ཤེས་རབ་ཀྱི་ལེའུའི་ཚིག་དོན་གོ་སླ་བར་རྣམ་པར་བཤད་པ་ནོར་བུ་ཀེ་ཏ་ཀ
ཤེས་རབ་ཀྱི་ལེའུའི་ཚིག་དོན་གོ་སླ་བར་རྣམ་པར་བཤད་པ་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ། །
ན་མོ་མཉྫུ་ཤྲི་ཡེ། འཕགས་མཆོག་འཇམ་དཔལ་དགྱེས་པའི་འོད་ཟེར་ནི། །གང་ཐུགས་པདྨའི་གེ་སར་ལ་གནས་ཤིང་། །རྒྱལ་སྲས་སྤྱོད་པའི་དྲི་བསུང་ཕྱོགས་ཀྱི་མཐར། །ཁྱབ་མཛད་ཞི་བའི་ལྷ་དེར་གུས་ཕྱག་འཚལ། །ཟབ་མོ་ཐེག་མཆོག་དབུ་མའི་ལམ་བཟང་ཉིད། །རྒྱལ་བའི་མཐུ་དང་རང་གི་སྔོན་གོམས་ལས། །གཞན་དུ་བློ་ཆེན་བརྩོན་མཆོག་རྣམས་ཀྱིས་ཀྱང་། །རྟོགས་པར་དཀའ་ན་བདག་ལྟས་སྨོས་ཅི་དགོས། །འོན་ཀྱང་དམ་པའི་ལུང་གི་རྗེས་འབྲངས་ཏེ། །དངོས་སྟོབས་རིགས་པའི་སྒོ་ནས་མཁས་པའི་ལམ། །མཐོང་ཚེ་ཕྱོགས་འཛིན་གྱ་གྱུའི་བགྲོད་པ་ཀུན། །རབ་སྤངས་དོགས་མེད་ཞི་བའི་གནས་འདིར་རྒྱུ། །འདིར་འཕགས་པ་འཇམ་དཔལ་གྱིས་རྗེས་སུ་བཟུང་ཞིང་། རྒྱལ་སྲས་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་རང་བྱན་ཚུད་པའི་རྣམ་ཐར་ཕུལ་དུ་བྱུང་བའི་ངོ་མཚར་གྱིས་ནོར་འཛིན་ཡངས་པའི་ཐ་གྲུ་ཟླུམ་པོར་བཅིང་བ་དཔལ་ལྡན་ཞི་བ་ལྷ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་བསྟན་བཅོས་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ཀྱི་ལེའུ་ནི་འདིར་བཤད་པར་བྱ་བའི་ཆོས་སོ། །དེ་ཡང་ལམ་གྱི་གཙོ་བོ་ཤེས་རབ་བསྐྱེད་དགོས་ཚུལ་དང་། ཤེས་རབ་ཀྱི་ཕར་ཕྱིན་ཉིད་བཤད་པ་གཉིས་ལས། དང་པོ། གོང་དུ་ཇི་སྐད་བཤད་པའི་སྦྱིན་སོགས་ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པ་ཆེན་པོས་ཤེས་རབ་ཀྱི་དོན་དུ་གསུངས་སོ། །འདི་ལ་སྦྱིན་སོགས་སྔ་མ་སྔ་མ་རྒྱུར་བྱས་ནས་ཤེས་རབ་སྐྱེ་བས་ན་རྒྱུ་འབྲས་ཀྱི་ཚུལ་དུ་བཤད་པའང་ཡོད་མོད། འདིར་དོན་དུ་ཞེས་པ་ནི་གང་དུ་རྒྱལ་པོ་གཡུལ་དུ་ཆས་པ་ན་དཔུང་གི་ཚོགས་བཞི་ཡང་རྒྱལ་པོའི་དོན་དུ་འགྲོ་བ་བཞིན་དུ། འབྲས་ཡུམ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་
དངོས་རྒྱུ་ཐུན་མོང་མིན་པ་ནི་ལམ་གྱི་གཙོ་བོ་ཤེས་རབ་ཡིན་ཏེ། འདིས་སྒྲིབ་པ་གཉིས་སྤོང་ཞིང་མཁྱེན་གཉིས་ཀྱི་ཡེ་ཤེས་མཐར་ཐུག་པ་བྱེད་པ་ཡིན་གྱི། ཕར་ཕྱིན་གཞན་གྱིས་དེ་མི་ནུས་པར་མ་ཟད་ཕར་ཕྱིན་ལྔ་པོ་དེ་དག་ཤེས་རབ་ཀྱིས་བཟུང་ནས་གདོད་ཕར་ཕྱིན་གྱི་མིང་ཐོབ་ཅིང་སངས་རྒྱས་སུ་བགྲོད་པ་ཡིན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཆུ་ཀླུང་ཆེན་པོ་གངྒཱ་ག་ལ་བ་དེར་འདོང་ངོ་། །དེ་དག་ཆུ་ཀླུང་གངྒཱ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོའི་ནང་དུ་འདོང་ངོ་། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་འདོང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཏེ། མདོར་ན་ལམ་གྱི་གཙོ་བོ་ཤེས་རབ་ལ་བརྟེན་ནས་སྤངས་རྟོགས་མཐར་ཕྱིན་པར་བྱེད་པ་ལ་དེའི་གྲོགས་སུ་སྦྱིན་སོགས་ཐབས་ཀྱི་རྣམ་པ་འདི་ཀུན་གསུངས་པས་ན་གཙོ་བོ་ཤེས་རབ་ནི་མེད་དུ་མི་རུང་བ་ཡིན་ནོ། །ཞེས་དོན་ཆེན་པོར་བསྟན་པ་ཡིན་ཅིང་། ཡན་ལག་འདི་དག་ཅེས་པ་ལེའུ་འདིའི་གོང་དུ་བཤད་མ་ཐག་པའི་བསམ་གཏན་ལ་སྦྱར་བ་ཡོད་ཀྱང་ཕར་ཕྱིན་ཀུན་ལ་སྦྱོར་དགོས་ཤིང་། ཡན་ལག་ཅེས་པ་དང་དོན་དུ་ཞེས་པའི་ཚིག་གི་ནུས་པས་འདིར་ཤེས་རབ་ནི་གཙོ་བོར་བསྟན་པ་ཙམ་ཡིན་གྱི་གཞན་དུ་གཟུང་བར་མི་བྱའོ། །ཇི་སྐད་བཤད་པའི་རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་འཁོར་བའི་སྡུག་བསྔལ་རྩད་ནས་ཞི་བར་འདོད་པ་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དེ་འབད་པས་བསྐྱེད་པར་བྱའོ། །གཉིས་པ་ལ་གཞི་བདེན་སྟོང་དུ་རྣམ་པར་གཞག་པ་དང་། ལམ་ བདག་མེད་དུ་གཏན་ལ་དབབ་པ ་གཉིས། དང་པོ་ལ། དངོས་དང་རྩོད་སྤོང་གཉིས། དང་པོ་ལ། རྟོགས་བྱ་བདེན་
གཉིས་ངོས་བཟུང་། རྟོགས་པ་པོ་གང་ཟག་གི་རིམ་པ་བསྟན། ཇི་ལྟར་རྟོགས་པར་བྱ་བའི་ཚུལ་བཤད་པ་གསུམ། དང་པོ། འདི་ལྟར་ཀུན་བྱང་གིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ལ་ཆོས་ཅན་ཇི་སྙེད་པ་སྣང་ཙམ་ཀུན་རྫོབ་ཀྱི་བདེན་པ་དང་། ཆོས་ཉིད་ཇི་ལྟ་བ་སྟོང་ཉིད་དོན་དམ་གྱི་བདེན་པ་གཉིས་སུ་གནས་པར་འདོད་དེ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པའི་བདེན་པ་འདི་གཉིས་ཏེ། །ཁྱེད་ཀྱིས་གཞན་ལས་མ་གསན་རང་གིས་རིག །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསུངས་པ་བཞིན་ནོ། །དེ་ལ་ཀུན་རྫོབ་ནི་སྐྱེ་སོགས་ཀྱི་རང་བཞིན་དུ་མེད་བཞིན་དེར་སྣང་བ་སྒྱུ་མ་དང་རྨི་ལམ་སྐྲ་ཤད་ལྟ་བུའི་སྣང་ཚུལ་འདི་ཡིན་ལ། སྣང་བ་དེའི་རང་བཞིན་བརྟགས་ན་སྐྱེ་སོགས་ཀྱིས་རྣམ་པར་དབེན་པའི་གནས་ཚུལ་དོན་དམ་པ་ཡིན་ཏེ། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །དེས་ན་དེ་ལྟ་བུའི་བདེན་པ་གཉིས་པོ་དེའང་དོན་དམ་པར་ཐ་དད་པ་དང་། ཀུན་རྫོབ་ཏུ་གཅིག་ཡིན་ན་སྐྱོན་བཞི་བཞི་དག་གིས་གནོད་པར་འགྱུར་བ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་གསུངས་པ་བཞིན་དུ་ཤེས་པར་བྱ་ཞིང་། དོན་དམ་པ་དེ་ལའང་སྐྱེ་བ་དང་གནས་པ་སོགས་བཀག་པའི་སྐྱེ་མེད་དང་གནས་མེད་སོགས་མེད་དགག་ཙམ་གྱི་སྟོང་པ་ནི་སྟོང་ཉིད་ཆེན་པོ་མཐའ་བཞི་དང་བྲལ་བ་ལ་འཇུག་པའི་སྒོ་ཙམ་ཡིན་པས་རྣམ་གྲངས་པའི་དོན་དམ་མམ། མཐུན་པའི་དོན་དམ་ཞེས་བརྡ་མཛད་དེ། རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཞེས་གསུང་སྟེ། རེ་ཞིག་ཐོག་མ་མེད་པ་ནས་
དངོས་པོར་ཞེན་པ་གོམས་པ་རྣམས་ལ་མཐའ་བཞི་དང་བྲལ་བའི་ཡེ་ཤེས་སྐྱེ་བའི་སྐབས་མེད་པས་ཐོག་མར་དངོས་ཀུན་དོན་དམ་པར་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་སེམས་བྱུང་ཤེས་རབ་བསྐྱེད་དགོས་པས་ན། རང་རྒྱུད་པའི་གཞུང་ཐམས་ཅད་དུ་ནི། མདོ་དང་བསྟན་བཅོས་སུ་གཟུགས་སོགས་མེད་པར་བཀག་པའི་རྣམ་པ་ཐམས་ཅད། བདེན་ཡོད་ཙམ་འགོག་པའི་མེད་རྐྱང་རྣམ་གྲངས་པའི་དོན་དུ་བཤད་པ་མཛད་ནས། དེ་ལས་སླར་མེད་པ་ཉིད་ཀྱང་གནས་ལུགས་མཐར་ཐུག་གི་དོན་དུ་མི་བཞེད་དེ། རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་དང་། བདེན་གཉིས་ལས། ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་པ་བཞིན་ནོ། །དེ་ལྟ་ནའང་གནས་སྐབས་ལམ་གཏན་ལ་འབེབས་པའི་སྐབས་སུ་དོན་དམ་པར་སྐྱེ་བ་མེད་ཀྱང་ཀུན་རྫོབ་ཏུ་སྐྱེ་བ་ལྟར་སྣང་བ་འགོག་མི་ནུས་པས་ཆོས་རྣམས་ནི་ཀུན་རྫོབ་ཏུ་རང་གི་མཚན་ཉིད་འཛིན་པར་ཐ་སྙད་དཔྱོད་པའི་ཚད་མས་གྲུབ་ཅིང་། དེ་སྣང་བ་ལྟར་དོན་དམ་པར་མ་གྲུབ་པས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ཏེ་དོན་དམ་པར་མེད་ལ་ཀུན་རྫོབ་པར་བསླུ་མེད་དུ་ཡོད་དོ་ཞེས་འཆད་པར་བྱེད་དེ། དེ་ལྟར་བདེན་གཉིས་སོ་སོ་རང་ས་ན་མ་ཉམས་པར་བཞག་པ་འདི་ལྟ་བུ་ནི་ལས་དང་པོ་པའི་བློ་ངོར་ཅིས་ཀྱང་བདེ་བ་ཡིན་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་གནས་ལུགས་མཐར་ཐུག་པའི་དབང་དུ་ན་ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་མེད་པ་ཞེས་ཡོད་པ་དང་མེད་པའི་མཚན་ཉིད་གཉིས་སོ་སོར་ཕྱོགས་སུ་ཆད་དེ་གནས་པ་མ་ཡིན་ཏེ། གང་སྣང་བའི་གཟུགས་ལ་སོགས་པ་འདི་ཉིད་སྟོང་ཞིང་། གང་སྟོང་
བཞིན་པ་དེ་ཉིད་གཟུགས་སོགས་སུ་སྣང་བ་ཡིན་པས་ན་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མངོན་དུ་མ་བྱས་པ་དེ་སྲིད་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་པས། དཔལ་ལྡན་ཟླ་བ་དང་ཞི་བ་ལྷ་ལ་སོགས་པ་ནི། དང་པོ་ནས་མཐའ་བཞི་བྲལ་བའི་ཡེ་ཤེས་སོ་སོ་རང་རིག་པ་ཉིད་རྩལ་དུ་འདོན་པར་མཛད་དེ། འདི་ལྟར་ཀུན་རྫོབ་ཏུ་རང་མཚན་གྱིས་གྲུབ་པ་དེའང་བཀག་པས་བདེན་གཉིས་སོ་སོར་འཛིན་པ་ཁེགས་ཏེ་སྣང་སྟོང་ཟུང་དུ་འཇུག་པར་འགྱུར་བས་དོན་དམ་པའི་གནས་ཚུལ་ལ་རྗེས་སུ་སོན་པའི་ལྟ་བ་ཁས་ལེན་ཀུན་བྲལ་དུ་སོང་བའི་གནད་ཀྱིས་ཡོད་པ་དང་མེད་པའི་ཕྱོགས་ཐམས་ཅད་ཐལ་འགྱུར་གྱིས་འཇིལ་བར་མཛད་པ་དེའི་ཕྱིར་ཐལ་འགྱུར་ཞེས་མཚན་དུ་ཆགས་སོ། །མཁས་མཆོག་བུ་སྟོན་ལ་སོགས་པས་ནི་ཐལ་རང་གི་ཁྱད་པར་འདི་བོད་ཀྱི་རྟོག་བཟོར་ཟད་དེ། རྒྱ་གར་དུ་མ་བྱུང་བར་མཛད་མོད།མཐར་ཐུག་གི་དོན་ལ་ཁྱད་པར་ཅི་ཡང་མེད་ཀྱང་གཞུང་འཆད་ཚུལ་གྱི་དབང་དུ་ཁྱད་པར་ཡོད་དེ། སངས་རྒྱས་བསྐྱངས་ཀྱི་གཞུང་ལ་ལེགས་ལྡན་གྱིས་དགག་བྱ་ལ་དོན་དམ་པའི་ཁྱད་པར་མ་སྦྱར་བའི་སྐྱོན་བརྗོད་པ་ཟླ་བས་སུན་ཕྱུང་བ་ལྟ་བུའོ། །དེས་ན་ཐལ་རང་གི་ཤིང་རྟ་ཆེན་པོ་དེ་དག་མཐར་ཐུག་གི་དགོངས་པའི་གནད་ལ་ཁྱད་པར་ཅི་ཡང་མེད་ཀྱང་རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་རྩལ་དུ་བཏོན་ཏེ་འཆད་ཚུལ་ཙམ་ཡིན་ཏེ། རྒྱས་པར་དབུ་མ་རྒྱན་གྱི་རྣམ་བཤད་དུ་བལྟ་བར་བྱའོ། །དེས་ན་ཐལ་འགྱུར་བའི་སྐབས་འདིར་ཟུང་འཇུག་སྤྲོས་པ་དང་བྲལ་བའི་དབུ་མ་ཆེན་པོ་ཉིད་རྩལ་དུ་འདོན་པས་འདིའི་ལུགས་ལ་རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་སུ་དབྱེ་བ་མེད་པར་ཤེས་པར་བྱའོ། །ཁ་ཅིག་གིས་འཕགས་པའི་ཡེ་ཤེས་ནི་རྣམ་གྲངས་མིན་པའི་དོན་དམ་མཚན་ཉིད་པ་ཡིན་ལ་དེ་ནི་སྤྲོས་པ་དང་བྲལ་བ་ཡིན་ཞིང་། སོ་སྐྱེའི་སྟོང་ཉིད་
བསྒོམ་པ་ཐམས་ཅད་མཐུན་པའི་དོན་དམ་མེད་དགག་ཙམ་དུ་བསྒོམ་པར་གསུངས་ཀྱང་། འདིར་སྟོང་པ་ཉིད་སྟོན་པའི་སྐབས་སུ་གཟུགས་ལ་སོགས་པ་དགག་པ་ནི་མེད་དགག་ཁོ་ན་ཡིན་ཏེ། མ་ཡིན་པར་བཀག་ཀྱང་མཐར་གཏུགས་ན་དངོས་པོར་ཞེན་པས་སྟོང་ཉིད་ཀྱི་དོན་དུ་མི་རུང་བས་མེད་པར་དགག་པ་ཡིན་བཞིན་དུ། རྟེན་འབྱུང་བསླུ་མེད་དུ་སྣང་བས་སྣང་སྟོང་ཟུང་དུ་འཇུག་པས་ན་དགག་སྒྲུབ་ཀྱི་འཛིན་སྟངས་ཞིག་པ་ཞིག་དགོས་ཏེ། ཇི་སྐད་དུ། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་རྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། རིམ་ལྔ་ལས། སྣང་བ་དང་ནི་སྟོང་པ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་པ་བཞིན་ནོ། །ཁ་ཅིག་འདི་སྔགས་ལམ་གྱི་སྒོམ་ཡིན་གྱི། མདོའི་མིན་ནོ་ཟེར་ཡང་།མཐའ་བཞི་དང་བྲལ་བའི་ཟུང་འཇུག་དེ་ཡིད་དཔྱོད་ཀྱིས་བསྒོམ་པ་དང་། ཐབས་ཀྱིས་བཙན་ཐབས་སུ་ཤར་བའི་ཁྱད་པར་ཙམ་ལས་ཆོས་ཀྱི་དབྱིངས་ལ་མི་འདྲ་བ་ཡོད་པ་མིན་ནོ། །དེས་ན་གནས་ལུགས་ལ་དཔྱོད་པའི་སོ་སོ་སྐྱེ་བོའི་དཔྱད་སྒོམ་གྱིས་མཐའ་བཞི་ཅིག་ཆར་ཁེགས་པ་མིན་ཀྱང་། རེས་འཇོག་གི་ཚུལ་དུ་བཞི་ཆར་བཀག་ནས་དམིགས་མེད་ཀྱི་དོན་ཟུང་འཇུག་གི་དབྱིངས་ལ་གོ་མྱོང་སྐྱེ་བར་མ་བྱས་ན། ནས་ཀྱི་ས་བོན་ལས་འབྲས་ཀྱི་མྱུ་གུ་བཞིན་དུ་འཕགས་པའི་ཡེ་ཤེས་ཀྱང་རྒྱུ་མེད་དུ་སྐྱེ་བར་མི་འགྱུར་བས་ཚོགས་སྦྱོར་དུ་ཡང་ཅི་སྟེ་མི་བསྒོམ། དེ་ཕྱིར་དངོས་པོའི་གནས་ཚུལ་དོན་དམ་པ་ནི་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་མིན་གྱི་མཐའ་ཀུན་དང་བྲལ་བས་ན་བློ་ཡི་སྤྱོད་ཡུལ་མིན་ཏེ། བློ་དང་སྒྲ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །བློས་འདི་དང་འདིའོ་ཞེས་དམིགས་
ཤིང་འདུ་བྱེད་པ་དང་། སྒྲས་འདི་དང་འདིའོ་ཞེས་གང་བརྗོད་པ་སེམས་དང་ངག་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་དེ་ནི་བརྟགས་ན་རྣམ་པར་དབེན་པས་སྒྱུ་མ་བཞིན་དུ་སྟོང་པ་ཡིན་གྱི་དཔྱད་བཟོད་པ་ནམ་ཡང་མི་སྲིད་དོ། །དེས་ན་བཅོམ་ལྡན་འདས་ཀྱིས་མདོ་ལས། ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན་དེ་དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་འགགས་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་བྱ་དང་། ཤེས་པ་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་དང་། རྒྱན་ལས་ཀྱང་། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །རྣམ་པར་རྟོག་ལ་བརྟེན་ན་ཡང་། །ཀུན་རྫོབ་ཏུ་འགྱུར་ཡང་དག་མིན། །ཞེས་སོ། །དེ་ལ་འདིར་ཆོས་ཉིད་ཤེས་བྱ་མིན་པར་བརྗོད་པ་ནི། ཆོས་ཉིད་སྤྲོས་པ་ཐམས་ཅད་ལས་འདས་པས་ན། དེ་ནི་བློས་དམིགས་པར་བྱར་མེད་པས་ཡིན་ཏེ། གང་ཡུལ་དང་ཡུལ་ཅན་དུ་མ་གྱུར་ཅིང་མཚན་མ་གང་དུའང་མ་གྲུབ་པ་དེ་ལ་ཡང་དག་པར་ན་ཇི་ལྟར་ཤེས་བྱ་ཞེས་བརྗོད་དེ། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་པ་བཞིན་ནོ། །འོ་ན་དོན་དམ་པ་དེ་འཕགས་པའི་བློས་ཀྱང་སྤྱོད་ཡུལ་མིན་ན། དེ་ལ་དམིགས་པས་སྤངས་རྟོགས་ཀྱི་ཡོན་ཏན་འབྱུང་བ་ཡང་མི་འཐད་ལ། འཕགས་པའི་མཉམ་
བཞག་གིས་དེ་མི་ཤེས་ན་དེ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་མིན་པར་འགྱུར་ཞིང་། ཆོས་ཀྱི་དབྱིངས་ནི་བསམ་མིན་གྱི་བྱེད་པོ་དང་འདྲ་བར་ཁས་བླངས་ཤིང་། གཞན་ཡང་བདེན་གཉིས་ཀྱི་དབྱེ་གཞི་ཤེས་བྱ་མིན་པར་འགྱུར་བ་སོགས་ཀྱིས་གནོད་པས་བློ་གཉིས་སྣང་གི་སྤྱོད་ཡུལ་མིན་ཞེས་ཁྱད་པར་མཛད་ནའང་། འདི་ནི་མིང་ཙམ་གྱིས་ངལ་བ་སྟེ། ཇི་སྐད་དུ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་རྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་གསུངས་པ་ལྟར་ཐ་སྙད་དུ་ནི་འཕགས་པའི་མཉམ་བཞག་ཡུལ་ཅན་དང་། ཆོས་ཀྱི་དབྱིངས་ཡུལ་དུ་བྱས་པ་ལ་བརྟེན་ནས་ཤེས་བྱ་ཡིན་ནོ་ཞེས་བརྗོད་རུང་གི། དོན་དམ་པར་གཟུང་འཛིན་མེད་པའི་མཉམ་བཞག་གིས་འདི་གཟུང་བྱའམ་ཤེས་བྱ་ཡིན་ཟེར་ན་ཚིག་དེ་དངོས་ཤུགས་མི་འགལ་ལམ། ཡང་བདེན་གཉིས་ཀྱི་དབྱེ་གཞི་ཤེས་བྱ་ཡིན་པས་དོན་དམ་ཤེས་བྱར་ཁས་བླངས་པ་དེ་ཡང་རྣམ་གཅོད་དུ་ཡིན་ལ། འདིར་ཤེས་བྱ་མིན་པ་ནི་ཡོངས་གཅོད་དུ་ཡིན་པས་མི་འགལ་ཏེ། ཡོངས་གཅོད་དུའང་ཤེས་བྱར་ཁས་ལེན་ན་སྟོང་ཉིད་དངོས་པོར་ཞལ་གྱིས་བཞེས་པར་འགྱུར་བས། ཕྱོགས་སྨྲ་བ་གཉིས་སོ་སོ་ནས་ཀྱང་མིང་ལ་ངལ་བས་ཅི་བྱ་སྟེ་དོན་ལ་རྟོན་པར་བྱའོ། །གཉིས་པ་ནི། དེ་འདྲའི་ཡུལ་བདེན་པ་གཉིས་པོ་དེ་ལ་རྟོག་པར་བྱེད་པ་པོའི་ཕྱོགས་སམ་སྡེར་གྱུར་པའི་འཇིག་རྟེན་རྣམ་པ་གཉིས་སུ་མཐོང་སྟེ། ཞི་ལྷག་གི་ཡོན་ཏན་དང་ལྡན་པ་རྣལ་འབྱོར་འཇིག་རྟེན་དང་། མི་ལྡན་པ་འཇིག་རྟེན་ཕལ་པ་གཉིས་ཏེ། ཕུང་པོ་གསུམ་པ་ནི་མེད་དོ། །དེ་ལ་འཇིག་རྟེན་ཕལ་པའི་མཐོང་བ་ལ་ནི་རྣལ་འབྱོར་པའི་འཇིག་རྟེན་
གྱིས་གནོད་ཅིང་། རྣལ་འབྱོར་པ་ནང་གསེས་ལའང་གནས་ཚུལ་མཐོང་བའི་བློའི་ཁྱད་པར་གྱིས། གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མའི་མཐོང་དོན་གྱི་གྲུབ་མཐའ་ལ་གནོད་ཅིང་ཟིལ་གྱིས་གནོན་ཏེ། གནས་ལུགས་མཐོང་བའི་བློ་ཇེ་བཟང་དུ་གྱུར་པས་ན་གང་ལ་ཚད་མ་དང་ལྡན་པ་དེས་འོག་མ་སུན་འབྱིན་ནུས་ཀྱི་གཞན་དུ་མ་ཡིན་ཏེ། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་སོ། །དེ་ཡང་དཔེར་ན་འཇིག་རྟེན་ཕལ་པས་དངོས་པོ་རྟག་གཅིག་ཏུ་རྟོག་པ་ལ་བྱེ་མདོ་བ་རྣམས་ཀྱིས་རྡུལ་དང་སྐད་ཅིག་མར་མཐོང་བས་གནོད་ལ། དེའི་རྡུལ་ཕྲན་བདེན་པར་འདོད་པ་ལ་སེམས་ཙམ་པས་སྐྱེས་ལ་འདྲ་བ་འགོག་པས་གནོད་པ་དང་། དེའི་སེམས་བདེན་གྲུབ་ལ་དབུ་མའི་གཅིག་དུ་བྲལ་ལ་སོགས་པས་གནོད་ཅིང་བསལ་བ་བཞིན་ནོ། །དེས་ན་ཇི་སྲིད་ཡོད་མེད་ལ་སོགས་པའི་མཐའ་ཁས་ལེན་པ་དེ་སྲིད་དུ་གནོད་པ་དང་བཅས་ཤིང་། གང་མཐར་འཛིན་ཐམས་ཅད་ཞིག་པ་དེ་ལ་སྐྱོན་མེད་པས་ཇི་ལྟར་གནོད་དེ་ནམ་མཁའ་མཚོན་གྱིས་མི་ཕྱེད་པ་བཞིན་ནོ། །དེས་ན། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་བཞིན་དབུ་མ་པ་ནི་ཆོས་ཀུན་གྱི་གནས་ལུགས་དེ་བཞིན་ཉིད་གཏན་ལ་ཕེབ་པས་ན་སུས་ཀྱང་ཟིལ་གྱིས་མི་ནོན་ཞིང་ཕྱོགས་གཞན་མ་ཐམས་ཅད་ཀྱི་བླ་མར་གྱུར་པ་ཡིན་ནོ། །གསུམ་པ་ནི། རྣལ་འབྱོར་པས་ཕལ་པའི་བློ་ལ་ཇི་ལྟར་གནོད་དེ་འཇིག་རྟེན་ཕལ་པ་ནི་སྐྱེ་སོགས་མངོན་སུམ་མཐོང་བ་བཞིན་དུ་ཞེན་ཅིང་། ཅིག་ཤོས་དེ་ལས་ལྡོག་པས་ན་ཕན་ཚུན་གནོད་པར་འགྱུར་བ་ནི་མིན་ནོ་ཞེ་ན། འདི་ལྟར་དངོས་ཀུན་མི་བདེན་པར་འདོད་པ་དང་། བདེན་པར་འདོད་པ་གཉིས་ཀས་ཀྱང་ཐུན་མོང་དུ་རྫུན་པར་འདོད་པའི་དཔེ་སྒྱུ་མ་
དང་རྨི་ལམ་ལ་སོགས་པ་འདི་སྣང་ནི་སྣང་ཡང་། བདེན་པར་མ་གྲུབ་པ་ཡིན་པས་ན་འདི་བཞིན་དུ་གཟུགས་སོགས་དངོས་པོ་ཀུན་ཀྱང་རང་བཞིན་མེད་པར་འཇིག་རྟེན་ཕལ་པའི་ངོར་བསྒྲུབ་པར་ནུས་ཤིང་། སྣང་བ་ན་མི་བདེན་པས་ཁྱབ་པས། སྣང་ཡང་བདེན་པར་གྲུབ་པའི་དཔེ་མཐུན་སྣང་དུ་གྲུབ་པ་མེད་པས་ན། འཇིག་རྟེན་པས་རྣལ་འབྱོར་པ་ལ་དངོས་པོ་བདེན་པར་ནམ་ཡང་བསྒྲུབ་མི་ནུས་སོ། །ཆོས་ཐམས་ཅད་མི་བདེན་པ་སྒྱུ་མ་ལྟ་བུ་ཡིན་ན་སྦྱིན་སོགས་ལམ་ལའང་སློབ་པར་མི་རིགས་ཏེ་སྒྱུ་མའི་རྟ་ཉོ་བའི་ངལ་བ་ལྟ་བུ་འདིས་ཅི་བྱ་ཞེ་ན། དེ་ནི་འབྲས་བུའམ་དགོས་པའི་དོན་དུ་མ་བརྟགས་མ་དཔྱད་པར་འཇུག་པ་ཙམ་ཡིན་ནོ། །དགོས་པ་ཅི་ཡིན་སྙམ་ན། འདིར་འཁོར་འདས་ཀྱི་སྣང་ཆ་སྒྱུ་མ་ལྟ་བུ་ནི་རྟེན་ཅིང་འབྲེལ་བའི་དབང་གིས་བསླུ་མེད་དུ་ཡོད་པ་དེས་ན་ཇི་སྲིད་གཟུང་འཛིན་གྱི་འཇུག་པ་དབྱིངས་སུ་མ་ནུབ་ཀྱི་བར་དུ་སེམས་ཅན་རྣམས་ལ་སྣང་བ་འདི་རྒྱུན་མི་འཆད་ཅིང་ཕན་གནོད་བྱེད་པ་ཡིན་པས་རང་གཞན་གྱི་སྡུག་བསྔལ་ཞི་ཞིང་ཕན་བདེའི་ཐབས་སུ་ལམ་འདི་ལ་བརྩོན་པ་ཡིན་གྱི། འདིར་ལམ་དང་འབྲས་བུ་ལ་བདེན་པར་ཞེན་པས་ནི་མ་ཡིན་ཏེ་སྒྱུ་མའི་དཔུང་ཆེན་པོ་སྤྲུལ་ནས་དགྲའི་འཇིགས་པ་ལས་ཐར་བར་བྱེད་པ་དང་། སྐྱེས་བུ་གཉིད་དུ་སྡུག་བསྔལ་བ་སད་པའི་ཐབས་ལ་བརྩོན་པ་བཞིན་ནོ། །འོ་ན་རྣལ་འབྱོར་པ་དང་ཕལ་པ་གཉིས་ཀ་ལ་མཐུན་པར་སྣང་བའི་དངོས་པོ་འདི་ལ་ཅི་ཞིག་རྩོད་སྙམ་ན། སྣང་བའི་དངོས་པོ་ཙམ་ལ་ཡོད་མེད་དུ་རྩོད་པ་མིན་ཏེ་སྣང་བའི་ངང་ཚུལ་འགོག་པའི་དབུ་མ་པ་སུ་ཡང་མེད་དོ། །དངོས་པོ་མཐོང་བ་ན་འཇིག་རྟེན་པ་རྣམས་ནི་མཐོང་བའི་དངོས་པོ་དེ་ཉིད་ཡང་དག་པ་སྟེ་དོན་དམ་པར་གྲུབ་པར་རྟོགས་པར་བྱེད་ཀྱི། སྣང་ཡང་མི་བདེན་པ་སྒྱུ་མ་ལྟ་བུའི་རང་བཞིན་དུ་མི་འདོད་པས་ན་དེ་གཉིས་རྩོད་དོ། །གཉིས་པ་རྩོད་སྤོང་ལ། བརྗོད་བྱ་སྟོང་
ཉིད་ལ་རྩོད་སྤོང་དང་། རྗོད་བྱེད་ཐེག་ཆེན་ལ་རྩོད་སྤོང་། དེ་དག་གི་དོན་བསྡུ་བ་གསུམ། དང་པོ་ལ། གཞི་དང་ལམ་དང་འབྲས་བུ་ལ་རྩོད་སྤོང་གསུམ། དང་པོ་ལ། འཇིག་རྟེན་ཕལ་པ་དང་། དོན་སྨྲ་བ་དང་། སེམས་ཙམ་པའི་རྩོད་སྤོང་གསུམ། དང་པོ། འཇིག་རྟེན་ཕལ་པ་རྣམས་འདི་སྙམ་དུ། གཟུགས་ལ་སོགས་པ་ནི་མིག་ལ་སོགས་པའི་མངོན་སུམ་གྱིས་གྲུབ་པ་འདི་ལྟ་ན་འདི་ཅིའི་ཕྱིར་མི་བདེན་སྙམ་ན། གཟུགས་སོགས་ནི་མངོན་སུམ་ཉིད་དུ་གྱུར་ཏོ་ཞེས་པ་འདི་ཡང་མ་བརྟགས་པར་འཇིག་རྟེན་ན་ཡོངས་སུ་གྲགས་པ་ཙམ་ཡིན་གྱི། བརྟགས་ཤིང་དཔྱད་ན་ཚད་མས་དེ་ལྟར་གྲུབ་པ་མ་ཡིན་ཏེ། འཆད་པར་འགྱུར་བ་ལྟར་དབང་དོན་ཕྲད་དང་མ་ཕྲད་བརྟག་པ་ལ་སོགས་པས་འགོག་པའི་ཕྱིར་རོ། །ཇི་ལྟར་ན་གཟུགས་སོགས་སུ་གྲུབ་པར་བཞག་པ་དེ་ནི་དཔེར་ན་བུད་མེད་ཀྱི་ལུས་མི་གཙང་བ་དང་མི་རྟག་པ་སོགས་ཡིན་པ་ལ། གཙང་བ་དང་རྟག་པ་སོགས་སུ་འཇིག་རྟེན་ན་གྲགས་པ་བཞིན་དུ་རྫུན་པ་ཡིན་ནོ། །གཉིས་པ་ལ་ལུང་རིགས་ཀྱི་རྩོད་སྤོང་གཉིས་ལས། དང་པོ། དོན་སྨྲ་བ་རྣམས་འདི་སྙམ་དུ། དངོས་པོ་ནི་བདེན་པར་ཡོད་དེ་སངས་རྒྱས་ཀྱིས་གཞི་ཕུང་ཁམས་སྐྱེ་མཆེད་ཡོད་པར་གསུངས་ཤིང་། ཕུང་པོ་དེའི་མཚན་ཉིད་ཀྱང་སྐད་ཅིག་མར་གསུངས་པའི་ཕྱིར་སྙམ་ན། སྟོན་པས་སྣང་ཚུལ་ཙམ་ལ་དགོངས་ནས་དེ་ལྟར་གསུངས་ཤིང་། དགོས་པ་སྟོང་ཉིད་རྟོགས་མི་ནུས་པའི་འཇིག་རྟེན་པ་དག་ཡང་དག་པའི་དོན་ལ་རིམ་གྱིས་གཞུག་པའི་ཆེད་དུ་དངོས་པོ་ཡོད་པར་བསྟན་པ་སྟེ། རྒྱལ་བས་བདག་དང་བདག་གི་ཞེས། །དགོས་པའི་དབང་གིས་གསུངས་པ་ལྟར། །དེ་བཞིན་ཕུང་པོ་སྐྱེ་མཆེད་ཁམས། །དགོས་པའི་དབང་གིས་གསུངས་པ་ཡིན། །ཞེས་སོ། །ཡང་དག་པའི་དོན་དེ་ཁོ་ན་ཉིད་དུ་ནི་ཕུང་སོགས་དེ་དག་སྐད་ཅིག་མ་ཉིད་དུ་གྲུབ་པ་མིན་
ཏེ་གཅིག་དང་དུ་མ་གང་དུའང་མ་གྲུབ་ཅིང་སྐྱེ་འགག་མེད་པ་དེ་ལ་སྐད་ཅིག་ཏུ་གྲུབ་པ་ག་ལ་ཡོད་དེ་མེད་དོ། །དེ་དག་ན་རེ། སྐད་ཅིག་མ་དེ་དོན་དམ་མིན་ན་ཀུན་རྫོབ་ཏུ་ཡང་རྣམ་པར་བཞག་པ་འགལ་ཏེ་དེས་ན་བདེན་པ་གཉིས་ཀ་མིན་པར་འགྱུར་རོ། །དེ་ལ་ཀུན་རྫོབ་ཏུ་ཇི་ལྟར་འགལ་ཞེ་ན། རིགས་པ་དང་ལུང་གཉིས་ཀྱིས་འགལ་ཏེ། དང་པོ་ཀུན་རྫོབ་ནི་ཐུན་མོང་དུ་སྣང་དུ་རུང་བ་བྱིས་པའི་ཡང་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡིན་ནའང་། འཇིག་རྟེན་པ་རྣམས་ནི་སྔ་དྲོའི་བུམ་པ་ཕྱི་དྲོ་མ་ཞིག་པའི་རྟག་པར་འདོད་ཅིང་སྐད་ཅིག་མར་མི་འདོད་ལ། དེས་མཐོང་བར་མི་ནུས་པས་ཀུན་རྫོབ་མིན་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་སྐད་ཅིག་མར་མཐོང་བ་དངོས་པོའི་གནས་ཚུལ་བདེན་པ་མཐོང་བར་གསུངས་པ་མིན་ནམ་ཞེ་ན། འཇིག་རྟེན་པས་ཀྱང་བུམ་སོགས་རྟག་པར་མཐོང་བ་ནི་མ་ཡིན་ཀྱང་འདྲ་བ་གཞན་འབྱུང་བའི་འཁྲུལ་རྒྱུས་རྟག་པར་འཁྲུལ་པ་སྐྱེས་པ་ཡིན་པས་འཇིག་རྟེན་རང་ག་མའི་བློས་སྐད་ཅིག་མར་མ་ཤེས་ཀྱང་། ཐ་སྙད་ཀྱི་གནས་ཚུལ་སེམས་པའི་རྣལ་འབྱོར་པ་རྣམས་ཀྱིས་དེ་སྐད་ཅིག་མར་མཐོང་ཞིང་ངེས་པ་ན་སྐད་ཅིག་མ་དེ་ནི་ཀུན་རྫོབ་སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་པས་བདེན་གཉིས་གང་དུའང་མ་འདུས་པའི་ཉེས་པ་མེད་དོ། །འཇིག་རྟེན་ཕལ་པའི་བློ་རྟག་འཛིན་ལ་ལྟོས་ན་སྐད་ཅིག་མར་མཐོང་བ་དེ་དེ་ཉིད་མཐོང་བ་ཡིན་ཏེ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་མཐོང་བས་སོ། །དེ་ལྟ་མ་ཡིན་པར་གཞན་དུ་འཇིག་རྟེན་ལ་ལྟོས་ནས་དེ་ཉིད་མཐོང་མ་མཐོང་གི་ཁྱད་པར་མེད་ན། འཇིག་རྟེན་པས་བུད་མེད་གཙང་བར་བཟུང་བ་འདིས། མི་སྡུག་པ་གོམས་ཤིང་བུད་མེད་མི་གཙང་བར་ངེས་པར་རྟོགས་པ་ལའང་གནོད་པར་ཐལ་ཏེ། བློ་དེ་གཉིས་ལ་དེ་ཉིད་མཐོང་མ་མཐོང་གི་ཁྱད་པར་མེད་པས་སོ། །དེ་ལྟ་ནའང་མི་གཙང་བར་མཐོང་བས་གཙང་འཛིན་ལ་གནོད་
ཀྱི་ཚུར་ནམ་ཡང་མི་གནོད་པའི་ཕྱིར་རོ། །གཉིས་པ་རིགས་པའི་དབང་དུ་བྱས་ཏེ་སྒྱུ་མ་ལྟ་བུ་མི་བདེན་པའི་སངས་རྒྱས་ལ་མཆོད་པས་བསོད་ནམས་ཆེན་པོ་ཇི་སྟེ་འབྱུང་ཞེ་ན། སྒྱུ་མ་ལྟ་བུ་རང་བཞིན་བདེན་པར་མ་གྲུབ་པའི་སངས་རྒྱས་མཆོད་པ་ལས་བསོད་ནམས་སྒྱུ་མ་ལྟ་བུ་ནི་འབྱུང་བར་འགྱུར་ཏེ། ཇི་ལྟར་ན་ཁྱོད་སངས་རྒྱས་དངོས་ཡོད་ལ་མཆོད་པས་བསོད་ནམས་དངོས་ཡོད་ཅིག་འབྱུང་བར་འདོད་པ་བཞིན་དུ་ཡིན་ཏེ། བསོད་ནམས་དང་སངས་རྒྱས་དངོས་པོར་གྲུབ་མ་གྲུབ་ཙམ་གྱི་ཁྱད་པར་ལས་བསོད་ནམས་འབྱུང་མི་འབྱུང་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །ཡང་གལ་ཏེ་སེམས་ཅན་སྒྱུ་མ་འདྲ་ན་སྒྱུ་མའི་རྟ་གླང་འགགས་པ་སླར་མི་སྐྱེ་བ་བཞིན་དུ་ཤི་བའི་འོག་ཏུ་ཡང་ཇི་ལྟར་སྐྱེ་བར་འཐད་ཅེ་ན། ཇི་སྲིད་དུ་རང་རང་སྣང་བའི་རྐྱེན་ཚོགས་པར་གྱུར་པ་དེ་སྲིད་དུ་སྒྱུ་མའི་སྣང་བའང་མི་ལྡོག་པར་འབྱུང་བ་ཡིན་ན། ལས་ཉོན་སོགས་སེམས་ཅན་སྐྱེ་བའི་རྒྱུ་ཚོགས་པ་མ་ལྡོག་པ་དེ་སྲིད་དུ་སེམས་ཅན་ཀྱང་ཅི་སྟེ་མི་སྐྱེ། དེས་ན་སྒྱུ་མའི་སྣང་བ་འགགས་པ་སླར་མ་སྐྱེས་པ་ནི་རྒྱུའི་ཚོགས་པ་ལོག་པས་ཡིན་ལ། སེམས་ཅན་ནི་ད་ལྟའི་སྲིད་པ་འགགས་ཀྱང་སྲིད་པ་གཞན་བར་མ་ཆད་དུ་འཕེན་པའི་རྒྱུ་ཚོགས་པ་ཚང་བས་རྒྱུན་མི་ལྡོག་པ་ཡིན་གྱི། འདི་གཉིས་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་པ་མིན་ནོ། །དེ་ལྟ་ནའང་སེམས་ཅན་ནི་འཁོར་བ་ཐོག་མཐའ་མེད་པས་ཡུན་རིང་ལ། སྒྱུ་མ་ནི་དེ་འདྲ་བ་གཅིག་ཀྱང་མེད་པས་དེ་གཉིས་མི་མཚུངས་སོ་སྙམ་ན། འདི་གཉིས་མཚུངས་པར་འཇོག་པ་ནི་ཡུན་རིང་ཐུང་སོགས་སྒོ་ཀུན་ནས་འདྲ་བར་བཞག་པ་མིན་ལ། རྒྱུན་རིང་ངམ་ཐུང་ཡང་རུང་སྟེ་སྣང་ཡང་བདེན་པས་སྟོང་པའི་སྒོ་ནས་འདྲ་བར་བཞག་གོ ། དེའི་ཕྱིར་སེམས་ཅན་རྒྱུན་རིང་བ་ཙམ་གྱིས་ཇི་ལྟར་ན་བདེན་པ་ཡོད་དེ། རྒྱུན་རིང་ཡང་རྒྱུ་མ་ལོག་པས་ཡིན་གྱི་སྔ་ཕྱིའི་སྲིད་པ་
སོ་སོ་གཞན་དང་གཞན་འབྱུང་བ་དག་ལ་རང་བཞིན་གྱིས་མ་གྲུབ་པར་ཁྱད་མེད་དེ། འདི་ལྟར་སྒྱུ་མའི་རྟ་གླང་སོགས་ལོ་བརྒྱར་སྣང་ཡང་རུང་། ཡུད་ཙམ་དུ་སྣང་ཡང་རུང་མི་བདེན་པར་ཁྱད་མེད་པ་བཞིན་ནོ། །ཡང་གཞན་དེ་དག་འདི་སྙམ་དུ། སེམས་ཅན་རྣམས་སྒྱུ་མའི་སྐྱེས་བུ་དང་འདྲ་ན་ཇི་ལྟར་སྒྱུ་མའི་སྐྱེས་བུ་བསད་ཀྱང་སྲོག་གཅོད་ཀྱི་དངོས་གཞི་མི་འབྱུང་བ་བཞིན་དུ་སེམས་ཅན་བསད་ཀྱང་སྲོག་བཅད་པའི་ཉེས་པ་མི་འབྱུང་ལ། དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། བརྡུང་བརྡེག་སོགས་གནོད་པ་དང་། ཟས་གོས་བྱིན་པ་སོགས་ཀྱིས་ཕན་པར་ཡང་མི་འགྱུར་བས་གཞི་དེ་ལས་དགེ་སྡིག་འབྱུང་བ་མི་འཐད་དོ་སྙམ་ན། སྒྱུ་མའི་སྐྱེས་བུ་གསོད་སེམས་ཀྱིས་ཀུན་ནས་བསླངས་ཏེ་བསད་པ་དང་བཅོམ་པར་སྣང་བ་དག་ལའང་། རང་གི་ངན་སེམས་ཀྱི་དབང་གིས་སྦྱོར་བའི་ཉེས་པ་ཙམ་ལས་སྲོག་གཅོད་པ་སོགས་དངོས་གཞིའི་སྡིག་པ་འབྱུང་བ་མེད་དེ། དེའི་རྒྱུ་མཚན་སྒྱུ་མའི་སྐྱེས་བུ་ལ་ཕན་གནོད་ཀྱི་རྟེན་དུ་གྱུར་པའི་སེམས་མེད་པའི་ཕྱིར་ཏེ། གང་སྒྱུ་མ་ལྟ་བུའི་སེམས་དང་ལྡན་པའི་སེམས་ཅན་རྣམས་ལ་ནི་ཕན་པ་དང་གནོད་པ་བྱས་པ་ལས་བསོད་ནམས་དང་སྡིག་པ་འབྱུང་བ་ཡིན་ནོ། །དེས་ན་དེ་གཉིས་ལ་བདེན་རྫུན་གྱི་ཁྱད་པར་ཡོད་པ་མིན་ཏེ་སེམས་ཡོད་མེད་ཀྱི་ཁྱད་པར་ཡོད་པ་ཡིན་ནོ། །འོ་ན་སྒྱུ་མའི་སྐྱེས་བུ་དང་སེམས་ཅན་མི་བདེན་པར་འདྲ་བཞིན་དུ་གཅིག་ལ་སེམས་ཡོད་པ་དང་གཅིག་ལ་མེད་པ་མི་འཐད་ལ། གང་སེམས་ཅན་ལ་སེམས་ཡོད་པ་དེ་ཕྱིར་སྒྱུ་མ་དང་འདྲ་བ་མིན་ནོ་སྙམ་ན། སེམས་ཅན་ལ་སེམས་ཡོད་ཀྱང་སེམས་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པས། དེས་བདེན་པར་ག་ལ་འགྱུར་ཏེ། འདི་ལྟར་སྒྱུ་མའི་སྔགས་དང་རྫས་སོགས་རྣམས་ལ་སྒྱུ་མའི་སེམས་འབྱུང་བའི་ནུས་པ་མེད་པ་ཡིན་ནོ། །གང་སེམས་འབྱུང་བའི་ནུས་པ་ཡོད་པ་
ལས་བྱུང་བ་དེ་ནི་བདེན་ཞིང་། ཅིག་ཤོས་མི་བདེན་པར་གཞག་མི་ནུས་ཏེ། སྣ་ཚོགས་པའི་རྒྱུ་སོ་སོ་ལས་བྱུང་བའི་སྒྱུ་མ་དེའང་ཚུལ་གཅིག་མིན་པར་སྣ་ཚོགས་སུ་སྣང་བ་ཉིད་ཡིན་གྱི། རྐྱེན་གཅིག་གིས་འབྲས་བུ་ཡིན་ནོ་ཅོག་ཀུན་ནུས་པ་འཇིག་རྟེན་གང་ནའང་སྲིད་པ་མིན་ནོ། །དེས་ན་སེམས་ཅན་གྱི་ལུས་སེམས་གཉིས་ཆར་ཡང་རྒྱུ་རྐྱེན་ཚོགས་པས་སྤྲུལ་གྱི། རང་གི་ངོ་བོས་གྲུབ་པ་མེད་པས་སྒྱུ་མ་དང་ཁྱད་ཅི་ཡོད་དེ། དཔེར་ན་སྒྱུ་མའི་རྟ་དང་བ་ལང་དུ་སྣང་བ་ལ་རྭ་ཡོད་མེད་དུ་སྣང་བའི་ཁྱད་པར་ཡོད་ཀྱང་བདེན་རྫུན་ཁྱད་མེད་པ་བཞིན་ནོ། །ཡང་མྱང་འདས་དངོས་པོར་འཛིན་པ་རྣམས་ན་རེ། ཁྱེད་ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་ན། འཁོར་བའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མྱང་འདས་ཡིན་ལ། སྐྱེ་སོགས་ཀྱི་མཚན་ཉིད་ཅན་འཁོར་བ་ནི་ཀུན་རྫོབ་ཡིན་པ་དེ་ལྟ་ན། མྱང་འདས་དང་འཁོར་བའི་གཞི་མཐུན་ཡོད་པར་འགྱུར་ལ། དེའི་ཕྱིར་སངས་རྒྱས་ཐོབ་ཀྱང་སླར་འཁོར་བར་འགྱུར་ཏེ་འཁོར་བ་ཟད་ནས་མྱང་འདས་ཐོབ་པ་མིན་པར་འཁོར་བ་ཉིད་མྱང་འདས་ཡིན་པའི་ཕྱིར། དེས་ན་སངས་རྒྱས་ཐོབ་པའི་ཕྱིར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པས་ཅི་ཞིག་བྱ་སྟེ་ངལ་བ་དོན་མེད་པའི་འཇིག་རྟེན་ཕལ་གྱི་སྤྱོད་ལམ་དང་མཚུངས་པར་འགྱུར་རོ་ཞེ་ན། དེ་མ་ཡིན་ཏེ། རང་བཞིན་རྣམ་དག་གི་མྱང་འདས་དང་། གློ་བུར་དྲི་བྲལ་གྱི་མྱང་འདས་ལ་ཁྱད་ཡོད་པའི་ཕྱིར་ཏེ། འདི་ལྟར་འབྲས་བུ་སོ་སོ་སྣང་བའི་རྐྱེན་རྣམས་རྒྱུན་མ་ཆད་ན། འཁོར་བར་མ་ཟད་སྒྱུ་མའི་སྣང་བའང་མི་ལྡོག་མོད། རྐྱེན་རྣམས་རྒྱུན་ཆད་ན་ཀུན་རྫོབ་ཏུའང་མི་འབྱུང་ན་དོན་དམ་པར་ལྟ་ཅི་སྨོས། དེའི་ཕྱིར་འཁོར་བར་སྐྱེ་བའི་རྒྱུ་མ་རིག་པ་ས་བོན་དང་བཅས་ པ་བདག་མེད ་རྟོགས་པའི་ཤེས་རབ་ཀྱིས་དྲུང་ནས་འབྱིན་པར་མཛད་པ་རྣམས་ནི་འཁོར་བར་མི་འགྱུར་ཏེ་རྒྱུ་མེད་པས་སོ། །སངས་
རྒྱས་འཇིག་རྟེན་དུ་བལྟམས་པ་སོགས་ནི་འཁོར་བས་བསྡུས་པ་མ་ཡིན་ཏེ། སྨོན་ལམ་དང་ཏིང་ངེ་འཛིན་ལ་སོགས་པ་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྟོབས་ལས་མིག་འཕྲུལ་ལྟ་བུའི་མཛད་པ་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་གཡོ་བ་ནམ་ཡང་མི་སྲིད་པ་ཡིན་ནོ། །གསུམ་པ་ལ། རྣམ་བདེན་རྫུན་གྱི་རྩོད་པ་གཉིས་ལས། དང་པོ། རྣམ་རིག་སྨྲ་བ་རྣམས་ན་རེ། འདི་ལྟར་ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ནི་སྐྲ་ཤད་དང་རྨི་ལམ་གྱི་སྣང་བ་བཞིན་དུ་ཕྱི་དོན་དུ་བདེན་པར་མེད་ཀྱང་ནང་གི་བག་ཆགས་ཀྱི་ཁྱད་པར་ལས་གནས་དོན་ལུས་ཀྱི་སྣང་བ་སྣ་ཚོགས་པར་སྨིན་པ་ཞིག་སྟེ། དེའི་ཕྱིར་ཕྱི་རོལ་གྱི་དོན་ནི་མེད་ཀྱང་སེམས་ནི་ཡོད་དེ། རྨི་ལམ་ན་ཡང་སྔོ་སོགས་ཀྱི་ཉམས་མྱོང་འཛིན་པར་གྲུབ་པས་སོ་སྙམ་དུ་བསམས་ཏེ། ཁྱོད་དབུ་མ་པ་ལྟར་ན། གང་ཚེ་འཁྲུལ་པའི་ཡུལ་ཕྱི་དོན་མེད་པར་མ་ཟད། འཁྲུལ་པའི་བློ་ཡང་ཡོད་པ་མིན་ན། ཡུལ་སྒྱུ་མ་ལྟ་བུ་གང་གིས་དམིགས་པར་འགྱུར་ཏེ་ཡུལ་ཅན་མེད་པས་སོ་ཟེར་ན་རེ་ཞིག་མགོ་བསྒྲེ་བའི་དབང་དུ་བྱས་ཏེ། གང་ཚེ་སེམས་ཙམ་པ་ཁྱོད་ལ་སྒྱུ་མ་ལྟ་བུའི་ཡུལ་དོན་དུ་གྲུབ་པ་མེད་ན། དེ་ཚེ་བློ་ཡོད་དུ་ཟིན་ཀྱང་དམིགས་བྱ་ཅི་ཞིག་དམིགས་ཏེ། དམིགས་བྱ་ཡུལ་དང་དམིགས་བྱེད་ཡུལ་ཅན་གཉིས་ལས་གང་ཡང་རུང་བ་མེད་ན་དམིགས་པར་མི་སྲིད་པས་སོ། །གལ་ཏེ་ བདག་ཅག་གི་ལུགས་ལ་ཡུལ་གཏན་ནས་མེད་པ ་མ་ཡིན་ཏེ། རྨི་ལམ་གྱི་རྟ་གླང་བཞིན་དུ་ཡུལ་དོན་གྱི་གོ་ས་དེ་ཉིད་དུ་དོན་བེམ་པོ་ལས་གཞན་དུ་གྱུར་པའི་དམིགས་བྱ་ཞིག་ཡོད་དོ། །དེ་གང་ཞེ་ན། ཡུལ་གྱི་རང་བཞིན་དུ་སྣང་བའི་གཟུང་བའི་རྣམ་པ་དེ་ནི་སེམས་ཉིད་ཡིན་གྱི་དོན་ནི་མ་ཡིན་ནོ་ཞེ་ན། གང་ཚེ་སེམས་དེ་ཉིད་དམིགས་བྱ་སྒྱུ་མ་ལྟ་བུའི་དོན་ཡིན་ན། དེ་ཚེ་ཡུལ་གང་ཞིག་ཡུལ་ཅན་གང་གིས་མཐོང་སྟེ། དེ་གཉིས་གཅིག་ཡིན་པས་མཐོང་མི་ཤེས་སོ། །ཇི་ལྟར་མི་མཐོང་སྙམ་ན། འཇིག་རྟེན་གསུམ་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཀྱིས་
སེམས་མི་མཐོང་བར་གསུངས་ཏེ། ཇི་ལྟར་ན། རལ་གྲིའི་སོ་རང་གིས་རང་མི་གཅོད་པ་དང་། སོར་མོའི་རྩེ་མོས་རང་ལ་མི་རེག་པ་དང་། ཡང་ཟོར་ཅན་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་པ་དེ་བཞིན་དུ་ཡིད་ཀྱང་རང་གིས་རང་མི་མཐོང་ངོ་། །དེ་སྐད་དུ་ཡང་གཙུག་ན་རིན་པོ་ཆེའི་མདོ་ལས། འདི་ལྟ་སྟེ། དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་ལ་རེག་པར་མི་ནུས་པ་དེ་བཞིན་དུ། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་མི་ནུས་སོ་ཞེས་གསུངས་སོ། །འདིའི་གནད་ནི་འདི་ཡིན་ཏེ། གང་ཡང་སེམས་བདེན་པར་གྲུབ་ཕན་ཆོད་བདེན་གྲུབ་ཀྱི་སེམས་ཆ་མེད་གཅིག་ལ་བལྟ་བྱ་ལྟ་བྱེད་གཉིས་སུ་གྲུབ་པ་ཉམས་ཏེ། གང་ཡུལ་དུ་སྣང་བ་ན་དེ་ཉིད་རང་མིན་ལ། གང་མ་སྣང་ན་གཟུང་བྱར་མི་རིགས་པས་དོན་དམ་པར་ཤེས་པས་རང་རིག་པ་ཞེས་པའང་བཏགས་པ་ཙམ་སྟེ་ཡང་དག་པ་ནི་མིན་ནོ། །སེམས་ཙམ་པ་ན་རེ། རང་གིས་རང་རིག་པ་ནི་ཅི་སྟེ་མེད། འདི་ལྟར་དཔེར་ན་བུམ་སོགས་གཞན་གསལ་བར་བྱེད་པའི་མར་མེ་དེ་ནི་གསལ་བྱེད་ཀྱི་རྐྱེན་གཞན་ལ་མི་ལྟོས་པར་རང་གིས་རང་གསལ་བར་བྱེད་པ་བཞིན་ཡིན་ནོ་ཟེར་ན། མར་མེས་རང་གིས་རང་གསལ་ཞེས་པ་འདིའང་ཐ་སྙད་ཙམ་ལས་ཡང་དག་པར་མ་ཡིན་ཏེ། གང་ཕྱིར་མར་མེ་ལ་མུན་གྱིས་བསྒྲིབས་པ་མེད་ན་དེ་མར་མེས་ཇི་ལྟར་གསལ་བར་བྱ་སྟེ། གསལ་བྱ་མེད་ཀྱང་གསལ་བྱེད་དུ་འགྱུར་ན། མར་མེ་འདི་ཉི་ཟླ་ལ་སོགས་པའི་གསལ་བྱེད་དུ་འགྱུར་ནའང་དེ་མི་འདོད་པའི་ཕྱིར་རོ། །གཞན་ཡང་མར་མེས་རང་གིས་རང་ལ་བྱ་བ་འཇུག་ན་མུན་པས་ཀྱང་རང་གིས་རང་སྒྲིབ་པར་ཐལ་ལ། དེ་ལྟར་ན་བུམ་སོགས་མཐོང་བའི་གེགས་མུན་པ་བསྒྲིབས་ནས་མི་སྣང་ན་བུམ་སོགས་སྣང་བར་ཐལ་ལོ། །ཡང་དེ་དག་འདི་
སྙམ་དུ། གསལ་བྱ་གསལ་བྱེད་གཞན་དུ་མེད་ཀྱང་རང་གི་ངོ་བོས་གསལ་བ་ནི་ཡོད་དེ། དཔེར་ན་བཻཌཱུཪྻ་སྔོན་པོ་ནི་རང་བཞིན་གྱིས་སྔོན་པོ་ཉིད་དུ་ངེས་པ་ཡིན་ལ། དེ་ནི་ཤེལ་དཀར་པོ་སྔོན་པོར་འགྱུར་བ་འོག་གཞིའི་རས་སོགས་ལ་ལྟོས་པ་ལྟ་བུ་ནི་མ་ཡིན་ནོ། །དེས་ན་ལྟོས་མེད་དུ་རང་ཉིད་སྔོ་བ་བཻཌཱུཪྻ་ལྟ་བུ་དང་། གཞན་ལ་ལྟོས་ནས་སྔོ་བ་ཤེལ་ལྟ་བུ་གཉིས་ཡོད་པ་དེ་བཞིན་གསལ་བྱ་གསལ་བྱེད་ཉིད་ཀྱང་ཕན་ཚུན་ལྟོས་པ་གཟུགས་དང་མིག་ཤེས་ལྟ་བུ་དང་། གསལ་བྱ་གསལ་བྱེད་ཕན་ཚུན་ཐ་དད་དུ་ལྟོས་པ་མེད་ཀྱང་ངོ་བོ་ཉིད་ཀྱིས་གསལ་བ་རང་རིག་པའང་མཐོང་ངོ་ཞེ་ན། དཔེ་མ་གྲུབ་སྟེ། བཻཌཱུཪྻ་སྔོ་བ་གཞན་ལ་ལྟོས་མེད་དུ་སྔོ་བ་མ་ཡིན་ཏེ། དེ་སྔོན་པོར་སྣང་བའི་རྒྱུ་རྐྱེན་གྱི་ཚོགས་པ་གཞན་གྱིས་སྔོན་པོར་བྱས་པ་ཡིན་གྱི། རྒྱུ་རྐྱེན་གཞན་ཅི་ལའང་མི་ལྟོས་པར་རང་གིས་རང་ཉིད་སྔར་སྔོན་པོ་མིན་པ་ལ་ཕྱིས་སྔོན་པོར་བྱས་པ་ནི་མི་སྲིད་དེ། ཇི་སྲིད་སྔོན་པོ་མིན་པ་དེ་སྲིད་དེ་རང་བཞིན་གྱིས་སྔོ་བ་ཉམས་ལ། སྔོན་པོ་ཡིན་ན་དེའི་རྒྱུ་གཞན་སྔོན་དུ་སོང་བས་ཁྱབ་ཀྱི། སྔོན་པོ་རང་ཉིད་ཀྱིས་སྔོན་པོར་སླར་ཡང་བྱ་བ་ནི་མི་སྲིད་དོ། །དོན་ཡང་མ་གྲུབ་སྟེ། མར་མེ་ནི་རང་གིས་རང་གསལ་བར་བྱེད་དོ་ཞེས་མར་མེ་ལས་གཞན་དོན་རིག་གི་ཤེས་པས་ཤེས་ཏེ་རྗོད་པར་བྱེད་པ་ཡིན་ན། བློ་ནི་རང་ཉིད་ཀྱིས་རང་གསལ་ལོ་ཞེས་ཤེས་པ་གང་གིས་ཤེས་ནས་དེ་སྐད་བརྗོད་པ་འཐད་དེ། ཤེས་པ་རང་གིས་རང་གསལ་བར་ཤེས་མཁན་དེ་ཤེས་པ་ཁོ་རང་ཡིན་ནམ། དེ་ལས་ཤེས་པ་གཞན་ཞིག་ཡིན། དང་པོ་མི་འཐད་དེ་སྐབས་ཀྱི་དཔྱད་བྱ་ཡིན་པས་མ་གྲུབ་ལ། ཤེས་པ་ལས་གཞན་པའི་ཤེས་པ་ཞིག་གིས་དེ་ཤེས་དགོས་ན་ཐུག་མེད་དུ་འགྱུར་ཞིང་ཤེས་པར་ཡང་མི་སྲིད་དེ། དུས་མི་མཉམ་ན་ནི་འགགས་པ་དང་མ་སྐྱེས་པའི་ཡུལ་མི་ཤེས་ཤིང་། དུས་མཉམ་པ་ན་ཕན་ཚུན་ལྟོས་པ་མེད་པས་ཤེས་མི་སྲིད་
དོ། །དེས་ན་གང་ཚེ་གཞན་དབང་གི་རྣམ་པར་ཤེས་པ་དེ་ནི་རང་གིས་མི་མཐོང་ལ། རང་ལས་གཞན་པ་དག་གིས་ཀྱང་མི་མཐོང་བས་ན། དེ་གསལ་བའམ་མི་གསལ་བ་ཞེས་ཁྱད་པར་དཔྱོད་པ་ནི་དོན་མེད་དེ། ཁྱད་གཞི་མཐོང་མ་མྱོང་བ་ལ་ཁྱད་པར་གྱི་ཆོས་རྣམ་པར་བཞག་པ་མོ་གཤམ་གྱི་བུ་མོའི་ལུས་ཀྱི་འགྱིང་བག་དང་སྟབས་ནི་འདི་ལྟ་བུའོ་ཞེས་རྣམ་བཞག་བྱེད་པ་དང་འདྲའོ། །ཡང་རྣམ་རིག་སྨྲ་བས་དེ་ལྟར་མངོན་སུམ་ཚད་མས་བདེན་པར་སྒྲུབ་མ་ནུས་ནས། སླར་རྗེས་སུ་དཔག་པས་རང་རིག་ཡོད་པར་སྒྲུབ་པ། གལ་ཏེ་ཤེས་པ་རང་གིས་རང་ཉམས་སུ་མྱོང་བའམ། རང་རིག་པ་ཡོད་པ་མིན་ན། སྔར་ཉམས་སུ་མ་མྱངས་ན་ཕྱིས་དྲན་པ་སྐྱེ་མི་སྲིད་དེ་རྒྱུ་མེད་པའི་འབྲས་བུ་བཞིན་ཡིན་པ་དེས་ན་སྔར་ཡུལ་སྔོ་སོགས་ཉམས་སུ་མྱོང་བ་དྲན་པ་བཞིན་དུ་སྔོ་སོགས་ཉམས་སུ་མྱོང་བའི་ཡུལ་ཅན་གྱི་རྣམ་ཤེས་ཀྱང་ད་ལྟ་དྲན་པ་ཡོད་པ་མངོན་སུམ་པ་འདི་ཇི་ལྟར་འཐད་ཟེར་ན། ད་ལྟ་སྔོ་འཛིན་རྣམ་ཤེས་དྲན་པ་ནི་སྔར་སྔོ་འཛིན་རང་གིས་རང་མྱོང་བའི་འབྲས་རྟགས་མིན་ཏེ། གཞན་སྔོ་སོགས་ཡུལ་མྱོང་བ་དེ་དང་ཡུལ་ཅན་གྱི་འབྲེལ་པ་ལས་ད་ལྟ་ཡུལ་ཅན་སྔོ་འཛིན་ཀྱང་དྲན་པར་འགྱུར་ཏེ། འདིར་སྔོན་པོ་དང་བྲལ་བའི་སྔོ་འཛིན་ཡན་གར་བ་ནི་ནམ་ཡང་དམིགས་པ་མིན་པས་ན། ནམ་སྔར་ཉམས་སུ་མྱོང་བའི་སྔོན་པོ་དྲན་པ་ན་དེ་འཛིན་བྱེད་ཡུལ་ཅན་གྱི་རྣམ་པ་དྲན་པའི་རྟོག་པའང་སྐྱེ་བ་ཡིན་གྱི། སྔོན་པོ་ལས་ལོགས་སུ་ཆད་པའི་སྔོ་འཛིན་ཞིག་སྔར་ཉམས་སུ་མྱོང་བས་ནི་མ་ཡིན་ནོ། །དེ་དཔེར་ན་དགུན་དུས་དུག་ཅན་གྱི་བྱི་བས་རྨུགས་པ་ན་རྨུགས་པ་ཙམ་མྱོང་གི་དེ་དུས་དུག་ཉམས་སུ་མ་མྱངས་ཀྱང་། སླར་དཔྱིད་འབྲུག་གི་སྒྲས་དུག་བསླངས་པར་གྱུར་པ་ན་སྔར་རྨ་དང་མཉམ་དུ་བདག་ལ་དུག་ཞུགས་སོ་ཞེས་སྔར་གྱི་དུག་ལ་དམིགས་པའི་ཤེས་པ་གདོད་སྐྱེ་བ་བཞིན་ནོ། །ཡང་འདི་ལྟར་ཞི་གནས་བསྒྲུབས་ནས་
རྣམ་གནས་སྦྱོང་བ་སོགས་ཀྱི་རྐྱེན་གཞན་དག་དང་ལྡན་པ་ནི། གཞན་གྱི་སེམས་དག་ཀྱང་མཐོང་བའི་ཕྱིར་ན་ཤིན་ཏུ་ཉེ་བ་རང་ཉིད་རང་ལ་ཅི་ཕྱིར་མི་གསལ་ཏེ། རིང་བའི་སྤུ་མཐོང་ན་ཉེ་བའི་ཐག་པ་མཐོང་ངེས་པ་བཞིན་ནོ་ཟེར་ན། དེར་མ་ངེས་ཏེ་གསང་སྔགས་ལ་སོགས་པས་གྲུབ་པར་གྱུར་པའི་མིག་སྨན་མིག་ལ་བསྐུས་པའི་སྦྱོར་བ་ལས། ས་འོག་ན་གནས་པའི་གཏེར་གྱི་བུམ་པ་ལ་སོགས་པ་བསྒྲིབས་ཤིང་ཆོད་པ་རྒྱང་རིང་པོའི་སྤྱོད་ཡུལ་མཐོང་ཡང་། ཤིན་ཏུ་ཉེ་བ་མིག་སྨན་ཉིད་མཐོང་བར་འགྱུར་བ་མིན་པ་བཞིན་ནོ། །ཡང་ན་བུམ་པ་དང་མིག་སྨན་ངོ་བོ་གཅིག་ཏུ་འགྱུར་བ་མིན་པས་ན་རྐྱེན་གཞན་ལྡན་པ་གཞན་མཐོང་གི་དཔེར་སོང་བས་རང་མཐོང་གི་དཔེར་མི་རུང་བར་མ་ཟད་གནོད་དོ་ཞེས་འཆད་པ་དག་ཀྱང་སྣང་ངོ་། །དེ་ལ་རྣམ་རིག་སྨྲ་བ་ན་རེ། ཤེས་པ་ཉིད་གསལ་ཞིང་རིག་པ་མིན་ན་རང་མི་གསལ་བས་གཞན་ཡང་གསལ་མི་ནུས་ལ། དེ་ལྟར་ན་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། ཡིད་ཀྱིས་ཤེས་པའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ། འདི་ཀུན་གསལ་རིག་གི་ཤེས་པ་ལ་བརྟེན་ནས་རྣམ་གཞག་བྱ་དགོས་ཀྱི་གཞན་དུ་དེ་མི་སྲིད་པའི་ཕྱིར་ཞེ་ན། ཇི་ལྟར་མཐོང་ཐོས་དང་ཤེས་པ་འདི་དག་མ་བརྟགས་ཉམས་དགའ་བ་ཙམ་གྱི་དབང་དུ་བྱས་ཏེ་བརྗོད་ན་ནི། འདིར་དགག་པ་མིན་ཏེ་དེ་དགག་མི་ནུས་ལ་དགག་ཀྱང་མི་དགོས་པའི་ཕྱིར། འོ་ན་ཅི་ཞིག་འགོག་ཅེ་ན། འདིར་སྡུག་བསྔལ་གྱི་རྒྱུར་གྱུར་པ་དངོས་པོ་ཀུན་ལ་དེར་ཞེན་གྱི་བདེན་པར་རྟོག་པ་བཟློག་བྱ་ཡིན་ནོ། །འདིར་མཐོང་བ་མངོན་སུམ་དང་། ཐོས་པ་གང་ཟག་གཞན་ནམ་ལུང་ལས་དང་། ཤེས་པ་རྗེས་དཔག་ཚད་མའི་སྒོ་ནས་བཞག་པའི་ཐ་སྙད་ལ་འགྲེལ་བས་བཤད་དོ། །མདོར་ན་རང་རིག་པ་འགོག་པ་ནི་དོན་དམ་པར་འགོག་པ་ཡིན་གྱི་བེམ་པོ་ལས་ལོག་ཙམ་ལ་
ཐ་སྙད་དུ་རང་རིག་པར་འདོགས་པའི་ཚུལ་དེ་འགོག་པ་མ་ཡིན་ཏེ། དེ་བཀག་ན་རང་བློ་རང་ལ་ལྐོག་ཏུ་གྱུར་པར་ཁས་ལེན་དགོས་པས་རང་གཞན་གྱི་བློ་ཤེས་པས་གཅོད་ཚུལ་ལ་ཁྱད་མེད་དུ་ཐལ་བ་དང་། རང་རྒྱུད་ལ་བློ་ཡོད་པའི་སྒྲུབ་བྱེད་མི་རིགས་པ་དང་། མཐར་དོན་རིག་གི་ཐ་སྙད་ཀྱང་རྒྱུན་ཆད་པར་འགྱུར་བ་སོགས་རིགས་པའི་དབང་ཕྱུག་གིས་ཇི་སྐད་གསུངས་པས་གནོད་ཅིང་། རང་རིག་འགོག་པའི་རིགས་པ་ཇི་སྙེད་པ་ཐམས་ཅད་ཕུང་སོགས་འགོག་པའི་རིགས་པ་བཞིན་དུ་དོན་དམ་པར་འགོག་གི་ཐ་སྙད་དུ་བཀག་པའི་གཏན་མེད་མ་ཡིན་པར་ཤེས་དགོས་ཤིང་། ལུགས་འདིར་ཐ་སྙད་དུའང་རང་རིག་ཀུན་གཞི་ཁས་མི་ལེན་ཟེར་ཡང་འདིར་ཐ་སྙད་དུ་ནི་དགག་པའང་མེད་ལ་སྒྲུབ་པའང་མེད་ཀྱི་དོན་དམ་པར་བཀག་པ་ཁོ་ན་ཡིན་ནོ། །དེ་ལ་ཁ་ཅིག་གིས་དབུ་མ་པ་ཡིན་ན་ཀུན་གཞི་ཁས་ལེན་པར་མི་བྱ་སྟེ། ཀུན་གཞི་ནི་རྣམ་རིག་པའི་ལུགས་ཡིན་ཟེར་ཡང་ལེགས་པར་མ་བརྟགས་པ་སྟེ། ཀུན་གཞི་བདེན་གྲུབ་ཏུ་ཁས་མ་བླངས་ན་ཐ་སྙད་དུ་ཁས་བླངས་པས་དབུ་མའི་ཚུལ་ཅི་ཞིག་ཉམས། ཐ་སྙད་དུ་ཁས་ལེན་མི་རུང་བ་ནི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གནོད་པ་སྤྱི་རྟག་པ་ལ་སོགས་པ་ལྟ་བུ་ཡིན་གྱི། དོན་དམ་པའི་རིགས་པས་བཀག་ཚད་ཁས་མི་ལེན་ན་ཕུང་ཁམས་སྐྱེ་མཆེད་ཀྱང་གཏན་མེད་དུ་ཁས་བླང་དགོས་སོ། །དེ་ཕྱིར་ཐལ་འགྱུར་བའི་གཞུང་དུ་ཀུན་གཞི་དོན་དམ་པར་བཀག་གི་ཐ་སྙད་དུ་མི་འགོག་ཀྱང་དེའི་རྣམ་གཞག་མཛད་དེ་སྒྲུབ་པའང་མིན་ནོ། །དེ་བཞིན་དུ་རང་རིག་ཐ་སྙད་དུ་ཁས་ལེན་པ་ནི་རྟོག་གེའི་བག་ཆགས་གོམས་པའི་དབང་གིས་ཡིན་གྱི་ཁས་བླང་བར་མི་བྱ་ཟེར་བའང་གྱི་ན་སྟེ། དོན་དམ་པ་གཏན་ལ་འབེབས་པ་ལ་རང་རིག་དང་ཀུན་གཞི་མི་དགོས་མོད། ཐ་སྙད་ཀྱི་རྣམ་བཞག་དཔྱོད་པ་ལ་མེད་དུ་མི་རུང་ཞིང་ཐ་སྙད་དཔྱོད་པའི་ཚད་མས་གྲུབ་ན་དེ་ཐ་སྙད་དུ་མེད་ཅེས་འགོག་པའི་རིགས་པ་ནི་མེད་དོ། །
གལ་ཏེ་རིགས་པ་ཅི་སྟེ་མེད། ཟླ་གྲགས་ཞི་ལྷ་ལ་སོགས་པའི་གཞུང་ན་ཇི་སྙེད་ཅིག་བཤད་པ་འདི་མ་མཐོང་ངམ་ཞེ་ན། དེ་དོན་རིག་ལའང་མཚུངས་སོ། །མི་མཚུངས་ཏེ་དོན་རིག་ནི་ཐ་སྙད་དུ་མི་འགོག་གོ་ཞེ་ན། བདེ་སོགས་རང་གིས་ཉམས་སུ་མྱོང་བ་ཡང་ཐ་སྙད་དུ་ཇི་ལྟར་འགོག་སྟེ་མི་འགོག་གོ ། དེས་ན་སེམས་བདེན་གྲུབ་ཏུ་འདོད་པ་ལ་རང་རིག་པ་མི་འཐད་ཀྱང་བདེན་མེད་དུ་འདོད་པ་ལ་རང་རིག་པའི་ཐ་སྙད་ཤིན་ཏུ་འཐད་པར་ཡང་ཤེས་པར་བྱ་སྟེ་ཇི་བཞིན་རྟོགས་པ་ནི་སྔར་ཡང་ཉུང་ངོ་། །གཉིས་པ་རྣམ་རྫུན་པའི་རྩོད་སྤོང་ནི། གལ་ཏེ་རྣམ་རྫུན་པ་རྣམས་འདི་སྙམ་དུ་ཕྱི་དོན་གྱི་རྣམ་པར་སྣང་བ་སྒྱུ་མ་ལྟ་བུ་འདི་སེམས་ལས་གཞན་ཕྱི་རོལ་གྱི་དོན་དུ་གྲུབ་པ་མ་ཡིན་ཏེ་ཕྱི་དོན་མི་འགྲུབ་བོ། །འོ་ན་ནང་གི་སེམས་ཉིད་དེར་སྣང་ངམ་སྙམ་ན་དེའང་མིན་ཏེ། སེམས་དང་གཞན་མིན་པའམ་གཅིག་ཡིན་ན་སེམས་གཅིག་པ་ཆ་མེད་དུ་གྲུབ་པ་ཉམས་པ་དེས་ན་འདི་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་གཞི་མེད་ཀྱི་སྣང་བ་ཙམ་དུ་འདོད་དེ་སེམས་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཤེལ་སྒོང་དག་པ་བཞིན་དུ་གནས་སོ་སྙམ་ན། ཁྱོད་སེམས་དངོས་པོར་འདོད་ན་ནི་ཇི་ལྟར་ན་རྣམ་པ་དེ་གཞན་མིན་ཏེ་རྣམ་པ་དངོས་པོ་མེད་པར་འདོད་པས་དངོས་དངོས་མེད་ཀྱི་གཞི་མཐུན་མི་སྲིད་པས་སོ། །གནོད་པ་དེར་དོགས་ནས་སེམས་ལས་གཞན་ཡང་མིན་ནོ་ཟེར་ན་སེམས་ཀྱང་དངོས་པོར་མེད་པར་ཐལ་ཏེ་དངོས་མེད་ཀྱི་རྣམ་པ་དང་གཅིག་ཡིན་པས་སོ། །གཉིས་ཀ་མིན་པར་ཁས་བླངས་པས་ཕྱོགས་གཉིས་ཀའི་སྐྱོན་མེད་དོ་སྙམ་ན་ཤིན་ཏུ་རྨོངས་ཏེ། གཞན་མིན་ཞེས་པས་གཅིག་ཏུ་ཁས་བླངས་ལ། གཞན་མིན་པའང་མིན་ཞེས་དགག་པ་གཉིས་ཀྱིས་རྣལ་མ་གོ་བས་གཞན་ཡིན་པར་ཁས་བླངས་པས་འགལ་བ་གཞི་གཅིག་ལ་འདུ་བས་མི་འཐད་ཅིང་དངོས་པོ་ལ་དེ་གང་རུང་
ལས་འོས་མེད་པ་ཡིན་ནོ། །རྒྱ་བོད་ཀྱི་འགྲེལ་བ་ཕལ་ཆེ་བ་ལྟར་ན། སྔོ་སོགས་རྣམ་པ་དེ་དངོས་པོ་ཡིན་ན་ནི་ཇི་ལྟར་དེ་སེམས་དེ་ལས་གཞན་པའི་ཕྱི་དོན་དུ་མི་འགྱུར། གཞན་མིན་ན་སེམས་ཀྱང་དངོས་པོར་མེད་པར་འགྱུར་རོ་ཞེས་འབྲུ་གཉེར་བར་མཛད་དོ། །སེམས་དངོས་པོར་མེད་ན་ལྟ་བྱེད་དུ་མི་རུང་སྙམ་ན། ཇི་ལྟར་ཁྱོད་སྒྱུ་མ་ལྟ་བུའི་ཕྱི་དོན་བདེན་པ་མིན་ཀྱང་བལྟ་བྱ་ཡིན་པར་འདོད་པ་དེ་བཞིན་ཡིད་ཀྱང་སྒྱུ་མ་ལྟ་བུའི་བདེན་མེད་ཡིན་ཀྱང་ལྟ་བྱེད་དུ་འཐད་དོ། །གོང་དུ་དགག་པ་དང་འདིར་སྒྲུབ་པའི་དབང་དུ་བྱས་སོ། །གལ་ཏེ་འཁོར་བ་འདི་ནི་གཞན་དབང་གི་སེམས་དངོས་པོར་གྲུབ་པའི་རྟེན་ཅན་ཡིན་གྱི། གཞན་དུ་ན་ནམ་མཁའ་བཞིན་དུ་ཅི་ཡང་མེད་པར་འགྱུར་གྱི་འཁོར་བའི་སྣང་བ་འདི་འབྱུང་མི་རིགས་ཏེ། རྟེན་གཞི་མེད་པས་ན་འཇིམ་པ་མེད་པའི་བུམ་པ་དང་། སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་ན། འཁོར་བ་འདི་དངོས་པོ་ཡིན་ན་སེམས་དང་གཅིག་གམ་ཐ་དད། གཅིག་ན་འབྲལ་མི་རུང་ལ། གཞན་ན་སེམས་ཙམ་གྱི་གྲུབ་མཐའ་ཉམས་པས་དངོས་མེད་དུ་འདོད་མོད། དེ་འདྲའི་འཁོར་བ་དངོས་མེད་ལ་དོན་བྱེད་པ་མེད་པས་དེ་དངོས་པོར་གྲུབ་པའི་སེམས་ལ་བརྟེན་པར་གྱུར་པས་ན། འཆིང་གྲོལ་གྱི་དོན་བྱེད་པར་ཅི་ལྟར་འགྱུར་ཏེ་རི་བོང་གི་རྭ་ལག་པ་ལ་བརྟེན་ནས་ཀྱང་ས་རྐོ་བ་མི་སྲིད་པ་བཞིན་དངོས་མེད་ནི་གང་ལའང་བརྟེན་པ་མིན་ཏེ། གལ་ཏེ་བརྟེན་པར་གྱུར་ན་རྒྱུ་འབྲས་ཀྱི་དངོས་པོར་འགྱུར་རོ། །དེ་ནི་གཞན་དུ་མཁའ་འདྲ་ཞེས་པ་ཕ་རོལ་ལ་གནོད་པ་སྟོན་པའི་ཚིག་ཏུ་སྦྱར་བ་ཡོད་ཀྱང་འདིར་བཤད་པ་ལྟར་བདེའོ། །དངོས་མེད་ཅེས་པ་ཐ་སྙད་དུའང་མེད་པའི་གཏན་མེད་ལ་བརྗོད་པ་དང་། བདེན་པའི་དངོས་པོར་མེད་པའི་སྒྱུ་མ་ལྟ་བུ་ལ་བརྗོད་པ་གཉིས་ཡོད་པས། བདེན་དངོས་མེད་ཀྱང་སྣང་བར་ཤིན་ཏུ་འཐད་པ་མ་རྟོགས་ནས་དངོས་སྨྲ་བ་རྣམས་ཀྱིས་གཏན་
མེད་ལྟ་བུར་བཟུང་བ་ལ་ལན་འདེབས་ཚུལ་ཡིན་ནོ། །དེ་ལྟར་འཁོར་བ་དངོས་མེད་དང་སེམས་དངོས་པོ་གཉིས་ནམ་ཡང་མི་འབྲེལ་བས་ན་སེམས་ཙམ་པ་ཁྱོད་ཀྱི་སེམས་ནི་གྲོགས་གཟུང་བ་མེད་པར་རང་རིག་རང་གསལ་གཅིག་པུ་ཉིད་དུ་འགྱུར་བ་ཡིན་ལ། གང་ཚེ་དེ་ལྟར་སེམས་གཟུང་བ་དང་བྲལ་བ་དེ་ཚེ་འཛིན་པས་ཀྱང་སྟོང་ཞིང་གཉིས་སྟོང་མངོན་དུ་གྱུར་པ་དེའི་ཚེ་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་ན། སེམས་ཅན་ཐམས་ཅད་ཐོག་མ་ནས་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཏེ་ལམ་འབད་རྩོལ་ལ་ལྟོས་པར་མི་འགྱུར་རོ། །དེ་ལྟ་བུ་ཡིན་ནའང་ཆོས་ཐམས་ཅད་སེམས་ཙམ་མོ་ཞེས་རྣམ་རིག་ཙམ་དུ་བརྟགས་ཤིང་གྲུབ་པའི་མཐའ་བཞག་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ། འདི་ལྟར་སེམས་ཙམ་གྱི་སྒྲས་སེམས་ལས་གཞན་པའི་དོན་འགོག་པར་བྱེད་ཅིང་གཉིས་སྟོང་གི་དེ་ཁོ་ན་ཉིད་སྒྲུབ་པར་འདོད་ཀྱང་། གཉིས་སྣང་དགག་མི་དགོས་ལ་གཉིས་སྟོང་བསྒྲུབ་མི་དགོས་པས་ན་ལམ་དེས་ཅི་ཞིག་བྱ། དེས་ན་རྣམ་པ་མེད་པར་ཁས་བླངས་ན་འཁོར་བའི་སྣང་བ་གཞི་མེད་དུ་འགྱུར་བས་མྱོང་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཉིས་པ་ལམ་ལ་རྩོད་སྤོང་ནི། ཇི་ལྟར་ཕྱི་ནང་གི་དངོས་པོ་འདི་དག་སྒྱུ་མ་ལྟ་བུར་ཤེས་ཀྱང་དེས་ཉོན་མོངས་ལྡོག་པར་མི་འགྱུར་ཏེ། གང་ཚེ་སྒྱུ་མ་མཁན་རང་གིས་སྤྲུལ་པའི་བུད་མེད་མཛེས་མ་ལ་སྒྱུ་མའི་སྣང་བར་ཤེས་ཀྱང་དེའི་བྱེད་པ་པོ་ཉིད་ཀྱང་དེ་ལ་ཆགས་པ་སྐྱེ་བ་བཞིན་ནོ་སྙམ་ན། སྒྱུ་མའི་བུད་མེད་དེ་བྱེད་པ་པོ་ནི་ཤེས་བྱ་གང་ལའང་ཉོན་མོངས་པའི་བག་ཆགས་མ་སྤངས་ཏེ། འདི་ལྟར་དེས་བདག་གཉིས་སུ་འཛིན་པའི་ཀུན་རྟོག་ལ་གཉེན་པོའི་ཡེ་ཤེས་ཀྱིས་ཉམས་སྨད་པར་བྱས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེས་ན་ཡུལ་སྒྱུ་མའི་བུད་མེད་མཛེས་མ་དེ་མཐོང་བ་ན། མཐོང་མཁན་བྱེད་པ་པོ་དེའི་རྒྱུད་ལ་ནི་གཉེན་པོ་སྟོང་ཉིད་ཀྱི་བག་ཆགས་ཤིན་ཏུ་ཉམ་ཆུང་བས་ཆགས་པ་
གཏན་ནས་ལྡོག་ག་ལ་ནུས་ཏེ། དེའི་རྒྱུད་ལ་བདེན་འཛིན་དང་དངོས་སུ་འཛིན་སྟངས་འགལ་པའི་སྟོང་ཉིད་ནི་མེད་ལ། ཕྱི་རོལ་གྱི་བུད་མེད་དངོས་ཀྱིས་སྟོང་པར་མཐོང་བ་དེས་ཀྱང་སྒྱུ་མའི་བུད་མེད་དེ་དོན་དུ་གཉེར་ཞིང་འགྲོགས་པར་རེ་བ་སོགས་མི་སྐྱེ་བ་བཞིན་ནོ། །དེས་ན་འདོད་པའི་རྩ་བ་ནི་ཀུན་ཏུ་རྟོག་པ་ཡིན་ལ། དེ་སྤྲོས་པ་ལས་སྐྱེ་ཞིང་ཀུན་རྟོག་གི་སྤྲོས་པ་དེ་དག་ནི་སྟོང་པ་ཉིད་ཀྱིས་འགོག་པར་འགྱུར་ཏེ། དེ་ཡང་ཀུན་བརྟགས་རྣམས་བདེན་པ་མཐོང་བ་ཙམ་གྱིས་ཐག་པར་སྦྲུལ་མེད་པར་ཤེས་པ་བཞིན་དུ་ལྡོག་ཅིང་ལྷན་སྐྱེས་རྣམས་གཉེན་པོ་རྒྱུད་ལ་གོམས་པས་རིམ་གྱིས་སྤངས་ཞིང་མཐར་བློ་གཉེན་པོའི་ངང་དུ་གྱུར་པ་ན་ས་བོན་ཕྲ་བའང་སླར་མི་སྐྱེ་བའི་ཚུལ་དུ་ལྡོག་སྟེ་ཉི་མའི་དཀྱིལ་འཁོར་ལ་མུན་པ་གཏན་མི་གནས་པ་བཞིན་ནོ། །འོ་ན་དངོས་པོར་མངོན་ཞེན་དང་། སྟོང་པ་ཉིད་དུ་མངོན་པར་ཞེན་པ་གཉིས་ཀའང་ཀུན་རྟོག་གི་སྤྲོས་པ་ལས་མ་འདས་ན་གླང་ཆེན་གྱི་ཁྲུས་བཞིན་དུ་སླར་ཡང་རྟོག་པའི་དྲྭ་བར་ཆུད་པ་ཁྱོད་ཀྱིས་ཀུན་རྟོག་ཇི་ལྟར་འགོག་སྟེ་འགོག་པར་མི་འགྱུར་རོ་ཞེ་ན། གང་དངོས་པོ་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་དུ་གོམས་པས། དེ་དང་འཛིན་སྟངས་འགལ་བ་དངོས་པོར་ཞེན་པའི་བག་ཆགས་སྤོང་བར་འགྱུར་ལ། དེའི་ཚེ་དངོས་མེད་དུ་འཛིན་པ་དེའང་གཞན་བསལ་བའི་རྟོག་པ་ཙམ་སྟེ་དངོས་པོའི་གནས་ཚུལ་ཡང་དག་ཏུ་གྲུབ་པ་མེད་པར་རྟེན་འབྱུང་གི་རིགས་པས་གཏན་ལ་ཕབ་ནས། དངོས་དང་དངོས་མེད་ཅི་ཡང་བདེན་པར་གྲུབ་པ་མེད་པར་གོམས་པས་མེད་པར་ཞེན་པ་དེའང་ཕྱི་ནས་སྤོང་བར་འགྱུར་ཏེ། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་། །ཞེས་གསུངས་པ་བཞིན་ནོ། །དེ་ལ་དངོས་པོ་ནི་མེད་པར་བཀག་ཀྱང་། དེ་བཀག་པའི་མེད་པ་ནི་ཇི་ལྟར་དགག་པར་བྱ་སྟེ། དེ་བཀག་ན་སླར་ཡོད་པ་ཉིད་དུ་ལྡོག་སྟེ་མེད་པ་
འགོག་པ་སྒྲུབ་པ་ཡིན་པའི་ཕྱིར་དང་། དངོས་པོ་མེད་པ་ནི་གཉེན་པོ་ཡིན་པ་ལ་སོགས་པའི་ཕྱིར་རོ་སྙམ་ན། རེ་ཞིག་ཐོག་མེད་ནས་གོམས་པའི་དངོས་པོ་ཡོད་པ་ཉིད་དུ་ཞེན་པ་དེའི་ངོར་བྱས་ནས་མེད་པ་ཉིད་དུ་སྒྲུབ་ཅིང་གོམས་པར་བྱེད་དེ། དངོས་པོ་རང་བཞིན་མེད་པར་མ་ཤེས་ན་གནས་ལུགས་མཐའ་བྲལ་ལ་ངེས་པ་སྐྱེ་བའི་སྐབས་གཏན་མེད་པས་སོ། །འོན་ཀྱང་མེད་པ་ཉིད་དེ་ཙམ་ཁོ་ན་གནས་ལུགས་མཐར་ཐུག་ནི་མ་ཡིན་ཏེ། གང་ཚེ་གཟུགས་སོགས་དངོས་པོ་གང་ཞིག་མེད་དོ་ཞེས་བརྟག་བྱའི་དངོས་པོ་དེ་ཐ་སྙད་དུ་རང་གི་ངོ་བོས་སྐྱེ་བ་སོགས་སུ་མི་དམིགས་ན། དེ་ཚེ་དེ་ལ་བརྟེན་པའི་དངོས་མེད་ཀྱང་རྟེན་དངོས་པོ་དང་བྲལ་བས་ན། བློ་ཡི་མདུན་ན་དམིགས་གཏད་ཀྱི་ཡུལ་དུ་ཇི་ལྟར་གནས་ཏེ་གནས་མི་སྲིད་དེ་མོ་གཤམ་གྱི་བུ་སྐྱེ་བ་མེད་ན་དེ་ཤི་བའང་མི་དམིགས་པ་བཞིན་ནོ། །དེས་ན་མེད་པ་ནི་ཡོད་པ་ལ་བརྟེན་ནས་བཞག་པ་ཙམ་ལྟོས་མེད་དུ་ངོ་བོས་གྲུབ་པ་ནི་མེད་དོ། །འོ་ན་ཡོད་པ་བཀག་ནས་མེད་པ་སྒྲུབ། སླར་ཡང་མེད་པའང་བཀག་ནས་ཡོད་པ་སྒྲུབ། དེ་གཉིས་རེས་མོས་སྤེལ་བས་ཅི་ཞིག་བྱ་ཟེར་ན། རྣམ་ཤེས་ལ་རྟོན་ཅིང་ཚུར་མཐོང་རྟོག་གེའི་དབང་དུ་བྱས་པ་དག་ལ་གླང་ཆེན་གྱི་ཁྲུས་དང་འདྲ་བའི་ཀུན་རྟོག་འདི་ལྟ་བུ་འབྱུང་བ་ནི་ཤིན་ཏུ་བདེན་ཏེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ནི་སྐལ་དམན་རྣམས་སྐྲག་པའི་གནས་ཆེ་བའི་རབ་ཡིན་པས་དེའི་ཚུལ་ནི་མི་ཤེས་ཤིང་། དངོས་མེད་དུ་བསྟན་ན་ཆད་སྟོང་དུ་བཟུང་། སྣང་བཅས་སུ་བསྟན་ན་བདེན་གྲུབ་ཏུ་བཟུང་། ཟུང་འཇུག་ཅེས་བརྗོད་ན་ཐ་གུ་དཀར་ནག་བསྒྲིལ་བ་ལྟ་བུའི་དོན་དུ་བཟུང་། བསམ་གྱིས་མི་ཁྱབ་ཅེས་བརྗོད་ན་ཅང་མེད་ཅི་མེད་ཧྭ་ཤང་གི་ལྟ་བ་ལྟ་བུ་ཞིག་ལས་མི་འཆར་བ་ཡིན་ཏེ། ཟབ་མོའི་མཐར་ཐུག་པའི་ཆོས་འདི་ཀུན་གྱིས་བདེ་བླག་ཏུ་ཤེས་ནུས་ན། དེ་དག་འཇིག་རྟེན་མཐའ་དག་ལས་འདས་ཤིང་
འཕགས་པའི་སྤྱོད་ཡུལ་བལྟ་དཀའ་ཞིང་ཤེས་པར་དཀའ་བ་བསམ་གྱིས་མི་ཁྱབ་པ་ཞེས་ཇི་སྟེ་གསུང་། དེའི་ཕྱིར་ན་སློབ་དཔོན་ཀླུས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་གསུངས་སོ། །དེས་ན་གང་རུང་རེ་བཀག་ནས་ཅིག་ཤོས་སྒྲུབ་པ་མ་ཡིན་ཏེ་མཐའ་ཐམས་ཅད་བཀག་ནས་མཐར་དགག་སྒྲུབ་དང་བྲལ་བའི་ཆོས་ཉིད་དེ་བཞིན་ཉིད་ལ་འཇུག་པར་འགྱུར་བའི་ཕྱིར་གདོད་ནས་སྐྱེ་བ་མེད་བཞིན་དུ་སྣང་བའི་སྟོང་དང་རྟེན་འབྱུང་ཡེ་ནས་འདུ་འབྲལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོ་ལ་ངེས་ཤེས་གཏིང་ནས་མ་རྙེད་པ་དེ་སྲིད་དུ་ཚོགས་བསགས་ཤིང་། མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་གྱི་ཞབས་ལ་གཏུགས་པར་བྱས་ནས་ཡང་དག་པའི་གནད་དང་ལྡན་པའི་གོམས་པ་ཡུན་བསྲིང་པར་བྱ་སྟེ། ཐོས་པས་དྲེགས་ཤིང་ཚུར་མཐོང་གི་དཔྱོད་པ་ཕལ་ཆེ་བས་བསྐལ་པ་བརྒྱར་འབད་ཀྱང་ཕྱོགས་ཙམ་ཤེས་པར་མི་འགྱུར་ཞེས་དམ་པའི་ཞལ་ནས་གདམས་པ་འདི་ཁོ་ན་ལམ་དོན་གཉེར་རྣམས་ཀྱི་སྙིང་ནོར་དུ་བྱ་བར་རིགས་སོ། །དེ་ལྟར་ན་གང་གི་ཚེ་དངོས་པོ་དང་དངོས་པོ་མེད་པ་དག་གང་ཡང་བློ་ཡི་མདུན་ན་མི་གནས་པ་དེའི་ཚེ། དེ་ལས་གཞན་བདེན་པར་གྲུབ་པའི་རྣམ་པ་གཞན་མེད་པས་ན་བདེན་འཛིན་གྱི་དམིགས་པའི་གཏད་སོ་མཐའ་དག་མེད་པར་སྤྲོས་པ་མ་ལུས་པ་རབ་ཏུ་ཞི་བ་ཡིན་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཙམ་གྱིས་རབ་ཏུ་ཕྱེ་བ་སྨྲ་བསམ་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟ་བུའི་མཉམ་པ་ཉིད་དོ། །གནས་ལུགས་མཐར་ཐུག་པ་དེ་ལྟ་བུ་ཡིན་པ་
དེའི་ཕྱིར། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་ཏེ་དངོས་དང་དངོས་མེད་དུ་ཞེན་པ་སྣ་ཚོགས་པའི་ཚུལ་བཟློག་པའི་ཕྱིར་སྟོང་ཉིད་བཅུ་དྲུག་ཏུ་བཤད་པ་ལྟ་བུ་སྟེ། སྤྲོས་པ་མཐའ་དག་ཁེགས་པའི་ཟུང་འཇུག་ཆོས་ཀྱི་དབྱིངས་དེ་ནི་ཐེག་པ་ཆེན་པོའི་རྟོགས་རིགས་ཁྱད་པར་ཅན་ཡིན་ལ། དེར་དབུ་མ་ཆེན་པོ་ཞེས་ཐ་སྙད་བྱེད་པ་ཡིན་ཏེ། གང་དག་རང་བཞིན་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་དང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་དེ་ལྟ་བུའི་སྟོང་པ་ཉིད་ཀྱིས་ནི་སྤྲོས་པ་མཐའ་དག་ཆོས་ཀྱི་དབྱིངས་སུ་ནུབ་ནས་སྒྲིབ་པ་གཉིས་པོ་ཡོངས་སུ་སྤངས་ཤིང་མི་གནས་པའི་མྱང་འདས་ཐོབ་པར་བྱེད་དེ། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་པ་དང་། གཞུང་འདིར་ཡང་། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་པ་བཞིན་ནོ། །གསུམ་པ་འབྲས་བུ་གཞན་དོན་ལ་རྩོད་སྤོང་ནི། དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པའི་སངས་རྒྱས་ཀྱི་ས་ན་གདུལ་བྱའི་དོན་དུ་འབད་རྩོལ་གྱི་སྤྲོས་པ་མི་མངའ་བས་དེས་སེམས་ཅན་གྱི་དོན་ཇི་ལྟར་མཛད་སྙམ་ན། དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་དག་ལ་སྤྱོད་ཡུལ་ན་གནས་ཤིང་གསོལ་བ་
འདེབས་པར་བྱེད་པ་རྣམས་ཀྱི་དོན་བྱའོ་སྙམ་དུ་རྣམ་པར་མི་རྟོག་ཀྱང་། ཇི་ལྟར་རེ་བའི་དོན་ཡོངས་སུ་སྐོང་བ་དེ་བཞིན་གདུལ་བྱ་རྣམས་ལ་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་སྐུ་གང་ལ་གང་འདུལ་དུ་སྣང་ཞིང་ཆོས་སྟོན་པ་སོགས་ཀྱི་སྒོ་ནས་ཕན་བདེའི་ཕྲིན་ལས་དུས་རྟག་ཏུ་མཛད་པ་ཡིན་ནོ། །འདིར་སློབ་ལམ་གྱི་འབད་རྩོལ་ཐམས་ཅད་ཉེ་བར་ཞི་ཞིང་ཆོས་ཀྱི་དབྱིངས་ལས་ནམ་ཡང་མི་གཡོ་བའི་མྱང་འདས་མཐར་ཐུག་པ་བརྙེས་པ་ན་འབད་རྩོལ་གྱི་རྟོག་པ་མེད་ཀྱང་། གཞན་དོན་དུ་ཕྲིན་ལས་འཇུག་པ་ནི་ནོར་བུ་ལ་སོགས་པའི་དཔེས་བསྟན་ཏེ། གཞན་ཡང་བརྒྱ་བྱིན་གྱི་གཟུགས་བརྙན་སོགས་དཔེ་བརྒྱད་པོ་དག་ཀྱང་ཡིན་ནོ། །སྨོན་ལམ་གཙོ་བོར་སྟོན་པ་ནི་དེ་བཞིན་གཤེགས་པའི་སྐུ་དང་འཁོར་དང་ཞིང་ལ་སོགས་པ་སྣ་ཚོགས་པར་སྣང་བའི་རྒྱུའི་གཙོ་བོ་ནི་སློབ་ལམ་ན་སྨོན་ལམ་གང་བཏབ་པའི་ལྷན་ཅིག་བྱེད་པའི་རྐྱེན་ལས་སྣང་བའི་དབང་གིས་ཡིན་ཏེ། དོན་དུ་ན་ཁམས་བདེ་གཤེགས་སྙིང་པོའམ་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་དུ་འཇུག་པའི་དེ་བཞིན་ཉིད་དེ་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པའི་སྟོབས་ཀྱིས་དག་པ་མངོན་དུ་གྱུར་པ་ན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། སྐུ་དེ་ཉིད་གདུལ་བྱའི་སྐལ་བ་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བའི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་ཞིང་རྒྱུན་མི་འཆད་པ་སྟེ། རྒྱུད་བླ་མ་ལས། དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་མཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་
རྒྱུར་གྱུར་ཞིབ་མོར་བསམ་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་གསུངས་པ་བཞིན་ནོ། །ཕ་རོལ་པོ་དེ་དག་འདི་སྙམ་དུ། ད་ལྟའི་སྐབས་སུ་འདུལ་བྱེད་ཀྱི་ཆོ་འཕྲུལ་འདི་དང་འདི་ལྟ་བུས་གདུལ་བྱ་འདི་དང་འདི་ལ་ཕན་འདི་དང་འདི་ལྟ་བུ་གདགས་སོ་ཞེས་རྩོལ་བ་མེད་ན་སྔོན་གྱི་སྨོན་ལམ་གྱིས་དེ་ལྟ་བུ་སྒྲུབ་ག་ལ་ནུས་སྙམ་ན། དེ་ཅིའི་ཕྱིར་མི་ནུས་ཏེ། དཔེར་ན་མཁའ་ལྡིང་གི་རིག་སྔགས་གྲུབ་པ་འགའ་ཞིག་གིས་ནམ་མཁའ་ལྡིང་གི་སྐུ་བརྙན་ནམ་མཆོད་རྟེན་ལ་སོགས་པའི་མཆོད་སྡོང་དང་རྡོ་བ་སོགས་ལས་བསྒྲུབས་ཏེ། དེ་གང་གིས་མཐོང་བ་སོགས་ལ་ཀླུ་ལ་སོགས་པའི་དུག་ཞི་བའི་ནུས་ལྡན་དུ་སྔགས་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པ་ན། བྱེད་པོ་དེ་འདས་པར་གྱུར་པའི་རྗེས་སུ། དེ་འདས་ནས་ཡུན་རིང་པོ་ལོན་ཀྱང་ཇི་སྲིད་དུ་མཆོད་སྡོང་དེས་དུག་དང་གདོན་ལ་སོགས་པ་དངོས་སུ་ཞི་བར་བྱེད་ན། ད་ལྟའི་འབད་རྩོལ་ཁོ་ན་མེད་ཀྱང་སྔོན་གྱི་འཕེན་པས་གཞན་དོན་སྒྲུབ་པ་ཅི་སྟེ་མེད། དེའི་ཕྱིར་བྱང་ཆུབ་སེམས་དཔས་བླ་ན་མེད་པའི་བྱང་ཆུབ་ཀྱི་དོན་དུ་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་དང་རྗེས་སུ་མཐུན་པར་རྒྱལ་བའི་མཆོད་སྡོང་བསྒྲུབས་པའང་། སྒྲུབ་མཁན་བྱང་ཆུབ་སེམས་དཔའ་དེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་ནས་ད་ལྟ་འབད་རྩོལ་དང་གཟུང་འཛིན་གྱི་སྤྲོས་པ་ནི་ཉེ་བར་ཞི་ཡང་སེམས་ཅན་མཐའ་དག་གི་གནས་སྐབས་དང་མཐར་ཐུག་གི་དོན་རྣམས་ཐམས་ཅད་མཛད་པ་ཡིན་ནོ། །འདི་དང་མཐུན་པར་འཇུག་པ་ལས་ཀྱང་། རྫ་མཁན་གྱི་འཁོར་ལོ་སྔར་འབད་པས་བསྐོར་བ་ན། ད་ལྟ་རྩོལ་བ་མེད་ཀྱང་འཁོར་ནས་བུམ་སོགས་ཀྱི་རྒྱུ་བྱེད་པར་གྱུར་པ་བཞིན་དུ། སངས་རྒྱས་ལ་འབད་རྩོལ་མེད་ཀྱང་སྨོན་ལམ་དང་། སྐྱེ་བོའི་དགེ་བའི་དབང་གིས་གདུལ་
བྱའི་དོན་བྱེད་པར་འཐད་པ་སྒྲུབ་པར་མཛད་དོ། །ཡང་དེ་དག་འདི་སྙམ་དུ། གང་ཕན་ཚུན་མཆོད་པ་དང་ལེན་པའི་བསམ་པས་མཆོད་ན་བསོད་ནམས་འབྱུང་ཡང་། སངས་རྒྱས་ལ་རྣམ་པར་རྟོག་པའམ་སེམས་མེད་པ་ཡིན་ན་དེ་ལ་མཆོད་པ་བྱས་པས་ཇི་ལྟར་ན་བསོད་ནམས་ཀྱི་འབྲས་བུ་དང་ལྡན་པར་འགྱུར་ཞེ་ན། སེམས་མེད་ལ་མཆོད་པའི་འབྲས་བུ་མེད་ན་དེ་བཞིན་གཤེགས་པའི་རིང་བསྲེལ་དང་མཆོད་རྟེན་ལ་མཆོད་པ་ལ་འབྲས་བུ་མེད་དགོས་ནའང་། གང་གི་ཕྱིར་སངས་རྒྱས་དངོས་སུ་བཞུགས་པའམ། དེ་མྱ་ངན་ལས་འདས་པའི་རིང་བསྲེལ་དང་དེའི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་མཆོད་པ་བསོད་ནམས་མཉམ་པར་མེ་ཏོག་བརྩེགས་པའི་མདོ་ལ་སོགས་པ་ལས་ཡང་ནས་ཡང་དུ་གསུངས་པའི་ཕྱིར་ན་ཀླན་ཀ་དེ་མི་རིགས་སོ། །དེའི་ཕྱིར་བདག་ཅག་སངས་རྒྱས་དང་མཆོད་པའི་བསོད་ནམས་གཉིས་པོ་ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པ་དང་། ཁྱོད་དོན་དམ་པར་འདོད་པ་གཉིས་ཀ་སུ་ཡིན་ཀྱང་རུང་སྟེ་སངས་རྒྱས་དེ་ལ་མཆོད་པའི་འབྲས་བུ་རྒྱ་ཆེན་པོ་ཡོད་པ་ནི་ལུང་ཚད་མ་ལ་བརྟེན་ནས་འདོད་པ་ཡིན་ཏེ། དཔེར་ན་ཁྱོད་བདེན་པའི་སངས་རྒྱས་མཆོད་པ་ལ་ཇི་ལྟར་འབྲས་བུ་དང་བཅས་པར་ཁས་ལེན་པའང་ལུང་ལས་ཡིན་པ་བཞིན་དུ། ངེད་ཀྱིས་ཀྱང་བདེན་པར་མ་གྲུབ་པའི་སངས་རྒྱས་ལ་མཆོད་པའི་འབྲས་བུའང་མི་བདེན་པ་སྒྱུ་མ་ལྟ་བུ་འབྱུང་བར་ཁས་ལེན་པ་ཡིན་ན། ཡུལ་དང་དངོས་པོ་བསམ་པ་རྣམས་བདེན་པར་མེད་ཕན་ཆོད་མཆོད་པའི་འབྲས་བུ་ མེད་པར་རྩོད་པ་འདིས་བདག ་ཅག་ལ་གནོད་པར་མི་འགྱུར་ཞེས་སོ། །གཉིས་པ་རྗོད་བྱེད་ཐེག་ཆེན་ལ་རྩོད་སྤོང་ནི། ཉན་ཐོས་སྡེ་པ་དག་ན་རེ། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་དེ་ཁོ་ན་གོམས་པས་རྣམ་པར་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་གྱི། ཆོས་ཐམས་ཅད་རང་བཞིན་
མེད་པའི་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེས་ཐེག་པ་ཆེན་པོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ལ་སྐྲག་ཅིང་སྤངས་ནས་དེ་འདྲའི་སྟོང་ཉིད་དེ་མ་རྟོགས་ཀྱང་གང་ཟག་གི་ བདག་མེད་རྟོགས་པ ་ཡོད་པར་རློམས་ནས་རྩོད་པའོ། །དེ་འདྲའི་རྩོད་པ་ནི་གྱི་ན་སྟེ། གང་གི་ཕྱིར་ན་སྟོང་པ་ཉིད་སྤངས་པའི་ཕ་རོལ་ན་ཉོན་མོངས་པ་རྩ་བ་ནས་སྤོང་ནུས་པའི་གཉེན་པོ་མི་སྲིད་པས་སོ། །དེས་ན་རྒྱལ་བའི་ཡུམ་ལ་སོགས་པ་ལུང་རྣམས་ལས་ཀྱང་། དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་བྱང་ཆུབ་གསུམ་གང་ཡང་རུང་བ་མེད་པར་གསུངས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་དག་ཀྱང་ཤེར་ཕྱིན་སྟོང་པ་ཉིད་འདི་ལ་མ་བརྟེན་པར་ཐོབ་པར་མི་ནུས་པས་འདི་འཕགས་བཞི་སྐྱེད་པའི་ཡུམ་དུ་གསུངས་པའི་ཕྱིར་རོ། །རིགས་པ་ནི་ཕྱིས་འཆད་པར་འགྱུར་རོ། །དེ་ལ་དེ་དག་ན་རེ། ཁྱོད་ཀྱིས་སྒྲུབ་བྱེད་ལུང་ཐེག་ཆེན་དེ་ཉིད་བདག་ཅག་ལ་ལུང་ཡང་དག་སངས་རྒྱས་ཀྱི་བཀར་མ་གྲུབ་སྟེ། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་བདུད་ཀྱི་མཐུ་ལས་རྟོག་གེ་པ་དག་གིས་བྱས་པའི་ཚིག་ཡིན་པའི་ཕྱིར་རོ། །འོ་ན་ཁྱོད་ཀྱི་ལུང་དེ་སངས་རྒྱས་ཀྱི་བཀར་ཇི་ལྟར་གྲུབ་ཅེས་དྲིའོ། །དེ་ལ་དེ་དག་ན་རེ། ཁོ་བོ་ཅག་གི་ལུང་འདི་ནི་སངས་རྒྱས་ཀྱི་བཀའ་ཡིན་པར་རང་རེ་གཉིས་ཀ་ལ་གྲུབ་པ་མིན་ནམ། དེའི་ཕྱིར་འདི་ལ་བཀའ་ཡིན་པར་རྩོད་པ་མེད་དོ་ཞེ་ན། འོ་ན་དང་པོ་ཁྱོད་སྐྱེས་མ་ཐག་པ་སོགས་སུ་ཐེག་དམན་གྱི་སྡེ་སྣོད་སངས་རྒྱས་ཀྱི་བཀར་མ་གྲུབ་པས་ན་དེའི་ཚེ་གཉིས་ཀ་ལ་འདི་གྲུབ་བོ་ཞེས་པ་དེ་མེད་པས་བཀའ་ཇི་ལྟར་ཡིན། ལུང་དང་སྐྱེས་བུ་ལ་རང་བཞིན་གྱིས་འབྲེལ་བ་མེད་པས་ན་ཁྱོད་ལ་དང་པོ་ནས་འདི་ལུང་ཚད་མར་གྲུབ་པ་ནི་མི་སྲིད་དོ། །ཁོ་བོ་ལ་དང་པོ་ནས་མ་གྲུབ་ཀྱང་ཡིད་ཆེས་སུ་རུང་བའི་བླ་མ་བརྒྱུད་པའི་རིམ་པ་ལས་ཐོས་ཤིང་། འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག་མངོན་པའི་
ཆོས་ཉིད་དང་མི་འགལ་པར་ཡང་དག་པའི་ལམ་སྟོན་པའི་ལུང་དུ་རིགས་པས་གྲུབ་པའི་རྐྱེན་གང་གིས་ཐེག་དམན་དེར་སངས་རྒྱས་ཀྱི་གསུང་དུ་ཡིད་ཆེས་པས་གྲུབ་པོ་ཞེ་ན། དེ་འདྲའི་ཡིད་ཆེས་སུ་རུང་བའི་རྐྱེན་དེ་ནི་ཐེག་ཆེན་ལའང་ཡོད་པར་མཚུངས་པས་ཁྱོད་བློ་དང་ལྡན་ཞིང་གཟུ་བོར་གནས་ན་གྲུབ་ཏུ་ཉེ་བ་ཡིན་པས། འདིའང་འུ་བུ་གཉིས་ཀ་ལ་གྲུབ་པར་རུང་གི་མི་འགྲུབ་པ་མིན་ནོ། །དེ་ལས་གཞན་དུ་ན། གང་ཟག་གང་ཡང་རུང་བ་གཉིས་ཀྱིས་འདོད་པའམ་དེའི་ངོར་གྲུབ་ཟིན་ནས་ཁས་བླངས་ཕན་ཆོད་ལུང་དེ་བདེན་པ་ཡིན་ན་ནི་རིག་བྱེད་སོགས་ཀྱང་བདེན་པར་འགྱུར་ཏེ། དེ་ཁས་ལེན་མཁན་གང་ཟག་གཅིག་ཁོ་ན་མིན་པར་དུ་མས་ལུང་ཡང་དག་ཏུ་འདོད་པའི་ཕྱིར། གལ་ཏེ་ཐེག་དམན་ནི་བཀའ་ཡིན་པར་རྩོད་པ་མེད་ལ། ཐེག་ཆེན་རྩོད་པ་དང་བཅས་པའི་ཕྱིར་བཀའ་མིན་ནོ་ཞེ་ན། རྩོད་པ་དང་བཅས་པ་ཙམ་གྱིས་ལུང་ཡང་དག་མིན་པར་མི་འགྱུར་ཏེ། གལ་ཏེ་འགྱུར་ན་ནང་པ་སངས་རྒྱས་པའི་ལུང་སྤྱི་ལ་མུ་སྟེགས་པ་རྣམས་ཀྱི་རྩོད་པ་དང་བཅས་ཤིང་། ལུང་གི་བྱེ་བྲག་གི་ཕྱོགས་བཟུང་ནས་གྲུབ་མཐའ་སོ་སོ་དང་ཉན་ཐོས་སྡེ་བ་བཅོ་བརྒྱད་ལ་སོགས་པ་ནང་ཕན་ཚུན་གཅིག་ལ་གཅིག་རྩོད་པ་དང་བཅས་པའི་ཕྱིར་ཐེག་དམན་ཀྱང་ཁྱོད་ཀྱིས་དོར་བྱར་འགྱུར་རོ། །གཞན་ཡང་བསྟན་པའི་རྩ་བ་སྟེ་བསྟན་པ་གནས་པ་གང་ལ་རག་ལས་པ་ནི་ཡང་དག་པའི་དགེ་སློང་ཉིད་ཡིན་ནའང་དགེ་སློང་ཉིད་ཀྱང་དཀའ་བར་གནས་ཏེ་ཡོད་པར་དཀའོ། །དེ་ལ་དགེ་སློང་ལ་སྒྲས་བརྗོད་ཀྱི་དབྱེ་བ་ལྔ་གསུངས་ཏེ། མིང་གི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་། སློང་བའི་ངང་ཚུལ་གྱི་དགེ་སློང་། བསྙེན་པར་རྫོགས་པའི་དགེ་སློང་། ཉོན་མོངས་པ་སྤངས་པའི་དགེ་སློང་རྣམས་ལས་དང་པོ་གསུམ་མིང་ཙམ་སྟེ། ཐ་མ་གཉིས་མཆོག་ཡིན་པས་དེ་གཉིས་བསྟན་རྩ་ཡིན་ལ། དེ་ལས་ཀྱང་དོན་དམ་པའི་དགེ་སློང་མཆོག་ནི་ཉོན་
མོངས་པ་སྤངས་པ་ཡིན་ན་དེ་དཀའ་བར་གནས་ཏེ། ཉོན་མོངས་སྤོང་བའི་རྒྱུ་བདེན་པ་མཐོང་བ་མི་སྲིད་དེ་ཆོས་ཀྱི་གནས་ལུགས་སྟོང་པ་ཉིད་དང་མི་ལྡན་པར་འདོད་པས་ནའོ། །གཞན་ཡང་བསྙེན་པར་རྫོགས་པའི་དགེ་སློང་ལའང་སྡེ་པ་སོ་སོའི་འདོད་པ་ནང་མི་མཐུན་པ་སོགས་རྩོད་བཅས་ཕྱིར་ཞེས་པ་སྔར་བསྟན་པའི་ཤུགས་ལས་སོ། །ཁོ་ན་རེ། ཅི་ཕྱིར་ཉོན་མོངས་སྤངས་པའི་དགེ་སློང་མེད་དེ་སྟོང་ཉིད་མེད་ཀྱང་བདེན་བཞི་མཐོང་བ་ཡོད་པས་སོ་སྙམ་ན། དེ་ལ་བདེན་བཞིའི་མི་རྟོག་སོགས་ནི་གཙོ་བོ་མ་ཡིན་ལ། ལམ་གྱི་གཙོ་བོ་ཉོན་མོངས་རྩ་བ་ནས་སྤོང་བའི་དངོས་གཉེན་ནི་བདག་མེད་རྟོགས་པའི་ཤེས་རབ་སྟེ། རྣམ་འགྲེལ་ལས། ངེད་ཀྱི་དེ་ཡང་རྐྱེན་ལས་སྐྱེས། །དེ་ནི་ བདག་མེད་ལྟ་རྟེན་ཡིན། །སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་སྟོང་པ་ཉིད་སྤངས་ནས་སེམས་དམིགས་པ་དང་བཅས་པ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་དཀའ་སྟེ་རྒྱུ་མཚན་བདག་ཏུ་འཛིན་པ་དྲུང་ནས་མ་ཕྱུང་བར་ཉོན་མོངས་སྤོང་བའི་ཐབས་མེད་ལ། དེ་དྲུང་ནས་འབྱིན་ པ་ལ། ཡུལ་ལ་བདག་མེད ་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་པ་ལྟར་ཡུལ་སྟོང་པར་མཐོང་བ་ཁོ་ན་ལས་གཞན་རྩད་ནས་ལྡོག་ཐབས་མི་སྲིད་དེ། ཡུལ་ཡོད་པར་ཞེན་པའི་བག་ཆགས་མ་སྤངས་བར་རེ་ཞིག་བསམ་གཏན་ལྟ་བུས་མགོ་མནན་ཀྱང་སླར་སྐྱེ་བར་འགྱུར་བ་འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ་ཞེས་འཆད་པར་འགྱུར་ཏེ། རྣམ་འགྲེལ་ལས་ཀྱང་། ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་གང་གིས་མིན། །ཞེས་པ་བཞིན་ནོ། །དེས་ན་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་ བདག་རང་བཞིན་གྱིས་གྲུབ་
པ་མེད ་པའི་སྟོང་པ་ཉིད་ཁོང་དུ་ཆུད་པའི་བདེན་པ་མཐོང་བ་ལས་ཉོན་མོངས་སྤོང་གི་གཞན་དུ་ན་དེ་མི་འཐད་དོ། །དེ་ལ་དེ་དག་ན་རེ། བདག་མེད་པ ་མཐོང་དགོས་པར་ཁོ་བོ་འདོད་ཀྱང་དེ་དང་སྟོང་པ་ཉིད་དོན་མི་གཅིག་སྟེ་སྟོང་པ་ཉིད་ནི་གཟུགས་སོགས་དངོས་སུ་ཡོད་པའི་ཆོས་ལ་མེད་ཅེས་སྐུར་བ་འདེབས་པའི་ལྟ་བ་འཇིགས་སུ་རུང་བ་ཡིན་ལ། གང་ཟག་གི་ བདག་ནི་ཡེ་ནས་མེད་པ ་ལ་མེད་པར་ཤེས་པ་ནི་གནས་ཚུལ་དང་མཐུན་པའི་ལྟ་བ་ཡང་དག་ཡིན་པས་སོ་ཟེར་ན། དེ་གཉིས་ལ་སྟོང་ པ་ཉིད་དུ་ཁྱད་པར་གང་ཡང་མེད་དེ། གང་ཟག་གི་བདག ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་འདི་ལ་རང་གི་ངོ་བོས་གྲུབ་པ་ མེད་པ་ནི་གང་ཟག་གི་བདག ་མེད་ཡིན་ལ། ཡན་ལག་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་ལུས་དང་བུམ་པ་སོགས་ཕུང་པོ་རྣམས་ཀྱང་རང་རང་གི་ངོ་བོས་སྟོང་པ་ནི་ཆོས་ བདག་མེད་པ ་སྟེ། དེས་ན་འདི་གཉིས་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་ཙམ་སྟེ། ཆོས་བདག་མེད་ནི་ཆོས་སྤྱི་དང་། གང་ཟག་གི་བདག་མེད་ནི་འཁོར་བའི་རྒྱུའི་གཉེན་པོ་ཡིན་པས་ལོགས་སུ་ཕྱེ་བ་ཙམ་ལས་སྟོང་ཚུལ་ལ་ཁྱད་པར་ཅི་ཡང་ མེད་དོ། །དེས་ན་བདག་ཕུང་པོ་ལ་བརྟེན་ནས་བཏགས་པ ་ཙམ་གྱི་སྟོང་པར་ཁོང་དུ་མ་ཆུད་པར། ཕུང་པོ་ཉིད་ནི་ངེས་པར་ཡོད་ཀྱི་ཕུང་པོ་འདི་ལ་དབང་བྱེད་པའམ། བདག་པོར་གྱུར་པའི་བདག་རྟག་གཅིག་རང་དབང་བ་དེ་འདྲ་མེད་པར་ཤེས་ཀྱང་དེས་ངར་འཛིན་ཕྲ་བ་མི་སྤོང་སྟེ། དེའི་ཕྱིར་ བདག་ངོ་བོས་གྲུབ་པ་མེད ་པའི་སྟོང་པ་ཉིད་མ་མཐོང་བར་དུ་རྟག་བདག་སྤངས་ཀྱང་རུང་ཇི་སྲིད་རང་རྒྱུད་ཀྱི་ཕུང་པོར་དེར་འཛིན་ཡོད་པ་དེ་སྲིད་དུ་ངར་འཛིན་ལྡོག་པར་མི་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་སོ། །འདི་ལ་གང་
ཟག་གི་ བདག་རང་མཚན་གྱིས་གྲུབ་པ་མེད ་པའི་སྟོང་ པ་ཉིད་མ་གཏོགས་རྟག་བདག་སོགས་མེད ་པར་བལྟས་ཀྱང་ཇི་སྲིད་ཕུང་པོར་འཛིན་པ་དེས་བདག་འཛིན་ལྡོག་ཏུ་མི་བཏུབ་ཅེས་པའི་དོན་ཡིན་གྱི་གཞན་དུ་བཤད་པ་ཇི་སྙེད་པ་ཀླུ་སྒྲུབ་དང་ཟླ་བའི་དགོངས་པ་ནི་མིན་ནོ། །འཇུག་ པ་ལས་ཀྱང་། བདག་མེད ་རྟོགས་ཚེ་རྟག་པའི་བདག་སྤངས་ཤིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་སོ། །དེས་ན་འདིར་ཆོས་དང་གང་ཟག་གི་བདག་མེད་ལ་ཁྱད་ཆེན་པོ་ཡོད་པར་རློམས་ནས་ཆོས་ བདག་མེད་སྟོང་པ ་ཉིད་ནི་མི་དགོས་པར་གང་ཟག་གི་ བདག་མེད་ཁོ་ནས་གྲོལ་བར་འདོད་པ ་རྣམས་ཀྱི་ཞེ་འདོད་ནི། གང་ཡོད་པར་གྱུར་པའི་དངོས་པོ་ནི་སྟོང་པ་མ་ཡིན་ལ། གང་གཏན་ནས་ཡོད་མ་མྱོང་བ་ བདག་ནི་རི་བོང་གི་རྭ་བཞིན་དུ་དོན་ལ་མེད་པ ་ཞིག་སྟེ་དེ་ཕྱིར་ཆོས་ བདག་མེད་པ ་འདིས་ཅི་བྱ་སྙམ་དུ་གང་ཟག་གི་བདག་བརྟེན་ནས་བཏགས་པའི་དེ་ཁོ་ན་ཉིད་དུ་མ་ཤེས་པར་རྩོད་པའོ། །ལེགས་པར་བརྟགས་ན་ བདག་མེད་གཉིས་ཀའང་བརྟེན་ནས་བཏགས་པའི་སྟོང་པ ་ཉིད་ཙམ་དུ་རོ་གཅིག་ཅིང་ཁྱད་པར་ཅི་ཡང་མེད་པ་ལ་དགོངས་ནས་ཉན་རང་ལ་ཆོས་ བདག་མེད་དམ་སྟོང་ཉིད་རྟོགས་པ ་ཡོད་དེ། དེ་མེད་ན་ཉོན་མོངས་ཀྱང་སྤོང་མི་ནུས་པར་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་པས་སོ། །དེ་ལ་འདིར་ཉན་རང་དགྲ་བཅོམ་པས་གང་ཟག་རང་བཞིན་མེད་པར་སྟོང་པ་ཉིད་དུ་རྟོགས་ པ་དེ་ཆོས་བདག་མེད ་ཀྱི་བྱེ་བྲག་ཀྱང་ཡིན་སྟོང་ཉིད་ཀྱང་ཡིན་པར་གོ་དགོས་ཀྱི། ཕུང་སོགས་ཤེས་བྱ་མཐའ་དག་སྟོང་པར་རྟོགས་པ་ཡིན་
པར་ནི་རྣམ་ པ་ཀུན་ཏུ་མི་རུང་པར་འགྱུར་སྟེ། བདག་མེད ་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཞེས་པའི་ཐད་ཀྱི་འཇུག་ པ་རང་འགྲེལ་དུ། སྒྲིབ་གཉིས་ཀྱི་གཉེན་པོར་བདག་མེད ་གཉིས་བསྟན་པར་བརྗོད་ཅིང་། སྔར་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་བསྒྲུབས་པའི་དོགས་པ་བསུས་ནས་ཉན་རང་ལ་ བདག་མེད་རྫོགས་པར་བསྒོམས་པ ་མེད་ཅེས་དང་། སྟོང་ཉིད་བཅུ་དྲུག་པོ་ཐེག་ཆེན་ཐུན་མོང་མིན་པར་བཤད་པའི་ཕྱིར་རོ། །དེས་ན་ཉན་རང་གིས་ཆོས་བདག་མེད་རྫོགས་པར་མ་རྟོགས་པའི་ཆ་ནས་ཆོས་བདག་མེད་མ་རྟོགས་ཞེས་དམན་ལ་དགག་པའི་སྒྲར་གསུང་སྟེ་ཉན་རང་གི་ཡེ་ཤེས་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་བཞིན་དུ་ཆུང་བར་མདོ་ལས་གསུངས་པའི་ཕྱིར་དང་། ཡང་སྟོང་ཉིད་སྤངས་ནས་ཐར་ལམ་གཞན་དུ་ཡོད་ པ་དགག་ཅིང་ཞི་སྒོ་གཉིས་སུ་མེད་པར་བསྒྲུབ་པའི་སླད་དུ་ཉན་རང་དགྲ་བཅོམ་པས་བདག ་བརྟེན་ནས་འབྱུང་བའི་དེ་ཁོ་ན་ཉིད་དུ་ཤེས་པའི་སྟོང་ཉིད་ཉི་ཚེ་བ་ཡོད་པར་གསུངས་པ་གཉིས་འགལ་མེད་དུ་འཛིན་པ་གལ་ཆེ་སྟེ། གཞན་དུ་རྒྱལ་བའི་ཡུམ་ཉིད་ན་དངོས་པོའི་འདུ་ཤེས་ཅན་ལ་ཐར་བ་མེད་པ་དང་། བྱང་ཆུབ་གསུམ་པོ་སྟོང་པ་ཉིད་ལ་བརྟེན་ནས་ཐོབ་པར་གསུངས་ཤིང་། དེར་ཡང་གཞི་ཤེས་ལ་སོགས་པ་རྣམ་པ་གསུམ་པོ་སོ་སོར་ཕྱེ་ནས་གཞི་ཤེས་པ་འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་བཤད་པ་སོགས་འདི་ཇི་ལྟར་རྟོགས་པར་བྱ། དེས་ན་སྤྱིར་སྟོང་ཉིད་ནི་ཞི་བའི་སྒོ་གཅིག་པུ་ཡིན་པས་བྱང་ཆུབ་གསུམ་པོ་གང་ཡང་རུང་སྟེ་འདི་ལ་བརྟེན་ནས་ཐོབ་དགོས་པས་ཁྱབ་ཀྱང་། ལས་དང་པོ་པ་དག་གིས་སྟོང་ཉིད་ཅེས་པ་ལ་རིལ་པོ་གཅིག་བདེན་དུ་ཞེན་པའི་བློས། རྟོགས་ན་ཐམས་ཅད་ཅིག་ཅར་རྟོགས། མ་རྟོགས་ན་གཅིག་ཀྱང་མི་རྟོགས་སྙམ་པའི་དམ་བཅའ་ལ་བློ་རྩེ་གཅིག་ཏུ་གཏོད་པར་མི་བྱ་སྟེ། དེ་ལྟར་ན་བཀའ་དང་དགོངས་འགྲེལ་ཐམས་ཅད་རྨང་འཁྲུགས་པར་འགྱུར་ཏེ། དངོས་པོ་
གཅིག་སྟོང་པ་ཉིད་དུ་མཐོང་ན་དངོས་པོ་ཐམས་ཅད་སྟོང་པའི་སྟོང་ཉིད་དེར་མཐོང་བས་ཁྱབ་ན། ཐེག་པ་ཆེན་པོ་ན་རིགས་པའི་རྣམ་གྲངས་དུ་མས་སྟོང་ཉིད་བཅུ་དྲུག་སོགས་སུ་སྒྲུབ་པ་དང་། གྲངས་མེད་གསུམ་ལ་སོགས་པའི་དཀའ་སྤྱད་དང་། ས་ནས་སར་འཕར་བ་ན་ཆོས་དབྱིངས་གློ་བུར་བྲལ་དག་གིས་ཁྱད་པར་དུ་བྱས་པའི་མཐོང་བ་ཇེ་བཟང་དུ་འགྱུར་བ་དང་། གྲུབ་མཐའ་འོག་མ་བས་གོང་མ་འཕགས་པའི་ཁྱད་པར་འཐད་པར་མི་འགྱུར་ཏེ། འདི་ལྟར་ཉན་རང་གིས་སྟོང་པར་མཐོང་བ་དེ་ལས་རྟོགས་པ་བོགས་དབྱུང་དུ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ལས་ཆུང་ངུ་དང་། གྲུབ་མཐའ་གོང་མ་བས་འོག་མ་ལམ་མྱུར་ཞིང་ཟབ་པར་འགྱུར་རོ། །གནོད་པ་འདི་མ་ངེས་ཏེ་ཐེག་པ་ཆེ་ཆུང་དག་ཐབས་ལ་ལྟོས་ནས་སྤང་བྱ་སྤོང་བ་ལ་ཁྱད་ཡོད་དོ་སྙམ་ན། རྟོགས་བྱ་མ་རྟོགས་པའི་ཆ་ཡོད་པ་དེ་དང་བྲལ་བའི་རྟོགས་བྱ་རྟོགས་པའི་ཡེ་ཤེས་ཀྱིས་སྤང་བྱ་སྤོང་བ་མིན་ན་སྤང་བྱ་ནམ་ཡང་མི་སྤོང་བར་འགྱུར་ཏེ། རྟོགས་པའི་ཡེ་ཤེས་ཡོད་ཀྱང་དེ་ཉིད་ཀྱིས་སྤང་བྱ་སྤོང་མི་ནུས་པའི་ཕྱིར་དཔེར་ན་ཉི་མ་ཤར་ཡང་མུན་པ་མི་སེལ་བར་ཁས་བླངས་པ་བཞིན་ནོ། །དེས་ན་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པ་ལ་ཐབས་ཁྱད་པར་ཅན་དང་མ་འབྲེལ་བར་བསྐྱེད་མི་ནུས་ལ། དེ་མ་སྐྱེས་ན་སྤང་བྱ་མི་འགག་ཅེས་ཁས་བླང་བར་བྱ་ཡི། རྟོགས་པའི་ཡེ་ཤེས་དང་པོ་ནས་ཡོད་ཀྱང་དེས་སྤང་བྱ་སྤོང་བ་གཞན་ལ་ལྟོས་སོ་ཞེས་ཁས་བླང་བར་མི་བྱ་སྟེ་མཁས་པའི་བཞད་གད་ཀྱི་གནས་སུ་འོས་པའི་ཕྱིར་རོ། །འོ་ན་ཆོས་གཅིག་གི་སྟོང་པ་ཉིད་ཆོས་ཀུན་གྱི་སྟོང་ཉིད་དུ་བཤད་པ་མིན་ནམ། གཅིག་སྟོང་ཉིད་དུ་ཤེས་ན་དེས་འགྲེས་སྦྱར་ཏེ་ཀུན་ལ་མཐོང་ནུས་པར་ཡང་སུས་དགག་ནུས་སྙམ་ན། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པའང་ཁོ་བོ་འདོད། ཆོས་གཅིག་དེ་བཞིན་ཉིད་དུ་ངེས་པའི་རིགས་པ་དེ་གཞན་ཀུན་ལ་བློས་སྦྱར་ནས་གོམས་ན་ཆོས་ཀུན་སྟོང་ཉིད་དུ་མཐོང་
བར་ཁོ་བོ་འདོད་མོད་དེ། འོན་ཀྱང་གདུལ་བྱའི་གང་ཟག་རྣམས་ལས་དང་དབང་པོའི་བྱེ་བྲག་དང་། བཤེས་གཉེན་དང་ལམ་གྱི་འཇུག་སྒོའི་ཁྱད་པར་ལས་ལམ་མངོན་པར་རྟོགས་པའི་རིམ་པ་ཇི་སྙེད་ཅིག་ཡོད་པ་འདི་སུ་ཞིག་གིས་དགག་ནུས་ཏེ་མི་ནུས་སོ། །དེ་ལྟར་ན་གནས་སྐབས་ཁམས་སྣ་ཚོགས་པ་འདུལ་བའི་ལམ་སྣ་ཚོགས་པ་ཡོད་ཀྱང་། ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་པ་ནི་དེ་བཞིན་ཉིད་གཅིག་ལས་མེད་པས་ན། དེ་རྟོགས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ལམ་ཐམས་ཅད་འབབ་ཅིང་གཞོལ་བས་ན་མཐར་ཐུག་ཐེག་པ་གཅིག་ཡིན་ནོ་ཞེས་ཆོས་ཉིད་ཀྱི་རིགས་པས་བསྒྲུབས་པ་འདི་ཀླུ་སྒྲུབ་ཡབ་སྲས་ཀྱི་སེང་གེའི་སྒྲ་སྟེ་ཚུལ་འདིས་ཇི་སྐད་བཤད་པའི་དོན་དེ་དག་གཏན་ལ་དབབ་པར་བྱའོ། །དེས་ན་ཉན་རང་ལ་ཆོས་ བདག་མེད་རྟོགས་པ ་མེད་པ་དང་། རྫོགས་པར་རྟོགས་པ་ཡོད་པ་གཉིས་ཀ་ཤིང་རྟ་ཆེན་པོའི་དགོངས་པ་མིན་པས་ན་ཚུལ་འདི་ལྟར་གཟུང་བར་བྱ་སྟེ་ཀློང་ཆེན་ཆོས་ཀྱི་རྒྱལ་པོའི་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ལེགས་པར་བཤད་པའི་ཆ་ཤས་བློའི་དབུལ་བ་སེལ་བའི་ནོར་བུའོ། །དེས་ན་ཆོས་བདག་མེད་རྟོགས་པའི་ཡེ་ཤེས་ནི་སྤྱི་ཡིན་ལ། གང་ཟག་གི་ བདག་མེད་རྟོགས་པའི་མཁྱེན་པ ་ནི་དེའི་བྱེ་བྲག་སྟེ་ཉི་ཚེ་བའོ། །ཆོས་བདག་འཛིན་ནི་རྨོངས་པ་སྤྱི་དང་། གང་ཟག་གི་བདག་འཛིན་ནི་དེའི་བྱེ་བྲག་སྟེ་ཤིང་དང་པ་ལ་ཤ་བཞིན་ནོ། །གང་ཟག་གི་བདག་ཏུ་འཛིན་པ་ལས་ནི་སེར་སྣ་སོགས་ཉོན་མོངས་པའི་སྒྲིབ་པ་སྐྱེ་ཞིང་། ཆོས་བདག་ལས་འཁོར་གསུམ་དུ་རྟོག་པ་ཤེས་བྱའི་སྒྲིབ་པ་སྐྱེའོ། །དེས་ན་ བདག་མེད་གཉིས་རྟོགས་ཀྱི་བྱང་ཆུབ་སེམས་དཔའི་མཁྱེན་པས་སྒྲིབ་པ ་གཉིས་ཀ་སྤོང་ལ། ཉན་རང་གི་ལམ་གྱིས་ཉོན་མོངས་རྐྱང་པ་སྤོང་། སྤོང་ཚུལ་ཡང་ཐེག་ཆེན་མཐོང་ལམ་དུ་སྒྲིབ་པ་གཉིས་པོ་ཀུན་བཏགས་ཀྱི་ཆ་སྤོང་། དེ་ནས་རིམ་བཞིན་སྒྲིབ་པ་
གཉིས་ཀ་མཉམ་པར་སྤང་ནས་ས་བརྒྱད་པར་ངར་འཛིན་གྱི་རྒྱུ་བ་ལོག་པའི་སྟོབས་ཀྱིས་དག་ས་པ་ལ་ཉོན་མོངས་པ་མེད་ཀྱང་དེ་ཕན་ཆད་ཤེས་སྒྲིབ་འབའ་ཞིག་སྤོང་། ས་བཅུ་པའི་ཐ་མར་གཉིས་སྣང་འཁྲུལ་པའི་བག་ཆགས་ཤིན་ཏུ་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བཅོམ་པའི་དེ་མ་ཐག་ཏུ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་མངོན་པར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པ་ཡིན་ཏེ་ཚུལ་འདིར་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་ཐམས་ཅད་དགོངས་པ་གཅིག་པ་ཡིན་གྱི་བོད་ཀྱི་ཞེ་འདོད་དང་བསྲེ་བར་མི་བྱ་ལ། གནད་འདི་ཤེས་ན་གཞུང་ལུགས་དུ་མའི་འགགས་རང་གྲོལ་ཏེ་དགོངས་པའི་ཆུ་བོ་ཡེ་ཤེས་ཀྱི་ཀློང་དུ་འདྲེས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་བདེན་བཞི་མཐོང་བས་ཉོན་མོངས་སྤངས་པའི་བུད་ཤིང་ཟད་པའི་མེ་བཞིན་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་སྙམ་པ་ལ། སྟོང་ཉིད་མ་རྟོགས་བཞིན་བདེན་པ་མཐོང་བར་མི་སྲིད་པར་བསྒྲུབས་ནས། སྐྱོན་གཞན་ཡང་གང་ཟག་གི་ བདག་མེད་མཐོང་བས་ཉོན་མོངས་ཙམ་སྤངས་ཀྱང་དེ་གྲོལ་བའི་མཐར་ཐུག་པ ་ནི་མ་ཡིན་ཏེ་ཉོན་མོངས་སྤངས་པ་ཁོ་ནས་གྲོལ་ན་ཉོན་མོངས་པ་མཐའ་དག་སྤངས་པའི་དེ་མ་ཐག་ཏུ་གྲོལ་བར་འགྱུར་རིགས་ཏེ་འཆིང་བ་མེད་པར་འདོད་པས་སོ། །འདོད་ཟེར་ན། ཉོན་མོངས་པ་མེད་ཀྱང་འཕགས་པ་དགྲ་བཅོམ་པ་མོད་གལ་བུ་ཆེན་པོ་ལྟ་བུ་ལ་སྔོན་གྱི་ལས་ཀྱི་ནུས་པ་སྨིན་པ་ད་རུང་མཐོང་བ་ཡིན་པས་གནོད་དོ། །སྐྱོན་མེད་དེ་སྔར་གྱི་ལས་ཉོན་གྱིས་འཕངས་པའི་སྐུ་ཚེ་འདི་ལ་ལས་ཀྱི་ནུས་པ་འབྱིན་པར་མཐོང་ཡང་། རེ་ཞིག་ཡང་སྲིད་ཉེ་བར་ལེན་པའི་རྒྱུ་སྲེད་པ་ཡིན་པས་དེ་མེད་ཅིང་དེའི་ཕྱིར་སྲིད་པ་གཞན་དུ་མཚམས་མི་སྦྱོར་ཞེས་ངེས་པ་ཉིད་དུ་སྨྲའོ་ཞེ་ན། ཉན་རང་དགྲ་བཅོམ་པ་འདི་ལས་ཉོན་གྱིས་འཕངས་པས་སྲིད་པ་རྣམས་སུ་མཚམས་མི་སྦྱོར་
དུ་ཆུག་ཀྱང་། འོན་ཀྱང་འདི་ཁྱོད་རང་གི་འདོད་པ་ལྟར་མར་མེ་རྒྱུན་ཆད་པ་བཞིན་དུ་ཞི་བར་འགྱུར་བ་མིན་ཏེ་འདི་ལ་ཡིད་ཀྱི་རང་བཞིན་གྱི་ལུས་འགྲུབ་པའི་རྒྱུ་ཚོགས་པ་ཚང་ཞིང་གེགས་མེད་པ་ཡོད་པའི་ཕྱིར། གང་ཞེ་ན་དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ངར་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཅན་མིན་ཡང་། དཔེར་ན་ཉོན་མོངས་ཅན་མིན་པའི་ཀུན་རྨོངས་ཏེ་ཡུལ་དུས་བསྐལ་པའི་དངོས་པོར་མི་ཤེས་པའི་རྨོངས་པ་ཡོད་པར་འདོད་པ་བཞིན་དུ་སྲེད་པ་ཉོན་མོངས་ཅན་མིན་པའང་ཅི་སྟེ་མེད། དེའི་ཕྱིར་རྒྱུ་ཀུན་རྨོངས་མ་ལོག་པས་དེའི་འབྲས་བུའི་ཆ་ཡང་མི་ལྡོག་སྟེ། འདི་ལྟར་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བ་ཡིན་ན། ཚོར་བ་ནི་དགྲ་བཅོམ་པ་དེ་དག་ལའང་ཡོད་པས་སོ་ཞེས་རྒྱུ་ཚོགས་གྲངས་ཚང་གི་གཏན་ཚིགས་ཀྱིས་བསྒྲུབས་ཏེ། མ་རིག་བག་ཆགས་ཀྱི་ས་དང་། དེའི་དབང་གིས་ཟག་མེད་ཀྱི་ལས་དང་། ཡིད་ཀྱི་ལུས་བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་བ་རྣམས་མ་སྤངས་པས་གྲོལ་བ་གཏན་དུ་བ་མིན་ལ། ཕུང་པོ་ཕྲ་བ་རྒྱུན་ཀྱང་མི་འཆད་པར་གདོད་ཐེག་ཆེན་དུ་འཇུག་དགོས་ཏེ། སྤང་བྱ་ཤིན་ཏུ་ཕྲ་བ་མི་སྤོང་བའང་ཆོས་ བདག་མེད་རྫོགས་པར་རྟོགས་ཤིང་བསྒོམ་པ ་མེད་པ་དེས་ནའོ། །འདི་ལ་ཉོན་མོངས་མངོན་གྱུར་ཙམ་སྤངས་པས་གྲོལ་ན་ཞེས་སྦྱར་དགོས་ཀྱི། དགྲ་བཅོམ་པ་ལ་སྦྱར་བ་མི་འཐད་ཅེས་དཔེ་ལ་ལར་བཤད་ཀྱང་རང་གི་ཞེ་འདོད་དང་མཐུན་པར་ཁྲིད་པ་ཙམ་སྟེ། ཕ་རོལ་པོས་ཀྱང་མངོན་གྱུར་ཙམ་སྤངས་པས་གྲོལ་བར་མི་འདོད་བཞིན་དུ་ཐལ་བ་དེ་འདྲ་འབྲེལ་མེད་དུ་འགྱུར་ཞིང་། དགྲ་བཅོམ་མོད་གལ་ལྟ་བུ་ལ་སྦྱར་ཏེ་རྒྱ་འགྲེལ་ཐམས་ཅད་ཞལ་འཆམས་པར་བཀྲལ་ཞིང་རིགས་པས་ཀྱང་གྲུབ་པའི་གཞུང་གི་གནད་ཆེན་པོ་ཡིན་པས་པྲ་ཡས་པར་མི་བྱའོ། །ཡང་གང་ཟག་རང་རྐྱ་ཐུབ་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་རེ་ཞིག་སྤངས་ཀྱང་། གང་ཟག་ངོ་བོ་ཉིད་ཀྱིས་
གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་ པ་ཅི་སྟེ་མེད་ཅེས་བཤད་སྦྱར་མཛད་ཀྱང་། སྐྱེས་བུ་གཅིག་གི་རྒྱུད་ན་དུས་མཉམ་པའི་བདག ་འཛིན་དུ་མས་དྲངས་པའི་སྲེད་པ་དུ་མ་ཡོད་པ་འགལ་ལ། ཕྱི་མས་དྲངས་པའི་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྲེད་པ་ལ་ཉོན་མོངས་ཅན་མིན་པ་ཅི་སྟེ་ཡོད། གཞན་ངོར་ཐལ་བ་འཕེན་པས་མི་སྐྱོན་སྙམ་ན་ཕ་རོལ་པོས་འཇིག་ལྟས་དྲངས་པའི་སྲེད་པ་ཡོད་པར་མི་འདོད་པས་དེའང་མི་འཐད་དོ། །སྲེད་པ་ལ་གཉིས་སུ་ཕྱེ་བ་གཞན་ངོར་ཡིན་ཅིང་དེའི་སྔ་མ་མེད་ལ་ཕྱི་མ་ཡོད་ཅེས་སྟོན་པས་མི་སྐྱོན་སྙམ་ན། ཁྱད་པར་གང་ཡང་མ་སྦྱར་བར་སྤྱིར་ཉོན་མོངས་ཅན་མིན་ཡང་ཞེས་དང་། ཀུན་རྨོངས་བཞིན་དུ་ཞེས་པའི་ཚིག་གི་ནུས་པས་སྲེད་པ་ཉོན་མོངས་ཅན་མིན་པ་ཞིག་ཡོད་པར་བསྟན་གྱི། ཉོན་མོངས་ཅན་གྱི་སྲེད་པ་ཞིག་ཡོད་པར་ཅི་ལ་སྟོན་ཏེ་ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར། དེའང་དཔེ་དང་དོགས་སེལ་སྔོན་དུ་སོང་ནས་ཅི་སྟེ་མེད་ཅེས་པའི་དམ་བཅའི་ཚིག་ཙམ་ཞིག་བསྟན་གྱི། ཡོད་རྒྱུ་ཅི་ཞིག་ཡིན་དང་ཡོད་པའི་གཏན་ཚིགས་གཉིས་ཀ་ཉམས་པའི་ངག་འབྲེལ་མེད་དེ་འདྲ་སློབ་དཔོན་བདག་ཉིད་ཆེན་པོའི་གསུང་ལ་འབྱུང་བ་གནས་མེད་ཅིང་སྐབས་མེད་དོ། །འོ་ན་སངས་རྒྱས་ལའང་སེང་ལྡེང་གི་ཚལ་པ་ཟུག་པ་སོགས་ལས་ཀྱི་ནུས་པ་མ་མཐོང་ངམ་ཞེ་ན་དེ་ནི་ཚུ་རོལ་མཐོང་བའི་བྱིས་པ་རྣམས་ཀྱི་ངོར་དགོས་པའི་དབང་གིས་ཚུལ་བསྟན་པ་ཙམ་དུ་ཟད་དེ། ཀུན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ་ཅིང་སྤྲུལ་པའི་གཟུགས་བརྙན་སྒྱུ་མ་ལྟ་བུ་ལ་ལས་དངོས་སུ་སྨིན་པ་དང་དུཿཁའི་ཚོར་བ་ག་ལ་ཡོད་དེ། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་སྐུ་ནི་སྡུག་བདེན་གྱི་ལྷག་མར་ཁྱོད་འདོད་ཅིང་སེམས་མ་འགགས་ལ་སྤྲོས་པ་མཐའ་དག་འགོག་པའི་རྒྱུ་མེད་པ་བཤད་མ་ཐག་པ་ཉིད་ཀྱི་ཕྱིར་རོ། །དེ་དག་ན་རེ། ལུས་ཞིག་ཚོར་
བ་བསིལ་བར་གྱུར། །འདུ་ཤེས་ཟད་ཅིང་འདུ་བྱེད་འགགས། །རྣམ་པར་ཤེས་པ་ནུབ་གྱུར་པ། །དེ་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་པ་བཞིན་དུ་གང་དགྲ་བཅོམ་པ་དེ་དག་སྐུ་ཚེའི་འདུ་བྱེད་གཏོང་བའི་ཚེ་ཕུང་པོ་ལྔ་རྒྱུན་ཆད་ཅིང་ཞི་བར་ཅི་སྟེ་མི་འགྱུར་ཏེ། སླར་ཡང་སྐྱེ་བའི་རྒྱུ་མ་ཚང་བས་སྣུམ་ཟད་པའི་མར་མེ་བཞིན་ནོ་སྙམ་ན། དེ་དག་འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་པ་མེད་པས་སྲིད་པར་མི་སྐྱེ་ཡང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་རྫོགས་པར་མ་རྟོགས་པས་དམིགས་པ་དང་བཅས་པའི་སེམས་དེ་ནི་འཁོར་འདས་སྤང་གཉེན་དུ་འཛིན་པ་ལྟ་བུ་སོགས་ཕྱོགས་སམ་སྤྲོས་པ་འགའ་ཞིག་ལ་གནས་པར་འགྱུར་གྱི། དམིགས་པ་མེད་པར་རབ་ཏུ་ཞི་བ་ནི་མ་ཡིན་ནོ། །དེ་ཕྱིར་ཡོད་པ་དང་མེད་པ་སོགས་ཀྱི་སྤྲོས་པ་དང་བཅས་པའི་སེམས་གང་ཞིག །མཐའ་ཐམས་ཅད་སྤངས་པའི་སྟོང་ཉིད་དང་བྲལ་བ་དེ་ནི་རེ་ཞིག་འགོག་བའི་དབྱིངས་སུ་འགགས་པར་གྱུར་པ་དག་སླར་ཡང་སྐྱེ་བར་འགྱུར་ཏེ། ཡིད་ཀྱི་ལུས་འཕེན་པའི་རྒྱུ་ཟག་མེད་ཀྱི་ལས་དང་མ་རིག་བག་ཆགས་ཀྱི་ས་རྒྱུད་ལ་ལྡན་པའི་ཕྱིར་ཏེ། དེའི་གཉེན་པོ་སྤྲོས་པ་མཐའ་དག་འགགས་པའི་སྟོང་ཉིད་མ་ཐོབ་པའི་ཕྱིར། དཔེར་ན་འདུ་ཤེས་མེད་པའི་སྙོམས་འཇུག་གམ་དེའི་འབྲས་བུ་འདུ་ཤེས་མེད་པ་པའི་ལྷར་སྐྱེས་པ་བཞིན་ནོ། །དེས་ན་མྱ་ངན་ལས་འདས་པར་འདོད་པ་རྣམས་ཀྱིས་སྟོང་ཉིད་བསྒོམ་པར་བྱ་སྟེ། དེ་སྤངས་ནས་གནས་སྐབས་དང་མཐར་ཐུག་གི་མྱང་འདས་གང་ཡང་མི་ཐོབ་བོ། །གཞན་ཡང་ངག་གང་ཞིག་ལྷག་པ་སེམས་ཀྱི་བསླབ་པ་སྟོན་པས་མདོ་སྡེ་ལ་འཇུག །ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་འདུལ་བ་ལ་སྣང་། ཤེས་རབ་ཀྱི་བསླབ་པ་སྟོན་པས་མངོན་པ་དང་མི་འགལ་བ་དེ་སངས་རྒྱས་ཀྱི་གསུང་དུ་འདོད་ནའང་དམན་པའི་སྡེ་སྣོད་གསུམ་དང་མི་མཐུན་པ་ཐེག་ཆེན་ནི་བཀའ་མིན་ནོ་
ཞེ་ན། ཐེག་ཆེན་གྱི་མདོ་སྡེ་ཕལ་ཆེ་བའང་ཁྱེད་ཅག་གི་མདོ་སོགས་དང་མཚུངས་པར་འདོད་པ་མིན་ནམ་ཅི། གལ་ཏེ་མཚམས་མེད་པའང་ཁ་ཅིག་ཏུ་མི་མྱོང་བར་བཤད་པ་དང་། ལོངས་སྐུ་རྟག་པར་བཤད་པ། འཁོར་བ་མི་སྤོང་བར་བསྟན་པ། གཟུགས་སོགས་མེད་པར་བསྟན་པ་སོགས་དམན་པའི་སྡེ་སྣོད་དང་མི་མཐུན་པ་མཐོང་བས་སོ་ཞེ་ན། གལ་ཏེ་དམན་པའི་སྡེ་སྣོད་དུ་མ་གཏོགས་པའི་ཐེག་ཆེན་ཐུན་མོང་མིན་པའི་བརྗོད་བྱ་སྟོན་པའི་མདོ་གཅིག་གིས་ནི་ཐེག་ཆེན་ཐམས་ཅད་སངས་རྒྱས་ཀྱི་བཀའ་མིན་པར་འགྱུར་ན། ཐེག་དམན་གྱི་མདོ་དང་བརྗོད་བྱ་མཚུངས་པ་གཅིག་གིས་གཞན་ཀུན་ཀྱང་རྒྱལ་བའི་གསུང་དུ་ཅིས་མི་འགྲུབ། དེས་ན་ཕྱོགས་རེ་བའི་དབང་དུ་བྱས་ཏེ་ཐེག་དམན་གྱི་སྡེ་སྣོད་ཁོ་ན་དང་འདྲ་དགོས་པ་མིན་ཏེ་བརྗོད་བྱ་བསླབ་པ་གསུམ་དང་མི་འགལ་བ་ལ་དགོངས་ནས་དེ་སྐད་དུ་བཤད་ན། དེ་ནི་ཐེག་ཆེན་ལའང་ཐེག་དམན་ལས་གོང་འཕེལ་གྱི་ཚུལ་དུ་ཡོད་དེ། མདོ་སྡེ་རྒྱན་ལས། རང་གི་ཉིད་ལ་འཇུག་པ་དང་། །རང་གི་འདུལ་ལའང་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་པ་བཞིན་ནོ། །ཡུམ་རྒྱས་པ་སོགས་བཀའ་ཡིན་ན་འོད་སྲུངས་ཆེན་པོ་ལ་སོགས་པས་དེའི་བརྗོད་བྱ་རྟོགས་རིགས་ཤིང་། དེ་ལས་བླ་མ་བརྒྱུད་པ་བར་མ་ཆད་པ་ལས་གཟུང་བར་རིགས་ནའང་དེ་མིན་པའི་ཕྱིར་བཀའ་མིན་ཞེ་ན། ཐེག་ཆེན་གྱི་ངག་གང་ཞིག་འོད་སྲུངས་ཆེན་པོ་ལ་སོགས་པས་ཀྱང་གཏིང་དཔོག་པར་མ་གྱུར་པའི་ཟབ་པ་དེ་ནི་ཁྱོད་ཀྱིས་མ་རྟོགས་པས་འདི་སངས་རྒྱས་ཀྱི་བཀའ་མིན་ཞེས་སྤོང་བའི་རྒྱུ་མཚན་དེས་འདི་གཟུང་བྱ་མིན་པར་སུ་ཞིག་གིས་བྱེད་དེ། ཐེག་ཆེན་ཉིད་ཟབ་པས་རྟོགས་དཀའ་བའི་ཡོན་ཏན་དུ་ཤེས་སོ། །མདོ་སྡེ་རྒྱན་ལས་ཀྱང་། བདག་གིས་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། །ཅི་ཕྱིར་ཟབ་མོའི་དོན་
རིག་པ་དག་ཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། །དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་པ་བཞིན་ནོ། །ཤོ་ལོ་ཀ་འདི་གསུམ་སྐབས་འཆོལ་བས་གཞུང་གི་ཚིག་མིན་ཏེ་གཞན་གྱིས་བསྣན་པའོ་ཞེས་འགྲེལ་བར་བཤད་མོད། གང་ལྟར་ཡང་རུང་ཚིག་གི་དོན་ནི་དེ་ལྟར་རོ། །ཡང་དེ་དག་ན་རེ། གལ་ཏེ་སྟོང་པ་ཉིད་མཐོང་ན་འཁོར་བར་གནས་པར་མི་འགྱུར་ཞིང་ལམ་དང་འབྲས་བུ་ལ་མི་བརྩོན་པར་འགྱུར་རོ་ཞེ་ན། དོན་དམ་པར་སྡུག་བསྔལ་བ་མི་སྲིད་ཀྱང་། རང་སེམས་རྨོངས་པའི་དབང་གིས་སྡུག་བསྔལ་བ་ཅན་གཞན་གྱི་དོན་དུ་སྒྱུ་མ་ལྟ་བུར་མཐོང་བའི་བློས་སྲིད་པ་ལ་ཆགས་པ་དང་དེ་ལ་སྐྲག་ཅིང་འཇིགས་པའི་མཐའ་གཉིས་ཀ་ལས་གྲོལ་ཏེ། སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་གྱིས་མ་གོས་པ་འདམ་གྱི་པདྨ་བཞིན་དུ་འཁོར་བར་གནས་པ་གྲུབ་པ་འདི་ནི་སྟོང་ཉིད་རྟོགས་པའི་འབྲས་བུ་སྟེ། གཞན་དུ་སྲིད་ཞི་མཉམ་ཉིད་དུ་མ་རྟོགས་ན་སྲིད་ལ་སྐྱོན་དང་ཞི་ལ་ཡོན་ཏན་གྱི་བློས་ཞི་བ་ཕྱོགས་གཅིག་པར་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་སྟོང་པ་ཉིད་རྣམ་པར་བཞག་པའི་ཕྱོགས་ལ་སུན་འབྱིན་པ་ནི་འཐད་པ་མ་ཡིན་ཏེ་ཐེག་གསུམ་གྱི་བྱང་ཆུབ་འདི་ལ་རག་ལས་པའི་ཕྱིར། དེས་ན་ཐེ་ཚོམ་མི་ཟ་བར་སྟོང་པ་ཉིད་ནི་བསྒོམ་པར་བྱའོ། །སྒྲིབ་གཉིས་ཀྱི་གཉེན་པོ་ནི་སྟོང་ཉིད་ལས་གཞན་དུ་མེད་ན་སྒྲིབ་གཉིས་བྲལ་བའི་རྣམ་མཁྱེན་ཐོབ་པར་འདོད་པ་དེས་ཇི་ལྟར་ན་སྟོང་ཉིད་སྒོམ་པར་མི་བྱེད། དངོས་པོ་གང་ཞིག་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལ་སྐྲག་རིགས་ནའང་། སྟོང་པ་ཉིད་སྡུག་བསྔལ་ཐམས་ཅད་རྩད་ནས་འབྱིན་པ་དེ་ལ་ཇི་ལྟར་འཇིགས་ཏེ་འཇིགས་པའི་གནས་མིན་པས་སོ། །གལ་ཏེ་
འཇིགས་པ་པོ་བདག་འགའ་ཞིག་གྲུབ་པར་གྱུར་ན་ཡུལ་ཅིའང་རུང་ལ་འཇིགས་པ་སྐྱེ་བར་འགྱུར་ནའང་། བདག་འགའ་ཡང་ཡོད་པ་མིན་ན། སུ་ཞིག་འཇིགས་པར་འགྱུར་ཏེ་འཇིགས་མི་རིགས་སོ། །དེས་ན་སྟོང་ཉིད་ལ་ཞུམ་པ་སྤངས་ཏེ་མྱུར་དུ་བསྒོམ་པར་གྱིས་ཤིག་ཅེས་མཚམས་སྦྱར་ནས། གཉིས་ པ་ལམ་བདག་མེད ་དུ་རིགས་པས་གཏན་ལ་དབབ་ པ་ལ། དངོས་དང་། སྟོང་ཉིད་རྟོགས་པའི་བྱེད་ལས་གཉིས། དང་པོ་ལ། གང་ཟག་གི་བདག་མེད ་དང་། ཆོས་ཀྱི་ བདག་མེད་གཉིས། དང་པོ་ལ། ལྷན་སྐྱེས་ཀྱི་བདག་དགག །ཀུན་བཏགས་ཀྱི་བདག་དགག །དེ་ལྟར་བཀག་པ ་ལ་རྩོད་པ་སྤོང་བའོ། །དང་པོ། བདག་རྒྱུད་ཀྱི་ཕུང་པོ་ལྔ་པོ་འདི་ལ་བརྟེན་ནས་ངའོ་སྙམ་པ་མ་བརྟགས་མ་དཔྱད་པར་འཛིན་པའི་འཇིགས་ལྟ་འདིའི་ཡུལ་དུ་གྱུར་པའི་བདག་དེ་ནི་ཡོད་ན་ཕུང་པོ་ལྔ་པོ་འདི་ལ་ཡོད་དགོས་ཀྱི། འདི་ལས་གཞན་ཞིག་ཏུ་བདག་ཡོད་པར་མི་འདོད་པས་འདིར་བདག་དེ་ཇི་ལྟར་གྲུབ་ཚུལ་ཤེས་རབ་ཀྱིས་དཔྱད་པར་བྱས་ན། སོ་སུམ་ཅུ་རྩ་གཉིས་དང་། སྐྲ་ཉི་ཁྲི་ཆིག་སྟོང་དང་། སེན་མོ་ཉི་ཤུ་དང་། རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་རྣམས་དང་། ལུས་ཀྱི་ཁྲག་དང་སྣབས་དང་། བད་ཀན་ཏེ་ཕོ་བ་སོགས་བེ་སྣབས་ཀྱི་རྣམ་པར་ཡོད་པའི་གཤེར་བའི་ཁམས་དང་། ཆུ་སེར་དང་ཁྲག་རུལ་བའི་རྣམ་པའི་རྣག་དང་། ལུས་ཀྱི་ཕྱི་ནང་དུ་སྣུམ་བག་གི་རྣམ་པའི་ཞག་དང་། ལུས་ཀྱི་རྔུལ་དང་། གློ་མཆིན་དང་། སྙིང་ལ་སོགས་པའི་ནང་ཁྲོལ་གཞན་དང་། ཕྱི་ས་སྟེ་དྲི་ཆེན་དང་། གཅིན་དང་ཤ་དང་པགས་པ་དང་། ལུས་ཀྱི་དྲོད་དང་། དབུགས་འབྱིན་རྔུབ་སོགས་ལུས་ཕྱི་ནང་གི་རླུང་གི་ཁམས་དང་། རྣ་བ་སོགས་བུ་ག་རྣམས་ནི་བདག་མ་ཡིན་ཏེ། དེ་དག་རྣམས་ནི་ཆ་དུ་མ་སིལ་བུ་པ་རྡུལ་ཕྲན་མང་པོ་ལས་བྱུང་བ་མི་རྟག་པ་ཡིན་པས་དེའི་ཚོགས་པའམ་ཡ་གྱལ་བདག་
མིན་ཏེ། མདོ་རྒྱན་ལས། ངན་པར་གནས་མིན་མཚན་ཉིད་མི་མཐུན་ཕྱིར། །ཞེས་པ་བཞིན་ནོ། །དེ་བཞིན་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་དྲུག་ཀྱང་བདག་མིན་ཏེ་དུ་མ་དང་མི་རྟག་པའི་ཕྱིར་རོ། །དེས་ན་སོ་ནས་པགས་པའི་བར་གྱི་ས་ཆུའི་ཁམས་དང་། མེ་ཁམས་དྲོད་དང་རླུང་གི་ཁམས་དང་། བུ་ག་ནམ་མཁའི་ཁམས་དང་། རྣམ་ཤེས་ཀྱི་ཁམས་ཏེ་ཁམས་དྲུག་པོ་འདུས་པ་ལ་གང་ཟག་ཅེས་བཏགས་ཤིང་ཞེན་པར་གྱུར་གྱི། ང་ཞེས་རྫས་སུ་ཡོད་པ་མིན་ནོ། །འདི་ལ་དཔེར་ན་མུན་པ་ཚབ་ཚུབ་ཀྱི་སྐབས་སུ་མིག་མི་གསལ་བས་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་ན་སྦྲུལ་འཛིན་གྱི་བློ་སྐྱེ་སྟེ་ཇི་སྲིད་རྐྱེན་ལ་མ་ལྟོས་བར་མི་ལྡོག་གོ །དེ་བཞིན་དུ་ཐག་པ་ལྟ་བུ་ནི་ཕུང་པོ། མུན་པ་ཚབ་ཚུབ་དང་མིག་མི་གསལ་བ་ལྟ་བུ་འཁྲུལ་རྐྱེན་རྨོངས་པ། སྦྲུལ་འཛིན་ལྟ་བུ་ནི་ངར་འཛིན་ཏེ། དེ་ལ་མུན་པ་དེར་ལག་པས་ཉུག་ཅིང་སྦྲུལ་བཙལ་ཡང་སྦྲུལ་དང་ལག་པ་མ་ཕྲད་ཀྱང་ད་རུང་སྦྲུལ་འཛིན་མི་ལྡོག་པར་ཡིད་སྐྲག་ཏིང་ངེ་འདུག་པ་བཞིན་དུ། མགོ་བོ་བདག་ཡིན་ནམ། ལག་པ་བདག་ཡིན་ནམ་ཞེས་མིན་པར་ཤེས་ནས་ལུས་ཀུན་ཏུ་དཔྱད་དེ་བདག་མ་རྙེད་ཀྱང་ བདག་མེད་ལ་ངེས་པ ་མི་སྐྱེ་བ་ནི་དཔྱད་པ་གནད་དུ་མ་སོང་བའོ། །དེ་ལ་མུན་ཁང་དེར་མར་མེ་གསལ་བ་བཏེགས་ཏེ་ཀུན་ཏུ་སྣང་བར་བྱས་ནས་གང་སྦྲུལ་དུ་མཐོང་བ་དེ་ཉིད་ཐག་པར་ངེས་ན་འདི་ན་སྦྲུལ་མེད་ཀྱང་ཐག་པ་ལ་སྦྲུལ་དུ་འཁྲུལ་ལོ་ཞེས་ཡུལ་སྦྲུལ་མེད་པར་མཐོང་ནས་སྦྲུལ་འཛིན་གྱི་བློ་རང་ཞི་བ་བཞིན་དུ། ཕུང་ལྔ་འདི་ལ་ བདག་ཏུ་བཟུང་བའི་བདག་ནི་བཏགས་པ་ཙམ་ལས་མེད ་དོ་ཞེས་ཐེ་ཚོམ་གྱི་དཔྱང་ཐག་ཆད་པ་ཞིག་བྱུང་ན། དེ་གའི་རྒྱུན་གོམས་པས་ བདག་མེད་པ ་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཉིས་པ་ལ། བདག་ཤེས་
པར་འདོད་པ་དགག །བདག་བེམ་པོར་འདོད་པ་དགག་པའོ། །དང་པོ། གྲངས་ཅན་པ་ན་རེ། ཤེས་བྱ་ཐམས་ཅད་དེ་ཉིད་ཉི་ཤུ་རྩ་ལྔར་གནས་ཏེ། དེ་ལ་བདག་ནི་ཤེས་རིག་གི་སྐྱེས་བུ་རྣམ་འགྱུར་ཀུན་ཟ་བ་པོའམ་ལོངས་སྤྱོད་པ་པོ་ཡིན་ལ་བྱེད་པོ་མིན་པ། རྟག་པའི་དངོས་པོ། ཡོན་ཏན་གསུམ་དང་བྲལ་བ། བྱ་བ་མེད་པ་ཞིག་ཏུ་འདོད། དེའི་སྤྱོད་ཡུལ་ཐམས་ཅད་ནི་གཙོ་བོ་ལས་བྱུང་སྟེ། རྡུལ་སྡུག་བསྔལ་དང་། སྙིང་སྟོབས་བདེ་བ། མུན་པ་བཏང་སྙོམས་ཀྱི་ཡོན་ཏན་རྣམ་པ་གསུམ་ཆ་མཉམ་པ་ན་གཙོ་བོ་ཞེས་བརྗོད་དེ། རྣམ་འགྱུར་ཉེར་གསུམ་འབྱུང་བའི་རྒྱུ་སྟེ་བུམ་པའི་རྒྱུ་འཇིམ་པ་ལྟ་བུའོ། །དེ་ལས་བློའམ་ཆེན་པོ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུ་དེར་ཕྱི་ནས་དེ་ཙམ་ལྔ་དང་། ནང་ནས་སྐྱེས་བུ་གཉིས་ཀ་སྣང་སྟེ། དེ་གཉིས་འདྲེས་པ་ལྟ་བུར་མཚམས་སྦྱོར་བར་བྱེད་དོ། །ཡུལ་ལ་ལོངས་སྤྱོད་པ་དེའི་དབང་ལས་ང་རྒྱལ་འབྱུང་སྟེ། དེའང་རྣམ་པར་འགྱུར་བ་ཅན། སྙིང་སྟོབས་ཅན། མུན་པ་ཅན་གྱི་ང་རྒྱལ་གསུམ་སྟེ་ཡོན་ཏན་གྱི་དབང་གིས་སོ། །དེ་དག་གི་ནང་ནས་དང་པོ་ལས་སྒྲ་རེག་གཟུགས་རོ་དྲི་སྟེ་དེ་ཙམ་ལྔ་འབྱུང་སྟེ། ཡོན་ཏན་དེ་དག་གི་དབང་གིས་ནམ་མཁའ་རླུང་མེ་ཆུ་ས་སྟེ་འབྱུང་བ་ལྔ་འབྱུང་ངོ་། །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་མིག་སོགས་ལུས་ཀྱི་དབང་པོ་ལྔ་དང་། ངག་ལག་པ། རྐང་པ། རྐུབ། མདོམས་ཏེ་ལས་ཀྱི་དབང་པོ་ལྔ་དང་། ཐུན་མོང་དུ་ཡིད་ཀྱི་དབང་པོ་དང་བཅུ་གཅིག་འབྱུང་ངོ་། །མུན་པ་ཅན་གྱི་ང་རྒྱལ་གྱིས་དེ་གཉིས་ཀྱི་གྲོགས་བྱེད་དོ། །དེས་ན་གཙོ་བོ་ནི་རང་བཞིན་ཁོ་ན་ཡིན་པའི་མུ་དང་། ཆེན་པོ། ང་རྒྱལ། དེ་ཙམ་ལྔ་སྟེ་བདུན་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན་པའི་མུ་དང་། ལྷག་མ་བཅུ་དྲུག་པོ་ནི་རྣམ་འགྱུར་ཁོ་ན་ཡིན་པའི་མུ་དང་། སྐྱེས་བུ་ནི་རང་བཞིན་དང་རྣམ་
འགྱུར་གཉིས་ཀ་མིན་པ་སྟེ་མུ་བཞིའོ། །སྐྱེས་བུ་ནི་ཤེས་པ་ཡིན་ལ། གཞན་བེམ་པོ་དང་། གཙོ་བོ་དང་སྐྱེས་བུ་ནི་རྟག་པའོ། །དེ་ལ་དེ་ལྟར་བདེ་སོགས་ནི་ཕྱི་རོལ་གྱི་བེམ་པོའི་རང་བཞིན་ཡིན་གྱི། ནང་ཤེས་པའི་རྫས་སུ་ མེད་ཀྱང་། བློའམ་ཆེན་པོ་ལ་སྣང་ནས་ཡོད་པ་བདག ་གིས་ལོངས་སྤྱད་པའི་ཚེ་བདག་ཤེས་པ་དང་ཐ་དད་དུ་དབྱེ་མ་ནུས་པས་བདག་གི་བར་རློམ་པ་ཙམ་དུ་འདོད་དོ། །དེ་ལྟར་འདི་པས་བདག་ཤེས་པར་འདོད་ལ། བྱེ་བྲག་པ་སོགས་ཀྱིས་བེམ་པོར་འདོད་པས་དེ་གཉིས་བཀག་པས་གཞན་ཀུན་ཀྱང་ཁེགས་པར་འགྱུར་བས་དེ་འགོག་པ་ལ། དང་པོ་གྲངས་ཅན་པའི་འདོད་པ་ལྟར་ བདག་ཤེས་པའི་རང་བཞིན་རྟག་པ་ནི་མེད ་དེ། གལ་ཏེ་སྒྲ་འཛིན་པ་ཡི་ཤེས་པ་དེ་རྟག་པ་ཞིག་ན། དུས་ཐམས་ཅད་ཀྱི་ཚེ་ན་སྒྲ་འཛིན་པར་འགྱུར་ཏེ། ཇི་ལྟར་སྒྲ་འཛིན་བཞིན་པའི་སྐབས་དེ་ཉིད་ཀྱི་ཤེས་པ་དེ། དེ་བཞིན་དུ་རྟག་པར་འདོད་པའི་ཕྱིར། ཁོ་ན་རེ། དུས་ཐམས་ཅད་དུ་སྒྲ་མི་འཛིན་པ་ནི་ཤེས་པ་མི་རྟག་པས་མ་ཡིན་ཀྱང་། ཡུལ་སྒྲ་ད་ལྟ་ཡུལ་དུ་མེད་པས་ཡིན་ནོ་སྙམ་ན། ཡུལ་ཤེས་བྱ་སྒྲ་ལྟ་བུ་དེ་མེད་ན་ཡུལ་ཅན་དེས་ཅི་ཞིག་རིག་པའམ་ཤེས་ནས། རྒྱུ་མཚན་གང་གིས་ན་ཡུལ་དེ་དང་དེ་ཤེས་པ་ཞེས་རྗོད་པར་བྱེད། གལ་ཏེ་ཡུལ་དེ་བཟུང་བའམ་ཤེས་པ་མེད་ཀྱང་དེ་ཤེས་པའོ་ཞེས་སེམས་ཤིང་རྣམ་པར་འཇོག་ན། ཤིང་ཡང་སྒྲ་སོགས་ཤེས་པའི་ཤེས་པར་ཐལ་ཏེ། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་ཡུལ་ཤེས་བྱ་ཉིད་ཡུལ་དུ་གནས་པ་མེད་པར་དེའི་ཡུལ་ཅན་གྱི་ཤེས་པ་མེད་ཅེས་སུ་ངེས་ཏེ། ཤེས་པ་ནི་ཡུལ་གང་དང་གང་ཤེས་པ་དེ་ལ་ལྟོས་པ་ཅན་ཡིན་གྱི། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པ་ནི་མི་སྲིད་དོ། །དེའི་ཕྱིར་ཡུལ་སྒྲ་མེད་པ་བཞིན་དུ་སྒྲ་དེ་ལས་སྐྱེས་པའི་ཡུལ་ཅན་སྒྲའི་ཤེས་པའང་རྒྱུ་ལོག་པས་ན་ད་ལྟ་ག་ལ་ཡོད་དེ་མེད་དོ། །དེ་བཞིན་དུ་སྒྲའི་སྐད་ཅིག་གི་ཡུལ་
ཅན་ཀྱང་སོ་སོ་ཡིན་པས་ཤེས་པ་སྐད་ཅིག་གཉིས་པར་སྡོད་པ་ནི་མི་སྲིད་དོ། །ཁོ་ན་རེ། སྐྱོན་དེ་ནི་མེད་དེ། སྔར་སྒྲ་ཤེས་པ་དེ་ཉིད་ཀྱིས་ནི་ཕྱིས་གཟུགས་སོགས་གཞན་ཞིག་ཤེས་པས་ན། ཤེས་པ་རྟག་པ་ཡིན་ཀྱང་ཤེས་བྱ་སོ་སོ་ལ་དམིགས་པའི་ཁྱད་པར་ཙམ་མོ་སྙམ་ན། སྔར་གྱི་སྒྲ་ཤེས་ཉིད་རྟག་པས་ན་གཟུགས་སོགས་མཐོང་བ་དེའི་ཚེ་སྒྲ་ཐོས་པའང་ཅི་སྟེ་མིན་ཏེ་སྔར་གྱི་རང་གི་ངོ་བོ་མ་དོར་བའི་ཕྱིར་རོ། །དེ་ཚེ་མི་ཐོས་པ་ནི་ཡུལ་སྒྲ་མི་ཉེ་བའི་ཕྱིར་སྙམ་ན། ཡུལ་མེད་པ་དེས་ན་ཡུལ་དེའི་ཤེས་པའང་ མེད་དེ་རིགས་པ་སྔར་བཞིན། གཞན་ཡང་ཁྱོད་བདག ་ཤེས་རིག་གི་སྐྱེས་བུ་ཐམས་ཅད་ལ་ཁྱབ་པར་འདོད་ན། རྣམ་འགྱུར་མཐའ་དག་ལ་ཉེ་བ་དང་མི་ཉེ་བའང་ག་ལ་འཐད་དོ། །གཞན་ཡང་སྒྲ་འཛིན་གྱི་རང་བཞིན་གང་ཡིན་པ་དེ་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ་དེ་གཉིས་ངོ་བོ་ཐ་དད་པས་སོ། །ཡང་འདི་ལྟར་ཡུལ་སྒྲ་དང་གཟུགས་ལྟ་བུ་ནི་ཐ་དད་པ་ཡིན་ན་དེའི་ཡུལ་ཅན་ཀྱང་སྔ་མའི་རང་བཞིན་མ་དོར་བཞིན་དུ་ཕྱི་མར་འགྱུར་བའི་སྐབས་ག་ལ་ཡོད་དེ། ཤེལ་ཚོན་དཀར་པོས་བསྒྱུར་བ་མ་བཏང་བཞིན་ནག་པོར་འགྱུར་མི་ཤེས་པ་བཞིན་ནོ། །རྣམ་འགྲེལ་ལས་ཀྱང་། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང་། །ཞེས་པ་བཞིན་ནོ། །འདིས་ཤེས་པ་རྟག་པ་དང་གཅིག་བདེན་འགོག་པ་སྟེ། གཞན་དུ་ཤེས་པའི་རྒྱུད་གཅིག་ལ་སྒྲ་ཤེས་ན་གཟུགས་མི་ཤེས་ཞེས་བསམ་པར་མི་བྱ་སྟེ། རྟོག་མེད་ཀྱི་ཤེས་པ་རིགས་མི་མཐུན་དུ་མ་དུས་གཅིག་ཏུ་འབྱུང་རུང་བའི་ཕྱིར། དེ་ལྟར་ནའང་རིགས་མི་མཐུན་པའི་ཤེས་པ་དག་ནང་ཕན་ཚུན་གཅིག་མིན་ལ། ཡིན་ན་ཁ་དོག་ལྔ་ལྡན་གྱི་ཁྲ་འཛིན་དང་སྔོ་འཛིན་ཁྱད་མེད་པར་ཐལ་ལོ། །དེ་དག་ན་རེ། སྐྱེས་བུ་གཅིག་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་བཞིན་དུ་ཡུལ་སྒྲ་དང་གཟུགས་ལྟ་བུ་
ནི་མི་འགལ་ཏེ། རྣམ་འགྱུར་གྱི་ངོས་ནས་གཟུགས་གང་ཡིན་པ་དེ་རང་བཞིན་གྱི་ངོས་ནས་སྒྲ་ཡང་ཡིན་ཏེ། དེ་གཉིས་ཀ་རང་བཞིན་གཅིག་པའི་ཕྱིར། དེས་ན་གཟུགས་འཛིན་གྱི་ཚེ་ན་སྒྲའི་རྣམ་འགྱུར་འཛིན་པའི་ཤེས་པ་མེད་ཀྱང་། སྒྲའི་རང་བཞིན་འཛིན་པའི་ཤེས་པ་ཡོད་པས་ན་སྒྲ་ཤེས་མི་རྟག་པར་ཐལ་བའི་སྐྱོན་མེད་ཟེར་ན། དེའི་དཔེ་མ་གྲུབ་སྟེ་སྐྱེས་བུ་གཅིག་ཕ་དང་བུར་བཞག་པ་ནི་ལྟོས་ས་ཐ་དད་ལ་ལྟོས་ནས་བཏགས་པ་ཙམ་སྟེ་དོན་དམ་པར་རང་གི་ངོ་བོས་ཕ་བུ་གཉིས་ཀར་ཡང་དག་པར་གྲུབ་པ་མེད་ཅིང་། རང་གི་ངོ་བོས་ཕར་བདེན་པར་གྲུབ་ན་དེའི་བུའི་གནས་སྐབས་སུ་འགྱུར་བ་མི་སྲིད་དེ་ཕ་ནི་བུའི་སྔོན་དུ་ཡོད་པས་ཁྱབ་པའི་ཕྱིར། ཡང་བུའི་རང་བཞིན་དུ་བདེན་པར་གྲུབ་ན་ཕར་འགྱུར་མི་སྲིད་དེ་བུ་ཕའི་སྔོན་དུ་མི་སྲིད་པའི་ཕྱིར། དེས་ན་དེ་བཏགས་པ་ཙམ་མོ། །བཏགས་པ་ཙམ་ནི་ངེད་ཀྱིས་ཀྱང་འགོག་པར་མི་འདོད་མོད་དེས་ཁྱོད་ཀྱི་ཞེ་འདོད་འགྲུབ་པར་མི་འགྱུར་རོ། །གལ་ཏེ་དོན་དམ་པར་ན་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་ཞིག་ཡོད་ན་ཡོན་ཏན་གསུམ་གྱི་སྟེང་ན་ཡོད་དགོས་ཏེ། འདི་ལྟར་ཁྱོད་ཀྱིས་དོན་དམ་པ་ནི་ཡོན་ཏན་གསུམ་ལས་གཞན་དུ་ཁས་མ་བླངས་པས། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་འདོད་པའི་ཕྱིར། དེ་ལྟ་ནའང་སྙིང་སྟོབས་རྡུལ་དང་མུན་པའི་ངོ་བོ་ནི་བུ་མིན་ལ་ཕ་ཡང་མིན་ཏེ། རྣམ་འགྱུར་ཐམས་ཅད་ནི་དེའི་རང་བཞིན་ཡིན་ན་དེ་དོན་དམ་པར་སུ་ལ་ལྟོས་ནས་བུར་འཇོག་ཅིང་སུ་ལ་ལྟོས་ནས་ཕར་བཞག་སྟེ་གང་དུའང་བཞག་མི་རུང་ངོ་། །དེས་ན་ཁྱོད་དོན་དམ་པ་ཡོན་ཏན་གསུམ་གྱི་རང་བཞིན་ལ་བསམས་ཏེ་གཟུགས་འཛིན་གྱི་ཚེ་ནའང་སྒྲ་འཛིན་ཡོད་དོ་བསམས་ན། རྣམ་འགྱུར་ཐམས་ཅད་ཀྱི་ཆ་ཐམས་ཅད་འཛིན་པའམ། ཡང་ན་སྒྲའི་དུས་ནའང་སྒྲ་འཛིན་པར་མི་འགྱུར་ཏེ། རྣམ་འགྱུར་ཐམས་ཅད་ལ་རང་བཞིན་གཅིག་ཡིན་
པས་ཁ་ཅིག་གི་ཚེ་ན་འཛིན་པ་དང་ཁ་ཅིག་ཚེ་ན་མི་འཛིན་པ་མི་སྲིད་དོ། །དོན་ཀྱང་མ་གྲུབ་སྟེ་གཟུགས་འཛིན་པ་དེ་སྒྲ་ཤེས་ཀྱི་རང་བཞིན་དུའང་ཡོད་ན་སྣང་དུ་རུང་བས་དམིགས་དགོས་ན། གཟུགས་འཛིན་དེ་ནི་སྒྲ་འཛིན་དང་ལྡན་པའི་རང་བཞིན་ཅན་དུ་ནམ་ཡང་མཐོང་བ་མ་ཡིན་ལ། དེ་བཞིན་དུ་ཡུལ་གཟུགས་ལ་སྒྲའི་ཤེས་ཡོད་པར་ཡང་མི་མཐོང་ངོ་། །ཡང་ཁོ་ན་རེ། གཟུགས་འཛིན་དེ་སྒྲ་འཛིན་གྱི་རང་བཞིན་དུ་མ་མཐོང་ཡང་ཤེས་པའི་ངོ་བོ་ནི་གཅིག་ཡིན་ཏེ། དཔེར་ན་གར་མཁན་གཅིག་ཉིད་སྔ་དྲོ་ལྷའི་ཆ་བྱད་བྱས་པ་དང་། ཕྱི་དྲོ་གནོད་སྦྱིན་གྱི་ཆ་ལུགས་བྱས་པ་བཞིན་དུ་སྔར་གྱི་སྒྲ་ཤེས་དེ་ཉིད་ཚུལ་གཞན་གཟུགས་ཤེས་ཀྱི་རྣམ་པར་སྣང་བའི་སྒོ་ནས་མཐོང་བ་ཡིན་ནོ་ཞེ་ན། སྔར་གྱི་ཤེས་པ་དེ་རྟག་པ་མིན་པར་ཐལ་ཏེ། སྔར་གྱི་ཚུལ་ཉིད་བཏང་ནས་གནས་སྐབས་གཞན་ཐོབ་པའི་ཕྱིར། གལ་ཏེ་ཚུལ་སྔ་མ་ལས་གཞན་པའི་ཚུལ་ཐོབ་ནས་དེ་གཉིས་སོ་སོར་སྣང་བར་གྱུར་ཀྱང་ད་རུང་སྔར་གྱི་དེ་ཉིད་ཡིན་གྱི་གཞན་མིན་ན། དེ་འདྲའི་གཅིག་ཉིད་དེ་ནི་འཇིག་རྟེན་འདིར་ཤེས་བརྗོད་ཀྱི་ཡུལ་དུ་སྔོན་མེད་པའམ་མ་བྱུང་བའི་གཅིག་ཅིག་གོ་ཞེས་བསྙིང་ཚིག་མཛད་པ་སྟེ། ཇི་ལྟར་ན་གཅིག་ཅེས་པ་ཆོས་གང་གི་ངོ་བོར་སོ་སོར་དབྱེར་མེད་པ་ཞིག་དང་སོ་སོར་དབྱེ་བ་ལ་ཐ་དད་དུ་བཞག་མོད་ཀྱི། འདི་ནི་སོ་སོར་དབྱེ་བ་དངོས་སུ་མཐོང་བཞིན་གཅིག་ཏུ་ཁས་ལེན་པའི་འགལ་བ་མངོན་སུམ་པའོ་ཞེས་སོ། །གལ་ཏེ་སོ་སོར་མཐོང་ཡང་གཅིག་ཡིན་ན་ཐམས་ཅད་རིལ་པོ་གཅིག་ཏུ་ཐལ་ལོ། །དེས་ན་གར་མཁན་ཀྱང་རྣམ་པ་གཞན་དང་གཞན་ཐོབ་པའི་སྐབས་སོ་སོ་ཐ་དད་པའི་སྐད་ཅིག་གཞན་ཡིན་གྱི། དོན་དམ་པར་གཅིག་པུ་ནི་མ་ཡིན་ཏེ། ཡིན་ན་དེར་ཡང་དཔྱད་པ་མཚུངས་པས་སོ། །གལ་ཏེ་རྣམ་འགྱུར་སྒྲ་ལ་སོགས་པས་ཁྱད་པར་དུ་བྱས་པའི་
ཤེས་པའི་ཚུལ་གཞན་དང་གཞན་དུ་སྣང་བ་དེ་ནི་གནས་སྐབས་ལ་ལྟོས་པའི་ལྟར་སྣང་ཙམ་ཡིན་གྱི་བདེན་པ་མིན་ཏེ། ཤེལ་སྒོང་དཀར་པོ་ཚོན་གྱིས་བསྒྱུར་བ་ཤེལ་གྱི་གཤིས་ལ་མི་བདེན་པ་བཞིན་ནོ་ཞེ་ན། ཚུལ་གཞན་སྒྲ་ཤེས་ལ་སོགས་པ་ཡུལ་གྱིས་ཁྱད་པར་དུ་བྱས་པའི་ཆ་མི་བདེན་དུ་ཆུག་ཀྱང་། རང་གི་ངོ་བོ་བདེན་པ་དེ་ཡི་རང་བཞིན་ཇི་འདྲ་ཞིག་ཡིན་སྨྲོས་ཤིག་ཅེས་སོ། །དེ་ལ་ལན་དུ། ཡུལ་གྱིས་ཁྱད་པར་དུ་མ་བྱས་པའི་ཤེས་པ་ཙམ་ཞིག་ནི་ཤེས་པ་སྔ་ཕྱི་ཐམས་ཅད་ལ་ཁྱད་མེད་པར་རྗེས་སུ་འགྲོ་བས་ཤེས་པ་ཙམ་གྱི་གཅིག་ཉིད་དེ་ཡིན་ནོ་ཞེ་ན། དེ་ལྟར་ན་སྐྱེས་བུ་ཐམས་ཅད་ཀུན་གཅིག་ཉིད་དུ་ཐལ་ཏེ་ཤེས་རྒྱུད་ཐམས་ཅད་ལ་ཤེས་པ་ཡིན་པ་ཙམ་རྗེས་སུ་མི་འགྲོ་མི་སྲིད་པས་སོ། །གཞན་ཡང་སེམས་ པ་ཅན་བདག་དང་སེམས་མེད ་གཙོ་བོ་སོགས་ཉེར་བཞི་པོ་དག་ཀྱང་གཅིག་ཉིད་དུ་འགྱུར་ཏེ་གང་གི་ཕྱིར་ན་དེ་ཐམས་ཅད་ཡོད་པ་ཙམ་དུ་མཚུངས་ཤིང་ཁྱད་པར་མེད་པས་སོ། །དེ་ལྟར་ཤེས་པ་ཐམས་ཅད་ལ་ཤེས་པ་མིན་པ་གཞན་བསལ་བའམ་གཞན་ལས་ལོག་པའི་ཆ་ནས་ཤེས་པ་ཙམ་ལྡོག་ཡོད་ཀྱང་དེ་ནི་བཏགས་པ་ཡིན་གྱི། དོན་ལ་ཡུལ་དང་བྲལ་བའི་ཤེས་པ་རྐྱང་རྐྱང་པོ་གཅིག་ནི་མི་སྲིད་དེ་གཟུགས་མེད་པའི་གཟུགས་བརྙན་བཞིན་ནོ། །དེས་ན་ཤེས་བྱ་དངོས་པོ་ཐམས་ཅད་ལ་རིགས་མི་མཐུན་པ་བསལ་བའི་ལྡོག་པ་རྗེས་སུ་འགྲོ་བ་ལ་སྤྱི་ཞེས་ཐ་སྙད་བྱེད་པ་ནི་རང་སྡེ་ནང་པའི་ཐ་སྙད་ཀྱི་ཚུལ་བླ་ན་མེད་པ་སྟེ་འདིར་ཡང་ཤུགས་ཀྱིས་དོན་དེ་བསྟན་པའོ། །གལ་ཏེ་བྱེ་བྲག་ཏུ་གྱུར་པའི་གནས་སྐབས་ཐ་དད་པ་དག་མི་བདེན་པའམ་ཕྱིན་ཅི་ལོག་ཡིན་ཀྱང་། བྱེ་བྲག་ཐམས་ཅད་ཁྱད་མེད་དུ་འདྲ་བའི་རང་བཞིན་གཅིག་པུ་པ་ཞིག་ཅི་སྟེ་མེད་སྙམ་ན། དེ་ནི་ཁྱད་པར་རྣམས་ལ་གཅིག་ཏུ་འཁྲུལ་པའི་སྤྱི་ཡོད་འཛིན་གྱི་ལོག་རྟོག་སྟེ། འདི་ལྟར་བྱེ་བྲག་ཐམས་ཅད་བསལ་བའི་
ཕ་རོལ་ན་ཐུན་མོང་དུ་འདྲ་བའི་རྟེན་ནམ་སྤྱི་གཅིག་པུ་ཞིག་གང་ཡིན་ཏེ་ཅི་ཡང་མེད་དོ། །གཉིས་པ། རིགས་པ་ཅན་ལ་སོགས་པ་ན་རེ། འདི་ལྟར་ཤེས་བྱ་ནི་ཚིག་གི་དོན་དྲུག་ཏུ་འདུ་སྟེ། གང་ཞེ་ན། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་པ་ལྟར་གྱི་རྫས་ཞེས་བྱ་བ་ལ་དགུ་སྟེ། བདག་དང་། དུས་དང་། རྡུལ་དང་། ཕྱོགས་དང་། ནམ་མཁའ་དང་། ས་ཆུ་མེ་རླུང་ངོ་། །དེ་ལ་དང་པོ་ལྔ་རྟག་པའི་རྫས་ཡིན་ལ། ཕྱི་མ་བཞི་མི་རྟག་པའི་རྫས་སུ་འདོད། རྫས་ཀྱི་མཚན་ཉིད་ཀྱང་ལས་དང་ཡོན་ཏན་གྱི་རྟེན་བྱེད་པ་ཞིག་ཏུ་འདོད། ཡོན་ཏན་ཉེར་བཞི་སྟེ། གྲངས་ཚད་ལྡན་པ་སོགས་བཅུ་གཅིག་རྫས་གཞན་གྱི་ཡོན་ཏན་དང་། བདེ་སྡུག་སོགས་བཅུ་གསུམ་ནི་བདག་ལ་བརྟེན་པའི་ཡོན་ཏན་དུ་འདོད་དོ། །ལས་ནི་བརྐྱང་བསྐུམ་འདེགས་འཇོག་འགྲོ་བ་ལྔ། སྤྱི་ལ་ཁྱབ་པ་དང་ཉི་ཚེ་བ་གཉིས། བྱེ་བྲག་ནི་ཁྱད་པར་དུ་བྱེད་པའི་རང་བཞིན། འདུ་བ་ནི་ཕན་ཚུན་འབྲེལ་བ་ལྟ་བུ་སྟེ། དེའང་ཐ་དད་དང་ཐ་མི་དད་དུ་འདུ་བ་གཉིས་ལས་བརྩམས་ཏེ་དབྱེ་བ་མང་ངོ་། །བདག་ནི་ནམ་མཁའ་ལྟ་བུར་ཁྱབ་པ་དང་རྟག་པ་ཉིད་དུ་འདོད་པས་ཤེས་པ་མིན་ཏེ། ཤེས་པ་ཡིན་ན་མི་རྟག་ཅིང་མ་ཁྱབ་པར་འགྱུར་བས་ན་ བདག་ལ་ཤེས་པ་མེད ་ཀྱང་། ཤེས་པ་དང་འདུ་བས་ན་བདེ་སོགས་བདག་གི་ཡིན་པར་ཞེན་གྱི། དོན་ལ་བདེ་སོགས་ནང་གི་བེམ་པོ་ཉིད་དུ་འདོད་དོ། །བདག་ཐམས་ཅད་ལ་ཁྱབ་པར་ཡོད་དེ་བདག་གི་ཡོན་ཏན་མཐོང་བས་སོ་ཞེས་སྒྲུབ་པར་བྱེད་དོ། །དེ་ལ་སེམས་མེད་པའང་ བདག་མིན་ཏེ་སེམས་མེད་པའི་ཕྱིར་བུམ་སྣམ་ལ་སོགས་པ ་བཞིན། བདག་ནི་ལས་བྱེད་པ་པོ་དང་བདེ་སྡུག་གི་རྟེན་དུ་འདོད་ན་སེམས་མེད་པ ་དག་ནི་ནམ་ཡང་བདེ་སོགས་ཀྱི་རྟེན་དུ་མི་རིགས་པའི་ཕྱིར་རོ། །འོན་ཏེ་བདག་རང་ཉིད་སེམས་ཀྱི་ངོ་བོར་མེད་ཀྱང་
སེམས་དང་མཚུངས་པར་ལྡན་པས་དེའི་བྱིན་གྱིས་བརླབས་ནས་ཡུལ་ཤེས་པར་འགྱུར་རོ་ཞེ་ན། དེ་ལྟར་ན་ བདག་གིས་ཡུལ་མི་ཤེས་པར་འདོད་པའམ། ཤེས་པ་མེད ་པར་ཁས་བླངས་པ་འཇིག་པར་ཐལ་ཏེ། དེ་ཡུལ་ཤེས་པའི་རང་བཞིན་ཅན་དུ་གྱུར་པའི་ཕྱིར། དེ་ལྟར་ན་སྔར་མི་ཤེས་པའི་བདག་ད་ལྟ་ཤེས་པར་གྱུར་པས་མི་རྟག་པར་ཐལ་ལོ། །ཅི་སྟེ་བདག་ལ་འགྱུར་བ་མེད་པར་རྟག་ན། སེམས་པས་ཀྱང་བདག་དེ་ལ་ཡུལ་ཤེས་པའི་བྱ་བ་ཅི་ཞིག་བྱས་ཏེ་གང་ཡང་མ་བྱས་པར་ཐལ། བདག་འགྱུར་མེད་ལ་སྔར་གྱི་རང་བཞིན་ལས་གཞན་པར་བསྒྱུར་བའི་བྱ་བ་བྱེད་མི་ནུས་པའི་ཕྱིར་ཏེ། ཚོན་གྱིས་ནམ་མཁའ་སྔོ་སོགས་སུ་མི་ནུས་པ་བཞིན་ནོ། །དེ་ལྟར་ཤེས་ པ་མེད་པའི་བེམ་པོ་བྱ་བ་བྱེད་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་འདི་བདག ་ཡིན་ནོ་ཞེས་རློམ་པར་བྱས་པ་ཙམ་དུ་ཟད་དོ། །ཀྱེ་མ་རིགས་པ་ཅན་གྱི་བློ་གྲོས་ལ་ལྟོས་ཞེས་སོ། །གསུམ་པ་རྩོད་སྤོང་ལ། ལས་འབྲས་མི་འཐད་པ་དང་། སྙིང་རྗེ་མི་འཐད་པར་རྩོད་པ་གཉིས། དང་པོ། བདག་ཡོད་དུ་སྨྲ་བ་རྣམས་ན་རེ། གལ་ཏེ་ཁྱོད་ཀྱི་འདོད་པ་ལྟར་བདག་ཡོད་པ་མིན་ན། ལས་འབྲས་ཀྱི་འབྲེལ་བ་མ་འཆོལ་བའི་རྣམ་བཞག་མི་འཐད་དེ། ལས་བྱེད་པ་པོའི་བདག་ནི་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མི་སྲིད་པས་འབྲས་བུའི་དུས་སུ་མེད་ཅིང་། ཕུང་པོ་སྐད་ཅིག་གིས་སྐྱེ་འགག་བྱེད་པས་ན་ལས་བྱས་པའི་སྐད་ཅིག་དེ་ནས་བྱེད་པ་པོ་འགག་ཅིང་ཞིག་པས་ལས་དེ་བྱེད་པ་པོ་ཉིད་ལ་ནི་སྨིན་མི་སྲིད་ལ། དེ་ལ་མ་སྨིན་ན་གཞན་གྱི་ལས་གཞན་ལ་སྨིན་པ་མི་འཐད་པས་སུ་ཞིག་གིས་མྱོང་བར་བྱ་བའི་ལས་སུ་འགྱུར་ཞེས་རྒོལ་བ་ན། རེ་ཞིག་མགོ་བསྒྲེ་བ། བྱ་བ་བྱེད་པའི་གནས་སྐབས་དང་། འབྲས་བུ་ཉམས་སུ་མྱོང་བའི་གནས་སྐབས་ཀྱི་རྟེན་ནམ་གཞིར་གྱུར་པ་ཕུང་པོ་དག་ནི་ཐ་དད་ཡིན་པར་ནི་འུ་བུ་
གཉིས་ཀས་འདོད་ལ། ཕུང་པོ་ལས་གཞན་པའི་ བདག་རྟག་པ་དེ་ནི་སེམས་མེད་པའམ་རྟག་པ ་ཡིན་པས་ན། རྟག་པ་ནི་བྱ་བ་ཐམས་ཅད་དང་བྲལ་བར་ཚད་མས་གྲུབ་པའི་ཕྱིར་རྩོད་པ་འདི་འུ་བུ་གཉིས་ཀ་ལ་གྲུབ་པས་འདི་རང་རེ་གཉིས་ཀས་སྤང་དགོས་ཀྱི། ཁོ་བོ་ལ་སྐྱོན་འདི་སྨྲ་བར་སེམས་པ་ནི་དོན་མེད་དོ་ཞེས་སོ། །དེ་ལྟ་ནའང་སྐྱོན་དེ་ཁོ་བོའི་ལུགས་ལ་ནི་སྤང་བར་ནུས་ཀྱི། ཁྱོད་ཀྱིས་ནི་ནམ་ཡང་མི་ནུས་སོ་ཞེས་སྟོན་པ། ལས་བྱེད་པ་པོ་ཉིད་ལ་སྨིན་ཞེས་པ་འདིའང་རྒྱུད་གཅིག་གི་དབང་དུ་བྱས་པའི་རྣམ་བཞག་སྟེ། རྒྱུ་མ་འགགས་པར་ལྡན་བཞིན་དུ་དེའི་འབྲས་བུ་མཐོང་བ་ནི་མི་སྲིད་དེ་རྒྱུ་ལས་འབྲས་བུ་འབྱུང་དགོས་པས་སོ། །དེས་ན་འབྲས་བུ་འབྱུང་བའི་དུས་ན་རྒྱུ་འགགས་པས་ཁྱབ་ཀྱང་། རྟེན་འབྲེལ་བསླུ་བ་མེད་པའི་དབང་ལས་འབྲས་བུ་འབྱིན་པར་ནི་ངེས་ལ། དེ་འདྲའི་འབྲས་བུ་དེའང་རྒྱུའི་ཚོགས་པ་གང་དུ་ཚང་བ་གང་ཟག་གི་རྒྱུད་དེ་ཉིད་སྨིན་གྱི། གཞན་དུ་མ་ཡིན་ཏེ་ས་བོན་ས་ལ་བཏབ་པ་བྲག་ལ་མི་སྐྱེ་བ་བཞིན་ནོ། །དེས་ན་ཕུང་པོ་ལྔའི་རྒྱུན་རིགས་འདྲ་བར་མ་ཆད་པའི་རྒྱུད་གཅིག་ལ་བརྟེན་ནས་ལས་བྱེད་པ་པོ་དང་། འབྲས་བུ་ལོངས་སྤྱོད་པ་པོ་གཅིག་པའི་རྣམ་བཞག་མཛད་དེ་འཇིག་རྟེན་པའི་བློའི་ཚུལ་ལུགས་ཐམས་ཅད་དེ་ལྟར་གནས་པ་ཡིན་ནོ། །དེ་ལྟར་ན་རྒྱུད་གཅིག་ཡིན་པ་དེ་ཉིད་ཀྱིས་བདག་གཅིག་ཏུ་ཡོད་པ་མིན་ནམ་ཞེ་ན་མིན་ཏེ། རྒྱུད་ནི་ཕྲེང་བ་བཞིན་དུ་བཏགས་པ་སྟེ་དོན་ལ་མི་སྲིད་དོ། །དེའང་གཟུགས་རྒས་གཞོན་དང་སྐྱེ་བ་སྔ་ཕྱི་མི་གཅིག་པར་རྟོགས་པར་སླ་མོད། སེམས་ཀྱི་དབང་དུ་བྱས་ཏེ་གསུངས་པ། འདས་པའི་སེམས་འགགས་ནས་མེད་པ་དང་། མ་འོངས་པའི་སེམས་མ་སྐྱེས་ནས་ མེད་པའི་ཕྱིར་བདག་མིན་ཏེ་བདག་ཡོད་པར་འདོད་པ ་དང་འགལ་བས་སོ། །འོན་ཏེ་སྐྱེས་སེམས་ད་ལྟ་བ་འདི་བདག་གོ་སྙམ་ན། ད་ལྟའི་སེམས་དེ་ཞིག་པར་གྱུར་པ་
ན་ཡང་བདག་མེད་པར་འགྱུར་ན། ཁྱོད་བདག་ནི་སྔ་མ་ནས་འདིར་འོང་། འདི་ནས་ཕ་རོལ་ཏུ་འགྲོ་བ་ཞིག་ཏུ་རློམས་པས་སྐྱེས་སེམས་ཀྱང་བདག་མིན་ནོ། །དེའི་ཕྱིར་འཇུག་པ་ལས་ཀྱང་། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཉིད་ཕྱིར་ན་རྒྱུད་གཅིག་གཏོགས་མིན་ཏེ། །གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །ཞེས་པ་བཞིན་རྒྱུད་ བདག་ཡིན་པ་འགོག་པའི་དོན་ཏོ། །དཔེར་ན་ཆུ་ཤིང་ནི་སྡོང་པོ་རློན་པ་སྲ་བའི་ཆ་མེད་པ ་ཁོང་སྟོང་གསོབ་ཅན་དེ་ཆ་ཤས་ཕྱེ་ན་སྙིང་པོ་སྲ་མཁྲིག་གི་ཆ་འགའ་ཡང་མི་རྙེད་པར་ཕར་ཕར་མེད་འགྲོ་བ་བཞིན། རྣམ་པར་དཔྱད་པས་བཙལ་ན་ བདག་ཀྱང་དེ་ཁོ་ན་ཉིད་དུ་གྲུབ་པ་མེད ་དོ། །གཉིས་པ། གལ་ཏེ་བདག་གམ་སེམས་ཅན་ཡོད་པ་མིན་ན་བྱང་ཆུབ་སེམས་དཔས་སུ་ལ་དམིགས་ནས་སྙིང་རྗེ་སྐྱེད་པར་བྱེད་དེ་ཡུལ་མེད་པས་སོ་ཞེ་ན། དོན་དམ་པར་སྙིང་རྗེའི་ཡུལ་དང་བྱེད་པོ་མི་དམིགས་ཏེ། འགྲོ་བ་འདི་དག་ཐམས་ཅད་ནི། རྟག་ཏུ་མ་འགགས་མ་སྐྱེས་ཉིད། ཅེས་འཆད་པར་འགྱུར་ཏེ། དེ་འདྲའི་དམིགས་མེད་ཀྱི་བློ་མ་འབྱོངས་ན་སྙིང་རྗེ་ཕ་མཐའ་དང་བྲལ་བ་ཡོངས་སུ་དག་པར་མི་འགྱུར་རོ། །གནས་ཚུལ་དེ་ལྟ་བུ་ཡིན་མོད། འོན་ཀྱང་འགྲོ་བ་རྣམས་ཀྱིས་ཕུང་སོགས་ལ་བདག་ཏུ་བཏགས་ཤིང་ཞེན་པར་གྱུར་བའི་བློ་ངོར་སྣང་ཚུལ་གྱི་དབང་དུ་བྱས་ན་བདེ་སྡུག་བསླུ་མེད་དུ་ཡོད་པ་ལ་བསྙོན་མི་ནུས་པས། རྨི་ལམ་ལྟ་བུའི་སྡུག་བསྔལ་གྱི་སྣང་བ་རྒྱུན་ཆད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པའི་དགོས་པའམ་འབྲས་བུའི་དོན་དུ་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་ཞེས་ཁས་བླངས་ཤིང་ཁུར་དུ་བཟུང་བའི་སེམས་ཅན་
ནི་དོན་དམ་པར་ཡོད་པས་མ་ཡིན་ཏེ། རྨོངས་པས་བདག་ཏུ་བཏགས་པ་གང་ཡིན་པ་དེའི་དབང་གིས་ཡིན་ནོ། །དེས་ན་བྱང་ཆུབ་སེམས་དཔས་བདག་མེད་མཐོང་ཡང་སྙིང་རྗེའི་ཡུལ་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟར་མ་རྟོགས་པས་ན་ བདག་ཡོད་པ་ལྟ་བུར་དོན་མེད ་པར་སྡུག་བསྔལ་གྱི་སྣང་བ་ཁོར་ཡུག་ཏུ་མྱོང་བ་ཡོད་པ་དེས་ན་དེ་ལ་དམིགས་ནས་སྙིང་རྗེ་འཇུག་སྟེ། འདི་ལྟར་བྱང་སེམས་དེ་ནི་ བདག་དོན་ལ་མི་ཆགས་པ་དང་། གཞན་དག་དོན་མེད ་བཞིན་དུ་སྡུག་བསྔལ་བར་མཐོང་བ་དང་། བདག་བས་གཞན་གཅེས་པའི་བློ་ཤུགས་ཀྱིས་འབྱུང་བ་དང་། གཞན་གྱི་སྡུག་བསྔལ་ཡང་གཉིད་འཐིབ་བོ་བཞིན་དུ་སེལ་ནུས་པར་མཐོང་བའི་ཕྱིར་རོ། །སེམས་ཅན་མེད་ན་གང་གི་དོན་དུ་འབད་པའི་འབྲས་བུ་སངས་རྒྱས་དེ་སུ་ཞིག་གིས་ཐོབ་པ་ཡིན་ཏེ། དེས་ན་འབྲས་བུའི་དོན་དུ་ཁས་བླངས་པ་ཞེས་པའང་མི་རིགས་སོ་ཞེ་ན། དོན་དམ་པར་བདེན་ཏེ་ཐོབ་པ་པོ་སེམས་ཅན་དང་ཐོབ་བྱའི་འབྲས་བུ་བདེན་གྲུབ་ཏུ་མེད་པར་ཡང་མྱ་ངན་ལས་འདས་པ་དང་མ་འདས་པའང་དེ་ཉིད་དུ་ན་ཁྱད་པར་མེད་ཅེས་འདོད་དོ། །འོན་ཀྱང་སེམས་ཅན་རང་རང་གི་སྣང་ཚུལ་གྱི་ངོར་ཡོད་དེ་བཤད་མ་ཐག་པ་ལྟར་རྨོངས་པས་བདག་ཏུ་ཞེན་པ་ལས་ཀུན་ཉོན་འཁོར་བའི་ཕྱོགས་དང་། དེ་ལྡོག་པའི་རྣམ་བྱང་གི་ཚུལ་གཉིས་ཀ་གྲུབ་ཅིང་། མྱང་འདས་ཞེས་གཞན་ན་མེད་ཀྱི་བློ་ནོར་བའི་རྣམ་རྟོག་ཟད་པ་ལ་བཏགས་ཏེ། མདོ་སྡེ་རྒྱན་ལས་དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། ཞེས་གསུངས་པ་བཞིན་ནོ། །དེས་ན་རྨོངས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པས་བཟུང་བ་ལ་འཁོར་བ་སྣང་ངོར་མི་བསླུ་བ་ཡོད་ལ། དེའི་དབང་གིས་འཁོར་བ་ལྡོག་པའི་མྱང་འདས་ཀྱང་ཡོད་དེ། གདོན་གྱིས་བརླམས་པའི་མི་མི་གཞན་དང་སྤྱོད་ཡུལ་མཐུན་པར་གནས་ཀྱང་ཁོའི་སྣང་ངོ་ལ་འབྱུང་པོའི་གཟུགས་ལ་སོགས་པ་ཕྱིན་ཅི་ལོག་གི་སྣང་བ་ཡོད་ལ་དེས་དེ་སྡུག་བསྔལ་ཞིང་སྡུག་བསྔལ་དེ་དང་བྲལ་བའི་བདེར་གནས་ཀྱང་ཡོད་པ་བཞིན་ནོ། །དེས་ན་དོན་དམ་པར་སྲིད་དང་ཞི་བར་བདེན་པར་མ་གྲུབ་པའི་ཕྱིར་འཆིང་གྲོལ་འཐད་
ཀྱི། གཞན་དུ་མ་ཡིན་ཏེ། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་པ་བཞིན་ནོ། །འོ་ན་ཐོབ་པ་མེད་པ་ལ་ཐོབ་པར་རེ་ནས་ལམ་སོགས་ལ་ཁྱོད་སློབ་པས་ཅི་བྱ་སྟེ། རྨོངས་པ་ནི་རྣམ་པ་ཀུན་ཏུ་བཟློག་བྱ་མ་ཡིན་ནམ་ཞེ་ན། དོན་དམ་པར་ཐོབ་པ་མེད་ཀྱང་སྣང་ཚུལ་ལ་ཡོད་པས་ན། རེ་ཞིག་ཆོས་ཉིད་མངོན་དུ་གྱུར་པའི་སངས་མ་རྒྱས་ཀྱི་བར་དུ་འབྲས་བུ་མི་གནས་པའི་མྱང་འདས་ལ་ཀུན་རྫོབ་ཙམ་དུ་ཐོབ་བྱར་ལྟ་བའི་རྨོངས་པ་ནི་བཟློག་པར་མི་བྱ་སྟེ། འདི་ལ་བརྟེན་ནས་སྲིད་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་དགོས་པས་སོ། །མཐར་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་བྲལ་བ་ན་སྲིད་ཞིར་མངོན་པར་ཞེན་པའི་ཤེས་སྒྲིབ་ཕྲ་མོ་འདི་ཡང་ལྡོག་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཀྱི་ས་ཡིན་གྱི། ད་ལྟ་སྤོང་མི་ནུས་ཏེ་བདེན་གཉིས་ཟུང་དུ་མ་ཆུད་པར་གནས་སྣང་རྣམ་པ་ཀུན་ཏུ་མི་མཐུན་པའི་ཕྱིར། དེས་ན་སྣང་ཚུལ་གྱི་དབང་དུ་བྱས་ཏེ་འབྲས་བུ་ལ་སློབ་པར་ཅི་སྟེ་མི་བྱེད་དེ། གནས་སྣང་མི་མཐུན་པ་འདི་སྤང་དགོས་ཀྱང་ད་ལྟ་སྤང་མ་ནུས་ཤིང་ནམ་སྤངས་པར་གྱུར་པ་ན་ཐོབ་པའང་མེད་ལ་སྤང་བའང་མེད་པའི་དེ་ཉིད་མངོན་དུ་འགྱུར་གྱི་དེའི་བར་དུ་འབྲས་བུའི་རེ་འདོད་ཟད་པར་མི་ནུས་སོ། །འོ་ན་བདག་ཏུ་རྨོངས་པའང་དགག་པས་ཅི་བྱ་ཟེར་ན། དེ་གཉིས་མི་མཚུངས་ཏེ་འབྲས་བུ་དོན་དུ་གཉེར་བའི་བློ་དེས་ནི་སྡུག་བསྔལ་ཟད་པར་བྱས་ནས་རང་ཡང་འགག་པར་བྱེད་དེ་ཤིང་ལས་བྱུང་བའི་མེས་ཤིང་སྲེག་པ་བཞིན་ནོ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་བདག་ཏུ་འཛིན་པའམ། ངའོ་སྙམ་པའི་ང་རྒྱལ་ནི་བདག་ཡོད་དུ་བཟུང་བའི་རྨོངས་པས་འཕེལ་བར་བྱེད་དེ། དེས་ན་ བདག་མེད་པ ་ལ་ཡོད་པར་རྨོངས་པ་དེ་ནི་བཟློག་པར་བྱ་སྟེ། རྨོངས་ པ་དེ་མེད་ན་
བདག ་ཏུ་མི་འཛིན་ལ། བདག་འཛིན་དེ་མེད་ན་འཁོར་བར་འཁོར་ཞིང་སྐྱེ་བར་མི་འགྱུར་ཏེ། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་ཟད་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་པ་བཞིན་ནོ། །ཁོ་ན་རེ། ཇི་ལྟར་ཁྱོད་བཏགས་པའི་བདག་ལས་བློ་ལྡོག་པར་མི་ནུས་པ་དེ་བཞིན་རང་བཞིན་གྱིས་གྲུབ་པའི་ བདག་དེ་ལས་ཀྱང་ཡུལ་ཅན་བློ་གཏན་དུ་བཟློག་པ་མེད ་དེ་ཐོག་མེད་ནས་གཤིས་ལ་ཞུགས་པའི་ཕྱིར་རོ་ཞེ་ན། དེ་གཉིས་མི་མཚུངས་ཏེ་བཏགས་པ་ཙམ་རྟེན་ནས་འབྱུང་བའི་དབང་གིས་སྣང་བ་ལ་སོ་སྐྱེའི་ངོར་མི་སྣང་བར་སྒྲུབ་བྱེད་ཀྱི་རིགས་པ་མེད་ལ་བཟློག་ཀྱང་མི་དགོས་མོད། རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་དངོས་པོའི་གནས་ཚུལ་རྟོགས་པའི་བློ་ བདག་མེད་བསྒོམས་པས་སྤོང་ནུས་ཏེ། སྣང་བས་མུན་པ ་བཞིན་དུ་ཡང་དག་པའི་ཚད་མ་དང་ལྡན་པ་དེ་ཉིད་སྟོབས་དང་ལྡན་པའི་ཕྱིར་རོ། །དེས་ན་བདག་ཏུ་ལྟ་བ་ནི་དངོས་པོའི་གནས་ཚུལ་ལས་གཞན་དུ་རྐྱེན་གྱིས་རེ་ཞིག་སེམས་གོལ་བ་ཡིན་ལ། དེ་ལུང་དང་རིགས་པའི་ལམ་ལས་བཟློག་སྟེ་དངོས་པོའི་གནས་ཚུལ་ལ་བློ་ཞུགས་པར་བྱས་ན་དེ་སེམས་ཀྱི་གཤིས་ཡིན་པས་དེ་དང་སེམས་བྲལ་དུ་མི་རུང་སྟེ་རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སོ། །དེ་ལས་ཀྱང་བཟློག་ཅེས་པ་འདིར། དེ་ལས་ཞེས་པ་བདག་འཛིན་ཟློག་བྱེད་ཀྱི་གཉེན་པོ་དང་། བདག་འཛིན་གྱི་རྒྱུ་སོགས་སུ་རློམས་ནས་འགྲེལ་ཚུལ་ཆེས་མང་བ་ཞིག་བྱུང་ཡང་འབྲེལ་འགྲིགས་པ་དཀའ་ལ། འདིར་འཕགས་ཡུལ་གྱི་གཞུང་བཟང་བཞིན་དུ་ཡུལ་དེ་དག་ལས་ཀྱང་ཞེས་སྦྱར་བར་བྱས་ན་དོན་དུ་འཐད་དོ་སྙམ་པ་ཁོ་བོ་གཅིག་པུའི་རྣམ་རྟོག་གོ །གཉིས་ པ་ཆོས་བདག་མེད ་ལ། ལུས་དྲན་པ་ཉེ་བར་བཞག་པ། ཚོར་བ་དྲན་པ་ཉེ་བར་བཞག་པ།
སེམས་དྲན་པ་ཉེ་བར་བཞག་པ། ཆོས་དྲན་པ་ཉེ་བར་བཞག་པ་བཞི། དང་པོ་ལ། ཡན་ལག་ཅན་མེད་པར་བསྟན་པ་དང་། ཡན་ལག་མེད་པར་བསྟན་པའོ། །དང་པོ། ལུས་ཞེས་པའང་བཏགས་པ་ཙམ་སྟེ་རང་བཞིན་གྱིས་གྲུབ་པ་མེད་དོ། །དེའི་རྒྱུ་མཚན་འདི་ལྟར་སྐྱེ་མཆེད་རྫོགས་པའི་ལུས་ཞེས་རིལ་པོ་གཅིག་པུའི་རྣམ་པར་བཟུང་བ་དེ་ཡོད་ན་ལག་སོགས་ལ་ཡོད་དགོས་ནའང་། བོལ་གོང་སོགས་རྐང་པ་དང་། ཞེས་རྐང་པ་ནི་པུས་མོ་མན་ཆད་ཀྱི་སྤྱི་མིང་ཡིན་ཀྱང་། འདིར་བྱིན་པ་དང་བརླ་སོགས་སུ་སྨོས་པ་དང་། ས་གཞིའི་ངོས་ལ་བརྟེན་པའི་མཐིལ་ཉིད་རྐང་པའི་མིང་ཐོགས་ཡུལ་གཙོ་བོ་ཡིན་པས་སོ། །བྱིན་པ་སྟེ་རྗེ་ངར་དང་། བརླ་དང་། སྐེད་པ་དང་། ལྟོ་བ་དང་། རྒྱབ་དང་། བྲང་དང་། དཔུང་པ་དང་། རྩིབ་ལོགས་དང་། ལག་པ་དང་། མཆན་ཁུང་དང་། ཕྲག་པ་དང་། ནང་ཁྲོལ་རྣམས་དང་། མགོ་དང་མགྲིན་པ་དག་རེ་རེ་ནས་ལུས་མིན་ཏེ། ལུས་ཀྱི་མཚན་ཉིད་དང་མི་མཐུན་པའི་ཕྱིར། དུར་ཁྲོད་དུ་འཐོར་བའི་ལུས་ཀྱི་དུམ་བུ་བཞིན་ད་ལྟ་འབྲེལ་བར་སྣང་ཡང་རུང་ཕན་ཚུན་འདྲེས་པ་མེད་པར་རང་ས་ན་ཡོད་ན་དེ་རེ་རེ་ལུས་སུ་ག་ལ་འགྱུར་ཏེ་ལག་པ་སོགས་བཅད་ཀྱང་ལུས་གནས་པར་འདོད་པས་སོ། །དེས་ན་ལག་སོགས་ཆ་ཤས་དུ་མའི་ཚོགས་པ་ཅན་འདི་ལ་ལུས་ཞེས་པ་གང་ཞིག་ཡིན། དེ་ལ་འདི་སྙམ་དུ་དེ་དག་རེ་རེ་ལུས་མིན་ཡང་། ལུས་ནི་དེ་དག་ལ་ཁྱབ་ནས་ཡོད་དོ་སྙམ་ན། ལུས་གཅིག་གི་ཆ་ཤས་ཀྱིས་འདི་ཀུན་ལ་ཁྱབ་པ་ཡིན་ནམ། ཆ་ཤས་ཅན་ལུས་དུ་མས་རེ་རེ་བཞིན་དུ་ཁྱབ་པ་ཡིན། གལ་ཏེ་ལུས་ཞེས་པ་འདི་ལག་སོགས་ཡན་ལག་ཐམས་ཅད་ལ་ཆ་ཤས་སམ་ཕྱོགས་རེ་ཡིས་ནི་གནས་པར་གྱུར་པར་འདོད་ན། ལུས་དེའི་ཆ་ཤས་རྣམས་ལག་སོགས་ཆ་སོ་སོ་ལ་གནས་པར་འགྱུར་དུ་ཆུག་མོད། ཆ་ཅན་ལུས་དེ་རང་ཉིད་ནི་གང་ན་གནས། ལག་སོགས་རེ་རེ་
ནས་བསལ་བའི་ཤུལ་ན་ཁྱབ་བྱེད་ལུས་མ་དམིགས་སོ། །གལ་ཏེ་བདག་ཉིད་ཀུན་ལྡན་གྱི་ལུས་རིལ་པོའམ་ཆ་ཚང་བ་རེ་ལག་སོགས་ཡན་ལག་རྣམས་ལ་གནས་ན་ནི། ལག་སོགས་ཡན་ལག་གི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ལུས་དུ་མ་ཡོད་པར་འགྱུར་ནའང་ལུས་རིལ་བོ་གཅིག་པུ་ཞིག་ཏུ་འཛིན་པས་དེ་ལྟ་བུ་ནི་མི་སྲིད་དོ། །དེས་ན་སྐྱེ་མཆེད་དྲུག་གི་ཕྱི་དང་དེ་དག་གི་ནང་ཀུན་ཏུ་རིགས་པས་བཙལ་ན་ལུས་མ་དམིགས་པའི་ཕྱིར་ཇི་ལྟར་ན་ལག་པ་སོགས་ལ་ལུས་ཡོད་པར་འགྱུར་ཏེ་མེད་དོ། །ལག་སོགས་རྣམས་ལས་ལུས་ཀྱི་གདགས་གཞི་གཞན་ནི་ཡོད་པ་མིན་ན། ལུས་དེ་ནི་ཇི་ལྟར་ཡོད་པ་ཡིན་ཏེ་མེད་དོ། །དེ་ལ་རྐང་པ་ལུས་མིན་སོགས་ཀྱིས་ཡན་ལག་དང་གཅིག་མིན་པར་བསྟན་ལ། གལ་ཏེ་ལུས་འདི་སོགས་ཀྱིས་ཡན་ལག་དང་འབྲེལ་བ་ཅན་ཐ་དད་དུ་མེད་པར་བསྟན་ཏོ། །དེས་ན་ལུས་མེད་ཀྱང་ལག་པ་སོགས་ཡན་ལག་གི་ཚོགས་ལ་བརྟེན་ནས་རྨོངས་པ་ཡིས་ལུས་ཞེས་བཏགས་པ་ཙམ་ལས་དོན་མ་གྲུབ་པ་ཞིག་སྟེ། དཔེར་ན་མི་དང་འདྲ་བའི་དབྱིབས་སུ་བཀོད་པའི་ཁྱད་པར་གྱི་དབང་ལས་ཐོ་ཡོར་ལ་མིར་འཁྲུལ་པའི་བློ་བྱུང་བ་བཞིན་ནོ། །འདི་ན་ཇི་སྲིད་དབྱིབས་ཀྱི་ཁྱད་པར་གྱི་རྐྱེན་ཚང་བ་དེ་སྲིད་དུ་ལུས་འདི་ནི་སྐྱེས་བུ་ལྟར་སྣང་བ་ཡིན་གྱི། རྐྱེན་མ་ཚང་ན་སྐྱེས་པའི་ལུས་སུ་མི་འཇོག་སྟེ་མཚན་འགྱུར་བའམ། མེར་མེར་པོ་དང་། བསྲེགས་ཏེ་ཐལ་བ་བྱས་པའི་སྐབས་བཞིན་དུའོ། །དེ་འདྲ་བར་བུད་མེད་ཀྱང་ཡིན་ནོ། །དེ་བཞིན་ཇི་སྲིད་ལག་པ་སོགས་ཡན་ལག་ལ། ལུས་སུ་གདགས་པའི་རྐྱེན་ཕན་ཚུན་འབྲེལ་པར་གྱུར་པ་སོགས་དེ་དག་ཡོད་པ་དེ་སྲིད་དུ་ལག་པ་སོགས་དེར་ལུས་སུ་སྣང་གི་རང་གི་ངོ་བོ་ཉིད་ཀྱིས་ལུས་སུ་ཡོད་པ་ནི་མིན་ཏེ་ཤ་དང་རུས་པའི་དུམ་བུ་
བཞིན་ནོ། །འདིར་རྒྱ་དཔེ་ལ་ལར། ཇི་སྲིད་རྐྱེན་ཚོགས་དེ་སྲིད་དུ། །ཤིང་ནི་སྐྱེས་པ་ལྟར་སྣང་བ། །ཞེས་འབྱུང་བའི་དོན་ལྟར་ན་ཤིང་ངམ་ཐོ་ཡོར་ལ་འགྲེང་བ་སོགས་དབྱིབས་ཀྱི་ཁྱད་པར་དང་། སྣང་བ་མི་གསལ་བ་སོགས་རྐྱེན་ཚོགས་པ་སྲིད་དུ་སྐྱེས་པའམ་བུད་མེད་དུ་སྣང་བ་བཞིན་དུ་ཞེས་སྦྱར་རོ། །གཉིས་པ། ལུས་མེད་ཀྱང་ལག་པ་སོགས་ཡན་ལག་ནི་མངོན་སུམ་མཐོང་བས་ཡོད་དོ་ཞེ་ན། ལུས་བདེན་པར་མ་གྲུབ་པ་དེ་བཞིན་སོར་མོའི་ཚོགས་སོ་སོ་བའི་ཡན་ལག་ཙམ་གྱི་ཚོགས་པ་དེ་ལ་ཡན་ལག་ཅན་ལག་པ་ཞེས་བཏགས་པ་ནི་དོན་དུ་གྲུབ་པ་གང་ཞིག་ཡིན། སོར་མོ་དེའང་ཚིགས་ཀྱི་ཚོགས་ཡིན་ལ། ཚིགས་ཀྱང་རང་གི་ཕྱོགས་སོ་སོའི་ཆ་ཕྱེ་བ་ན་དུ་མར་འགྱུར་ཏེ། སྟེང་གི་ཆ་འོག་མིན་ལ། འོག་གི་ཆ་སྟེང་མིན་པ་སོགས་མ་འདྲེས་པར་གནས་སོ། །ཆ་དེའང་རགས་པའི་རྡུལ་ནས་རྡུལ་ཕྲན་གྱི་བར་དུ་ཕྱེ་ཞིང་། རྡུལ་ཕྲ་རབ་དེ་ལའང་ཕྱོགས་སོ་སོའི་ཆར་སྣང་བའི་དབྱེ་བས་དུ་མར་འགྱུར་ཞིང་མཐར་གཏུགས་ན་ཕྱོགས་ཀྱི་དབྱེ་བ་གང་དུའང་ཆ་གཅིག་བདེན་གྲུབ་ཅིག་མི་རྙེད་དེ་ཆ་ཤས་དང་བྲལ་བར་འགྱུར་རོ། །དེའི་རྒྱུ་མཚན་རྡུལ་ཕྲ་རབ་ཀྱིས་རགས་པ་བརྩམ་ཚེ་ཕྱོགས་བཞི་སྟེང་འོག་གི་རྡུལ་དྲུག་གིས་བསྐོར་བ་ན། དབུས་རྡུལ་དེ་ལ་རྡུལ་གཞན་དྲུག་པོ་དང་རེག་པའི་ཆ་རེ་ཡོད་ན་ཆ་དྲུག་ཏུ་འགྱུར་ལ། མེད་ན་རྡུལ་དྲུག་པོས་གོ་ས་གཅིག་ལས་མ་ནོན་པས་གོང་བུའི་རྡུལ་ཚོགས་ཀྱང་རྡུལ་ཕྲན་ལས་ཆེར་མི་འགྱུར་ཏེ། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་བཞིན་ནོ། །དེས་ན་ལག་པ་སོགས་ཡན་ལག་ཐམས་ཅད་དང་གཟུགས་སྣང་ཐམས་ཅད་རགས་པ་ཕྲ་བ་དང་། ཕྲ་མོ་རྡུལ་དང་། རྡུལ་ཕྲ་རབ་དང་།
དེ་ཕྱོགས་ཆའི་དབྱེ་བས་གཞལ་ན་ནམ་མཁའ་བཞིན་སྟོང་པར་འགྱུར་གྱི། གཟུགས་སུ་གྲུབ་པ་མེད་པ་དེས་ན་རྡུལ་ཕྲ་རབ་ཏུའང་གྲུབ་པ་མེད་དོ། །དེ་ལྟར་བདེན་པར་མ་གྲུབ་པ་རྨི་ལམ་ལྟ་བུའི་གཟུགས་ལ་དེ་ཁོ་ན་ཉིད་ཀྱི་དཔྱོད་པ་དང་ལྡན་པའི་གང་ཟག་སུ་ཞིག་ཆགས་རིགས་ཏེ་མི་རིགས་སོ། །གང་ཚེ་དེ་ལྟར་ལུས་རང་བཞིན་མེད་པ་དེ་ལྟར་ན་དེའི་བྱེ་བྲག་སྐྱེས་པ་གང་ཡིན་ལ་བུད་མེད་གང་ཡིན་ཏེ་བདེན་པར་མེད་དོ། །ཞེས་སོ། །གཉིས་པ་ལ། ཚོར་བའི་ངོ་བོ་དང་། རྒྱུ་དང་། འབྲས་བུ་དང་། ཚོར་བ་པོ་ལ་དཔྱད་པ་བཞི་ལས། དང་པོ། ཚོར་བ་སྡུག་བསྔལ་འདི་དེ་ཁོ་ན་ཉིད་དུ་རང་གི་ངོ་བོས་སེམས་ཀྱི་རྒྱུད་ལ་ཡོད་པ་ཞིག་ཡིན་ན། ཅི་སྟེ་རྒྱུད་ལ་རབ་དགའ་སྐྱེ་བ་ལ་མི་གནོད་དེ་གནོད་ཅིང་དགའ་བ་སྐྱེ་བར་མི་འགྱུར་ནའང་དེ་ལྟར་མ་ངེས་པའི་ཕྱིར། དེ་བཞིན་དུ་བདེ་བ་དེ་ཁོ་ན་ཉིད་དུ་ཡོད་ན་སྡུག་བསྔལ་ལ་གནོད་པའང་དེས་ཤེས་ནུས་པས་ལོགས་སུ་སྨོས་མི་དགོས་སོ། །དེ་ལྟར་ན་བདེ་སྡུག་གཉིས་པོ་ཕན་ཚུན་འགལ་བ་ཡིན་ལ་གང་གི་རང་བཞིན་དུ་གྲུབ་པ་དེ་གཅིག་ཤོས་སུ་མི་རུང་སྟེ། དངོས་པོས་རང་གི་ཆོས་ཉིད་འདོར་བ་མི་སྲིད་པས་སོ། །དེས་ནི་ནང་བློ་ཡི་སྟེང་ན་ཚོར་བ་བདེན་གྲུབ་མེད་པར་བསྟན་ནས། ད་ནི་ཕྱིའི་དབང་དུ་བྱས་ཏེ་གསུངས་པ། གྲངས་ཅན་པ་སོགས་འདོད་པ་ལྟར་བདེ་བ་ཕྱི་ཡུལ་གྱི་སྟེང་ནའང་བདེན་པར་མ་གྲུབ་སྟེ། ཡུལ་གཟུགས་བཟང་བ་དང་རོ་མངར་བ་སོགས་བདེ་བའི་རང་བཞིན་ཡིན་ན། བུ་ཤི་བའི་མྱ་ངན་གྱིས་གདུངས་པ་དང་འཇིགས་པས་མྱོས་པ་སོགས་ལ་ཟས་ཞིམ་པོ་དང་ལྟད་མོ་སོགས་ཀྱིས་ཅི་སྟེ་དགའ་བར་མི་བྱེད་དེ་ཞིམ་སོགས་དངོས་པོ་དེ་ཉིད་ལ་བདེ་བ་ཡོད་པའི་ཕྱིར་མེའི་ཚ་བ་བཞིན་ནོ། །དེ་ལ་སྡུག་བསྔལ་དེ་ཁོ་ན་ཉིད་དུ་ནང་བློ་ལ་མེད་པ་ནི་མ་ཡིན་ཀྱང་ནང་གི་རབ་ཏུ་
དགའ་བ་ཁྱད་པར་ཅན་སྟོབས་དང་ལྡན་པས་ཟིལ་གྱིས་མནན་ནས་མི་མྱོང་སྟེ། དཔེར་ན་ཉི་མས་རྒྱུ་སྐར་བཞིན་ནོ་ཞེ་ན། གང་ཞིག་ཉམས་སུ་མྱོང་བའི་བདག་ཉིད་མིན་པ་དེ་ནི་ཚོར་བ་ཇི་ལྟར་ཡིན་ཏེ་ཚོར་བའི་མཚན་ཉིད་མེད་པའི་ཕྱིར། ཉམས་སུ་མ་མྱོང་ཡང་ཚོར་བར་འཇོག་ན་ནམ་མཁའི་མེ་ཏོག་གི་དྲི་ཡང་ཚོར་བར་ཐལ་ལོ། །རིགས་པ་འདིས་གདུང་ལྡན་ཞིམ་སོགས་མི་དགའ་བའང་གདུང་བ་སྟོབས་ཆེན་པོས་ཟིལ་གྱིས་མནན་ནས་མི་མྱོང་བའོ་ཟེར་ན་ཡང་འདི་བཞིན་དུ་དཔྱད་པར་བྱའོ། །དེ་ལ་དེ་དག་འདི་སྙམ་དུ། གཏན་ནས་མ་མྱོང་བ་ཚོར་བར་མི་རུང་བས་ན་དགའ་བ་སྟོབས་ལྡན་མྱོང་བཞིན་པའི་སྐབས་སུ་སྡུག་བསྔལ་གཏན་མ་མྱོང་བ་ནི་མིན་ཀྱང་སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད་པས་དེ་མྱོང་བ་མི་ཤེས་པས་ཡིན་ཏེ། དཔེར་ན་བུ་རམ་གྱི་ཁུ་བ་མང་པོའི་ནང་ན་ཚྭ་ཆུའི་ཐིགས་པ་ཕྲ་མོ་ལྷུང་བ་བཞིན་ནོ་ཞེ་ན། རྒྱུད་གཅིག་ལ་སྡུག་བསྔལ་ཕྲ་མོ་དང་བདེ་བ་ནུས་མཚུངས་སུ་འགྲོགས་པ་ནི་མེད་དེ། ཡོད་ན་བདེ་སྡུག་གཉིས་དུས་མཉམ་པར་རྒྱུད་གཅིག་ལ་སྣང་དུ་རུང་བ་ལ་དེ་མ་དམིགས་པ་དང་། ཁྱོད་ཀྱི་སྡུག་བསྔལ་འདི་ཡི་རགས་པ་སྟོབས་ཆེན་པོའི་ཆ་ནི་བདེ་བས་བསལ་བར་འདོད་པ་མིན་ནམ། དེ་ལྟར་ན་འདིའི་ཕྲ་བའང་ཅིས་མི་སེལ་ཏེ། དེའི་གཉེན་པོ་སྟོབས་ལྡན་གནས་བཞིན་པ་ཡིན་པའི་ཕྱིར། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་གྲང་རེག་བཞིན་ནོ། །དེའི་ཕྱིར་བདེ་བ་སྟོབས་ཆེན་མྱོང་བཞིན་པ་ན་དེའི་འགལ་ཟླར་གྱུར་པའི་སྡུག་བསྔལ་ཕྲ་བའང་མྱོང་བ་མེད་དོ། །ཡང་ཁོ་ན་རེ། སྡུག་བསྔལ་ཕྲ་མོ་ཡོད་ཀྱང་དེ་ནི་རང་གི་ནུས་པ་འབྱིན་མ་ནུས་པར་བདེ་བ་སྟོབས་ཆེན་པོས་ཁ་བསྒྱུར་ཏེ་སོང་བས་ན། བདེ་བ་ཆེན་པོ་དེ་ལས་གཞན་དགའ་བ་ཙམ་སྟེ་དགའ་བ་ཕྲ་མོའི་རྣམ་པར་མྱོང་བ་ཡིན་ཏེ། ཤེལ་དཀར་པོ་རྡུལ་དམར་པོས་ཁ་བསྒྱུར་ནས་དམར་པོར་སྣང་ཡང་ཤེལ་དཀར་པོ་མེད་པ་ནི་མིན་པ་བཞིན་ནོ་ཞེ་ན།
དགའ་བ་ཙམ་དུ་གཏོགས་པའི་ཕྲ་མོ་ཉིད་དེའང་དགའ་བ་དེའི་རིགས་ཡིན་གྱི་སྡུག་བསྔལ་ནམ་ཡང་མ་ཡིན་ན། དེ་དོན་དུ་སྡུག་བསྔལ་ལོ་ཞེས་བརྟགས་པས་ཅི་བྱ་སྟེ། སྡུག་བསྔལ་ཉིད་དགའ་བ་ཕྲ་མོར་མྱོང་བའི་དགའ་བ་ཙམ་དང་། དགའ་བ་རང་ཉིད་ཕྲ་མོར་མྱོང་བའི་དགའ་བ་ཙམ་གྱི་ཆ་ཞེས་ཁྱད་པར་ཅི་ཞིག་གིས་འབྱེད་དེ་མེད་བཞིན་ནན་གྱིས་བཙལ་བ་ནམ་མཁའ་ལ་མདུད་པ་བོར་བ་འདིས་ཅི་བྱ། དཔེ་དག་ཀྱང་རང་ཉིད་མ་གྲུབ་པ་སྒྲུབ་བྱེད་དུ་བཀོད་པ་ཡིན་གྱི་དེས་མི་འགྲུབ་བོ། །གལ་ཏེ་འགལ་རྐྱེན་བདེ་བ་སྟོབས་ལྡན་སྐྱེས་པས་ན། རྒྱུ་མ་ཚང་པའི་སྡུག་བསྔལ་ནི་དེ་ཚེ་སྐྱེས་པ་མིན་ནོ་ཞེ་ན། ཚོར་བ་ཞེས་བྱ་བ་དེ་ནི་དངོས་པོ་ལ་གྲུབ་པ་མེད་པར་ནང་གི་རྟོག་པས་བདེ་སོགས་སུ་མངོན་པར་ཞེན་པའམ་བཏགས་པ་ཡིན་པར་དངོས་པོའི་སྟོབས་ལས་གསལ་པོར་འོངས་ཤིང་གྲུབ་པ་མིན་ནམ་སྟེ། འདི་ལྟར་བློ་ཉིད་བདེ་བར་སྐྱེས་པའི་སྐབས་སུ་ནི་སྡུག་བསྔལ་མེད་ལ། སྡུག་བསྔལ་དུ་སྐྱེས་པའི་སྐབས་སུ་ནི་བདེ་བ་མེད་ཅིང་རྐྱེན་ལས་རེས་འགའ་བར་དམིགས་པའི་ཕྱིར་རོ། །དེས་ན་དོན་དུ་གཉེར་བར་བྱ་བའི་བདེ་བ་དང་། དོར་བར་བྱ་བའི་སྡུག་བསྔལ་ཞེས་གྲུབ་གྲུབ་མོ་ཞིག་ཏུ་བལྟས་ནས་དེ་འདོར་ལེན་གྱི་ཆེད་དུ་འབད་པ་ནི་འཁྲུལ་བ་སྟེ་བདེ་སྡུག་ཅེས་པ་བློ་ཉིད་ཀྱིས་མངོན་པར་མ་བརྟགས་ཀྱི་བར་དུ་བདེ་སྡུག་རང་མཚན་པ་ཕྱི་དང་ནང་ཀུན་ཏུའང་མི་གནས་པས་སོ། །དཔེར་ན་སྐྱུགས་ནད་ཅན་དང་བཀྲེས་པ་ལ་མར་ཁུ་དང་། གཙང་སྦྲ་ཅན་དང་ཕག་པ་ལ་ལུད་ཕུང་དང་། མི་སྡུག་པ་གོམས་པ་དང་ཆགས་ཅན་ལ་བུད་མེད་ཀྱི་དངོས་པོ་བཞིན་དུ་རང་གི་རྟོག་པའི་དབང་གིས་བདེ་སོགས་དེར་འགྱུར་བ་སྟེ་བདེ་སོགས་ཀྱི་དངོས་པོ་རང་མཚན་པ་མེད་དོ། །རྒྱུ་མཚན་དེ་ལྟ་བུ་ཉིད་ཀྱི་ཕྱིར་ན་ཚོར་བ་བདེ་སོགས་ལ་དེ་ཉིད་དུ་མངོན་པར་ཞེན་ནས་འདོར་ལེན་གྱི་རྣམ་པར་རྟོག་པའི་འཕྲོ་འདུ་ལུ་གུ་
རྒྱུད་དུ་འབྲེལ་བའི་ཚུལ་འདིའི་གཉེན་པོར་ཇི་སྐད་བཤད་མ་ཐག་པའི་རྣམ་པར་དཔྱད་པ་འདི་ལྟ་བུ་བསྒོམ་པར་བྱ་སྟེ། ཚོར་བ་ལ་མངོན་པར་ཞེན་པའི་འཇིག་རྟེན་འདི་ཀུན་ནས་སྨྱོན་པ་བཞིན་དུ་འཁྲུགས་པར་གྱུར་ཅིང་། དེའི་གཉེན་པོ་ནི་འདི་ལས་གཞན་མེད་པའི་ཕྱིར་རོ། །དེ་འདྲའི་རྣམ་པ་བརྟག་ཅིང་དཔྱད་པའི་ཞིང་ས་བཟང་པོ་ལྟ་བུ་ལས་བྱུང་བའི་ཚོར་བ་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པའི་བསམ་གཏན་དེ་ནི་རྣལ་འབྱོར་པ་རྣམས་ཀྱིས་ལོངས་སྤྱད་པའི་ཟས་ཡིན་ཏེ། ཇི་ལྟར་ཟས་ཀྱིས་ལུས་རྒྱས་པ་དང་དགའ་ཞིང་ཚིམ་པར་བྱེད་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཆགས་བྲལ་གྱི་དགའ་བ་ཉམས་སུ་མྱོང་ཞིང་རྟོགས་པའི་ལུས་རྒྱས་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་པ་རྣམས་ནི་ཚོར་བ་མེད་པར་མཐོང་བའི་ཡུལ་ལ་རོལ་ཞིང་། འཇིག་རྟེན་པ་ཚོར་བ་ཉིད་ཀྱི་ཡུལ་ལ་གཡེང་ཞིང་རྒྱུག་གོ་ཞེས་པའི་དོན་ནོ། །གཉིས་པ། གལ་ཏེ་ཡུལ་ཅན་དབང་པོ་དང་ཡུལ་གཟུགས་སོགས་དོན་གཉིས་པོ་འདི་དག་བར་དང་བཅས་པ་ཞིག་གམ་བར་མེད་ཅིག་ཡིན། དང་པོ་ལྟར་ན། དེ་དག་གང་དུ་ཕྲད་པར་འགྱུར་ཏེ་བར་ཆོད་པ་ལ་ཕྲད་པ་མི་སྲིད་པ་ཤར་ནུབ་ཀྱི་རི་བཞིན། གལ་ཏེ་དེ་གཉིས་ལ་བར་མེད་ན་ཡང་གཅིག་པ་ཉིད་དུ་ཐལ་ཏེ། དེ་ལྟར་ན་ཡུལ་ཅན་གང་ཞིག་ཡུལ་གང་དང་ཕྲད་པར་འགྱུར་ཏེ། མིག་རང་ཉིད་རང་ཉིད་དང་ཕྲད་པ་མི་སྲིད་པ་བཞིན་ནོ། །དེར་ཁོ་ན་རེ། ཐལ་མོ་ཕན་ཚུན་སྦྱར་བ་ལ་སོགས་པ་བཞིན་དུ་ཕྲད་པ་ཅི་སྟེ་མེད་སྙམ་ན། འདི་ལྟར་ཕྲད་པར་སྣང་བ་འདིའང་རྟོག་པས་ཞེན་པ་ཙམ་སྟེ་ཡང་དག་པར་ནི་མ་ཡིན་ནོ། །དེའི་རྒྱུ་མཚན་དབང་དོན་རགས་པ་ནི་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་མེད་དེ། གང་མདུན་ཕྲད་ན་རྒྱབ་མ་ཕྲད་པ་ལྟ་བུའོ། །དེའི་ཚུལ་གྱིས་དཔྱད་ན། རྡུལ་གཞན་གྱིས་བར་དུ་ཆོད་པའི་རྡུལ་རྣམས་ནི་མ་ཕྲད་ལ། མཐར་བར་
མ་ཆོད་བའི་དབང་དོན་གྱི་རྡུལ་ཕྲ་རབ་ཕྲད་དགོས་ཀྱང་། དེ་ལ་རྡུལ་ཕྲ་རབ་ནི་ཕྲ་རབ་ལ་འཇུག་པ་མེད་དེ། དེ་ལ་ཆ་མེད་པས་གཞན་ཤོང་བའམ་འཇུག་པའི་གོ་སྐབས་མེད་པར་ནི་ཕན་ཚུན་གཉིས་ཀའང་མཉམ་པར་གྱུར་པ་ཡིན་ལ། དེའི་ཕྱིར་དེ་གཉིས་ངོས་གཅིག་གིས་ཕྲད་ཀྱི་ཆ་ཐམས་ཅད་མ་ཕྲད་ན་ནི་ཆ་མེད་མིན་ཏེ། ད་རུང་མ་ཕྲད་པའི་རྡུལ་བཞག་ནས་ཕྲད་རྡུལ་དེ་ཉིད་ལ་དཔྱད་པ་འཇུག་ལ། ཆ་ཐམས་ཅད་ཀྱིས་ཕྲད་ན་ཕན་ཚུན་ཞུགས་ཤིང་ཐིམ་དགོས་ཀྱང་དེ་ལ་ཞུགས་པའི་གོ་སྐབས་མེད་པར་མཉམ་པའི་ཕྱིར་ཞུགས་པ་མེད་དོ། །མ་ཞུགས་པ་ལ་རྡུལ་གཉིས་པོ་གཅིག་ཏུ་འདྲེས་པ་མེད་ཅིང་། མ་འདྲེས་པ་ལ་ཕྲད་པའང་མེད་དེ། ཆ་མེད་ཕྲད་ན་ཕྱོགས་ཐམས་ཅད་ཀྱིས་ཕྲད་དགོས་ཀྱི། ཕྱོགས་གཅིག་ཕྲད་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཆ་མེད་པའང་ཡིན་ལ། དེ་ལ་ཕྲད་པ་ཡོད་དོ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ། ཕྱོགས་གཅིག་དང་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་གཉིས་ཀ་དེ་ལ་མི་སྲིད་པའི་ཕྱིར་རོ། །དེས་ན་ཕྲད་པ་ཡིན་པ་དང་ནི་ཆ་མེད་པ་ཡིན་པར་ཁྱོད་ཀྱིས་མཐོང་ན་ཁོ་བོ་ལ་བསྟན་པར་གྱིས་དང་ཕྲད་པ་གྲུབ་པར་འགྱུར་རོ་ཞེས་བསྟན་མི་ནུས་པའི་ཚད་དུ་དགོངས་པའོ། །དེས་ཡུལ་དབང་ཤེས་གསུམ་འདུས་པ་ཞེས་པའི་དབང་དོན་འདུས་པ་མེད་པར་བསྟན་ནས། ཡང་རྣམ་ཤེས་ནི་རྡུལ་ཚོགས་པའི་ལུས་མེད་པ་ལ་ཡུལ་དང་ཕྲད་པ་འཐད་པ་མིན་ཏེ། གང་ལུས་མེད་ཀྱང་ཕྲད་པ་ཡོད་ན་ནམ་མཁའ་དང་ལག་པ་ཕྲད་པ་དང་། མོ་གཤམ་གྱི་བུ་དང་ཡང་ཕྲད་པར་འགྱུར་རོ། །སེམས་ཡོད་པས་ན་དཔེ་འདི་མི་རུང་ངོ་སྙམ་ན་ལུས་མེད་ཀྱི་ཕྲད་པ་དཔྱད་པའི་ཕྱིར་མི་རུང་བ་མེད་དོ། །གལ་ཏེ་ཕྲད་ཅིང་རེག་པ་མེད་ཀྱང་ཡུལ་དབང་ཤེས་
གསུམ་ཚོགས་པ་ཡོད་དོ་སྙམ་ན། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ཞེས་པ་ལ་སོགས་པར་ཚོགས་པ་དངོས་པོ་མེད་པར་སྔར་རྣམ་པར་དཔྱད་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་རྒྱུ་རེག་པ་ཡོད་པ་མིན་ན། འབྲས་བུ་ཚོར་བ་གང་ལས་འབྱུང་བར་འགྱུར་ཏེ་དོན་དམ་པར་མེད་ལ། དེ་མེད་ན་ངལ་བ་སྣ་ཚོགས་པ་འདི་ཅི་ཞིག་གི་དོན་དུ་ཡིན་ཏེ། གང་དོན་དུ་གཉེར་ཞིང་བསྒྲུབ་པར་བྱ་བའི་བདེ་བ་མེད་ལ། སྡུག་བསྔལ་གང་གིས་གང་ཟག་གང་ལ་གནོད་པར་འགྱུར་ཏེ་སྒྱུ་མའི་སེམས་འཁྲུལ་པའི་སྣང་བ་ཙམ་མོ་ཞེས་སོ། །གསུམ་པ། འདི་ལྟར་སྲེད་པ་ལྡོག་མེད་དུ་སེམས་ཅན་ཐམས་ཅད་ལ་སྐྱེ་བས་ན་དེའི་རྒྱུ་ཚོར་བ་ཅི་སྟེ་མེད་ཅེ་ན། འདི་ཡང་རྨོངས་པ་ཙམ་སྟེ་ཡང་དག་པར་མ་ཡིན་ནོ། །དེའང་གང་གི་ཚེ་ཚོར་བ་པོ་ བདག་དང་ཤེས་པ་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད ་ཅིང་། དེས་མྱང་བྱ་ཚོར་བའང་ཡོད་པ་མིན་པ་དེ་ཚེ་ཚོར་བྱ་དང་ཚོར་བྱེད་དོན་ལ་མེད་པའི་གནས་སྐབས་འདི་ལྟ་བུ་མཐོང་ནས་ཚོར་བའི་རྒྱུ་ལས་བྱུང་བའི་འབྲས་བུ་སྲེད་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཏེ་རྒྱུ་མེད་པའི་ཕྱིར། བཞི་པ། གལ་ཏེ་ཚོར་བ་དང་ཚོར་བ་པོ་མེད་ན་མཐོང་སོགས་འདི་མི་འཐད་དོ་སྙམ་ན། མིག་གིས་གཟུགས་མཐོང་བའམ་ལུས་ཀྱིས་རེག་པ་སྟེ་ཐོག་མཐའ་གཉིས་ཀྱིས་བར་ཀུན་མཚོན་པར་བྱས་པའི་མཐོང་ཐོས་སྣོམ་པ་ལ་སོགས་ པ་འདི་དག་དོན་ལ་མེད་ཀྱང་སྣང་བ་ནི་རྨི་ལམ་སྒྱུ་མ་འདྲ་བའི་བདག ་ཉིད་ཀྱིས་ཡིན་ཏེ། སློབ་དཔོན་གྱིས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །ཞེས་སོ། །དེས་ན་མི་བདེན་བཞིན་དུ་སྣང་བ་ཙམ་ལས་ཡང་དག་པར་ན་མི་མཐོང་སྟེ། འདི་ལྟར་ཚོར་བ་དང་དེ་མྱོང་བའི་སེམས་དུས་མཉམ་མམ་མི་མཉམ་ཞེས་དཔྱད་ཚེ། དུས་མཉམ་པར་གྱུར་ན་ནི། མྱོང་བྱེད་སེམས་དང་མྱང་བྱ་ཚོར་བ་
གཉིས་དུས་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར། ཚོར་བ་དེ་སེམས་དེ་ཡིས་མྱོང་བ་མ་ཡིན་ཏེ། རྫས་ཐ་དད་དུས་མཉམ་པ་ནི་གང་གང་གི་སྔོན་དུ་མེད་པས་ཕན་ཚུན་མི་ལྟོས་ཤིང་འབྲེལ་མེད་སོ་སོ་བའི་ཕྱིར་མི་མྱོང་ངོ་། །གལ་ཏེ་དུས་མི་མཉམ་པར་ཚོར་བ་སྔར་སྐྱེས་པ་དང་། སེམས་ཕྱི་མར་སྐྱེས་པའི་ཕྱིར་སེམས་ཚོར་བའི་རྣམ་ལྡན་དུ་འགྱུར་རོ་ཞེ་ན། ཚོར་བ་དེ་སེམས་ཀྱི་རང་དུས་ན་མེད་པས་དངོས་སུ་མྱོང་བ་མིན་པར་དྲན་པ་ཙམ་དུ་འགྱུར་ཏེ་འདས་པ་ལ་དམིགས་པ་ཐམས་ཅད་དྲན་པ་ཡིན་གྱི་འདས་པ་ད་ལྟ་མེད་པས་གསལ་པོར་མྱོང་བ་མི་སྲིད་དོ། །དེས་ན་འདས་པ་ལ་དྲན་པ་དེའང་བརྟགས་ན་རྫུན་ཏེ་འདས་པ་ཉིད་ད་ལྟ་ཡུལ་དུ་མི་གནས་པས་སོ། །དེ་ལྟར་ཚོར་བྱེད་ཀྱི་སེམས་འདས་པ་ནི་འགགས་ཟིན་པས་དེས་མྱོང་མི་སྲིད་ལ། ད་ལྟ་དང་མ་འོངས་ཀྱིས་མི་མྱོང་བར་རིགས་པས་བསྒྲུབ་པའོ། །དེ་བཞིན་ཡུལ་ཚོར་བ་འདས་པ་ནི་དྲན་པ་ལས་མི་མྱོང་ལ། ད་ལྟ་ནི་མྱོང་མི་ཤེས། མ་འོངས་ནི་མེད་པས་ད་ལྟའི་ཤེས་པས་མྱོང་མི་སྲིད་དོ། །འདི་ལྟར་ཚོར་བ་རང་གིས་རང་མྱོང་བར་མི་རིགས་ཏེ་རང་ལ་རང་བྱེད་པ་འགལ་བའི་ཕྱིར་རང་རིག་པ་བཀག་པ་བཞིན་ནོ། །ཚོར་བ་ལས་གཞན་དུ་གྱུར་པའི་ཤེས་པས་ཀྱང་མི་མྱོང་བར་བཤད་མ་ཐག་པ་ཉིད་ཀྱི་ཕྱིར་ན། ཚོར་བ་དེ་ཚོར་བ་པོ་འགའ་ཡང་ཡང་དག་པར་མེད་དེ། རྒྱུ་མཚན་དེས་ན་ཚོར་བ་འདི་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ནོ། །དེ་ལྟར་མྱོང་བ་པོའི་ བདག་མེད་པར་ཕུང་པོའི་ཚོགས་པ ་རྨི་ལམ་སྒྱུ་མ་ལྟ་བུ་འདི་ལ་ཚོར་བ་སྡུག་བསྔལ་བ་ཞེས་རང་བཞིན་མ་གྲུབ་པ་འདི་ཡིས་ཇི་སྟེ་གནོད་པར་བྱ་བ་ཡིན་ཏེ། དོན་དུ་ན་ཕན་གནོད་གང་ཡང་མེད་དོ། །ཞེས་སོ། །གསུམ་པ་ལ། ཡིད་ཤེས་རང་བཞིན་མེད་པར་བསྟན་པ། རྣམ་ཤེས་ལྔ་རང་བཞིན་མེད་པར་བསྟན་པའོ། །དང་པོ་ཡིད་ཀྱི་ཤེས་པ་ནི། ནང་གི་དབང་པོ་ལ་མི་གནས་ཤིང་།
ཕྱིའི་གཟུགས་སོགས་ཡུལ་ལ་མི་གནས། དེ་གཉིས་ཀྱི་བར་ནའང་གནས་པ་མིན་ལ། ནང་ལུས་ཀྱི་དབུས་དང་། ཕྱི་ལུས་ཀྱི་ཡན་ལག་རྣམས་ལའང་སེམས་མི་རྙེད་དོ། །བརྗོད་མ་ཐག་པ་རྣམས་ལས་གཞན་དུ་ཡང་ནི་རྙེད་པ་མིན་ཞིང་། གང་ཞིག་ལུས་ཉིད་ནི་ཡིད་མིན་ལ། ལུས་ལ་འདྲེས་ཤིང་ཞུགས་པར་གྱུར་པའང་མིན་ཏེ། ལུས་ལས་ལོགས་སུ་གྲུབ་པ་འགའ་ཡང་མེད་པ་དེ་ནི། ཅུང་ཟད་ཀྱང་གྲུབ་པ་མེད་པ་དེའི་ཕྱིར་སེམས་ཅན་རང་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །གཉིས་པ། ཤེས་བྱ་གཟུགས་ལ་སོགས་པ་ལས་སྔར་མིག་ཤེས་སོགས་ཡོད་ན་ཤེས་པ་དེ་ནི་ཡུལ་ཅི་ལ་དམིགས་ནས་སྐྱེ་སྟེ། དེའི་ཚེ་ཡུལ་མེད་པས་ཡུལ་ཅན་སྐྱེ་བ་མེད་དོ། །ཤེས་དང་ཤེས་བྱ་ལྷན་ཅིག་ཏུ་སྐྱེ་ནའང་ཤེས་པ་དེ་ཅི་ལ་དམིགས་ནས་སྐྱེ་སྟེ། ཤེས་པ་མ་སྐྱེས་པར་དམིགས་རྐྱེན་མི་སྐྱེ་བས་སྐྱེད་མི་ནུས་ལ། དམིགས་རྐྱེན་སྐྱེས་ན་ཤེས་པའང་སྐྱེས་ཟིན་པས་སྐྱེད་བྱེད་དུ་མི་འོས་པས་འབྲེལ་མེད་དུ་གྱུར་པའི་ཕྱིར་རོ། །འོན་ཏེ་ཤེས་བྱའི་ཕྱིས་ཡོད་ན། དེ་ཚེ་ཤེས་བྱ་གང་ལས་སྐྱེ་སྟེ། དེའི་དམིགས་ཡུལ་འགགས་པའི་ཕྱིར། དེ་ལ་སྔར་འགགས་པའི་དངོས་པོ་དེ་ད་ལྟར་ཡོད་དམ་མེད། ཡོད་ན་འགགས་པ་མིན་ཏེ་དུས་མཉམ་དུ་འགྱུར་ལ། མེད་ཀྱང་སྐྱེད་ན་ས་བོན་ཚིག་པས་མྱུ་གུ་དང་། རི་བོང་རྭས་ཀྱང་མིག་ཤེས་ལ་སོགས་སྐྱེད་པར་ཐལ་ལོ། །ཞིག་མ་ཞིག་ཀྱང་དེ་དང་དོན་གཅིག་གོ །བཞི་པ་ཆོས་དྲན་པ་ཉེར་བཞག་ལ། ཆོས་ཐམས་ཅད་སྐྱེ་མེད་དུ་སྤྱིར་བསྟན་པ་དང་། རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ་བྱེ་བྲག་ཏུ་དཔྱད་པའོ། །དང་པོ་ལ་དངོས་དང་། རྩོད་སྤོང་གཉིས། དང་པོ། སྔར་བཤད་པ་དེ་ལྟར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་སྐྱེ་བ་རྟོགས་པར་འགྱུར་བ་མ་ཡིན་ཏེ་སྐྱེ་བ་མེད་དོ། །གང་སྐྱེ་བ་མེད་པ་དེ་ལ་གནས་པ་སོགས་ཀྱང་མེད་དེ།
དོན་དུ་ན། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་པ་བཞིན་ནོ། །གཉིས་པ་ལ། བསྒྲུབ་བྱ་མི་འཐད་པ་སྤོང་བ། སྒྲུབ་བྱེད་མི་འཐད་པ་སྤོང་བའོ། །དང་པོ་ནི། འདི་ལྟར་ཤེས་བྱའི་ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་ཡང་སྐྱེ་འགག་ལ་སོགས་པ་ཅུང་ཟད་ཀྱང་མེད་ན་སྐྱེ་འགག་དང་འགྲོ་འོང་ལ་སོགས་པའི་ བདག་ཉིད་ཅན་ཀུན་རྫོབ་པ་མེད ་པར་འགྱུར་ལ། གང་ཀུན་རྫོབ་མི་འདོད་པ་དེ་ལ་དོན་དམ་ཀྱང་མེད་པས་བདེན་པ་གཉིས་ཀའང་ག་ལ་ཡོད་དེ་བདེན་པ་གཅིག་ཏུ་འགྱུར་རོ་སྙམ་ན། བདེན་པ་གཉིས་སུ་བཞག་པ་ནི་གདུལ་བྱ་ལམ་ལ་འཇུག་པའི་སྒོ་ཙམ་སྟེ། དོན་དམ་པར་བདེན་པ་གཉིས་སུ་ཆད་པའང་མེད་དེ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་དེ་བཞིན་ཉིད་ཙམ་གནས་ལུགས་མཐར་ཐུག་གོ ། དེ་སྐད་དུའང་མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞི་ཞེས་འཛེར། །བྱང་ཆུབ་སྙིང་པོར་འདུག་ན་བདེན་གཅིག་ཀྱང་། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཞིག །ཅེས་པ་བཞིན་ནོ། །དོན་དམ་པར་བདེན་པ་གཉིས་སུ་བཞག་པ་མེད་ཀྱང་ཐ་སྙད་དུ་ཡོད་དེ། སྣང་ཚུལ་དང་གནས་ཚུལ་གཉིས་སུ་ངེས་པའི་ཕྱིར། སྔར་འདི་ནི་བདེན་པ་གཉིས་སུ་འདོད་ཅེས་པ་བཞིན་ནོ། །ཡང་ཁོ་ན་རེ། དེ་ལྟར་བདེན་པ་གཉིས་སུ་བཞག་པའི་ཡ་གྱལ་ཀུན་རྫོབ་ཀྱི་དངོས་པོ་རང་མཚན་པ་ཞིག་མེད་པར་ཀུན་རྫོབ་ཅེས་པ་གཞན་བློ་ཡིས་འཇོག་དགོས་ཤིང་། དེས་བཞག་པས་དེར་འགྱུར་ན་སེམས་ཅན་རྣམས་མྱ་ངན་ལས་འདའ་བར་མི་འགྱུར་ཏེ། སེམས་ཅན་གྱི་མཐའ་མ་ཟད་པ་སྲིད་དུ་བློ་མི་འཛད་ལ། བློ་མ་ཟད་པ་སྲིད་དུ་བློས་བཞག་པའི་ཀུན་རྫོབ་མི་འཛད་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཟད་པའི་
མྱང་འདས་ཞེས་པ་འདི་ནམ་ཡང་མི་སྲིད་དོ་ཞེ་ན། ནམ་ཡང་རྒྱུན་མི་ལྡོག་པའི་ཀུན་རྫོབ་ཀྱི་སྣང་བ་འདི་ནི་གཞན་སེམས་ཅན་རྣམས་ཀྱི་རང་རང་གི་རྣམ་པར་རྟོག་པའི་སྤྲོས་པའི་དབང་གིས་སྣང་བ་སྐྲ་ཤད་དང་རྨི་ལམ་ལ་སོགས་པ་ལྟ་བུ་སྟེ། དེ་ནི་མྱ་ངན་ལས་འདས་པ་པོ་རང་གི་ངོར་སྣང་བའི་ཀུན་རྫོབ་མིན་ཏེ། དེས་ན་གཞན་གྱི་གཉིས་སྣང་སྤྲོས་པ་ཡོད་པས་གཅིག་མྱ་ངན་ལས་མི་འདའ་བ་མ་ཡིན་ལ། གཅིག་གི་གཟུང་འཛིན་དབྱིངས་སུ་ནུབ་པས་ཐམས་ཅད་ཀྱི་གཟུང་འཛིན་མེད་པར་འགྱུར་བ་ག་ལ་ཡིན། གཉིད་ན་གཅན་གཟན་དང་ཆུ་བོ་སོགས་རྟོག་པའི་དབང་གིས་བཞག་པ་མིན་པའི་ཡུལ་རང་མཚན་པ་མེད་ཀྱང་གཉིད་སད་པའི་གང་ཟག་སོ་སོའི་གཉིད་ཀྱི་སྣང་བ་འགགས་ཀྱི། གཞན་ལ་གཉིད་ཀྱི་སྣང་བ་ཡོད་ཀྱང་སད་པ་དེ་ལ་མི་གནོད་པ་བཞིན་ནོ། །འཇུག་པ་ལས། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་པ་བཞིན་ནོ། །དེས་ན་གཟུང་འཛིན་གཉིས་སྣང་གི་བག་ཆགས་ཕྲ་བའང་ལྡོག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་པའི་ཕྱིས་ན་ཡང་སྐྱེ་སོགས་ཀུན་རྫོབ་ཀྱི་སྤྲོས་པ་དེ་ངེས་པར་ཡོད་ན་རང་ལ་ལྟོས་པའི་ཀུན་རྫོབ་བམ་སྤྲོས་པ་ཡོད་ཀྱང་། དེ་ལྟ་བུ་མིན་ན་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་མེད་པ་ཡིན་པས་མྱ་ངན་ལས་འདས་པ་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་བཞིན་དུ་སྐྱེ་སོགས་སྤྲོས་པའི་དྲྭ་བ་མ་ལུས་པ་ཞི་བའི་བུད་ཤིང་ཟད་པའི་མེ་བཞིན་སེམས་སེམས་བྱུང་གི་རྒྱུ་བ་ལྷག་མ་མ་ལུས་པར་ལོག་སྟེ་ཆོས་ཀྱི་དབྱིངས་སྣང་སྟོང་
ཟུང་འཇུག་བརྗོད་དུ་མེད་པའི་ངང་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པའི་རང་བྱུང་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་ཤེས་བྱ་ཀུན་ཏུ་གཟིགས་ཀྱང་སྤྲོས་པའི་རང་བཞིན་ཉེ་བར་ཞི་བ་ཁོ་ནའོ། །འདིའི་སྐབས་སུ་སེམས་སེམས་བྱུང་གི་སྤྲོས་པ་ལྷག་མེད་དུ་ལོག་པས་ན་ཡེ་ཤེས་མཐར་ཐུག་པ་མངོན་དུ་གྱུར་པ་དང་། རང་བྱུང་གི་ཡེ་ཤེས་ཉིད་བརྙེས་པས་སེམས་འགགས་པ་གོ་བར་བྱ་སྟེ། སོ་སྐྱེའི་ཀུན་རྟོག་གིས་སྦགས་ནས་སྤྲོས་པའི་སེམས་མ་འགགས་སམ་སྙམ་པ་དང་། འགགས་པའི་རྗེས་སུ་ཡེ་ཤེས་མེད་པར་མར་མེ་ཤི་བ་ལྟར་བསམས་ན་ནི་སངས་རྒྱས་ལ་སྐུར་འདེབས་ཆེན་པོ་ཡིན་པས་དེ་སྤང་བའི་ཕྱིར་ཟབ་མོའི་དོན་ལ་ངེས་པའི་ཤེས་པ་བསྐྱེད་པར་བྱའོ། །གཉིས་པ་ལ། བདེན་པ་མེད་ཀྱང་རྣམ་དཔྱོད་འཐད་པའི་ཚུལ། བདེན་པར་གྲུབ་པའི་རྣམ་དཔྱོད་མི་འཐད་པའོ། །དང་པོ། ཁྱོད་ལྟར་ན་ཤེས་བྱ་ཤེས་བྱེད་རང་བཞིན་མེད་པས་ན་རྣམ་པར་དཔྱོད་པའང་མི་འཐད་པར་འགྱུར་རོ་ཞེ་ན། ཡུལ་ཅན་རྟོག་པ་དང་། བརྟག་པར་བྱ་བ་ཡུལ་གཉིས་པོ་དག་ངོ་བོས་མ་གྲུབ་ཀྱང་། ཕན་ཚུན་བརྟེན་ཅིང་ལྟོས་ནས་བཞག་པ་ཙམ་ཡིན་ཏེ། དེས་ན་ཇི་ལྟར་འཇིག་རྟེན་ན་མ་བརྟགས་ཉམས་དགའ་བ་ཙམ་གྱི་གྲགས་པའི་ཐ་སྙད་ལ་བརྟེན་ནས་རྣམ་པར་དཔྱད་པ་ཐམས་ཅད་བརྗོད་པ་ཡིན་པས་ཆེས་འཐད་པ་ཉིད་དོ་ཞེས་སོ། །དེ་ལ་དེ་དག་ན་རེ། རྣམ་པར་བརྟག་ཅིང་སྤྲོས་པའི་ཆོས་ཀུན་མི་བདེན་པར་རྟོགས་པའི་སླད་དུ། གང་ཚེ་ཡུལ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་དཔྱད་པ་ཡི་ཤེས་པའམ། རྣམ་དཔྱོད་ཀྱིས་དཔྱོད་པར་བྱེད་ན། རྣམ་དཔྱོད་དེས་རང་གིས་རང་ཡུལ་དུ་བྱས་ནས་དཔྱད་མི་ནུས་པས། དེ་ཚེ་རྣམ་དཔྱོད་དང་པོ་དེ་ཡང་ནི་གཉིས་པས་རྣམ་པར་དཔྱོད་དགོས་པ་ལ་སོགས་པའི་ཕྱིར་ན་ཁྱོད་ཀྱི་རྣམ་དཔྱོད་ཐུག་པ་མེད་པར་འགྱུར་རོ་ཞེ་ན། དཔྱད་བྱ་ཆོས་ཐམས་ཅད་བདེན་མེད་
དུ་རྣམ་པར་དཔྱད་པར་བྱས་ནས་སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་མཐའ་གང་དུ་མི་གནས་པར་ངེས་པ་དེ་ཡི་ཚེ། རྣམ་དཔྱོད་ལ་ནི་འདིའོ་ཞེས་གཟུང་བའི་རྟེན་ནམ་ཡུལ་ཡོད་པ་མིན་ལ། ནམ་ཞིག་དམིགས་གཏད་ཀྱི་ཡུལ་ལམ་རྟེན་མེད་པ་དེས་ན་ཡུལ་ཅན་དེ་མི་སྐྱེ་སྟེ་སྤྲོས་པ་ཐམས་ཅད་ཞི་བས་ན། རྣམ་དཔྱོད་དེའང་ཆུ་ལ་བས་བཞིན་དུ་ཆོས་ཉིད་ཀྱི་ངང་དུ་རང་བཞིན་གྱིས་མྱ་ངན་ལས་འདས་པར་བརྗོད་དོ། །གཉིས་པ། དངོས་པོར་སྨྲ་བ་གང་གི་ལུགས་ལྟར་ན་དོན་ཤེས་འདི་གཉིས་ཤིན་ཏུ་བདེན་དཀའ་བར་གནས་ཏེ། སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། དེ་ཡང་གལ་ཏེ་ཤེས་པ་ཉིད་ཚད་མར་གྲུབ་པའི་དབང་ལས་དོན་ཡོད་པར་གྲུབ་སྟེ་ཤེས་པ་ཚད་མ་འདི་ཉིད་ཀྱིས་ཡོད་པར་མཐོང་བས་སོ་ཞེ་ན། ཤེས་པ་བདེན་པར་ཡོད་པ་ཉིད་ལ་རྒྱུ་མཚན་ནམ་རྟེན་ཅི་ཞིག་ཡོད་ཅེས་དྲིའོ། །དེ་ལ་ཤེས་པ་རང་གིས་དོན་དམ་པར་མི་གྲུབ་ལ་ཤེས་པ་གཞན་གྱིས་བསྒྲུབས་ན་ཐུག་མེད་དུ་འགྱུར་བས་སྒྲུབ་བྱེད་གཞན་མེད་ལ། འོན་ཏེ་ཤེས་བྱའམ་གཞལ་བྱ་བདེན་པ་མངོན་སུམ་པ་འདི་འཛིན་པས་གྲུབ་བོ་ཞེ་ན། ཤེས་བྱ་ཡོད་པ་ལ་རྟེན་ཅི་ཡོད་ཅེས་དྲི། དེའི་རྟེན་ནི་ཤེས་པ་ཡིན་ཏེ། དོན་ཤེས་ཕན་ཚུན་གཅིག་གིས་གཅིག་སྒྲུབ་ཅེ་ན། དེ་འདྲའི་ཡོད་པ་དེ་ནི་རང་གི་ངོ་བོས་མ་གྲུབ་པར་ཕན་ཚུན་གཅིག་ལ་གཅིག་ལྟོས་པའི་དབང་གིས་ཡོད་པ་སྟེ་རིང་ཐུང་བཞིན། དེའི་ཕྱིར་གང་རུང་གཅིག་སྒྲུབ་པ་ན་གཅིག་ཤོས་དཔེར་མི་རུང་སྟེ་དེ་མ་གྲུབ་པའི་ཕྱིར། དེས་ན་དོན་དམ་པར་གཉིས་ཀའང་ནི་མེད་པར་འགྱུར་ལ། གལ་ཏེ་བུ་མེད་ན་ཕ་ཡོད་པ་མིན་ཏེ། ཕར་འཇོག་བྱེད་མེད་པས་སོ། །དེ་ལྟར་ཕ་མིན་ན་བུ་ཉིད་གང་ལས་བྱུང་བ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་གཉིས་ཀ་མི་འཐད་དོ། །ཇི་ལྟར་འཇོག་བྱེད་བུ་མེད་པར་དེའི་སྔོན་དུ་ཕ་མེད་པ་དེ་བཞིན་འདིར་དོན་ཤེས་གཉིས་ལས་གང་བསྒྲུབ་བྱར་བྱས་པ་དེ་སྔར་མ་གྲུབ་པ་བུ་ལྟ་བུ་
དེའི་སྔོན་དུ་དེའི་སྒྲུབ་བྱེད་གཅིག་ཤོས་ཕ་ལྟ་བུ་དེ་ཡོད་མི་སྲིད་པས་མཐར་དེ་གཉིས་ཀ་མེད་པ་ཉིད་དོ། །ཞེས་སོ། །ཡང་དེ་དག་འདི་སྙམ་དུ། འདི་ལྟར་ཕན་ཚུན་གྱི་དབང་གིས་གྲུབ་བོ་ཞེས་མི་སྨྲ་སྟེ། འོན་ཀྱང་ཤེས་བྱའི་འབྲས་བུ་ཤེས་པ་ཡིན་ལ། དེས་ཤེས་བྱ་དེ་ཡོད་པར་ཅིས་མི་རྟོགས་ཏེ། དཔེར་ན་མྱུ་གུ་ནི་ས་བོན་ལས་སྐྱེ་ཞིང་། མྱུ་གུ་དེ་ལ་བརྟེན་ནས་ས་བོན་ཉིད་ཡོད་པར་རྟོགས་པ་བཞིན་ནོ་སྙམ་ན། དཔེ་མི་མཚུངས་ཏེ། མྱུ་གུས་ས་བོན་རྟོགས་པ་ནི་མྱུ་གུ་རང་ཉིད་འབའ་ཞིག་གིས་རྟོགས་པ་མ་ཡིན་ལ། མྱུ་གུ་ལས་གཞན་པའི་ཤེས་པ་ཡིས་འབྲས་བུ་མྱུ་གུ་ལ་རྗེས་སུ་དཔགས་ནས་འདི་ལ་རྒྱུ་སྔོན་སོང་ས་བོན་ཡོད་ཅེས་རྟོགས་པར་འགྱུར་ཏེ། དེའང་ས་མྱུག་གཉིས་སོ་སོར་དམིགས་ནས་རྒྱུ་འབྲས་སུ་ངེས་པའི་ཚད་མས་དེ་ལྟར་རྟོགས་ཀྱི། རྒྱུ་འབྲས་སུ་ངེས་པའི་ཚད་མ་སྔོན་དུ་མ་སོང་བར་མྱུ་གུ་མཐོང་བ་ཙམ་གྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་ཤེས་བྱ་དེ་རྟོགས་པར་བྱེད་པ་ལ། རྟགས་ཤེས་པ་ཉིད་ཡོད་པར་རྒྱུ་མཚན་གང་ལས་རྟོགས་ཏེ། དོན་དམ་པར་རང་རིག་དང་གཞན་རིག་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །དེས་ན་དངོས་པོ་ཁས་ལེན་པའི་ཕྱོགས་ལ་ཐ་སྙད་འཐད་དཀའ་ཞིང་། བཏགས་པར་ཁས་ལེན་པ་ལ་ཆེས་འཐད་དོ་ཞེས་བསྟན་པའོ། །གཉིས་པ་ལ་རྒྱུ་མཚན་མ་མེད་པ། ངོ་བོ་སྟོང་པ་ཉིད། འབྲས་བུ་སྨོན་པ་མེད་པར་གཏན་ལ་དབབ་པ་གསུམ། དང་པོ་ལ། ཕྱིན་ཅི་ལོག་དགག་པ་དང་། ཡང་དག་པའི་དོན་བསྟན་པ་གཉིས། དང་པོ་ལ། རྒྱུ་མེད་པ་དགག་པ། རྒྱུ་མིན་པ་རྒྱུར་འདོད་པ་དགག་པ་གཉིས། དང་པོ། རྒྱང་འཕེན་པ་སོགས་ཇི་ལྟར་ཚེར་མའི་རྣོ་བ་དང་། རྨ་བྱའི་མདོངས་བཀྲ་བ་ལ་སོགས་པ་བཞིན་དུ་སུས་ཀྱང་མ་བྱས་པར་སྲིད་པ་ངོ་བོས་བྱུང་ངོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་འཇིག་རྟེན་པའི་མངོན་སུམ་
གྱིས་འབྲས་བུ་ཀུན་ལ་རང་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་གྱི་རྒྱུ་མེད་བཞིན་སྐྱེ་བ་ནི་མཐོང་མི་སྲིད་དེ་རྣམ་འགྲེལ་ལས། གང་ཡོད་ཉིད་ན་གང་སྐྱེ་བའམ། །གང་འགྱུར་ན་ཡང་རྣམ་འགྱུར་བ། །དེ་ནི་དེ་རྒྱུ་རབ་ཏུ་བརྗོད། །དེ་ནི་དེ་རྣམས་ལ་ཡང་ཡོད། །ཅེས་པ་བཞིན་ནོ། །འདིར་མངོན་སུམ་ནི་མཚོན་པ་ཙམ་སྟེ་རྗེས་དཔག་ཀྱང་སྡུད་དོ། །གལ་ཏེ་པདྨའི་སྡོང་བུ་དང་འདབ་མ་ལ་སོགས་པ་སྣ་ཚོགས་པ་དག་རྒྱུ་ལ་མ་མཐོང་བས་དབྱེ་བ་སྣ་ཚོགས་ཀྱི་རྒྱུ་ཡོད་པ་དེ་མི་འཐད་སྙམ་ན། རྒྱུ་ལ་འབྲས་བུ་དངོས་སུ་གྲུབ་ན་རྒྱུ་འབྲས་སུ་ཅིར་འགྱུར་ཏེ། འོན་ཀྱང་པདྨའི་སྡོང་བུ་ལ་སོགས་པ་རང་གི་ས་བོན་ལ་མ་བརྟེན་པར་མི་འབྱུང་ཞིང་ས་བོན་ལས་འབྱུང་བར་མཐོང་བས་ན་འབྲས་བུའི་དབྱེ་བ་ནི་རྒྱུའི་དབྱེ་བས་བསྐྱེད་པ་ཡིན་པའི་ཕྱིར། འབྲས་བུ་སྣ་ཚོགས་པ་བཞིན་དུ་རྒྱུའི་ནུས་པའི་དབྱེ་བའང་སྣ་ཚོགས་པར་གྲུབ་བོ་ཞེས་སོ། །དེ་འདྲ་བའི་རྒྱུའི་དབྱེ་བ་སྣ་ཚོགས་ཡོད་པར་གང་གིས་བྱས་ཞེ་ན། གཞན་སུས་ཀྱང་མ་བྱས་ཏེ་འདི་ལྟར་ས་བོན་དེའང་རང་གི་རྒྱུ་མེད་པར་འབྱུང་མི་སྲིད་པའི་ཕྱིར། སྔར་གྱི་རྒྱུའི་དབྱེ་བ་ཉིད་ལས་སོ། །ཅིའི་ཕྱིར་འདི་ལ་ནུས་པ་སྣ་ཚོགས་ཡོད་ན་ད་ལྟའི་ནས་ཀྱི་ས་བོན་འདིས་ནས་ཀྱི་མྱུ་གུ་སྐྱེད་ཀྱི། སཱ་ལུའི་མྱུ་གུ་མི་སྐྱེད་ཟེར་ན། ད་ལྟའི་ནས་ཀྱི་ས་བོན་འདིས་རང་དབང་བའི་ཚུལ་དུ་ནུས་པ་སྣ་ཚོགས་གང་རུང་བཟུང་བ་ནི་མ་ཡིན་ཏེ། འདི་སྔར་གྱི་རྒྱུ་ཡི་མཐུ་ལས་རང་གི་རིགས་འདྲ་བ་སྐྱེད་པའི་བདག་ཉིད་དུ་འཕང་བའི་ཕྱིར། འདི་ནི་དངོས་པོའི་ཆོས་ཉིད་དེ་སུས་ཀྱང་འཁྲུགས་པར་ནུས་པ་མིན་ནོ། །དེས་ན་རྒྱུ་མེད་པར་གྱུར་ན་རྟག་ཏུ་ཡོད་པའམ་མེད་པར་ཐལ་བར་འགྱུར་ནའང་། དངོས་པོ་རྣམས་ནི་ཡུལ་དུས་རེས་འགའ་བར་དམིགས་པའི་ཕྱིར་རྒྱུ་ལྡན་དུ་གྲུབ་བོ། །གཉིས་པ་ལ། ཤེས་ལྡན་དབང་ཕྱུག་རྒྱུ་ཡིན་པ་དགག །ཤེས་མེད་བེམ་པོ་རྒྱུ་ཡིན་པ་དགག དང་པོ་ལ་
རྒྱུ་དབང་ཕྱུག་ལ་དཔྱད་པ། དེས་བསྐྱེད་པའི་འབྲས་བུ་ལ་དཔྱད་པ། འབྲས་བུ་སྐྱེད་ཚུལ་ལ་དཔྱད་པའོ། །དང་པོ། དབང་ཕྱུག་པ་སོགས་ན་རེ། རྟག་པ་རང་བྱུང་གི་ཐམས་ཅད་མཁྱེན་པ་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་འཇིག་རྟེན་ཐམས་ཅད་བྱེད་དོ་ཞེས་ཟེར་རོ། །དབང་ཕྱུག་ཅེས་པ་འགྲོ་བའི་རྒྱུ་ཡིན་ན། རེ་ཞིག་དབང་ཕྱུག་གི་ངོ་བོ་གང་ཡིན་སྨྲོས་ཤིག་ཅེས་དྲིས་པས། འབྱུང་བ་ཆེན་པོ་རྣམས་ཡིན་ནོ་ཟེར་ན། དེ་ལ་འབྱུང་བ་ལས་འབྱུང་གྱུར་གྱི་འབྲས་བུ་རྣམས་སྐྱེ་བས་དེ་རྒྱུ་ཡིན་པར་ཁོ་བོའང་འདོད་པས་ཁྱོད་ཀྱིས་དེ་ལ་དབང་ཕྱུག་ཅེས་མིང་བཏགས་ཤིང་། བདག་ཅག་འབྱུང་བ་ཞེས་བཏགས་པའི་མིང་གི་ཁྱད་པར་ཙམ་སྟེ་དེ་ལྟ་ན་མིང་ནི་སྐྱེ་བོའི་འདོད་པས་གང་འདོད་སྦྱར་བཏུབ་པའི་ཕྱིར་དབང་ཕྱུག་སྒྲུབ་པའི་ཚེགས་ཆེན་པོའི་ངལ་བ་འདིས་ཅི་ཞིག་བྱ་སྟེ་འདི་བྱ་མི་རིགས་སོ། །འོན་ཀྱང་ཁྱོད་ཀྱིས་དབང་ཕྱུག་ནི་རྟག་གཅིག་མཆོད་འོས་ལ་སོགས་པའི་ཁྱད་པར་དང་ལྡན་པར་འདོད་ན། ས་སོགས་འདི་རྣམས་ནི་དུ་མ་དང་། མི་རྟག་པ་དང་། བློ་ཡི་གཡོ་བ་མེད་པ་དང་། མཆོད་བྱའི་ལྷ་མིན་པ་དང་། རྐང་པ་སོགས་ཀྱིས་འགོམ་པར་བྱ་བ་ཡིན་གྱི། གུས་པའི་ཡུལ་མིན་པ་དང་། མི་གཙང་བ་དང་ལྡན་པ་འང་ཡིན་པས་འབྱུང་བ་དེ་ནི་དབང་ཕྱུག་ཉིད་མིན་ཏེ། དབང་ཕྱུག་དེ་ལས་བཟློག་པའི་མཚན་ཉིད་ཅན་དུ་འདོད་པས་སོ། །དབང་ཕྱུག་ནམ་མཁའ་ཡིན་ནོ་ཞེ་ན་མིན་ཏེ། འབྲས་བུ་སྐྱེད་པའི་བྱེད་རྩོལ་གྱི་གཡོ་བ་མེད་པའི་ཕྱིར། བདག་ཀྱང་མིན་ཏེ་སྔར་ནས་བཀག་ཟིན་པའི་ཕྱིར་རོ། །དབང་ཕྱུག་དེའི་ངོ་བོ་ནི་ཚུ་རོལ་མཐོང་བས་བསམ་པར་མི་ནུས་པས་སྐྱོན་དེ་དག་མེད་ཅེ་ན། དབང་ཕྱུག་བསམ་པར་བྱ་བ་མིན་པའི་བྱེད་པོའང་མིན་ཏེ། དེ་བསམ་པར་བྱ་བ་མིན་ན་དེ་བྱེད་པོ་ཡིན་ཞེས་བརྗོད་པས་ཅི་བྱ་སྟེ། བརྗོད་པ་ནི་བསམས་ཤིང་ཤེས་ནས་བརྗོད་དགོས་ཀྱི། ཇི་ལྟ་བུ་ཡིན་པ་ཅིའང་མ་
ཤེས་པར་དེ་བྱེད་པོར་སུ་ཞིག་གིས་བརྗོད། རྒྱུ་བྱེད་པོ་མ་ཤེས་ན་འབྲས་བུ་འདི་རྣམས་དེས་བསྐྱེད་པར་འདོད་པའང་གང་ཞིག་ཡིན་ཏེ། བསྐྱེད་བྱ་དང་སྐྱེད་བྱེད་སོ་སོར་ཤེས་ཤིང་རྒྱུ་འབྲས་སུ་ངེས་ནས་བརྗོད་དགོས་ཀྱི། གཞན་དུ་མོ་གཤམ་གྱི་བུ་སོགས་ཀྱང་བྱེད་པོར་ཐལ་ལོ། །གཉིས་པ་དབང་ཕྱུག་དེས་བསྐྱེད་པའི་འབྲས་བུ་ནི་རྟག་པ་བདག་ལ་སོགས་པ་ཡིན་ནམ། མི་རྟག་པ་ཤེས་པ་སོགས་ཡིན། དང་པོ་ལྟར་བདག་ལ་སོགས་པ་ཡིན་ནོ་ཞེ་ན། འབྲས་བུའི་ཆ་བདག་དེ་དང་ས་སོགས་ཀྱི་རྡུལ་ཕྲན་དང་། རྒྱུ་དབང་ཕྱུག་རང་གི་ངོ་བོའང་རྟག་པར་འདོད་པ་མིན་ནམ། རྒྱུ་འབྲས་གཉིས་ཆར་རྟག་པ་དེ་བསྐྱེད་བྱ་སྐྱེད་བྱེད་དུ་ཇི་ལྟར་རུང་སྟེ་རྒྱུ་བསྐྱེད་པའི་བྱ་བ་དང་བྲལ་ཞིང་། འབྲས་བུ་སྐྱེ་བའི་ཁྱད་པར་དང་བྲལ་བའི་ཕྱིར། གཉིས་པ་ལྟར་ན། སྔོར་སྣང་གི་ཤེས་པ་སོགས་ནི་ཡུལ་སྔོ་སོགས་དམིགས་རྐྱེན་སོགས་ལས་བྱུང་ཞིང་། ཐོག་མེད་ནས་རྒྱུད་ལ་ཡང་ཡང་བྱུང་བའི་ཚོར་བ་བདེ་སྡུག་ནི་སྔོན་གྱི་ལས་ལས་ཡིན་པ་དེ་བས་ན་དབང་ཕྱུག་དེས་འབྲས་བུ་གང་ཞིག་བསྐྱེད་པ་སྨྲོས་ཤིག །ཅེས་དེས་བསྐྱེད་པའི་འབྲས་བུ་མི་སྲིད་པའི་ཕྱིར། མདོར་ན་རྟག་པ་ལ་རྒྱུ་མེད་ལ། མི་རྟག་པ་རང་གི་རྒྱུ་ལས་བྱུང་བས་དབང་ཕྱུག་གིས་ཅིའང་མ་བྱས་ཏེ་རྣམ་འགྲེལ་ལས། མཚོན་དང་སྨན་སོགས་འབྲེལ་པ་ལས། །ནག་པའི་རྨ་དང་འདྲུབས་ཡིན་ན། །འབྲེལ་མེད་སྡོང་དུམ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོགས་མི་བྱེད། །ཅེས་པ་བཞིན་ནོ། །གསུམ་པ་རྒྱུ་དབང་ཕྱུག་ཉིད་ལ་ཐོག་མ་ཡོད་པ་མིན་ན། དངོས་རྒྱུ་ནུས་པ་ཐོགས་མེད་ཡོད་པའི་ཕྱིར་འབྲས་བུ་ཀུན་ལ་ཐོག་མ་ག་ལ་ཡོད་དེ། དེ་ལྟར་ན་འབྲས་བུ་འདི་ནི་འདི་ཙམ་ན་ཡོད་ཀྱི་འདིའི་སྔོན་དུ་མ་བྱུང་ཞེས་བཞག་པར་མི་ནུས་པར་ཐོག་མེད་ནས་ཡོད་དགོས་ཀྱི། རེས་འགའ་བར་དམིགས་པ་མི་འཐད་དོ། །དེས་ན་ད་ལྟའི་སྐྱེས་
པ་དང་བུད་མེད་འདི་དག་ཀྱང་སྔོན་ཐོག་མེད་ནས་ཡོད་པར་ཐལ་ལོ། །དེ་ལ་དབང་ཕྱུག་གིས་སྣོད་བཅུད་འདི་དག་རིམ་ཅན་དུ་བྱས་པས་ན་འབྲས་བུ་ཁ་ཅིག་བྱེད་ལ་ཁ་ཅིག་མི་བྱེད་པའི་སྐབས་ཡོད་པས་སྐྱོན་མེད་སྙམ་ན། དབང་ཕྱུག་གི་འབྲས་བུར་གྱུར་ཏོ་ཅོག་ཀུན་དུས་རྟག་ཏུ་ཅིའི་ཕྱིར་བྱེད་པ་མིན་ཏེ། འབྲས་བུ་ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཁོ་ན་ཡིན་པ་གང་ཞིག དབང་ཕྱུག་དེ་ནི་རྐྱེན་གཞན་ཅི་ལའང་ལྟོས་པ་མིན་ན་འབྲས་བུ་ཐམས་ཅད་སྐྱེ་བའི་རྒྱུ་དུས་རྟག་ཏུ་ཚང་པས་འབྲས་བུ་ཅི་ཕྱིར་མི་སྐྱེ་སྟེ་རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །ཞེས་པ་བཞིན་ནོ། །ལྷན་ཅིག་བྱེད་རྐྱེན་སོ་སོ་ལ་ལྟོས་སོ་ཞེ་ན། ལྷན་ཅིག་བྱེད་རྐྱེན་ཀྱང་དུས་ཀུན་ཏུ་མི་ཚང་བ་ག་ལ་སྲིད་དེ། དབང་ཕྱུག་དེས་བྱས་པ་མིན་པའི་དངོས་པོ་གཞན་ཡོད་པ་མིན་ན། དབང་ཕྱུག་དེས་འབྲས་བུ་བསྐྱེད་པ་འདི་རྒྱུ་གཞན་གང་ལ་ལྟོས་པར་འགྱུར་ཏེ་དེ་ནི་མི་འཐད་དོ། །གལ་ཏེ་རྐྱེན་གཞན་ལ་ངེས་པར་ལྟོས་ན་རྒྱུ་རྐྱེན་ཚོགས་པ་དེ་ཉིད་རྒྱུ་ཡིན་པར་འགྱུར་གྱི། དབང་ཕྱུག་རྒྱུ་མིན་ཏེ། དེའི་རྒྱུ་མཚན་རྒྱུ་རྐྱེན་ཚོགས་པ་ན་འབྲས་བུ་མི་སྐྱེ་བའི་དབང་མེད་ཅིང་། རྒྱུ་རྐྱེན་དེ་མེད་པར་ནི་དབང་ཕྱུག་ལའང་སྐྱེད་དབང་མེད་པས་སོ། །དེས་ན་རྒྱུ་རྐྱེན་གཞན་ལས་སྐྱེ་བར་མཐོང་བཞིན་དོན་མེད་དབང་ཕྱུག་ཀྱང་རྒྱུར་རྟོག་ན་རྒྱུ་ཐུག་མེད་དུ་འགྱུར་ཏེ་རྣམ་འགྲེལ་ལས། གང་དག་ཡོད་ན་གང་འགྱུར་ཉིད། །དེ་དག་ལས་གཞན་དེ་ཡི་རྒྱུ། །རྟོག་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་དབང་ཕྱུག་འདིས་འབྲས་བུ་བྱེད་པའི་ཚེ་ཚོགས་པ་ལ་ལྟོས་སུ་ཆུག་ཀྱང་། ཚོགས་པའི་དབང་གིས་གཞན་ལ་སྡུག་བསྔལ་བ་སོགས་རང་གིས་མི་འདོད་བཞིན་དུ་བྱེད་ན་གཞན་དབང་ཅན་དུ་ཐལ་ལ། འབྲས་བུ་རྣམས་ཇི་ལྟར་འདོད་པ་བཞིན་དུ་
འདོད་པའི་དབང་གིས་བྱེད་ནའང་འདོད་པ་ལ་རག་ལས་ཤིང་འདོད་པའི་ལྕགས་ཀྱུས་ཟིན་པའི་གཞན་དབང་ཅན་དུ་འགྱུར་རོ། །གཞན་ཡང་འདི་སྣོད་བཅུད་ཀྱི་བྱེད་པོ་ཡིན་དུ་ཆུག་ནའང་ཁྱོད་འདོད་པའི་དབང་ཕྱུག་ག་ལ་ཡིན་ཏེ་འབྲས་བུ་བྱེད་པ་དང་ལྡན་ན་མི་རྟག་པས་ཁྱབ་པའི་ཕྱིར། རྟག་པ་དེ་དོན་བྱེད་པས་སྟོང་པ་ཁོ་ན་ཡིན་ནོ། །གཉིས་པ་མུ་སྟེགས་དཔྱོད་པ་པ་སོགས་རྡུལ་ཕྲ་རབ་རྟག་པ་འཇིག་རྟེན་གྱི་རྒྱུར་སྨྲ་བ་དེ་དག་ནི་སྔར་རྡུལ་ཕྲ་རབ་བཀག་ཟིན་པས་འདིར་འཆད་མི་དགོས་སོ། །ཡང་གྲངས་ཅན་པ་ནི། གཙོ་བོ་རྟག་པ་འགྲོ་བའི་རྒྱུར་འདོད་ཅིང་། དེའང་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་གསུམ་པོ་ཀུན་ཏུ་ཆ་མཉམ་པ་ནི་རྣམ་འགྱུར་གྱི་རྒྱུ་གཙོ་བོ་ཞེས་པར་རབ་ཏུ་བརྗོད་དེ། ཆ་མི་མཉམ་པར་གྱུར་པ་ན་འགྲོ་བ་སྣ་ཚོགས་པའི་རྣམ་འགྱུར་བྱུང་བར་འདོད་དོ། །དེ་ལ་གཙོ་བོ་གཅིག་བདེན་ལ་ཡོན་ཏན་གྱི་རང་བཞིན་གསུམ་ཡོད་པ་འགལ་ཏེ་གསུམ་ཡོད་ན་གཅིག་མིན་པའི་ཕྱིར། དེས་ན་རྟག་གཅིག་ཏུ་གྱུར་པའི་རང་བཞིན་ནམ་གཙོ་བོ་དེ་མེད་དོ། །དེ་བཞིན་ཡོན་ཏན་གསུམ་པོ་དག་ཀྱང་མེད་དེ། དེ་རེ་རེ་ལའང་གསུམ་གའི་ཆ་ཡོད་པའི་ཕྱིར་ཏེ། གལ་ཏེ་མེད་ན་རང་བཞིན་གྱི་ངང་ཚུལ་ལས་འདས་པར་འགྱུར་རོ། །རྒྱུ་ཡོན་ཏན་མེད་ན་དེ་ལས་བྱུང་བའི་རྣམ་འགྱུར་སྒྲ་སོགས་ཀྱང་ཡོད་པར་འདོད་པ་ཉིད་ཤིན་ཏུ་རྒྱང་རིང་དུ་འགྱུར་བའམ་ཡོད་པ་དང་བྲལ་བར་འགྱུར་ཏེ། འཇིམ་པ་མེད་པའི་བུམ་པ་བཞིན་ནོ། །གཞན་ཡང་ཚོར་བ་ནི་སེམས་ཉིད་དུ་ཚད་མས་གྲུབ་ན། སེམས་མེད་གོས་ལ་སོགས་པ་ལ་བདེ་སོགས་ཡོད་པ་མི་སྲིད་ལ། དངོས་པོ་སྒྲ་ལ་སོགས་པ་རྣམས་བདེ་སོགས་དེའི་རྒྱུའི་རང་བཞིན་ཡིན་པས་མི་སྐྱོན་ཞེ་ན། དོན་དམ་པར་དངོས་པོ་རྣམས་མེད་པར་བཀག་ཟིན་ལ། ཐ་སྙད་དུ་རང་གིས་ཁས་བླངས་པ་དང་འགལ་ཏེ་ཁྱོད་ཀྱིས་སྣམ་སོགས་ཀྱི་རྒྱུའང་བདེ་
སོགས་སུ་འདོད་ལ། སྣམ་སོགས་ཀྱི་འབྲས་བུའང་བདེ་སོགས་སུ་འདོད་པས་གང་སྣམ་སོགས་བསྐྱེད་པའི་རྒྱུའང་འདི་ཡིན་ལ། སྣམ་སོགས་ཀྱིས་བསྐྱེད་པའི་འབྲས་བུའང་འདི་ཡིན་པ་ནི་བཞད་གད་ཀྱི་གནས་ཏེ་མི་འདི་འདིའི་ཕ་ཡང་ཡིན་ལ་བུ་ཡང་ཡིན་ཞེས་བརྗོད་པ་བཞིན་ནོ། །བདེ་སོགས་དུ་མ་ཡོད་ན་ནི་རང་བཞིན་གཅིག་ཡིན་པ་ཉམས་སོ། །མངོན་སུམ་དང་ཡང་འགལ་ཏེ། བདེ་སོགས་དེ་ལས་སྣམ་སོགས་འབྱུང་བར་ནམ་ཡང་མ་མཐོང་སྟེ། འདི་ལྟར་སྣམ་བུ་དང་ཙན་དན་གྱི་ཕྲེང་བ་སོགས་ལས་བདེ་སོགས་དམིགས་པའི་ཕྱིར། དེས་ན་སྣམ་བུ་ལ་སོགས་པ་དེ་རྡུལ་ཕྲ་བའི་ཆ་ཤས་སུའང་མ་གྲུབ་པས་ན་དེ་ལས་བྱུང་བའི་བདེ་སོགས་ནི་གཞན་དུ་ཡན་གར་བར་གནས་པ་མེད་དོ། །ཁོ་ན་རེ། བདེ་སོགས་ནི་སྣམ་སོགས་ལ་ལྟོས་མི་དགོས་ཏེ་གཙོ་བོའི་རང་བཞིན་རྟག་པ་ཉིད་ཡིན་ནོ་ཞེ་ན། བདེ་སོགས་རྟག་པ་ཉིད་དུ་ནམ་ཡང་མི་ལྡོག་པར་དམིགས་པར་ཐལ་ཏེ། བདེ་སོགས་དམིགས་སུ་རུང་བ་གང་ཞིག །དེ་སྔར་གྱི་རང་བཞིན་ལས་གཡོ་མི་སྲིད་པའི་ཕྱིར། དེ་ལྟ་ནའང་རྟག་པར་དམིགས་པ་ཞིག་ནམ་ཡང་མེད་པས་མི་འཐད་དོ། །གལ་ཏེ་བདེ་སོགས་རྟག་ཏུ་ཡོད་ཀྱང་གསལ་བ་དང་མི་གསལ་བའི་ཁྱད་པར་ཡོད་པས་ན་རྟག་ཏུ་དམིགས་པར་མ་ངེས་ཞེ་ན། བདེ་སོགས་གཏན་མི་གསལ་ན་ནི་སུས་ཀྱང་མི་ཤེས་པས་ཡོད་པར་ཡང་མི་རུང་ལ་དེ་ལྟར་ཁྱོད་ཁས་ཀྱང་མི་ལེན་མོད། སྐབས་འགའ་ཞིག་ཏུ་བདེ་སོགས་གསལ་བ་ཞིག་ཡོད་པ་ཉིད་ན་ནི། དུས་རྟག་ཏུའང་མྱོང་བ་ཅིའི་ཕྱིར་མི་འཛིན་ཏེ་བདེ་སོགས་དམིགས་སུ་རུང་ཞིང་དམིགས་པའི་ཡུལ་དུ་ཁྱབ་ཅིང་རྟག་པར་གནས་པའི་ཕྱིར་མིག་ལྡན་གྱི་མདུན་ན་མར་མེ་བཞིན། གལ་ཏེ་བདེ་སོགས་རགས་པ་གསལ་བ་དེ་ཉིད་ཕྲ་མོར་གྱུར་ནས་མི་གསལ་བ་ནུས་པའི་ངོ་བོར་ཡོད་པ་དེ་མྱོང་མི་ནུས་ཞེ་ན། བདེ་སོགས་རྟག་གཅིག་དེ་ནི་ཕྲ་རགས་ཀྱི་གནས་
སྐབས་མི་འདྲ་བའི་འགལ་བ་གཉིས་ཀ་ཡིན་པར་ཇི་ལྟར་འགྱུར། གལ་ཏེ་སྔར་གྱི་རགས་པའི་མཚན་ཉིད་དོར་ནས་གཞན་ཕྲ་བར་གྱུར་པས་ན་སྐྱོན་མེད་ཅེ་ན། ཕྲ་རགས་ཀྱི་ངོ་བོར་གྱུར་པའི་བདེ་སོགས་དེ་དག་མི་རྟག་པར་གྲུབ་བོ། །བདེ་སོགས་གསལ་བ་དག་སྔ་མའི་གནས་སྐབས་དོར་ནས་གཞན་དུ་གྱུར་པར་ཁས་ལེན་ན། དེ་བཞིན་དངོས་པོ་དེ་ཉིད་ཉེར་ལྔ་པོ་ཐམས་ཅད་ཀུན་ཀྱང་མི་རྟག་པར་ཅིས་མི་འདོད་དེ་གང་ཡང་རྟག་ཏུ་སྣང་ཚུལ་གཅིག་ཁོ་ནར་དམིགས་པ་ནི་མི་སྲིད་པའི་ཕྱིར། ཞེས་སོ། །གལ་ཏེ་ཕྲ་རགས་སུ་གྱུར་ཀྱང་བདེ་བའི་རང་བཞིན་མ་དོར་བས་རྟག་པ་ལས་མི་ཉམས་ཞེ་ན། རགས་པ་དང་བདེ་བ་དེ་གཉིས་ཐ་དད་དམ། གཅིག་ཡིན། དང་པོ་ལྟར་ན་རགས་པ་འགགས་ཀྱང་བདེ་བ་གསལ་བ་མི་འགག་པར་རྟག་ཏུ་མྱོང་དགོས་ལ། རགས་པ་དེ་ཉིད་བདེ་བ་ལས་གཞན་མིན་པར་གཅིག་ཏུ་འདོད་ན་བདེ་བ་གསལ་བར་ཏེ་ངེས་པར་མི་རྟག་པ་ཉིད་དུ་གྲུབ་བོ། །དེ་ལ་ཁོ་ན་རེ། བདེ་བ་མི་གསལ་བར་གྱུར་ཀྱང་གཙོ་བོའི་ཀློང་དུ་ནུས་པའི་ངོ་བོར་བག་ལ་ཞ་བ་ཡིན་ཅིང་སླར་གསལ་བ་ན་སྔར་ཡོད་དེ་མངོན་དུ་གྱུར་པ་ཙམ་ཡིན་ཏེ། གལ་ཏེ་སྔར་གཏན་མེད་པ་འགའ་ཡང་དེ་སྐྱེ་བར་རིགས་པ་མིན་ཏེ་མེད་པའི་ཕྱིར། དཔེར་ན་འཇིམ་པ་ལས་རི་བོང་གི་རྭ་བཞིན། དེས་ན་གང་སྣང་བའི་ལམ་དུ་གྱུར་ཕན་ཆད་དེ་རང་བཞིན་གྱིས་གཙོ་བོའི་ཀློང་ན་ཡོད་པས་ཁྱབ་ཅེས་འདོད་ན། འབྲས་བུ་ཐམས་ཅད་རྒྱུ་དུས་ན་ཡོད་ན་རྟག་ཏུ་མི་དམིགས་པ་ཅིའི་ཕྱིར་ཡིན་ཅེས་དྲིའོ། །དེ་ལ་བློའི་ཡུལ་དུ་སྔར་མི་གསལ་བ་ཕྱིས་གསལ་བ་ཙམ་ཡིན་ཏེ་མུན་ཁང་གི་བུམ་པ་མར་མེ་ལས་གསལ་བ་བཞིན་ནོ་ཞེ་ན། ཁྱོད་ཀྱི་རྩ་བའི་རིགས་པ་ཉམས་ཏེ། གསལ་བ་ནི་རྒྱུ་དུས་ན་མེད་པར་གསར་དུ་སྐྱེ་བ་ནི་ཁྱོད་མི་འདོད་པའམ་ཁས་མ་བླངས་ཀྱང་དོན་ལ་དེ་ལྟར་གནས་པ་ཉིད་དེ། གསལ་བ་རྒྱུ་དུས་ན་
ཡོད་ན་གསལ་མི་གསལ་གྱི་ཁྱད་པར་ཡང་བཞག་ཏུ་མེད་དེ་དང་པོ་ནས་གསལ་བར་ཐལ་ལོ། །དེས་ན་རང་གི་ཁས་བླངས་ནང་འགལ་ལོ། །ཡང་རིགས་པ་དང་འགལ་ཏེ། གལ་ཏེ་རྒྱུ་ལ་འབྲས་བུ་དངོས་སུ་གནས་ན། ཟན་ཟ་བ་ན་ཁྱེད་མི་གཙང་བ་ཟ་བར་འགྱུར་ལ། གཞན་ཡང་ཁྱོད་རས་ཉོ་བའི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་དེའི་ནང་ནས་རས་ཕྱུངས་ཏེ་གོས་སུ་བགོ་བར་གྱིས་ཤིག་དང་། ཁྱོད་ཀྱི་གྲུབ་མཐའ་གྲུབ་པོ་ཞེས་སོ། །དེ་ལ་ཁོ་ན་རེ། དོན་དུ་རྒྱུ་ལ་འབྲས་བུ་ཡོད་ཀྱང་རྨོངས་པའི་རབ་རིབ་ཀྱིས་མིག་བསླད་པའི་འཇིག་རྟེན་པས་མ་མཐོང་ངོ་ཞེ་ན། རྒྱུ་ལ་འབྲས་བུ་གནས་པའི་དེ་ཁོ་ན་ཉིད་ཤེས་པ་གྲངས་ཅན་པའི་སྟོན་པ་རྣམས་ཀྱིས་བཞག་པ་དེ་ཉིད་ཤེས་པ་དེ་འཇིག་རྟེན་པ་ལའང་ཡོད་པ་ཡིན་ན་རྒྱུ་ཚང་བས་ཅི་སྟེ་མི་མཐོང་། ཁྱོད་ལྟར་ན་སྤྱིར་དེ་ཉིད་ཤེས་པའི་ཤེས་པ་འབྲས་བུར་གྱུར་པ་དེ་སེམས་ཅན་ཀུན་ལ་ཡོད་དགོས་ཤིང་རྒྱུ་ལ་འབྲས་གནས་དངོས་སུ་འདོད་པ་གྲངས་ཅན་གྱི་རྣམ་བཞག་ཁས་ལེན་པའང་ཡོད་པ་ཡིན་ན་དེ་དག་གིས་ཀྱང་ཟན་ཟ་ཞིང་མི་གཙང་བ་མི་ཟ་ལ། གོས་འདོད་པས་རས་ཉོ་ཞིང་རས་བལ་གྱི་ས་བོན་དོན་དུ་མི་གཉེར་བར་མ་མཐོང་ངམ། ཡུལ་དུས་གང་ན་ཡང་དེ་ཁོ་ན་ཉིད་ཀྱི་རྣམ་བཞག་ཁྱེད་ཀྱིས་བྱས་པ་དེ་བཞིན་ལོངས་སྤྱོད་པ་མ་མཐོང་བས་གནོད་དོ་ཞེས་སོ། །ཁོ་ན་རེ། འཇིག་རྟེན་པའི་མཐོང་བ་ཚད་མ་མིན་པས་དེས་གནོད་པ་མེད་དོ་ཞེ་ན། འོ་ན་འཇིག་རྟེན་པས་འབྲས་བུའི་རང་བཞིན་གསལ་བ་མངོན་དུ་མཐོང་བའང་རྫུན་པར་འགྱུར་ལ། དེ་རྫུན་ན་རྒྱུ་འདི་ལ་འབྲས་བུ་འདི་ཡོད་དེ་ཕྱིས་མངོན་དུ་གསལ་བའི་ཕྱིར། ཞེས་པ་དོན་མེད་པར་འགྱུར་རོ། །དེ་དག་ན་རེ། གལ་ཏེ་འཇལ་བྱེད་རྫུན་པ་ཡིན་པས་གཞལ་བྱ་མི་འགྲུབ་ན་དབུ་མ་བ་ཁྱོད་འཇལ་བྱེད་ཀྱི་ཤེས་པའང་དོན་དམ་པར་ཚད་མར་གྲུབ་པ་མིན་ན། དེས་གཞལ་བའི་
གྲུབ་པའི་མཐའ་རྣམ་པར་བཞག་པའང་རྫུན་པར་མི་འགྱུར་རམ། དེ་ལྟར་ན་རྣམ་དཔྱོད་ཀྱི་ཚད་མ་རྫུན་པ་དེས། དེ་ཁོ་ན་ཉིད་དམ་དོན་དམ་པར་སྟོང་པ་ཉིད་དོ་ཞེས་གཞལ་ཞིང་བཅད་ནས་སྟོང་ཉིད་དུ་བསྒོམ་པའང་གཏན་ཚིགས་དེའི་ཕྱིར་འཐད་པར་མི་འགྱུར་རོ་ཞེ་ན། འདིར་བདག་ཅག་གིས་ཚད་མས་གྲུབ་དོན་སྟོང་ཉིད་ཅེས་དམིགས་གཏད་ཀྱི་ཡུལ་བདེན་གྲུབ་ཅིག་ལ་གྲུབ་མཐའ་འཆའ་བ་ནི་མེད་དེ། གང་གི་ཕྱིར་ན། བརྟག་པར་བྱ་བའི་དངོས་པོ་བུམ་སོགས་ལྟ་བུ་དེ་ལ་མ་རེག་པའམ་མ་བརྟེན་པར་ནི་བུམ་མེད་ལྟ་བུ་དངོས་པོ་དེ་ཡི་དངོས་མེད་ཡན་གར་དུ་ནམ་ཡང་འཛིན་པ་མ་ཡིན་ཏེ། དེ་ཕྱིར་བུམ་མེད་དང་བུམ་པའི་སྟོང་པ་ལྟ་བུའི་རྣམ་གྲངས་པའམ་ཉི་ཚེ་བའི་སྟོང་པ་དེའང་གཞན་དངོས་པོ་དེ་བཀག་པའམ་བསལ་བའི་ཆ་ཡིན་པས། འདི་ལྟར་རང་བཞིན་གྱིས་རྫུན་པའི་དངོས་པོ་གང་ཡིན་པ་དེའི་དངོས་མེད་ཀྱང་གསལ་བར་དེ་ངེས་པར་རྫུན་ཡིན་པར་འདོད་དོ། །འོ་ན་དངོས་པོ་ཀུན་མེད་ཅེས་བསྒོམས་པས་ཅི་བྱ་སྟེ། དངོས་ཡོད་དང་དངོས་མེད་གཉིས་ཀ་རྫུན་པར་མགོ་མཉམ་ཞིང་གཉིས་ཀ་ཡང་དག་པ་མིན་པའི་ཕྱིར་ཞེ་ན། རེ་ཞིག་ཐོག་མེད་ནས་གོམས་པའི་དངོས་ཞེན་གྱིས་སྲིད་པར་འཆིང་བར་བྱེད་པ་དེའི་གཉེན་པོར་དངོས་པོ་རང་བཞིན་མེད་པར་གོམས་པ་ཙམ་སྟེ། དངོས་དངོས་མེད་གཉིས་ཆར་རྫུན་པ་དེས་ན་ཇི་ལྟར་རྨི་ལམ་དུ་བུ་བྱུང་ནས་ཤི་བ་རྨིས་ཏེ་སྡུག་བསྔལ་བ་ན། བུ་མེད་སྙམ་པའི་རྣམ་རྟོག་ནི། བུ་དེ་ཡོད་སྙམ་པའི་རྣམ་རྟོག་གི་གེགས་ཡིན་ལ་དེའང་རྫུན་པ་ཡིན་པ་བཞིན་ནོ། །དེས་ན་ཤིང་གཉིས་ཟུང་དུ་བདར་བའི་མེས་ཤིང་གཉིས་ཀ་བསྲེགས་པ་བཞིན་དུ་དངོས་ཀུན་བདེན་མེད་དུ་རྣམ་པར་དཔྱད་པའི་ཤེས་རབ་ཀྱི་མེས་དངོས་དངོས་མེད་དུ་བཞག་པའི་དམིགས་པའི་གཏད་སོ་ཐམས་ཅད་ཀྱི་ནགས་འཐིབ་པོ་མ་ལུས་པ་བསྲེགས་ནས་སྤྲོས་པ་ཐམས་ཅད་ཞི་བའི་ཡེ་ཤེས་ལ་གནས་པའི་ཚེ་ན་ཁས་ལེན་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོ་ཡིན་
ནོ། །དེ་སྐད་དུའང་མདོ་ལས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་བཅད་ནས་འགྲོ་ལ་ཆགས་པ་མེད་པར་འགྲོ། །ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་བསྲེགས་པ་བཞིན། །ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྦྱོད་པ་ཡིན། །ཞེས་དང་། དབུ་མའི་བསྟན་བཅོས་ལས་ཀྱང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །གཉིས་པ་ཡང་དག་པའི་དོན་བསྟན་པ། རྒྱུ་མཚན་དེ་བས་དེ་ལྟར་རྣམ་པར་དཔྱད་པས་དངོས་པོ་འགའ་འང་རྒྱུ་མེད་པ་ཡོད་པ་མིན་ལ། རྒྱུ་རྟག་པ་ལས་ཀྱང་མི་སྐྱེ་སྟེ། ཕྱིའི་ཆོས་ཐམས་ཅད་ནི་ས་བོན་ལས་མྱུ་གུ་ལ་སོགས་པ་བཞིན་དུ་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ཏེ་འབྱུང་ལ། ནང་གི་སྐྱེ་མཆེད་ནི་མ་རིག་པ་ནས་རྒ་ཤིའི་བར་ལུ་གུ་རྒྱུད་དུ་བརྟེན་ནས་སྐྱེའོ། །དེ་འདྲའི་དངོས་པོ་རང་རང་གི་རྒྱུ་རྐྱེན་དེ་དག་སོ་སོ་བ་རེ་རེ་ནས་དང་། ཐམས་ཅད་འདུས་པ་ཡི་རྐྱེན་རྣམས་ལ་ནི་འབྲས་བུ་མི་གནས་ཏེ། རེ་རེ་བས་སྐྱེད་པར་མི་ནུས་ལ། འདུས་པ་ལ་ཡང་རྒྱུ་རྣམས་ལས་གཞན་དུ་གྱུར་པ་ཅུང་ཟད་མེད་དོ། །འབྲས་བུ་སྣང་བའི་ཚེ་རྒྱུ་རྐྱེན་དེ་དག་ལས་གཞན་ཞིག་ནས་འབྲས་བུ་ཉིད་དེར་འོང་བ་མ་ཡིན་ལ། རྒྱུ་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་འབྲས་བུ་ཞིག་རྒྱུ་ལ་བརྟེན་ནས་གྲུབ་ཟིན་འདིར་གནས་པའང་མིན་ཞིང་། འགག་པའི་ཚེ་འདི་ནས་གཞན་ཞིག་ཏུ་འགྲོ་བའང་མིན་ཏེ་དེ་ཕྱིར་ཆོས་ཐམས་ཅད་ནི་རང་བཞིན་གྱི་རྒྱུས་སྟོང་པའོ། །ཞེས་སོ། །འདི་ལ་སོ་སོ་བ་ཞེས་པས་བདག་སྐྱེ་དང་
གཞན་སྐྱེ་དགག་པ་དང་། འདུས་པ་ཞེས་གཉིས་ཀ་ལས་སྐྱེ་བ་བཀག་པ་སྟེ་མུ་བཞི་པོ་བཀག་པར་ཡང་བཤད་དོ། །གཉིས་པ་ནི། རྨོངས་པས་བདེན་པར་བྱས་པའི་ཕྱི་ནང་གི་དངོས་པོ་འདི་ཀུན་སྒྱུ་མ་ལས་ཁྱད་པར་ཅིའང་མེད་དེ། སྒྱུ་མས་སྤྲུལ་པའི་རྟ་གླང་ལ་སོགས་པ་གང་ཡིན་པ་དང་། རྒྱུ་རྣམས་ཀྱིས་སྤྲུལ་པའི་དངོས་པོ་གང་ཡིན་པ་དེ་ནི་གང་ནས་འོང་བ་དང་། གང་དུ་འགྲོ་བ་བརྟག་པར་གྱིས་ཤིག་དང་དེ་གཉིས་མཚུངས་པ་ངེས་པར་མཐོང་བར་འགྱུར་ཏེ། འདི་ལ་བདེན་པ་ཞིག་ཡོད་ན་འདི་སྣང་བའི་ཚེ་གཞན་ཞིག་ནས་འདིར་འོང་ཞིང་། འགག་པའི་ཚེ་འདི་ནས་གཞན་ཞིག་ཏུ་འགྲོ་དགོས་ནའང་སྔ་ཕྱིའི་མཐར་ཅི་ཡང་མེད་པ་ལ། འབྲས་བུ་གང་ཞིག་རང་སྐྱེད་བྱེད་ཀྱི་རྒྱུ་གང་དག་ནི་ཉེ་བའམ་ཚོགས་པར་གྱུར་པ་ན་རྒྱུ་དེ་ཁོ་ནའི་སྟོབས་ཀྱིས་རང་གི་ བདག་ཉིད་མཐོང་བར་འགྱུར་གྱི། རྒྱུ་དེ་མེད་ན་རང་གི་རང་བཞིན་དུ་འགྲུབ་པའི་ཚུལ་མི་སྲིད་པ ་དེས་ན་གཞན་རྒྱུ་རྐྱེན་གྱིས་བཅོས་མ་གཟུགས་བརྙན་དང་མཚུངས་པ་དེ་ལ་རང་གི་ངོ་བོས་གྲུབ་པའི་བདེན་པ་ཉིད་ཇི་ལྟར་ཡོད་དེ་མེད་དོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་ཆད་འགྲོ་འོང་ཡོད་མེད་ཀྱི་མཐའ་དང་བྲལ་བའི་རང་བཞིན་སྒྱུ་མའི་དཔེ་བརྒྱད་ལ་སོགས་པའི་ཚུལ་དུ་ཤེས་པར་བྱ་སྟེ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། །སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །གསུམ་པ། འབྲས་བུ་ལ་བརྟགས་ན་བསྐྱེད་པར་བྱ་བ་དེ་ཡོད་པ་ཞིག་གམ་མེད་པ་ཞིག་ཡིན། འབྲས་བུ་དེ་རང་བཞིན་གྱིས་ཡོད་པར་གྱུར་པ་ལ་རྒྱུའི་དགོས་པ་ཅི་ཞིག་ཡོད་དེ། དེ་གཉིས་ཕན་ཚུན་རྒྱུ་འབྲས་སུ་མི་རུང་ངོ་། །འོན་ཏེ་འབྲས་བུ་དེ་མེད་པར་ཞིག་
རྒྱུས་བསྐྱེད་དོ་ཞེ་ན། འབྲས་བུ་རང་གི་ངོ་བོ་མེད་པ་ཙམ་ཡིན་ན་དེ་ལ་རྒྱུའི་དགོས་པ་ཅི་ཡོད་དེ། མེད་པ་ལ་སྤྱིར་རྒྱུ་མེད་ཅིང་རང་ཉིད་མེད་པའི་ངོ་བོར་གནས་ཟིན་པས་སོ། །གལ་ཏེ་མེད་པ་ཙམ་པོ་དེ་རྒྱུས་བསྐྱེད་པ་ནི་མིན་ཀྱང་། རྒྱུ་འདིས་འབྲས་བུ་མེད་པ་ཉིད་ཡོད་པའི་དངོས་པོར་བྱེད་དོ་སྙམ་ན་དེ་མི་ནུས་ཏེ། རྒྱུ་བྱེ་བ་བརྒྱ་ཕྲག་ཅིག་ཚོགས་ནས་འབད་ཀྱང་ཆོས་གང་ཞིག་རང་གི་ངོ་བོ་མེད་པ་དེ་དངོས་པོ་ཉིད་དུ་བསྒྱུར་དུ་མེད་དེ། རྒྱུ་ཅི་ཚོགས་ཀྱང་རི་བོང་གི་རྭ་ཡོད་པར་བསྒྱུར་མི་ནུས་པ་བཞིན་ཏེ་མེད་པ་གང་གི་ཡང་ལྟོས་བྱར་མི་འགྱུར་རོ། །དངོས་མེད་དངོས་པོར་བསྒྱུར་དུ་མེད་པའི་རྒྱུ་མཚན་ཀྱང་། དངོས་མེད་ཀྱི་དངོས་པོ་མ་དོར་བཞིན་དུ་འགྱུར་བ་དང་། དོར་ནས་འགྱུར་བ་གཉིས་ཀ་མི་འཐད་པའི་ཕྱིར་ཏེ། འདི་ལྟར་མེད་བཞིན་པའི་གནས་སྐབས་དེ་ན་ནི་དངོས་པོ་མིན་ཏེ། དེ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། དངོས་མེད་དོར་ནས་དངོས་པོར་གསར་དུ་འགྱུར་བའང་གང་ཞིག་ཡིན་ཏེ་དེ་མི་སྲིད་པ་ནི། འདི་ལྟར་རང་གི་ངོ་བོ་མེད་པར་གནས་པ་དེ་ནི། མེད་བཞིན་པའི་ཚེ་ན་དངོས་ཡོད་སྲིད་པ་མིན་ན་དེ་ལ་དངོས་པོ་ཡོད་པའི་སྐབས་ནམ་ཡང་མེད་ལ། དངོས་པོར་སྐྱེས་པར་མ་གྱུར་པ་དེ་སྲིད་དུ་ནི་དངོས་མེད་དང་མི་འབྲལ་ཞིང་། དངོས་མེད་རང་གི་མཚན་ཉིད་མ་དོར་བཞིན་དུ་དངོས་པོ་ཡོད་པའི་སྐབས་ནམ་ཡང་མི་སྲིད་པས་ན་དངོས་མེད་དངོས་པོར་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་སོ། །དེས་ན་དངོས་མེད་ཉིད་ཡིན་བཞིན་དུ་དངོས་པོར་འགྱུར་བ་མི་སྲིད་ན། དངོས་མེད་དངོས་པོར་འགྱུར་བ་ཞེས་པ་ཚིག་ཙམ་སྟེ། གང་དངོས་མེད་ཡིན་པ་ཙམ་གྱིས་དངོས་པོ་ཡོངས་སུ་སྤངས་པར་གྱུར་པའི་ཕྱིར། དེ་དེར་གྱུར་པ་ནི་མེད་དོ། །གྱུར་པ་མེད་ཀྱང་ཡོད་པར་ཡོངས་སུ་འཛིན་ན་མྱུ་གུ་ལ་སོགས་པ་འདི་དག་མོ་
གཤམ་གྱི་བུ་ཡོངས་སུ་གྱུར་པར་ལྟ་བར་བྱོས་ཤིག །དངོས་མེད་དངོས་པོར་མི་འགྱུར་བ་དེ་བཞིན་དངོས་པོའང་མེད་པར་མི་འགྱུར་ཏེ། དེ་གཉིས་ཕན་ཚུན་སྤངས་པས་ན་རིགས་པ་དངོས་མེད་ཀྱི་སྐབས་སུ་བཤད་པ་དེ་འདིར་ཡང་བསྒྱུར་ཏེ་ཤེས་པར་བྱ་ཆོག་པའི་ཕྱིར། གལ་ཏེ་དངོས་པོ་དེ་དངོས་པོ་མེད་པར་འགྱུར་ན། དེ་དངོས་དངོས་མེད་ཀྱི་རང་བཞིན་གཉིས་སུ་གྲུབ་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་དེ་ཁོ་ན་ཉིད་དུ་འགག་པ་ཡོད་པ་མིན་ཞིང་། དངོས་པོའང་བདེན་པར་ཡོད་པ་མིན་པ་དེ་ཕྱིར་འགྲོ་བ་འདི་དག་ཐམས་ཅད་དུས་གསུམ་པོ་རྟག་ཏུའང་མ་སྐྱེས་ཤིང་མ་འགགས་པ་ཉིད་དོ། །དེ་ལྟ་ནའང་སྲེད་པ་སྣ་ཚོགས་པའི་འགྲོ་བར་སྣང་བ་འདི་ནི་སྣང་ཡང་མི་བདེན་པ་རྨི་ལམ་ལྟ་བུ་སྟེ། རིགས་པས་རྣམ་པར་དཔྱད་ན་ཚུགས་ཐུབ་པའི་སྙིང་པོ་མེད་པས་ཆུ་ཤིང་དང་འདྲ་བ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དང་། མ་འདས་པའང་དེ་ཁོ་ན་ཉིད་དུ་ཁྱད་པར་མེད་དེ་གང་བཅིང་བ་མེད་ལ་གྲོལ་བ་མེད་པར་རྟག་ཏུ་མཉམ་པ་ཉིད་ཁོ་ནར་གནས་པའི་ཕྱིར་རོ། །གཉིས་པ་སྟོང་ཉིད་རྟོགས་པའི་བྱེད་ལས་ལ། རང་གི་ཆོས་བརྒྱད་མགོ་སྙོམས་པ་དང་། གཞན་ལ་བརྩེ་བ་རྩོལ་མེད་དུ་འབྱུང་བའོ། །དང་པོ། དེ་ལྟར་རང་བཞིན་གྱིས་སྟོང་པའི་དངོས་པོ་རྣམས་ལ་རྙེད་སོགས་ཐོབ་པ་དང་ཤོར་བ་ཅི་ལ་ཡོད་དེ། དེ་བཞིན་དུ་རིམ་གྲོ་བྱས་པའམ། བརྙས་པ་དང་། བདེ་བ་དང་སྡུག་བསྔལ། དགའ་བ་དང་མི་དགའ་བ་ཅི་ཞིག་ཡོད། དེ་ཁོ་ན་ཉིད་དུ་རིགས་པས་བཙལ་བར་བྱས་ན། ཡུལ་གང་ལ་སྲེད་ཅིང་གང་ཟག་སུ་ཞིག་སྲེད། ལེགས་པར་དཔྱད་ན་གསོན་པོའི་འཇིག་རྟེན་འདི་ནི་སྲིད་པ་འདིར་ཇི་ལྟར་འཆི་བར་འགྱུར་ཏེ། ཚེ་ཕྱི་མ་འབྱུང་འགྱུར་དང་། སྔ་མ་བྱུང་བར་གྱུར་པ་གང་ཡིན་ལ། གཉེན་བཤེས་ཀྱང་གང་ཡིན་ཏེ་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་གནས་ལུགས་དཔྱོད་པའི་བློ་
ཅན་བདག་ལྟ་བུས་ཡོངས་སུ་བཟུང་བར་བྱས་ནས་ཆོས་བརྒྱད་མགོ་སྙོམས་པར་གྱིས་ཤིག །ཅེས་སོ། །གཉིས་པ། འདི་ལྟར་འགྲོ་བ་བདག་ཉིད་བདེ་བར་འདོད་པ་རྣམས་ནི་དགྲ་ལ་འཐབས་པ་དང་། གཉེན་ལ་སྤྲོ་བའི་རྒྱུ་དག་གིས་ཡིད་རབ་ཏུ་འཁྲུགས་པ་དང་དགའ་བར་བྱེད་ཅིང་། འདོད་པ་མ་གྲུབ་པའི་མྱ་ངན་དང་། འདོད་པའི་དོན་དུ་འབད་རྩོལ་དང་། གཞན་ལ་རྩོད་པ་དང་། བདག་གཞན་ལུས་ཕན་ཚུན་གཅོད་ཅིང་འབིགས་པ་དང་། གཞན་ཡང་སྒོ་གསུམ་གྱི་སྡིག་པ་མང་བ་དག་གིས་ཉེ་བར་བསྒྲུབས་པའི་འབྱོར་པ་ཤིན་ཏུ་ཚེགས་ཆེན་པོ་ཅན་དག་གིས་འཚོ་བར་བྱེད་ལ་དོན་ཆུང་ཚེ་འདིའི་ཕུན་ཚོགས་ཀྱིས་ཡིད་བསླུ་ཞིང་དུས་འདའ་བར་གནས་སོ། །འགྲོ་བ་འདི་རྣམས་རེས་བསོད་ནམས་ཀྱི་སྟོབས་ལས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་རྣམ་པ་མང་པོ་དག་ཏུ་ཡང་ཡང་འོངས་ཏེ་འདོད་བདེ་ལ་སྤྱད་ནས་སྡིག་པའི་འབྲས་བུས་ཤི་ནས་ངན་སོང་གསུམ་གྱི་སྡུག་བསྔལ་ཡུན་རིང་ཞིང་ཤིན་ཏུ་མི་བཟད་པ་རྣམས་སུ་ལྟུང་བར་འགྱུར་ཞིང་། མཐོ་དམན་བདེ་སྡུག་ངེས་པ་མེད་པའི་སྲིད་པའི་སྐྱེ་བ་བརྒྱུད་མར་གཡོ་ཞིང་འཕྱན་པར་འགྱུར་བ་ཡིན་ལ། དེ་འདྲའི་སྲིད་པ་རྣམས་སུ་ཕྱིན་ཅི་ལོག་འདོད་རྨོངས་སྲེད་པའི་གཡང་ས་ཤིན་ཏུ་མང་ཞིང་། སྲིད་པ་དེར་ནི་བདག་ལྟའི་ངང་ཚུལ་ཅན་ཕྱིན་ཅི་ལོག་གི་ཆོས་དངོས་པོ་བདེན་པར་ཞེན་པ་དེ་ཁོ་ན་ཉིད་མིན་པའི་རང་བཞིན་འདི་འདྲ་བ་ཡིན་པས་དེར་ཡང་ཕན་ཚུན་འགལ་བའི་དབང་གིས་ན་སྲིད་ན་དེ་ཁོ་ན་ཉིད་མཐོང་བ་འདི་འདྲ་བ་མེད་དེ། མུན་པའི་ཀློང་དུ་སྣང་བ་བཞིན་ནོ། །དེ་ཉིད་ཀྱི་སྣང་བ་དང་བྲལ་བའི་སྲིད་པ་དེར་ཡང་དཔེ་མེད་མི་བཟད་པའི་སྡུག་བསྔལ་གྱི་རྒྱ་མཚོ་དུས་དང་ཕྱོགས་ཀྱི་ཕ་མཐའ་མེད་པ་ཉིད་ཀྱི་རང་བཞིན་དུ་གནས་པར་གྱུར་ཅིང་། དེར་ནི་
འགྲོ་བ་རྣམས་སྲིད་པའི་ལས་ཉོན་གྱི་དབང་དྲག་པོས་ཟིལ་གྱིས་མནན་ནས་དགེ་བ་སྒྲུབ་པ་ལ་སྟོབས་ཆུང་ཞིང་། དགེ་བ་སྒྲུབ་པའི་རྟེན་དལ་འབྱོར་གྱི་ཚེའང་ཐུང་བ་ཉིད་ཡིན་ལ། དེར་ཅུང་ཟད་གནས་པའི་སྐབས་སུའང་ཡུན་རིང་པོར་གསོན་པའི་བྱ་བ་ལུས་ཀྱི་རིམ་གྲོ་སྣ་ཚོགས་དང་། ནད་མེད་པའི་བྱེད་པ་སྨན་སོགས་བསྟེན་པ་དང་། བཀྲེས་པ་དང་། ངལ་བ་དང་། གཉིད་དང་། ཕྱི་ནང་གི་ཉེར་འཚེ་སྣ་ཚོགས་དང་། བྱིས་པའི་སྐྱེ་བོ་དང་འགྲོགས་པ་སོགས་དོན་མེད་ཀྱི་བྱ་བས་ཚེ་ནི་དོན་མེད་པར་མྱུར་དུ་འདའ་ཡི། སྲིད་པ་ལས་གྲོལ་བའི་རྒྱུ་དེ་ཁོ་ན་ཉིད་ཀྱི་དོན་ལ་བློས་རྣམ་པར་དཔྱོད་པ་ཤིན་ཏུ་རྙེད་པར་དཀའ་ཞིང་། འཁོར་བའི་གནས་དེར་རྣམ་གཡེང་གོམས་པ་ཤུགས་དྲག་པོ་ཆུ་ཀླུང་བཞིན་དུ་བབས་པ་གློ་བུར་དུ་ཟློག་པའི་ཐབས་ནི་ག་ལ་ཡོད་ཅིང་། དེར་མ་ཟད་དེར་ཡང་ངན་སོང་དུ་ལྟུང་ཕྱིར་ལྷའི་བུའི་བདུད་ལ་སོགས་པ་ནག་པོའི་རྩ་ལག་རྣམས་བརྩོན་པར་བྱེད་ཅིང་། རྟག་ཆད་ཀྱི་ལྟ་བ་སོགས་ལོག་པའི་ལམ་མང་ཞིང་། ཡང་དག་པའི་ལམ་མ་ནོར་བ་འདིའོ་ཞེས་དམིགས་རྣམ་ཕྱེད་པའི་ངེས་པ་མི་སྐྱེ་བར་ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ། ཐེ་ཚོམ་གཅོད་པའི་ཕྱི་ནང་གི་རྐྱེན་རྙེད་དཀའ་བའི་ཕྱིར་དང་། དེ་ལྟར་ཡང་དག་པའི་ཆོས་ཀྱི་སྣང་བ་མ་རྙེད་པར་ཤི་ན། སླར་ཡང་དལ་བ་རྙེད་དཀའ་ཞིང་། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་། དེའི་བསྟན་པ་ལ་ནན་ཏན་བྱས་ནས་རང་རྒྱུད་ཀྱི་ཉོན་མོངས་པའི་ཆུ་བོ་སྤང་བའི་དུས་ཐོབ་པར་དཀའ་སྟེ། ཨེ་མ་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པར་འགྱུར་རོ། །དེ་ལྟར་ཤིན་ཏུ་སྡུག་བསྔལ་ནའང་རང་ཉིད་སྡུག་བསྔལ་གྱི་ནང་དུ་བྱིང་བ་མི་མཐོང་བར་སྲིད་པ་ལ་ཞེན་པ་གང་ཡིན་པ་དང་། སྡུག་བསྔལ་གྱི་ཆུ་བོར་གནས་པ་འདི་དག་ལ་དམིགས་ནས་ཀྱི་ཧུད་མྱ་ངན་བྱ་བར་རིགས་སོ། །དཔེར་ན་འགའ་
ཞིག་བསིལ་བའི་རེག་བྱ་འདོད་པའི་ཁྲུས་ཡང་ཡང་བྱས་ནས། ཡང་ཚ་བ་འདོད་པས་ཡང་ཡང་མེ་ནང་དུ་འཇུག་པ་སྤེལ་མར་བྱེད་པ་མཐོང་ན། ཀྱེ་མ་སྐྱེས་བུ་འདི་སྙིང་རྗེ་ཞེས་སེམས་པ། དེ་ལྟར་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་སྲེད་པས་དྲངས་ནས་ བདག་ཉིད་བདེ་བར་རློམ་བཞིན་དུ་རྒ་བ་དང་། འཆི་བ་འོང་རྒྱུ་མེད་པ ་བཞིན་དུ་བག་བརྐྱངས་ཏེ་རོལ་པའི་སྤྱོད་པས་གནས་ པ་རྣམས། ཐོག་མར་འཆི་བདག་བཟློག་ཏུ་མེད ་ཅིང་བརྩེ་བ་མེད་པས་བསད་པར་བྱས་ནས། ངན་སོང་དུ་ལྟུང་བའི་སྡུག་བསྔལ་མི་བཟད་པ་འོང་བར་འགྱུར་རོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་དང་བྲལ་བས་ན། སྲིད་པའི་སྡུག་བསྔལ་གྱི་མེས་གདུངས་པ་རྣམས་ལ། བསོད་ནམས་ཚད་མེད་པའི་སྤྲིན་ལས་ལེགས་པར་བྱུང་བའི་རང་གི་བདེ་བའི་འཚོགས་ཆས་སམ་ཡོ་བྱད་ཟས་གོས་གནས་མལ་ལ་སོགས་པ་ཅི་འདོད་པའི་ཚོགས་ཀྱིས་དེ་དག་གི་སྡུག་བསྔལ་ཞི་བར་བྱེད་པར་བདག་ནམ་ཞིག་ཏུ་འགྱུར་སྙམ་དུ་བསམ་པ་ནི་གནས་སྐབས་ཀྱི་བདེ་བ་དང་། ཡང་ངེས་ལེགས་ཀྱི་དབང་དུ་བྱས་ཏེ་ནམ་ཞིག་འཁོར་གསུམ་གྱི་དམིགས་པ་མེད་པའི་ཚུལ་དུ་སེམས་ཅན་གྱི་དོན་དུ་གུས་ཤིང་ཤིན་ཏུ་སྤྲོ་བའི་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་ཏེ། རང་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། བདེན་ཞེན་གྱི་དམིགས་པ་ཁོ་ནའི་དབང་གིས་འཁོར་བའི་གནས་སུ་ཕུང་བར་གྱུར་པའི་སེམས་ཅན་རྣམས་ལ་དེའི་གཉེན་པོ་ཆོས་ཐམས་ཅད་དམིགས་པ་མེད་པར་སྟོན་པའི་སྟོང་པ་ཉིད་ནི་སྟོན་པར་འགྱུར་ན་ཅི་མ་རུང་ཞིང་། དེ་ལྟར་འགྱུར་བར་བྱའོ་ཞེས་སྙིང་རྗེ་ཆེན་པོ་བསྐྱེད་དོ། །རང་ཉིད་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་མཐོང་
ན་གཞན་བདེན་འཛིན་གྱི་དབང་གིས་འཁོར་བ་རྣམས་ལ་ནམ་ཡང་མི་གཏོང་བའི་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་འབྱུང་ཞིང་འདི་ནས་ཇི་སྐད་གསུངས་པ་ལྟ་བུའི་སེམས་སྐྱེ་བ་ཡང་ཆོས་ཉིད་དོ། །འདིར་སྨྲས་པ། སྡེབ་སྦྱོར་མཛེས་ཤིང་དོན་ཡང་བརླིང་བ་ཡི། །མཁས་པའི་ལེགས་བཤད་མང་པོ་ཉེར་བཞུགས་ཀྱང་། །ཕལ་གྱིས་རྟོགས་པར་དཀའ་ཕྱིར་སྡེབ་སྦྱོར་གྱིས། །ཅི་བྱ་གོ་བདེ་ལྟུག་པར་འདི་བརྗོད་དོ། །རྗེས་བརྗོད་ཀློག་པ་དྲག་ཅེས་ཡིད་ཚིམ་ཞིང་། །རྟོན་པ་བཞི་པོ་ཕྱིན་ཅི་ལོག་གྱུར་པ། །དེང་དུས་འཕགས་ཡུལ་མཁས་པའི་གཞུང་སྒྲོས་བཞིན། །བརྗོད་ཀྱང་སུ་ཡི་རྣ་བར་དགའ་བ་སྐྱེད། །འོན་ཀྱང་གཞན་དྲིང་མི་འཇོག་རྣམ་དཔྱོད་ཅན། །དེ་རྣམས་ཐུགས་དབུས་ཆུ་ལ་ལན་ཚྭ་བཞིན། །སིམ་པར་འགྱུར་ལ་སོམ་ཉིའི་སྐབས་བྲལ་ཕྱིར། །ལྗན་ལྗིན་ནང་ནས་གསེར་བཞིན་ལས་ཉོན་གྱིས། །ཡོངས་གང་བདག་གི་ཁ་ནས་ལེགས་བཤད་འདི། །ལེགས་པར་སྤེལ་ལས་དགེ་བ་གང་ཐོབ་པ། །དེས་ནི་མཐའ་ཡས་འགྲོ་བའི་གཏི་མུག་མུན། །ངན་སེལ་ཆོས་ཀྱི་ཉི་མར་བདག་གྱུར་ཅིག །ཅེས་པའང་དགེ་བའི་བཤེས་གཉེན་སུ་ཀ་མ་ནས་ཡང་ནས་ཡང་དུ་བསྐུལ་བར་མཛད་པའི་རྐྱེན་བྱས་ནས། གནས་ལྔ་རིག་པའི་པཎ་ཆེན་དཔལ་གྱི་མཚན་ཅན་ལས་ཚུལ་འདིའི་བཤད་ཁྲིད་ལེགས་པར་ནོས་ཤིང་། བོད་དུ་བཞུགས་པའི་རྒྱ་འགྲེལ་ཐམས་ཅད་དང་། བོད་ཀྱི་མཁས་པས་བརྩམས་པའི་ལེགས་བཤད་ཕལ་ཆེ་བ་ཀུན་ཀྱང་མཐོང་ཞིང་། དེ་དག་གི་དོན་ལེགས་པར་བློ་ལ་འཆར་བར་བྱས་པ་འཇམ་དབྱངས་རྣམ་པར་རྒྱལ་བས་རབ་ཆོས་ས་སྟག་ལོའི་སྟོན་ར་བའི་ཚེས་གཅིག་ནས་བརྩམས་ཏེ་ཐུན་གསེང་དུ་བྲིས་
ཤིང་ཟླ་བ་དེའི་ཚེས་བཅུ་གསུམ་ལ་རྫོགས་པར་བགྱིས་པ་འདི་གང་གིས་མཐོང་བ་ཙམ་གྱིས་ཐེག་མཆོག་དབུ་མའི་ཚུལ་ལ་ཐེ་ཚོམ་དང་བྲལ་བའི་ངེས་པ་རྙེད་པའི་རྒྱུར་གྱུར་ཅིག མངྒ་ལམ། །རྨད་བྱུང་ཤེས་རབ་གསུམ་གྱི་མཐུས། །བདེ་གཤེགས་ལུང་རྟོགས་དབང་བསྒྱུར་ལས། །རིན་ཆེན་སེམས་གཉིས་སྐལ་བཟང་རྒྱུད། །སྨིན་པར་སྦྱིན་མཁས་ཞི་བའི་ལྷ། །ཉམས་དང་དགོངས་པས་འཕགས་ཡུལ་གཞུང་། །རྣམ་མང་དབུས་ན་བཻཌཱུར་བཞིན། །ཁྱད་འཕགས་བྱང་ཆུབ་སྤྱོད་འཇུག་གཞུང་། །རྒྱ་བོད་མཁས་པས་ལན་བརྒྱར་བཀྲལ། །ཐོབ་བྱའམ་རྟོགས་བྱའི་སྙིང་པོ་ནི། །ཤེས་རབ་ཕ་རོལ་ཕྱིན་ཉིད་ཕྱིར། །ཡན་ལག་གཞན་དག་འདིར་གཞོལ་ཞེས། །ཟབ་ཅིང་བརྟགས་དཀར་འདོམས་མཛད་གང་། །བློ་མཆོག་སྔ་མས་ཕྱེས་མོད་དེ། །བློ་མིག་དོག་ལ་གཞུང་དོན་གནད། །བློ་ཐག་ཆོད་པར་མཚོན་དཀའ་སླད། །བློ་གསལ་ཕལ་ཡང་རྣམ་པར་འཁྱམས། །དེ་སླད་ཚད་མའི་གཞུང་མ་བཅོས། །གཟུར་གནས་ཚད་མའི་གསུང་ལ་འཆེལ། །དངོས་སྟོབས་ཚད་མའི་རིག་པར་བཅས། །བཀའ་ལུང་ཚད་མར་མི་འགལ་བ། །བསྟན་བཅོས་རྩོམ་ལ་སྐལ་ཆེན་པོ། །མི་ཕམ་མཁས་པའི་ལེགས་བཤད་གང་། །འཕགས་པའི་དགོངས་པ་འཁྲུལ་མེད་དུ། །ལེགས་རྟོགས་དཔྱོད་ལྡན་མཐར་རྒྱས་ཕྱིར། །གཅིག་ལས་གྲངས་མེད་སྤྲུལ་པའི་བཟོ། །དགེ་བཤེས་ངག་དབང་ཤཱཀྱཱ་ཡི། །དངོས་རྫས་ལས་བྱེད་དད་ལྡན་གྱིས། །འགྲེལ་བཟང་རྒྱན་དུ་བརྩོན་པས་བསྒྲུབས། །དེ་དགེ་མཁའ་ཁྱབ་འགྲོར་སིམ་སྟེ། །སྦྱིན་སོགས་སྤྱོད་པ་མཐར་ཕྱིན་ནས། །བདེན་གཉིས་གནས་ལུགས་མངོན་གྱུར་ཅིང་། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་རྣམ་དཀར་འདི་ཉིད་ཀྱི་ཕྱོགས་སུ་དད་བརྩོན་གྱིས་འབྲེལ་བ་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱིས་གསུངས་ལ་ཁ་བསྒྱུར་ཅུང་ཟད་བགྱིས་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །