རང་བཞིན་བདེན་པར་གྲུབ་པར་འཛིན་པ་སྲིད་དུ་ཆོས་དེའི་བདག་མེད་རྫོགས་པར་མི་རྟོགས་པའི་ཕྱིར་བུམ་པ་ལ་རགས་པའི་རྫས་མ་གྲུབ་པ་ཙམ་རྟོགས་ཀྱང་དེས་བུམ་པ་བདག་མེད་དུ་རྟོགས་པར་
མི་བརྗོད་དེ། རྟག་བདག་སོགས་མེད་པའི་གང་ཟག་གི་བདག་མེད་རགས་པ་ཙམ་རྟོགས་ཀྱང་དེས་གང་ཟག་གི་བདག་མེད་རྟོགས་པའི་གོ་མི་ཆོད་པ་བཞིན་ནོ། །དེ་ལྟར་རགས་པའི་ཕུང་པོ་ལ་རིལ་པོ་བ་གཅིག་མེད་པར་དུ་མ་ཚོགས་པ་ལ་བཏགས་པ་ཙམ་དུ་ཤེས་པའི་ཚུལ་ལ་བརྟེན་ནས་གང་ཟག་གི་བདག་ངོ་བོ་ཉིད་ཀྱིས་མ་གྲུབ་པར་རྟོགས་པའི་བདག་མེད་ཕྲ་བ་ཡོངས་སུ་རྫོགས་པ་ཡོད་དེ། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དེ་ནི་བརྟེན་ནས་བཏགས་པ་ཙམ་ལས་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ཁོང་དུ་ཆུད་ནུས་པར་རྣམ་བདུན་ཤིང་རྟའི་རིགས་པས་གཏན་ལ་ཕབ་པ་བཞིན་དུ་ཤེས་པར་བྱ་སྟེ། འདི་ལྟར་རྣམ་བདུན་ཤིང་རྟའི་རིགས་པ་ཁོ་ན་ལ་བརྟེན་ནས་དུ་མ་དང་མི་རྟག་པའི་རང་བཞིན་ཅན་གྱི་ཕུང་པོ་འདི་ལ་ང་བཏགས་པ་ཙམ་ལས་ང་ངོ་བོས་མེད་པར་ཁོང་དུ་ཆུད་ནུས་པ་ནི་ད་ལྟ་ནས་རང་གི་མྱོང་བས་ཤེས་ནུས་ལ། དེ་ལྟར་རིགས་པས་རྟོགས་ནས་གོམས་པར་བྱས་ན་དེ་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པ་ཡང་འབྱུང་རིགས་ཏེ་རྟོགས་བྱ་ཡང་དག་པའི་དོན་ཡིན་པའི་ཕྱིར་མི་རྟག་སོགས་བདེན་པའི་རྣམ་པ་མངོན་སུམ་མཐོང་བ་བཞིན་ནོ། །དེ་མཐོང་ན་དེ་གོམས་པས་བདག་འཛིན་ལྷན་སྐྱེས་ཀྱང་ཅིས་མི་སྤོང་སྟེ་མི་སྤོང་ན་བདེན་མེད་རྟོགས་པ་ཡང་དེ་དང་འདྲ་བར་
འགྱུར་རོ། །གལ་ཏེ་རང་རྒྱུད་ཀྱི་ཕུང་པོ་བདེན་འཛིན་སུན་མ་ཕྱུང་བས་ངར་འཛིན་མི་ལྡོག་གོ་སྙམ་ན། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ང་ཙམ་མིན་པར་ཕུང་པོ་ཡིན་དགོས་ནའང་དེ་མིན་པར་འཇུག་པ་ལས་གསལ་པོར་གསུངས་པའི་ཕྱིར་དང་ཐ་སྙད་དུ་བདག་རྫས་སུ་མེད་ལ་ཕུང་པོ་རྫས་སུ་ཡོད་པ་སོགས་ཀྱི་ཁྱད་པར་འཐད་པ་དང་། ཡུལ་བདག་གཉིས་པོ་སྟོང་པར་ཤེས་པས་དེ་འཛིན་གཉིས་པོ་ལྡོག་པ་རིགས་པ་སྨྲ་བའི་ཚུལ་ཡིན་གྱི། ཡུལ་སྟོང་པར་ཤེས་ཀྱང་གདགས་པའི་གཞི་ཙམ་མ་ལོག་པས་དེར་འཛིན་མི་ལྡོག་ན་ཆོས་ཐམས་ཅད་བདེན་མེད་དུ་ཤེས་ཀྱང་སྣང་བ་ཐམས་ཅད་མ་ལོག་པ་སྲིད་དུ་བདེན་འཛིན་དང་ཆགས་སོགས་ལྡོག་པར་ཡང་དཀའ་བར་འགྱུར་རོ། །སྣང་བཞིན་དུ་ཡང་སྟོང་པའི་ཕྱིར་དེར་མ་ཞེན་ན་སྣང་བ་ཙམ་གྱིས་བདེན་འཛིན་མི་སྐྱེད་དོ་སྙམ་ན། ཕུང་པོ་ཙམ་བདེན་པར་བཟུང་ཡང་ངའོ་སྙམ་དུ་བདེན་པར་མ་བཟུང་ན་ཕུང་པོར་བཟུང་བ་ཙམ་གྱིས་ངར་འཛིན་མི་དགོས་ཏེ་དེ་གཉིས་དམིགས་རྣམ་མི་འདྲ་བའི་ཕྱིར་རོ། །ཇི་སྲིད་ཕུང་པོར་འཛིན་ཡོད་པ་ཞེས་སོགས་ཀྱི་ལུང་དོན་ནི་གོང་དུ་མདོ་ཙམ་བརྗོད་ཟིན་པས་འདིར་མི་སྤྲོའོ། །གལ་ཏེ་ཕུང་པོར་ཡང་བཟུང་རང་གི་རྒྱུད་དུ་ཡང་བཟུང་བ་ཙམ་གྱིས་ངར་འཛིན་པ་སྐྱེ་བ་མིན་ནམ་སྙམ་དུ་ལས་དང་པོ་པ་དག་སེམས་ན་
དེ་ལྟར་མ་ཡིན་ཏེ། དུ་མ་ཚོགས་པའི་རང་བཞིན་ཅན་གྱི་ཕུང་པོ་རྣམས་ལ་གཅིག་པུའི་ངོ་བོ་མེད་པ་དང་དེ་མི་རྟག་པའི་རང་བཞིན་དུ་ངེས་པའི་ཚེ། དེ་ཙམ་ལ་བདག་ཏུ་བློས་ཕར་བཏགས་པ་ཙམ་ལས་བདག་དོན་དུ་མེད་པར་རྟོགས་པ་ན། རང་རྒྱུད་ཀྱི་ཕུང་པོ་ཆ་དུ་མ་ཡོད་པ་བཞིན་དུ་ང་མང་པོ་ཡོད་སྙམ་པའི་བློ་ལྷན་སྐྱེས་འབྱུང་མི་སྲིད་ལ། གཅིག་པུའི་ང་ཞེས་འཛིན་པའི་གཞི་ཞིག་ནི་གདགས་གཞི་ཕུང་པོ་འདི་ལ་མེད་ངེས་སུ་མཐོང་བའི་ཚེ་ཇི་ལྟར་ན་རང་རྒྱུད་ཀྱི་ཕུང་པོ་ལ་བདག་ཏུ་འཛིན་ཏེ་ཐག་པ་ཡོད་པར་བཟུང་ཡང་སྦྲུལ་དུ་མི་འཛིན་པ་དང་འདྲའོ། །རྡུལ་ཕྲན་ཆ་མེད་དང་སྐད་ཅིག་ཆ་མེད་ཀྱི་ཕྲ་བ་ཙམ་གྲུབ་མཐས་དོན་དམ་དུ་ཁས་བླངས་ན་ཡང་དེ་ནི་ཡིད་ཀྱི་དཔྱོད་པས་དོན་ལ་གྲུབ་ཅེས་འདོད་པ་ཙམ་ལས་བདེ་སྡུག་གི་རྟེན་དུ་གྱུར་པའི་ཕུང་པོ་འདི་སྣང་བ་ཡོད་ཀྱི་རིང་ལ་ཆ་བཅས་སུ་སྣང་གི་ཆ་མེད་སྣང་མི་ནུས་ལ། ཆ་མེད་དང་སྐད་ཅིག་མ་དུ་མ་ཡོད་དུ་ཆུག་ཀྱང་དེ་ང་མིན་པར་རིགས་པས་ངེས་ཤིང་མངོན་སུམ་རྟོགས་པར་བྱར་ཡོད་པས་དེ་ཙམ་གྱིས་བདག་ཏུ་འཛིན་པའི་ཉེས་པ་ཅི་ཡང་མི་སྐྱེད་དོ། །དེས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དང་དུ་མ་སིལ་བུའི་རྣམ་པར་མངོན་སུམ་མཐོང་བའི་དགྲ་བཅོམ་པ་རྣམས་ལ་རང་རྒྱུད་ཀྱི་ཕུང་པོར་སྣང་བ་ཡང་ཆར་དང་འབབ་
ཆུ་བཞིན་དུ་དུ་མ་ཚོགས་པ་སྐད་ཅིག་ཀྱང་མི་རྟག་པར་གཡོ་ཞིང་འགུལ་ལ་རྡེག་པའི་རྣམ་པ་ཅན་དུ་གཟིགས་པར་གསུངས་པས་ན་གཞི་དེ་ལ་ངའོ་སྙམ་དུ་ང་ངོ་བོས་གྲུབ་པར་ཇི་ལྟར་འཛིན་ཏེ་འཛིན་མི་སྲིད་དོ། །དེ་ལྟར་ན་རང་རྒྱུད་ཀྱི་ཕུང་པོའི་ཚོགས་པ་བློས་མ་གཞིགས་མ་བརྟགས་པར་ངའོ་སྙམ་དུ་བཏགས་པ་ཡིན་ན་ཡང་། ཞེན་ཡུལ་གྱི་ང་དེ་ཐག་པ་ལ་སྦྲུལ་ལྟར་ཕུང་པོ་དང་གཅིག་ཐ་དད་གང་དུའང་མེད་པར་བློས་ཕར་བཏགས་ཙམ་དུ་ཤེས་ཤིང་གོམས་པ་ན་ཕུང་པོ་ཕྲ་བ་ནས་བདེན་མེད་དུ་མ་རྟོགས་ཀྱང་ངར་འཛིན་ལྡོག་སྟེ། འདུས་བྱས་སྐད་ཅིག་མ་བར་མ་ཆད་དུ་བྱུང་བ་ལ་བརྟེན་ནས་རྟག་འཛིན་གྱི་བློ་འབྱུང་བ་ཡིན་ན་ཡང་། སྐད་ཅིག་རྣམས་སོ་སོ་བ་ཡིན་པར་ངེས་པའི་ཚེ་རྟག་འཛིན་གྱི་བློ་ངེས་པར་ལྡོག་གི་རྟག་པར་འཁྲུལ་གཞིའམ་གདགས་གཞི་སྐད་ཅིག་མ་རྣམས་རྒྱུན་ཆད་མི་དགོས་པ་བཞིན་ནོ། །གལ་ཏེ་འདི་སྙམ་དུ། བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པ་ན། །ངའོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་རྣམ་འགྲེལ་ལས་གསུངས་པ་ལྟར། རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་ན་ཕུང་པོ་ལ་བརྟེན་པའི་བདེ་སྡུག་ཉམས་སུ་མྱོང་བའི་ཚེ་ངའོ་སྙམ་དུ་བསམ་པའི་བློ་ལྷན་སྐྱེས་ཇི་ལྟར་མི་སྐྱེ་སྙམ་ན།
བདེ་སྡུག་གི་ཉམས་མྱོང་ཡང་ཕུང་པོ་རགས་པའི་སྟེང་ནས་ཡིན་གྱི་ཆ་མེད་སིལ་བུ་བ་ལ་མ་ཡིན་ཀྱང་ཟག་བཅས་ཀྱི་ཕུང་པོའི་ཚོགས་པ་ཡོད་པ་སྲིད་དུ་དེ་ལ་བརྟེན་ནས་བདེ་སྡུག་མྱོང་བ་ཙམ་བསླུ་མེད་དུ་ཡོད་ཀྱང་། དེ་ཙམ་གྱིས་ངར་འཛིན་སྐྱེ་མི་དགོས་ཏེ་དུ་མ་ཆོས་ཙམ་གྱི་ཕུང་པོ་ལས་བདེ་སྡུག་མྱོང་བ་འཐད་ཅིང་དེ་ལ་བདག་དང་བདག་གི་བ་གང་ཡང་མེད་པ་དེ་ལྟར་དངོས་སུ་རྟོགས་པའི་ཕྱིར་ཏེ། བདག་ཏུ་དམིགས་པ་ཟད་པའི་ཚེ་བདེ་སྡུག་སོགས་རང་རྒྱུད་ཀྱི་ཕུང་པོ་ལའང་བདག་གི་བར་མི་འཛིན་ཏེ་བདག་གི་བར་འཛིན་པ་ནི་བདག་ཏུ་འཛིན་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་ཡང་འཇུག་པ་ལས། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པ་ཡོད་མིན། །དེ་ཕྱིར་བདག་དང་བདག་གིས་སྟོང་ལྟ་བའི། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་བདག་དང་བདག་གིར་མི་འཛིན་པ་དེ་དག་ལ་ཙན་དན་དང་སྟེའུ་མཉམ་པའི་བློ་འབྱུང་སྟེ་ཆགས་བྲལ་ཞེས་བྱའོ། །དེ་ལྟར་མིན་ན་ཐ་སྙད་དུ་ཕུང་པོ་ལ་བརྟེན་པའི་བདེ་སྡུག་མྱོང་བ་ཙམ་དགྲ་བཅོམ་པ་ཆེན་པོ་རྣམས་ལའང་ཡོད་པས་ཕུང་པོ་བདེན་མེད་ཙམ་རྟོགས་ཀྱང་རུང་ཕུང་པོ་ཡོད་པའི་རིང་ལ་བདེ་སྡུག་མྱོང་བ་ལ་བརྟེན་ནས་ངར་འཛིན་ལྷན་སྐྱེས་ལྡོག་པར་མི་འགྱུར་ན་ཡང་། དགྲ་བཅོམ་པ་ལ་ངར་འཛིན་
ལྷན་སྐྱེས་དྲུང་ནས་མ་ཕྱུངས་པ་སུའི་ལུགས་ལའང་མི་སྲིད་དོ། །དེས་ན་ཡང་དག་པའི་དོན་རིགས་པས་གཏན་ལ་ཕབ་ནས་གོམས་པ་ལས་དེའི་དོན་མངོན་སུམ་མཐོང་ཞིང་། སླར་ཡང་གོམས་པ་མཐར་ཕྱིན་པ་ལས་དེའི་བཟློག་ཕྱོགས་སྒྲོ་འདོགས་པའི་ཀུན་རྟོག་རྨང་ནས་ཞི་བར་འདོད་པ་ནི་ལམ་ཡང་དག་སྒོམ་པ་ཀུན་གྱི་ཚུལ་ལུགས་ཡིན་པས་དེ་ལྟར་ངེས་པར་བྱའོ། །གོང་དུ་བཤད་པ་ལྟར་བརྟེན་ནས་འབྱུང་བའི་སྟོང་ཉིད་རྟོགས་པ་ཙམ་ཉན་རང་ལ་ཡོད་པར་བསྟན་པའི་རིགས་པ་དེས་སྐད་ཅིག་དང་རྡུལ་ཕྲན་ཆ་མེད་ཀྱིས་བརྩམ་པའི་ཕུང་པོ་ལྔ་ཡང་དབུ་བ་རྡོས་པ་ལ་སོགས་པ་བཞིན་དུ་སྟོན་ནུས་ཤིང་། ཉན་ཐོས་པ་རྣམས་ཀྱིས་ནི་རགས་པ་བཅོམ་ཞིང་བློས་གཞན་བསལ་དུ་རུང་བ་རྣམས་ཀུན་རྫོབ་ཏུ་ཡོད་པ་ཙམ་དུ་འདོད་ཀྱང་དེ་སྟོང་པར་མི་འདོད་པ་ལ། འདིར་བརྟེན་ནས་བཏགས་པ་དང་སྟོང་པ་ཉིད་དོན་གཅིག་ཏུ་སྒྲུབ་པའི་རིགས་པ་དེས་ཉན་ཐོས་སྡེ་བས་སྟོང་པ་ཉིད་ལ་སུན་འབྱིན་པ་གཞི་མེད་དུ་བཟློག་ནུས་ཏེ། དངོས་སྨྲ་བ་དག་གི་ཞེ་འདོད་ལ་རང་བཞིན་གྱིས་གྲུབ་པའི་དངོས་པོ་མེད་ན་བྱ་བྱེད་སོགས་མི་འཐད་དོ་སྙམ་པ་ལ། དགེ་མི་དགེའི་ལས་སོགས་བྱ་བྱེད་བདེན་གྲུབ་ཏུ་འདོད་པ་ཐམས་ཅད་ཀྱང་ལེགས་པར་དཔྱད་ན་ཆ་མེད་པའི་སྐད་ཅིག་གཅིག་དང་རྡུལ་ཕྲན་གཅིག་ལས་མི་འབྱུང་བར་རྒྱུན་དང་ཚོགས་པ་ལས་འབྱུང་ལ། རྒྱུན་དང་ཚོགས་པ་ནི་བཏགས་པ་ཙམ་སྟེ། གང་བཏགས་པས་གྲུབ་པ་དེ་ནི་
རང་གི་ངོ་བོས་མ་གྲུབ་པའོ། །ཞེས་རིགས་པའི་ལམ་ནས་གསལ་པོར་བསྟན་པའི་ཚེ་དངོས་སྨྲ་བས་དེ་ལྟར་མ་ཡིན་ནོ་ཞེས་རིགས་པའི་ལམ་ནས་བརྒལ་མི་ནུས་ལ། དེ་ལྟར་གྲུབ་ན་སྟོང་པ་ཉིད་ལ་བྱ་བྱེད་རྒྱུ་འབྲས་ཤིན་ཏུ་འཐད་ཅིང་དངོས་པོར་གྲུབ་པ་ལ་མི་འཐད་པའི་ཚུལ་ཤེས་པར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་དེ་འདྲའི་བརྗོད་པ་དེ་ལ་ཅིའི་ཕྱིར་བརྒལ་མི་ནུས་ཏེ་དངོས་སྨྲའི་གྲུབ་མཐའ་འཛིན་པ་དག་གིས་རྟེན་འབྱུང་དང་སྟོང་པ་ཉིད་དོན་གཅིག་ཏུ་མི་སེམས་པར་མ་ཟད། མྱུ་གུའི་སྐྱེ་བ་བདེན་པར་ཡོད་དེ་ས་བོན་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ་སྙམ་དུ་བརྟེན་ནས་འབྱུང་བ་དང་བདེན་གྲུབ་ཡིན་པ་འགལ་མེད་དུ་ཁས་ལེན་ལ། དེའི་ཕྱིར་རྒྱུན་དང་ཚོགས་པ་སོགས་ཁོ་རང་གིས་ཀུན་རྫོབ་ཏུ་འདོད་པ་དེ་དག་ཀྱང་ཆ་མེད་ཀྱི་དངོས་པོ་ལ་བརྟེན་ནས་བཞག་ཀྱང་དེ་དག་གི་ངོ་བོ་སྟོང་མི་དགོས་པར་བདེན་གྲུབ་ཏུ་འདོད་པས་སོ་སྙམ་ན། གྲུབ་མཐའ་སྨྲ་བ་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་པས་དེ་ལྟར་སྨྲ་བ་ནི་བདེན་ཀྱང་ཉན་ཐོས་སྡེ་པ་དེ་དག་གི་ལུགས་ལའང་འབྲས་བུ་ཐོབ་པ་ནི་གང་ཟག་གི་བདག་མེད་མངོན་སུམ་རྟོགས་པ་ལས་འབྱུང་བར་ཁས་ལེན་པས་ན་ཉན་རང་གི་འབྲས་བུ་ཐོབ་པའི་གང་ཟག་དེས་རང་གི་ཡན་ལག་དུ་མ་ལ་བརྟེན་ནས་བཏགས་པའི་ཡན་ལག་ཅན་ཤིང་རྟ་དང་བུམ་པ་སོགས་དང་གཟུགས་སོགས་རགས་པའི་དངོས་པོ་ཀུན་
རྫོབ་ཏུ་ཡོད་པར་འདོད་པ་དེ་རྣམས་བརྟེན་ནས་བཏགས་པ་ཙམ་ལས་ངོ་བོ་མེད་པའི་བདེན་མེད་དུ་མ་ཤེས་ན་གང་ཟག་གི་བདག་བདེན་མེད་དུ་ཤེས་པའི་ཐབས་མེད་དེ། ཕུང་པོ་ལ་རིལ་པོ་གཅིག་གི་ངོ་བོའམ་རྒྱུན་དང་ཚོགས་པའི་ངོ་བོ་བདེན་གྲུབ་ཏུ་འཛིན་ན་དེ་དང་ངར་འཛིན་པའི་ཞེན་ཡུལ་ལ་མཚན་ཉིད་དམ་དམིགས་རྣམ་གྱི་འཇུག་པ་མི་མཐུན་པ་མེད་པས་དེ་འདྲའི་ཕུང་པོ་ལ་གང་ཟག་གི་བདག་ཏུ་འཛིན་པ་ལྡོག་པའི་ཐབས་མེད་དོ། །ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་མ་ཁེགས་བར་དུ་བདག་འཛིན་ལྡོག་མི་སྲིད་པས་འཁོར་བ་ལས་ཐར་པའི་ཐབས་མེད་ལ། གལ་ཏེ་འཁོར་བ་ལས་ཐར་ན་ཞེན་ཡུལ་དེ་ཁེགས་ནས་བདག་མེད་རྟོགས་པའི་ཁྱབ་པ་ཡང་ངེས་པར་འགྲུབ་ཅིང་། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཇི་ལྟར་འགོག་ན་ང་ཞེས་པ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་ཤེས་ཤིང་། གང་བརྟེན་ནས་བཏགས་པ་ལ་རང་གི་ངོ་བོ་ཉིད་མེད་པར་ཁོང་དུ་མ་ཆུད་བར་དུ་དེ་ཁེགས་མི་སྲིད་པར་གྲུབ་པ་ཡིན་ནོ། །དེ་ལྟར་ན་འཁོར་བ་ལས་ངེས་པར་ཐར་པའི་ཉན་རང་དགྲ་བཅོམ་པ་དེ་དག་གིས་བརྟེན་ནས་བཏགས་པའམ་རྐྱེན་ཉིད་འདི་པ་ཙམ་གྱི་སྟོང་ཉིད་ངེས་པར་རྟོགས་དགོས་ཏེ་རྟེན་འབྱུང་དང་དོན་གཅིག་པའི་སྟོང་ཉིད་དེ་མ་རྟོགས་བར་དུ་གང་ཟག་གི་བདག་མེད་རྟོགས་པ་མི་སྲིད་དོ། །དེ་ལྟ་བུའི་གང་ཟག་གི་བདག་མེད་རྟོགས་
ན་རྒྱུན་དང་ཚོགས་པའི་ངོ་བོ་ཀུན་རྫོབ་ཏུ་ཡོད་པར་འདོད་པ་དག་ལའང་ངོ་བོ་མེད་པར་ཅིས་མི་རྟོགས་ཏེ་དེ་གཉིས་ལ་རྟོགས་དཀའ་སླ་དང་རྟོགས་ཚུལ་ལ་ཁྱད་པར་གང་ཡང་མེད་པའི་ཕྱིར་རོ། །དེ་ལྟ་ནའང་ཉན་རང་འབྲས་གནས་དེ་དག་གིས་ཀྱང་ཐེག་ཆེན་པ་ལྟར་ཆོས་ཐམས་ཅད་གཞི་མེད་པའི་སྟོང་ཉིད་རྟོགས་མི་ནུས་པར་གསུངས་ཏེ་ཆ་མེད་གཉིས་སོགས་ཁོ་རང་གི་ལུགས་ཀྱི་བློས་གཞིགས་ཀྱང་ངོ་བོ་ཡོད་པའི་ཆོས་དུ་མ་ཁས་ལེན་པ་ལ་དེ་ཡང་བདེན་མེད་དུ་རྟོགས་དགོས་པའི་རིགས་པ་གང་ཡང་མེད་དེ་རེ་ཞིག་ཆོས་བདག་མེད་རྟོགས་པ་མ་རྫོགས་པའི་ལམ་དམན་པ་དེ་འདྲ་སྲིད་པ་ལ་འགལ་བ་གང་ཡང་མེད་ལ་ཆོས་བདག་མེད་རྟོགས་པ་ཡོངས་སུ་མ་རྫོགས་ཀྱང་རང་ལམ་གྱིས་འབྲས་བུ་གྲུབ་པ་ཡོད་པར་ལུང་དང་རིགས་པས་གྲུབ་པའི་ཕྱིར་རོ། །དེ་ལྟར་ཆོས་རགས་པ་འགའ་ཞིག་བདེན་མེད་དང་གང་ཟག་གི་བདག་མེད་རྟོགས་པ་དེ་ནི་ཉན་རང་གི་རང་ལམ་ཁོ་ནས་འདྲེན་ནུས་པར་གྲུབ་ལ་དེ་ལས་རྒྱ་ཆེ་བའི་བདག་མེད་ཡོངས་རྫོགས་རྟོགས་པ་ནི་དམན་ལམ་ལ་ཞུགས་པས་འདྲེན་མི་ནུས་ཏེ་ཕྱི་ནང་གི་ཡོངས་འཛིན་སོགས་ལམ་མཆོག་གི་རྐྱེན་མ་ཚང་བས་དེའི་འབྲས་བུ་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བར་མི་རིགས་ལ། ཐེག་ཆེན་ན་བདག་མེད་གཉིས་ཀ་རྒྱས་པར་སྟོན་པ་སོགས་ལམ་གྱི་ཡན་ལག་ཚང་བས་སྤང་རྟོགས་ཁྱད་པར་ཅན་གྱི་འབྲས་བུ་འགྲུབ་པ་ཡིན་ནོ། །འདི་
འདྲའི་མཚམས་ཟིན་པ་ནི་བསིལ་ལྡན་ན་སུ་ཡོད་སོ་སོའི་ཡིག་འཇོག་གིས་ཤེས་ཤིང་དེའི་ཕྱིར་འདི་ཉིད་ཤིན་ཏུ་གཅེས་པར་བྱ་དགོས་སོ། །དེ་ལྟར་སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་རིགས་པ་འདིས་ཉན་རང་ལའང་བརྟེན་ནས་བཏགས་པའི་སྟོང་ཉིད་མཐོང་བ་ཡོད་པ་དང་། དེ་དག་གིས་བརྟེན་ནས་བཏགས་པ་ལ་རང་གི་ངོ་བོས་མ་གྲུབ་པའི་སྟོང་པ་ཉིད་དུ་མ་ཤེས་ན་གང་ཟག་གི་བདག་མེད་རྟོགས་པའི་ཐབས་མེད་ལ་དེ་མེད་ན་འཁོར་བ་ལས་ཀྱང་མི་ཐར་བར་གསུངས་པའི་ཚུལ་དེས་ཐེག་པ་གསུམ་གྱི་བྱང་ཆུབ་ཀྱང་སྟོང་ཉིད་རྟོགས་པ་ལས་འབྱུང་བའི་ལུང་གི་དོན་ལེགས་པར་ཤེས་ནུས་ཤིང་། ཉན་རང་གིས་གང་ཟག་གི་བདག་མེད་ཕྲ་བ་དང་ཁོ་རང་གི་ལུགས་ཀྱི་ཀུན་རྫོབ་ཏུ་ཡོད་པར་འདོད་པའི་ཆོས་རྣམས་ལ་བདག་མེད་རགས་པ་ཙམ་རྟོགས་ཀྱང་ཆོས་བདག་མེད་རྟོགས་པ་ཡོངས་སུ་མ་རྫོགས་ཏེ་ཆ་མེད་གཉིས་སོགས་ཁོ་རང་གི་ལུགས་ཀྱི་དོན་དམ་པར་ཡོད་པར་འདོད་པའི་ཆོས་མཐའ་དག་བདེན་མེད་དུ་མ་ཤེས་པས་སྟོང་ཉིད་བཅུ་དྲུག་ཡོངས་སུ་རྫོགས་པའི་ཐེག་ཆེན་གྱི་རྟོགས་རིགས་དང་བསྐྲུན་ན་རྒྱ་མཚོ་དང་བ་ལང་རྨིག་རྗེས་ཀྱི་ཆུ་ལྟར་འགྱུར་བར་བཞེད་དེ། བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་དང་། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་
ཆེན་དུ་ཡང་བཞེད་པ་ཡིན། །ཞེས་དང་། ཉན་རང་རྣམས་ལ་རྐྱེན་ཉིད་འདི་པ་ཙམ་མམ་བརྟེན་ནས་འབྱུང་བའི་སྟོང་པ་ཉིད་རྟོགས་པ་ཙམ་ཡོད་མོད་ཀྱི་འོན་ཀྱང་དེ་དག་གི་སྟོང་ཉིད་ནི་མདོར་བསྡུས་པ་ཙམ་མོ་ཞེས་སོགས་རྒྱ་ཆེར་གསུངས་པ་ནི། སྟོང་ཉིད་རྟོགས་པ་རྫོགས་མ་རྫོགས་ཀྱི་ཁྱད་པར་ལས་འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་སུ་གསུངས་པ་དང་དགོངས་པ་གཅིག་ཏུ་གྱུར་པ་ཤེས་པར་བྱའོ། །དེ་ལྟར་ཡང་། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །ཞེས་དུ་མ་དང་མི་རྟག་པའི་རང་བཞིན་གྱི་འདི་ལྟར་རགས་པར་སྣང་བའི་ཕུང་པོ་རྣམས་སྒྱུ་མ་ལྟར་བསྟན་པ་དེ་ཉིད་ཉན་ཐོས་པའི་ལུགས་ཀྱི་ཆོས་བདག་མེད་པ་མདོར་བསྡུས་པའམ་རགས་པ་ཙམ་ཡིན་པར་བཞེད་དོ། །ཅིའི་ཕྱིར་མདོར་བསྡུས་པ་ཞེས་བྱ་ན་གང་ཟག་གི་བདག་མེད་རྟོགས་པ་ལ་དེ་ཙམ་ཞིག་མེད་དུ་མི་རུང་བའི་ཕྱིར་ཕུང་སོགས་འདུས་པ་ལ་ངོ་བོ་མེད་པའི་ཆོས་བདག་མེད་པ་མདོར་བསྡུས་པའམ་ཕྱོགས་ཙམ་བསྟན་ཏོ་ཞེས་སོ། །དེ་ལྟར་ལེགས་པར་ངེས་པ་ན་བྱམས་འཇམ་དབྱངས་ཀྱི་མན་ངག་ལ་བརྟེན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་དགོངས་པ་གཅིག་པའི་གནད་ཤིན་ཏུ་དོན་ཆེ་བ་ཉིད་སོམ་ཉི་དང་བྲལ་བར་ཤེས་ནུས་པའི་ཕྱིར་རང་གི་བློ་ཡི་རྩལ་གྱིས་གསལ་བར་རྣམ་པར་ཕྱེ་སྟེ་བཤད་པའོ། །དེས་ན་གོང་དུ་ཁྱེད་ཀྱིས་དྲངས་པའི་
རིགས་པ་དྲུག་ཅུ་པའི་འགྲེལ་བའི་ལུང་དང་གཞན་ཡང་དེ་འདྲའི་ལུང་མང་པོ་དག་ཀྱང་འདི་ན་བཤད་པ་ལྟར་ཤེས་པར་བྱ་སྟེ། ཕུང་སོགས་ཀུན་རྫོབ་ཙམ་དུ་ཡོད་པའི་ཆོས་རྣམས་ལ་བདེན་གྲུབ་འབའ་ཞིག་ལས་གཅིག་ཀྱང་བདེན་མེད་དུ་མ་རྟོགས་ན་ཆགས་སོགས་ལྡོག་པའི་ཐབས་མེད་ལ་གང་ཟག་གི་བདག་མེད་ཀྱང་ནམ་ཡང་རྟོགས་པར་མི་རིགས་པས་ན་རྣམ་པར་གྲོལ་བའི་ལམ་ཐམས་ཅད་ན་སྤྱིར་སྟོང་ཉིད་རྟོགས་པ་ལས་མ་བྱུང་བ་མེད་པར་ལུང་དང་རིགས་པས་སྒྲུབ་པ་ཡིན་ནོ། །འོན་ཀྱང་སྟོང་ཉིད་རྟོགས་པ་རྫོགས་མ་རྫོགས་ཀྱི་ཁྱད་པར་ལས་གྲུབ་མཐའ་མཐོ་དམན་དུ་འགྱུར་ཏེ། གཞན་དུ་ན་གྲུབ་མཐའ་མཐོ་དམན་དུ་བཞག་པ་དེ་ལ་སྤང་རྟོགས་ཀྱི་ཁྱད་པར་སོགས་ཀྱང་ཡོད་པ་འཐད་པར་མི་འགྱུར་རོ། །སྤང་བྱ་སྤོང་ཚུལ་ནི་སྤྱིར་སྒྲིབ་གཉིས་སྤང་བྱ་དང་དེའི་གཉེན་པོ་རྟོགས་པ་ཡེ་ཤེས་དང་དེ་གཉིས་སྣང་མུན་ལྟར་ལྷན་ཅིག་མི་གནས་པའི་ཚུལ་གྱིས་གཉེན་པོ་སྐྱེས་པ་ན་དེའི་ངོ་སྐལ་གྱི་སྤང་བྱ་འགག་ཅིང་མཐར་སྤང་བྱའི་ས་བོན་ཕྲ་བའང་ཟད་པར་འདོད་པ་སངས་རྒྱས་པའི་ཐེག་ཆེན་སྨྲ་བ་སྤྱིའི་ལུགས་སུ་གྲུབ་ཅིང་། གང་ཟག་གི་བདག་མེད་རྟོགས་པས་ཉོན་སྒྲིབ་དང་ཆོས་ཀྱི་བདག་མེད་རྟོགས་པས་ཤེས་སྒྲིབ་སྤོང་བ་ལའང་སེམས་ཙམ་ནས་ཐལ་འགྱུར་བའི་བར་དུ་བཞེད་པ་ལ་ཁྱད་མེད་ཅིང་བརྗོད་ཚུལ་ཕྲ་མོ་རེ་མི་འདྲ་བ་ཡང་དོན་ཁྱད་མེད་
པ་ཡིན་པས་ཐམས་ཅད་ལམ་གྱི་གནད་ལ་དགོངས་པ་གཅིག་ཅེས་བརྗོད་དོ། །དེ་ཡང་སྤང་བྱ་གང་ཡིན་ཡང་དེའི་ཀུན་བཏགས་སྔོན་དུ་མ་སྤངས་པར་ལྷན་སྐྱེས་སྤང་བ་མི་རིགས་ལ། ལྷན་སྐྱེས་ལའང་རགས་རིམ་ནས་ཕྲ་བའི་བར་དུ་ས་བོན་དང་བཅས་པ་སྤོང་ཞིང་དེའི་མཐར་ཤིན་ཏུ་ཕྲ་བའི་བག་ཆགས་ཏིལ་ལ་མེ་ཏོག་གི་དྲིས་གོས་པ་ལྟ་བུ་རྣམས་ཀྱང་ཟད་པར་སྤང་དགོས་པས་ན། བདེན་འཛིན་མངོན་གྱུར་ས་བོན་དང་བཅས་པ་མ་སྤངས་བར་དུ་དེའི་བག་ཆགས་མི་སྤོང་བ་ནི་བདེན་མོད་ཀྱི། བག་ཆགས་སྤོང་བ་ལ་མ་ཐུག་གི་བར་དུ་ཤེས་སྒྲིབ་གཏན་ནས་མི་སྤོང་བ་ནི་མི་འཐད་དེ་གོང་དུ་ཅུང་ཟད་བརྗོད་པ་བཞིན་ནོ། །ཧ་ཅང་སྤྲོས་པས་ཆོག་ཀྱང་རེ་ཞིག་མི་སྤྲོའོ། །དེས་ན་འཇུག་པ་རང་འགྲེལ་ལས། ཉན་རང་ལ་ཉོན་སྒྲིབ་སྤོང་ཕྱིར་གང་ཟག་གི་བདག་མེད་པ་བསྟན་པ་དང་། བྱང་སེམས་ལ་སྒྲིབ་གཉིས་སྤངས་པའི་ཐམས་ཅད་མཁྱེན་པ་ཐོབ་ཕྱིར་བདག་མེད་གཉིས་ཀ་བསྟན་ནོ་ཞེས་གསུངས་པ་དེས་ཉན་རང་ལ་ཆོས་མཐའ་དག་བདག་མེད་དུ་རྟོགས་པ་མེད་པ་དང་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པར་རྟོགས་ན་ཤེས་སྒྲིབ་སྤོང་བར་ཡང་བསྟན་ཏོ། །གལ་ཏེ་དེ་ལྟར་མིན་པར་ཤེས་བྱ་མཐའ་དག་སྟོང་ཉིད་དུ་མ་རྟོགས་ན་ཉོན་སྒྲིབ་སྤོང་མི་ནུས་པར་བཞེད་ན་ཉན་རང་ལ་ཉོན་སྒྲིབ་སྤང་ཕྱིར་གང་ཟག་གི་བདག་མེད་བསྟན་ཅེས་གསུངས་མི་རིགས་ཏེ་དེ་ལའང་
ཆོས་ཀྱི་བདག་མེད་པ་བསྟན་ཅེས་གསུང་པར་རིགས་སོ། །ཆོས་བདག་མེད་རྟོགས་པ་ཤེས་སྒྲིབ་ཀྱི་ངོ་སྐལ་གྱི་གཉེན་པོ་མིན་ན་བྱང་སེམས་ཀྱི་སྐབས་སུ་དེ་ཆེད་དུ་བཀར་ནས་གསུངས་པའང་ག་ལ་རིགས་ཏེ་བདག་མེད་གཉིས་པོ་དེ་ལ་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་སོ་སོར་ཕྱེ་ནས་བསྟན་པར་གསུངས་པ་དོན་མེད་དོ། །གལ་ཏེ་དེ་ནི་ཐེག་པ་ཐུན་མོང་པ་དང་སྒོ་བསྟུན་པ་ཙམ་མོ་སྙམ་ན་མ་ཡིན་ཏེ། དེ་ལྟ་ནའང་རང་གིས་སྔར་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་བཤད་པ་ཅི་ཞེས་དོགས་པ་བཅད་ནས་གསུངས་པས་རང་ལུགས་སུ་ཤིན་ཏུ་གསལ་ལོ། །འོ་ན་ཇི་ལྟར་ཤེས་པར་བྱ་སྙམ་ན་ཟླ་བ་གྲགས་པ་ཉིད་ཀྱི་དགོངས་བཞེད་ཉིད་ཀྱིས་གསལ་པོར་ཕྱེས་ཏེ་ཉན་རང་རྣམས་ལ་རྐྱེན་ཉིད་འདི་པ་ཙམ་གྱི་སྟོང་པ་ཉིད་ཙམ་རྟོགས་པ་ནི་ཡོད་མོད་ཀྱི་འོན་ཀྱང་དེ་དག་གི་ཆོས་བདག་མེད་པ་སྒོམ་པ་ནི་ཡོངས་སུ་མ་རྫོགས་ལ་ཁམས་གསུམ་ཀུན་ཏུ་སྤྱོད་པའི་ཉོན་མོངས་རྣམས་སྤོང་བའི་ཐབས་ཙམ་གང་ཟག་གི་བདག་མེད་ནི་ཡོངས་སུ་རྫོགས་པ་ཡོད་པར་བཞག་གོ་ཞེས་གསུངས་པ་འདིས་གོང་དུ་ཇི་སྐད་བཤད་པ་ལྟར་ངེས་པ་དག་ལ་ཟླ་བའི་བཞེད་པར་ཐེ་ཚོམ་གྱི་སྨག་རྨང་མེད་དུ་དང་བར་འགྱུར་རོ། །དེས་ན་ལུང་དོན་གྱི་དགོངས་པ་འགྲེལ་ཚུལ་སྣ་ཚོགས་བྱུང་ཡང་དགོངས་པ་ལོན་མ་ལོན་ནི་ལུང་དང་རིགས་པའི་དཔང་པོ་ལ་གཏུགས་པ་ལས་སོ་སོའི་ཞེ་འདོད་ཀྱི་ཚིག་ཙམ་གྱིས་དོན་ཅི་ཡང་མི་འགྱུར་རོ། །
ཚུལ་འདི་མདོ་སྡེ་རྣམས་ལས་ཀྱང་གསལ་བར་གསུངས་ཏེ། མདོ་ལང་ཀར་གཤེགས་པ་ལས། གཞན་ཡང་བློ་གྲོས་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང་ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར། ཆོས་བདག་མེད་པ་མ་རྟོགས་ཤིང་བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཤི་འཕོ་བ་མ་ཐོབ་པས་ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ་ཐེག་པ་གཅིག་ཏུ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་དག་ནམ་ཉེས་པའི་བག་ཆགས་ཐམས་ཅད་སྤངས་ཤིང་ཆོས་ལ་བདག་མེད་པར་རྟོགས་པ་དེས་ནི་དེ་དག་བག་ཆགས་ཀྱི་ཉེས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པ་མེད་པར་གྱུར་ནས་ཟག་པ་མེད་པའི་དབྱིངས་ནས་སླར་ཟད་དེ། ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཆོས་རྣམས་ཡོངས་སུ་བསྐྱེད་ནས། ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་བྱེད་པར་འགྱུར་རོ། །ཞེས་དང་། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། སྒྲིབ་པ་གཉིས་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་པ་དང་། ཤི་འཕོ་རྣམ་པ་གཉིས་དང་བྲལ་བ་དང་། ཉོན་མོངས་པ་གཉིས་སྤངས་པའི་ཕྱིར་བློ་གྲོས་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་པ་ཉིད་ཡིན་ནོ། །བློ་གྲོས་ཆེན་པོ་ཆོས་དེ་དག་ནི་ཁོང་དུ་ཆུད་པས་ཉན་ཐོས་དང་རང་སངས་རྒྱས་ཀྱང་སངས་རྒྱས་པ་
ཉིད་ཡིན་ཏེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ཐེག་པ་གཅིག་ཏུ་བཤད་དོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཆོས་ལ་བདག་མེད་མཁས་པ་ཡིས། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བདེ་བར་གཤེགས་པའི་གནས་ཐོབ་སྟེ། །མངོན་སངས་རྒྱས་ཤིང་ཆོས་སྟོན་ཏོ། །ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང་། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་འགྱུར། །ཞེས་གསུངས་སོ། །གལ་ཏེ་འདི་སྙམ་དུ་ཆོས་བདག་མེད་རྟོགས་པ་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་ནི་ཁྱོད་འདོད་པ་ལྟར་མ་ཡིན་ཏེ་བདེན་མེད་རྟོགས་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་ཉན་རང་ལ་ཡོད་ཀྱང་བདེན་མེད་དེ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྟོགས་པ་མེད་ལ་ཐེག་ཆེན་པ་ལ་ཡོད་པའི་ཕྱིར་དེ་ཁོ་ན་ཉིད་ལ་བློ་ཤིན་ཏུ་རྒྱས་པར་འགྱུར་བའི་ཁྱད་པར་ཡིན་ནོ་ཞེས་མ་སྨྲས་སམ་སྙམ་ན། སྤྱིར་བདེན་མེད་མངོན་སུམ་མ་མཐོང་བའི་མོས་སྤྱོད་ཀྱི་ས་ན་རིགས་པའི་རྣམ་གྲངས་དུ་མས་དེ་ཁོ་ན་ཉིད་ལེགས་པར་གཏན་ལ་འབེབས་ནུས་ན་བློ་ཡི་ནུས་པ་དེ་ཙམ་བཟང་བ་ཡིན་མོད་ཀྱི་རིགས་པ་དེ་དག་བདེན་མེད་ལ་ངེས་པ་སྐྱེ་བའི་ཐབས་སམ་སྒོ་ཡིན་ལ་རིགས་པ་གང་ཡང་རུང་བ་གཅིག་གིས་ཀྱང་ངེས་པ་གཏིང་ཆོད་པ་རྙེད་པའི་ཚེ་ན་རིགས་པའི་སྒོ་མི་འདྲ་བ་དུ་མ་ནས་བརྟགས་ཀྱང་རྟོགས་བྱ་དེ་
ལ་སྔར་དང་མི་འདྲ་བའི་རྟོགས་རྒྱུ་རེ་རེ་མི་སྲིད་དེ། ཚད་མ་མདོ་ལས། ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་གསུངས་པ་ལྟར་རྟོགས་བྱ་གཅིག་གི་ལྡོག་པ་ནས་ཚད་མ་དུ་མས་ཡང་ནས་ཡང་དུ་ཤེས་པར་བྱ་བ་མི་འདྲ་བ་ཡོད་ན་རྟོགས་བྱ་གཅིག་ཀྱང་ཚད་མས་ལེགས་པར་རྟོགས་པ་མི་སྲིད་དེ། དེ་རྟོགས་བྱེད་ཀྱི་ཚད་མ་ལ་ཐུག་པ་མེད་པས་དེ་ཐམས་ཅད་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །དེས་ན་དུ་ལྡན་གྱི་ལ་ལ་དུ་བའི་རྟགས་ཀྱིས་མེ་ཡོད་ངེས་སུ་རྟོགས་པ་ལ་སླར་ཡང་ཡིད་ཆེས་པའི་ཚིག་སོགས་ཀྱི་རྟགས་ལས་དེ་ཡོད་པར་བསྟན་ཀྱང་རྟོགས་བྱ་སྔ་མ་ལས་སྐྱེད་འདོན་རྒྱུ་མེད་པ་བཞིན་ནོ། །དེའི་ཕྱིར་བདེན་དོན་མངོན་སུམ་མཐོང་བ་ལ་དེ་རྟོགས་བྱེད་ཀྱི་ཐབས་རིགས་པའི་རྣམ་གྲངས་རྒྱས་མི་རྒྱས་ཀྱིས་རྟོགས་པ་ལ་རྫོགས་མ་རྫོགས་སམ་བཟང་ངན་ཡོད་པར་ཇི་ལྟར་འགྱུར་ཏེ། མེ་མངོན་སུམ་མཐོང་ནས་སྒྲོ་འདོགས་ཆོད་པའི་བློ་དེ་མེ་སྒྲུབ་བྱེད་ཀྱི་རྟགས་མང་པོ་ཤེས་མི་ཤེས་ཀྱིས་བཟང་ངན་དུ་མི་འགྱུར་བ་བཞིན་ནོ། །སྤྱིར་དེ་ཉིད་གཏན་ལ་འབེབས་བྱེད་རིགས་པའི་རྣམ་གྲངས་སྣ་ཚོགས་ཤེས་མི་ཤེས་ཀྱི་བློ་ལ་ཁྱད་པར་ཡོད་མོད་ཀྱང་། དེ་ནི་བཟོ་གནས་སོགས་མང་པོ་དང་ཉུང་ངུ་ཤེས་པ་བཞིན་དུ་ཇི་སྙེད་པའམ་ཐ་སྙད་སྟོན་པའི་བསྟན་བཅོས་ལ་མཁས་མི་མཁས་སུ་འགྱུར་གྱི་ཇི་ལྟ་བ་
མངོན་སུམ་རྟོགས་པའི་བློ་ཡི་བཟང་ངན་དེ་ཙམ་གྱི་རྗེས་སུ་འགྲོ་ན་ཧ་ཅང་ཐལ་ཏེ། དཔེར་ན་གནས་བརྟན་རྟ་ཐུལ་གྱིས། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུར་ལྡན་འབྱུང་དང་། །ཞེས་སོགས་ཚིགས་བཅད་གཅིག་ལན་གཅིག་བརྗོད་པ་ལས་ཤཱ་རིའི་བུས་བདེན་པ་མཐོང་བ་དང་། ཤཱ་རིའི་བུས་ཚིགས་བཅད་དེ་ལན་གཉིས་བརྗོད་པ་ལས་མཽ་གལ་གྱི་བུས་བདེན་པ་མཐོང་བ་ལྟ་བུ་ཐབས་ཉུང་ངུ་ལ་བརྟེན་ནས་རྟོགས་པ་སྐྱེས་པ་དེ་དང་། ཕྱིས་ཀྱི་ཉན་ཐོས་པའི་ལམ་ཞུགས་དག་གིས་རིགས་པ་དུ་མས་བདེན་དོན་གཏན་ལ་ཕབ་ནས་རིང་མོ་ཞིག་ན་རྟོགས་པའི་རྟོགས་པ་གཉིས་ལས་མཆོག་ཟུང་གཉིས་ཀྱི་རྟོགས་པ་དེ་ཕྱི་མ་ལས་དམན་པར་མི་འགྱུར་བ་བཞིན་ནོ། །རིགས་པའི་རྣམ་གྲངས་ཉུང་ངུས་རྟོགས་པའི་རྟོགས་པ་དམན་ལ་རིགས་པའི་རྣམ་གྲངས་མང་པོའི་སྒོ་ནས་རྟོགས་པའི་རྟོགས་པ་བཟང་ན། མགོ་སྨྲོས་པས་གོ་བ་རྣམས་ཀྱི་རྟོགས་པ་དམན་ལ་རྣམ་པར་སྤྲོས་པས་གོ་བ་རྣམས་ཀྱི་རྟོགས་པ་བཟང་དགོས་ན་དེ་ནི་མི་རིགས་ཏེ་དབང་པོ་རྣོན་པོའི་རྟོགས་པ་བཟང་དགོས་པའི་ཕྱིར་རོ། །དེ་ཡང་དབང་པོའི་སྒོ་ནས་ཡིན་གྱི་རྟོགས་བྱེད་དམ་རྟོགས་ཐབས་ཀྱི་སྒོ་ནས་ནི་མ་ཡིན་ཏེ་རྟོགས་བྱེད་ཀྱི་ཐབས་གང་གིས་རྟོགས་ཀྱང་དོན་འདྲ་བའི་ཕྱིར་རོ། །གཞན་ཡང་ཉན་ཐོས་པ་དག་གིས་རིགས་པའི་སྒོ་ཉུང་ངུ་ལ་བརྟེན་ནས་ཤེས་བྱ་ཐམས་ཅད་
བདེན་མེད་དུ་རྟོགས་ནུས་པའི་ཚེ་དེ་གཏན་ལ་འབེབས་བྱེད་རིགས་པའི་རྣམ་གྲངས་སྣ་ཚོགས་པ་ཤེས་པར་ཡང་རིགས་ཏེ། རྟོགས་བྱ་མཐའ་དག་མངོན་སུམ་ཁོང་དུ་ཆུད་ནུས་པའི་བློ་ལྡན་དེས་རྟོགས་བྱེད་ཀྱི་རིགས་པ་ཙམ་ཁོང་དུ་ཆུད་པ་ནི་སྔ་མ་ལས་ཀྱང་སླ་བའི་ཕྱིར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་གསུང་གི་མཛོད་ཀྱི་སྙིང་པོར་གྱུར་པ་རིན་ཆེན་རིན་ཐང་མེད་པ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དོན་ལེགས་པར་ཁོང་དུ་ཆུད་ན་དེ་ཁོ་ནས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཁོང་དུ་ཆུད་པར་འགྱུར་བ་དང་། གཟུངས་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་དང་སྙིང་རྗེ་ཆེན་པོ་དང་ཕ་རོལ་ཏུ་ཕྱིན་པ་དང་ས་དང་མཐའ་གཉིས་ལ་མི་གནས་པའི་ཐབས་མཁས་ལ་སོགས་པ་ལམ་དང་འབྲས་བུའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྡུད་པར་གསུངས་པས་ན། དེ་གང་གི་རྒྱུད་ལ་ལྡན་པ་ཙམ་གྱིས་དེ་དག་སྡུད་པར་རིགས་པས་ན་ཉན་ཐོས་པ་ལའང་དེ་འདྲའི་རྟོགས་པ་ཡོད་ན་ཡོན་ཏན་དེ་དག་ཀྱང་འབྱུང་བར་རིགས་ཏེ་དེ་ཁོ་ན་ཉིད་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་སྣ་ཚོགས་ཤེས་པ་ཙམ་ལྟ་ཅི་སྨོས་པར་འགྱུར་རོ། །འདི་ལྟར་ཉན་ཐོས་པ་དག་ཐེག་ཆེན་པ་ལས་དབང་པོ་ནི་རྟུལ། ཚོགས་ནི་དམན། དེ་དག་གི་གཞུང་ན་དེ་ཁོ་ན་ཉིད་རྟོགས་བྱེད་ཀྱི་རིགས་པའི་སྒོ་ནི་མི་རྒྱས། རང་ཉིད་འཁོར་བ་ལས་ཐར་པའི་ཐབས་
སུ་གང་ཟག་གི་བདག་མེད་ཙམ་རྟོགས་པ་ལ་ནན་ཏན་བྱེད་ཀྱི་ཐེག་ཆེན་ནས་བསྟན་པའི་སྟོང་ཉིད་ལ་ནན་ཏན་ལྷུར་མི་བྱེད་པས་ཀྱང་ཚེ་གཉིས་སམ་གསུམ་ལ་སོགས་པ་དུས་ཐུང་ངུས་ཆོས་ཉིད་ཀྱི་བདེན་པ་མཐར་ཐུག་པ་མངོན་སུམ་དུ་མཐོང་ནུས་ལ། སྔ་མ་ལས་བཟློག་པའི་ཡོན་ཏན་རབ་ཏུ་ཚང་བ་ཐེག་ཆེན་གྱི་ལམ་དུ་ཞུགས་པའི་དབང་པོ་རྣོན་པོས་ཀྱང་བསྐལ་པ་གྲངས་མེད་གཅིག་གི་བར་དུ་བདེན་དོན་མཐོང་མི་ནུས་པ་ཅི་ཡིན་ཞེས་ཁྱེད་ལ་འདྲི་ན་མགྲིན་པ་གཟེངས་བསྟོད་དེ་སྨྲ་བར་མཛོད་ཅིག །མྱུར་དུ་རྟོགས་ན་སྙམ་པའི་འདུན་པ་མེད་པ་ནི་མ་ཡིན་ཏེ་ཚེ་འདི་ལ་མཐོང་བའི་ལམ་གྱི་ཡེ་ཤེས་མངོན་དུ་གྱུར་ཀྱང་དེ་ལྟར་མི་འདོད་པའི་བྱང་སེམས་སུ་ཡང་མེད་དོ། །བརྩོན་པ་ཞན་པས་ཀྱང་མ་ཡིན་ཏེ་མཆོག་ཏུ་བརྩོན་ཀྱང་གྲངས་མེད་གཅིག་ཏུ་འགོར་བར་གསུངས་སོ། །ཤེས་རབ་དང་ཚོགས་ཀྱི་ཁྱད་པར་སོགས་ནི་ཐེག་ཆེན་པ་བཟང་ཞིང་དེ་དག་རྟོགས་པ་མྱུར་བའི་རྒྱུ་ཡིན་གྱི་བུལ་བའི་རྒྱུ་མིན་པ་ནི་སྨྲོས་མ་དགོས་སོ། །དེ་བཞིན་དུ་བདེན་པ་མཐོང་བའི་བྱང་སེམས་ཀྱིས་སླར་ཡང་གྲངས་མེད་གཅིག་གི་ཚོགས་གཉིས་བསགས་པའི་རང་འབྲས་ཀྱི་རྟོགས་པ་ལ་བརྟེན་ནས་བདེན་འཛིན་ས་བོན་དང་བཅས་པ་སྤོང་བའང་ཉན་རང་གིས་དུས་ཤིན་ཏུ་ཐུང་ངུས་འགྲུབ་པའི་རྒྱུ་མཚན་བརྗོད་དགོས་སོ། །མདོ་ཙམ་བརྗོད་པའོ། །ཡང་སྤྲུལ་པའི་སྐུ་གང་གི་ཞལ་ནས། ཀུན་རྫོབ་དག་ནི་དོན་
དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་རྐང་པ་དང་པོ་གཉིས་ཀྱིས་ཤེས་བྱ་དབྱེ་གཞི་བྱས་ནས་དེ་ལ་བདེན་པ་གཉིས་སུ་གྲངས་ངེས་པར་བསྟན། ཕྱི་མ་གཉིས་ཀྱིས་བདེན་གཉིས་སོ་སོའི་ངོ་བོ་བསྟན་པའོ། །ཞེས་དང་། བདེན་པ་གཉིས་ཀྱི་ངོ་བོའང་བཞག་ཏུ་ཡོད་དེ། གཉིས་སྣང་གི་བློའི་སྤྱོད་ཡུལ་དུ་གྱུར་པ་གང་ཞིག །བློ་དེས་རང་ཉིད་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ནི་ཀུན་རྫོབ་བདེན་པ་དང་། གཉིས་སྣང་གི་བློའི་སྤྱོད་ཡུལ་དུ་མ་གྱུར་པ་གང་ཞིག་རང་མངོན་སུམ་དུ་རྟོགས་པའི་བློ་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དོན་དམ་བདེན་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་དང་། འདིར་དེང་སང་གི་སྤྱོད་འཇུག་ཊཱི་ཀ་བྱེད་པ་ཁ་ཅིག་གིས་ལུགས་འདིའི་དོན་འགྲེལ་བ་ན། དེའི་ཕྱིར་དངོས་པོའི་གནས་ཚུལ་དོན་དམ་པ་ནི་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་མིན་གྱི་མཐའ་ཀུན་དང་བྲལ་བས་བློ་ཡི་སྤྱོད་ཡུལ་མ་ཡིན་ཏེ། བློ་དང་སྒྲ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་མ་ཡིན་པའི་ཕྱིར་རོ་ཞེས་ཚིག་རྐང་སྔ་མ་དམ་བཅའ་དང་ཕྱི་མ་རྟགས་སུ་བྱས་ཏེ་འགྲེལ་བ་ནི་མི་འཐད་དེ། ཀུན་རྫོབ་བདེན་པ་ཡིན་ན་དོན་དམ་མི་འཇལ་བས་མ་ཁྱབ་པའི་ཕྱིར། མ་གྲུབ་ན་དོན་དམ་བདེན་པ་ཆོས་ཅན།
གཏན་མེད་པར་ཐལ། བློའི་གཞལ་བྱ་མ་ཡིན་པའི་ཕྱིར། འདོད་ན་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་མ་ཡིན་པར་ཐལ། གཅིག་ཤོས་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ་བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ། །ཞེས་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་མེད་ན་མི་འབྱུང་ངམ་བདག་གཅིག་གི་འབྲེལ་བར་ངེས་ཤིང་བྱས་དང་མི་རྟག་བཞིན་ཡིན་པ་གསལ་བར་གསུངས་པའི་ཕྱིར་དང་། གཞན་ཡང་དེ་ཆོས་ཅན། བློའི་ཡུལ་ཡིན་པར་ཐལ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཞལ་བྱ་ཡིན་པའི་ཕྱིར་ཏེ། འཇུག་འགྲེལ་ལས། དེ་ལ་དོན་དམ་པ་ནི་ཡང་དག་པར་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཡུལ་ཉིད་ཀྱི་བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི་ཞེས་དང་། མདོ་ལས་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་རབ་ཏུ་གཟིགས་རབ་ཏུ་མཁྱེན། ཞེས་དང་། ཚིག་གསལ་ལས་ཀྱང་། དེ་མེད་ན་བྱང་སེམས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ལམ་སྟོན་པ་དོན་མེད་པར་ཐལ་བ་སོགས་ཀྱི་རིགས་པ་སྟེ་ལུང་རིགས་ཀྱི་གནོད་པ་བཟློག་ཏུ་མེད་དོ། །ཡང་ཁྱོད་ཀྱིས་ དེའི་འོག་ཏུ ་ཐ་སྙད་དུ་ནི་འཕགས་པའི་མཉམ་བཞག་ཡུལ་ཅན་དང་ཆོས་ཀྱི་དབྱིངས་ཡུལ་དུ་
བྱས་པ་ལ་བརྟེན་ནས་ཤེས་བྱ་ཡིན་ཞེས་བརྗོད་རུང་གི་དོན་དམ་པར་དེ་བཞིན་ཉིད་གཟུང་བྱའམ་ཤེས་བྱ་ཡིན་སྨྲ་ན་ཚིག་དེ་དངོས་ཤུགས་མི་འགལ་ལམ་ཞེས་ཕྱོགས་སྨྲ་བའི་རིགས་པ་ལ་ཟུར་ཟ་བ་སྐད་དུ་སྣང་ཡང་དེ་ནི་ཕྱོགས་སྨྲ་བ་ལ་ཅི་ཡང་མི་གནོད་པའི་ཁར་རང་གི་ནང་ཆ་སྟོན་པར་ངེས་ཏེ། ཕྱོགས་སྨྲ་བས་དོན་དམ་བདེན་པ་ཡུལ་དུ་འདོད་ཅེས་སྨྲས་པ་ལས། དོན་དམ་པ་དེ་བཞིན་ཉིད་གཟུང་བྱའམ་ཤེས་བྱ་ཡིན་ཞེས་མ་སྨྲས་པས་གནོད་བྱེད་དུ་མི་འགྱུར་ལ། རང་གིས་དོན་དམ་བདེན་པ་ཤེས་བྱ་ཡིན་མིན་དཔྱད་པ་དང་། དོན་དམ་པར་ཡོད་མེད་དཔྱད་པ་གཉིས་ཀྱི་སྐབས་མ་ཕྱེད་པའི་རང་མཚང་ཤིན་ཏུ་གསལ་པོར་བྱས་པའི་ཕྱིར་རོ། །ཡང་འདི་དག་གིས་ལུང་རིགས་སྔ་མའི་གནོད་བྱེད་བཟློག་ཏེ་གོང་གི་འབྲེལ་ངག་འཐད་པར་འགྱུར་སྙམ་ན་མི་འཐད་དེ། ཁྱེད་ཀྱིས་ཐ་སྙད་དུ་དེ་བཞིན་ཉིད་ཤེས་བྱར་འདོད་པ་དེ་བཞིན་དུ་བདེན་གཉིས་ཀྱི་རྣམ་བཞག་ཀྱང་ཐ་སྙད་དུ་བྱས་པར་མངོན་ལ། འདོད་ཀྱང་དགོས་ཏེ་ཀུན་རྫོབ་ཀྱི་རྣམ་བཞག་ཐ་སྙད་དུ་བྱེད་དགོས་པ་གང་ཞིག །དོན་དམ་བདེན་པའང་དེ་ལྟར་བྱེད་དགོས་པའི་ཕྱིར། སྔ་མ་ལ་དོགས་པ་མེད་ཅིང་། ཕྱི་མ་གྲུབ་སྟེ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། གལ་ཏེ་དེ་ལྟར་ནའང་ཇི་ལྟར་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པ་གསུང་ཞེ་ན། དེའི་བདག་ཉིད་དུ་
འཇིག་རྟེན་ན་མི་སླུ་བའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཁོ་ནས་དོན་དམ་པའི་བདེན་པར་གསུངས་སོ་ཞེས་གསུངས་པའི་ཕྱིར་དེ་ལྟར་འདོད་དགོས་ཤིང་འདོད་ན་རྒྱལ་སྲས་ཆེན་པོའི་གསུང་ཚིག་རྐང་པ་གཉིས་པོ་དེ་དག་ཀྱང་བདེན་གཉིས་ཀྱི་རྣམ་བཞག་འཆད་བྱེད་ཡིན་པས་བདེན་གཉིས་ཀྱི་ཐ་སྙད་དུ་རྣམ་པར་བཞག་པར་འདོད་དགོས་ཏེ་རྒྱུ་མཚན་སྔ་མ་དེའི་ཕྱིར། ཚིག་རྐང་སྔ་མས་དེ་ཁོ་ན་ཉིད་དོན་དམ་པར་བློའི་ཡུལ་མིན་པར་དམ་བཅའ་ཞེས་འགྲེལ་བ་ནི་གཏན་ནས་མི་འཐད་པ་ཉིད་དུ་གསལ་ལོ། །དེས་ན་བདེན་པ་གཉིས་པོ་དེ་དག་གཉིས་སྣང་གི་བློའི་ཡུལ་ཡིན་མིན་གྱི་སྒོ་ནས་འཆད་པ་ལས་འོས་མི་འདུག་སྟེ་དོན་ལ་གནས་པས་སོ། །ཁྱོད་ཀྱིས་ད་དུང་འདིའི་གོང་འོག་རྣམས་སུ་འདི་དང་རིགས་མཐུན་པར་དགོས་མེད་ཀྱི་དགག་བཞག་དང་། ལུང་དོན་ལ་དྲང་ངེས་སྐབས་མ་ཕྱེད་པར་ཕྱིན་ཅི་ལོག་ཏུ་འགྲེལ་བ་ནི་ཆེས་མང་ཡང་དོན་གྱི་སྙིང་པོས་དབེན་ཕྱིར་རྟོག་དཔྱོད་བྱེད་དུ་མི་ལངས་སོ། །གཞུང་ལུགས་ཟབ་མོར་དཔྱད་པའི་བློ་སྟོབས་ཞན། །འཁྱོགས་བཤད་ལྤགས་པའི་གཤོག་པ་ལ་བརྟེན་ནས། །ཟབ་དོན་གནམ་འཕང་གཅོད་དུ་སྨོན་པ་རྣམས། །དཔྱད་གསུམ་འཕྲང་ལ་གཞལ་ཚེ་རང་མཚང་ངོམས། །ཞེས་བྱས་སོ། །ཞེས་པའི་བར་གྱིས་སུན་འབྱིན་བརྗོད་པར་བྱེད་དོ། །དེ་ལ་ཇི་སྐད་བཤད་པ་དེ་དག་གིས་གནོད་པ་མེད་པའི་ཚུལ་གྱིས་ལན་བརྗོད་པར་བྱ་སྟེ།
དེ་ཡང་གཉིས་སྣང་ཡོད་མེད་ཀྱི་བློའི་ཡུལ་གྱི་ཁྱད་པར་ཕྱེས་ནས་འཆད་པ་ལ་སྐྱོན་མེད་མོད། གཞུང་ཚིག་བཅོས་མེད་ལྟར་སྔ་རབས་པའི་འཆད་ཚུལ་ལྟར་བྱས་ཀྱང་འཆད་ཚུལ་ཅིག་ཤོས་དང་གནད་མཐུན་ལ་སོ་སོའི་ཞེ་འདོད་ཀྱི་བཞེད་པ་སྐྱོན་མེད་རེ་ཡོད་པས་གང་ཡང་རིགས་པ་རྣམ་དག་གིས་སུན་ཕྱུངས་མི་ནུས་པར་མཐོང་ངོ་། །ཇི་ལྟར་གནད་མཐུན་ན་ཐ་སྙད་དུ་དོན་དམ་རྟོགས་པའི་བློ་ཞིག་སུའི་ལུགས་ལའང་ཡོད་པ་སྨོས་མ་དགོས་ལ། བློ་དེའང་གཉིས་སྣང་མེད་པའི་ཁྱད་པར་དང་བཅས་པ་སུའི་ལུགས་ལའང་ཡིན་པས་ན་དོན་དམ་མངོན་སུམ་རྟོགས་པའི་བློ་རང་གི་ཚུལ་ལ་གཞལ་ན་ཡུལ་གྱི་རྣམ་པར་སྣང་བ་དང་དེ་ལ་ལྟོས་པའི་བློའི་རྣམ་པ་མེད་པར་སྤྲོས་པ་ཉེ་བར་ཞི་བ་གང་ཞིག་ཐ་སྙད་ཀྱིས་ཇི་བཞིན་དུ་བསམ་པར་དཀའ་བ་ཉིད་དུ་བསྟན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མིན་པར་གཉིས་སྣང་ནུབ་བཞིན་པའི་བློ་རང་ངོར་ཡང་ཡུལ་དང་བློའི་རྣམ་པ་ཡོད་པར་འདོད་ན་གཉིས་སྣང་མེད་པར་ཡང་ཇི་ལྟར་འགྱུར། དོན་ལ་གཉིས་སུ་ཡོད་ཀྱང་དེར་མ་སྣང་བ་ཙམ་ཡིན་ན་ནི་དོན་གྱི་གནས་ཚུལ་ཇི་ལྟ་བ་བཞིན་རྟོགས་པའི་བློར་མི་འགྱུར་ཏེ་གནས་སྣང་མི་མཐུན་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་ཡེ་ནས་དེ་བཞིན་ཉིད་བརྗོད་པ་དང་བྲལ་བའི་ངོ་བོར་གཉིས་སུ་མེད་པར་གནས་སུ་ཟིན་ཀྱང་འཁྲུལ་བའི་དབང་གིས་དེ་ལྟར་མ་རྟོགས་པ་ལམ་གོམས་སྟོབས་ཀྱིས་
བསལ་ནས་ད་ལྟ་མངོན་དུ་མཐོང་བ་ཡིན་པར་རིགས་པར་བྱའོ། །དེའི་ཕྱིར་མདོ་དང་བསྟན་བཅོས་ཀུན་ན་ཐ་སྙད་ཀྱི་དབང་དུ་བྱས་ཏེ་དོན་དམ་ཤེས་བྱ་ཡིན་པ་དང་ཡུལ་ཡིན་པ་སོགས་ཇི་སྙེད་གསུངས་པ་དང་། མཉམ་བཞག་མི་རྟོག་པའི་ཡེ་ཤེས་ཀྱིས་ཇི་ལྟར་རྟོགས་པ་དང་རྗེས་སུ་མཐུན་པར་ཤེས་དང་ཤེས་བྱ་ཡུལ་དང་ཡུལ་ཅན་ལ་སོགས་པའི་སྤྲོས་པའི་དྲ་བ་གང་ཡང་མེད་པར་བརྗོད་བྲལ་སོ་སོ་རང་གིས་རིག་པར་བྱ་བའི་དོན་ཟབ་མོ་བསྟན་པ་དེ་དག་སོ་སོའི་དགོངས་པ་བཞིན་དུ་འཇོག་མ་ཤེས་པར་གསུང་རབ་ཀྱི་གཞུང་ཕྱོགས་གཅིག་ཁོ་ནར་ཞེན་ན། མདོ་སྡེ་རྒྱན་ལས། དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཅེས་གསུངས་པ་ལྟར་ཡང་ན་དོན་དམ་ཡུལ་མིན་པས་དེ་རྟོགས་བྱ་མིན་ཞིང་གཏན་ལ་འབེབས་སུ་མེད་པར་ཁས་ལེན་པའམ། ཡང་ན་བསམ་གྱིས་མི་ཁྱབ་པའི་དོན་ལ་རྟོག་གེའི་བསམ་པས་ཁྱབ་པར་བྱས་ནས་དེ་འདྲའི་ཚུལ་དུ་སྤྲོས་པ་ཉེ་བར་ཞི་བའི་དེ་བཞིན་ཉིད་ཀྱི་དོན་བཤད་པས་དེ་བཞིན་གཤེགས་པའི་གསུང་གི་གནད་ཐམས་ཅད་ཉམས་པར་བྱེད་ལ། དེས་ནི་ལྟར་སྣང་ཇི་ལྟར་མཛེས་པར་བཤད་ཀྱང་ཐེག་ཆེན་གྱི་གནད་བཅོམ་པའི་ཕྱིར་སྲོག་དང་བྲལ་བར་བྱས་པའི་ལུས་ལ་རྒྱན་འདོགས་པ་ལྟར་བསྟན་པ་ལ་ཡང་དག་
པར་ཕན་པར་མི་འགྱུར་བས་ན་ཚུལ་འདི་ལ་བོད་སྔ་ཕྱིའི་མཁས་པ་རྣམས་ཀྱི་དགོངས་པ་གཅིག་ཏུ་འཛིན་པར་བྱའོ། །དེ་ལ་དོན་དམ་པ་ནི་གཉིས་ཏེ་རྣམ་གྲངས་པ་དང་། རྣམ་གྲངས་མིན་པའི་དོན་དམ་མོ། །དང་པོ་ནི་རྣམ་པ་ཀུན་ཏུ་བློའི་ཡུལ་ཏེ་དེ་ནི་བདེན་སྟོང་གི་ལྡོག་པ་ཙམ་ཡིན་པས་བློའི་བྱེ་བྲག་ཡིད་རྟོག་བཅས་ཀྱི་ཡུལ་ཙམ་མོ། །དེ་དོན་དམ་མཚན་ཉིད་པ་མིན་ཀྱང་དོན་དམ་རྟོགས་པའི་སྒོར་གྱུར་པའི་ཕྱིར་མཐུན་པའི་དོན་དམ་མམ་རྣམ་གྲངས་པའི་དོན་དམ་ཞེས་གཞུང་རྣམས་སུ་བརྡའ་གདགས་པར་མཛད་དོ། །དེ་འདྲའི་བདེན་གཉིས་སུ་ཕྱེ་བའི་ཡ་གྱལ་གྱི་བདེན་སྟོང་དང་རྟེན་འབྱུང་གི་སྣང་བ་གཉིས་པོ་ལྡོག་པ་ཙམ་གྱི་ཆ་ནས་ཐ་དད་ཀྱང་། ཇི་ལྟར་བྱས་པ་དང་མི་རྟག་པ་དོན་གྱི་དངོས་པོའི་སྟེང་ན་ཐ་དད་མེད་པ་བཞིན། སྟོང་དང་སྣང་བ་གཉིས་པོ་ངོ་བོ་དབྱེར་མེད་པའི་རང་བཞིན་མཐའ་གང་དུའང་མི་གནས་པ་བཅོས་མིན་གཤིས་ཀྱི་གནས་ལུགས་དེ་ལ་བདེན་པ་དབྱེར་མེད་དམ་བདེན་གཉིས་ཟུང་འཇུག་ཅེས་བྱ་སྟེ། རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་པ་ལྟར་བདེན་པ་དབྱེར་མེད་བརྗོད་བྲལ་སོ་སོ་རང་གིས་རིག་པར་བྱ་བའི་དེ་བཞིན་ཉིད་དེར་བདེན་གཉིས་ངོ་བོ་གཅིག་པར་འགྱུར་རོ། །དེ་ལྟར་བདེན་པ་
གཉིས་ཀྱི་རང་ལྡོག་ནས་ཐ་དད་ན་ཡང་གང་དུ་ངོ་བོ་གཅིག་པའི་ངོ་བོ་དེ་ནི་ཐ་སྙད་དུ་དོན་དམ་གྱི་ངོ་བོ་ཞེས་བརྗོད་དེ། དོན་དམ་པའི་ངོ་བོ་མངོན་སུམ་མཐོང་བའི་འཕགས་པ་རྣམས་ཞེས་སོགས་གསུངས་པ་བཞིན་ནོ། །དེ་ཉིད་ལ་རྣམ་གྲངས་མིན་པ་དང་། གནས་ལུགས་མཐར་ཐུག་པ་དོན་དམ་པའི་བདེན་པ་དང་སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ལ་སོགས་པའི་མིང་གི་རྣམ་གྲངས་དུ་མས་བརྗོད་པར་མཛད་དོ། །ཆོས་ཅན་སོ་སོའི་སྟེང་ན་བདེན་གྲུབ་བཅད་ཙམ་གྱི་ལྡོག་ཆ་དེ་དོན་དམ་ཙམ་ཡིན་ཀྱང་དོན་དམ་མཐར་ཐུག་པ་མིན་ཏེ། མེད་དགག་ཙམ་དང་། ལྡོག་པ་ཙམ་དང་། རྟོགས་པའི་གཟུགས་བརྙན་ཙམ་དང་། ཉི་ཚེ་བའི་ཆོས་ཙམ་ཡིན་པས་ན། མཐའ་ཐམས་ཅད་ལ་མི་གནས་པའི་ཆོས་ཉིད་དགག་སྒྲུབ་ཀྱི་སྤྲོས་པ་ལས་འདས་པ་གང་ཞིག །རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཅན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་མི་རུང་ངོ་། །དེའི་ཕྱིར་བློའི་སྤྱོད་ཡུལ་ཡིན་མིན་དཔྱད་པ་སོགས་ཀྱི་སྐབས་སུ་རྣམ་གྲངས་མིན་པ་ལ་བརྗོད་ཀྱི་རྣམ་གྲངས་པའི་དོན་དམ་ལ་བརྗོད་དོན་མེད་དེ། རྣམ་གྲངས་པའི་དོན་དམ་ནི་ལས་དང་པོ་པས་སྟོང་ཉིད་ལ་རིམ་གྱིས་འཇུག་པའི་སྐབས་སུ་རྟོག་ངོར་བྱས་པ་ཙམ་ལས་འཕགས་པའི་མཉམ་བཞག་ཡེ་ཤེས་རྟོག་བྲལ་ལྟ་བུ་གཉིས་སྣང་ནུབ་པའི་བློ་ལ་
ཁོ་འདྲ་བ་རྒྱུ་བའི་ས་ག་ལ་ཡོད་དེ། འཁོར་ལོས་སྒྱུར་བའི་ཁྲི་ལ་མུ་ཏོ་བ་འདུག་པའི་དབང་མེད་པ་བཞིན་ནོ། །ཇི་ལྟར་ཞེ་ན་འཕགས་པ་སློབ་པའི་མཉམ་བཞག་སྣང་མེད་དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་སྟོང་ཉིད་མངོན་དུ་བྱས་པའི་ཚེ། དེའི་ངོར་ཆོས་ཅན་བུམ་སོགས་ཀྱང་མི་སྣང་། དགག་བྱ་བདེན་གྲུབ་ཀྱི་རྣམ་པར་འཛིན་པའང་མེད་ན་ཇི་ལྟར་ན་བདེན་མེད་ཅེས་པའི་ལྡོག་པ་དེ་ཡུལ་དུ་བྱེད་དེ། བདེན་མེད་ཅེས་པའི་འཛིན་སྟངས་ཀྱི་ཡུལ་དེ་ནི་དགག་བྱ་བདེན་གྲུབ་བཅད་པ་ལ་ལྟོས་ནས་ཡིད་ངོར་འཆར་གྱི་སྒྲུབ་པ་རང་དབང་བའི་ཚུལ་དུ་འཆར་བ་མི་སྲིད་དོ། །གལ་ཏེ་ཆོས་ཅན་དང་དགག་བྱ་ལ་མ་ལྟོས་པར་ཡུལ་དུ་ཤར་ན་དོན་དམ་པ་རང་གི་ངོ་བོས་གྲུབ་པའི་ཕྱིར་གཞན་སྟོང་པ་དག་དགག་པའི་འོས་སུ་འགྱུར་རོ། །གཞན་ཡང་དོན་དམ་དཔྱོད་པའི་རྗེས་དཔག་གམ་དོན་དམ་མངོན་སུམ་རྟོགས་པའི་ཡེ་ཤེས་ཀྱིས་ཡུལ་གྱི་ངོ་བོ་འདི་ཞེས་རྙེད་པའམ་གཟིགས་སོ་ཞེས་ནན་གྱིས་ཁས་ལེན་པ་དེ་དག་གིས་གཞན་སྟོང་ཇི་ལྟར་བཀག་ཀྱང་རང་གི་ཞེ་ཕུག་གཞན་སྟོང་གིས་དབང་བྱས་པ་མ་ཚོར་བ་ཙམ་དུ་ཟད་དོ། །དེས་ན་འཕགས་པའི་ཡེ་ཤེས་རྟོག་པ་མེད་པས་དོན་དམ་བདེན་པའི་རང་མཚན་གཟིགས་པ་དེ་ནི་མཐའ་ཀུན་གྱིས་སྟོང་པའི་བདེན་པ་དབྱེར་མེད་བརྗོད་བྲལ་གྱི་གནས་ལུགས་དེ་
གཉིས་སུ་མེད་པའི་ཚུལ་གྱིས་གཟིགས་པ་ཡིན་ནོ། །དེ་ལྟ་བུའི་དོན་དམ་དེ་ཡང་བློའི་ཡུལ་ཡིན་པའི་ཐ་སྙད་བྱེད་པ་ཙམ་ནི་སྐབས་འདིར་དཔྱད་མི་དགོས་ཏེ་དེ་ལ་དོགས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ན་འདིར་དོན་དམ་པ་དེ་མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར་དོན་དམ་གཏན་ལ་འབེབས་པའི་སྐབས་ཡིན་པས་ཐ་སྙད་ཙམ་དུའང་ཡུལ་མིན་པ་ནི་སུས་ཀྱང་ཤེས་སུ་མི་རུང་བའི་ཕྱིར་དེ་གཏན་ལ་འབེབས་པ་མི་སྲིད་པའི་ཕྱིར་ན་དོན་དམ་པ་བློའི་ཡུལ་མིན་ཞེས་བརྗོད་ཀྱང་ཐ་སྙད་བཏགས་པའི་ཡུལ་ཡིན་པ་འགོག་པའི་དོན་དུ་གོ་བར་མི་འགྱུར་རོ། །འོ་ན་ཇི་ལྟར་ཡིན་སྙམ་ན་དོན་དམ་གཏན་ལ་འབེབས་ཤིང་རིགས་པས་བདེན་སྟོང་དུ་བསྒྲུབ་པའི་ཚེ་བསྒྲུབ་བྱ་སྟོང་པ་ཉིད་ལ་དམིགས་པའི་སྤྱོད་ཡུལ་ཅན་དུ་བཟུང་ནས་དོན་དམ་སྤྲོས་པ་ལས་འདས་པར་རྟོགས་དཀའ་བས་ན་དེ་ལྟར་བསྟན་ཏེ། དཔེར་ན་ནམ་མཁའ་ལ་བལྟ་བར་བྱར་མེད་ཅེས་བརྗོད་པ་ན། །འཇིག་རྟེན་ན་མིག་ནམ་མཁའ་ལ་གཏོད་ཅིང་ལྟ་བར་བྱེད་པ་ཙམ་མེད་ཅེས་བརྗོད་དོན་མེད་ལ་ཡོད་ཅེས་ཀྱང་བརྗོད་མི་དགོས་ཏེ་མ་བརྗོད་ཀྱང་ངེས་ཟིན་པ་བཞིན་ནོ། །དེས་ན་ཚིག་དེས་འཇིག་རྟེན་ན་ནམ་མཁའ་ལ་བལྟ་བར་བྱེད་དོ་ཟེར་ཀྱང་ཡང་དག་པར་ན་ནམ་མཁའ་ལ་གཟུགས་གང་ཡང་མེད་པས་བལྟ་བར་བྱར་མེད་ཅེས་བརྗོད་པའི་དོན་ཡིན་པ་དང་འདྲ་བར་དོན་དམ་པ་ནི་དམིགས་པའི་སྤྱོད་ཡུལ་ཀུན་གྱིས་སྟོང་པའི་ཕྱིར་བློས་གཟུང་
བར་བྱ་བའི་ཡུལ་མིན་ཞེས་སྟོན་ཏེ། མདོ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ཞེས་དང་། དོན་དམ་པ་མཐོང་བ་ནི་ཅི་ཡང་མ་མཐོང་བའི་ཚིག་བླ་དྭགས་སོ། །ཞེས་སོགས་གསུངས་པ་དང་། བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་པའི་མདོ་ལས། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་ལ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ་ཞེས་དང་། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་དང་། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་བཞིན་ནོ། །ཟབ་མོའི་དོན་བཤད་པ་ལ་སྐྲག་ནས་མ་གུས་པའི་ཚིག་བརྗོད་པར་མི་བྱ་སྟེ་རང་གི་ནང་གི་དེ་ཉིད་བསྟན་པ་ཙམ་ལས་དོན་དམ་ཟབ་མོ་སུས་ཀྱང་མི་ཁེགས་ལ་ཐེག་ཆེན་གྱི་ཆོས་ལ་
རྒྱབ་ཀྱིས་ཕྱོགས་པའི་ཉེས་པ་ཚད་མེད་པའི་ཕྱིར་རོ། །དེ་ལྟ་བུའི་སྤྲོས་བྲལ་གྱི་གནས་ལུགས་དེ་ཡང་དག་པར་ནི་དམིགས་པར་བྱ་བའི་ཡུལ་གང་ཡང་མིན་ན་ཇི་ལྟར་མངོན་སུམ་དུ་རྟོགས་པར་འགྱུར་སྙམ་ན། ཇི་སྐད་དུ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་གསུངས་པ་བཞིན་དུ། ཡེ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་དེའི་ངང་དུ་སྤྲོས་པའི་དྲ་བ་མཐའ་དག་ལོག་པའི་ཡེ་ཤེས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་འོད་གསལ་བ་ཤིན་ཏུ་མཚོན་པར་དཀའ་བའི་རང་བཞིན་ཅན་ནོ། །ཇི་སྐད་བཤད་པ་དེ་ལྟ་བུའི་དབང་གིས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་ཏེ། དོན་དམ་དེ་བློའི་སྦྱོང་ཡུལ་མིན་པར་བརྗོད་དེ་རྒྱུ་མཚན་ཅིའི་ཕྱིར་ན། རང་ངོར་སྤྱོད་ཡུལ་ཅན་གྱི་བློ་ནི་ཀུན་རྫོབ་པའི་ཡུལ་ཅན་ཡིན་པར་འདོད་དོ། །ཞེས་དོན་དམ་པ་ལ་དམིགས་པའི་སྤྱོད་ཡུལ་ཀུན་ཡོངས་སུ་བྲལ་བར་བསྟན་ཏེ། དེ་འདྲའི་སྤྱོད་ཡུལ་མ་བྲལ་ན་ཀུན་རྫོབ་ཏུ་འགྱུར་བར་བསྟན་པ་དེས་གཉིས་སྣང་མེད་པའི་བློས་རྟོགས་སོ་ཞེས་མིང་ཙམ་ཞིག་བརྗོད་པ་
མིན་པར་གཉིས་སྣང་མེད་པས་རྟོགས་ཚུལ་གཏན་ལ་ཕབ་པས་དོན་དམ་པ་ཤེས་པར་འདོད་པ་ལ་ཤིན་ཏུ་གལ་ཆེ་སྟེ། དེ་ལྟར་མ་ཤེས་པར་གཉིས་སྣང་མེད་པའི་བློས་མངོན་སུམ་དུ་རྟོགས་པར་བྱ་བའི་ཡུལ་ནི་དོན་དམ་གྱི་ངོ་བོ་ཡིན་ནོ་ཞེས་པ་ཙམ་བརྗོད་ཀྱང་། དེ་ཙམ་རང་རིག་ལའང་ཡོད་པར་གཞུང་གཞན་ནས་འདོད་པས་དོན་དམ་པ་ཤིན་ཏུ་གཏན་ལ་དབབ་པར་མི་འགྱུར་རོ། །དེས་ན་རྐང་པ་སྔ་མ་དམ་བཅའ་དང་ཕྱི་མ་སྒྲུབ་བྱེད་དུ་བྱས་པ་འདི་རྒྱ་འགྲེལ་རྣམས་ལས་གསུངས་ལ་དོན་ཟབ་མོ་སྟོན་པ་ཡིན་པས་ཆེས་འཐད་དོ། །དེ་ལྟར་མཚན་མར་དམིགས་པའི་སྤྱོད་ཡུལ་ཅན་གྱི་བློ་ཀུན་རྫོབ་པ་དེས་དོན་དམ་གྱི་རང་མཚན་མི་འཇལ་བར་བཤད་ཀྱང་ཉེས་པ་ཅི་ཡང་མེད་དེ། རང་ངོར་མཚན་མའི་སྤྱོད་ཡུལ་ཅན་གྱི་བློ་དེ་དོན་ལ་གཉིས་སྣང་གི་སྤྲོས་པ་དང་མ་བྲལ་བ་ཡིན་པའི་ཕྱིར་ན་དོན་དམ་དངོས་སུ་རྟོགས་པ་ལ་བློ་དང་ཡུལ་གྱི་རྣམ་པའམ་གཟུང་བ་དང་འཛིན་པའི་རང་བཞིན་གང་ཡང་མེད་པར་བསྟན་པ་ཡིན་ལ་དེ་ལྟར་གནས་ལུགས་དཔྱོད་པའི་རིགས་པས་ཀྱང་གྲུབ་པའི་ཕྱིར་རོ། །གཞན་ཡང་ཀུན་རྫོབ་བདེན་པ་ཡིན་ན་དོན་དམ་མི་འཇལ་བར་ཁས་བླངས་ཀྱང་། དེ་ལྟར་སྨྲ་བ་དེ་དག་གི་ལུགས་ལ་དོན་དམ་བདེན་པ་གཏན་མེད་དུ་ཐལ་བ་དང་། བདེན་གཉིས་ཐ་དད་དུ་བཞག་ཏུ་མེད་པ་དང་། འཕགས་པའི་ཡེ་ཤེས་ཀྱིས་
དོན་དམ་མི་གཞལ་བར་ཐལ་བ་སོགས་སྐྱོན་གང་ཡང་མེད་དེ། སྤྱིར་བདེན་གཉིས་འཇོག་ཚུལ་ལ་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་ལུགས་མི་འདྲ་བ་གཉིས་སུ་གསུངས་ཏེ། གང་ཞེ་ན་གནས་ཚུལ་དོན་དམ་དཔྱོད་བྱེད་དང་སྣང་ཚུལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་ལ་བདེན་གཉིས་སོ་སོར་འཇོག་པ་དང་། ཡང་གནས་ཚུལ་དང་སྣང་ཚུལ་མི་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ཀུན་རྫོབ་དང་། གནས་སྣང་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་དོན་དམ་བདེན་པར་འཇོག་པའི་ལུགས་གཉིས་ལས། ཕྱོགས་སྨྲ་བ་དེ་དག་གིས་ལུགས་ཕྱི་མ་འདི་ཞལ་གྱིས་བཞེས་པའི་ཕྱིར། དེའི་ལུགས་ལ་ཀུན་རྫོབ་བདེན་པ་ཡིན་ན་དོན་དམ་མི་འཇལ་བས་ཁྱབ་ཀྱང་དེ་འཇལ་གྱི་བློ་དང་དོན་དམ་གཏན་མེད་དུ་མི་འགྱུར་ཏེ། དོན་དམ་པའི་ཡུལ་ཅན་ཡེ་ཤེས་གང་ཞིག་དོན་དམ་བདེན་པའི་མིང་ཅན་དེས་འགྲུབ་པའི་ཕྱིར་རོ། །འདི་དག་གི་ལུགས་ལ་བདེན་གཉིས་ཀྱང་གཅིག་པ་བཀག་པའི་ཐ་དད་དུ་བཞེད་དོ། །དེས་ན་ཆེན་པོ་རྣམས་ཀྱི་བཞེད་པའི་ཁྱད་པར་མ་ཤེས་པར་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་རྒྱུས་ཤེས་པར་མི་འགྱུར་ལ་ཕྱོགས་རེར་ཞེན་པ་ཁྲོན་པའི་རུས་སྦལ་གྱི་རྣམ་ཐར་ནི་མཁས་པ་ལ་མི་མཛེས་སོ། །འདི་འདྲའི་ལུགས་འདི་ཁྱེད་ཀྱིས་ཀྱང་ཁས་ལེན་དགོས་
ཏེ་རྗེ་ཙོང་ཁ་པས་ལམ་རིམ་དུ་ཡང་དེ་ལྟར་ལུགས་གཉིས་ཡོད་པར་བཞེད་པ་གསལ་བའི་ཕྱིར་རོ། །དེ་ལྟར་ཁས་བླངས་ན་དཔལ་ལྡན་ཟླ་བའི་བཞེད་པ་དང་ཡང་ཆེས་མཐུན་པར་འགྱུར་ཏེ། ཉོན་མོངས་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་བདེན་པ་འཇོག་ཅིང་དེ་མཐོང་བ་རྫུན་པ་དང་དོན་དམ་པ་ནི་མཐོང་བ་ཡང་དག་པར་གསུངས་པ་དང་གནད་གཅིག་ཏུ་འགྱུར་རོ། །ཇི་སྐད་བཤད་པ་དེ་ལྟར་ཡང་དག་པའི་དོན་དུ་ཡུལ་དང་ཡུལ་ཅན་ལ་སོགས་པ་དམིགས་པའི་སྤྱོད་ཡུལ་ཐམས་ཅད་སྤངས་པ་དོན་དམ་པའི་ཚུལ་བརྗོད་པར་འདོད་པའི་ཚེ་འཕགས་པའི་ཡེ་ཤེས་ཀྱིས་ཀྱང་ཡུལ་མིན་པར་བརྗོད་པ་ལ་འགལ་བ་མེད་དེ། མདོ་ལས་ཀྱང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པར་གསུངས་པ་དང་། ལུས་དང་ངག་དང་སེམས་ཀྱི་སྤྱོད་ཡུལ་དུ་འགྱུར་ན་དེ་ཀུན་རྫོབ་པའི་གྲངས་སུ་གཏོགས་ཀྱི་དོན་དམ་པར་མི་བགྲང་བར་གསུངས་པ་དང་། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བའང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་བཤད་པ་ལ་དམིགས་པ་མཐའ་དག་ལོག་ན་རྟོགས་རྒྱུ་ཅི་ཡང་སྲིད་དམ་སྙམ་དུ་སྤྲོས་བྲལ་གྱི་ཕྱོགས་མ་ཤར་བའི་ནང་གི་དེ་ཉིད་གསལ་པོར་བསྟན་པའི་ཚིག་སྨྲ་བར་མི་
བྱ་སྟེ་ཟབ་མོའི་མདོ་སྡེ་འཛིན་པར་རློམ་ཡང་ཟབ་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་རང་མཚང་རྗེན་པར་རྟོགས་པའི་ཕྱིར་རོ། །གལ་ཏེ་དམིགས་མེད་དུ་བསྟན་པ་དང་སྤྲོས་པ་བྲལ་བར་བསྟན་པ་སོགས་ཐམས་ཅད་ལ་བདེན་གྲུབ་དང་དོན་དམ་པ་སོགས་ཀྱི་ཁྱད་པར་སྦྱར་ནས་དོན་ལ་རྟོག་གེའི་བློའི་ཡུལ་དུ་བདེ་བར་འཆར་རྒྱུ་ཞིག་ཁོ་ན་ལ་མདོ་དང་རྒྱུད་སྡེའི་དོན་མཐའ་དག་བཀྲལ་བར་མི་བྱ་སྟེ་ཐེག་ཆེན་གྱི་མདོ་སྡེའི་བསྟན་དོན་ཐུན་མིན་རྟོག་གེས་བསམ་གྱིས་མི་ཁྱབ་པ་ཚུར་མཐོང་ལས་འདས་པའི་ཡེ་ཤེས་ཟབ་མོའི་སྤྱོད་ཡུལ་ཐམས་ཅད་བསྣུབས་ནས་རྣམ་ཤེས་ཀྱི་སྤྱོད་ཡུལ་འབའ་ཞིག་ངེས་དོན་དུ་བྱས་པས་སྟོན་པ་དང་བསྟན་པ་ལ་སྲི་ཞུར་བྱས་པ་ཡིན་ནམ་བསམ་པར་བྱའོ། །དེ་སླད་བདག་ལྟ་བུ་རྟོག་གེ་བའི་དཔྱད་ངོར་ཡང་གོ་ཡུལ་སྣ་ཚོགས་འཆར་འདུག་ཀྱང་གཞུང་གི་རྣམ་བཤད་ཅུང་ཟད་རེ་བྲིས་པའི་ཚེ་གཞུང་དེ་དག་གི་དོན་ལ་འདི་ཞེས་བཞེད་པ་སྔོན་གྱི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་ཆེན་པོ་རྣམས་ཀྱི་གསུང་བཞིན་འཛིན་པ་ལས་གསུང་ན་མེད་བཞིན་རང་བཟོས་བཤད་པ་ཅུང་ཟད་ཀྱང་བགྱིད་མི་རུང་བར་ནན་ཏན་དུ་བསམ་པ་ཡིན་ལགས་ཏེ། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་གར་གྱུར་པ་ཡི། །ངན་རྟོགས་རྣམས་ཀྱིས་བསྟན་
པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ཞེས་གསུངས་པའང་དྲན་ནས་འདི་སྐད་དུ། བདག་འདྲ་དུས་ཀྱིས་མནར་བའི་གང་ཟག་གིས། །ཟབ་དོན་བརྗོད་ཀྱང་ཉན་མཁན་དཀའ་མོད་ཀྱི། །རྣམ་དཀར་བསམ་པ་སྟོན་དང་བསྟན་པ་ལ། །ཕྱོགས་པའི་ངང་ཚུལ་རྒྱལ་རྣམས་མཁྱེན་པར་མཛོད། །ཅེས་ཀྱང་སྨྲས་སོ། །གོང་དུ་བརྗོད་པ་དེ་ལྟར་དོན་དམ་བློའི་སྤྱོད་ཡུལ་མིན་ཞེས་པ་ལ་བཞེད་པ་དེ་ལྟ་བུ་མཐོང་བའི་ཕྱིར་གནོད་པ་ཅི་ཡང་མ་མཐོང་སྟེ། དཔེར་ན། དོན་དམ་གཉིས་སྣང་དང་བཅས་པའི་བློའི་ཡུལ་མིན་ཞེས་བརྗོད་པ་ལ། གཉིས་སྣང་དང་བཅས་པའི་བློས་དོན་དམ་གཏན་ལ་འབེབས་མི་རིགས་པར་ཐལ། དེའི་ཡུལ་མིན་པའི་ཕྱིར་ཞེས་བརྗོད་པ་ན་དོན་དམ་པའི་རང་མཚན་གཉིས་སྣང་དང་བཅས་པའི་བློའི་ཡུལ་མིན་པའི་ཁྱད་པར་གྱི་བཞེད་པའི་དབང་གིས་སྐྱོན་མེད་པར་སྟོན་པ་བཞིན་དུ། དོན་དམ་པ་བློའི་
ཡུལ་མིན་པར་བཤད་པའང་དོན་དུ་ཡུལ་ཡུལ་ཅན་མེད་པའི་གཟིགས་པས་རྟོགས་པར་བསྟན་པ་ཡིན་གྱི་སྤྱིར་ཡུལ་ཡིན་པ་ཙམ་འགོག་པའི་དོན་དུ་མི་འགྱུར་བས་གང་ལྟར་བཤད་ཀྱང་དོན་ལ་རྟོན་པར་བྱས་ན་བཞེད་པ་མཐུན་ཞེས་སྨྲའོ། །དེས་ན་དོན་དམ་བདེན་པ་ཤེས་བྱ་ཡིན་མིན་དཔྱད་པའི་སྐབས་དང་། དོན་དམ་པར་ཡོད་མེད་དཔྱད་པའི་སྐབས་མ་ཕྱེད་པའོ་ཞེས་བརྗོད་པའང་དོན་མེད་དེ། སྐབས་འདིར་ཡུལ་མིན་པར་བརྗོད་པ་དང་དོན་དམ་པར་ཡུལ་ཡིན་མིན་དཔྱད་ནས་ཡུལ་མིན་པར་སྨྲས་པ་གནད་གཅིག་ཏུ་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་དོན་དམ་དཔྱོད་པའི་རིག་ཤེས་ཀྱིས་དཔྱད་ན་དོན་དམ་ཡུལ་དུ་མ་གྲུབ་པ་དེ་བཞིན་དོན་དམ་དཔྱོད་པའི་རིག་ཤེས་དང་ཡུལ་གྱི་གནས་ཚུལ་རྟོགས་པ་ལ་རྣམ་པ་ཀུན་ཏུ་མཚུངས་པར་འཇུག་པ་དོན་དམ་པའི་ཡུལ་ཅན་འཕགས་པའི་ཡེ་ཤེས་ཀྱིས་ཀྱང་ཡུལ་གྱི་རྣམ་པར་གཟིགས་པར་མི་འགྱུར་ཏེ། དོན་དམ་པར་གཏན་ལ་ཇི་ལྟར་ཕབ་པ་དེ་དོན་དམ་མངོན་སུམ་རྟོགས་པའི་ཡེ་ཤེས་ཀྱིས་གཞལ་དགོས་པས། དོན་དམ་པར་དཔྱད་ན་ཡུལ་མི་རྙེད་པ་དེ་བཞིན་དོན་དམ་རྟོགས་པའི་ཡེ་ཤེས་ཀྱིས་ཡུལ་གྱི་རྣམ་པར་གཟིགས་པར་མི་འགྱུར་བ་གནད་གཅིག་པའི་ཕྱིར་རོ། །དེས་ན་དོན་དམ་བློའི་སྤྱོད་ཡུལ་མིན་པ་དེ་འདྲའི་གནད་ཀྱི་བཞེད་པ་བཀག་ན་དོན་དམ་
པར་དེ་བཞིན་ཉིད་གཟུང་བྱ་ཅན་དུ་དོན་གྱིས་ཁས་ལེན་པར་འགྱུར་རོ། །དེ་ལྟར་དོན་དམ་པར་གཏན་ལ་དབབ་པ་དང་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་གནད་གཅིག་པར་འཆད་པ་འདི་ལ་སྐབས་མ་ཕྱེད་པའོ་ཞེས་འཛེར་བ་ནི་ཤིན་ཏུ་རྩིང་སྟེ། དཀོན་མཆོག་བརྩེགས་པའི་མདོའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དོན་དམ་པར་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་མདུན་ན་ཆོས་གང་ཡང་ཡོངས་སུ་ཤེས་པའམ། སྤངས་པའམ། བསྒོམས་པའམ། མངོན་དུ་བྱ་བར་འགྱུར་བའི་ཆོས་གང་ཡང་མི་འདུག་གོ ། ཞེས་དང་དཔལ་ལྡན་ཟླ་བས་ཀྱང་། ཐ་སྙད་ཉེ་བར་བརྟེན་ནས་རིགས་པ་ཡིན་ཞེས་གསུངས་པའི་ཤུགས་ཀྱིས་ཡང་དག་པའི་དོན་དུ་རྟོགས་པར་བྱ་བྱེད་ཀྱི་ཐ་སྙད་ལས་འདས་པར་བསྟན་ཏེ། ཚིག་གསལ་ལས། འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅང་མི་གསུང་བ་ཡིན་ཏེ། དེའི་ཕྱིར་གང་ལ་འཐད་པ་དང་འཐད་པ་མ་ཡིན་པ་མི་མངའ་བར་གྱུར་པ་དེ་དག་ལ་སྤྲོས་པ་མངའ་བར་ག་ལ་འགྱུར། ཞེས་དང་། འཇུག་འགྲེལ་ལས་དོན་དམ་པའི་བདེན་པ་བསྟན་པར་འདོད་པས་དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་། ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་སུ་བསྟན་པར་མི་ནུས་པས་ཉན་པར་འདོད་པ་ལ་རང་གིས་མྱོང་བ་ཉིད་དུ་
དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དཔེ་བཤད་པ་ཞེས་སོགས་དང་། ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་སོགས་ནས། རབ་ཏུ་མ་སྐྱེས་པའི་ཕྱིར་བཤད་མི་ནུས་སོ། །ཞེས་པའི་བར་དང་། དེ་ཁོ་ན་ཉིད་ལ་དངོས་དངོས་མེད། སྟོང་མི་སྟོང་ཞེས་སོགས་ནས། སྐྱེ་འགག་ལ་སོགས་པའི་ཁྱད་པར་དག་སྲིད་པ་མ་ཡིན་ཏེ་དེའི་རང་གི་ངོ་བོ་མ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ། །ཞེས་པའི་བར་གྱིས་རྒྱ་ཆེར་གསུངས་པ་དང་། དེ་ཡང་སླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱིས་སོ་སོ་རང་གིས་རིག་བར་བྱ་བ་ཉིད་དོ། །ཞེས་གསུངས་པ་བཞིན་སྤྱིར་བཏང་ཁས་ལེན་ཡིན་ཚད་བདེན་གཉིས་གང་རུང་གི་དབང་དུ་བྱས་ནས་ཁས་ལེན་པ་ལས་འོས་མེད་མོད་འདིར་དེ་འདྲའི་རགས་པ་ཙམ་ཞིག་མིན་པར་ཞིབ་མོར་གོ་རྒྱུ་ཡོད་པ་ཤེས་ན་དོན་ཆེ་བར་གནས་སོ། །འཁྱོགས་བཤད་གནམ་རུ་འཛིན་པ་སྟོང་གིས་ཀྱང་། །མི་བཟློག་རིགས་ལམ་དྲང་པོའི་ཉག་ཕྲན་རྣམས། །སྐུལ་བྱེད་གཞུ་མོའི་རྒྱུད་ལ་སྦྱར་ནས་སུ། །བློ་མཆོག་སྐྱེན་པོའི་མཐེབ་ཀྱིས་བསྐུལ་ཚེ་མཛེས། །ཞེས་ཀྱང་སྨྲས་སོ། །གོང་དུ་ཇི་སྐད་བཤད་པ་དེས་མཚོན་ནས་རང་དང་གཞན་གྱི་ཕྱོགས་སུ་གཏོགས་པའི་དེ་ཁོ་ན་ཉིད་འཚོལ་བ་རྣམས་ལ་ཕན་པའི་
བསམ་པས་ཞར་ལ་འོང་བའི་གཏམ་ཅུང་ཟད་བརྗོད་ན། ལས་དང་པོ་པས་རིགས་པ་ཡང་དག་ལ་བརྟེན་ནས་རང་བཞིན་མེད་པར་ངེས་པ་དང་རང་བཞིན་མེད་པ་དེ་དང་བརྟེན་ནས་འབྱུང་བ་དོན་གཅིག་ཏུ་ཤར་ནས་སྣང་སྟོང་ཟུང་འཇུག་ཆུ་ཡི་ཟླ་བ་ལྟ་བུའི་ངེས་ཤེས་ཁྱད་པར་ཅན་སྐྱེད་པ་ཁོ་ན་གལ་ཆེ་བས་དེ་བསྟེན་ཅིང་གོམས་པར་བྱ་ལ། དེའི་ཚེ་ཇི་ལྟར་རྟོགས་པ་དེ་དངོས་པོའི་གནས་ཚུལ་དང་རྗེས་སུ་མཐུན་པ་ཡིན་མོད་ཀྱང་། རྟོག་པའི་འཛིན་སྟངས་ཀྱི་ཡུལ་རྣམ་གྲངས་པའི་དོན་དམ་ཙམ་ལས་མ་འདས་པ་དེ་ལ་འདི་ཙམ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་གྱི་དེ་ལས་མཐར་ཐུག་པ་མེད་དོ་ཞེས་གདམས་པར་མི་བྱ་སྟེ། དེ་ལྟར་བྱས་ན་ཤེར་ཕྱིན་ལྟར་སྣང་བ་རྣམ་ཤེས་ཀྱི་སྤྱོད་ཡུལ་འབའ་ཞིག་ལ་ངེས་དོན་དུ་བཟུང་ནས་ཅིར་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེར་ཕྱིན་ཡང་དག་པའི་དོན་ལ་མི་འཇུག་ཅིང་། དེར་འཇུག་པའི་ལམ་ཡང་དག་པ་བསལ་བཞག་མེད་པའི་དོན་ལ་མ་བཅོས་པར་འཇོག་སྒོམ་བྱེད་པ་སོགས་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཇི་སྲིད་རང་ལྟ་ལ་མཆོག་ཏུ་ཆགས་པ་དེ་མ་དོར་གྱི་རིང་ལ་སྤྲོས་བྲལ་གྱི་ཡེ་ཤེས་དངོས་གནས་པ་རྒྱུད་ལ་སྐྱེར་མི་སྟེར་བའི་ཕྱིར་རོ། །དེའི་ཕྱིར་བརྟེན་ནས་འབྱུང་བའི་ཆོས་ལ་རང་བཞིན་མེད་པའི་ངེས་ཤེས་ཀྱི་འཛིན་སྟངས་དང་བཅས་པའི་བློས་
ཡུལ་རྣམས་ཆུ་ཟླ་ལྟར་མཐོང་ཡང་འཕགས་པ་རྣམས་ཀྱི་རྗེས་ཐོབ་སྒྱུ་མ་ལྟ་བུའི་ངེས་ཤེས་དང་རྗེས་སུ་མཐུན་པ་ཙམ་སྟེ། དེ་ཉིད་ཡང་དག་པའི་དོན་ལ་རྗེས་སུ་ལྟ་བ་ཡིན་མོད་ཀྱང་། ད་དུང་མཉམ་བཞག་གི་སྤྱོད་ཡུལ་སྤྲོས་བྲལ་བསམ་བརྗོད་ལས་འདས་པ་རྣམ་གྲངས་མིན་པའི་དོན་དམ་གྱི་ངོ་བོ་རྟོགས་པ་དང་རྗེས་སུ་མཐུན་པར་བརྗོད་བྲལ་དོན་དམ་པའི་གནས་ལུགས་དཔེས་བསྟན་དུ་མེད་པ་སོ་སོ་རང་གིས་རིག་པར་བྱ་བའི་དོན་ལ་གོ་མྱོང་བསྐྱེད་དུ་ཡོད་དོ་སྙམ་དུ་བསམ་དགོས་སོ། །གལ་ཏེ་དེ་འདྲའི་གནས་ལུགས་དེ་ནི་སོ་སོ་རང་རིག་པའི་ཡེ་ཤེས་དང་ལྡན་པའི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི་སོ་སྐྱེ་ལ་གཏན་ནས་འོང་མི་སྲིད་དོ་སྙམ་ན། རྣམ་གྲངས་མིན་པའི་དོན་དམ་གྱི་རང་མཚན་མངོན་སུམ་རྟོགས་པ་འཕགས་པ་ལས་སོ་སྐྱེ་ལ་གཏན་མི་འོང་ཡང་། སོ་སོའི་སྐྱེ་བོའི་ངེས་པའི་ཤེས་པས་བརྗོད་བྲལ་གྱི་གནས་ལུགས་དོན་སྤྱི་ཙམ་དུ་རྟོགས་པ་དང་མྱོང་བ་ཡོད་དེ། དེ་ལ་མདོ་ལྟར་ན་ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པའི་བཟོད་པ་ཞེས་བྱ་ཞིང་། སྔགས་ལས་དཔེ་ཡི་ཡེ་ཤེས་ཞེས་གསུངས་ལ་གང་ལྟར་ཀྱང་དོན་ལ་དོན་དམ་མཐར་ཐུག་དང་རྗེས་སུ་མཐུན་པའི་བློ་ཉིད་དོ། །དེ་འདྲའི་སྤྲོས་བྲལ་རྗེས་མཐུན་པ་དེ་འཆར་བ་དེ་དཔྱད་པའི་
ངེས་པ་ཁོ་ནས་ཀྱང་འདྲེན་ནུས་མོད་ཀྱི། ཤིན་ཏུ་རིང་མོ་ཞིག་འགོར་ཞིང་དེ་ཡང་ཚོགས་ཁྱད་པར་ཅན་བསགས་པའི་སྒོ་དང་འབྲེལ་བ་ལས་སྐྱེའོ། །སྔགས་ཀྱི་ཐབས་ཟབ་མོ་དང་ཁྱད་པར་སེམས་ཀྱི་ཆོས་ཉིད་ཐད་ཀར་ངོ་སྤྲོད་པའི་གདམས་པ་གནད་དུ་ཐེབས་པ་ལ་བརྟེན་ན་མན་ངག་གི་དབང་གིས་མྱུར་དུ་ཚེགས་ཆུང་ངུས་རྟོགས་པའང་ཡོད་ལ། དེ་ལྟར་གནས་ལུགས་ལ་མྱོང་བ་སྐྱེས་པ་དེའི་ཚེ་གང་ཟག་དེ་སྔར་ཐོས་བསམ་གྱི་དཔྱད་པས་སྟོང་པ་དང་རྟེན་འབྱུང་དབྱེར་མེད་པའི་དོན་ལ་ངེས་པ་མཆོག་ཏུ་འདྲོངས་པ་ཞིག་ཡིན་ན་སྔར་དཔྱད་དུས་ཀྱི་མྱོང་བ་དང་། ད་ལྟར་དཔྱད་པ་ལ་མི་བརྟེན་པར་འཛིན་པ་གང་ཡང་མེད་པར་རང་བཞག་ཏུ་གནས་པའི་དུས་ཀྱི་མྱོང་བ་དེ་གཉིས་ལ་བསམ་ན། སྟོང་པ་རྟེན་འབྱུང་དབྱེར་མེད་པའི་གནས་ལུགས་ཡུལ་དུ་བྱས་པ་ལ་ཁྱད་ཅི་ཡང་མེད་ན་ཡང་། དཔྱད་དུས་ཀྱི་དེ་མིག་བཙུམས་ནས་མདུན་གྱི་དངོས་པོ་རྣམས་ཡིད་ལ་བྱས་པ་དང་། འཛིན་མེད་ཀྱི་དུས་སུ་མིག་ཕྱེ་ནས་དངོས་པོ་དེ་དག་ལ་བལྟས་པ་ལྟ་བུའི་ཁྱད་པར་རང་གིས་ཉམས་སུ་མྱོང་བའི་ཚེ་ཅིར་ཡང་མི་འཛིན་པའི་ཉམས་ལེན་ལ་སྨོད་པའི་ཚིག་ཅི་བརྗོད་ཀྱང་། རང་གི་མྱོང་བའི་བུ་རམ་གྱི་རོ་གཞན་གྱིས་གཞན་དུ་བཤད་ཀྱང་དོགས་པ་མི་སྐྱེ་བ་ལྟར་འགྱུར་རོ། །སྔོན་སྦྱང་
ཆུང་ཞིང་གནས་ལུགས་ལ་རིགས་པའི་ངེས་པ་མ་འདྲོངས་པའམ། མན་ངག་གི་གནད་དང་མི་ལྡན་པ་དག་སེམས་མ་བཅོས་པར་བཞག་ཀྱང་ཅི་ཤེས་འདི་འབྱུང་ཅི་ཡང་མེད་པ་དེ་འདྲ་སྤྲོས་བྲལ་ལ་ཕྱོགས་ཙམ་ག་ལ་ཉེ་ཡང་། གནས་ལུགས་ཀྱི་དོན་ལ་དཔྱད་པ་རྫོགས་པའམ་བཞག་ཐབས་ཀྱི་མན་ངག་ལས་མཐའ་ཀུན་ཅིག་ཅར་ཁེགས་པའི་ཤེས་རབ་ཀྱི་སྣང་བ་གསལ་བར་འགྱུར་རོ། །དེ་ལྟར་རྣམ་གྲངས་མིན་པའི་དོན་དམ་ངེས་ཤེས་ཀྱིས་རྟོགས་པ་དེ་ཡང་སྤྱིར་དོན་དམ་རྟོགས་པར་འཇོག་དགོས་ཏེ། རིགས་པའི་སྒོ་ནས་ཚེ་སྔ་ཕྱི་ཡོད་པར་རྟོགས་པ་དང་། ལུང་ལ་བརྟེན་ནས་ལས་འབྲས་ཡོད་པར་རྟོགས་པ་དང་། དུ་བའི་རྟགས་ཀྱིས་མེ་ཡོད་པར་རྟོགས་པ་སོགས་རྗེས་དཔག་ཚད་མ་རྣམས་ཀྱང་དོན་སྤྱིའི་སྒོ་ནས་ཡུལ་རྟོགས་པ་ཡིན་མོད་ཀྱི་དེ་དག་གིས་ཡུལ་དེ་རྟོགས་པར་འཇོག་དགོས་པ་བཞིན་ནོ། །ཕན་པའི་བསམ་པས་བརྗོད་པ་ལ། །ཀུན་ཀྱང་ལོག་པར་མི་བལྟ་ཞིང་། །རྒྱལ་བའི་དགོངས་པ་ཟབ་མོའི་དོན། །བདེ་བླག་ཉིད་དུ་རྟོགས་གྱུར་ཅིག །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སླར་ཡང་སྤྲུལ་པའི་སྐུ་གང་གི་ཞལ་ནས། འདིར་དེང་སང་གི་སྤྱོད་འཇུག་ཊཱི་ཀ་བྱེད་པ་ཁ་ཅིག་གིས། མདོར་ན་རང་རིག་པ་འགོག་པ་ནི། དོན་དམ་པར་འགོག་པ་ཡིན་གྱི་བེམ་པོ་ལས་
ལོག་ཙམ་ལ་ཐ་སྙད་དུ་རང་རིག་པར་འདོགས་པའི་ཚུལ་དེ་འགོག་པ་མ་ཡིན་ཏེ། དེ་བཀག་ན་རང་བློ་རང་ལ་ལྐོག་ཏུ་གྱུར་པ་དང་། རང་རྒྱུད་ལ་བློ་ཡོད་པའི་སྒྲུབ་བྱེད་མི་རིགས་པ་དང་། མཐར་དོན་རིག་གི་ཐ་སྙད་ཀྱང་རྒྱུན་ཆད་པར་འགྱུར་བ་སོགས་རིག་པའི་དབང་ཕྱུག་གིས་ཇི་སྐད་གསུངས་པས་གནོད་ཅེས་དང་། ལུགས་འདིར་ཐ་སྙད་དུའང་རང་རིག་དང་ཀུན་གཞི་ཁས་མི་ལེན་ཟེར་ཡང་། ཐ་སྙད་དུ་ནི་བཀག་པའང་མེད་ལ་སྒྲུབ་པའང་མེད་མོད་ཀྱི་དོན་དམ་པར་བཀག་གོ་ཞེས་སྨྲ་བའང་རང་གི་ནང་ཆ་བསྟན་པ་ཙམ་དུ་ཟད་དེ། ལུགས་འདིར་དོན་དམ་དུ་མ་ཟད་ཐ་སྙད་དུའང་རང་རིག་བཀག་པ་ཡིན་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས་འཇུག་འགྲེལ་དུ། འོན་ཏེ་འཇིག་རྟེན་ཐ་སྙད་ཀྱི་དབང་དུ་ཡིན་ན་ནི། དེ་ལྟ་ནའང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་པ་ཉིད་དུ། ཞེས་གསལ་བར་གསུངས་པའི་ཕྱིར་དང་། །གཞན་ཡང་ཐ་སྙད་དུ་རང་རིག་བཀག་པ་མ་ཡིན་ན་ཐ་སྙད་དུ་བྱ་བྱེད་ལས་གསུམ་པོ་དེ་རང་ངོས་ནས་གྲུབ་པར་ཐལ་བའི་ཐལ་བ་བཟློག་ཏུ་མེད་པའི་ཕྱིར། རང་བློ་རང་ལ་ལྐོག་ཏུ་གྱུར་པ་དང་། དོན་རིག་གི་ཐ་སྙད་རྒྱུན་ཆད་པར་འགྱུར་བ་སོགས་དགོས་མེད་ཀྱི་དགག་པ་རྣམས་ཀྱང་འདོར་དུ་རིགས་ཏེ། གོང་དུ་རང་རིག་མེད་ཀྱང་དྲན་པ་སྐྱེ་བ་འཆད་པ་ལ་དགོས་པ་ཡོད་ཅིང་། གྲུབ་མཐའ་གོང་འོག་གི་ལུགས་
རྣམས་སོ་སོ་ནས་མ་འདྲེས་པར་འཆད་དགོས་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པའང་ཐ་སྙད་དུ་ཡོད་ཅེས་སྨྲ་བ་ག་ལ་རིགས་ཏེ་དེ་ལྟར་ན་ལུགས་འདིས་ཕྱི་རོལ་གྱི་དོན་ཡང་འགོག་དགོས་པར་འགྱུར་ལ། དེས་ན་མདོ་སྡེ་ས་བཅུ་པ་དང་དེའི་དགོངས་འགྲེལ་སོགས་ལས་ཕྱི་དོན་འགོག་ཏུ་མི་རིགས་པར་གསུངས་པ་སོགས་དོན་མེད་པ་ཉིད་དུ་ཐལ་བས་འདོད་དུ་ག་ལ་ནུས་ཏེ་མི་ནུས་སོ། །གཞན་ཡང་ཁྱོད་ཀྱི་འགྲེལ་པ་འདིར་འཁྱོགས་བཤད་ཀྱི་ཚིག་ཕྲེང་འདི་དང་རིགས་མཐུན་པ་མང་དུ་མཆིས་ཀྱང་རེ་རེ་ནས་དགག་ཏུ་མ་ལངས་མོད། འོན་ཀྱང་འདིར་གནོད་པའི་ལུང་རིགས་ཀྱི་སྒོ་ཙམ་བསྟན་ལ་འདི་རྣམས་ལ་ཞིབ་ཏུ་དཔྱད་ན་ཕལ་ཆེར་འགོག་པར་ཡོད་པས་ཞིབ་མོའི་བློས་གོ་བསྡུར་མི་དམན་པ་རེ་མཛོད། རྒྱལ་གསུང་དྲི་མེད་གསེར་གྱི་ལྷུན་པོ་ནི། །ཁུངས་ལྡན་ལུང་རིགས་རིན་ཆེན་ཕྲས་མཛེས་ཤིང་། །དགག་སྒྲུབ་རྟ་བདུན་འོད་ཀྱི་ཟེར་འཁྱུད་པ། །འདི་ཡང་རྒྱལ་བསྟན་མཛེས་པའི་དཔྱིད་དུ་གྲུབ། །ཅེས་པའི་བར་གྱིས་སུན་འབྱིན་པར་མཛད་དོ། །དེ་ལ་ལན་མདོ་ཙམ་བརྗོད་ན། སྤྱིར་དབུ་མ་ཐལ་འགྱུར་བའི་ལུགས་ལ་རྣམ་ཤེས་ཚོགས་དྲུག་ཏུ་བཞེད་པ་དང་། རང་རིག་གི་རྣམ་བཞག་སོགས་མ་མཛད་པ་ནི་རང་གཞུང་ན་གསལ་མོད། དེར་ཐ་སྙད་དུ་ཞལ་བཞེས་མེད་པ་ཙམ་ཞིག་གིས་ཐ་སྙད་དུ་མེད་ངེས་སུ་གོ་དགོས་
པའི་ངེས་པ་ག་ལ་ཡོད་དེ། དཔེར་ན་ཐལ་འགྱུར་བའི་ལུགས་ལ་གཉུག་སེམས་དང་བདེ་བ་ཆེན་པོ་སོགས་ཀྱི་ཐ་སྙད་སྦྱར་དོན་མེད་ཀྱང་དེ་དག་ཐ་སྙད་དུ་མི་འཐད་པ་མ་ཡིན་པ་བཞིན་ནོ། །དེ་དང་ག་ལ་འདྲ་སྟེ་རང་རིག་ལ་དགག་པ་ནན་ཏན་མཛད་པར་དངོས་སུ་གསལ་བས་ཐ་སྙད་དུ་མེད་པར་འགོག་པ་དེ་ཐལ་འགྱུར་བའི་ཁྱད་ཆོས་སུ་འཇོག་གོ་ཞེ་ན། དབུ་མའི་གཞུང་ན་རང་རིག་ནན་གྱིས་བཀག་པ་ཡོད་མོད་ཀྱི། དེ་དག་གིས་དོན་དམ་པར་བཀག་པར་འགྱུར་གྱི་ཐ་སྙད་དུ་མི་ཁེགས་ཏེ་དཔེར་ན་གཞན་རིག་བཞིན་ནོ། །ཅིའི་ཕྱིར་མི་ཁེགས་སྙམ་ན་ཐ་སྙད་དུ་ཡང་མེད་ཅེས་འགོག་ན་རྟག་པའི་སྒྲ་དང་དབང་ཕྱུག་བྱེད་པ་པོ་ལ་སོགས་པ་བཞིན་དུ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གནོད་པ་དངོས་སུ་ཡོད་པ་དགོས་ན་འདི་ལ་དེ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་ཐ་སྙད་ཀྱི་དབང་དུའང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་པ་ཉིད་དུ་ཞེས་སོགས་གསུངས་པ་ནི། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །དེ་ལྟའང་དྲན་པས་དྲན་པར་རིགས་མིན་ཏེ། །གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། །ཞེས་གསུངས་པ་ལྟར་སྔ་ཕྱིའི་ཤེས་པ་རང་མཚན་གྱིས་གྲུབ་པའི་སོ་སོ་བ་ལ་སྔར་རང་གིས་རང་མྱོང་དུ་ཆུག་ཀྱང་ད་ལྟ་དྲན་མི་སྲིད་པར་སྟོན་པའི་རིགས་པར་འདུག་གི། འཇིག་རྟེན་ཐ་
སྙད་དུ་རང་རིག་ཡོད་པ་ལ་གནོད་ངེས་ཀྱི་རིགས་པ་གང་ཡང་མི་འདུག་ན་དེ་ཙམ་ཞིག་བརྗོད་པས་ཅི་ཡང་མི་འགྲུབ་བོ། །རིགས་པ་ཡོད་དེ་གོང་དུ་བརྗོད་པ་ལྟར་ཐ་སྙད་དུ་རང་རིག་ཡོད་ན་བྱ་བྱེད་ལས་གསུམ་རང་ངོས་ནས་གྲུབ་པར་ཐལ་བ་བཟློག་ཏུ་མེད་དོ་ཟེར་ན་འདི་རྒྱུ་མཚན་མ་ངེས་པའི་ཚིག་ཙམ་སྟེ། རང་ངོས་ནས་གྲུབ་པ་ཞེས་པ་དབུ་མའི་སྐབས་འདིར་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ལ་བརྗོད་པ་ཡིན་ལ། དེས་རང་རིག་མ་གྲུབ་པར་ནི་འདོད་ཅིང་ཐ་སྙད་དུ་རང་བློ་རང་གིས་རིག་ན་བྱ་བྱེད་ལས་གསུམ་རང་ངོས་ནས་གྲུབ་དགོས་པའི་རྒྱུ་མཚན་རྡུལ་ཙམ་མེད་དེ་དོན་རིག་བཞིན་ནོ། །གལ་ཏེ་འདིའི་སྐབས་ཀྱི་བྱ་བྱེད་ལས་གསུམ་ཞེས་པ་རིག་བྱ་རིག་བྱེད་རིག་པའི་བྱ་བ་གསུམ་ཐ་དད་དུ་མེད་པ་ལ། རིག་པའི་ཐ་སྙད་ཀྱང་མི་ཐོབ་ཅིང་། རང་གིས་རང་ལ་བྱེད་པ་འཇུག་པ་ལ་དཔྱད་ན་ཡུལ་ཡུལ་ཅན་ཐ་དད་དུ་ཡོད་ནའང་རང་རིག་ཏུ་མི་འགྱུར་ཏེ་གཞན་རིག་ཏུ་འགྱུར་རོ། །ཐ་དད་དུ་མེད་ནའང་བྱེད་པ་མི་འཇུག་སྟེ་བྱ་བྱེད་ལས་གསུམ་གཅིག་ཏུ་འགྱུར་བས་རལ་གྲིས་རང་གིས་རང་མི་གཅོད་པ་བཞིན་ནོ་སྙམ་ན། དེ་ལྟར་ཡིན་མོད་དེ་དཔེར་ན་སྔོ་འཛིན་ཤེས་པ་དང་སྔོན་པོ་གཉིས་བར་བཅས་པ་དང་མ་བཅས་པའམ་སྔ་ཕྱི་ཇི་ལྟར་ཡིན་དཔྱད་ན་གང་ལྟར་ཀྱང་དེས་དེ་འཛིན་པ་མི་སྲིད་མོད་ཀྱི་དཔྱད་པ་དེ་དག་དོན་དམ་དཔྱོད་
པར་སོང་གི་འཇིག་རྟེན་ཐ་སྙད་དུ་སྔོན་པོ་ཉམས་སུ་མྱོང་བའི་ཤེས་པ་གཏན་མེད་པར་མི་འགྲོ་བ་བཞིན་དུ། རང་རིག་ལའང་བྱ་བྱེད་ལས་གསུམ་ཐ་དད་དུ་མེད་ཀྱང་རང་བློ་ཉིད་སྐྱེས་ཙམ་ནས་ལྐོག་ཏུ་མ་གྱུར་པར་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་ལ་རང་རིག་ཅེས་བརྗོད་ལ་དེ་འཇིག་རྟེན་ཐ་སྙད་དུ་ཡོད་དེ་ཐ་སྙད་དུ་རང་རྒྱུད་ཀྱི་བློ་རང་གིས་དངོས་སུ་རིག་པའམ་མི་རིག་པ་གཉིས་སུ་ཁ་ཚོན་ཆོད་པ་ལས་མི་རིག་པར་འདོད་ན་རང་བློ་རང་ལ་ལྐོག་གྱུར་དུ་ཁས་ལེན་པ་ལས་འོས་མེད་དོ། །དེས་ན་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞལ་ནས། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བའང་གཞན་ཡོད་མིན། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་དང་། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་ཤེས་པ་ཡིན། །གཅིག་པ་ཆ་མེད་རང་བཞིན་ལ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །དེ་ཡིས་རང་གིས་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོར་མིན། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་རང་ལ་རང་གི་བྱེད་པ་གསར་དུ་འཇུག་མི་དགོས་ཀྱང་རང་ཉིད་གསལ་བའི་ངོ་བོས་རང་ལྐོག་ཏུ་མ་གྱུར་པར་ཤེས་པ་ལ་རང་རིག་པའི་ཐ་སྙད་གནོད་མེད་དུ་འཇུག་སྟེ། ཇི་ལྟར་བུམ་པ་མངོན་
སུམ་ཤེས་པ་ལ་ཡུལ་ཤེས་པའི་ཐ་སྙད་དུ་བྱེད་པ་བཞིན་དུ། རང་གི་རྒྱུད་ལ་གང་སྐྱེས་པའི་བློ་རང་གིས་མངོན་སུམ་ཤེས་པ་ལ་རང་ཤེས་པའི་ཐ་སྙད་ཅི་སྟེ་མི་རུང་། དེ་བས་ན་རང་རིག་པ་ཙམ་འཇིག་རྟེན་ན་གནོད་མེད་བསླུ་མེད་དུ་ཡོད་ཀྱང་དེས་རང་ཇི་ལྟར་རིག་པའི་བཏགས་དོན་བཙལ་ན་མ་བརྟགས་འཇིག་རྟེན་གྱི་གྲགས་པ་ཙམ་ལས་ཡང་དག་པར་གྲུབ་པ་གང་ཡང་རྙེད་པར་མི་འགྱུར་ཀྱང་། དོན་དམ་པར་གྲུབ་མ་གྲུབ་ཀྱི་བརྟག་དཔྱད་མེད་པར་ཇི་ལྟར་སྣང་བ་ལྟར་ཐ་སྙད་བྱེད་པའི་འཇིག་རྟེན་གྱི་བློའི་དབང་དུ་ན་རང་ཉིད་གསལ་རིག་གི་རང་བཞིན་དུ་སྐྱེས་པའི་ཕྱིར་རང་རིག་ཅེས་དང་། དེ་ལ་བྱ་བྱེད་ལས་གསུམ་གྱི་རྫས་གཞན་མེད་པས་ན་རང་ཞེས་པའི་ཐ་སྙད་དང་། དེ་ལ་བློས་ཕར་བཏགས་པའི་བྱ་བྱེད་ལས་གསུམ་ཡོད་པས་རིག་པའི་ཐ་སྙད་ངེས་པར་རུང་སྟེ་འདི་ལྟར་བདེ་སྡུག་མྱང་བྱ་ཡིན་པ་དང་། དེ་མྱོང་བྱེད་བློ་ཡིན་པ་དང་། བློ་དེས་བདེ་སྡུག་དངོས་སུ་མྱོང་བའི་བྱ་བ་བྱེད་པ་གསུམ་ནི་སུའི་ལུགས་ལའང་ཡོད་པ་གཞིར་བཅས་ལ། བདེ་སོགས་མྱོང་བཞིན་པའི་བློ་དེ་ལ་མྱང་བྱ་བདེ་སོགས་ལས་རྫས་གཞན་པའི་འཛིན་བྱེད་ཀྱི་བློ་དང་། བློ་དེ་ལས་ཐ་དད་དུ་གྱུར་པའི་གཟུང་བྱ་བདེ་སོགས་ཡོད་པར་སུས་ཀྱང་ཁས་ལེན་དཀའ་སྟེ། བདེ་སོགས་མྱོང་བ་དེ་ལས་གཞན་པའི་བློ་ཡན་གར་དུ་ཡོད་ན་ཚོར་བ་མེད་པའི་བློར་ཐལ་བ་དང་། རང་
འཛིན་གྱི་བློ་དེ་ལས་ཐ་དད་པའི་མྱང་བྱ་བདེ་སོགས་ཡོད་ན་ཤེས་པ་མེད་པའི་ཚོར་བར་འགྱུར་ཏེ་གྲངས་ཅན་པ་དང་བྱེ་བྲག་པས་བདེ་སོགས་ཕྱི་དང་ནང་གི་བེམ་པོར་འདོད་པ་ལྟར་འགྱུར་རོ། །དེ་ལྟར་བདེ་སོགས་དང་དེ་མྱོང་ཐ་དད་དུ་མེད་ཀྱང་བདེ་སྡུག་མངོན་སུམ་མྱོང་བའི་ཚུལ་གྱིས་ཤེས་པ་ཡོད་པ་ནི་གྲུབ་མཐའ་སྨྲ་བ་དང་འཇིག་རྟེན་ཕལ་པ་ཐུན་མོང་ལ་གྲགས་ཤིང་མངོན་སུམ་གྱིས་གྲུབ་ན། །དེ་ལ་རང་རིག་ཅེས་བརྗོད་པ་ཇི་ལྟར་མི་འཐད་དེ། དེ་ཁས་མི་ལེན་ན་བདེ་སོགས་དངོས་སུ་མྱོང་བ་མེད་ཟེར་རམ། མྱོང་ཡང་གཞན་རིག་གིས་མྱོང་ཞེས་ཁས་ལེན་ནམ་བསམ་པར་བྱོས་ཤིག །དེ་བཞིན་དུ་གང་ཇི་སྙེད་པའི་ཤེས་པ་ཡིན་ནོ་ཅོག་ལ་བདག་གིས་འདི་དང་འདི་ལྟ་བུར་དོན་འདི་གསལ་བར་ཤེས་སོ་སྙམ་པའི་ཚེ་གང་ཤེས་པར་བྱ་བའི་རྣམ་པར་ཤར་བ་དེ་ནི་ལས་སུ་བྱ་བའམ་ཡུལ་གྱི་ལྡོག་པ་ནས་ཐ་སྙད་བཏགས་པ་ཡིན་ལ། གང་གིས་ཤེས་སྙམ་དུ་བསམ་པའི་ཚེ་རང་གི་བློ་འདིས་སོ་སྙམ་པ་ནི་ཡུལ་ཅན་བྱེད་པ་པོའི་ཐ་སྙད་འཇུག་པའི་ལྡོག་པ་ཡིན་ལ། དེས་དེ་གཉིས་སུ་མེད་པའི་ཚུལ་གྱིས་གསལ་བར་རྟོགས་ཤིང་མྱོང་བ་ནི་བྱ་བའི་ལྡོག་པ་སྟེ། དེ་འདྲའི་ཤེས་བྱ་ཤེས་བྱེད་ཀྱི་ལྡོག་པ་ཙམ་ཞིག་བཞག་ཏུ་མེད་པའི་འཇིག་རྟེན་གྱི་ཤེས་པ་ག་ལ་སྲིད་ཅིང་དེ་འདྲ་སྲིད་ཅེས་སུ་ཞིག་གིས་སྨྲ་ནུས་ཏེ་བསམ་པར་བྱའོ། །
དེ་ཡང་རྨི་ལམ་དང་རབ་རིབ་ཀྱི་སྣང་བ་དང་རྟོག་ངོར་དོན་སྤྱི་ལའང་སྔོན་པོའི་རྣམ་པ་ལྟ་བུར་ཤར་བའི་བློ་ལ་བསམས་ན་སྔོ་སྣང་དང་དེ་འཛིན་དང་དེས་དེ་རྟོགས་པ་གསུམ་གྱི་རྣམ་པར་འཆར་བས་རིམ་པ་ལྟར་གཟུང་རྣམ་འཛིན་རྣམ་རང་རིག་གསུམ་དུ་ཕྱེ་ཡང་དོན་ལ་དེ་གསུམ་ཐ་དད་དུ་ཡོད་མི་རིགས་ཏེ་ཤེས་པ་ཉིད་སྔོན་པོའི་རྣམ་པར་གསལ་བ་ཙམ་ཡིན་པས་རང་རིག་ཏུ་གྲུབ་པ་བཞིན་ནོ། །དེ་ལྟར་མ་ཤེས་པར་བློ་རགས་པ་རྣམས་ཀྱིས་ཁ་ནང་དུ་ཕྱོགས་ནས་བློ་རང་གིས་རང་ཇི་ལྟར་རིག་ཅེས་བལྟས་པ་ན་རིག་བྱ་རིག་བྱེད་གཉིས་སུ་མི་འཆར་བས་བྱ་བྱེད་ལས་གསུམ་གྱི་རྫས་ལྟ་ཅི་ལྡོག་པ་ཙམ་ཡང་ཐ་དད་དུ་མེད་པས་རང་གིས་རང་ཇི་ལྟར་རིག་སྟེ་མི་རིག་གོ་སྙམ་པ་ཤིན་ཏུ་རྩིང་སྟེ། དེར་རིག་བྱ་རིག་བྱེད་ཀྱི་རྫས་ཐ་དད་དུ་ཡོད་ན་རང་རིག་ཇི་ལྟར་ཡིན་ཏེ་གཞན་རིག་ཏུ་འོས་སོ། །ཡུལ་གང་དང་གང་གི་རྣམ་པ་ཅན་གྱི་ཤེས་པ་གཞི་གཅིག་ལ་འཇིག་རྟེན་ཐ་སྙད་ཀྱིས་བཏགས་པའི་བྱ་བྱེད་ལས་གསུམ་གྱི་ལྡོག་པ་ཡོད་པ་ནི་བློ་རགས་པས་དཔྱད་པ་ཞུགས་མ་ཤེས་པ་སྟེ་ཇི་ལྟར་ཡོད་ཚུལ་གོང་དུ་བསྟན་པ་བཞིན་ནོ། །ལར་རང་རིག་འདི་མངོན་སུམ་གྱིས་གྲུབ་པ་ཡིན་ཀྱང་གྲུབ་མཐའི་དཔྱད་པས་བསླད་ནས་ངེས་པ་མ་སྐྱེས་པས་རང་རིག་གི་ཐ་སྙད་མི་བྱེད་པ་ཙམ་དུ་ཟད་དེ། འདི་ལྟར་ཁ་ནང་དུ་ཕྱོགས་ནས་བསམ་ན་
རང་གི་ཤེས་པ་ལ་གང་དང་གང་ཤར་བ་ཐམས་ཅད་དུས་སྔ་ཕྱིའི་རེས་འཇོག་མ་དགོས་པར་རང་ལ་མངོན་དུ་གསལ་ཞིང་ཐེ་ཚོམ་མེད་པ་འདི་རང་རིག་མངོན་སུམ་ཡིན་ནོ། །དེ་ལྟར་ཡིན་བཞིན་རང་རིག་མེད་ཅེས་སྨྲ་བ་ནི་རྫས་ལག་ན་ཐོགས་བཞིན་བདག་གིས་མ་ཁྱེར་ཞེས་བསྙོན་འདིང་བ་ལྟ་བུར་ཡ་མཚན་དུ་འོས་སོ། །དེ་ལྟ་བུར་དོན་མངོན་སུམ་གྲུབ་ཀྱང་དེའི་ཐ་སྙད་མི་སྦྱོར་བ་གཞན་ཡང་ཡོད་དེ། སྤྱི་ཡིས་དབེན་པའི་བ་ལང་མངོན་སུམ་མཐོང་ཡང་གཟེགས་ཟན་པ་བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་པ་དག་གིས་བ་ལང་སྤྱི་དང་ལྡན་པར་ཁས་ལེན་པ་དང་། ཚོར་བ་ཤེས་པའི་རང་བཞིན་དུ་རང་རིག་གིས་མྱོང་ཡང་། གྲངས་ཅན་པ་སོགས་ཀྱིས་བེམ་པོའི་ངོ་བོར་ཁས་ལེན་པ་ཡིན་ལ། དེ་བཞིན་དུ་ཕྱི་རོལ་པ་དག་གིས་རང་རིག་པ་མི་སྲིད་ཅེས་སྨྲ་བའང་ཡིན་ནོ། །དེས་ན་རང་རིག་ཐ་སྙད་དུ་ཡོད་མེད་རིགས་པས་གྲུབ་བྱ་ཡིན་པས་ན་ལུང་ཁོ་ནས་དགག་པའམ་སྒྲུབ་པར་བྱེད་པ་ནི་དོན་ཅི་ཡང་མེད་དོ། །གལ་ཏེ་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་བྱི་བས་རྨུགས་པའི་དུག་ལ་དཔེར་བྱས་པ་འདིས་རང་རིག་ཐ་སྙད་དུ་བཀག་པ་ཇི་ལྟར་མིན་ཏེ། དོན་དམ་པར་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་ཡོད་ཅེས་ནི་སྒྲུབ་མི་སྲིད་ལ། བྱི་བས་རྨུག་པ་ཙམ་མྱོང་དུས་དུག་གཏན་ནས་མ་མྱོང་བ་བཞིན་སྔར་མྱོང་བྱེད་རང་གིས་རང་གཏན་མ་མྱོང་ཡང་
ཕྱིས་སྔར་གྱི་མྱོང་བྱེད་ཀྱི་རྣམ་པར་བཟུང་བར་བསྟན་པ་མིན་ནམ་ཞེ་ན། དེ་ལྟར་ཤིན་ཏུ་ཡང་ཡིན་ཏེ་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་ཐ་སྙད་ལས་འོས་མེད་པ་ཡིན་མོད། དེ་འདྲའི་སྦྱོར་བ་དེ་བཀོད་ཚོད་ལ་རང་རིག་ཐ་སྙད་དུ་འགོག་པ་ལྟར་སྣང་ཡང་། སོང་ཚོད་ལ་དོན་དམ་པར་བཀག་པར་སོང་གི་ཐ་སྙད་དུ་ཁེགས་མི་སྲིད་དོ། །ཇི་ལྟར་ཞེ་ན་ཡུལ་སྔོན་པོ་ལྟ་བུ་མྱོང་བའི་བློ་ནི་ཀུན་ལ་རྩོད་མེད་དུ་གྲུབ་ལ། སྔོ་འཛིན་དེ་ཡང་མྱོང་བའི་བློ་གཉིས་པ་ཞིག་འཇིག་རྟེན་ན་ཐ་སྙད་དུ་མེད་ཀྱང་སྔོན་པོ་མྱོང་བའི་སྟོབས་ཀྱིས་སྔོ་འཛིན་ཞེས་ཐ་སྙད་ཐོབ་པ་དེ་བཞིན་ཕྱིས་སྔོན་པོ་དྲན་པ་ན་དེའི་ཡུལ་ཅན་སྔོ་འཛིན་ཀྱང་དྲན་རིགས་ཏེ་སྔར་མྱོང་དུས་ཀྱང་ཡུལ་ཡུལ་ཅན་གཉིས་པོ་དེ་ཙམ་ཞིག་ཡིན་ལ། ཕྱིས་དྲན་དུས་ཀྱང་ཡུལ་དང་འབྲེལ་བར་ཡུལ་ཅན་དྲན་པ་ཙམ་སྟེ་རྒྱུད་གཅིག་གི་དབང་དུ་བྱས་པའི་ཕྱིར་རོ། །དེ་ཡང་མ་བརྟགས་པ་འཇིག་རྟེན་ཐ་སྙད་ཀྱི་ཚུལ་ཙམ་ལས་དོན་དམ་པར་བརྟགས་ན་མྱོང་དྲན་གང་ཡང་མི་འགྲུབ་ཅེས་པའི་དོན་ཏོ། །དེས་ན་དེ་འདྲའི་ངག་སྦྱོར་དེས་ཡུལ་ཅན་སྔོ་འཛིན་ཙམ་ཞིག་ཡོད་ཀྱི་སླར་ཡང་དེ་རིག་པའམ་མྱོང་བར་བྱེད་པའི་འཛིན་རྣམ་ཡན་གར་བ་ཐ་སྙད་དུ་ཡང་མེད་པར་དགག་པའི་དོན་དུ་སོང་བ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་ཡུལ་ཅན་དེ་ལས་བློ་ཡན་གར་བ་ཞིག་ཡིན་ན་རང་རིག་ཀྱང་མིན་ཏེ་ཤེས་པ་གཞན་གྱིས་གཞན་རིག་པར་འགྱུར་ཞིང་གཞན་ཡང་
འཛིན་རྣམ་ཐུག་མེད་དུ་འདོད་དགོས་པ་སོགས་ཀྱི་སྐྱོན་མཐའ་ཡས་པས་ན་མདོ་སེམས་ཀྱི་གཞུང་སྨྲ་བ་དག་ལ་དེ་འདྲའི་རང་རིག་ཁས་ལེན་མཁན་གཅིག་ཀྱང་མེད་ལ་འཇིག་རྟེན་ཐ་མལ་པས་ཀྱང་དེ་འདྲ་ཁས་མི་ལེན་པས་དགག་པ་དེ་ལྟ་བུ་འབྲེལ་པ་ཅི་ཡང་མེད་པར་འགྱུར་རོ་སྙམ་ན། འདི་ནི་ཤིན་ཏུ་གསལ་པོར་གོ་དགོས་པའི་གནད་གཅིག་ཡིན་ཏེ། གང་ཞེ་ན་རང་རིག་བདེན་གྲུབ་ཏུ་ཁས་ལེན་ན་རྫས་སུ་མེད་པར་བཏགས་པ་ཙམ་གྱིས་ནི་རང་རིག་གི་གོ་མི་ཆོད་ཅིང་། བྱ་བྱེད་ལས་གསུམ་ཡང་རང་ངོས་ནས་གྲུབ་དགོས་པས་ན་རིག་བྱ་སྔོ་འཛིན་དེ་ལ་རིག་བྱེད་ཀྱི་འཛིན་རྣམ་ཡན་གར་དུ་ཡོད་དགོས་ཏེ་དེ་མེད་པར་རང་གིས་རང་ལ་བྱེད་པ་འཇུག་པའི་བཏགས་དོན་དཔྱད་ན་མི་རྙེད་པའི་ཕྱིར་རོ། །མ་རྙེད་ན་རང་རིག་ཅེས་པའང་ཐ་སྙད་ཙམ་དུ་འགྱུར་གྱི་དོན་དམ་པར་མི་འགྱུར་རོ། །ཡན་གར་དུ་ཡོད་ནའང་རང་རིག་པར་མི་འཐད་ལ་དེ་འདྲ་ཐ་སྙད་དུའང་མེད་ཅིང་ཕ་རོལ་གྱིས་ཁས་བླངས་ཀྱང་མེད་པ་དེ་ལྟར་རང་རིག་བདེན་གྲུབ་བཀག་པ་དེ་ཁོ་ནས་གཉིས་སྟོང་གི་རྣམ་ཤེས་བདེན་གྲུབ་ཏུ་སྨྲ་བའི་གྲུབ་མཐའི་ལུགས་ལ་གནོད་པ་བརྗོད་པའི་གཙོ་བོ་ཡིན་ཏེ། རྣམ་ཤེས་ཀྱི་སྒྲུབ་བྱེད་རང་རིག་དང་བསྒྲུབ་བྱ་རང་གསལ་གྱི་ཤེས་པ་གཉིས་ཀ་བཏགས་པ་ཙམ་ལས་ཡང་དག་པར་དཔྱད་ན་བཏགས་དོན་མ་གྲུབ་པར་རིགས་པ་དེ་ཁོ་ནས་གཏན་ལ་ཕབ་པ་ཡིན་ནོ། །
དེ་དང་རིགས་མཐུན་པར་རང་རིག་འགོག་པའི་རིགས་པ་གཞུང་གཞན་ལས་གསུངས་པ་དག་ཀྱང་དེ་ལྟར་ཤེས་པར་བྱའོ། །དེའི་ཕྱིར་རལ་གྲིའི་དཔེ་ལ་སོགས་པ་ལ་བསམས་ན་རལ་གྲི་རང་གིས་རང་ཐ་སྙད་དུ་གཅོད་པ་མེད་མོད་ཀྱི། དེ་ཙམ་གྱིས་དཔེ་ཅན་ཐ་སྙད་དུ་ཡང་མེད་མི་དགོས་ཏེ་བུམ་སོགས་སྐྱེ་མེད་ཀྱི་དཔེར་མོ་གཤམ་བུ་སོགས་བཀོད་པ་བཞིན་ནོ། །དེ་ལྟ་མིན་ན་རང་བློ་རང་གིས་མངོན་སུམ་ཤེས་པ་ཐ་སྙད་དུ་ཡང་མེད་པར་འགྱུར་ཏེ་འོག་ཏུ་ཡང་འཆད་པར་འགྱུར་རོ། །དེའི་ཕྱིར་རང་རིག་ཅེས་པ་ཡང་དག་པར་དཔྱད་ན་མ་གྲུབ་ཀྱང་ལྡོག་པ་ལ་བརྟེན་ནས་རང་རིག་ཏུ་བཏགས་པ་དེ་འདྲ་ནི་ཐལ་འགྱུར་བའི་ལུགས་ལ་གནོད་པ་མེད་པར་མ་ཟད་ཕན་བྱེད་ཀྱི་སྨན་ལྟར་འགྱུར་ཏེ། གང་གིས་ན་སྒྲ་གཅན་གྱི་མགོ་ཞེས་སྒྲ་གཅན་ནི་སྔོན་དུས་སུ་མགོ་བཅད་པ་དེ་བདུད་རྩི་འཐུངས་པའི་སྟོབས་ཀྱིས་མ་ཤི་བར་འཇིག་རྟེན་ན་རྒྱུ་ཞེས་འདོད་པ་ལས་དེ་ལ་མགོ་ལས་གཞན་པའི་ལུས་མེད་ཀྱང་འཇིག་རྟེན་ན་དེ་འདྲའི་ཐ་སྙད་བྱེད་པ་དང་། དེ་བཞིན་དུ་མཆིག་གུའི་ལུས་ཞེས་པ་ལ་སོགས་པ་ཡན་ལག་དང་ཡན་ལག་ཅན་གྱི་ཐ་སྙད་དེ་དག་མིང་གིས་བཏགས་པ་ཙམ་གྱིས་བཞག་པ་ལའང་འཇིག་རྟེན་གྱི་ངོར་བྱ་བྱེད་ཀྱི་ཐ་སྙད་འཇོག་རུང་བར་དཔལ་ལྡན་ཟླ་བའི་བཞེད་པ་ཐུན་མོང་མིན་པ་ཡིན་པའི་ཕྱིར་ན། དེ་འདྲའི་ཐ་སྙད་ཀྱི་རྣམ་བཞག་རུང་བ་དེ་ལ་རང་རིག་གི་ཐ་སྙད་དེ་
ལྟར་མི་རུང་བ་ཅི་ཡང་མེད་ལ། འཇིག་རྟེན་རྒན་པོས་ཀྱང་བུམ་སོགས་མངོན་སུམ་མྱོང་བ་བཞིན་རང་བློ་གསལ་པོར་མྱོང་བའི་ཉམས་མྱོང་བསླུ་མེད་འདི་ལས་རང་སེམས་རང་གིས་ཤེས་ཞེས་ཁས་ལེན་པར་ཡོངས་སུ་གྲགས་པའང་ཡིན་པའི་ཕྱིར་རོ། །དེས་ན། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །ཞེས་སོགས་གསུངས་པ་བཞིན་དུ། གང་ཕྱིར་བདེ་སོགས་ཉམས་སུ་མྱོང་དེ་ལས། །འཛིན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་རང་སེམས་རིག་ཅེས་རྟོགས་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཅེས་འཇིག་རྟེན་པ་དང་མཐུན་པར་མ་བརྟགས་ཐ་སྙད་ཙམ་གྱི་དབང་དུ་རང་རིག་ཁས་བླངས་ནའང་ལུགས་དེ་ལ་ཤིན་ཏུ་བདེ་བར་འགྱུར་ཞིང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སྣ་ཚོགས་སྣང་བ་རང་སེམས་ཏེ། །ལུས་ཅན་རྣམས་ཀྱི་བདག་ཉིད་གཉིས། །ཕྱི་དང་ནང་དང་ཐམས་ཅད་དུ། །གཟུང་དང་འཛིན་པ་ལྟ་བུར་གནས། །སེམས་ཀྱིས་སེམས་ནི་མཐོང་ཡིན་ཡང་། །ཁོང་དུ་མི་ཆུད་བུས་པ་རྣམས། །ཁ་གཉིས་སེམས་དེ་ལུས་ཅན་གྱི། །ཡིན་ཡང་ཤེས་པར་མ་གྱུར་པ། །བདག་གིར་བྱེད་པའང་དེ་བཞིན་བྱེད། །ཡུལ་ལྟ་བུར་ཡང་རབ་ཏུ་སྣང་། །རྫ་མ་ལ་སོགས་གཟུགས་སུ་གནས། །རྫ་ལ་སོགས་པའང་ཡོད་མ་ཡིན། །འདི་ཡི་དོན་ལ་ཐུབ་པ་དག །
རྣལ་འབྱོར་ཉམ་ཆུང་རྣམ་པར་མྱོས། །ཞེས་དང་། བདེ་མཆོག་འབྱུང་བ་སོགས་སྔགས་ཀྱི་རྒྱུད་ལས་ཀྱང་། བེམ་པོ་མིན་ཕྱིར་བདག་ཉིད་རིག །ཅེས་གསུངས་སོ། །དེ་ལྟར་མིན་ན་ཐལ་འགྱུར་བའི་ལུགས་འཛིན་པ་དེ་དག་གིས་རང་གི་བློ་རང་གིས་མངོན་སུམ་གྱིས་ཤེས་པར་ཁས་ལེན་ནམ་མི་ཤེས་པར་ཁས་ལེན། ཤེས་སོ་ཞེ་ན་རང་གསལ་དུ་ཤེས་པ་ཡིན་ནམ་ཤེས་པར་བྱ་རྒྱུའི་ཤེས་པ་དང་ཤེས་བྱེད་རྫས་གཞན་དུ་ཡོད་པས་ཤེས་པ་ཡིན། དང་པོ་ལྟར་ན་རང་རིག་གྲུབ་ལ། གཉིས་པ་ལྟར་ན་ཤེས་པར་བྱ་རྒྱུའི་བློ་དེ་དང་དུས་མཉམ་པའི་ཤེས་པའམ་དེའི་རྗེས་སུ་སྐྱེས་པ་གང་གིས་ཤེས་དགོས། དུས་མི་མཉམ་ན་ཡུལ་ད་ལྟ་མེད་པ་ལ་མངོན་སུམ་ཇི་ལྟར་ཡིན་ཚུལ་དང་ཁ་ཕྱིར་བལྟས་དང་ནང་བལྟས་ཀྱི་ཤེས་པ་སྤེལ་མར་སྐྱེ་བ་ཡིན་མིན་སོགས་སྒྲུབ་དགོས་ལ། དུས་མཉམ་ནའང་དེ་འདྲའི་བློ་གཉིས་ཡོད་པར་གང་གིས་ཤེས་ཏེ། མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་བློ་ཐམས་ཅད་ལའང་འཛིན་བྱེད་ཀྱི་བློ་གཞན་རེ་ཡོད་ན་བློ་ཐུག་པ་མེད་པར་འགྱུར་བ་སོགས་སྐྱོན་ཚད་མེད་ལ་འཛིན་རྣམ་ཡན་གར་བ་གཅིག་ཅིག་ཀྱང་མི་སྲིད་ན་དུ་མ་ལྟ་ཅི་སྨོས་པའི་ཕྱིར་རོ། །འཛིན་བྱེད་གཞན་མེད་ན་མིག་གིས་བུམ་སོགས་མཐོང་བར་བྱེད་ཀྱང་རང་མཐོང་བར་བྱེད་མི་ནུས་པ་ལྟར་རང་བློ་རང་ངོར་ལྐོག་ཏུ་གྱུར་ནས་རང་སེམས་ལ་གང་སྐྱེས་པའི་ཀུན་རྟོག་
འདི་དང་འདི་འདྲར་གྱུར་མ་གྱུར་ཅེས་མངོན་སུམ་ཤེས་མི་སྲིད་ནའང་རང་ལ་བློ་ཇི་འདྲ་སྐྱེས་པ་དེ་ནི་རྟགས་ལ་ལྟོས་མི་དགོས་པར་རང་གིས་ངེས་པ་འདི་ཅི་ཞིག་གིས་ཡིན་དཔྱད་ནས་སྨྲ་དགོས་སོ། །གལ་ཏེ་དེ་འདྲའི་དཔྱད་པ་ཞིབ་མོར་གཞུག་མི་དགོས་སོ་སྙམ་ན་རང་སེམས་རང་གིས་ཤེས་སམ་མི་ཤེས་ཞེས་དྲི་བ་ལ་ཐལ་འགྱུར་པ་ཡིན་ཀྱང་ལན་འདེབས་རིགས་ལ། ཤེས་ཚུལ་ཇི་ལྟར་ཡིན་ཞེས་དྲི་ན་ཡང་བརྗོད་པར་རིགས་པས་ན་རང་རིག་མེད་ན་རང་གཞན་གྱི་བློ་གཅོད་ཚུལ་ཁྱད་མེད་དུ་འགྱུར་བ་སོགས་དགོས་མེད་ཀྱི་དགག་པ་མ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་འདི་ལ་ཐ་སྙད་ཀྱི་རིགས་པ་སྨྲ་བ་ཀུན་གྱི་གཙུག་གི་ནོར་བུར་གྱུར་པ་དཔལ་ཆོས་ཀྱི་གྲགས་པས་དེ་ལྟར་བརྟག་པ་མཛད་པ་ཡིན་ན་དེའི་བཞེད་པའི་སྙིང་པོ་རང་རིག་དང་མོ་གཤམ་གྱི་བུ་མགོ་མཉམ་པར་ཐ་སྙད་དུ་དགག་པ་སྨྲ་བ་རྣམས་ཀྱིས་དེ་ལ་ལན་ཚུལ་བཞིན་དུ་བསྟན་པར་རིགས་ཀྱི། ངེད་ཐལ་འགྱུར་བའི་ལུགས་འཛིན་པ་ཡིན་པས་རིགས་པ་མ་སྨྲས་ཀྱང་གྲུབ་མཐའི་དབང་གིས་རང་རིག་མེད་པར་དམ་བཅས་པ་ཙམ་གྱིས་འགྲུབ་བོ་ཞེས་བརྗོད་པར་ནི་མི་རིགས་སོ། །གཞན་ཡང་འཛིན་རྣམ་གྱི་ལྡོག་པ་ནས་རང་རིག་ཏུ་བཏགས་ཀྱང་དོན་ལ་བྱ་བྱེད་སོ་སོར་མེད་པས་མི་འཐད་ན་བདག་གཅིག་འབྲེལ་ཡང་ཐ་སྙད་དུ་མེད་པར་ཁས་ལེན་དགོས་ཏེ། བདག་རང་ལ་རང་འབྲེལ་བ་དང་རང་གིས་རང་རིག་པ་གཉིས་
ཚུལ་འདྲ་བའི་ཕྱིར་རོ། །བདག་གཅིག་འབྲེལ་མི་འཐད་ན་བདེན་གཉིས་ངོ་བོ་གཅིག་པའང་ཐ་སྙད་དུ་མེད་པར་འགྱུར་ཞིང་། ཡང་གཉིས་སྣང་མེད་པའི་ཡེ་ཤེས་ཀྱིས་ཡུལ་རྟོགས་པའང་མི་འཐད་པར་འགྱུར་ཏེ་ཡུལ་ཡུལ་ཅན་གཉིས་སུ་མི་སྣང་བཞིན་དུ་དེས་དེ་རྟོགས་པའི་བྱེད་པ་འཇུག་པའམ་དེ་ལ་དེ་མངོན་སུམ་དུ་སྣང་བ་མི་འཐད་པ་མཚུངས་པར་འགྱུར་བའི་ཕྱིར་དང་། རང་ལ་རང་གི་བྱེད་པ་འཇུག་པ་ལ་ཇི་ལྟར་དཔྱད་ཀྱང་གསུམ་དུ་སྣང་གི་ཆ་མེད་གཅིག་ཏུ་འཆར་མི་བཏུབ་པས་རང་རིག་མི་འཐད་པར་བརྗོད་པ་ལྟར་གཟུང་འཛིན་མེད་པའི་བློ་ལ་ཇི་ལྟར་དཔྱད་ཀྱང་གཟུང་བྱའི་རྣམ་པར་མི་འཆར་ལ། དེ་ལ་སྣང་ངོར་ཡུལ་ཡོད་པར་བཟུང་ན་གཟུང་འཛིན་མེད་པར་མི་འཆར་བ་ཡང་དེ་བཞིན་ནོ། །ཀུན་གཞི་ཡང་ཐལ་འགྱུར་བའི་ལུགས་ལ་ཁས་ལེན་མི་དགོས་མོད། དེ་ཐ་སྙད་དུ་འགོག་པའི་རིགས་པ་མི་སྣང་ལ་དོན་དམ་པར་འགོག་པ་ནི་སྨོས་མ་དགོས་སོ། །འོན་ཀྱང་དེའི་ཚུལ་རྒྱས་པར་མི་སྤྲོའོ། །རྒྱལ་གསུང་དྲི་མེད་བཻཌཱུར་ལྷུན་པོ་ལ། །ཉེར་བརྟེན་དངོས་སྟོབས་རིགས་པའི་རླུང་འགྲོས་ཀྱིས། །རབ་དྲངས་དགག་སྒྲུབ་སྣང་བའི་མུ་ཁྱུད་ཅན། །འདི་དག་ཐུབ་བསྟན་གླིང་བཞིའི་རྒྱན་དུ་གྲུབ། །ཅེས་ཀྱང་སྨྲས་སོ། །དེ་ནས་ཡང་གཞན་ཕན་སྤྲུལ་པའི་སྐུའི་ཞལ་ནས། ཐལ་འགྱུར་བའི་ཁྱད་ཆོས་སུ་རྗེ་ཙོང་ཁ་པས་བཞེད་པ་རྣམ་པ་
བརྒྱད་དོ། །ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞིའི་རྣམ་ཤེས་ཁས་མི་ལེན་པ། རང་རིག་འགོག་ཚུལ་ཐུན་མོང་མིན་པ། རང་རྒྱུད་ཀྱི་རྟགས་ལ་བརྟེན་ནས་ཕྱིར་རྒོལ་གྱི་རྒྱུད་ལ་དེ་ཉིད་རྟོགས་པའི་ལྟ་བ་བསྐྱེད་པར་ཁས་མི་ལེན་པ། ཤེས་པ་ཁས་ལེན་པ་དེ་བཞིན་དུ་ཕྱི་དོན་ཡང་ཁས་ལེན་དགོས་པ། ཉན་རང་ལ་དངོས་པོ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་ཡོད་པ། ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་བཞེད་པ། ཞིག་པ་དངོས་པོ་ཡིན་པ། དེ་ལ་བརྟེན་ནས་དུས་གསུམ་གྱི་རྣམ་བཞག་ཐུན་མོང་མིན་པར་འཇོག་པ་བརྒྱད་ཀྱི་ཕྱི་མ་དྲུག་པོ་ཅུང་ཟད་རེ་བཤད་ནས་མཇུག་ཏུ་དེ་ལྟར་ལུགས་འདིར་རང་སྡེ་འོག་མ་ཀུན་ལས་ཁྱད་པར་དུ་འཕགས་པའི་ཞལ་བཞེས་དེ་དག་ཀྱང་རང་མཚན་གྱིས་གྲུབ་པ་ཐ་སྙད་དུ་ཡང་ཁས་མི་ལེན་པའི་གནད་ཀྱིས་ཡིན་ཏེ་རྒྱས་པར་གཞན་དུ་བཤད་དོ། །དེ་ལྟར་ལུགས་འདིས་གཞན་གྱི་དམ་བཅའ་འགོག་པ་ན་རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་མི་བཞེས་ཤིང་འགལ་བརྗོད་ཀྱི་ཐལ་འགྱུར་གྱི་སྒོ་ནས་གཙོ་བོར་བྱེད་པས་ན་ཐལ་འགྱུར་བ་ཞེས་མཚན་དུ་ཆགས་པ་ཡིན་ལ། གཞན་དུ་ན་དོན་དང་མི་མཐུན་པའི་བཤད་པ་འུད་ཆེན་པོས་དྲངས་ཏེ་ལུགས་འདིའི་དགོངས་དོན་དང་མཚན་གྱི་སྒྲ་བཤད་འདྲ་མིན་སྣ་ཚོགས་སུ་སྨྲས་པ་རྣམས་ནི་བཞད་གད་ཀྱི་གནས་ཙམ་དུ་ཟད་དེ། ཞེས་སོགས་གསུངས་སོ། །རྣམ་གྲངས་
མིན་པའི་དོན་དམ་ཁས་ལེན་ཀུན་བྲལ་རྩལ་དུ་བཏོན་ནས་དེ་གཏན་ལ་འབེབས་པ་ཐལ་འགྱུར་བའི་ལུགས་ལ། རང་རྒྱུད་ཀྱི་གཏན་ཚིགས་ལ་མི་བརྟེན་པར་ཁས་བླང་འགལ་བརྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཕྱིར་གཞི་དེ་ལས་ཐལ་འགྱུར་བའི་མཚན་དུ་ཆགས་པ་ཁོ་ན་ཡིན་ཞིང་། དེ་འདྲའི་དཔྱད་ངོར་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་ཞལ་གྱིས་མི་བཞེས་པ་ནི་དེ་ཁོ་ན་ལྟར་ཡིན་མོད་ཀྱི། དེའི་དབང་གིས་ཐ་སྙད་དུ་དངོས་མེད་ཞིག་པ་སོགས་དངོས་པོར་གྱུར་བ་དང་། འཇིག་རྟེན་ན་རང་བློ་རང་གིས་ཤེས་པར་གནག་རྫི་ཡན་ཆད་ལ་གྲགས་པའང་མི་ཤེས་པར་ཁས་ལེན་དགོས་པ་སོགས་ཅི་ཡང་མེད་ལ། ཁས་ལེན་དང་བཅས་པ་རྣམ་གྲངས་པའི་དོན་དམ་བདེན་སྟོང་མེད་དགག་ཙམ་ཞིག་སྒྲུབ་པ་ལ་ནི་རང་རྒྱུད་ཀྱི་གཏན་ཚིགས་མི་འཐད་པ་མེད་པར་མ་ཟད་ཆེས་འཐད་པ་ཡོད་པ་སོགས་ཧ་ཅང་སྤྲོས་པས་ཆོག་ཀྱང་སྐབས་མིན་པའི་སྨྲ་བ་བསྐྱུང་བར་བྱའོ། །མདོར་ན་ཐལ་འགྱུར་བ་རྣམས་ཀྱིས་ཁས་ལེན་ཀུན་བྲལ་རྣམ་གྲངས་མིན་པའི་དོན་དམ་འབའ་ཞིག་གཏན་ལ་འབེབས་ཤིང་ཐ་སྙད་ཀྱི་ཁས་ལེན་ཐམས་ཅད་ནི་མ་བརྟགས་འཇིག་རྟེན་པ་དང་ཐུན་མོང་དུ་མཛད་ཀྱི་དཔྱད་ནས་སྨྲ་བ་རང་རྒྱུད་པ་སོགས་ཀྱི་བཞེད་པ་ལྟར་མི་མཛད། རང་རྒྱུད་པས་ཁས་ལེན་དང་བཅས་པ་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་
འཆད་ཚུལ་གྱི་དབང་གིས་རང་རྒྱུད་ཀྱི་གཏན་ཚིགས་ལ་གཙོ་བོར་མཛད་ཅིང་དཔྱད་ནས་ཐ་སྙད་ཚད་གྲུབ་བཞེད་པ་སོགས་ཡིན་ཏེ་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། རྒྱ་ཆེན་པོ་རྟོགས་མ་ནུས་པ་རྣམས་ཀྱིས་ཀྱང་ཐལ་རང་གི་གཞུང་གི་བབ་ཙམ་ལ་གཞལ་ན། རང་རྒྱུད་པའི་གཞུང་ཐམས་ཅད་ལས་རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་སུ་ཕྱེ་ནས་མི་སྟོན་པ་མེད་ལ། ཐལ་འགྱུར་བའི་གཞུང་ཀུན་ཏུ་དེ་ལྟར་འབྱེད་པའི་བཤད་སྲོལ་མི་འདུག་པ་འདི་ཙམ་གྱིས་ཀྱང་ཤེས་ནུས་ཏེ། གཞན་དུ་ཐལ་འགྱུར་བའི་གཞུང་གིས་རྣམ་གྲངས་པའི་དོན་དམ་ཙམ་ལས་མི་སྟོན་ན། ཐལ་རང་གཉིས་ལས་དགོངས་པ་རང་རྒྱུད་པ་མཐོ་བར་ཁས་ལེན་དགོས་ཏེ། རྣམ་གྲངས་མིན་པའི་དོན་དམ་དེ་ནི་དོན་དམ་མཐར་ཐུག་པ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པར་སུས་ཀྱང་ཁས་ལེན་དགོས་མོད། རང་རྒྱུད་པའི་གཞུང་ན་དེ་དོན་དམ་མཐར་ཐུག་ཏུ་བསྟན་པ་ཡོད་ལ། ཐལ་འགྱུར་བའི་གཞུང་ན་དེ་མེད་པར་རྣམ་གྲངས་པའི་དོན་དམ་ཙམ་མཐར་ཐུག་གི་དོན་དམ་དུ་འདོད་པར་ཁས་ལེན་པའི་ཕྱིར་རོ། །དེས་ན་ཐལ་རང་གི་ཤིང་རྟ་ཆེན་པོ་རྣམས་མཐར་ཐུག་གི་དོན་ལ་དགོངས་པ་དབྱེར་མེད་པར་ཤེས་པར་བྱའོ། །གང་ཞིག་བཞེད་པ་གང་གི་ཕྱོགས་འཛིན་ཅིང་དེ་སྒྲུབ་པར་འདོད་པའི་ཚེ། དེ་དང་མི་མཐུན་པ་གཞན་མིན་ནོ་ཞེས་བྱས་ནས་རང་
གི་ཕྱོགས་ཀྱི་བཞེད་པ་ཙམ་བཀོད་པས་དགག་སྒྲུབ་གང་ཡང་མི་ནུས་ལ། ཤིན་ཏུ་ངེས་པའི་ལུང་རིགས་ལ་བརྟེན་ནས་རང་ལུགས་སྒྲུབ་པ་དང་། དེར་གཞན་གྱིས་བརྗོད་པའི་སུན་འབྱིན་གྱི་ཚེར་མ་རྩད་ནས་དབྱུང་བ་ལ་མཁས་ཤིང་། སུན་ཅི་ཕྱིན་ཙམ་མིན་པར་ངེས་པའི་གནད་དང་ལྡན་པས་ཕ་རོལ་མི་མཐུན་པར་སྨྲ་བ་ལ་སྐྱོན་བརྗོད་པར་བྱ་དགོས་ལ། གལ་ཏེ་རིགས་པ་ལྟར་སྣང་བ་དང་ལུང་དོན་ལ་ལོག་པར་རྟོག་པ་ལ་རིགས་པའི་གནོད་པ་འབབ་པར་མཐོང་ན་དེ་རྗོད་པ་པོ་ལ་ཁྲོ་ཞིང་གནད་དུ་ཕོག་པའི་ཡུས་ཀྱིས་རིགས་པའི་མཚོན་ཆ་མེད་པར་ཚིག་གི་མཚོན་ཆ་གདེངས་པ་ནི་མཁས་པས་མཐོང་ན་བཞད་གད་ཀྱི་གནས་སོ། །དེའི་ཕྱིར་ལུགས་གང་ལའང་སྐྱོན་ཡིན་ངེས་པ་ནི་རྒོལ་བས་བརྗོད་ཀྱང་རུང་མ་བརྗོད་ཀྱང་རུང་ནོར་པ་ཉིད་དུ་གནས་ལ་ནོར་བ་ནི་ཀུན་ལ་འཁྲུལ་པ་སྟེར་བའི་གཞིར་འགྱུར་ཞིང་། རང་ངམ་གཞན་གྱི་ལུགས་སུ་བཏགས་པ་གང་ཡང་རུང་སྟེ་ལེགས་པར་བཤད་པ་ནི་སུ་ལའང་མིག་ཏུ་འགྱུར་བའི་ཕྱིར། རྟོན་པ་བཞི་དང་ལྡན་པའི་ཚུལ་གྱིས་རང་དང་གཞན་གྱི་ལུགས་ལ་ཕྱོགས་ཞེན་དང་སྡང་བའི་བསམ་པ་སྤངས་ཏེ། རྒྱལ་བའི་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ནས་དངོས་སྟོབས་ཀྱི་རིགས་པས་ཚུལ་བཞིན་དཔྱད་ན་བློ་གྲོས་ཀྱི་འཇུག་པ་དེ་དག་རྒྱལ་བསྟན་དྲི་མེད་འཕེལ་བའི་ཐབས་སུ་འགྱུར་ཞིང་།
དེ་ལས་སྐྱེ་དགུ་རྣམས་ཀྱི་འཕྲལ་དང་ཡུན་གྱི་དཔལ་ཕུན་སུམ་ཚོགས་པ་མ་ལུས་པ་ངང་གིས་འབྱུང་བར་འགྱུར་རོ། །འདིར་སྨྲས་པ། གཞན་ལ་མ་གུས་སྡང་བའི་ཀུན་སློང་གིས། །མ་རྙོགས་ཡིད་ཀྱི་ཆུ་གཏེར་དྭངས་པ་ལ། །དངོས་སྟོབས་རིགས་པའི་གཟའ་སྐར་ལེགས་ཤར་བ། །འདི་དག་རྟེན་འབྱུང་བཟང་པོའི་འབྲས་བུར་གྲུབ། །དམར་སེར་ཉི་གཞོན་འཆར་ཁའི་སྣང་བ་ཅན། །འཇམ་དཔལ་གཞོན་ནུ་དགེ་བའི་བཤེས་གཉེན་གྱི། །རྣམ་རོལ་ཐེག་མཆོག་ཆོས་མཛོད་ལེགས་སྟོན་པ། །སྔ་འགྱུར་དམ་པ་རྣམས་ཀྱི་བཀའ་དྲིན་མཆོག །ཡང་ཡང་དྲན་པས་བ་སྤུའི་འཁྲི་ཤིང་དག །གཡོ་བའི་ཚལ་གནས་ཡིད་ཀྱི་ཁྱེའུ་ཆུང་། །དམ་པ་དེ་དག་རྣམས་ཀྱི་རྗེས་ཕྱོགས་ཏེ། །ཆོས་ཚུལ་ཅུང་ཟད་སྨྲས་པའི་ལེགས་བྱས་ཀྱིས། །ཐེག་མཆོག་རྒྱལ་བའི་བསྟན་པ་དར་བ་དང་། །དེ་འཛིན་དམ་པ་རྣམས་ཀྱི་བཞེད་པ་གྲུབ། །ས་སྟེང་སྐྱེ་དགུའི་མོས་སྣང་ཆོས་ལ་བསྒྱུར། །མཚོ་སྐྱེས་བླ་མའི་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་རྣམ་དཀར་གྱི་ཐུགས་མངའ་བྲག་དཀར་སྤྲུལ་པའི་སྐུས་དཔལ་ལྡན་འབྲས་དཀར་ཁལ་དུ་སྤུངས་འདྲའི་ཆོས་སྡེ་ནས་བྲིས་པའི་རྩོད་པ་ལ་བརྒལ་ལན་དུ་བྲིས་པ་འདི་ཡང་རྙིང་བན་མི་ཕམ་རྣམ་རྒྱལ་ཞེས་བྱ་བ་ལོ་ཤས་དབེན་པའི་རི་སུལ་ན་ཉལ་ཞིང་། སྐབས་འདིར་ཕྱོགས་ཀྱི་མཐའ་གྲུ་དཀར་
བའི་རི་ལ་གནས་ཤིང་རལ་བའི་ཟར་བུ་རིང་པོ་དང་ལྡན་པར་གྱུར་པ་གང་དེས་རབ་ཚེས་ས་གླང་ས་ག་ཟླ་བའི་བསྙེན་སྒྲུབ་ཀྱི་མཚམས་ལ་གནས་པའི་དུས་ཀྱི་ཚེས་བཞི་ནས་བཟུང་སྟེ་ཞག་བཅུའི་ཐུན་གསེང་རེ་ལ་མགྱོགས་པར་བྲིས་ཤིང་ཚེས་བཅུ་གསུམ་ལ་གྲུབ་པར་བགྱིས་པ་མངྒ་ལ་ཤྲེ་ཡོ་བྷ་ཝ་ཏུ། །ཨོཾ་སྭ་སྟི། མཁས་པའི་རྣམ་དཔྱོད་ཉིན་མོར་བྱེད་པ་བཞིན། །ལུང་རྟོགས་བསྟན་པའི་བཤད་སྒྲུབ་པད་ཚལ་བཞད། །ལེགས་བཤད་སྙིང་པོ་སྦྲང་རྩིའི་བཅུད་མཆོག་ལྟར། །སྐལ་བཟང་བུང་བའི་ཚོགས་རྣམས་དགྱེས་པར་གྱུར། །ཐུབ་དབང་བསྟན་ལ་རབ་གྲགས་ཞི་བ་ལྷ། །གསུང་རབ་བྱང་ཆུབ་སྤྱོད་པའི་གཞུང་ཆེན་པོ། །ཚིག་དོན་ཆ་ཤས་བརྒལ་བརྟགས་རིགས་ལམ་ནས། །སྤེལ་འདི་མི་ཕམ་རྣམ་པར་རྒྱལ་བས་གསུངས། །བློ་ལྡན་མཁས་པའི་ཚོགས་ལ་ཕན་པ་དང་། །རྣམ་དག་གཞུང་བཟང་ཕྱོགས་བརྒྱར་དར་བའི་ཕྱིར། །ངག་དབང་ཤཱཀྱའི་མིང་ཅན་དུས་འདས་ཀྱི། །དངོས་རྫས་མཐུན་པའི་རྐྱེན་སྦྱར་ལྷུན་གྲུབ་སྟེང་། །ཞིང་སྐྱོང་དགེ་བའི་བློ་ཅན་དད་བརྩོན་གྱིས། །རྣམ་དཀར་སྤར་དུ་སྒྲུབ་པའི་བསོད་ནམས་ཀྱིས། །རྒྱལ་བསྟན་དར་ཞིང་དགེ་འདུན་དབུ་འཕང་བསྟོད། །ལྷར་བཅས་འགྲོ་རྣམས་བདེ་བའི་གནས་ཐོབ་ཤོག །དོན་དམ་སྤྲོས་བྲལ་ནམ་མཁའི་ཀློང་། །ཀུན་རྫོབ་རྟེན་
འབྱུང་སྣ་ཚོགས་གཟུགས། །བདེན་གཉིས་དབྱེར་མེད་གཞི་ལམ་འབྲས། །རྣམ་ཐར་གསུམ་གྱི་བཀྲ་ཤིས་ཤོག །ཤུ་བྷཾ། །