༅། །དབུ་མ་ལ་འཇུག་པའི་འགྲེལ་བ་ཟླ་བའི་ཞལ་ལུང་དྲི་མེད་ཤེལ་ཕྲེང་ཞེས་བྱ་བ་བཞུགས་སོ།
༄༅། །བིམལཱརྐམཱལཙནྡྲསྱམུཁཱགམམདྷྱམཀཱབཏཱརསྱཊཱིཀནཱམབིཧརཏིསྨ ། །༅། །དབུ་མ་ལ་འཇུག་པའི་འགྲེལ་བ་ཟླ་བའི་ཞལ་ལུང་དྲི་མེད་ཤེལ་ཕྲེང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི།སྐྱེ་མེད་ཆོས་དབྱིངས་མཁའ་ལ་སྤྲོས་པའི་སྤྲིན་བྲལ་དེ་བཞིན་ཉིད། །ཡེ་ཤེས་གཟིགས་པའི་ཉིན་བྱེད་ཡོན་ཏན་མཐའ་ཀླས་འོད་སྟོང་ཅན། །འཕགས་ཀུན་བསྐྱེད་མ་གཉིས་སུ་མེད་བློ་ཟབ་མོ་དབུ་མ་ལ། །ལེགས་འཇུག་ཐེག་མཆོག་ཆོས་ཀྱི་པདྨ་རྣམ་རྒྱས་དགེ་ལེགས་ཤིས། །རྒྱལ་བ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང༌། །རྒྱལ་ཚབ་རྒྱལ་བའི་སྲས་དང་རྒྱལ་བ་ཡི། །སློབ་མའི་གཙོ་དང་རྒྱལ་བའི་བརྒྱུད་འཛིན་པ། །ཕྱོགས་ལས་རྣམ་པར་རྒྱལ་ཀུན་རྒྱལ་གྱུར་ཅིག །འཕགས་མཆོག་ཀླུ་སྒྲུབ་ཟླ་བའི་དགོངས་པའི་གནད། །དོན་བཞིན་གཟིགས་ནས་ཆོས་བཞིན་འདོམས་མཛད་པས། །ཟབ་མོ་དམིགས་པ་མེད་པའི་ས་མཁན་མཆོག །འཇམ་དཔལ་དགྱེས་པའི་རྡོ་རྗེ་རྒྱལ་གྱུར་ཅིག །འདི་ན་རྟོགས་པ་བཞི་ཡི་གཏན་ཚིགས་ལས། །དང་པོར་གྱུར་པ་ཆོས་རྣམས་ཚུལ་གཅིག་པུ། །སྟོན་པ་ཡང་དག་རིགས་པའི་ལམ་གསལ་བའི། །བསྟན་བཅོས་གཞུང་གི་འགྲེལ་བཤད་རྣམ་པར་དགོད། །དེ་ལ་འདིར་སངས་རྒྱས་གཉིས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་པ་གསལ་བར་བྱེད་པ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་དབུ་མ་ལ་འཇུག་པ་འདི་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱགགཞུང་གི་དོན། མཇུག་གི་དོན་དང་བཞི་ལས། དང་པོ། རྒྱ༷་ག༷ར་སྐད༷་དུ༷། མ༷་དྷྱ༷་མ༷་ཀ༷་ཨ༷་བ༷་ཏཱ༷་ར༷་ནཱ༷་མ༷། གཉིས་པ་ནི། བོ༷ད་སྐད༷་དུ༷། དབུ་མ་ལ་འཇུག་པ་ཞེས་བྱ་བ་སྟེ་འདིར་དབུ་མ་ལ་བརྗོད་བྱ་དོན་གྱི་དབུ་མ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་དབྱིངས་དང༌། རྗོད་བྱེད་ཚིག་གི་དབུ་མ་དེ་དག་བརྗོད་བྱར་སྟོན་པའི་གཞུང་གཉིས་ལས་ཕྱི་མ། དེ་ལའང་བཀའ་དང་བསྟན་བཅོས་གཉིས་ལས་ཕྱི་མ་དབུ༷་མ༷་ཡི་བསྟན་བཅོས་རྩ་ཤེས་ལ༷་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་སྒོ་ནས་སམ།
ངེས་དོན་གྱི་ལུང་དང་ཀླུ་སྒྲུབ་ཀྱི་མན་ངག་གི་སྒོ་ནས་འཇུ༷ག་པ༷་ཞེ༷ས་བྱ༷་བ༷་སྟེ༷། དེ་ཡང་ཟབ་པའི་འཇུག་ཚུལ་ལ་རྩ་ཤེས་ཀྱི་དོན་ཐལ་རང་ཐུན་མོང་པའི་དབྱེ་གཞིར་གྱུར་པ་ལ། གཞུང་འདིས་རྣམ་གྲངས་མིན་པའི་དོན་དམ་ཁས་ལེན་ཀུན་བྲལ་རྩལ་ཏུ་བཏོན་ནས་ཐུན་མིན་ཐལ་འགྱུར་བའི་དགོངས་པ་ལྟར་བཀྲལ་བ་ཡིན་ཅིང༌། རྒྱ་ཆེ་བ་སོ་སོའི་སྐྱེ་བོའི་སའི་ཆོས་གསུམ། འཕགས་པ་སློབ་པའི་ས་བཅུ། མཐར་ཐུག་མི་སློབ་པའི་ས་དང་བཅས་པ་བཤད་པས་སོ། །གཉིས་པ་ནི། ཉེས་པའི་རྩུབ་རེག་དང་བྲལ་བས་འ༷ཇམ་པ་དང་དོན་གཉིས་འབྱོར་བའི་དཔ༷ལ་དང་ལྡན་པ་རྒྱལ་བའི་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་གཞོ༷ན་ནུ༷ར་གྱུ༷ར་པ༷་ལ༷་ཕྱག༷་འཚ༷ལ་ལོ༵། །ཞེས་ལོ་ཙཱ་བས་འགྱུར་མཛད་པའི་སྔ་ལོགས་སུ་ཕྱག་མཛད་པ་སྟེ་དོན་དམ་པའི་ཆོས་མངོན་པ་རྣམ་པར་བཞག་པ་ཡིན་པས་འགྱུར་ཕྱག་ཀྱང་བཀས་བཅད་དང་མཐུན་ནོ། །གསུམ་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་མཆོད་པར་བརྗོད་པ། བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས།བརྩམ་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ། བྱང་སེམས་ཀྱི་རྒྱུ་གསུམ་སྤྱིར་བསྟན་པ་དང༌། དེ་ལས་བྱེ་བྲག་ཏུ་སྙིང་རྗེ་ལ་བསྟོད་པ་གཉིས། དང་པོ་ནི། ཡང་དག་པའི་བཤེས་གཉེན་གཞན་ལས་གདམས་ངག་ཉན༷་ཅིང་གཞན་ལ་ཐོ༵ས་པའམ་སྒྲོག་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཆ་ཉན་ཐོས་ལས་འཕགས་པ་དང་རྟོགས་པ་མྱུར་ཞིང༌། སངས༷་རྒྱས༷་ལས་དམན་པ་རང་ས༷ངས་རྒྱས༷་འབྲི༷ང་པོ་རྣ༷མས་ནི་ཐུབ༷་པའི་དབ༷ང་པོའི་གསུང་ལས་སྐྱེས༵་པ་དང༌།
ས༷ངས་རྒྱས༷་ནི་ལམ་སློབ་པ་བྱང༷་ཆུབ༷་སེ༷མས་དཔ༷འ་ཡི་གནས་སྐབས་ཀྱི་ཁྱད་པར་དང༌། ཡང་དག་པར་འཛིན་ཏུ་འཇུག་པ་ལ༷ས་འཁྲུང༷ས་ཤི༵ང༌། སེམས་ཅན་ཀུན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང༷་རྗེ༷འི་སེ༷མས་ད༷ང༌། ཡོད་མེད་ཀྱི་མཐའ་གཉིས༷་སུ༷་མེ༷ད་པའི་བློ༷་སྟེ་ཤེས་རབ་ད༵ང༌། བྱང༷་ཆུ༷བ་ཀྱི་སེ༷མས་དང་གསུམ་པོ་ནི༷་རྒྱལ༷་སྲས་རྣ༷མས་ཀྱི༷་རྒྱུ༷་ཡིན་ཏེ། དེ་ཡང་རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་མཐར་གཏུག་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པའི་ལུགས་སོ། །གཉིས་པ་ལ། སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ་དང༌། ཕྱེ་སྟེ་ཕྱག་འཚལ་བ་གཉིས། དང་པོ། ག༷ང་ཕྱིར༷་བརྩེ༷་བ་སྙིང་རྗེ་ཆེན་པོ་ཉི༷ད་རྒྱལ༷་བ༷འི་ལོ༷་ཏོག༷་ཕུ༷ན་སུ༷མ་ཚོ༷གས་པ་འདིའི་དང་པོར་གལ་ཆེ་བ་ས༷་བོ༷ན་ད༷ང་ནི༷། བར་དུ་གལ་ཆེ་བ་སྤེ༷ལ་བ་ལ༷་ཆུ༷་དང་འདྲ༷་སྟེ་སེམས་ཅན་མཐའ་མེད་པ་དང་སྤྱོད་པ་ངན་ཅིང་བྱས་པ་དྲིན་དུ་མི་གཟོ་བ་སོགས་ཀྱིས་མི་ཉམས་པ་དང༌། ཐ་མར་གལ་ཆེ་བ་ཡུན༷་རི༷ང་དུ། ལོ༷ངས་སྤྱོད༷་གན༷ས་ལ༷་སྨི༷ན་པ༷་ལྟ༷་བུར༷་འདོ༷ད་པར་གྱུར༷་པ༵། དེ༷་ཕྱིར༷་ཟླ་བའི་ཞབས་བད༷ག་གི༷ས་ཐོ༷ག་མར་སྙི༷ང་རྗེ༷ར་བསྟོད༷་པ༷ར་བགྱིའོ། །ཞེས་སོ། །གཉིས་པ་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་བསྟོད་པ་དང༌།ཆོས་དང་དམིགས་པ་མེད་པའི་སྙིང་རྗེ་ལ་བསྟོད་པ་གཉིས། དང་པོ་ནི། ང་ཡིར་འཛིན་པའི་སྔོན་དུའམ་ད༵ང་པོ༵ར་ང༵་ཞེ༵ས་པའི་འཛིན་སྟངས་ཀྱིས་བད༵ག་ཡོད་ པ་ལ༵་ཞེ༵ན་པར་གྱུར༵་ཅི༵ང༌།
བད༵ག་གི༵་འདི༷་ཞེ༷ས་མིག་སོགས་ཀྱི་དངོ༵ས་པོ་ལ༵་བདེན་ཞེན་གྱིས་ཆ༵གས་པ་བསྐྱེད༵་པ༵་ཡིས། ཟོ༵་ཆུ༵ན་འཕྱན༵་ལྟར༵་ར༵ང་དབ༷ང་མེ༵ད་པ༵་སྲིད་རྩེ་ནས་མནར་མེད་པར་འཁོར་བ་ཡི༷་འ༷གྲོ༷་ལ༵་སྙིང༵་རྗེ༵ར་གྱུར༵་ག༵ང་དེ༵་ལ༵་འདུད༵་དོ་ཞེས་པའོ། །ཇི་ལྟར་ཟོ་ཆུན་འཁྱུད་མོ་དང་འདྲ་ན་དེ་ཐག་པས་བསྡམས་པ་དང་འདྲ་བར་བཅུད་ཀྱི་འཇིག་རྟེན་ལས་ཉོན་གྱི་ཐག་པས་ཆེས་དམ་དུ་བསྡམས་པ་༡༽དང༌། འཁྲུལ་འཁོར་བསྐོར་མཁན་དང་འདྲ་བར་རྣམ་ཤེས་ཀྱིས་བསྐྱོད་པ་ལ་རགས་ལས་པར་འཇུག་པ་༢༽ད༵ང༌། འཁོར་བའི་ཁྲོན་པ་ཆེན་པོ་སྲིད་རྩེ་ནས་མནར་མེད་པར་ཐུག་པ་ཟབ་ལ་བར་མེད་དུ་འཕེན་པ་༣༽དང༌།ཐུར་དུ་ངན་འགྲོར་ངང་གིས་འགྲོ་ཞིང་གྱེན་དུ་བདེ་འགྲོར་འབད་པས་དྲང་དགོས་པ་༤༽དང༌། མ་རིག་སྲེད་ལེན་གྱི་ཉོན་མོངས་པ་དང༌། འདུ་བྱེད་སྲིད་པའི་ལས་དང༌། ལྷག་མ་བདུན་གྱིས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་ཡོད་ཀྱང༌།དེ་གསུམ་གྱི་སྔ་ཕྱི་བར་གྱི་རིམ་པ་མཐའ་གཅིག་ཏུ་ངེས་པར་མི་ཟིན་པ་དེ་དག་གཅིག་རྗེས་སུ་གཅིག་འཇུག་པས་བར་མེད་པ་༥༽མགལ་མེ་ལྟ་བུའོ། །ཉི་མ་རེ་རེ་ཞིང་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ཆུ་གཉེར་དང་འདྲ་བ་རྣམས་ཀྱིས་གཙོག་པའི་ཕྱིར་ན་ཆོས་མཐུན་དྲུག་གིས་སོ། །གཉིས་པ། འགྲོ༵་བ༵་རྣམས་ནི་དཔེར་ན་ང་གིས་གཡོ༷་བ༵འི་ཆུ༵་ཡི༵་ན༵ང་གི༷་ཟླ༵་བ༵་ལྟར༷་སྐད་ཅིག་ཀྱང་མི་སྡོད་པར་གཡོ༵་བ་ད༷ང༌། ར༵ང་བཞི༷ན་ཉིད༷་ཀྱིས༷་སྟོང༷་པ༷ར་མཐོ༵ང་བ༷་ཡི༷་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད་ཅེས་སོ། །
དེ་ཡང་དཔེར་ན་ཆུ་དྭངས་པ་ང་མི་དྲག་པས་གཡོ་བའི་ནང་གི་ཟླ་བ་ལྟར་ཞེས་རྟེན་ཆུ་དང་ལྷན་ཅིག་སྐད་ཅིག་རེ་རེ་ལ་མི་རྟག་པ་ཉིད་དང༌། རང་བཞིན་གྱིས་གྲུབ་པས་སྟོང་པར་མཐོང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས་ཀྱང་སེམས་ཅན་འཇིག་ཚོགས་ལ་ལྟ་བའི་མཚོར། དེ་རྒྱས་ཕྱིར་འབབས་པ་མ་རིག་པའི་ཆུ་སྔོན་རྒྱ་ཆེ་བ། ཚུལ་མིན་ཡིད་བྱེད་ཀྱི་རྟོག་པའི་ང་གིས་བསྐྱོད་པའི་ནང་ན་གནས་པ། མཁའ་ཟླ་ལྟར་ལས་དཀར་ནག་གི་གཟུགས་བརྙན་ལྟ་བུར་མདུན་ན་གནས་པ་རྣམས་ཆོས་ཙམ་ལ་བཏགས་པ་སྐད་ཅིག་རེ་ལ་འཇིག་པའི་སེམས་ཅན་ལ་དམིགས་པ་དང༌། རང་བཞིན་གྱིས་གྲུབ་པས་སྟོང་པའི་སེམས་ཅན་ལ་དམིགས་པ་སྟེ། མདོར་ན་བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པ་དང༌། མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པ་དང༌། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེའོ། །དེས་ན་སྙིང་རྗེ་གསུམ་ཀའི་རྣམ་པ་སྡུག་བསྔལ་དང་བྲལ་འདོད་དུ་འདྲ་ཡང༌། དམིགས་ཡུལ་གྱི་ཁྱད་པར་ཡིན་པ་ཤེས་པར་བྱའོ། ། གཉིས་པ་བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས་ལ།གནས་སྐབས་ཀྱི་ས་བཤད་པ་དང༌། མཐར་ཐུག་གི་ས་བཤད་པ་གཉིས། དང་པོ་ལ། ས་བཅུ་སོ་སོར་བཤད་པ་དང༌། ས་ཡི་ཡོན་ཏན་བཤད་པ་གཉིས། དང་པོ་ལ་རབ་དགའ་སོགས་ལྔ་བཤད་པ་དང༌། ས་དྲུག་པ་མངོན་དུ་གྱུར་པ་བཤད་པ།
རིང་དུ་སོང་བ་སོགས་བཞི་བཤད་པའོ། །དང་པོ་ལ་ས་དང་པོ་རབ་ཏུ་དགའ་བ་བཤད་པ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ་བཤད་པ་དང་ལྔ། དང་པོ་ལ། ས་དང་པོ་དངོས་བཤད་པ་དང༌། ལེའུའི་སྐབས་བསྡུ་བ་གཉིས། དང་པོ་ལ། ཁྱད་གཞི་ས་ཡི་ངོ་བོ་མདོར་བསྟན། ཁྱད་ཆོས་ས་ཡི་ཡོན་ཏན་རྒྱས་པར་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་གསུམ། དང་པོ་ནི། རྒྱལ༵་བ༵འི་སྲ༵ས་པོ༵་འདི༷་ཡི༷་སེ༷མས་ག༷ང་ཞིག་འགྲོ༷་བ༷་རྣ༷མས།རང་བཞིན་མེད་པར་མཐོང་ནས་རྣ༷མ་པ༷ར་གྲོ༷ལ་བ༷ར་བྱ༷་བའི་ཕྱིར༷་སྙིང༷་རྗེ༷འི་གཞན་དབ༷ང་དུ་གྱུར༷་ཅི༷ང་བྱང་སེམས་ཀྱི་སྨོན་ལམ་ཆེན་པོ་བཅུ་སོགས་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་ས་དང་པོ་པས་འདེབས་པ་ནི་བྱང་སེམས་ཀུན༷་ཏུ༷་བཟ༵ང་པོ༷འི་སྨོ༷ན་ལམ་གྱི་ནང་དུ་འདུས་པ༷ས་སྨོན་ལམ་དེས་དགེ་བ་རྣམས་ར༷བ་ཏུ་བསྔོས༷་ཤིང་གཉིས་སུ་སྣང་བ་མེད་པའི་ཡེ་ཤེས་ས་དང་པོ་ར༷བ་ཏུ་དག༷འ་བ༷་ལ༵་ར༷བ་ཏུ༷་གན༷ས་པ༷་དེ༷་ནི༷་འཇིག་རྟེན་ལས་འདས་པའི་སེམས་ད༷ང་པོ༷་ཞེ༷ས་བྱ༷འོ༷་ཞེས་གསུངས་སོ༷། །གཉིས་པ་ལ། རང་གི་རྒྱུད་མཛེས་པར་བྱེད་པའི་ཡོན་ཏན།གཞན་གྱི་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་དང་པོར་ལྷག་པའི་ཡོན་ཏན་བསྟན་པ་དང་གསུམ། དང་པོ་ལ་དོན་ལྡན་གྱི་མཚན་ཐོབ་པའི་ཡོན་ཏན།རིགས་སུ་སྐྱེ་བ་སོགས་བླང་བྱའི་ཁྱད་པར་ཐོབ་པའི་ཡོན་ཏན། ངན་སོང་སོགས་སྦྱང་བྱ་འགགས་པའི་ཡོན་ཏན་གསུམ། དང་པོ་ནི། ས་དང་པོ་ལ་ཞུགས་པ་དེ༷་ན༷ས་བཟུ༷ང་སྟེ་དོ༷ན་དམ་པའི་སེམས་དེ༷་ནི༷་ཐོ༷བ་པ༷ར་གྱུར༷་པ༷་ཡི༵ས།
དོན་དམ་པའི་བྱང༷་ཆུ༷བ་སེ༷མས་དཔ༷འ་ཞེ༷ས་བྱ་བའི༷་སྒྲ༷་ཉིད༷་ཀྱིས༷་བསྙད༷་དོ༷་སྟེ་བྱང་སེམས་འཕགས་པ་ཡིན་པས་སོ། །གཉིས་པ་ལ། རིགས་ཀྱི་ཡོན་ཏན། སྤངས་པའི་ཡོན་ཏན། རྟོགས་པའི་ཡོན་ཏན། ནུས་པའི་ཡོན་ཏན། གོང་དུ་འཕེལ་བའི་ཡོན་ཏན་ལྔ། དང་པོ། འདི༷་ནི༷་སོ་སྐྱེ་དང་ཉན་རང་གི་ས་ལས་འདས་པའི་ཕྱིར་དེ༷་བཞི༷ན་གཤེ༷གས་པ༷་རྣ༷མས་ཀྱི༷་རི༷གས་སུ༷འ༷ང་སྐྱེས༷་པ༷་སྟེ༵། ལམ་གཞན་དུ་མི་འགྲོ་བར་རང་སར་རིགས་ངེས་པའོ། །གཉིས་པ། འདི༷་ནི༷་བདག་མེད་མངོན་སུམ་མཐོང་བས་ཀུན༷་ཏུ༷་སྦྱོར༷་བ༷་གསུ༷མ་པོ༷་སྟེ་འཇིག་ལྟ་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་ཐེ་ཚོམ་བཅས་མཐོང་སྤང་ཐ༷མས་ཅ༷ད་སྤ༷ངས་པ༷་ཡི༵ན་ནོ། །གསུམ་པ། རྟོགས་པའི་ཡོན་ཏན་ཁྱད་པར་འཕགས་པ་ཐོབ་པའིབྱང༷་ཆུ༷བ་སེ༷མས་དཔ༷འ་དེ༷་ནི༷་སྐྱོན་སྤངས་ཤིང་ཡོན་ཏན་ཐོབ་པའི་ཐུན་མིན་གྱི་དག༷འ་བ༷་མཆོ༷ག་ཏུ༷་གྱུར༷་པ་འཆ༷ང་ཞི༵ང་འཛིན་པས་ན་རབ་ཏུ་དགའ་བ་ཞེས་བྱའོ། །བཞི་པ་ནི། དེའི་ཚེ་བྱང་སེམས་དེའི་རྫུ་འཕྲུལ་གྱིས་འཇི༷ག་རྟེན༷་གྱི་ཁ༷མས་མི་གཅིག་པ་བརྒྱ༷་ཀུ༷ན་ན༷ས་གཡོ༷་བ༷ར་ནུས༷་པ་ལ་སོགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ༷ར་གྱུར༷་པ༷འ༷ང་ཡི༵ན་ནོ། །ཐོབ་པ་ནུས་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ནོ། །ལྔ་པ། ས༷་དང་པོ་ན༷ས་ས༷ར་ཏེ་གཉིས་པ་གནོ༷ན་པ་ལ་སྤྲོ་བ་ཤིན་ཏུ་ཆེ་བར་བྱེད༷་ཅིང༷་ས་གོ༷ང་མ༷ར་ར༷བ་ཏུ༷་འགྲོ༷་བ༷ར་འགྱུར༵་བ་ཡིན་ནོ། །གསུམ་པ་ལ་དངོས་དང༌། དེ་དཔེས་བཤད་པ་གཉིས། དང་པོ། ས་ དང་པོ་ཐོབ་པ་དེ༷་ཚེ༷་བྱང་སེམས་འདི༷འི༵་ང༷ན་འགྲོ༷འི་ལ༷མ་རྣ༷མས་མཐ༷འ་ད༷ག་འག༷ག་པ༷ར་འགྱུར༵་ཞེས་པས་བཟོད་ཐོབ་ངན་སོང་དུ་མི་སྐྱེ་བ་རྐྱེན་མ་ཚང་བས་ཡིན་ལ། འདིར་ནི་གཉེན་པོས་ངན་སོང་དུ་སྐྱེ་བའི་ས་བོན་བཅོམ་པའོ། །
ས་ཐོབ་པ་དེ༷འི་ཚེ་འདི༷་ཡི༷་སོ༷་སོ༷འི་སྐྱེ༷་བོ༷འི་ས༷་རྣ༷མས་ཐ༷མས་ཅ༷ད་ཟ༵ད་པ་ཡང་ཡིན་ཏེ་བྱང་སེམས་འཕགས་པ་ཡིན་པས་སོ། །གཉིས་པ། འདི༷་ནི༷་འཕ༷གས་པ༷་བརྒྱ༷ད་པ༷་དགྲ་བཅོམ་ཞུགས་འབྲས་གཉིས་སོགས་མར་བརྩིས་པའི་རྒྱུན་ཞུགས་འབྲས་གནས་ཀྱི་ས་མཐོང་སྤང་སྤོང་བ་སོགས་སྤང་རྟོགས་ཀྱི་ཡོན་ཏན་འབྱུང་བ་ཇི༷ལྟ༷་བ་དེ༷་ལྟར༷་དཔེའི་སྒོ་ནས་ཉེ༷་བ༷ར་བསྟན༵་པ་ཡིན་ནོ། །བརྒྱད་པ་རྒྱུན་ཞུགས་ཞུགས་པ་ལ་བཞེད་པའང་ཡོད་དོ། །གཉིས་པ་གཞན་ཟིལ་གྱིས་གནོན་ཚུལ་ལ། དངོས་དང་འཕྲོས་དོན་གཉིས། དང་པོ་ནི། རྫོ༷གས་པ༷འི་བྱང༷་ཆུ༷བ་སེ༷མས་ལ་ལྟ༷་ཞིང་དོན་གཉེར་བྱང་སེམས་ས་ད༷ང་པོ༷་ལ༷་གན༷ས་ཀྱང༵༌། ཐུ༷བ་དབ༷ང་གསུ༷ང་སྐྱེས༷་ཉན་ཐོས་ད༷ང་བཅ༷ས་ར༷ང་ས༷ངས་རྒྱས༷་རྣ༷མས་ནི༵་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དམིགས་མེད་སྙིང་རྗེའི་བསོ༷ད་ན༷མས་ད༷ག་གི༷་དབ༷ང་གི༷ས་ཕ༷མ་པར་བྱས༷་ཏེ་ཟིལ་གྱིས་མནན་ནས་དེ་དག་ལས་བསོད་ནམས་རྣ༷མ་པ༷ར་འཕེ༵ལ་བའི་སྟོབས་ཀྱིས་སོ། །གཉིས་པ། བྱང་ཆུབ་སེམས་དཔའ་དེ༷་ནི༷་ས་བདུན་པ་རི༷ང་དུ༷་སོ༷ང་བ༷ར་དོན་དམ་སེམས་བསྐྱེད་ཀྱི་བློ༷་ཡ༷ང་ལྷག༷་པ༷ར་འགྱུར༵་རོ། །
༈ གསུམ་པ་ས་དང་པོར་ལྷག་པའི་ཡོན་ཏན་ལ། ས་འདིར་སྦྱིན་པའི་ཕར་ཕྱིན་ལྷག་ཚུལ། སྦྱིན་པའི་བསྔགས་པ། སྦྱིན་པའི་དབྱེ་བ་གསུམ། དང་པོ་ནི།ས་དང་པོ་དེ༷་ཚེ༷་བྱང་སེམས་དེ༷་ལ༷་རྫོ༷གས་པའི་ས༷ངས་རྒྱས་ཀྱི་བྱང༷་ཆུ༷བ་རྒྱུར༵།ཕར་ཕྱིན་བཅུའི་ད༷ང་པོ༷་སྦྱིན༷་པ༷འི་ཕར་ཕྱིན་ཉིད༷་ནི༷་ཆེས་ལྷག༷་པ༷ར་འགྱུར༵་གྱི་གཞན་རྣམས་ནི་མ་ཡིན་ནོ། །དེ་ཡང་ར༷ང་གི་ཤ༷་སྟེར༷་བ་ལ༷འ༷ང་འདུན་འཛིན་གྱི་ཆགས་པ་ཕྲ་མོ་ཡང་མེད་པས་མི་དགའ་བ་མེད་པར་མ་ཟད་ཆེས་གུས༷་པ༷ར་བྱས༷་པ༷་ཡི༷ས། སྐྱེ་བོ་ཕལ་ལ་སྣང༷་དུ༷་མི༷་རུང༷་བ་གང་གིས་ས་ཐོབ་པ་རྗེས་སུ་དཔོ༷ག་པ༷འི་རྒྱུར༷་ཡ༷ང་འགྱུར༵་ཏེ་དུ་བས་མེ་རྗེས་སུ་དཔོག་པ་བཞིན་ནོ། །གཉིས་པ་ལ། སྦྱིན་པའི་བསྔགས་པ་དངོས་དང༌། བསྔགས་པ་དེ་ལྡན་གྱི་སྦྱིན་པ་ལ་བྱང་སེམས་རྣམས་གུས་པའི་ཚུལ་གཉིས། དང་པོ་ལ། རྟེན་དམན་པའི་སྦྱིན་པ་ལ་བསྔགས་པ། བྱང་སེམས་རྣམས་ཀྱི་སྦྱིན་པ་ལ་བསྔགས་པ། དེ་ལྟར་བསྔགས་པའི་མཇུག་བསྡུ་བ་གསུམ། དང་པོ་ལ། རྟེན་དམན་པ་ལ་སྦྱིན་པ་དགོས་ཚུལ་དང༌། སྦྱིན་པ་བྱིན་པའི་ཕན་ཡོན་གཉིས། དང་པོ་ནི། སོ་སོའི་སྐྱེ༷་བོ༷་འདི༷་ཀུན་ནི་བདེ༷་བ༷་ལ་མངོ༷ན་པར་འདོ༷ད་པ་ཁོ་ན་ཡིན་ཅིང༵༌། མི༷་རྣ༷མས་ཀྱི་བཀྲེས་སྐོམ་སོགས་སྡུག་བསྔལ་ཕྱིར་འཆོས་པའི་བདེ༷་བ༷་དེའ༷ང་རྒྱུ་ལོ༷ངས་སྤྱོད༷་མེ༷ད་པར་འབྱུང་བ་མི༷ན་ལ༵། ལོ༷ངས་སྤྱོད༷་ཀྱང༷་ནི༷་སྔོན་སྦྱིན༷་པ་བྱིན་པ་ལ༷ས་འབྱུང༷་བར་མཁྱེ༷ན་ན༷ས། ཐུ༷བ་པ༷ས་ཚུལ་ཁྲིམས་སོགས་ཀྱི་ད༷ང་པོ༷ར་སྦྱིན༷་པ་ལ་བསྔགས་པ༷འི་གཏམ༷་མཛ༷ད་དོ༵་སྟེ་དེ་ལ་འཇུག་པར་ཡང་སླ་བས་སོ། །གཉིས་པ་ལ་སྦྱིན་པས་འཁོར་བའི་བདེ་བ་ཐོབ་ཚུལ་དང༌། སྦྱིན་པས་མྱང་འདས་ཀྱིབདེ་བ་ཐོབ་ཚུལ་གཉིས།
དང་པོ། གཏོང་བ་པོ་དད་པ་སྙིང༷་རྗེ༷་དམ༷ན་ཞི༷ང་རྒྱུད་ཤི༷ན་ཏུ༷་རྩུབ༷་པའི་སེ༷མས་ཅ༵ན་ར༷ང་དོ༷ན་ལྷུར༷་ལེ༷ན་པ་ཉིད༷་དུ༷་འགྱུར༷་བ༷་ག༷ང་ཡིན་པ་དེ༷་ད༷ག་གི༷་ཡ༷ང་འདོ༷ད་པ༷འི་ལོ༷ངས་སྤྱོད༷་རྣ༷མས། རང་སྐལ་གྱི་སྡུག༷་བསྔ༷ལ་ཉེར༷་ཞི༷འི་རྒྱུར༷་གྱུར༷་པ་དེ་ནི་སྦྱིན༷་པ་ལ༷ས་འབྱུང་བ༷ས་ན་འཁོར་བའི་བདེ་བའི་རྒྱུ་སྦྱིན་པ་ཡིན་ནོ། །གཉིས་པ། སྙིང་རྗེ་དང་བྲལ་བའི་གཏོང་པོ་འདི༷་ཡ༷ང་སྦྱིན༷་པ༷འི་སྐབ༷ས་ཀྱི༷ས་ན༷མ་ཞི༷ག་གི་ཚེ༵་ན་འཕ༷གས་པ༷འི་སྐྱེ༷་བོ༷་ད༷ང་འཕྲ༷ད་པ་མྱུར༷་དུ༷་འཐོ༵བ་སྟེ། སྦྱིན་བདག་གི་ཐད་དུ་འཕགས་པ་རྣམས་འོང་བ་ཆོས་ཉིད་ཡིན་པས་འཕགས་པ་དང་འཕྲད་པ་དེ༷་ན༷ས་དེས་ཆོས་བསྟན་པ་ལས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་ལམ་བསྒོམ་པས་སྲི༷ད་རྒྱུན༷་སྐྱེ་འཆིའི་འཇུག་པ་ཡ༷ང་ད༷ག་པར་བཅ༷ད་པར་བྱས༷་ཏེ༷། དམ་པ་དང་འཕྲད་པ་དེ༷་ཡི༷་རྒྱུ༷་ཅ༷ན་ཉན་རང་གི་ཞི༷་བ༷ར་འགྲོ༷་བ༷ར་འགྱུར༷་རོ། །གཉིས་པ་བྱང་སེམས་ཀྱི་སྦྱིན་པ། འགྲོ༷་ལ༷་འཕྲལ་ཕུགས་སུ་ཕ༷ན་པ༷ར་ད༷མ་བཅ༷ས་པའི་ཡི༷ད་ཅ༷ན་བྱང་སེ༷མས་རྣ༷མས། སྦྱིན༷་པ༷ས་མཇུག་ཐོགས་སུ་རི༷ང་པོ༷ར་མི༷་ཐོ༷གས་པར་སློང་མོ་པ་ཚིམ་པའི་སྦྱིན་འབྲས་ཀྱི་དག༷འ་བ༷་ཐོ༷བ་པས་དུས་ཀུན་ཏུ་སྦྱིན་པ་ལ་སྤྲོའོ། །གསུམ་པ་བསྔགས་པས་མཇུག་བསྡུ་བ། ག༷ང་ཕྱིར༷་བརྩེ༷་བད༷ག་བྱང་སེམས་དང་བརྩེ༷་བད༷ག་མ༷་ཡི༷ན་པ༷་སོ་སྐྱེ་ཉན་རང་ཐམས་ཅད་ཀྱི་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་སྦྱིན་པས་འདྲེན་པ་དེ༷་ཕྱིར༷་སྦྱིན༷་པ༷འི་གཏམ༷་ཉི༷ད་གཙོ༷་བོ༷་སྟེ་ཤིན་ཏུ་གལ་ཆེ་བ་ཡི༷ན་ནོ༷། །
གཉིས་པ་བསྔགས་པ་དེ་ལྡན་གྱི་སྦྱིན་པ་ལ་བྱང་སེམས་རྣམས་གུས་ཚུལ་ལ། སྦྱིན་པ་ལ་ཅི་ཙམ་གུས་པའི་ཚུལ་དང༌། དེ་ལྟར་གུས་ནས་སྦྱིན་པ་གཏོང་ཚུལ་གཉིས། དང་པོ། ཇི༷་ལྟར༷་སློང་མོ་པས་བྱིན༷་ཅི༷ག་ཅེ༷ས་སྒྲ༷་ཐོ༷ས་ནས་དེའི་ཚུལ་བས༷མས་པ་ལ༷ས་ཏེ། བདག་ལ་སློང་མོ་བྱུང་སྙམ་པའི་དུས་ནའང་རྒྱལ༷་སྲ༷ས་རྣམས་ལ་བདེ༷་བ་འབྱུང༷་བ་དེ༷་ལྟར༷་ཐུ༷བ་པ་དགྲ་བཅོམ་པ་རྣ༷མས་ལ༷། ཞི༷་བ༷ར་མྱང་འདས་ཀྱི་དབྱིངས་སུ༷་ཞུག༷ས་པ༷ས་བདེ༷་བ༷་བྱེད༷་པ་མི༷ན་ན༷། ཕྱི་ནང་གི་དངོས་པོ་ཐ༷མས་ཅ༷ད་བཏ༷ང་བས༷་སློང་མོ་པ་ཚིམ་པའི་སྐབས་ན་བདེ་བ་ལྟ༷་ཞི༷ག་སྨྲོས༷་ཅི༷་དགོ༷ས། གཉིས་པ། སྦྱིན་པ་ལ་ཤིན་ཏུ་དགའ་བའི་བློ་སྐྱེས་པ་ན།སོ་སོའི་སྐྱེ་བོའི་སྐབས་སུའང་ལུ༷ས་ཀྱི་ཤ་བཅ༷ད་དེ་སྟེར༷་ཞི༷ང་དེ་ཡི་བད༷ག་གི༷་སྡུག༷་བསྔ༷ལ་གྱི༷ས། དཔོག་ནས་གཞ༷ན་ད༷ག་རྣ༷མས་ཀྱི༷་དམྱ༷ལ་བ༷་ལ༷་སོ༷གས་པ༷འི་སྡུག༷་བསྔ༷ལ་ལུས་བཅད་པ་ལས་སྟོང་འགྱུར་འཕེལ་བ་ར༷ང་རི༷ག་གིས་མྱོང་བའམ་ཤེས་པ་རྒྱུ་མཚན་ཉིད༷་དུ༷་མཐོ༷ང་བའམ་བལྟས་ནས༷་ནི༷། རང་གི་སྡུག་བསྔལ་རྩིས་མེད་བཏང་ནས་གཞན་གྱི་སྡུག་བསྔལ་དེ༷་གཅ༷ད་པ་སྟེ་བསལ་བར་བྱ༷་བའིཕྱིར༷་མྱུར༷་དུ༷་བརྩོ༷ན་འགྲུ༷ས་རྩོམ༷་པའི་རྒྱུར་འགྱུར་རོ། །གསུམ་པ་སྦྱིན་པའི་རྣམ་པར་དབྱེ་བ། སྦྱིན༷་པ༷་དང་སྦྱིན༷་པར་བྱ༷་བའི་དངོས་པོ་དང༌། ལེ༷ན་པོ༷་དང་གཏོ༷ང་པོ༷ས་སྟོང༷་པའི་ཤེས་རབ་འཁོར་གསུམ་མི་དམིགས་པ་ཟག་མེད་ཀྱིས་ཟིན་པ་ནི་འཇི༷ག་རྟེན༷་ལས་འད༷ས་པ༷འི་ཕ༷་རོ༷ལ་ཕྱིན༷་པ་ཡིན་ཅེ༷ས་བྱ༷་སྟེ༷། ཕ་རོལ་ལ་པ་ར་དང༌། ཕྱིན་པ་ལ་ཨི་ཏཱ་ཞེས་པ་ཚིག་བསྡུས་ཏེ་པ་ར་ལ་རྣམ་དབྱེའི་གཅིག་ཚིག་ཨཾ་བྱིན། ཨི་ཏཱའི་རྗེས་སུ་དང་པོའི་ས་བྱིན་ཏེ། པ་ར་མ་ཨི་ཏཿ པ་ར་
ཏ་ཞེས་ཚིག་བསྡུས་ན་ཨཾ་སུ་མི་མངོན་པར་འགྲོའང༌། འདིར་ཚིག་ཕྱི་མ་ཡོད་ན་མི་མངོན་པར་མི་བྱའོ་ཞེས་སྒྲའི་རྩ་བའི་ཚིག་གིས་སུ་མི་མངོན་པར་བྱས་ཀྱང་ཨཾ་མི་མངོན་པར་མ་བྱས་པའོ། །ཤེས་རབ་ཀྱིས་མ་ཟིན་ཀྱང་ཕར་ཕྱིན་གྱི་སྒྲ་ཐོབ་པ་བྱང་ཆེན་དུ་བསྔོ་བས་ཟིན་པས་ཕ་རོལ་ཏུ་འགྲོ་ངེས་པ་ལ་བཞག་པས་སོ། །ཕ་རོལ་འདིར་ཞེས་ལས་ལ་སྦྱར་ན་སངས་རྒྱས་ཀྱི་སར་ཕྱིན་པ་ཡིན་ལ།འདིས་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱེད་པ་ལ་སྦྱར་ན། སློབ་ལམ་ན་ཡང་ཕར་ཕྱིན་ཡོད་དོ། །མདོར་ན་ཕ་རོལ་ནི་འཁོར་བའི་རྒྱ་མཚོའི་ཕར་འགྲམ་སྟེ་སྒྲིབ་གཉིས་མ་ལུས་སྤངས་པའི་སངས་རྒྱས་སོ། །འཁོར་གསུ༷མ་པོ༷་ད༷ག་ལ༷་བདེན་ཞེན་གྱི་ཆ༷གས་པ་སྐྱེས༷་པར་གྱུར༷་པ༷ས་སྦྱིན་པ་དེ༷་ནི༷་འཇི༷ག་རྟེ༷ན་པ༷་ཡི༷་ཕ༷་རོ༷ལ་ཕྱིན༷་ཅེ༷ས་བསྟན༷་ཏེ་དམིགས་བཅས་ཡིན་པའི་ཕྱིར་རོ། །གསུམ་པ་ས་ཡི་མཇུག་བསྡུ་བ་ནི། དེ༷་ལྟར༷་ཟླ་བ་མཐོན་པོར་གནས་པ་ལྟར་རྒྱལ༷་བ༷འི་སྲ༷ས་ཀྱི༷་ས་དང་པོ་པའི་ཡི༷ད་ལ༷་ར༷བ་ཏུ༷་གན༷ས་ཤི༵ང་སྟེ། ས་དང་པོའི་བྱང་སེམས་དེའི་ཡིད་ཀྱི་ཆ་ཤས་ཞིག་ཡིན་པས་སོ། །ས་དང་པོའི་སེམས་དེ་རང་གི་རྟེན་མཆོག་ད༷མ་པ༷འི་རྟེན༷་བྱང་སེམས་དེའི་རྒྱུད་དེ་ལ༷་ཡེ་ཤེས་ཀྱི་འོད༷་ཆ༷གས་མཛེ༷ས་པ༷་རྙེད༷་གྱུ༷ར་པ༵འི་ས་རབ་ཏུ་དག༷འ་བ༷་འདི༷་ནི༷་ནོ༷ར་བུ༷་ཆུ༷་ཤེ༷ལ་ཟླ་བའི་དཀྱིལ་འཁོར་ཇི༷ལྟ་བ་བཞི༷ན་དུ༷། མཐོང་ལམ་གྱི་སྤང་བྱའི་མུ༷ན་པ༷་སྟུག༷་པོ༷་དང་འདྲ་བ་ཐ༷མས་ཅ༷ད་གཉེན་པོ་ཡེ་ཤེས་ཀྱིས་རྣ༷མ་པ༷ར་བས༷ལ་ན༷ས་དེ་དག་རྒྱལ༵་ཏེ་རྣམ་པར་གྲོལ་ལོ། །གཉིས་པ་སྐབས་བསྡུ་བ། དབུ་མ༷་ལ༷་འཇུ༷ག་པ༷་ལ༷ས། དོན༷་དམ༷་པའི༷་སེ༷མས་བསྐྱེད༷་པ༷་ད༷ང་པོ༷འི༷་བཤད་པའོ། །
༈ གཉིས་པ་དྲི་མ་མེད་པ་བཤད་པ་ལ། དངོས་དང༌། ལེའུའི་སྐབས་བསྡུ་བ་གཉིས། དང་པོ་ལ། ཁྱད་གཞི་སའི་ངེས་ཚིགས་དེའི་ཁྱད་པར་གྱི་ཆོས། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་གསུམ། དང་པོ། ས་གཉིས་པ་པ་དེ༷་ཚུལ༷་ཁྲིམས་ཕུ༷ན་སུམ་ཚོ༷གས་པ་དང་ཡོ༷ན་ཏན༷་རྣམ་པར་ད༷ག་པ་ལྡ༷ན་པའི་ཕྱིར༷། སད་པར་མ་ཟད་རྨི༷་ལ༷མ་དུ༷་ཡ༷ང་བཅས་འགལ་ཐམས་ཅད་ཀྱི་འཆ༷ལ་ཁྲི༷མས་དྲི༷་མ༷་སྤ༷ངས་པ༷་སྤང་བའི་ཆ་ནས་རྣམ་པར་བཞག་གོ །ལུ༷ས་ང༷ག་ཡི༷ད་ཀྱི༷་ཀུན་སྤྱོད་དམ་རྒྱུ༷་བ༷་ཉེས་ལྟུང་ཕྲ་མོས་ཀྱང་ད༷ག་པར་གྱུར༷་པ༷ས། ད༷མ་པ༷འི་ལུས་ངག་གི་སྤོང་བདུན་ལ༷ས་ཡིན་ཅིང་ཡིད་ཀྱི་གསུམ་དེ་སློང་བྱེད་ལ༷མ་སྟེ་དགེ་བ་བཅུ༷་ཆ༷ར་སོ༷ག་པ༷ར་བྱེད༷་པ་སྒྲུབ་ཆ་ནས་སོ། །གཉིས་པ་ལ། ས་འདིར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་ཅིང་དག་པར་བསྟན་པ། ཚུལ་ཁྲིམས་ཀྱི་བསྔགས་པ། ཚུལ་ཁྲིམས་ཕར་ཕྱིན་གྱི་དབྱེ་བ་གསུམ། དང་པོ་ལ་དངོས་དང༌། ཚུལ་ཁྲིམས་དག་ཚུལ་བཤད་པ་གཉིས། དང་པོ་ནི། དགེ༷་བ༷འི་ལ༷མ་འདི༷་ལྟ༷་ཞི༷ག་བཅུ༷་ཆ༷ར་ཡ༷ང༌། ས་དང་པོ་པ་ལ་ཡོད་མོད་ཀྱི་གཉིས་པ་དེ༷་ལ༷་ཀླ༷གས་ཞེས་སྔ་ལས་བསྣན་ཏེ༷་ཆེས་ལྷག་པ་དང་ཤི༷ན་ཏུ༷་ད༷ག་པ༷ར་འགྱུར༷་ཏེ་ཕུལ་བྱུང་དག་པའི་དོན་ནོ། །སྤྲིན་བྲལ་སྟོན༷་ཀ༷འི་ཟླ༷་བ་ལྟར༷་རྟག༷་ཏུ༷་ཚུལ་ཁྲིམས་རྣ༷མ་ད༷ག་དེ༷། ཟླ་བས་ཚ་གདུང་ཞི་བ་ལྟར་དབང་པོའི་སྒོ་བསྡམས་པའི་ཞི༷་བ་དང་དཀར་འོད་ཀྱི་ལམ་མེར་བྱས་པ་ལྟར་འོ༷ད་ཆ༷གས་པ༷་གཉིས་པོ་དེ༷་ད༷ག་གི༷ས་རྣ༷མ་པར་མཛེ༵ས་སོ། །
གཉིས་པ་ནི། གལ༷་ཏེ༷་དགེ་སློང་སོ་ཐར་གྱི་ཁྲིམས་ཆེས་དག་ཀྱང་དེ༷་ནི༷་རློམ་སེམས་ཀྱིས་ཁྲི༷མས་ད༷ག་པའམ་རང༷་བཞི༷ན་གྱིས་གྲུབ་པར་ལྟ༵་ན། དེ༷་ཕྱིར༷་དེ༷་ནི༷་ཚུ༷ལ་ཁྲི༷མས་ད༷ག་པར་མི༷་འགྱུར༵་བ། རྒྱུ་མཚན་དེ་ཡི༷་ཕྱིར༷་བྱང་སེམས་དེ༷་ནི༷་རྟག༷་ཏུ༷་གང་ལ་ཚུལ་འཆལ་སྤོང་བ་དང༌། སྤང་གཉེན་གང་བྱེད་དང༌། གང་གིས་སྤོང་བ་གསུ༷མ་ཆ༷ར་ལ༷འ༵ང༌། དངོས་དངོས་མེད་སོགས་གཉིས༷་འཛིན་གྱི་བློ༷འི༷་རྒྱུ༷་བ༷་ཡ༷ང་ད༷ག་བྲལ༷་བར༷་འགྱུ༷ར༵་རོ། །གཉིས་པ་ཚུལ་ཁྲིམས་ཀྱི་བསྔགས་པ་ལ། བསྔགས་པ་དངོས་དང༌། བསྔགས་པ་དེ་ལྡན་གྱི་ཚུལ་ཁྲིམས་ལ་བྱང་སེམས་རྣམས་གནས་ཚུལ་གཉིས། དང་པོ་ལ་རྟེན་དམན་པར་ཡང་ཚུལ་ཁྲིམས་དགོས་ཚུལ་དང༌། ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་འགྱུར་ཚུལ་གཉིས། དང་པོ་ལ། ཚུལ་ཁྲིམས་དང་བྲལ་བའི་ཉེས་དམིགས་དང༌། ལྡན་པའི་ཕན་ཡོན་གཉིས། དང་པོ་ལ། ཚུལ་ཁྲིམས་དང་བྲལ་ན་བདེ་འགྲོ་མི་ཐོབ་པའི་སྐྱོན་དང༌། བདེ་འབྲས་ལན་གཅིག་ཏུ་ཟད་པའི་སྐྱོན་དང༌། ངན་སོང་ལས་ཐར་དཀའ་བའི་སྐྱོན་དང༌། སྐྱོན་དེ་རྣམས་བསལ་བའིཕྱིར་སྦྱིན་པའི་རྗེས་སུ་ཚུལ་ཁྲིམས་བསྟན་པའི་ཚུལ་བཞི། དང་པོ་ནི། སྦྱིན༷་པ༷ས་བྱུང་བའི་ལོ༷ངས་སྤྱོད༷་དེ་དག༷་ནི༷་འགྲོ༷་བ་ང༷ན་པ་ན༷འ༵ང་འབྱུང་བ་དེ་སྐྱེ༷་བོ༷་མཐོ་རིས་བགྲོད་པའི་ཚུལ༷་ཁྲི༷མས་ཀྱི་རྐ༷ང་པ༷་ཉམ༷ས་པ་ལ༷ས་འབྱུང༵་བ་ཡིན་ཏེ་ཀླུ་དང་ཉི་ཚེ་བ་ཡི་དྭགས་རྫུ་འཕྲུལ་ཆེན་པོ་སོགས་ཀྱི་ལོངས་སྤྱོད་བཞིན་ནོ། །གཉིས་པ་ངན་འགྲོ་བླུན་པས་ལོངས་སྤྱོད་དེས་གསར་དུ་སྦྱིན་སོགས་མི་བསྒྲུབ་པས་སྐྱེད༷་བཅ༷ས་དངོ༷ས་པོའི་འདུ༷་བ་སྟེ་རྩ་བ་དེ་ཉིད་སྤྱད་པ༷ས་ཡོ༷ངས་སུ༷་ཟ༷ད་པས་ན༵།
ཕྱིན༷་ཆ༷ད་དེ༷་ལ༷་ལོ༷ངས་སྤྱོད༷་སླར་ཡང་འབྱུང༷་བ༷ར་མི༷་འགྱུར༵་བ་ནི་སྔར་མེད་པའི་འཕེན་པ་དང་བྲལ། སྔར་འཕངས་པ་ལ་སྤྱད་དེ་ཟད་པས་ཁེ་བྱེད་པའི་རྩ་བ་སྤྱད་དེ་ཟད་པ་བཞིན་ནོ། །གསུམ་པ། དཔའ་བོ་མཐུན་པའི་ཡུལ་ན་འཆིང་བ་མེད་པ་ལྟར། ག༷ང་ཚེ༷་གཞན་ལ་རག་མ་ལས་ར༷ང་དབ༷ང་འཇུ༷ག་ཅི༷ང་མཐུ༷ན་པའི་ཡུལ་ལྷ་མིའི་འགྲོ་བ་ན་གན༷ས་པ༷། གལ༷་ཏེ༷་གང་ཟག་འདི༷་ནི་བད༷ག་ཉིད་ངན་འགྲོར་ལྟུང་བ་ལས་འཛི༷ན་པ༷ར་མི༷་བྱེད༷་ན༵། དཔའ་བོ་བཅིངས་ནས་རི་སུལ་བསྐྱུར་བ་ལྟར། གཡ༷ང་ས༷ར་ལྷུང༷་བ༷ས་གཞ༷ན་དབ༷ང་ཁོ་ན་འཇུ༷ག་པར་འགྱུར༷་བ༵། ངན་འགྲོ་དེ༷་ལ༷ས་ཕྱི༷་ན༷ས་ག༷ང་གི༷ས་སློ༷ང་བ༷ར་འགྱུར༵་སྟེ་མི་འགྱུར་རོ། །བཞི་པ། དེ༷་ཕྱིར༷་རྒྱལ༷་བ༷ས་སྦྱིན༷་པ༷འི་གཏམ༷་ཐོག་མར་མཛ༷ད་ན༵ས། ཚུལ༷་ཁྲིམ༷ས་སྦྱིན་པའི་རྗེ༷ས་སུ་འགྲོ༷འི་སྟེ་འགྲོ་བའམ་རྗེས་སུ་འབྲེལ་བའི་གཏམ༷་ཉིད༷་མཛ༷ད་པ་ཡི༵ན་ནོ། །གཉིས་པ། དགོས་པ་སྦྱིན་པའི་ཡོ༷ན་ཏན༷་ཚུལ༷་ཁྲི༷མས་ཞི༷ང་དུ༷་རྣམ༷་འཕེ༷ལ་ན༵། རྒྱུ་སྦྱིན་སོགས་དང་འབྲ༷ས་བུ༷་ལུས་ལོངས་སྤྱོད་བཟང་པོ་ལ་ཉེར༷་སྤྱོད༷་རྒྱུན་གོང་ནས་གོང་དུ་ཆ༷ད་པ༷་མེ༷ད་པ༷ར་འགྱུར༵་རོ། །གཉིས་པ། ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་འགྱུར་ཚུལ་ལ། སོ༷་སོ༷འི་སྐྱེ༷་བོ༷་རྣ༷མས་ད༷ང་གསུ༷ང་སྐྱེས༷་ཉན་ཐོས་ད༷ང་ར༷ང་བྱང༷་ཆུ༷བ་ཀྱི་ལམ་ལ༷་བད༷ག་ཉིད༷་ངེ༷ས་རྣམས་ད༵ང༌། རྒྱལ༷་སྲ༷ས་རྣམ༷ས་ཀྱི༷་ངེ༷ས་པ༷ར་ལེ༷གས་པ༷་ད༵ང༌། མངོ༷ན་མཐོ༷འི་རྒྱུ༷་ནི༷་ཚུལ༷་ཁྲི༷མས་ལ༷ས་གཞ༷ན་མེ༵ད་དེ་ཚུལ་ཁྲིམས་དང་བྲལ་ན་མི་འགྲུབ་པའི་དོན་ཏེ་རྒྱུ་གཞན་གཅོད་པ་མིན་ནོ། །
གཉིས་པ་བསྔགས་པ་དེ་ལྡན་གྱི་ཚུལ་ཁྲིམས་ལ་བྱང་སེམས་རྣམས་གནས་ཚུལ་ནི། ཇི༷་ལྟར༷་ཀླུ་གཙང་སྦྲ་ཅན་གནས་པས་རྒྱ༷་མཚོ༷་ཆེན་པོ་ནི་རོ་ད༷ང་ལྷན༷་ཅི༷ག་ད༵ང༌། བཀྲ༷་ཤི༷ས་པ་དང་རྣ༷་ན༷ག་མ༷་སྟེ་བཀྲ་ཤིས་པ་མ་ཡིན་པ་ད༷ང་ལྷ༷ན་ཅི༷ག་མི་གནས་པ་བཞི༵ན། དེ༷་ལྟར༷་ཚུ༷ལ་ཁྲི༷མས་དབ༷ང་བྱས༷་ས་གཉིས་པའི་བྱང་སེམས་བད༷ག་ཉིད༷་ཆེ༷ན་པོ་དེ༷་ནི་རང་གིས་འཁོར་གྲོགས་ཚུལ་ཁྲིམས་འཆ༷ལ་བ༷་ད༷ང་ལྷན་ཅིག་གན༷ས་མི༷་འདོ༷ད་དེ་ཚུལ་འཆལ་མེད་པའོ། །གསུམ་པ་དབྱེ་བ་ལ། གང་ཟག་ག༷ང་གི༷ས་སྤང་བྱ་ག༷ང་ཞི༷ག་སེམས་ཅན་ག༷ང་ལ༷་སྤོ༷ང་བར་བྱེད༷་པ༵འི་འཁོར་གསུ༷མ་དུ༷་དམི༷གས་པ༷་ཡོ༷ད་ན༷་ཚུལ༷་ཁྲིམ༷ས་དེ༵་འཇི༷ག་རྟེན༷་པ༷་ཡི༷་ཕ༷་རོ༷ལ་ཕྱིན༷་ཅེ༷ས་བཤ༵ད་ལ། ཚུལ་ཁྲིམས་དེ་འཁོར་གསུ༷མ་ལ༷་བདེན་ཞེན་གྱི་ཆ༷གས་པ༷ས་སྟོང༷་པའི་ཟག་མེད་ཤེས་རབ་ཀྱིས་ཟིན་པ་དེ༷་འཇི༷ག་རྟེན༷་འད༵ས་པའི་ཚུལ་ཁྲིམས་ཕར་ཕྱིན་ཡིན་ནོ། །གསུམ་པ་མཇུག་བསྡུ། རྒྱ༷ལ་སྲ༷ས་ས་གཉིས་པ་པའི་ཟླ༷་བ༷་ལ༷ས་བྱུང༷་བ་ས་གཉིས་པ་དེ་སྲི༷ད་པའི་ཁོངས་སུ་གཏོགས་པ་མི༷ན་ཡང་སྲིད་པ༷་ཡི༷་དཔ༷ལ་གྱུར༷་འཆལ་ཚུལ་གྱི་དྲི༷་མ༷་ད༷ང་བྲ༷ལ་བས་གཉིས་པ་དྲི༷་མ༷་མེ༷ད་འདི༷་ཡ༷ང༌། སྟོན༷་ཀ༷འི་དུས༷་ཀྱི༷་ཟླ༷་བ༷འི་འོ༷ད་ནི༷་ཇི༷་བཞི༷ན་དུ༵། འགྲོ༷་བ༷འི་ཡི༷ད་ཀྱི༷་འཆལ་ཚུལ་གྱི་གདུང་བ༷་སེ༷ལ་བ༷ར་བྱེད༷་པ༷་ཡི༵ན་ནོ། །གཉིས་པ་སྐབས་བསྡུ་བ། དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་གཉིས་པ་བཤད་པའོ། །
༈ གསུམ་པ་ས་གསུམ་པ་འོད་བྱེད་པ་བཤད་པ་ལ། ཁྱད་གཞི་སའི་ངེས་ཚིག་བཤད་པ། ཁྱད་ཆོས་སའི་ཡོན་ཏན། སའི་ཡོན་ཏན་བརྗོད་པའི་མཇུག་བསྡུ་བ་གསུམ། དང་པོ། ཤེ༷ས་བྱའི༷་བུད༷་ཤིང༷་མ༷་ལུ༷ས་པ་བསྲེ༷གས་པ༷འི་ཡེ་ཤེས་ཀྱི་མེ༵ས། གཉིས་སྣང་གི་སྤྲོས་པ་ཀུན་མཉམ་བཞག་ཏུ་ཞི་བར་བྱེད་ནུས་པའི་བདག་ཉིད་ཅན་གྱི་འོ༷ད་འབྱུང༷་བའི་ཕྱི༷ར་ན༷་ས༷་ནི༷་གསུམ༷་པ༷་འདི༷་འོ༷ད་བྱེད༷་པ༷་སྟེ༷་བདེ༷་གཤེ༷གས་སྲ༷ས་པོ༷་ལ༵། ས་གསུམ་པ་དེ༷་ཚེ༷་ཉི༷་མ་འཆར་བའི་སྔ་རོལ་དུ་ཟངས་ལྟ་བུའི་སྣང་བ་འབྱུང་བ་ལྟར༷་འདིར་ཡང་ཟ༷ངས་འདྲ༷འི་སྣང༷་བ༷་དམར་ལམ་པ་རྗེས་ཐོབ་ཏུ་འབྱུང༷་བས་སོ། །གཉིས་པ་ཁྱད་ཆོས་ས་ཡི་ཡོན་ཏན་ལ།ས་འདིར་ལྷག་པ་བཟོད་པའི་ཕར་ཕྱིན་བཤད་པ་དང༌། ས་འདིར་འབྱུང་བའི་ཡོན་ཏན་གཞན་བཤད་པ་གཉིས། དང་པོ་ལ། ས་འདིར་བཟོད་པ་ལྷག་ཚུལ་དང༌། བཟོད་པ་སྒོམ་ཚུལ། བཟོད་པའི་དབྱེ་བ་གསུམ། དང་པོ། ག༷ལ་ཏེ༷་ཁོང་ཁྲོ་བའི་གན༷ས་མི༷ན་པ་བྱང་སེམས་ལ་འཁྲུ༷ག་པ༷་འག༷འ་ཡི༷ས་སེམས་དཔའ་དེ༵འི་ལུ༷ས་ལ༷ས་ཤ༷་ནི༷་གཏིང་གི་རུ༷ས་པ་དང་བཅ༷ས་པ་ཡུ༷ན་རི༷ང་དུ༷། མནར་བའི་ཕྱིར་སྲ༷ང་རེ༷་རེ༷་ན༷ས་བཅ༷ད་པ༷ར་གྱུར༷་ཀྱང༷་བྱང་སེམས་དེ༵འི་བཟོ༷ད་པ༷་ཆེན་པོ་གཅོ༷ད་པ༷ར་བྱེད༷་པ་དེ་ལ༷་ལྷག༷་པ༷ར་སྐྱེ༷་བར་འགྱུར་རོ། །གཉིས་པ་བཟོད་པ་སྒོམ་ཚུལ་ལ། དོན་དམ་པའི་སྒོ་ནས་བཟོད་པ་སྒོམ་ཚུལ་དང༌། ཀུན་རྫོབ་ཀྱི་སྒོ་ནས་བཟོད་པ་སྒོམ་ཚུལ་གཉིས། དང་པོ། དེར་མ་ཟད་བད༷ག་མེ༷ད་མཐོ༷ང་བ༷འི་བྱང༷་ཆུབ༷་སེ༷མས་དཔ༷འ་ལ༵། གཅད་བྱ་ག༷ང་ཞི༷གགང་ཟག་ག༷ང་གི༷ས། དུས་ག༷ང་ཚེ༷་ཚུལ་ཇི་ལྟར༷་གཅོ༵ད་པ་སྟེ། ག༷ང་གི་ཕྱིར༷་ན་ཆོ༷ས་ཀུན༷་སེམས་དཔའ་དེ༷་ཡི༷ས་གཟུ༷གས་བརྙ༷ན་ལྟར༷་མཐོ༷ང་བ༷་དེ༷ས་ཀྱང་བྱང༷་ཆུབ་སེམས་དཔའ་དེ༷་ཡི༷ས་ཆེས་ བཟོ༷ད་པ༷ར་འགྱུར༷་རོ། །
གཉིས་པ་ལ། ཁོང་ཁྲོ་བའི་སྐྱོན་ལ་བསམ་སྟེ་བཟོད་པ་སྒོམ་ཚུལ་དང༌། བཟོད་པའི་ཕན་ཡོན་ལ་བསམ་སྟེ་བཟོད་པ་སྒོམ་ཚུལ་དང༌།ཐུན་མོང་དུ་མཇུག་བསྡུ་བ་གསུམ། དང་པོ་ལ། དོན་མེད་པས་ཁྲོ་བར་མི་རིགས་པར་བསམ་སྟེ་བཟོད་པ་བསྒོམ་པ། ཕན་བྱེད་གནོད་པར་བསྒྱུར་མི་རིགས་པར་བསམ་སྟེ་བཟོད་པ་བསྒོམ་པ། ཁོང་ཁྲོ་སྡིག་པ་ཤིན་ཏུ་སྟོབས་ཆེ་བར་བསམ་སྟེ་བཟོད་པ་བསྒོམ་པ། འདི་ཕྱིར་འབྱུང་བའི་སྐྱོན་དུ་མར་བསམ་སྟེ་བཟོད་པ་སྒོམ་ཚུལ་དང་བཞི། དང་པོ། བདག་ལ་གནོ༷ད་པ༷་བྱ༷ས་པ༷ས་ག༷ལ་ཏེ༷་གནོད་བྱེད་དེ༷ར་བཀོ༷ན་པ་སྟེ་ཁྲོ་ན༵། དེ༷་ལ༷་བཀོ༷ན་པ༷ས་སྔར་བྱས༷་ཟི༷ན་གྱི་གནོད་པ་ལྡོག༷་ག༷མ་ཅི༵། དེ༷་ཕྱིར༷་དེ༷ར་བཀོ༷ན་ངེ༷ས་པ༷ར་ཚེ་འདི༷ར་དོ༷ན་མེ༵ད་ཅིང་འཇི༷ག་རྟེན༷་ཕ༷་རོལ་ཡ༷ང་ནི༷་འག༷ལ་བ༷ར་འགྱུར༵་ཏེ། ཤི་བའི་འོག་ཏུ་རྣམ་སྨིན་ཡིད་མི་འོང་བ་འབྱུང་བའི་ཕྱིར་ནའོ། །གཉིས་པ། རང་གི་སྔོ༷ན་བྱས༷་པ༷་ཡི༷་མི༷་དགེ༷འི་ལ༷ས་ཀྱི༷་འབྲ༷ས་བུ༷་ག༷ང་ཞིག་ཟ༷ད་པ༷ར་བྱེད༷་པ༷ར་བརྗོ༷ད་པ༷ར་འདོ༷ད་པ༷་ཡི༷ན་པའི་གནོད་པ་དེ༷་ཉིད༷་ཀོ ༵གནོད་བྱེད་གཞ༷ན་ལ༷་ལན་དུ་གནོ༷ད་པ༷་བྱེད་པ་དང༷་ནི༷་ཁྲོ༷་བ༷འི་དབང་གིས་སྡུག༷་བསྔ༷ལ་ཕྱིར༵་ཏེ། སླར་རྒྱུ་བསྒྲུབ་སྟེ་ས༷་བོ༷ན་ཉིད༷་དུ༷་ཇི༷ལྟར༷་བུ༷ར་ན༷་འཁྲི༷ད་པ༷ར་བྱེད༵་དེ་བཟང་པོ་ངན་པར་བསྒྱུར་མི་རིགས་པས་སོ། །གསུམ་པ། ག༷ང་ཕྱིར༷་ཡུལ་རྒྱལ༷་སྲ༷ས་རྣ༷མས་ལ༷་ཁྲོ༷ས་པ༷་ཡི༵ས། སྦྱིན༷་ད༷ང་ཚུལ་ཁྲི༷མས་ལས་བྱུང༷་བའི་དགེ༷་བ༷་བསྐ༷ལ་པ༷་བརྒྱར༷་བས༷གས་པ༷་ཁོང་ཁྲོ་བ་སྐད༷་ཅི༷ག་གི༷ས་འཇོ༷མས་པ༷་དེ༷་ཡི༷་ཕྱིར༵། མི༷་བཟོ༷ད་པ་ལ༷ས་གཞ༷ན་སྡིག༷་པ༷་སྟོབས་ཆེ་བ་ཡོ༷ད་པ་མ༷་ཡི༵ན་ཏེ།
དེ་ཡང་བྱང་སེམས་ཡིན་པས་ཡུ ལ་བྱང་སེམས་མཉམ་པ་ལ་ཁྲོས་ན་བསྐལ་པ་བརྒྱ་དང༌། བྱང་སེམས་མིན་པས་ཡུལ་བྱང་སེམས་ལ་ཁྲོས་ན་བསྐལ་པ་སྟོང་དུ་མངོན་ལ། བྱང་སེམས་ཀྱིས་བྱང་སེམས་གཅིག་ལ་ལུས་ངག་ཏུ་མ་མཐོན་པའི་ཡིད་ཀྱི་སྡང་བ་ཙམ་བསྐྱེད་ན་སེམས་དེ་བསྐྱེད་གྲངས་ཅི་ཙམ་པ་དེ་ཙམ་གྱི་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་ལ། བགོ་ཚུལ་ཡང་དཔེར་ན་ཚོགས་ལམ་ཆེན་པོ་ནས་མྱུར་བོར་སྦྱོར་ལམ་དུ་འཕོ་ཐུབ་པ་གཅིག་གིས་ལུང་བསྟན་ཐོབ་པ་ལ་ཁྲོས་ན་ཁྲོ་སེམས་ཀྱི་གྲངས་དེ་སྙེད་ཀྱི་བསྐལ་བར་སྦྱོར་ལམ་དུ་འཕོ་མི་ཐུབ་པར་གཞི་ནས་ལམ་ལ་སློབ་དགོས་པ་ལྟ་བུའོ། །བཞི་པ། ཁྲོ་བ་སྐྱེས་ཙམ་ནས་གདོང་མི༷་སྡུ༷ག་པའི་གཟུ༷གས་སུ༷་བྱེ༷ད་ཅི༷ང་ད༷མ་པ༷་མི༷ན་པ༷ར་བཀྲི༷་བ་དང༌། ཚུལ༷་ད༷ང་ཚུལ༷་མི༷ན་ཤེ༷ས་པ༷འི་རྣམ༷་དཔྱོད༷་འཕྲོ༷ག་པར་བྱེད༷་ཅི༷ང་ཁོང་ཁྲོས་རྒྱུད་དཀྲུགས་ཏེ་ལོང་བ་ལྟར་གྱུར་པ་དང༌། མི༷་བཟོ༷ད་པ༷་ཡི༷ས་མྱུར༷་དུ༷་ཕྱི་མར་ང༷ན་འགྲོ༷ར་སྒྱུར༷་བ༷ར་བྱེད༵་པའི་སྐྱོན་ལ་བསམ་སྟེ་བཟོད་པ་བསྒོམ་པར་བྱའོ། །གཉིས་པ་བཟོད་པའི་ཕན་ཡོན་ནི། བཟོ༷ད་པ༷ས་བཤ༷ད་ཟི༷ན་མ་ཐག་ཁོང་ཁྲོའི་སྐྱོན་རྣམས་ད༷ང་འག༷ལ་བའི་ལྡོག་ཕྱོགས་ཀྱི་ཡོ༷ན་ཏན༷་རྣ༷མས་བྱེད༷་དོ༷། །བཟོ༷ད་པ༷ས་ལུས་མཛེ༷ས་པ་ཐོབ་ཅིང༷་སྐྱེ༷་བོ༷་ད༷མ་པ༷་ལ༵་ཕ༷ངས་ཤིང་གཅེས་པ་ད༷ང་ལུ༷གས་ད༷ང་ལུ༷གས་མི༷ན་ཤེ༷ས་པ༷་ལ༵་མཁས༷་པ༷ར་འགྱུར༷་ཞི༷ང་ཤི་ན་དེ༷་ཡི༷་འོ༷ག་ཏུ༷་ནི༷་ལྷ༷་མི༷འི་སྐྱེ་བ་འཐོབ་པ་ད༷ང་ཁྲོ་སོགས་སྡིག༷་པ༵་ཟ༷ད་པ༷ར་འགྱུར༵་བའོ། །གསུམ་པ་མཇུག་བསྡུ་བ། སོ༷་སོ༷་སྐྱེ༷་བོ༷་ད༷ང་ ནི༷་རྒྱལ༷་སྲ༷ས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས༷།
ཁྲོ༷་བ་ད༷ང་བཟོ༷ད་པ་བསྒོམ་པའི་སྐྱོན་དང་ཡོན་ཏན་རི༷ག་པར་བྱས༷་ཏེ༷། མི༷་བཟོ༷ད་པ་སྤ༷ངས་ན༷ས་འཕ༷གས་པ༷འི་སྐྱེ༷་བོ༷་ཡི༵ས་བསྔ༷གས་པ༷འི་བཟོ༷ད་པ༷་རྟག༷་ཏུ༷་མྱུར༷་དུ་བསྟེན༷་པ་སྟེ་བསྒོམ་པར་བྱའོ༵། གསུམ་པ་དབྱེ་བ། བཟོད་པ་བསྒོམས་ནས་རྫོ༷གས་པའི་ས༷ངས་རྒྱས༷་ཀྱི༷་བྱང༷་ཆུབ༷་འཐོབ་ཕྱིར༷་བསྔོ༷ས་ཀྱང༵༌། བཟོད་པའི་འཁོར་གསུ༷མ་དུ༷་དམི༷གས་པ༷་ཡོ༷ད་ན༷་དེ་ནི་འཇི༷ག་རྟེན༷་པ༵འོ། །དམི༷གས་པ༷་མེ༷ད་ན༷་དེ༷་ཉིད༷་ས༷ངས་རྒྱས༷་ཀྱིས༵་འཇི༷ག་རྟེན༷་འད༷ས་པ༷འི་ཕ༷་རོ༷ལ་ཏུ་ཕྱིན༷་པ་ཡིན་ཅེ༷ས་བསྟན༵་པར་མཛད་དོ། །གཉིས་པ་ས་འདིར་འབྱུང་བའི་ཡོན་ཏན་གཞན་ནི། ས༷་གསུམ་པ་དེ༷ར་རྒྱལ༷་སྲ༷ས་དེ་ཡིས་བས༷མ་གཏན༷་བཞི་དང་གཟུགས་མེད་བཞི་དང་ཚད་མེད་བཞི་དང་མངོ༷ན་ཤེ༷ས་ལྔ་ཐོབ་པ་ད༵ང༌། འདོ༷ད་ཆ༷གས་དང་ཞེ༷་སྡ༷ང་དང་གཏི་མུག་ཀྱང་ཡོ༷ངས་སུ༷་ཟ༷ད་པ༷ར་འགྱུར༷་ཏེ་ས་རང་གི་ངོས་སྐལ་གྱི་སྤང་བྱའོ། །རང་རྒྱུད་ཀྱི་སྤང་རྟོགས་ཁྱད་པར་ཐོབ་པ་དེ་ཡང་ཟབ་མོ་ལ་མི་སྐྲག་པའི་བཟོད་པས་དྲང་བའོ། །བྱང་ཆུབ་སེམས་དཔའ་དེ༷ས་ཀྱང༷་རྟག༷་ཏུ༷་འཇི༷ག་རྟེན༷་པ༷་ཡི༷་ནི༷་འདོ༷ད་པའི༷་འདོ༷ད་ཆག༷ས་འཇོམ༷ས་པར༷་ནུས་པ༷ར་འགྱུར༵་ཏེ་ཕལ་ཆེར་བརྒྱ་བྱིན་དུ་གྱུར་ནས་འདོད་པའི་འདམ་ནས་འདོན་པ་ལ་མཁས་པས་སོ། །གསུམ་པ་མཇུག་བསྡུ་ལ། ཕར་ཕྱིན་སྔ་མ་གསུམ་ཐུན་མོང་དུ་མཇུག་བསྡུ་བ་དང༌། བྱེ་བྲག་ས་འདིའི་མཇུག་བསྡུ་བ་གཉིས། དང་པོ། སྦྱིན༷་པ་དང་སོ༷གས་སྒྲས་ཚུལ་ཁྲིམས་དང་བཟོད་པ་སྟེ་ཆོ༷ས་གསུ༷མ་དེ༷་ད༷ག་ཕ༷ལ་མོ༷་ཆེ༵་སྟེ་ཕལ་ཆེར་རམ་གཙོ་ཆེ་བར་ནི་བདེ༷་བ༷ར་གཤེ༷གས་པ༷ས་ཁྱིམ༷་པ༷་རྣ༷མས་ལ༷་བསྔ༷གས་ཤིང་བསོ༷ད་ན༷མས་ཞེ༷ས་བྱའི༷་ཚོ༷གས་ཀྱང༷་དེ༷་ད༷ག་ཉིད༵་ཡིན་ལ། འབྲས་དུས་ན་སང༷ས་རྒྱས༷་གཟུ༷གས་ཀྱི༷་བད༷ག་ཉིད༷་སྐུ༷་ཡི༷་རྒྱུ༷་ཡིན་ནོ། །
གཉིས་པ། རྒྱལ༷་བ༷འི་སྲ༷ས་པོ༷་ས་གསུམ་པ་པ༷་ཉི༷་མ༷་ལ༷་གན༷ས་འོ༷ད་བྱེད༷་འདི༷་བྱང་སེམས་ར༷ང་གི༷་རྒྱུ༷ད་དུ་གཏོག༷ས་པའི་མུ༷ན་པ་དོན་དམ་པའི་ས་འདི་འབྱུང་བའི་གེགས་སུ་གྱུར་པ་རྣ༷མས་ད༷ང་པོ༷་ས་དེ་སྐྱེ་བཞིན་པའི་སྐབས་སུ་ཡ༷ང་ད༷ག་པར་བས༷ལ་བར་བྱས༷་ན༷ས། དེ་ནས་དེ་བསྟན་པས་འགྲོ༷་བ༷འི་སྟེ་འགྲོ་བ་གཞན་དག་གི་རྒྱུད་ཀྱིས་དེ༷འི་གེགས་མུ༷ན་པ༷་རྣམ༷་པ༷ར་འཇོ༷མས་པ༷ར་མངོ༷ན་པ༷ར་འདོ༵ད་ཅིང༌། ས༷་འདི༷ར་ཉེས་མུན་འཇོམས་པའི་དབང་པོ་ཉི་ཟེར་ལྟར་ཤི༷ན་ཏུ༷་རྣོ༷་བ༷ར་གྱུར༷་ཀྱང༷་སྐྱོན་ལྡན་སྐྱེ་བོར་ཁྲོ༷་བར་མི་འགྱུར༷་ཏེ་སྙིང་རྗེའི་ཡོན་ཏན་གྱིས་རྒྱུད་སྣུམ་ཞིང་བཟོད་པ་བསྒོམ་པས་སོ། །གཉིས་པ་ལེའུའི་མིང༌། དབུ་མ༷་ལ༷་འཇུ༷ག་པ༷་ལ༵ས་དོན་དམ་པའི་སེ༷མས་བསྐྱེ༷ད་པ༷་གསུ༷མ་པ༷་བཤད༷་པ༷འོ༵། །
༈ བཞི་པ་འོད་འཕྲོ་བཤད་པ་ལ་གསུམ། ས་འདིར་བརྩོན་འགྲུས་ལྷག་པ།སའི་ངེས་ཚིགསྤང་བའི་ཁྱད་པར་གསུམ། དང་པོ། མངོན་མཐོ་དང་ངེས་ལེགས་ཀྱི་ཡོ༷ན་ཏན༷་མ༷་ལུས༷་པ་བརྩོ༷ན་འགྲུ༷ས་ཀྱི་རྗེ༷ས་སུ་འགྲོ༷་ཞི༵ང༌། བརྩོན་འགྲུས་ནི་བསོ༷ད་ན༷མས་དང་བློ༷་གྲོ༷ས་ཏེ་ཤེས་རབ་ཀྱི་ཚོ༷གས་ནི༷་གཉི༷ས་ཀྱི༷་རྒྱུ༷་ཡིན་ལ། ལེ་ལོ་གཏན་ནས་སེལ་བྱེད་བརྩོ༷ན་འགྲུ༷ས་ག༷ང་དུ༷་ལྷག་པར་འབ༷ར་བ༷ར་གྱུ༷ར་པ༷་ཡི༵་ས༷་དེ༷་ནི་བཞི༷་པ་འོ༷ད་ནི་འཕྲོ༷་བ༷འོ༵། །གཉིས་པ་ནི། ས་དེ༷ར་ནི༷བདེ༷་བར་གཤེ༷གས་པའི་ཐུགས་སྲ༷ས་ལ༷་རྫོག༷ས་པ༷་ཡི༵་བྱང༷་ཆུབ༷་ཕྱོག༷ས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷག༷་པར་རབ་ཏུ་བསྒོ༷མས་པ༷་ལ༷ས་སྐྱེས༷་པ༵འི་ཡེ་ཤེས་ཀྱི་སྣང༷་བ༷་ས་གསུམ་པའི་སྐབས་ཀྱི་ཟ༷ངས་ཀྱི༷་འོད་བ༷ས་ལྷག༷་པར་འབྱུང༷་ཞི༵ང་འོད་འཕྲོ་བས་ན་འོད་འཕྲོ་བའོ། །གསུམ་པ། ར༷ང་དུ༷་ལྟ༷་བ༷་སྟེ་བདག་ལྟ་ཕྲ་བ་ད༷ང་འབྲེ༷ལ་བའི་རང་རྐྱར་འཛིན་པ་སོགས་གང་ཟག་གི་བདག་རགས་པ་དང་ཆོས་བདག་སོགས་ཡོ༷ངས་སུ༷་ཟ༷ད་པ་སྟེ་ས་དེའི་སྤང་བྱར་གྱུར་པའི་བདག་གཉིས་ཀྱི་ས་བོན་འཇོམས་པའོ། །ལེའུའི་མིང་ནི། དབུ་མ་ལ༷་འཇུ༷ག་པ༷་ལ༷ས་དོན་དམ་པའི་སེ༷མས་བསྐྱེ༷ད་པ༷་བཞི༷་པ༷་བཤད་པའོ༷།། །།
༈ ལྔ་པ་སྦྱང་དཀའ་བ་བཤད་པ་ལ། ཁྱད་གཞི་སའི་ངེས་ཚིག་དང༌། ཁྱད་ཆོས་སའི་ཡོན་ཏན་གཉིས། དང་པོ། བད༷ག་ཉིད༷་ཆེ༷་སྟེ་བྱང་ཆུབ་སེམས་དཔའ་ས་ལྔ་པ་དེ༷་བདུད༷་རྣམ༷ས་ཀུན་ཀྱི༷ས་ཀྱང༵༌། སྦྱང༷་དཀ༷འི་ས༷་ལ༷་གནས་པའི་ཚེ་ན་ཕ༷མ་པ༷ར་ནུས༷་པ༷་མ༷་ཡི༵ན་ནོ། །གཉིས་པ། ས་འདིར་བས༷མ་གཏན༷་གྱི་ཕར་ཕྱིན་ཆེས་ལྷག༷་ཅི༷ང་དེ་ལ་བརྟེན་ནས་བློ༷་གྲོས་བཟ༷ང་པོ༷་སྟེ་འཕགས་པའི་མིང་ཅན་དེས་བདེ༷ན་པ་བཞིའམ་གཉིས་ཀྱི་ར༷ང་བཞི༵ན་ཤིན་ཏུ་ཞི༷བ་མོ༷་རྟོག༷ས་ལ༷འང༷་ཤི༷ན་ཏུ་མཁ༷ས་པ༷་འཐོ༵བ་པའོ། །ལེའུའི་མིང་ནི། དབུ༷་མ༷་ལ༷་འཇུ༷ག་པ༷་ལ༷ས།དོན་དམ་པའི་སེ༷མས་བསྐྱེད༷་པ༷་ལྔ༷་པ༷་བཤད་པ༷འོ།། །།
༈ གཉིས་པ་ས་དྲུག་པ་མངོན་དུ་གྱུར་པ་བཤད་པ་ལ། ཡུལ་ཅན་སའི་ངོ་བོ་མདོར་བསྟན། ཡུལ་སྟོང་ཉིད་རྒྱས་པར་བཤད། སའི་ཡོན་ཏན་བརྗོད་པའི་མཇུག་བསྡུ་བ་གསུམ། དང་པོ་ས་དྲུག་པ་མངོ༷ན་དུ༷་ཕྱོག༷ས་པ༷ར་གྱུར་པ་མཉ༷མ་བཞག་སེ༷མས་ཕུལ་བྱུང་ལ་གན༷ས་ཏེ༷། བདེན་མཁས་རྫོགས་པའི་བློའི་སྟོབས་ཀྱིས་རྟེན་འབྲེལ་ལམ་མཐོང་བས་རྫོ༷གས་པ༷་གཟུགས་བརྙན་ལྟ་བུའི་ཆོས་ཉིད་ཁོང་དུ་ཆུད་པ་དང༌། ས་ལྔ་པར་ལམ་བདེན་ལ་དམིགས་པའི་ཕྱིར་དང༌། ས༷ངས་རྒྱས༷་ཀྱི་ཆོ༷ས་ལ་མངོན་དུ་གྱུར་པའམ་འཐོབ་པ་ལ༷་མངོ༷ན་དུ་ཕྱོག༷ས་ཤི༵ང༌། འདི༷་སྣང་ཚོད་པའི་ཆོས་ཀུན་རྟེན༷་ཅིང་འབྲེལ་བར་འབྱུང༷་བ༷འི་སྟེ་རྟེན་འབྱུང་ངམ་རྐྱེན་ཉིད་འདི་པ་ཙམ་གྱི་དེ༷་ཁོ་ན་ཉིད༷་མཐོ༷ང་བ༷་དེ༵ས། ཤེ༷ས་ར༷བ་ཀྱི༷་ཕར་ཕྱིན་མཆོག་ལ་གན༷ས་པ༷ས་ན་འགོ༷ག་པ༷་ཐོ༷བ་པ༷ར་འགྱུར༵་ཏེ་རྒྱུ་དེའི་དབང་གིས་སོ། །འགོག་པ་ཞེས་པ་ཚོགས་བདུན་འཁོར་བཅས་བཀག་པའི་ཉན་རང་གི་ལྟར་མིན་པར། ཡང་དག་པའི་མཐའ་སྤྲོས་བྲལ་ལ་ཟེར་རོ། །གཉིས་པ་ལ། སྟོང་པ་ཉིད་ཀྱི་ཆེ་བ་བརྗོད་པ་དང༌། ཆེ་བ་དེ་ལྡན་གྱི་སྟོང་ཉིད་དངོས་བཤད་པ་གཉིས།དང་པོ། ཇི༷་ལྟར༷་ལོ༷ང་བའི་ཚོ༷གས་ཀུ༷ན་དཀའ་ཚེགས་མེད་པར་བདེ༷་བླག༷་ཏུ།མི༷ག་ལྡ༷ན་སྐྱེས༷་བུ༷་གཅི༷ག་གི༷ས་གར་འགྲོ་བར་འདོ༷ད་པ༷་ཡི༵་ཡུལ༷་དུ༷་བདེ་བླག་འཁྲི༷ད་པ༷་དེ༷་བཞི༷ན་འདི༷ར་ཡ༷ང་བློ༵ས་ཏེ་ཤེས་རབ་ཀྱི་ཕར་ཕྱིན་གྱིས། དེ་ཉིད་ལྟ་བའི་མི༷ག་ཉམ༷ས་པའི་སྦྱིན་སོགས་ཕར་ཕྱིན་གཞན་གྱི་ཡོ༷ན་ཏན༷་རྣམས་བླ༷ངས་ཏེ༷་འབྲས་བུ་ཀུན་ཏུ་འོད་རྒྱལ༷་བའི་ས་ཉིད༷་ལ་འགྲོ༵འོ། །
གཉིས་པ་ལ། ཇི་ལྟར་བཤད་པའི་ཚུལ་དང༌། གང་ལ་བཤད་པའི་སྣོད་དང༌། གང་བཤད་པའི་ཆོས་གསུམ། དང་པོ། འགྲེལ་པ་ལས་གསུངས་པའི་དོན། བྱང་སེམས་ས་དྲུག་པ་ རྟེན་འབྱུང་གི་དེ་ཉིད་ཇི་ལྟར་མཐོང་ཞེ་ན། མ་རིག་པའི་ལིང་ཏོག་གིས་བློ་མིག་གཡོགས་པ་བདག་ཅག་གི་ཡུལ་དུ་མི་འགྲོ་ཡི། དྲུག་པ་སོགས་ས་གོང་མ་ལ་གནས་པའི་ཡུལ་དུ་གྱུར་ན་ཁོ་བོ་ཅག་ལ་དྲི་བ་མིན་གྱི། སྟོང་ཉིད་རྟོགས་པའི་མིག་སྨན་མ་རིག་པའི་ལིང་ཏོག་འཇོམས་པར་བསྡུས་པ། བློའི་སྤྱན་མ་རིག་པའི་རབ་རིབ་ཀྱི་ལིང་ཏོག་དང་བྲལ་བའི་སངས་རྒྱས་དང་བྱང་སེམས་ལ་དྲིས་ཤིག་ཅེས། དེ་ཉིད་ཀྱི་དོན་མངོན་གྱུར་ལ་དྲི་བའི་དབང་དུའོ། །གལ་ཏེ་ཡུམ་དང་ས་བཅུ་པ་སོགས་ཀྱི་མདོ་རྣམས་ལས། ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་ཀྱིས་རྟེན་འབྱུང་གི་དེ་ཉིད་མཐོང་བར་མ་གསུང་ངམ། ལུང་གི་རྗེས་སུ་འབྲང་ནས་ཤོད་ཅིག་ཞེ་ན། ལུང་གི་དགོངས་པ་ཡང་ངེས་པར་དཀའ་བས་བདག་འདྲ་བས་ལུང་ལས་ཀྱང་དེ་ཉིད་རང་དབང་དུ་བསྟན་མི་ནུས་ཀྱང༌། དེ་ཉིད་སྟོན་པའི་བསྟན་བཅོས་ཚད་མ་ནི། ཇི༷་ལྟར༷་ས་དྲུག་པ་དེ༷་ཡི༷ས་ཆེ༷ས་ཟ༷བ་མོ༷འི་ཆོས༷་རྟོག༷ས་པ༵། དབུ་མའི་བསྟན་བཅོས་ཀྱི་ལུ༷ང་ད༷ང་དེ་ཁོ་ནར་མ་ཟད་དེ་ལས་གཞ༷ན་ཡ༷ང་རི༷གས་པ༷ས་ཆེས་གསལ་པོར་བསྟན་པ་ཡི༷ན་པ༷ས་ན༷། དེ༷་ལྟར༷་གྱུར་པའི་འཕ༷གས་པ༷་ཀླུ༷་སྒྲུབ༷་གཞུ༷ང་ལུགས༷་ལས༵། ཇི༷་ལྟར༷་གན༷ས་པ༷འི་ལུ༷གས་བཞི༷ན་ཟླ་བ་གྲགས་པ་བདག་གིས་བརྗོ༷ད་པ༷ར་བྱའོ༵། །གཉིས་པ་ལ། གང་ལ་བཤད་པའི་སྣོད་ངོས་བཟུང་བ་དང༌། དེ་ལ་བཤད་ན་ཡོན་ཏན་འབྱུང་ཚུལ་གྱི་སྒོ་ནས་ཉན་པར་བསྐུལ་བ་གཉིས། དང་པོ། སོ༷་སོ༷འི་སྐྱེ༷་བོ༷འི་དུས༷་ན༷འ༷ང་སྟོང༷་པ༷་ཉིད༷་ཀྱི་གཏམ་ཕྱིན་ཅི་མ་ལོག་པར་ཐོ༷ས་ན༵ས་ན༷ང་དུ༷་ཡིད་ལ་ར༷བ་ཏུ༷་དག༷འ་བ༷་ཡ༷ང་ད༷ང་ཡ༷ང་དུ༷་འབྱུང༵་ཞིང༌།
ར༷བ་ཏུ༷་དག༷འ་བ༷་ལ༷ས་བྱུང༷་བའི་ཕྱི་རོལ་ཏུ་རྟགས་ཀྱི་མཚན་མ་མཆི༷་མ༷ས་མིག་བརླ༷ན་ཞི༷ང་ལུ༷ས་ཀྱི༷་བ༷་སྤུ་ལྡ༷ང་བ༷ར་འགྱུར༷་བ༷་ག༷ང་ཡི༷ན་པ༵་དེ༷་ལ༷་རྫོ༷གས་པ༷འི་ས༷ངས་རྒྱས༷་བློ༷་རྣམ་པར་མི་རྟོག་པ་ཡི༷་ས་བོ༷ན་ནམ་སྟོང་ཉིད་རྟོགས་པའི་ས༷་བོ༷ན་ཡོ༵ད་པས་དེ༷་ཁོ་ན་ཉིད༷་ཉེ༷་བ༷ར་བསྟན༷་པ༷འི་སྣོད༷་ནི༷་གང་ཟག་དེ༷་ཡི༷ན་ཏེ༵། དེ༷་ལ༷་འཆད་འགྱུར་གྱི་ད༷མ་པ༷འི་དོ༷ན་གྱི་བདེ༷ན་པ༷་བསྟན༷་པ༷ར་བྱ༷་སྟེ་བསྟན་ན་འབད་པ་འབྲས་བཅས་སུ་འགྱུར་རོ། །གཉིས་པ་ལ། ཀུན་རྫོབ་ཐབས་ཀྱི་ཡོན་ཏན་འབྱུང་ཚུལ་དང༌། དོན་དམ་ཡེ་ཤེས་ཀྱི་ཡོན་ཏན་འབྱུང་ཚུལ་གཉིས། དང་པོ། གང་ཟག་དེ༷་ལ༷་སྟོང་ཉིད་བསྟན་པ་དེ༷་ཡི༷་རྗེ༷ས་སུ༷་འགྲོ༷་བ༷འི་ཡོ༷ན་ཏན༷་རྣམས་འབྱུང༷་སྟེ། བྱང་ཆུབ་སེམས་འགྲེལ་ལས།ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་རྟེན་པ་གང༌། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌། །ཞེས་པ་ལྟར། རང་བཞིན་མེད་པ་ལ་བརྟེན་ནས། རྒྱུ་འབྲས་བྱ་བྱེད་ཐམས་ཅད་ཆེས་འཐད་པ་ལ་ངེས་ཤེས་སྐྱེས་ནས། ཐབས་ཕྱོགས་ལ་དགའ་བ་དང་སྤྲོ་བ་གོང་ནས་གོང་དུ་འཕེལ་ན་ཡང་དག་པའི་ལྟ་བ་རྙེད་པ་ཡིན་གྱི། དེ་ལྟ་མིན་ན་སྟོང་ཉིད་ཀྱི་སྣོད་དུ་མི་རུང་བས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པ་དེ་བྱུང་བ་ཡིན་ནོ། །དེས་ན་སྟོང་ཉིད་ལ་ཇི་ཙམ་གོ་བ་རྙེད་པ་དེ་ཙམ་ལས་འབྲས་ལ་ངེས་པ་རྙེད་པས་ཚུལ་ཁྲིམས་འཆལ་བས་ངན་འགྲོར་སྐྱེས་ན་སྟོང་ཉིད་ཀྱི་ལྟ་བ་ཉན་སྒོམ་རྒྱུན་ཆད་དུ་དོགས་པས་རྟག༷་ཏུ༷་ཚུལ༷
ཁྲི༷མས་ཡ༷ང་ད༷ག་བླ༷ངས་ན༷ས་མི་ཉམས་པར་སྲུང་ཞིང་གན༷ས་པ༷ར་འགྱུར༵་ལ།བདེ་འགྲོར་སྐྱེས་ཀྱང་ལྟ་བ་ཉན་སྒོམ་གྱི་རྐྱེན་ཟས་སྨན་གོས་སོགས་ལོངས་སྤྱོད་ཀྱི་རྒྱུ་ཡར་མར་ཞིང་ལ་སྦྱིན༷་པ༷་གཏོང༷་བར༷་འགྱུར༷་ཞི༷ང་ལྟ་བ་སྙིང་རྗེ་དང་འབྲལ་བས་སངས་རྒྱས་མི་འཐོབ་པར་མཐོང་ནས་སྙིང༷་རྗེ༷་ཆེན་པོ་རྒྱུད་ལ་སྟེ༷ན་པ༷ར་བྱེད༵་དོ། །ཁྲོ་བས་ངན་འགྲོར་སྐྱེ་བ་དང༌། མདོག་ངན་ཐོབ་པ་དང༌། འཕགས་རྣམས་མི་དགྱེས་པ་སོགས་ཀྱིས་བཟོ༷ད་པ༷་སྒོ༷མ་པར་བྱེད༷་ཅིང་དགེ་བ་སངས་རྒྱས་སུ་མ་བསྔོས༷་ན་རྒྱུན་ཆད་མེད་པར་མི་འཕེལ་བས་ཚུལ༷་ཁྲིམས་སོགས་དེ༷་ཡི༷་དགེ༷་བ༷འ༷ང༌། སྟོང་ཉིད་གཟིགས་པ་མཐར་ཐུག་པ་སངས་རྒྱས་ཀྱི་བྱང༷་ཆུ༷བ་ཏུ༵་འགྲོ༷་བ༷་དགྲོ༷ལ་བ༷ར་བྱ༷་ཕྱིར༷་ཡོ༷ངས་སུ༷་སྔོ༷་བར་བྱེད༷་ཅི༷ང༌། ཉན་རང་སོགས་ཀྱི་སྟོང་ཉིད་ཇི་ལྟ་བ་བཞིན་བསྟན་མི་ནུས་པས་ལྟ་བ་དེ་ལྡན་གྱི་རྫོ༷གས་པ༷འིབྱང༷་ཆུབ༷་སེ༷མས་དཔ༷འ་རྣ༵མས་ལ༷་ཤིན་ཏུ་གུ༷ས་པ༷ར་བྱེ༵ད་དོ། །གཉིས་པ། དེ་ལྟར་ཟ༷བ་ཅི༷ང་སྟེ་ཤེས་རབ་དང་རྒྱ༷་ཆེ༷འི་ཚུ༷ལ་ཡ་མ་བྲལ་བ་ལ༷་མཁ༷ས་པ༷འི་སྐྱེ༷་བོ༷ས་ནི༵། ཚོགས་སྦྱོར་བགྲོད་ནས་རི༷མ་གྱིས༷་ར༷བ་ཏུ༷་དག༷འ་བ༷འི་ས༷་ནི༷་འཐོ༷བ་འགྱུར༷་བ༷ས་ས་རབ་དགའ་དེ༷་ནི༷་དོན༷་དུ་ག༷ཉེར་བས༷་འཆད་འགྱུར་གྱི་ཟབ་མོའི་ལ༷མ་འདི༷་མཉ༷ན་པ༷ར་གྱིས༵་ཤིག་གོ །དེ་ལ་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་བསྟན་པ་ལ་ལུང་ནི། ས་བཅུ་པ་ལས། ས་ལྔ་པ་དེ་དྲུག་པར་འཇུག་ན་ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང༌། མཚན་ཉིད་མེད་པར་དང༌། སྐྱེ་བ་མེད་པར་དང༌།
མ་སྐྱེས་པར་དང༌། དབེན་པ་དང༌། གདོད་མ་ནས་རྣམ་པར་དག་པ་དང༌། སྤྲོས་པ་མེད་པ་དང༌། བླང་དོར་མེད་པ་དང༌། སྒྱུ་མ་རྨི་ལམ་མིག་གཡོར་བྲག་ཆ་ཆུ་ཟླ་གཟུགས་བརྙན་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང༌། དངོས་དངོས་མེད་གཉིས་སུ་མེད་པར་མཉམ་ཉིད་དེ། དེ་ལ་དང་པོ་ནི་མཚན་མ་མི་འདྲ་བར་སྣང་བ་རྣམས་འཕགས་པའི་མཉམ་བཞག་གི་དོན་མེད་པའོ། །གཉིས་པ་ཆོས་ཀུན་རང་མཚན་གྱིས་མ་གྲུབ་སྟེ། དེ་གཉིས་སྤྱིར་བསྟན་པའོ། །གསུམ་པ་སྐྱེ་མེད་མ་འོངས་པ་དང༌། བཞི་པ་མ་སྐྱེས་པ་དུས་གཞན་གྱི་དབང་དུ་བྱས་པ་དང༌། ལྔ་པ་དབེན་པ་ནི་སྐྱེ་འགྱུར་དང་སྐྱེས་པས་སྟོང་པ་དང༌། དྲུག་པ་དེ་ལྟ་བུ་དེ་ཡང་འཕྲལ་དུ་ལུང་རིགས་ཀྱིས་བྱས་པ་མིན་པར་གདོད་ནས་རྣམ་དག་དེ་ལྟར་དུ་གནས་པ་དང༌། བདུན་པ་སྤྲོས་མེད་ནི་གཉིས་སྣང་གི་ངོར་སྒྲ་རྟོག་གིས་སྤྲོ་བར་མི་ནུས་པའོ། །བརྒྱད་པ་བླང་དོར་མེད་པ་ནི་དངོས་སོ། །དགུ་པ་དཔེ་བདུན་པོས་དོན་དེ་རྣམས་ངེས་པར་བྱེད་པའོ། །ཆོས་གང་ལ་ཡང་དངོས་དངོས་མེད་དུ་རང་བཞིན་གྱིས་མ་གྲུབ་པ་བཅུ་པའོ། །དེ་རྣམས་ཀྱི་ནང་ནས་སྐྱེ་མེད་མཉམ་ཉིད་ཁོ་ན་རིགས་པས་བསྒྲུབས་པས་གཞན་རྣམས་རྟོགས་པའི་དབང་གིས་འདིར་དེ་བཤད་དོ། །གསུམ་པ་གང་བཤད་པའི་ཆོས་ལ། སྟོང་པ་ཉིད་རིགས་པས་གཏན་ལ་ཕབ་པ་དང༌། གཏན་ལ་ཕབ་པའི་སྟོང་ཉིད་ཀྱི་དབྱེ་བ་བཤད་པ་གཉིས། དང་པོ་ལ། ཆོས་ཀྱི་བདག་མེད་རིགས་པས་གཏན་ལ་ཕབ་པ་དང༌།གང་ཟག་གི་བདག་མེད་རིགས་པས་གཏན་ལ་ཕབ་པ་གཉིས།
དང་པོ་ལ། རང་བཞིན་གྱིས་སྐྱེ་བ་རིགས་པས་དགག་པ་དང༌། དེའི་ཕྱིར་ན་སྐྱེ་བ་རྟེན་ནས་འབྱུང་བ་ཙམ་གྱི་དོན་དུ་རིགས་པས་གྲུབ་ཚུལ། རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་བཟུང་བ་གསུམ། དང་པོ་ལ་མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཆར་དགག་པ། དེ་ལྟར་བཀག་པ་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ། མཐའ་བཞིའི་སྐྱེ་བ་མེད་པའི་དམ་བཅའི་སྒོ་ནས་མདོར་བསྟན་པ། དེ་རིགས་པའི་སྒོ་ནས་རྒྱས་པར་བཤད། དེ་ལྟར་གྲུབ་པའི་དོན་གྱིས་མཇུག་བསྡུ་བ་གསུམ།དང་པོ། འབྲས་བུ་དེ༷་ཉིད༷་དེ༷་ག་རང་གི་ངོ་བོ་ཉིད་ལ༷ས་འབྱུང༷་བ་མི༷ན་པ་དང་རང་མཚན་གྱིས་གྲུབ་པའི་རྒྱུ་གཞ༷ན་ད༷ག་ལ༷ས་འབྱུང་བ་ལྟ༷་ག༷་ལ༷་ཞི༷ག་སྟེ་མི་སྐྱེ་བ་དང༌། རང་གཞན་གཉིས༷་ཀ༷་ལ༷ས་ཀྱ༷ང་འབྱུང་བ་མ༷་ཡི༷ན་པ་དང༌། རྒྱུ༷་མེ༷ད་པ༷ར་ནི༷་འབྱུང་བ་ག༷་ལ༷་ཡོ༵ད་དེ་སྐྱེ་ན་འདི་གང་རུང་གིས་སྐྱེ་བས་ཁྱབ་པས་སོ། །རྒོལ་བ་གཉིས་ལ་མཐུན་པར་སྣང་བའི་རྩོད་གཞིའི་སྟེང་དུ། ཆོས་འགའ་ཞིག་དགག་པའམ་སྒྲུབ་པར་བྱེད་པ་ནི། རྒྱན་ལས། གཞུང་གིས་བསྐྱེད་པའི་བྱེབྲག་གིས། ཆོས་ཅན་སྤངས་ནས་ཞེས་སོགས་གསུངས་པ་ལྟར། མཐུན་སྣང་སྒྲ་ཆོས་ཅན་དུ་བཞག་ནས། སྒྲ་མི་རྟག་པར་བསྒྲུབས་པས་མཐུན་སྣང་གི་སྒྲ་ཡི་སྟེང་དུ་དགག་བྱ་གཞན་རྟག་པ་བསལ་བ་ལྟར་སྣང་གི སྒྲ་བཀག་པ་མིན་པ་ལྟར་གོ་བའི་ཆོས་ཅན་དང་བསྒྲུབ་བྱ་རྟགས་གསུམ་དུ་ཕྱེ་བའི་འཇོག་ཚུལ་འདིས། བུམ་པ་བུམ་པས་མི་སྟོང༌། བདེན་པས་སྟོང་ཟེར་བའི་ཁས་ལེན་དེབྱུང་ངོ༌། །གོང་ལྟར་སྒྲུབ་ཚུལ་དེ་ཉིད། ལུགས་དེའི་དབང་དུ་སྐྱོན་མེད་ཡིན་གྱི་དགག་དགོས་པ་ནི་མིན་ཏེ།
ཆོས་ཅན་དེའི་སྟེང་དུ་དགག་བྱ་གསར་དུ་ཕྲི་བ་དང༌། མ་གྲུབ་པ་བསྒྲུབས་ན། བསྒྲུབ་བྱ་འཕེལ་བ་ལྟར་སྣང་ཡང༌། ངོ་བོའི་དོན་ལ་འཕེལ་འགྲིབ་མེད་པ་རྣམ་འགྲེལ་ལས། ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡའ་དྲན་བྱེད་པ་འབའ་ཞིག་གོ །ཇི་ལྟར་མཐོང་དང་མ་མཐོང་ལས། །རྒྱུ་དང་འབྲས་བུ་སྒྲུབ་བཞིན་དེ། །དེ་གཉིས་ལ་ནི་འབྲས་བུ་སོགས། །ཐ་སྙེད་དོན་དུ་བཀོད་པ་ཡིན། །ཅེས་སོ། །དེས་ན་མཐུན་སྣང་བུམ་པའི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་ལྟར་བྱེད་དགོས་པ། དབུ་མ་པ་སྤྱི་ཡི་འགྲོ་ལུགས་ཡིན་ཏེ། དེ་ལྟར་མ་བྱས་ན་བདེན་མེད་སྒྲུབ་ཚུལ་མེད་དེ། དཔེར་ན་སྒྲ་ཆོས་ཅན་དུ་བྱས་ཚེ། རྟག་པའི་ཁྱད་པར་དུ་བྱས་པའི་སྒྲ་འདོད་ན། ནང་པ་ལ་མ་གྲུབ།མི་རྟག་པའི་ཁྱད་པར་བྱས་པ་མུ་སྟེགས་ལ་མི་གྲུབ་པས། རྣ་བ་མཉན་བྱའི་སྒྲ་ཙམ་འགོད་ཀྱི། རྒོལ་བའི་ཞེ་འདོད་ཀྱིས་ཁྱད་ཕྱེ་ནས་མི་བཀོད་དོ། །དེའི་ཚེ་མུ་སྟེགས་པ་སྒྲ་ཉིད་རྟག་པར་འཛིན། སངས་རྒྱས་པ་སྒྲ་ཉིད་མི་རྟག་པར་འཛིན།གཉིས་ཀྱི་མཐུན་སྣང་སྒྲ་ནི་སྐབས་དེར་གང་གིས་ཁྱད་པར་མ་ཕྱེས་པ་ལྟར་སྣང་བ་འདྲ་ཡང༌། དངོས་པོའི་དོན་གྱིས་དབང་དུ་བྱས་ན། རྟག་པའི་སྒྲ་དང༌། རྟག་མི་རྟག་གང་ཡང་མིན་པའི་སྒྲ་ནི་ཤེས་བྱ་ལ་མི་སྲིད་པས། དེ་གཉིས་མཐུན་པར་དབང་པོའི་ཡུལ་དུ་སྣང་བའི་སྒྲ་དེ་མིན་ལ། རྣ་ཡུལ་སྣང་རྒྱུའི་སྒྲ་ནི། མིརྟག་པའི་ཁྱད་པར་དུ་བྱས་པའི་སྒྲ་ཉིད་ཡིན་ནོ། །
བུམ་པ་བདེན་གྲུབ་དང་བདེན་ མེད་དུ་འདོད་པའི་གཞི་ཡང་དེ་དང་འདྲའོ། །དངོས་དོན་དེ་ལྟར་ཡིན་ཡང༌། སྒྲ་རྟག་པར་འཛིན་པའི་ལོག་རྟོག་ཅན་དེས། མཐུན་སྣང་གི་སྒྲ་ཉིད་རྟག་པར་འཛིན་པ་ལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་གཏན་ཚིགས་བསྟན་པས། སྒྲ་ལ་རྟག་པར་སྒྲོ་འདོགས་པའི་ཞེན་ཡུལ་མེད་པར་ཁེགས་པའི་ཚེ། སྒྲ་མི་རྟག་པར་གྲུབ་པས། སྒྲ་ཡི་སྟེང་དུ་རྟག་པ་གཞན་བསལ་ནས།སྒྲ་ཉིད་མ་བསལ་བ་ལྟར་བྱེད་ཀྱང༌། དངོས་དོན་ལ་སྒྲ་ཉིད་ཀྱི་སྟེང་ན་རྟག་པ་ཡེ་ནས་མེད་པས་གསར་དུ་བསལ་བ་མེད་ཀྱང༌། སྒྲོ་འདོགས་གསར་དུ་བསལ་བ་ཡོད་དོ། །དེ་བཞིན་དུ། མཐུན་སྣང་གི་བུམ་པ་མི་འགོག་པར་བཞག་ནས།དེའི་སྟེང་དུ་བདེན་གྲུབ་བཀག་པ་ཡང་སྔ་མ་དང་འདྲ་སྟེ། བདེན་པར་གྲུབ་པར་སྒྲོ་འདོགས་པའི་ཞེན་ཡུལ་བཀག་པ་ཡིན་ནོ། །དེ་ལ་སྒྲོ་འདོགས་པའི་ཞེན་ཡུལ་ཁེགས་པ་ན་བདེན་གྲུབ་ཀྱི་ཁྱད་པར་དུ་བྱས་པའི་བུམ་པ་རང་ཁེགས་ཏེ།བུམ་པ་ཉིད་བདེན་པར་འཛིན་པ་ཅན་གྱིས་བཟུང་བའི་བདེན་གྲུབ་ཀྱི་བུམ་པ་ཡེ་ནས་མེད་པར་ཤེས་སོ། །བདེན་གྲུབ་ཀྱི་བུམ་པ་ཀུན་བརྟགས་ཏེ། མཐུན་སྣང་གི་བུམ་པ་འདི་མ་ཡིན། འདི་བདེན་མེད་ཀྱི་བུམ་པ་ཡིན་ནོ། །དེ་ལྟར་ན་མཐུན་སྣང་གི་བུམ་པ་མི་བཀག་པར་བདེན་གྲུབ་འགོག་ཚུལ་དེ་ཡིན་ནོ། །དེ་ལྟ་བུའི་མཐུན་སྣང་གི་བུམ་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པའི་བུམ་པ་དེ་ཡིན། དེ་ལ་བསམས་ནས། དོན་དམ་དཔྱོད་བྱེད་ཀྱིས་བུམ་པ་མི་འགོག་བདེན་གྲུབ་འགོག་ཟེར་བའི་ཁས་ལེན་དེ་བྱུང་བ་ཡིན་ཀྱང་དོན་དམ་དཔྱོད་བྱེད་ཀྱིས་བུམ་པ་མ་བཀག་པར།
བདེན་གྲུབ་ཡན་གར་བ་འགོག་ཚུལ་གྱི་རིགས་པ་ཡོད་ན་དེ་ལྟར་གྲུབ་མོད་ཀྱང༌། དོན་དམ་པར་བུམ་པ་མི་དམིགས་པར་མ་གྲུབ་ཀྱི་བར་དུ། དེའི་བདེན་མེད་ཀྱང་མི་འགྲུབ་སྟེ། དོན་དམ་དཔྱོད་བྱེད་ཀྱིས་མཐུན་སྣང་ཀུན་རྫོབ་ཀྱི་བུམ་པ་དེ་ལ་དཔྱད་ན། དཔྱད་བཟོད་གང་ཡང་མ་རྙེད་པའམ།མ་དམིགས་པ་དེ་ལ། དོན་དམ་དཔྱོད་བྱེད་ཀྱི་ཚད་མས་མ་དམིགས་པ་དང༌།དོན་དམ་པར་མེད་པ་དང༌། ངོ་བོ་ཉིད་སྟོང་པ་དང༌། དཔྱད་བཟོད་དུ་གྲུབ་པའི་བདེན་གྲུབ་མེད་པ་ཞེས་བཏགས་པ་ཡིན་གྱི། དེ་ལས་གཞན་པའི་བདེན་གྲུབ་འཇོག་བྱེད་དང༌། བདེན་མེད་འཇོག་བྱེད་ཅུང་ཟད་ཀྱང་མེད་དོ། །དེས་ན་གཅིག་དུ་བྲལ་སོགས་ཀྱི་གཏན་ཚིགས་ཀྱིས་བདེན་གྲུབ་ཏུ་འཁྲུལ་བའི་ཞེན་ཡུལ་བསལ་བ་ན། མཐུན་སྣང་གི་བུམ་པ་བདེན་པར་གྲུབ་པ་བསལ་ནས།བདེན་མེད་སྒྲུབ་པ་ལྟར་སྨྲ་བར་རིགས་ཏེ། གོང་དུ་སྒྲ་ལ་རྟག་པ་བསལ་ཚུལ་དང་འདྲའོ། །དེས་ན་འདི་ལྟ་བུའི་སྒྲུབ་ཚུལ་དབུ་མའི་གཞུང་ཆེན་པོ་ཀུན་ཀྱིས་བསྟན་པ་ཡིན་པས། འདི་ལྟར་འཛིན་དགོས་ཀྱི་དོན་དཔྱོད་ཀྱིས་རིག་པའི་དགག་བྱ་བདེན་གྲུབ་ཁེགས་པ་ལས་ལྷག་པའི་དགག་རྒྱུ་གཞན་ཡོད་ཅེས་མི་སྨྲ། མཐུན་སྣང་བུམ་པའི་སྟེང་གི་བདེན་གྲུབ་འགོག་པ་མིན་གྱི་མཐུན་སྣང་བུམ་པ་འགོག་པ་ཡིན་ཞེས་དབུ་མའི་གཞུང་གི་རྣམ་བཞག་སུས་ཀྱང་མི་སྨྲ་མོད།མཐུན་སྣང་མི་འགོག་པར་བདེན་མེད་སྒྲུབ་ཚུལ་དེ་ལ་བསམས་ནས། བུམ་པ་བུམ་པས་མི་སྟོང་བདེན་གྲུབ་ཀྱིས་སྟོང༌། དེས་ན་ཆོས་ཐམས་ཅད་རང་གི་ངོ ་བོས་སྟོང་པའི་རང་སྟོང་མིན་ཏེ། ཡིན་ན་ཐ་སྙད་དུ་ཡོད་པ་མི་འཐད་པ་དེས་ན་དོན་གཞན་བདེན་གྲུབ་ཀྱིས་སྟོང་པའི་གཞན་སྟོང་ཡིན་ནོ། །
ཞེས་དོན་དམ་དཔྱོད་པས་ཆོས་གང་ལ་དཔྱད་ཀྱང་དེའི་ངོ་བོ་ཁེགས་ན་ཀུན་རྫོབ་ཏུ་ཡོད་མི་སྲིད་སྙམ་དུ། བདེན་གཉིས་འགལ་བར་འཛིན་པའི་དངོས་སྨྲ་བའི་ཞེ་འདོད་སྙིང་ལ་དམ་དུ་བཟུང་ནས། ཐ་སྙད་དུ་མེད་པ་ཞིག་རིགས་པས་དགག་བྱར་འདོད་པ་ནི། དབུ་མའི་གཞུང་སྨྲ་བའི་གང་ཟག་ཏུ་ཁས་འཆེས་ཀྱང༌། དངོས་སྨྲ་བའི་གྲུབ་མཐའ་གསར་དུ་བསླང་བ་ཡིན་ཅིང༌། དེའི་ཕྱིར་ན་མདོ་ལས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། །ཞེས་དང༌། མིག་ནི་མིག་གིས་སྟོང་ངོ༌། །ཞེས་སོགས་ཇི་ཙམ་དུ་སྣང་བའི་ཆོས་ཐམས་ཅད་རང་གི་ངོ་བོ་མེད་པར་གསུངས་པའི་སྟོང་ཉིད་སྤངས་ནས། ཆོས་ཐམས་ཅད་སྟོང་པ་ཉིད་མིན་གྱི་བདེན་གྲུབ་ཀྱིས་སྟོང་པ་ཉིད་ཡིན་ནོ། །མིག་ནི་མིག་གིས་མི་སྟོང་དེ་ཡི་བདེན་པས་སྟོང་ཞེས་སྨྲ་བ་ནི། ཚིག་ལ་དཔྱད་ན། བདེན་གྲུབ་ཀྱིས་སྟོང་པར་ཁས་བླངས་ན།དེ་ལས་ལྷག་པའི་སྟོང་རྒྱུ་གཞན་མེད་པས་དེ་བདེའམ་སྙམ་ན། བདེན་པས་སྟོང་པར་འགྲུབ་ན་དེ་ལས་ལྷག་མེད་པར་བདག་ཅག་འདོད་ཀྱང༌། ལུགས་འདི་འཛིན་པའི་ཞེ་འདོད་ལྟར་ནི། ཆོས་རང་གི་ངོ་བོ་ཉིད་དོན་དམ་དཔྱོད་པས་དཔྱད་ན་མི་དམིགས་པའི་སྟོང་པ་ཁས་མི་ལེན་པས། འདི་ཡི་བདེན་གྲུབ་ཀྱིས་སྟོང་ཞེས་སྨྲས་ཀྱང་ཚིག་གི་དམ་བཅའ་ཙམ་ལས། མིག་བདེན་གྲུབ་ཀྱིས་སྟོང་པ་ཅུང་ཟད་མི་འགྲུབ་སྟེ། མིག་ནི་མིག་གིས་མི་སྟོང་ཞེས་པའི་དོན། ཐ་སྙད་དུ་མ་སོང་བར་དོན་དམ་པར་དཔྱད་ཀྱང་དེ་དེས་མི་སྟོང་པར་ཁས་བླངས་པ་ཡིན་གྱི། དོན་དམ་པར་དཔྱད་ན་མིག་མི་དམིགས་པར་འགྲུབ་ན།
དེ་དེས་མི་སྟོང་བ་ག་ལ་སྲིད། མིག་མི་སྟོང་པ་ནི། དོན་དམ་དཔྱོད་བྱེད་ཀྱིས་མི་བཀག་མི་ཁེགས་ལ། མིག་བདེན་གྲུབ་ཁེགས་སོ་སྙམ་པའོ། །མཐུན་པར་སྣང་བའི་ཀུན་རྫོབ་པའི་མིག་ལ་གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱད་ན་མི་དམིགས་པར་མ་གྲུབ་ན། མིག་བདེན་གྲུབ་ཏུ་འགྱུར་བས་རང་གི་ངོ་བོ་མི་སྟོང་ཞིང༌། བདེན་པར་གྲུབ་ན། བདེན་གྲུབ་གཞན་གྱིས་སྟོང་ཚུལ་ཇི་ལྟར་ཡིན། ཀ་བ་ལ་སྣམ་བུ་མེད་པ་ཙམ་གཞན་གྱིས་གཞན་སྟོང་པ་དོན་དཔྱོད་ལ་མི་ལྟོས་པར། ཐ་སྙད་དཔྱོད་པའི་ཚད་མས་གྲུབ་ཀྱང༌། དེ་སྟོང་ཉིད་ཀྱི་དོན་ག་ལ་ཡིན། དོན་དཔྱོད་ཀྱིས་དཔྱད་ཀྱང་བུམ་པ་བུམ་པས་མི་སྟོང་ན། བདེན་གྲུབ་ཀྱིས་སྟོང་དུ་ཆུག་ནའང༌། དགག་བྱ་བདེན་གྲུབ་བཀག་པའི་ཤུལ་ན་བུམ་པ་དངོས་སུ་འཕེན་པའི་དེ་འདྲའི་སྟོང་ཉིད་མ་ཡིན་དགག་ཏུ་འགྱུར་ལ། བུམ་པ་ཉིད་བདེན་པར་གྲུབ་ན། བུམ་པ་བདེན་གྲུབ་ཀྱིས་སྟོང་པ་ག་ལ་སྲིད་དེ།ཡང་ན་བུམ་པ་བདེན་གྲུབ་ཏུ་ཁས་ལེན་པའམ། ཡང་ན་བུམ་པ་བུམ་པར་བདེན་གྲུབ་དང༌། བདེན་གྲུབ་མེད་པར་གཉིས་ཀ་ཡིན་ཞེས་སྨྲ་དགོས་པས་དེ་མིསྲིད་དོ། །དེས་ན་མཐུན་སྣང་གི་བུམ་པ་མི་བཀག་པར། དེ་ལ་བདེན་མེད་སྒྲུབ་པ་སོགས། འདི་འདྲའི་ཆོས་ཇི་སྙེད་པ་ཐམས་ཅད་ངེས་པར་མི་བཀག་པ་ཞིག་བྱུང་ན། དེ་ཀུན་རྫོབ་ཏུ་ཡོད་པ་ཙམ་ལ་བཤད་དགོས་ཀྱིས།
དོན་དམ་པར་མི་བཀག་པ་ཞིག་ག་ལ་ཡོད་དེ། ཡོད་ན་དོན་དཔྱོད་ཀྱིས་དཔྱད་བཟོད་གྲུབ་པར་དེ་འགྱུར་ལ། བདེན་མེད་ཀྱང་སྒྲུབ་ཏུ་མེད་དོ། །ཀུན་རྫོབ་ཏུ་ཡོད་པ་མི་ཁེགས་པ་ནི་དབུ་མ་ཐམས་ཅད་མཐུན་ནོ། །དེས་ན་སྐབས་འདིར་སྟོང་མི་སྟོང་ཞེས་པ་ནི། ཐ་སྙད་དུ་སྟོང་མི་སྟོང་མ་ཡིན་གྱི། དོན་དམ་པར་ཡོད་མེད་ལ། མི་སྟོང་པ་དང༌། སྟོང་པའི་ཐ་སྙད་བྱེད་པའི་སྐབས་ཡིན་པས། དོན་དམ་པར་མི་སྟོང་པའི་ཆོས་ནི་རྣམ་པ་ཀུན་ཏུ་མེད་ངེས་སུ་གོ་བར་བྱའོ། །ཐ་སྙད་ཀྱི་དབང་དུ་བྱས་ན། བུམ་པ་བུམ་པས་མི་སྟོང་པར་འདོད་དེ། ཐ་སྙད་དུ་དེ་སྟོང་ན་བུམ་པ་མེད་པར་འགྱུར། དེ་བཞིན་བུམ་པ་བུམ་པར་བདེན་པར་གྲུབ་པའང་ཅི་སྟེ་མེད་དེ། ཐ་སྙད་ཚད་མས་བུམ་པ་བུམ་པ་ཉིད་དུ་བདེན་པར་གྲུབ་དགོས་ཏེ་ལས་འབྲས་བདེན་པ་དང༌། དཀོན་མཆོག་གསུམ་བདེན་པ་བཞིན་ནོ། །མདོར་ན་ཐ་སྙད་ཀྱི་སྣང་བ་བསླུ་མེད་འདི་རྣམས་ལ། རང་གི་ངོ་བོ་སྟོང་བཞིན་དུ་སྣང་བ་མ་འགག་པར་ཤར་བའི། སྟོང་རྟེན་འབྱུང་ཟུང་འཇུག་གི་གོ་ཚུལ་ཞིག་ནི་ནམ་ཡང་མེད་པ་སྙིང་ལ་འཆང་བཞིན། ཚིག་གི་སྒོ་ནས་བདེན་སྟོང་དུ་སྨྲས་པས། དེ་བས་ལྷག་པའི་སྟོང་ཉིད་སྨྲ་ཚུལ་མེད་པས་ཅི་ཡང་མི་དགོས།དགོས་ན་ཆད་སྟོང་ངོ་སྙམ་མོད། ཆོས་རྣམས་བདེན་པར་མེད་དོ་ཁས་སྨྲས་ཤིང༌།དེ་ལྟར་ཡིད་ལ་གསལ་ཀྱང༌། བདེན་གྲུབ་ཀྱི་མིང་གིས་སྟོང་པ་ཙམ་ལས། བདེན་པར་གྲུབ་པའི་དོན་གྱིས་སྟོང་པ་ཡིད་ལ་འཆར་རྒྱུ་མེད་ཅིང༌། སྟོང་པ་ཉིད་རྟེན་འབྱུང་དུ་འཆར་ཚུལ་ཡང༌། བདེན་པ་མེད་པས་ཀུན་རྫོབ་ཏུ་སྣང་བ་ཡོད་པ་དང༌།
སྣང་བ་ཉིད་བདེན་པ་མི་འགལ་ཞེས་སྨྲས་ན་མི་འགྲིག་པ་ཅིའང་མེད་དོ། །བདེན་སྟོང་དང༌། དོན་དམ་པར་མེད་པ། སྟོང་པ་རྣམས་དོན་གཅིག་ཡིན་པས་ཚིག་འགྲིག་པའི་ཕྱིར་དེ་མིན་ཞེས་སུན་ཕྱུང་མི་ནུས་པ་ལ་རྒྱབ་བཅར།ཆོས་རང་གི་ངོ་བོ་ཉིད་སྟོང་པའི་བདེན་མེད་ནི་ཁྱོད་ཀྱིས་མི་འདོད་པས། ཆོས་གཞན་བདེན་གྲུབ་ཅེས་པ་ཡོད་མ་མྱོང་བའི་ཕྱིར། བུམ་པ་ལ་དེ་མེད་དོ་སྙམ་པ་ལ་གཞན་སྟོང་དུ་བཏགས། རང་གི་ངོ་བོ་མ་སྟོང་ཕན་ཆད་བདེན་གྲུབ་ཡན་གར་བས་སྟོང་ཚུལ་མི་ཤེས་ལ། ཆོས་གཞན་གྱིས་སྟོང་པ་ཉིད་རྟེན་འབྱུང་གི་ཆོས་དེར་ཤར་བ་མ་ཡིན་ཏེ། རི་བོང་རྭ་མེད་གཡག་གི་རྭར་ཇི་ལྟར་འཆར། དེ་འདྲའི་ཆོས་རང་གི་ངོ་བོ་ཡོད་ཅིང་མི་སྟོང་པ་ལ། ཆོས་གཞན་ཐ་དད་དུ་མེད་པས། སྟོང་པའི་ཐ་སྙད་བཏགས་པའི་ཟུང་འཇུག་དེ་ཤེས་ཀྱང༌། སྲིད་རྩ་ལ་ཅུང་ཟད་མི་གནོད་ལ། སྤྲོས་བྲལ་ལ་འཇུག་པའི་སྒོ་ནམ་ཡང་མི་བྱེད་པར། སྒོ་འགགས་པར་བྱེད་པས་ན། འདི་འདྲའི་ཚིག་གི་བརྗོད་པ་ལ་བརྟེན་ནས་དོན་གྱི་གནད་ཉམས་པའི་འཆད་ཚུལ་ལ་ནན་ཏན་བྱེད་པ་ནི་རང་གིས་རང་བསླུས་པར་ཟད་དོ། །གཞན་ཡང་བུམ་པ་ཉིད། བདེན་གྲུབ་གཞན་གྱིས་སྟོང་པའི་གཞན་སྟོང་དུ་བསྒྲུབས་ན། བུམ་པ་ཉིད་བདེན་མེད་གཞན་གྱིས་བདེན་མེད་དུ་བཏགས་པར་འགྱུར་ཏེ། དགག་བྱ་གཞན་པ་དེ་བཀག་པའི་སྟོང་ཉིད་དེའང་བུམ་པ་ལ་ཡོད་པ་ཙམ་དུ་སྒྲུབ་དགོས་ཀྱི་བུམ་པའི་ངོ་བོ་བདེན་མེད་ཡིན་པར་སྒྲུབ་མི་རུང་སྟེ། དཔེར་ན་བྱེ་བྲག་པས་མཚན་མཚོན་ཐ་དད་འདོད་པ་དང་མཚུངས་སོ། །
དེ་ལྟ་ན་བུམ་པ་སྟོང་པ་ཉིད་མ་ཡིན་པར་ཆུག་ན། བུམ་པ་བདེན་མེད་ཀྱང་མ་ཡིན་པར་འགྱུར་རོ། །བུམ་པ་དང་བདེན་གྲུབ་གཞན་དུ་ཁས་ལེན་པ་དང༌། བུམ་པ་དང་བདེན་སྟོང་གཞན་དུ་ཁས་ལེན་པ་རྣམ་ཀུན་མཚུངས་ཏེ།ཐ་སྙད་དུ་སྒྲ་རྟག་པ་གཞན་གྱིས་སྟོང་པ་ཡིན་གྱི་སྒྲ་སྒྲས་མི་སྟོང་པ་ཁས་ལེན་པ་ལྟར། སྒྲ་ལ་མི་རྟག་པ་གཞན་སྒྲུབ་ཀྱི་སྒྲ་ཉིད་མི་རྟག་པ་མིན་པར་ཁས་ལེན་དགོས་སོ། །དེ་མ་ཡིན་ཏེ། སྒྲ་ཉིད་མི་རྟག་པར་དངོས་སྟོབས་ཀྱིས་གྲུབ་པའི་ཕྱིར། དེ་ལས་གཞན་དུ་ཁས་ལེན་མི་རུང་ལ། སྒྲ་དང་རྟག་པ་གཅིག་ཡིན་པའམ། སྒྲ་རྟག་པ་ཡིན་པ་ཚད་མས་བསལ་བའི་ཕྱིར། སྒྲ་ལ་རྟག་པ་གཞན་འགོག་གོ་ཟེར་ན། སྒྲ་རྟག་པ་ཡེ་ནས་ཡོད་མི་སྲིད་པའི་ཕྱིར། སྒྲ་དང་གཅིག་ཐ་དད་གང་དུའང་བཞག་ཏུ་མེད་དོ། །དངོས་པོ་མེད་པའི་ཕྱིར། དེའི་སྒྲོ་འདོགས་བསལ་བའི་ཚེ་ན། སྒྲ་མི་རྟག་པར་གྲུབ་བོ། །གཞན་ཡིན་ན་སྔ་མ་བཞིན་ནོ། །དེས་ན་མོ་གཤམ་བུ་དང་བདེན་གྲུབ་སོགས་ཐ་སྙད་དུའང་མེད་པ་རྣམས་ཐ་སྙད་དུ་ཡོད་པའི་ཆོས་རྣམས་ལ་མིང་ཙམ་གྱི་སྒོ་ནས་ཐ་དད་པ་དང༌། གཅིག་པ་བཀག་པའི་ཐ་དད་ཙམ་དུ་འདོད་རུང་མོད། ངོ་བོ་ཐ་དད་མིན་ཏེ། ཐ་སྙད་དུ་མེད་པ་རྣམས་ལ་ངོ་བོ་ཐ་སྙད་དུའང་མེད་དོ། །བུམ་པ་མོ་གཤམ་བུས་སྟོང་པ་ལ་གཞན་སྟོང་ཟེར་ཨི་རུང༌། གཞན་ཡང་བུམ་པ་བདེན་གྲུབ་ཏུ་འཛིན་པ་རྣམས་ཀྱིས་བུམ་པ་ཉིད་བདེན་གྲུབ་དུ་འཛིན་ཅིང༌། བུམ་པ་ལས་གཞན་བདེན་གྲུབ་ཏུ་སྒྲོ་འདོགས་པའི་འཁྲུལ་བ་མི་འཛིན་པས། བདེན་གྲུབ་མེད་པར་དགག་པའི་སྟོང་ཉིད་འདི། དབུ་མའི་དོན་མི་ཤེས་པའི་སོ་སྐྱེ་ལ་དགོས་སམ།
ཤེས་པའི་རྣལ་འབྱོར་ལ་དགོས། དང་པོ་ལྟར་མ་ཡིན་ཏེ། དེ་ལ་དེ་འདྲའི་སྒྲོ་འདོགས་པ་མེད་ན། མགོ་གཉིས་པ་སོགས་ལྟར། དེ་འདྲའི་སྒྲོ་འདོགས་ཀྱི་ཞེན་ཡུལ་བསལ་དགོས་སོ། །རྣལ་འབྱོར་པར་མ་ཡིན་ཏེ། གྲུབ་མཐའ་མི་ཤེས་པའི་སྐྱེ་བོས་ཀྱང་སྒྲོ་མ་བཏགས་པ་ལ། གྲུབ་མཐའ་ཤེས་པས་ཀུན་བཏགས་རིགས་པས་མི་གྲུབ་ཞིག་བསྣན་པའི་དགོས་པ་ཅི་ཡོད། བསལ་དགོས་པའི་སྒྲོ་འདོགས་ནི། བུམ་པར་སྣང་བ་བསླུ་མེད་འདི་ཉིད། ཇི་ལྟར་སྣང་བ་ལྟར་དོན་རང་གི་ངོ་བོས་གྲུབ་པར་འཛིན་པའི་ཞེན་ཡུལ་དེ་འགོག་པ་ནི་དབུ་མའི་ལམ་ཡིན་ནོ། །དེ་ཇི་ལྟར་གྲུབ་ན་བུམ་པར་སྣང་བ་འདི་ལ་གཅིག་དུ་བྲལ་སོགས་ཀྱིས་དཔྱད་ན་ཅུང་ཟད་ཀྱང་མི་དམིགས་པ་དེས། དོན་དམ་པར་མེད་པའམ། བདེན་མེད་སྒྲུབ་པ་ཡིན་གྱི་བུམ་པ་ལ་མི་དཔྱད་པར་བཞག་ནས། བུམ་པའི་བདེན་གྲུབ་ཡན་གར་བ་འགོག་ཚུལ་གྱི་རིགས་པ་ཤེར་མདོ་དང༌། དབུ་མའི་བསྟན་བཅོས་གང་ནས་ཀྱང་མ་བཤད་ལ། རིགས་པས་ཀྱང་བསྒྲུབ་ཏུ་མེད་བཞིན། བུམ་པ་བུམ་པས་མི་སྟོང༌། བདེན་གྲུབ་ཀྱིས་སྟོང་ཞེས་ཆོས་རང་རང་ངོ་བོ་ཉིད་ཀྱིས་སྟོང་ཞེས་གསུངས་པའི་མདོ་བསྟན་བཅོས་ཐམས་ཅད་ཀྱི་འཆད་ཚུལ་སྤངས་ནས། གཞན་སྟོང་ཁས་བླངས་པ་ལ། གོ་རྒྱུ་དང་ཤེས་རྒྱུ་དོན་ཅན་ཅིའང་མེད་དོ། །སུས་ཀྱང་མ་བཤད་པའི་དབུ་མའི་གཞུང་ཁས་ལེན་ཚུལ་གྱི་ཁྱད་ཆོས་བཏོན་འདོད་པས་ཁྱད་གཞི་ཉམས་ཤོར་ན་མི་ལེགས་པས་དཔྱོད་ཅིག་མདོར་ན་ཐ་སྙད་ཀྱི་ཆོས་རྣམས་ཀྱི་རང་ནི་མི་སྟོང་པར་གནས་ལ་དེ་ལས་གཞན་པའི་བདེན་གྲུབ་དེ་མེད་པར་དགག་པའི་ལུགས་འདི་སུའི་དོན་དུ་ཡིན་ཏེ།
བུམ་སོགས་བདེན་གྲུབ་ཏུ་འཛིན་མཁན་རྣམས་ཀྱིས་ནི། བུམ་པ་ཉིད་བདེན་གྲུབ་ཏུ་འཛིན་གྱི་བུམ་པ་ལས་གཞན་པའི་བུམ་པའི་བདེན་གྲུབ་ཡོད་པར་མི་འདོད་པས། སྒྲོ་འདོགས་མ་སྐྱེས་པ་ལ་དེ་བསལ་བའི་རིགས་པ་བསྟན་མི་དགོས་ཏེ།མོ་གཤམ་བུ་བཞིན་ནོ། །བུམ་པ་བདེན་མེད་དུ་འཛིན་པ་རྣམས་ལ་ནི་འདི་མི་དགོས་ཏེ། བུམ་པ་ལས་གཞན་པའི་བུམ་པའི་བདེན་གྲུབ་ཡོད་པར་འཇིག་རྟེན་ཐ་མལ་པས་ཀྱང་མི་འདོད་ན། དེ་དག་གིས་ལྟ་ཅི་སྨྲོས། དེའི་ཕྱིར་བུམ་པ་བདེན་གྲུབ་གཞན་གྱིས་སྟོང་པའི་ལུགས་འདི་ལྟར་ན། བུམ་པར་སྣང་བ་ཉིད་རང་གི་ངོ་བོས་མི་སྟོང་བར་འདོད་པས་བུམ་པ་བདེན་གྲུབ་ཏུ་འགྱུར་ཏེ།དོན་དཔྱོད་ཀྱི་དཔྱད་ན་ཆོས་རང་གི་ངོ་བོ་ཉིད་མེད་པར་མ་རྟོགས་པ་དེ་ལས་བདེན་གྲུབ་གཞན་མེད་དོ། །དེ་ལྟར་ན་ཐ་སྙད་དུ་ཡོད་པའི་ཆོས་གཅིག་ཀྱང༌།རང་གི་ངོ་བོ་མི་སྟོང་བདེན་གྲུབ་ཏུ་འགྱུར་ན། བདེན་གྲུབ་གཞན་གྱིས་དེ་སྟོང་པ་ག་ལ་སྲིད། གལ་ཏེ་བུམ་པའི་སྟེང་ན་བུམ་པ་བདེན་གྲུབ་སྣམ་བུ་བདེན་གྲུབ་སྟོང་པ་ལྟ་བུ་གཞན་སྟོང་ངོ་ཟེར་ན། འདི་ལ་དོན་དམ་དཔྱོད་པའི་རིགས་པ་མི་དགོས་པས། བདེན་མེད་ནི་དོན་དམ་དཔྱོད་པའི་ཡུལ་དུ་མི་འགྱུར་རོ། །ཡང་ན་ཐ་སྙད་དུ་མེད་པ་རི་རྭ་སོགས་ཀྱིས་ཐ་སྙད་དུ་ཡོད་པའི་ཆོས་རྣམས་སྟོང་པའི་གཞན་སྟོང་དུ་སྨྲ་ན། དེ་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བཀག་མི་དགོས་ཏེ།
ཐ་སྙད་དཔྱོད་པའི་ཚད་མས་གྲུབ་བོ། །དེ་དགག་པ་ལ་གཅིག་དུ་བྲལ་སོགས་ཀྱི་རིགས་པ་མི་འཇུག་སྟེ། རི་བོང་གི་རྭ་ལ་ཆ་ཤས་སུ་ཕྱེ་ནས་དཔྱད་པ་དང༌། རྟེན་འབྱུང་གི་རིགས་པ་ཇི་ལྟར་འཇུགབདེན་གྲུབ་འབའ་ཞིག་ལའང་དེ་དང་འདྲ་སྟེ། བདེན་གྲུབ་ལ་མཐའ་བཞི་སྐྱེ་འགོག་སོགས་ཀྱི་རིགས་པས་དགག་བྱར་ཇི་ལྟར་འགོགདེའི་ཕྱིར་ཐ་སྙད་དུ་སྣང་བ་བསླུ་མེད་དུ་ཡོད་པའི་དངོས་པོ་རྣམས་ལ། སྣང་ཡང་སྣང་བ་ལྟར་གྲུབ་པ་མེད་པའི་ཆེད་དུ། བུམ་སོགས་ཆ་དང་ཆར་ཕྱེས་ཏེ་གཅིག་དུ་བྲལ་གྱི་རིགས་པ་དང༌། བུམ་སོགས་སྐྱེ་བར་སྣང་ཡང་དོན་ལ་སྐྱེ་མེད་དུ་སྒྲུབ་པ་མཐའ་བཞི་སྐྱེ་འགོག་དང༌། མུ་བཞི་སྐྱེ་འགོགཡོད་མེད་སྐྱེ་འགོག་དང༌། རྟེན་འབྱུང་གི་རིགས་པས་དཔྱད་ན། བུམ་པར་སྣང་བ་བསླུ་མེད་ཀྱང༌། སྣང་བ་ལྟར་གཅིག་དུ་བྲལ་སོགས་ཀྱིས་དཔྱད་ན་མི་རྙེད། སྐྱེ་སོགས་སུ་སྣང་ཡང༌། མཐའ་བཞི་སྐྱེ་འགོག་སོགས་ཀྱིས་དཔྱད་ན་སྐྱེ་སོགས་མི་འགྲུབ། རྟེན་ནས་འབྱུང་བར་སྣང་ཡང༌། རྟེན་ནས་འབྱུང་བ་ལ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་དཔྱད་པས། ཐ་སྙད་ཀྱི་ཆོས་གང་ལའང༌། དེས་དཔྱད་བཟོད་དུ་གྲུབ་པ་མེད་པ་ལ་བདེན་མེད་ཅེས་མིང་བཏགས་ཤིང༌། གལ་ཏེ་དཔྱད་བཟོད་དུ་གྲུབ་པ་ཞིག་ཡོད་ན། དེ་ལ་བདེན་གྲུབ་ཅེས་བཏགས་པས། སྟོང་ཉིད་སྒྲུབ་པའི་རིགས་པས་དགག་བྱ་བདེན་གྲུབ་ཡིན་པ་ན། དེའི་ཕྱིར་ཆོས་རང་གི་ངོ་བོ་ཉིད་མ་གྲུབ་པའི་སྟོང་པ་དང༌། རྟེན་འབྱུང་གི་སྣང་བ་འགལ་མེད་དོན་གཅིག་ཏུ་ཤར་བའི་སྟོང་ཉིད་སྤྲོས་བྲལ་གྲུབ་པ་ཡིན་ནོ། །
དེས་ན་ཐ་སྙད་དུ་ཡོད་པའི་ཆོས་ཅན་དོན་དཔྱོད་ཀྱིས་མི་བཀག་མི་སྟོང་ཞེས་ནམ་ཡང་སྨྲ་བར་མི་བྱ་སྟེ། སྨྲས་ན་བདེན་མེད་ཀྱི་མིང་ཙམ་འགྲུབ་ཀྱང༌།སྟོང་ཉིད་ཕྱིན་ཅི་མ་ལོག་པ་ཅུང་ཟད་ཀྱང་མི་འགྲུབ་ལ། དངོས་སྨྲ་བའི་འདོད་པ་ལྟར་མཐར་བདེན་གྲུབ་འགྲུབ་པའི་སྟེང་དུ་ལྡོག་པར་ཐལ་ལོ། །དེས་ན་དེ་ལྟར་སྨྲ་བ་རྣམས་ཀྱིས་བདེན་གྲུབ་བཀག་ཚེ་གཅིག་དུ་བྲལ་སོགས་ཀྱི་རྟགས་ལ་བརྟེན་ནས། ཚུལ་དེ་བསྒྲུབ་སྟེ་ཆོས་ཐམས་ཅད་བདེན་གྲུབ་མི་འདོད་པ་ཡིན་ཀྱང༌། ཆོས་རང་གི་ངོ་བོ་མི་སྟོང་པའི་གཞན་སྟོང་ཁས་བླང་བ་དེ་མ་བཏང་གི་བར་དུ་ཁས་ལེན་དེས་བདེན་གྲུབ་ཀྱང་ཁས་ལེན་དགོས་པའི་རིག་པའི་འཕུལ་འཚམས་འདི། ངེས་པར་འཇུག་པས་རྗེ་ཙོང་ཁ་པས། རང་རྒྱུད་པ་དངོས་སྨྲ་བའི་གྲལ་དུ་འཇོག་པའི་རིགས་པའི་འཕུལ་འཚམས་ཀྱང་འདི་དང་བརྗོད་ཚུལ་མི་འདྲ་ཡང༌། དོན་འདི་ལས་མི་འདའ་སྟེ། རང་རྒྱུད་རང་བཞིན་གྱིས་གྲུབ་པ་མི་འགོག་ལ། བདེན་གྲུབ་འགོག་པར་ཁས་ལེན་པས་ཐ་སྙད་རང་བཞིན་གྱིས་གྲུབ་པ་དེ་ཁོ་བོའི་ལུགས་ལ་ཐ་སྙད་ཀྱི་བུམ་སོགས། བུམ་སོགས་ཀྱིས་མི་སྟོང་པ་ཡིན་ཀྱང༌། བདེན་པས་སྟོང་པས། ཐ་སྙད་ཀྱི་ངོ་བོ་དང༌། སྐྱེ་སོགས་འགོག་ཚེ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་ནས་སྟོན་པ་དེ། རིགས་པས་དཔྱད་ན་ཐ་སྙད་ཀྱི་རང་བཞིན་དོན་དཔྱོད་ཀྱིས་མི་བཀག་མི་ཁེགས་པ་ཞིག་ཡོད་ན།དེ་བདེན་གྲུབ་ཏུ་འགྱུར་བས། ཐ་སྙད་ཀྱི་ཆོས་ཅན་རང་བདེན་གྲུབ་ཀྱིས་སྟོང༌།རང་མཚན་གྱིས་གྲུབ་པའི་མི་སྟོང་བར་འདོད་པ་སྟེ། དོན་དམ་དཔྱོད་པས་མི་ཁེགས་ན་བདེན་འགྲུབ་ཏུ་འགྱུར་བས།
བདེན་གྲུབ་ཁས་མ་བླངས་ཀྱང༌། རང་གི་རང་མཚན་དོན་དཔྱོད་ཀྱིས་མི་བཀག་པར་ཁས་བླངས་པ་དེས། མི་འདོད་བཞིན་བདེན་པར་གྲུབ་པར་འགྱུར་རོ། །ཞེས་གསུངས་པ་ཡིན། དེ་དག་དབུ་མ་པ་ཡིན་གསུངས། དེ་ལྟར་ན། དངོས་སྨྲ་བ་དང༌། དབུ་མ་པ་གཉིས་ཀ་ཡིན་པར་འགྱུར་བས། དེ་མི་འཐད་སྙམ་ན། སྐྱོན་མེད་དེ། འདི་དག་རང་བཞིན་ཁས་བླངས་ཀྱང༌། མི་དགག་པ་ལྟར་བྱས་པས་ཐ་སྙད་ཀྱི་རང་བཞིན་ཡོད་པར་སོང་ལ། ཆོས་ཐམས་ཅད་ལ་བདེན་གྲུབ་ལེགས་པར་ཁེགས་ན་མི་སྟོང་པ་མེད་པར་གྲུབ་པས་ཁས་བླང་ནང་འགལ་སོང་བའི་ཆ་ནས་དངོས་སྨྲ་བར་འཇུག་པའི་སྐྱོན་བབ་ཀྱང༌། གཅིག་དུ་བྲལ་སོགས་ཀྱི་རིགས་པས་ཐ་སྙད་ཀྱི་ཆོས་རྣམས་ངོ་བོ་ཉིད་མི་དམིགས་པར་བསྒྲུབ་པས་དོན་ལ་དབུ་མ་པ་ཡིན་ནོ། །གསུངས་པ་ལྟར། བུམ་པ་གཞན་སྟོང་སྨྲ་བའང་དབུ་མའི་རིགས་པས་ཆོས་གང་ལའང་བདེན་གྲུབ་མེད་པར་རྟོགས་ན། དབུ་མ་པ་ཡིན་པ་ལས་མི་ཉམས། ཐ་སྙད་སྦྱར་ཚུལ་ལྟར་ཞེན་ཤུགས་ཀྱིས་བུམ་སོགས་རང་ངོ་ནས་མི་སྟོང་པར་ཁས་བླངས་པ་དེས། སྟོང་རྟེན་འབྱུང་ཟུང་འཇུག་ཏུ་རྟོགས་པ་ལ་གེགས་བྱེད་ཅིང༌།དཔྱད་ཚུལ་ཉེས་ན་དངོས་སྨྲ་པ་དང་ཁྱད་མེད་པའི་གོལ་ས་ཡོད་ལ། ཐ་སྙད་ཇི་འདྲར་སྦྱར་ཀྱང་གཞུང་གི་ཕྱོགས་རེའི་འཆད་ཚུལ་ལ་བསམས་ནས་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ལས་མ་འདས་ན། སྟོང་རྟེན་འབྱུང་ཟུང་འཇུག་ལའང་ངེས་པ་སྐྱེ་བ་སྲིད་མོད་དོན་དཔྱོད་ཀྱིས་དཔྱད་ན།
འོན་ཀྱང་མིག་མིག་གིས་སྟོང་པ་སོགས་ཁས་ལེན་ནས། དབུ་མའི་སྟོན་པ་ཆེན་པོ་རྣམས་ཀྱིས་བསྟན་པ་ལྟར་ཞུགས་ན་སྟོང་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པ་མྱུར་ལ། མིག་མིག་གིས་སྟོང་ཞེས་ཐ་སྙད་ལ་གནོད་པར་སེམས་ཞིང༌། མིག་བདེན་པས་སྟོང་ཟེར་ན་སྟོང་ཉིད་ཀྱང་མི་འདོར་ལ་ཐ་སྙད་དུ་བདེ་བླག་ཏུ་གོ་བ། འཆད་ཚུལ་འདི་ཤིན་ཏུ་ལེགས་སྙམ་པ་ཡིད་ལ་བཅག་པ་ཡིན་འདུག་ཀྱང༌། དེ་ལྟར་ན་མིག་བདེན་པས་སྟོང་ཞེས་པའི་ཚིག་གི་ནུས་པས་བདེན་པས་སྟོང་པའི་མིག་ཐ་སྙད་དུ་མི་སྟོང་པར་གྲུབ་པ་ཡིན་པས། དབུ་མའི་བསྟན་བཅོས་ཀུན་ལས། རྟེན་འབྱུང་བསླུ་མེད་དང་ཆོས་ཐམས་ཅད་བདེན་མེད་དུ་གསུངས་པ་ཡོད་པ་དེ་ཁོ་ནས་འཐུས་ཏེ། མིག་ཐ་སྙད་དུ་མི་སྟོང་པ་དང༌། དོན་དམ་པར་སྟོང་པ་གཉིས་ཀ་ཚིག་དེས་མཚོན་ནོ། །དེ་ལྟར་ཚིག་གཉིས་དེ་ལས་ལྷག་པའི། གསལ་ཁ་བཏོད་ནས་དེའི་སྟེང་དུ་མིག་མིག་གིས་མི་སྟོང་ཞེས་བསྣན་པ་འདིས་ཇེ་ལེགས་སུ་མ་སོང་བར་དོན་དམ་པར་མིག་མིག་གིས་མི་སྟོང་ན་བདེན་གྲུབ་ཀྱིས་སྟོང་པར་སྨྲས་པ་དོན་མེད་པར་གནས་ཤིང༌། ཐ་སྙད་དུ་མིག་མིག་གིས་མི་སྟོང་པ་ནི། མིག་བདེན་པས་སྟོང་ཞེས་པའི་ཤུགས་ཀྱིས་གྲུབ་པ་ལ། སླར་ཡང་དེ་བརྗོད་པས་གོ་རྒྱུ་ཅི་ཡོད་དེ། མིག་བདེན་པས་སྟོང་ཞེས་གསུངས་པས། མིག་བདེན་སྟོང་དུ་སྒྲུབ་པའི་གཞིར་བསྟན་ལ། གཞི་དེ་བདེན་གྲུབ་ཀྱིས་སྟོང་པ་བསྟན་པ་ཡིན་གྱི། བདེན་གྲུབ་ཀྱིས་སྟོང་པ་ལས་ལྷག་པའི་མིག་ཀྱང་སྟོང་པ་ཚིག་དེས་ནམ་ཡང་མི་སྟོན་ཏེ། མིག་བདེན་པས་སྟོང་ཞེས་པའི་མིག་སྟོང་གཞིར་འཕང་བའི་ཕྱིར་རོ། །
དེའང་བུམ་སོགས་གང་ལ་དཔྱད་ཀྱང་བདེན་གྲུབ་མེད་ཅེས་པའི་ཚིག་འདིས། བདེན་གྲུབ་མེད་ཀྱང་མི་བདེན་པའི་སྣང་བ་སྒྱུ་མ་ལྟ་བུ་ཤུགས་ལ་འཕང་བ་ཡིན་པས། བདེན་མེད་ལེགས་པར་རྟོགས་ན་མེད་དགག་འབའ་ཞིག་གི་སྟོང་ཉིད་ཁོ་ནར་མི་འགྱུར་རོ། །འོ་ན་མ་ཡིན་དགག་གི་སྟོང་ཉིད་དུ་འགྱུར་རོ་སྙམ་ན། དོན་ལ་དེ་ལྟར་མ་ཡིན་ཏེ། མིག་བདེན་མེད་དུ་གྲུབ་པ་དེས། དོན་དམ་པར་མི་སྟོང་པ་ཅུང་ཟད་མི་འགྲུབ་བོ། །འོ་ན་སྐབས་འདིར་མིག་མིག་གིས་སྟོང་པས་བདེན་གྲུབ་སྦྱར་མི་དགོས་པར། མིག་སྟོང་ངོ་ཞེས་ཅིས་མི་བརྗོད་སྙམ་ན། དེ་ལྟར་མ་བརྗོད་ཀྱང་བདེན་པས་སྟོང་པར་བརྗོད་པས་དེའི་དོན་གྲུབ་བོ། །དེས་དོན་གྲུབ་ཀྱང༌། མིག་སྟོང་ངོ་ཞེས་བརྗོད་པས།དོན་དམ་པར་མི་དམིགས་པ་འབའ་ཞིག་གོ་ལ་མིག་བདེན་པས་སྟོང་ངོ་ཞེས་བརྗོད་ན། མིག་དོན་དམ་པར་མེད་ཀྱང༌། ཐ་སྙད་དུ་ཡོད་ལ། དེ་གཉིས་འགལ་མེད་དུ་གོའོ། །དེའི་བདེན་མེད་སྦྱར་ན། མིག་བདེན་གྲུབ་ཀྱིས་སྟོང་ཞེས་པ་ཤིན་ཏུ་འཐད་ཅིང་གོ་བདེ་བ་ཡིན་ཀྱང༌། དེ་ལ་བསམས་ནས་མིག་ངོ་བོས་མི་སྟོང༌། གཞན་སྟོང་ཡིན་ཞེས་ཐ་སྙད་སྦྱར་མི་རུང་སྟེ། དེ་ལྟར་སྦྱར་ན་ཚིག་ཙམ་གྱི་དབང་དུ་བྱས་ན་ལྡོག་པ་ཐ་དད་པའི་ཕྱིར་རུང་མོད། ཚིག་དོན་ལ་བསམས་ན་མི་རུང་སྟེ། མིག་རང་གི་ངོ་བོས་སྟོང་པ་བཞིན་ཐ་སྙད་དུ་མིག་ཏུ་སྣང་བ་བསླུ་མེད་ཡོད་པ་ལ། མིག་རང་ངོས་སྟོང་པ་དེ། ཐ་སྙད་དུ་སྣང་བའི་མིག་དེའི་ཆོས་ཉིད་དམ་རང་བཞིན་ཡིན་ཏེ། འཇུག་པ་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། ། ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །
ཞེས་གསུངས་སོ། །མིག་རང་གི་ངོ་བོས་མ་སྟོང་ན། བདེན་པས་སྟོང་པ་མི་སྲིད་པས། མིག་ནི་རང་བཞིན་སྟོང་པ་ཉིད་མ་ཡིན་པར་འགྱུར་རོ། །གཞན་གྱིས་སྟོང་པ་ནི། རང་གི་ངོ་བོ་མི་སྟོང་པས་ཆོས་དེའི་རང་བཞིན་མ་ཡིན་ཏེ། ནམ་མཁའི་མེ་ཏོག་མེད་པ། ཆུ་ལ་སྐྱེས་པའི་མེ་ཏོག་གི་རང་བཞིན་མ་ཡིན་པ་བཞིན་ཏེ། ཆོས་གཞན་སྟོང་པ་ཞིག །ཆོས་རང་གི་ངོ་བོས་མི་སྟོང་ན་དེའི་རང་བཞིན་ཡིན་པར་སྒྲོ་འདོགས་པའི་མཁས་བླུན་སུའང་མེད་དོ། །དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཁས་ལེན་དགོས་སོ། །ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་འདོད་དགོས་ཀྱི།རང་གི་ངོ་བོ་མ་སྟོང་ཕན་ཆོད། ཆོས་གཞན་གྱིས་ངོ་བོ་སྟོང་ཡང༌། དེའི་རང་བཞིན་དུ་ག་ལ་འགྱུར་ཏེ། སྟོང་རྒྱུ་དང་མི་སྟོང་རྒྱུ་ཆོས་གཞན་ཡིན་པར་ཁས་བླངས་པས། བུམ་པ་ལ་བ་ལང་མེད་ཀྱང༌། བ་ལང་མེད་པ་བུམ་པའི་རང་བཞིན་ཡིན་པར་སུ་ཞིག་ཁས་ལེན་ནུས། དེ་བཞིན་མོ་གཤམ་བུ་མེད་དང༌།ནམ་མཁའི་མེ་ཏོག་མེད་པ་སོགས་ཀྱང༌། བུམ་པའི་རང་བཞིན་དུ་ཁས་ལེན་དགོས་ན། དེ་འདྲའི་ཁས་ལེན་ནི་འཇིག་རྟེན་པའི་བཞད་གད་ཀྱི་གནས་ཡིན་ན། དབུ་མ་པས་ཁས་ལེན་པ་རྣམ་པ་ཀུན་ཏུ་མི་སྲིད་དོ། །བདེན་མེད་དང་སྟོང་ཉིད་དོན་གཅིག་པའི་ཕྱིར། བདེན་མེད་བུམ་པའི་རང་བཞིན་དུ་ཅི་སྟེ་མི་རུང༌། བདེན་མེད་བུམ་པའི་རང་བཞིན་དུ་མི་རུང་ན། སྟོང་ཉིད་ཀྱང་མི་རུང་བས་དེ་ཁས་ལེན་མོད། དེ་ནི་བུམ་པའི་ངོ་བོ་ཉིད་སྟོང་པ་ལ་བུམ་པ་བདེན་མེད་དུ་བཏགས་པ་ལ་ཟེར་གྱིས།
བུམ་པའི་ངོ་བོ་མི་སྟོང་བར་བྱས་ནས། དེ་ལས་གཞན་པའི་བདེན་གྲུབ་ཀྱིས་སྟོང་པ་བདེན་མེད་ཀྱི་དོན་ཡིན་ན། དེ་འདྲའི་བདེན་མེད་བུམ་པའི་རང་བཞིན་མ་ཡིན་ཏེ། ཆོས་གཞན་གྱི་ངོ་བོ་ལ་བདེན་གྲུབ་མེད་ཀྱང༌། བུམ་པ་རང་གི་ངོ་བོ་ཡོད་པའི་རང་བཞིན་ཡིན་དགོས་ན། དེ་མི་སྲིད་པར་གོང་དུ་བསྒྲུབ་པའི་ཐལ་བ་དེ་ཟློག་མེད་དུ་འཇུག་པ་ཡིན་ནོ། །དེས་ན་བུམ་པའི་ངོ་བོ་མི་སྟོང༌། ཆོས་གཞན་བདེན་གྲུབ་ཀྱིས་སྟོང་ཞེས་པ་འདིས།ཆོས་གཞན་སྟོང་པ་རང་མི་སྟོང་པ་དེའི་ཆོས་ལ་ཆོས་ཉིད་དུ་བསྒྲུབ་དགོས་པས།མདོར་ན་ཐ་སྙད་མཐུན་སྣང་གི་བུམ་པ་བདེན་གྲུབ་ཀྱིས་སྟོང་བར་བསྒྲུབས་པ་འདི་གཞུང་རྣམས་ལས་གསུངས་ཤིང༌། དོན་དང་ཐ་སྙད་གཉིས་ཀ་སྐྱོན་མེད་དུ་གྲུབ་པ་ཡིན་ཀྱང༌། འདིའི་སྟེང་དུ་མིག་མིག་གིས་མི་སྟོང་ཞེས་བསྣན་པ་འདིའི་ཁས་ལེན་སྐྱོན་ཅན་དུ་སོང་ནས། ཇི་སྲིད་ཁས་ལེན་དེ་མ་བཏང་གི་བར་དུ། མིག་བདེན་སྟོང་འགྲུབ་པ་ལ་གེགས་བྱེད་པ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་གཞན་སྟོང་ཡིན་གྱི། རང་སྟོང་མིན་ཞེས་རྣམ་པ་ཀུན་ཏུ་སྨྲ་བར་མིབྱ་སྟེ། རང་སྟོང་དང་གཞན་སྟོང་ཟེར་བ། བུམ་པ་སྟོང་ཉིད་དུ་དཔྱོད་པའི་རིགས་པས། བུམ་པ་ངོ་བོ་སྟོང་མི་སྟོང་ལ་དཔྱད་ན། སྟོང་ན་རང་སྟོང༌། མི་སྟོང་ན་གཞན་སྟོང་ཟེར་བ་ཡིན་པས། ཐ་སྙད་དུ་སྟོང་མི་སྟོང་འདི་ལ་སྦྱར་དོན་མེད་དེ།དོན་དམ་དཔྱོད་པའི་ངོར་རམ་དོན་དམ་པར་མ་དམིགས་ནས་སྟོང་པར་གྱུར་བ་དེ་ཉིད། ཐ་སྙད་དུ་དཔྱོད་པ་དེས་དམིགས་མི་སྲིད་དེ། རིགས་དེས་ཐ་སྙད་ དུའང་མི་རིགས་པས།
།ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དོན་དམ་དཔྱོད་པས་དཔྱད་ན། བདེན་པ་གཉིས་ཆར་མི་དམིགས་ཀྱང༌། འཇིག་རྟེན་ཐ་སྙད་དུ་དམིགས་པ་སྨྲོས་མ་དགོས་སོ། །དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིགས་བྱ། །ཞེས་གསུངས། གལ་ཏེ་དངོས་སྨྲ་བའི་འདོད་པའི་ཕྱོགས་བཟུང་ནས། དོན་དམ་པར་མེད་ན་འཇིག་རྟེན་ཐ་སྙད་དུའང་ཡོད་མི་རིགས་ལ། ཐ་སྙད་དུ་ཡོད་ཅིང་དམིགས་ན་དོན་དམ་པར་མེད་པའང་མི་རིགས་སོ་ཞེ་ན། ཐ་སྙད་དུ་ཡོད་ཚད་དོན་དམ་པར་ཡོད་དགོས་ན།ཁྱོད་ཀྱིས་དོན་དམ་དཔྱོད་པའི་རིགས་པ་འདིའི་སྒོ་ནས་དཔྱད་བཟོད་ཞིག་སྒྲུབ་ནུས་ན། ཐ་སྙད་ཡོད་ཚད་དོན་དམ་པར་ཡོད་པ་གྲུབ་པར་འགྱུར་རོ། །གལ་ཏེ་དེས་མ་དམིགས་མ་གྲུབ་པ་ཐ་སྙད་དུ་མེད་དགོས་ན། འཇིག་རྟེན་ཐ་སྙད་ཀྱི་སྣང་བ་འདི་ཀུན་ཐ་སྙད་དུ་མི་སྣང་བར་ཁྱོད་ཀྱི་སྒྲུབ་ནུས་ན། དོན་དམ་པས་ཁེགས་ཚད་ཐ་སྙད་དུ་མེད་པར་འགྱུར་རིགས་ན། དོན་དམ་དཔྱོད་པས་དཔྱད་བཟོད་ནི་དངོས་སྨྲ་བ་ཁྱོད་མ་ཟད་ལྷ་དང་བཅས་པའི་འཇིག་རྟེན་ཀུན་ཀྱིས་ཇི་ལྟར་སྒྲུབ་ནུས་ཏེ། མི་ནུས་སོ། །དེས་ན། དོན་དམ་དཔྱོད་པས་མི་དམིགས་པའམ། མ་རྙེད་པའི་ཚུལ་གྱིས་མི་ཁེགས་པའི་ཆོས་གཅིག་ཀྱང་མེད་ལ། དེས་ཁེགས་ཚད་ཐ་སྙད་དུ་མི་སྣང་བ་ནི། ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱིས་བསྒྲུབ་མི་ནུས་པས་དེས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས། སྣང་བ་བསླུ་མེད་འདིའི་རང་བཞིན་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ལས་མ་འདས་བཞིན་དུ།
འཇིག་རྟེན་ཐ་སྙད་ཀྱི་སྣང་བ་བསླུ་མེད་དུ་ཤར་བས། སྟོང་རྟེན་འབྱུང་ངོ་བོ་དབྱེར་མེད་ཡིན་ནོ་ཞེས་རིགས་པའི་ལམ་གྱི་སེང་གེའི་སྒྲ་སྒྲོགས་པ་ལ། ལྷ་དང་བཅས་པའི་འཇིག་རྟེན་ན། དེ་ལ་བརྒལ་ཏེ་རྩོད་ནུས་པ་མི་སྲིད་པས། ལམ་དེ་ཁོ་ན་ལྟར། དབུ་མའི་གཞུང་རྣམས་ཀྱིས་བསྟན་པ་ལྟར་བཟུང་བར་བྱ་ཡི། རང་གི་བློ་ལ་སྟོང་རྟེན་འབྱུང་འགལ་མེད་དུ་འཆར་མ་ནུས་ནས།རང་བློར་འཚམས་པའི་ཚིག་རིས་མདོ་དང་བསྟན་བཅོས་རྣམས་སུ་མ་བྱུང་བ་བསྣན་ནས། རེ་ཞིག་རང་བློར་བདེ་བདེ་འདྲ་ཡང༌། མདོ་དང་བསྟན་བཅོས་ཆེན་པོའི་གཞུང་གིས་བསྟན་ཚུལ་དང་འགལ་བའི་ཁས་ལེན་གང་བྱུང་བར་རིགས་པའི་གནོད་པ་ཟློག་མེད་དུ་འབབས་པས། དབུ་མ་འཆད་ན་དབུ་མའི་མདོ་དང༌། བསྟན་བཅོས་ཆེན་པོ་རྣམས་ཀྱི་བརྡ་ཆད་ཇི་ལྟར་མཛད་པ་ལྟར།རིགས་པའི་ལམ་ནས། དེ་བཞིན་དུ་ངེས་ཤེས་བསྐྱེད་དང༌། ཤེས་རབ་ཕྱིན་ཅི་མ་ལོག་པ་འབྱུང་ངེས་སོ།
།༈ དངོས་སྨྲ་བ་དང་དབུ་མ་པ་གཉིས། མཐུན་སྣང་གི་བུམ་པ་འདི་བདེན་པར་གྲུབ་མ་གྲུབ་རྩོད་ཚེ། བུམ་པ་ཆོས་ཅན། བདེན་པར་མེད་དེ། དོན་དམ་དཔྱོད་པའི་ཚད་མས་མ་དམིགས་པའི་ཕྱིར། ཞེས་སོགས་འགོད་དེ། མཐུན་སྣང་གི་བུམ་པ་ཡོད་པ་འདི་མེད་དགག་དེ་དོན་དམ་པར་མེད་པའམ། བདེན་པར་མེད་པ་སྒྲུབ་པས། བུམ་པ་མི་བཀག་པར་ཆོས་ཅན་དུ་བཞག་ནས། དེ་ལ་བསྒྲུབ་ཆོས་དོན་དམ་པར་མེད་པའམ། བདེན་གྲུབ་མེད་པ་སྒྲུབ་དགོས་པ་ཡིན་པས། བུམ་པ་མི་དགག་བདེན་གྲུབ་དགག་ཅེས་པ་ཚུལ་འདིའི་སྒོ་ནས།ཐ་སྙད་སྐྱོན་མེད་གནོད་མེད་དུ་གྲུབ་པ་ཡིན་ཀྱང༌། ཚིག་འདིའི་རྗེས་སུ་བསམས་ནས། ཐ་སྙད་དུ་ཡོད་པའི་ཆོས་གཅིག་ཀྱང་དོན་དཔྱོད་ཀྱིས་དགག་བྱ་མིན་ལ།བདེན་གྲུབ་འབའ་ཞིག་དགག་བྱ་ཡིན་སྙམ་ན། དགག་བྱ་ཡན་གར་བ་བཀག་པས་སྟོང་ཉིད་རྟོགས་སྙམ་པ་ལ་གོལ་ས་ཡོད་དེ། དངོས་སྨྲ་བ་དང་རྩོད་ཚེ་ཐ་སྙད་དེ་ལྟར་སྦྱོར་དགོས་ཀྱང༌། དོན་དམ་པར་མེད་པ་དང་བདེན་གྲུབ་མེད་པ་ཅིའི་ཕྱིར་ཟེར་ན། གཅིག་དུ་བྲལ་སོགས་ཀྱི་རིགས་པས་མཐུན་པར་སྣང་བའི་བུམ་པ་མི་དམིགས་པའམ་མ་རྙེད་པ་འདིས་གྲུབ་པ་ལས་རྒྱུ་མཚན་གཞན་མིསྲིད་པས་མཐུན་སྣང་དུ་གྲུབ་པའི་བུམ་པ་དོན་དཔྱོད་ཀྱིས་མ་བཀག་ན་དོན་དམ་པར་མེད་པ་དང༌། བདེན་མེད་འགྲུབ་པའི་ཐབས་གཏན་མེད་དེ། མཐུན་སྣང་གི་བུམ་པ་ཉིད་དོན་དམ་པར་ཡོད་པ་དང༌། བདེན་པར་གྲུབ་པར་འགྱུར་རོ། །དེས་ན་བདེན་གྲུབ་དགག་བྱ་ཡིན་ཟེར་བ་དེ་མཐུན་སྣང་གི་བུམ་པ་དོན་དཔྱོད་ཀྱིས་དཔྱད་བཟོད་དུ་གྲུབ་པ་མེད་པ་དེ་ལས་གཞན་དུ་མེད་པས། བདེན་གྲུབ་ཐ་སྙད་དུ་མེད་ལ། བུམ་པ་ཐ་སྙད་དུ་ཡོད་པས་དེ་གཉིས་གཅིག་མིན་པས་དགག་བྱ་བདེན་གྲུབ་ཡིན་ཟེར་དགོས་ཀྱང༌། བུམ་པ་ཐ་སྙད་དུ་ཡོད་པ་ནི་མཐུན་སྣང་དུ་གྲུབ་པ་འདི་ཡིན་ལ། བདེན་གྲུབ་མེད་པ་ནི་དོན་དཔྱོད་ཀྱིས་དེ་ལ་དཔྱད་བཟོད་དུ་གྲུབ་པ་མེད་པ་ཡིན་གྱི། དོན་དཔྱོད་ཀྱིས་དཔྱད་བཟོད་ཡོད་ན་བདེན་གྲུབ་ཡིན་ལ། དེ་མེད་ན་བདེན་མེད་ཡིན་པ་ལས།
དོན་གྱི་སྟེང་ན་བུམ་པ་ལས་ཐ་དད་པའི་བདེན་གྲུབ་ཅེས་བྱ་བའི་དགག་བྱ་ཅུང་ཟད་མེད་དེ་ཆོས་ཅན་བུམ་པ་ལས་ཐ་དད་པའི་བདེན་གྲུབ་ནི་བུམ་པའི་བདེན་གྲུབ་མ་ཡིན་པས། དེ་བཀག་པས་བུམ་པ་བདེན་མེད་དུ་མི་འགྲུབ་སྟེ། དེ་གྲུབ་མཐས་ཀུན་བཏགས་ཙམ་ཡིན་གྱི། སོ་སྐྱེ་རྣམས་ཀྱིས་བུམ་པ་ལས་གཞན་པའི་བུམ་པའི་བདེན་གྲུབ་མི་འཛིན་ཏེ། ཚིག་གི་སྒོ་ནས་ལྡོག་པ་ཐ་དད་དུ་དབྱེར་ཡོད་ཀྱི། དོན་གྱི་སྟེང་ན་ཆོས་ཅན་དང་དེའི་ཆོས་ཐ་དད་དུ་གྲུབ་པ་མི་སྲིད་དོ། །དེས་ན་སྒྲ་རྟག་པ་སེལ་བ་ནི། སྒྲ་ལས་ཐ་དད་པའི་རྟག་པ་བཀག་པ་མ་ཡིན་ཏེ། སྒྲ་ཉིད་རྟག་པར་འཛིན་པའི་སྒྲོ་འདོགས་སེལ་བ་ཡིན་པ་བཞིན་དུ། བུམ་པ་ལས་བདེན་གྲུབ་བསལ་བའང་དེ་བཞིན་ནོ། །དེས་ན་ཚིག་གི་ལྡོག་པའི་སྒོ་ནས་བུམ་པ་བདེན་གྲུབ་གཞན་གྱིས་སྟོང་བར་བརྗོད་རུང་ཡང༌། དོན་གྱི་ངོ་བོའི་སྟེང་ན་བུམ་པ་ཉིད་བུམ་པ་རང་གི་ངོ་བོ་ཉིད་ཀྱིས་མི་སྟོང་བའམ། དཔྱད་བཟོད་ཀྱིས་བདེན་པར་སྒྲོ་འདོགས་པ་སེལ་བ་ཡིན་པས། བུམ་པའི་ངོ་བོ་ཉིད་སྟོང་པའི་རང་སྟོང་ཡིན་གྱི། གཞན་སྟོང་ག་ལ་ཡིན། ཡིན་ན་ཀ་བ་སྣམ་བུས་སྟོང་པ་བ་ལང་གིརྭ་རི་རྭས་སྟོང་པ་ལྟ་བུ་ཡིན་དགོས་པས་དེས་སྟོང་གོ་མི་ཆོད་དོ། །རང་གི་ངོ་བོ་མ་སྟོང་ན། བདེན་གྲུབ་ཀྱིས་ཀྱང་མི་སྟོང་སྟེ། ངོ་བོ་མི་སྟོང་པ་དེ་ཉིད་བདེན་གྲུབ་ཡིན་པ་བཟློག་ཏུ་མེད་དོ། །དེ་མི་འཐད་དེ། བུམ་པ་གཞན་བདེན་གྲུབ་གཞན་གྱིས་སྟོང་པར་གྲུབ་པས་སོ་སྙམ་ན། ཇི་ལྟར་གྲུབ་ཅེས་འདྲིའོ། །བུམ་པ་ཉིད་དོན་དཔྱོད་ངོར་མ་གྲུབ་པའི་སྒོ་ནས་བུམ་པ་བདེན་མེད་ཡིན་པར་སྒྲུབ་ ན་ནི་བུམ་པ་མ་དམིགས་པ་ལ་བདེན་མེད་ཀྱི་ཐ་སྙད་སྦྱར་བར་ཟད་ཀྱི།
དེ་བུམ་པ་དམིགས་ན་བདེན་མེད་མི་སྲིད་དོ། །ཐ་སྙད་དུ་དམིགས་པས་ནི་བདེན་མེད་མི་འགྲུབ་སྟེ། ཐ་སྙད་དུ་དམིགས་པ་གཉིས་ཀས་ཁས་ལེན་པ་མིན་ནམ། ཐ་སྙད་དུ་ཡོད་ཀྱང་དེ་བདེན་མེད་དུ་གྲུབ་པ་ནི། དོན་དཔྱོད་ཀྱིས་མ་དམིགས་པ་ལས་གཞན་མེད་དོ། །གལ་ཏེ་བུམ་པ་ཐ་སྙད་དུ་དམིགས་པ་དེ་ལ། དོན་དེའི་སྟེང་ན་བདེན་གྲུབ་དོན་གཞན་བཀག་གོ་སྙམ་ན། དོན་གཞན་ཡིན་ན་ཐ་སྙད་ཀྱི་བུམ་པ་གཅིག་དུ་བྲལ་སོགས་ཀྱིས་མི་དཔྱད་པར་བཞག་ནས་དོན་གཞན་གྱི་བདེན་གྲུབ་ལ་དཔྱད་དགོས་ན། བུམ་པ་མ་ཡིན་པའི་བུམ་པའི་བདེན་གྲུབ་ཡན་གར་བ་རི་རྭ་བཞིན་དུ་ཐ་སྙད་དུའང་མེད་པས། གཅིག་དུ་བྲལ་གྱི་དཔྱད་པ་ཇི་ལྟར་འཇུགརི་རྭ་ཐ་སྙད་དུ་མེད་པ་ལ། དོན་དཔྱོད་ཀྱིས་མེད་པར་གཏན་ལ་འབེབ་མི་དགོས་པ་བཞིན་ནོ། །དེས་ན་ཚིག་གི་ཐ་སྙད་སྦྱར་ཚུལ་གྱིས་བློཁྲིད་ནས།དོན་གྱི་སྟེང་ན་བདེན་གྲུབ་ཡན་གར་བ་བཀག་ནས། བུམ་པ་བུམ་པས་མི་སྟོང༌། བུམ་པ་བདེན་པས་སྟོང་སྙམ་པ་ནི། རི་རྭ་བཀག་པ་དང་འདྲ་བས། མཐུན་སྣང་གི་དངོས་པོ་ལ་བདེན་གྲུབ་ཏུ་འཛིན་པའི་ཞེན་ཡུལ་ཅུང་ཟད་སུན་ཕྱུང་མི་ནུས་ཏེ། བུམ་པ་ཉིད་མི་སྟོང་པ་ལ་བུམ་པ་བདེན་གྲུབ་ཏུ་སྒྲོ་འདོགས་ཀྱི། བུམ་པ་ལས་གཞན་པའི་ཆོས་མཐུན་སྣང་དུ་གྲུབ་པའི་ངོ་བོ་ཡོད་མ་མྱོང་བ་ལ་བུམ་པ་བདེན་གྲུབ་ཏུ་སྒྲོ་འདོགས་མཁན་གྱི་སྐྱེ་བོ་གཅིག་ཀྱང་མེད་པའི་ཕྱིར་རོ། །
དེས་ན་འདི་འདྲའི་བརྗོད་ཚུལ་རྣམས་འཕགས་བོད་ཀྱི་བསྟན་བཅོས་ཆེན་པོ་རྣམས་སུ་བྱུང་བ་ཡིན་པས། དེའི་ཐ་སྙད་སྦྱར་ཚུལ་ནམ་ཡང་འགོག་མི་ནུས་ཀྱང༌། ཚིག་དེས་དོན་གྱི་སྟེང་ན་དོན་དཔྱོད་ཀྱིས་མི་དགག་རྒྱུ་ཞིག་ཡོད་པར་བཟུང་ནས། མིག་མིག་གིས་སྟོང་སོགས་གསུངས་པའི་ལུང་དོན་ལ་འགལ་བར་སྨྲ་བའི་ཞེ་འདོད་དེ་སྟོང་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་གོལ་སར་སོང་བ་ཡིན་ནོ། །ཚིག་གིས་ཇི་ལྟར་བརྗོད་ཀྱང་དོན་འགལ་མེད་དུ་གོ་ན། བུམ་པ་བདེན་པས་སྟོང་པའི་ཐ་སྙད་སྐྱོན་མེད་ཡིན་ལ། བདེན་པས་སྟོང་ན་དོན་དམ་པར་དམིགས་སུ་མེད་པའང་གོ་ནུས་སོ། །ཇི་སྲིད་ཡོད་པ་དང་མེད་པ་གཉིས་ཡིན་གཉིས་མིན་གྱི་མཐའ་གང་རུང་དུ་ཁས་ལེན་པ་དེ་ལྟ་ན། རིག་པ་སྤྲོས་པ་ལས་མ་འདས་པས། བདེན་གཉིས་ཕྱེས་ཏེ་མ་སྨྲས་པར་མཐའ་བཞི་གང་ཡང་མིན་པར་ཁས་ལེན་མི་བཏུབ་པས་ཁས་ལེན་དང་བཅས་པ་ཡིན་ལ། ནམ་ཞིག་ཡོད་མེད་ལ་སོགས་པའི་མཐའ་བཞི་གང་གི་ཁས་ལེན་མེད་པ་སྤྲོས་བྲལ་དུ་སོན་ཚེ། བདེན་གཉིས་དབྱེར་མེད་ཀྱི་དོན་ཡིན་པས་བདེན་གཉིས་ཕྱེ་མི་དགོས་ལ། གཅིག་དགག་པས་ཅིག་ཤོས་སྒྲུབ་པ་ལ།གཅིག་སྒྲུབ་པས་ཅིག་ཤོས་དགག་པ་ལྟ་བུའི་ཁས་ལེན་དུ་མི་འགྲོ་སྟེ། སྤྲོས་པ་གང་མེད་པའི་ཆ་ནས་སྤྱིར་མུ་བཞིའི་འཛིན་སྟངས་མེད་པར་སྒྲུབ་པས་གོ་ཆོད་ལ། དེ་ལྟར་མིན་ན་ཁས་ལེན་ཀུན་བྲལ་ཀླུ་སྒྲུབ་ཀྱི་གསུང་སྒྲ་ཇི་བཞིན་ཁས་ལེན་མི་རུང་བར། བདེན་གྲུབ་ཀྱི་ཁས་ལེན་ཀུན་བྲལ་ཁོ་ནར་འཆད་དགོས་ལ། བདེན་གྲུབ་ཀྱི་ཁས་ལེན་ཀུན་བྲལ་གྱིས་གནས་ལུགས་སྐྱོན་མེད་ཁོ་ནར་གྲུབ་ན།
བདེན་གྲུབ་མེད་པས་མུ་བཞིའི་སྤྲོས་པ་ཁེགས་དགོས་ཀྱང༌།བདེན་གྲུབ་མེད་པ་དང་ཡོད་པ་གཉིས་ཡིན་གཉིས་མིན་བཞི་ཁས་ལེན་མི་ནུས་ཏེ། བདེན་གྲུབ་མེད་པ་ཁོ་ནར་ཁས་བླང་དགོས་ཀྱི། མུ་གསུམ་ཁས་བླངས་མི་རུང་ངོ༌། །བུམ་པ་བདེན་གྲུབ་ཀྱིས་ཡོད་པ་མ་ཡིན། བདེན་གྲུབ་ཀྱིས་མེད་པ་མ་ཡིན་ཞེས་ཁས་ལེན་ནུས་སམ། དེས་ན་བདེན་གྲུབ་ཀྱི་ཁས་ལེན་པ་ཁོ་ནས་མཐའ་གཉིས་དང༌། བཞི་དང༌། བརྒྱད་ཁེགས་ཚུལ་འཆད་ཐུབ་ན་དེ་གྲུབ་པར་གྱུར་ནའང༌། བདེན་མེད་དང༌། ཐ་སྙད་དུ་ཡོད་པ་ཟུང་དུ་མ་སྦྱར་བར་བདེན་མེད་དུ་ཁས་བླངས་པ་ཁོ་ནས་དེ་དག་མེད་མཐའ་འགོག་མི་ནུས་པ་དངོས་སྟོབས་ཀྱིས་གྲུབ་པ། ཁྱོད་ཀྱིས་ཁས་བླངས་སོ། །མེད་མཐའ་མ་ཁེགས་ན།མུ་ཕྱི་མ་གསུམ་ཇི་འདྲ་ཁེགས་སོམས་ཤིགགཉིས་པ་ལ། བདག་ལས་སྐྱེ་བ་དགག་པ། གཞན་ལས་སྐྱེ་བ་དགག་པ། གཉིས་ཀ་ལས་སྐྱེ་བ་དགག་པ། རྒྱུ་མེད་ལས་སྐྱེ་བ་དགག་པ་བཞི། དང་པོ་ལ། འགྲེལ་པ་མཛད་པའི་རིགས་པས་དགག་པ་དང༌། སངས་རྒྱས་བསྐྱངས་དང། ཟླ་བ། ཀླུ་སྒྲུབ། མཆན། བསྟན་བཅོས་མཛད་པའི་རིགས་པས་དགག་པ་གཉིས། དང་པོ་ལ། དེ་ཁོ་ན་ཉིད་དུ་བདག་སྐྱེ་དགག་པ་དང༌། འཇིག་རྟེན་ཐ་སྙད་དུ་ཡང་བདག་སྐྱེ་མེད་པར་བསྟན་པ། དེ་གཉིས་ཀའི་གྲུབ་དོན་བསྡུ་བ་གསུམ། དང་པོ་ལ། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དགག་པ་དང༌། རྒྱུ་འབྲས་ངོ་བོ་གཅིག་པ་དགག་པ་གཉིས། དང་པོ་ལ།སྐྱེ་བ་དོན་མེད་དུ་ཐལ་བས་དགག་པ། སྐྱེ་བར་མི་རིགས་པས་དགག་པ། འབྲས་བུ་སྐྱེ་བ་སྐབས་མི་ཐོབ་པར་ཐལ་བས་དགག་པ།
ས་བོན་ཐུག་མེད་དུ་སྐྱེ་བར་ཐལ་བས་དགག་པ་བཞི། དང་པོ། གྲངས་ཅན་པས་རྒྱུ་འབྲས་ངོ་བོ་གཅིག་ཏུ་ཡོད་ཅིང༌། རྒྱུ་དུས་འབྲས་བུ་མངོན་པར་མི་གསལ་བའི་བདག་ཉིད་འབྲས་དུས་མངོན་པར་གསལ་བའོ་ཞེས་ཟེར། འབྲས་བུ་དེ༷་ནི༷་དེ༷་ག་རང་ལ༷ས་འབྱུང༷་ན༷་འབྱུང་དགོས་པའི་ཡོ༷ན་ཏན༷་ནམ་དགོས་པ་འག༷འ་ཡ༷ང་ཡོ༷ད་མ༷་ཡི༷ན་ཏེ་སྔར་ནས་ཡོད་པ་ལས་ལྷག་པོ་ཅི་ཡང་མེད་དེ་རྒྱུ་དུས་ནས་གྲུབ་ཟིན་པའི་ཕྱིར་རོ། །དེ་ཡང༌། འབྲས་བུ་མ་སྐྱེས་པའི་གོང་ནས། དེ་སྐྱེ་བའི་རྒྱུ་བདག་གྲུབ་ཟིན་པ་ཞིག་དགོས་ལ། གྲུབ་ཟིན་ན་ད་སྐྱེས་པའི་དགོས་པ་ཅི་ཡོད། སྐྱེས་པར་གྱུར་པ་སླར་ཡང་མི་སྐྱེ་སྟེ་སྐྱེས་གྲུབ་པ་ལས་བོགས་དབྱུང་རྒྱུ་མེད་པས་སོ། །དེ་སྐྱེས་ན་སྐྱེས་ཟིན་དེ་དང་པོ་ནས་ཡོད་པ་ད་ཡང་མི་ལྡོག་པར་སྐྱེ་བའམ་ཡང་ན་མེད་པ་མྱུ་གུ་ད་མི་སྐྱེའོ། །གཉིས་པ། སྐྱེས༷་པ༷ར་གྱུར༷་པ༷་སླ༷ར་ཡ༷ང་ལྡབས་ནས་སྐྱེ༷་བ༷ར་རི༷གས་པ༷འ༷ང་མ༷་ཡི༷ན་པ་ཉིད༷་དེ་སྐྱེས་ཟིན་པས་ན་བུ་སྐྱེས་ཚར་བ་བཞིན་ནོ། །འང་སྒྲས་སྐྱེ་བ་དོན་མེད་དུ་འགྱུར་བར་མ་ཟད་ཅེས་པའི་དོན་ཏོ། །གསུམ་པ། དེའི་རྒྱུ་མཚན་ནི་གལ་ཏེ་སྐྱེས༷་ཟི༷ན་ཀྱང་ད་རུང་སླར༷་ཡང་སྐྱེ༷་བ༷ར་ཡོ༷ངས་སུ༷་རྟོག༷་པ༷ར་འགྱུར༷་ན༷་ནི༷། ས་བོན་རང་སྐྱེ་བའི་སྐབས་དེ་ན་མྱུ༷་གུ༷་དང་ལ༷་སོ༷གས་པས་སྡོང་བུ་དང་སྦུབས་བཅའ་བ་རྣ༷མས་ཀྱི༷་སྐྱེ༷་བ༷་འདི༷་ཡི་གོ་སྐབས་ཞིག་ས་བོན་གྱི་སྟེང་ན་རྙེད༷་པར་མི༷་འགྱུར༷་ཞིང༵་སྟེ་ས་བོན་མ་འགགས་བཞིན་མྱུ་གུ་སྐྱེ་བ་མེད་ལ།
ས་བོན་བདག་ཉིད་ལས་སྐྱེ་ན་རང་སྐྱེ་བའི་རྐྱེན་ནམ་ཡང་མ་ཚང་བ་མེད་པས་ས་བོན་འགགས་པའི་གོ་སྐབས་མེད་ལ། དེ་ལྟར་ན་དེ་ལ་མྱུ་གུའི་སྐབས་མི་ཐོབ་བོ། །བཞི་པ། སྐྱེས་ཟིན་པའི་ས༷་བོ༷ན་དེ་ག་རང་སྲི༷ད་པའི་མཐ༷ར་ཐུ༷ག་པ༷ར་ར༷བ་ཏུ༷་སྐྱེ༷་བ༷ར་ཉིད༷་དུ༷་འགྱུར༵་ཏེ། དེ་སྐྱེ་བ་ལ་གེགས་མེད་པས་སོ། །གཉིས་པ་རྒྱུ་འབྲས་ངོ་བོ་གཅིག་པ་དགག་པ་ལ། རྒྱུ་འབྲས་ངོ་བོ་གཅིག་ན་གནས་སྐབས་མི་དམིགས་པར་ཐལ་བར་དགག་པ་དང༌། གནས་སྐབས་ཐ་དད་པར་དམིགས་ན་རྒྱུ་འབྲས་ངོ་བོ་མི་གཅིག་པར་ཐལ་བས་དགག་པ་གཉིས།དང་པོ་ལ། རྒྱུ་འབྲས་རྣམ་པར་འགྱུར་བ་མི་འཐད་པ་དང༌། དེས་ན་དབྱིབས་སོགས་ཐ་དད་མེད་པར་ཐལ་བས་དགག་པ་གཉིས། དང་པོ་ཡང་མྱུ་གུ་སྐྱེ་བ་ལ་ཕན་པའི་རྐྱེན། ཆུ་དང་དུས་ཀྱིས་ས་བོན་སྦང་རོ་ལྟར་རྣམ་པར་འགྱུར་ནས་འགགས་ཏེ་མྱུ་གུ་སྐྱེད་པར་བྱེད་པས་སྐྱོན་དེ་མེད་ལ། ས་མྱུག་རང་བཞིན་ནམ་ངོ་བོ་གཞན་མ་ཡིན་པས་བདག་ལས་མི་སྐྱེ་བ་ཡང་མིན་ནོ་སྙམ་ན། ཇི༷་ལྟར༷་ས་མྱུག་གི་རང་བཞིན་རྣམ་པ་ཐམས་ཅད་དུ་གཅིག་ན་འབྲས་བུ་དེ༷་ཉིད༷་ཀྱི༷ས་ས་བོན་དེ༷་རྣམ༷་པ༷ར་འཇི༷ག་པ༷ར་བྱེད༷་པར༷་འགྱུར༵་ཏེ་འགྱུར་མི་རིགས་པ་མྱུ་གུ་མི་འཇིག་པ་བཞིན་ནོ། །གཉིས་པ། སྐྱོན་གཞན་ཡང་བྱེད༷་རྒྱུ༷་ས༷་བོན་གྱི༷་གནས་སྐབས་དེ་ལ༷ས་ཐ༷་ད༷ད་དུ་གྱུར་པའི་མྱུ༷་གུ༷འི་རིང་ཐུང་ཟླུམ་པོ་སོགས་ཀྱི་དབྱིབ༷ས་ད༷ང་ནི༵། སྔོ་སེར་སོགས་ཁ༷་དོ༷ག་དང༌། མངར་བ་སོགས་རོ༷་དང༌། ནད་སེལ་བ་སོགས་ནུས༷་པ་དང༌། སྨིན༷་པ༷འི་རྐྱེན་འོ་མས་སྐྱུ་རུ་སོགས་མངར་བ་ལྟ་བུ་ཐ༷་ད༷ད་ཁྱོད༷་ཀྱི་ལུགས་ལ༷་མེ༷ད་པ༷ར་འགྱུར༵་ཏེ་དེ་གཉིས་ངོ་བོ་གཅིག་ཡིན་པས་སོ། །
འདི་རྣམས་ཀྱི་སྐབས་སུ་གྲངས་ཅན་པས་ཐ་དད་ཡོད་པ་དང་མྱུ་གུས་ས་བོན་འཇིག་པ་སོགས་རྣམ་འགྱུར་གྱི་སྟེང་ནས་ཡིན་པས། རང་གིས་རང་འཇིག་པ་དང༌། མཚན་ཉིད་སོགས་ཐ་དད་མེད་པར་ཐལ་བའི་སྐྱོན་ག་ལ་ཡོད་སྙམ་ཡང༌། དེ་ག་ས་མྱུག་རང་བཞིན་གྱིས་གྲུབ་པར་འཛིན་པ་ཡིན་པས། རང་བཞིན་གྱིས་གྲུབ་པའི་གཅིག་ལ་རྣམ་འགྱུར་སོ་སོ་པ་མི་འཐད་པའི་གནད་ཀྱིས་ཡིན་པར་ཤེས་པར་གྱིས་ཤིགགཉིས་པ་ལ། གནས་སྐབས་ཐ་དད་ན་ངོ་བོ་གཅིག་ཏུ་མི་འཐད་པ་དངོས་དང༌། དེ་ལྟར་འཐད་ན་གནས་སྐབས་གཉིས་སུ་གཉིས་ཀ་འཛིན་མི་འཛིན་མཚུངས་པར་ཐལ་བས་དགག་པ་གཉིས། དང་པོ།ཅི་སྟེ་ས་བོན་གྱི་གནས་སྐབས་བཏང་ནས་གནས་སྐབས་གཞན་ཐོབ་པས་ས་བོན་ཉིད་མྱུ་གུར་འགྱུར་བ་ཡིན་པས་གནས་སྐབས་ཐ་དད་ཡོད་ཀྱང་ངོ་བོ་གཅིག་གོ་སྙམ་ན་ག༷ལ་ཏེ༷་སྔར༷་གྱི༷་ས་བོན་བད༷ག་གི༷་དངོ༷ས་པོ༷་ཡི་གནས་སྐབས་བས༷ལ་ན༷ས་དེ༷་ལ༷ས་གཞ༷ན། མྱུ་གུའི་གནས་སྐབས་ཀྱི་ངོ༷་བོ༷ར་འགྱུར༷་ན༷་དེ༷་ཚེ༷་ས་བོན་དེ༷་ཡི༷་རང་བཞིན་མྱུ་གུ་དེ༷་ཉིད༷་དུ་ཇི༷་ལྟར༷་འགྱུར༵་ཏེ་བསལ་བྱ་བསལ་བྱེད་ཡིན་པས་སོ། །གཉིས་པ། གཞན་ཡང་ག༷ལ་ཏེ༷་ཁྱོད༷་ཀྱི༷་ས༷་བོ༷ན་དང་མྱུ༷་གུ༷་འཇིག་རྟེན་འདི༷ར་ངོ་བོ་གཞ༷ན་ཡོད་པ་མ༷་ཡི༷ན་ན༷། མྱུ་གུའི་སྐབས་ན་ས༷་བོ༷ན་བཟུང་དུ་མེད་པ་བཞི༷ན་དུ༷་མྱུ༷་གུ༷་ཞེ༷ས་བྱ༷་བ་དེ༷་ཡང་གཟུ༷ང་དུ་མེ༷ད་པ༷འ༵མ། ཡ༷ང་ན༷་དེ༷་ད༷ག་གཅི༷ག་པ༷ས་ཇི༷་ལྟར༷་མྱུ་གུ༷་དབང་པོའི་ཤེས་པས་གཟུང་དུ་ཡོད་པ་འདི༷་བཞིན་དུ༵།
ས་བོན་དེ༷་ཡ༷ང་གཟུ༷ང་དུ་ཡོད༷་པར་འགྱུར༷་ཏེ་དེ་གཉིས་ངོ་བོ་གཅིག་ན་དབང་ཤེས་ལ་སྣང་མི་སྣང་གི་ཆ་གཉིས་མི་རུང་བ་དེ༷་ཕྱིར༷་འདི༷་ནི༷་ཁ༷ས་མི༷་བླ༵ང་ངོ༷༌། །མདོར་ན་གྲངས་ཅན་པས་ས་བོན་མྱུ་གུ་རྐྱེན་རྣམས་ལ་རང་བཞིན་གཅིག་པའི་གཙོ་བོ་གཅིག་རྗེས་སུ་འགྲོ་བས་རྒྱུ་རྐྱེན་འབྲས་བུ་རྣམས་གཅིག་གི་རང་བཞིན་དུ་འདོད་པ་ཡིན་གྱི། རྒྱུ་འབྲས་ཀྱི་རྣམ་འགྱུར་ཕན་ཚུན་ཐ་དད་ཡིན་མོད། རྣམ་འགྱུར་རྣམས་རང་བཞིན་གཅིག་སྙམ་ཡང༌། དབུ་མའི་རིགས་པས་ཕུལ་ན། བདག་སྐྱེའི་གནོད་པ་འབབ་པར་ཤེས་དགོས་སོ། །རང་བཞིན་གྲུབ་པའི་ངོ་བོ་གཅིག་ལ་རྣམ་འགྱུར་ཐ་དད་ཀྱང་མི་འཐད་པས་སོ། །གཉིས་པ། འཇིག་རྟེན་ཐ་སྙད་དུ་ཡང་བདག་སྐྱེ་མེད་པར་སྟོན་པ་ནི། ག༷ང་ཕྱིར༷་རྒྱུ༷་ས་བོན་ཞི༷ག་སྟེ་མ་མཐོང་བར་སོང་ན༷་ཡ༷ང་དེ༷་ཡི༷་འབྲ༷ས་བུ༷་མྱུ་གུ་ཞེས་བྱ་འཇིག་རྟེན་མངོན་སུམ་གྱིས་མཐོ༷ང་བ༷འི་ཕྱིར༵། རྒྱུ་འབྲས་དེ༷་ད༷ག་གཅི༷ག་པ༷་ཡིན༷་ཞེ༷ས་འཇི༷ག་རྟེན༷་གྱི༷ས་ཀྱ༷ང་ཁ༷ས་མི༷་ལེ༷ན་པ་ཡིན་ནོ། །གསུམ་པ་གྲུབ་དོན་བསྡུ་བ།དེ༷་ཕྱིར༷་དངོ༷ས་པོ༷་བད༷ག་ལ༷ས་འབྱུ༷ང་ཞེ༷ས་ར༷བ་ཏུ༷་བརྟག༷ས་པ༷་འདི༵། དེ༷་ཉིད༷་དོན་དམ་ད༷ང་ནི༷་འཇི༷ག་རྟེན༷་ཐ་སྙད་དུ༷་ཡ༷ང་རི༷གས་པ༷་མ༷་ཡི༷ན་ནོ༷། །གཉིས་པ་བསྟན་བཅོས་རྩ་ཤེར་ཀྱི་རིགས་པས་དགག་པ་ནི། བད༷ག་ལ༷ས་སྐྱེ༷་བ༷ར་འདོ༷ད་ན༷་བསྐྱེད༷་པ༷ར་བྱ༷་བ་འབྲས་བུ་བུ་ད༷ང་སྐྱེད༷་བྱེད༷་བྱེད་རྒྱུ་ཕ་ལ་སོགས་པ་ད༷ང༌།གང་བྱ་བའི་ལ༷ས་བུད་ཤིང་ད༷ང་རྫ་མ། གང་གིས་བྱེད༷་པ༷་པོ༷་མེ་དང་རྫ་མཁན་ཡ༷ང་གཅི༷ག་ཉིད༷་དུ་འགྱུར༷་ན༷་དེ༷་ད༷ག་ནི༷་གཅི༷ག་ཉིད༷་མ༷་ཡི༷ན་པ༷ས་ན༷་བད༷ག་ལ༷ས་སྐྱེ༷་བ༷ར་ཁ༷ས་བླ༷ང་བ༷ར་བྱ༷་བ་མི༷ན་པ་འདི་དང་རྩ་ཤེར་ལས་རྒྱ༷་ཆེ༷ར་བཤད་པ༷འི་ཉེ༷ས་པ༷ར་ཐལ་བ༷ར་འགྱུར༷་པའི་ཕྱིར༷་རོ༷། །
གཉིས་པ། གཞན་སྐྱེ་དགག་པ་ལ།གཞན་སྐྱེ་འདོད་པ་སྤྱིར་དགག་པ་དང་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ། དེ་ཁོ་ན་ཉིད་དུ་གཞན་སྐྱེ་འདོད་པའི་ལུགས་སྤྱིར་དགག་པ་དང༌། ཐ་སྙད་དུ་རང་བཞིན་གྱིས་སྐྱེ་བ་ཡོད་པར་འདོད་པའི་ལུགས་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ། གཞན་སྐྱེ་དགག་པ་དངོས། བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་སྤངས་པ། དེ་ལྟར་བཀག་པའི་ཡོན་ཏན་བསྟན་པ་གསུམ། དང་པོ་ལ། གཞན་སྐྱེ་སྤྱིར་དགག་པ། གཞན་སྐྱེ་བྱེ་བྲག་ཏུ་དགག་པ། འབྲས་བུ་ལ་མུ་བཞིར་དཔྱད་ནས་དགག་པ་གསུམ། དང་པོ་ལ། ཧ་ཅང་ཐལ་བས་དགག་པ། སྐྱོན་སྤོང་གི་ལན་དགག་པ་གཉིས། དང་པོ། རང་གི་ངོ་བོས་གྲུབ་པའི་རྒྱུ་གཞ༷ན་ལ༷་བརྟེན༷་ན༷ས་ག༷ལ་ཏེ༷་རང་གི་ངོ་བོས་གྲུབ་པའི་འབྲས་བུ་གཞ༷ན་ཞི༷ག་འབྱུང༷་བ༷ར་འགྱུར༷་ན༷་ནི༷། འོ༷་ན༷་སེལ་བྱེད་མེ༷་ལྕེ༷་ལ༷ས་ཀྱང༷་བསལ་བྱ་མུ༷ན་པ༷་འཐུ༷ག་པོ༷་འབྱུང༷་བར་འགྱུ༷ར་ཞི༷ང༌། གཞན་ཡང་རྒྱུ་ཡིན་མིན་ཐ༷མས་ཅ༷ད་ལ༷ས་ཀྱ༷ང་འབྲས་དངོས་ཡིན་མིན་ཐ༷མས་ཅ༷ད་སྐྱེ་བ༷ར་འགྱུ༷ར་ཏེ༷་རྒྱུ་མཚན་ག༷ང་གི༷་ཕྱིར༵་ན། སྐྱེད༷་པ༷ར་བྱེད༷་པ༷་ཡི་རྒྱུ༷་མ༷་ཡི༷ན་པ་མ༷་ལུ༷ས་པ་ལ༷་ཡ༷ང་དངོས་པོ་གྲུབ་པའི་གཞ༷ན་ཉིད༷་ཡིན་པར་མཚུ༵ངས་པའི་ཕྱིར། དེ་ཡང་རྒྱུ་འབྲས་ས་མྱུག་ཙམ་ལ་ཐལ་བ་འཕེན་པ་མིན་ཡང་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ན།རྒྱུ་ཡང་རང་བཞིན་གྱིས་གྲུབ། འབྲས་བུ་ཡང་རང་བཞིན་གྱིས་གྲུབ་སྟེ་སོ་སོ་ནས་གྲུབ་པས་རྒྱུ་འབྲས་ཀྱི་འབྲེལ་བཞག་མི་ཤེས་པས་ཧ་ཅང་ཐལ་ཏེ། རྒྱུ་དང་རྒྱུ་མིན་མཚུངས་པར་ཐལ་ལོ། །
དེ་ལ་སཱ་ལུའི་ས་བོན་སཱ་ལུའི་མྱུ་གུ་ལས་རང་གི་ངོ་བོ་ཐ་དད་པ་བཞིན་དུ། མེ་དང་སོལ་བ་ནས་ཀྱི་ས་བོན་སོགས་ཀྱང༌།སཱ་ལུའི་མྱུ་གུ་ལ་རང་གི་ངོ་བོ་གྲུབ་པའི་ཐ་དད་ཡིན་པས་ན། གཞན་ཡིན་པར་ཚུལ་མཉམ་པ་ལས་ཁྱད་པར་ཅི་ཡང་མེད་པ་ཡིན་ནོ། །ངོ་བོས་གྲུབ་པའི་གཞན་གཉིས་ལ་སྟོབས་མཚུངས་པས་ལྟོས་འབྲེལ་མེད་པས་མི་དགོས་པས་སོ། །ས་མྱུག་སོ་སོར་ངོ་བོས་གྲུབ་ན་རང་ས་ན་རང་དབང་གིས་གྲུབ་ཟིན་པ་དགོས་ཀྱི་གཞན་དུ་མི་རུང་ངོ༌། །དེ་ལྟར་ན་གྲུབ་ཟིན་གཞན་ཞིག་ལས་གྲུབ་ཟིན་གཞན་ཞིག་འབྱུང་ན། གཞན་ལས་གཞན་བྱུང་བ་ཙམ་དུ་འགྱུར་གྱི་རྒྱུ་འབྲས་སུ་ནི་མི་འགྱུར་ཏེ། ངོ་བོས་གྲུབ་པ་གཉིས་གཅིག་ཏུ་མི་འཐད་ལ། གཉིས་ཀ་སྟོབས་མཉམ་པར་གྲུབ་ཟིན་ལ། རྒྱུ་འབྲས་ཀྱི་འབྲེལ་པ་བཞག་མི་ཤེས་ཞིང་མི་དགོས་སོ། །དེ་ལྟར་ན་གཞན་ཡིན་ཚད་རྒྱུ་འབྲས་སུ་ཅིས་མི་རུང་ཞེས་པའོ། །གཉིས་པ་ལ། སྐྱོན་སྤང་གི་ལན་དང༌། ལན་དེ་དགག་པ་གཉིས། དང་པོ། རྒྱུ་འབྲས་གཞན་ཡིན་ཀྱང༌། ཐམས་ཅད་ལས་ཐམས་ཅད་མི་འབྱུང་སྟེ་དངོས་པོ་གང་གིས་རང་འབྲས་ངོ་བོས་གྲུབ་པའི་གཞན་ཡིན་ཀྱང་ར༷བ་ཏུ༷་བྱ༷་བ༷ར་ནུས༷་པ༷་དེ༷་ཡི་ཕྱིར༷་རྒྱུ་དེའི་འབྲ༷ས་བུ༷་ངེ༷ས་པར་བརྗོ༷ད་ཅི༷ང༌། ག༷ང་ཞི༷ག་འབྲས་བུ་དེ༷་སྐྱེད༷་ནུས༷་པ༷་དེ༷་ནི༷་དངོས་པོ་གྲུབ་པའི་གཞ༷ན་ཡི༷ན་ན༷འ༷ང་རྒྱུ༷་ཡི༷ན་ལ༵། དེ་ལས་བྱེབྲག་རྒྱུ་འབྲས་ནང་ཚན་པ་རྒྱུད༷་གཅི༷ག་ཏུ་གཏོག༷ས་པ་ད༷ང༌། དེ་ཡང་སྔ་མས་ཕྱི་མ་ལྟ་བུ་སྐྱེད༷་པ༷ར་བྱེད༷་རུང་བ་ལ༷ས་སྐྱེ༷་བ༷་དེ༷་ཡི༷་ཕྱིར༵། སཱ༷་ལུ༷འི་མྱུ༷་གུ༷་ནི་ན༷ས་ལ༷་སོ༷གས་པ་ལ༷ས་སྐྱེ་བ་དེ༷་ལྟར༷་མི༷ན་པས་སྐྱོན་དེ་མེད་དོ་ཞེ༷་ན༷།
གཉིས་པ་ལན་ནི། ཇི༷་ལྟར༷་ན༷ས་ད༷ང་པདྨ་སོགས་ཀྱི་ཟེའུ་འབྲུ་གེ༷་ས༷ར་ད༷ང་ནི༷་ཀི༷ང་ཤུ༷་ཀ༷་ཡི་མེ་ཏོག་ལ༷་སོ༵གས་གཞན་ཡིན་ཕྱིར་སཱ༷་ལུ༷འི་མྱུ༷་གུ༷འི་སྐྱེད༷་པ༷ར་བྱེད༷་པར༷་འདོ༷ད་པ་མི༷ན་པ་དང་སྐྱེད་པའི་ནུས༷་པ་དང་ལྡ༷ན་པ་མི༵ན་པ་དང༌། རྒྱུད༷་གཅི༷ག་ཁོ༷ངས་སུ༷་གཏོག༷ས་པ་མི༷ན་པ་དང་རིགས་འདྲ༷་བ༷་སྔ་མ་མ༷་ཡི༷ན་པ་ཉིད༷་ཀྱི་ཕྱིར་དེ༷་བཞི༵ན་དུ། སཱ་ལུ༷འི་ས༷་བོ༷ན་ཡ༷ང་ནི༷་ས་ལུའི་མྱུ་གུ་དེ༷་ཡི༷་རྒྱུ་ཁྱད་པར་བཞི་ལྡན་མི༷ན་ཏེ༷་གཞ༷ན་ཉིད༷་ཕྱིར༵། ངོ་བོས་གྲུབ་པའི་གཞན་ཡིན་ལ་མི་འདྲ་བ་ཅུང་ཟད་ཀྱང་མེད་པས། དེ་གཉིས་ལ་རྒྱུ་རྒྱུ་མིན་གྱི་ཁྱད་པར་ཀུན་ཏུ་མི་འཐད་དོ། །གཉིས་པ་བྱེ་བྲག་ཏུ་དགག་པ་ལ། རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག་པ། རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པ་གཉིས། དང་པོ་ལ་བཀག་པ་དངོས་དང༌།སྐྱོན་སྤང་གི་ལན་དགག་པ་གཉིས། དང་པོ། མྱུ༷་གུ༷་དེ་ས༷་བོ༷ན་ད༷ང་ནི༷་དུས༷་མཉམ༷་པར༷་ཡོད༷་པ༷་མ༷་ཡི༷ན་ཏེ༷། གཞ༷ན་མྱུ་གུ་ཉིད༷་མེ༷ད་པ༷ར་ས༷་བོ༷ན་མྱུ་གུ་དེ་ལས་གཞ༷ན་པ༷་ཉིད༷་དུ༷་ག༷་ལ༷་འགྱུ༷ར་ཏེ་གཞན་ངོ་བོས་གྲུབ་པ་ལས་གཞན་ངོ་བོས་གྲུབ་པ་ཞིག་སྐྱེ་ན་དེ་གཉིས་ཀ་ཡོད་བཞིན་ཕྲད་ནས་སྐྱེད་དགོས་ན་འདིར་ཕྲད་པ་མི་སྲིད་ན་གཞན་ལས་གཞན་ཇི་ལྟར་སྐྱེད། དེ༷ས་ན༷་ངོ་བོས་གྲུབ་པའི་མྱུ༷་གུ༷་ངོ་བོས་གྲུབ་པའི་ས༷་བོ༷ན་ལ༷ས་སྐྱེ༷་བ༷་ངོ་བོ་ཉིད་ཀྱིས་འགྲུ༷བ་པ༷ར་འགྱུར༷་བ་མི༷ན་པ༷ས། གཞ༷ན་ལ༷ས་སྐྱེ་བ༷་ཡི༷ན་ཞེས༷་བྱ་བའི༷་ཕྱོག༷ས་འདི༷་གཏོང༷་བ༷ར་བྱོས༷་ཤིགདེའང་བྱམས་པ་དང་ཉེར་སྦས་དུས་མཉམ་ཡོད་བཞིན་པ་ལ་འདི་དང་འདི་ཞེས་ ཕན་ཚུན་གཞན་དུ་བཞག་པ་ལྟར།
ས་མྱུག་ཀྱང་ངོ་བོས་གྲུབ་པའི་གཞན་ཡིན་ན་གང་ལས་གང་ཐ་དད་པའི་གཞི་གཉིས་པོའང་ཡོད་བཞིན་པ་ཞིག་གི་སྟེང་ནས་ཐ་སྙད་བྱས་པ་མ་གཏོགས། གཞན་ཡིན་ཞེས་པ་དམ་བཅའ་ཙམ་དུ་ཟད་པར་འགྱུར་རོ། །གཉིས་པ་ལ། ལན་དང༌། དེ་དགག་པ་གཉིས། དང་པོ། ཚུར་རྩོད་པ་སྤང་བ་ནི་ཇི༷་ལྟར༷་སྲ༷ང་གི༷་མད༷འ་ཡི་མགོ་མཇུག་གི་ཕྱོགས་གཉིས༷་མཐོ༷་བ༷་ད༷ང་ནི༷་དམ༷འ་བ༷་ད༷ག་དུས༷་མཉ༷མ་མ༷་ཡི༷ན་པ༷ར་ནི༷་མི༷ན་པར༷་ཏེ་དུས་མཉམ་པར་མཐོ༷ང་བ༷་དེ༷་བཞི༷ན་དུ༵། བསྐྱེད༷་པ༷ར་བྱ༷་བ་འབྲས་བུ༷་ད༷ང་སྐྱེད༷་བྱེད༷་རྒྱུ༷་ད༷ག་གི༷་སྐྱེ༷་འག༷ག་གི་བྱ་བའང་དུས་གཅིག་ཕྱིར་དེ་གཉིས་དུས་མཉམ་འགྱུར༷་ཞེ༷་ན༷།གཉིས་པ། ཕར་ལན་འདི་ལ་དམ་བཅའ། རིགས་པ། འབྲས་བུ་དངོས་མེད་ཀྱང་དེ་སྐྱེ་བའི་བྱ་བ་ཡོད་སྙམ་པ་དགག་པ་གསུམ་རིམ་པར། གལ༷་ཏེ༷་དཔེསྲང་གི་དུས་མཐོ་དམན་ད་ལྟ་ཡིན་ན་གཅི༷ག་ཚེ༷འམ་དུས་གཅིག་གཉིས་ཀ༷་ཡི༷ན་ན༷་རུང་ཡང་དཔེ་ཅན་འདི༷ར་ནི༷་ས་མྱུག་དུས༷་གཅི༷ག་ཏུ་མེ༷ད་པས་ན་དཔེའི་འདྲ་བ་དེ་དང་མཚུངས་པ་དེ༷་ཡོ༷ད་པ་མི༷ན་ནོ། །སྲང་གི་མགོ་མཇུག་དངོས་པོ་དུས་མཉམ་པ་གཉིས་ཀྱི་བྱ་བ་ལ་བཞག་གི དཔེ་ཅན་ས་མྱུག་དུས་མཉམ་དུ་མེད་པ་ཡིན་པས་དཔེ་དོན་མི་འདྲའོ། །རྒྱུ་མཚན་ནི་ག༷ལ་ཏེ༷་སྐྱེ༷་བཞི༷ན་པ༷་མྱུ་གུ་དེ༷་སྐྱེ༷་བ༷་ལ༷་མངོན་དུ་ཕྱོག༷ས་པ༷ས་ན་མ་འོངས་པ་ཡིན་པས་ད་ལྟ་ཡོད༷་པ་མི༷ན་ཞི༷ང༌།འག༷ག་བཞི༷ན་པ༷་ས་བོན་ནི༷་ཡོ༷ད་ཀྱ༷ང་འཇི༷ག་ལ༷་ཕྱོག༷ས་ཏེ། ད་ལྟ་ཞིག་མ་ཚར་བ་ཡིན་པ༷ར་འདོ༷ད་གྱུར༷་པ༵། མདོར་ན་ས་བོན་ཇི་སྲིད་ཡོད་པ་སྲིད་དུ་མྱུ་གུ་མ་འོངས་པ། མྱུ་གུ་གྲུབ་ཟིན་པ་དང༌།
ས་བོན་ཟད་པར་འགགས་ནས་མེད་པས་དེ་གཉིས་ནམ་དུའང་སྐད་ཅིག་ལ་དུས་མཉམ་པ་མེད་པས་དེ༷་ཚེ༷་ས་མྱུག་འདི༷་ནི༷་ཇི༷་ལྟ༷་བུ༷ར་ན༷་སྲ༷ང་ད༷ང་མཚུ༷ངས་པ༷་ཡི༷ན་ཏེ་མི་མཚུངས་སོ། །སྐྱོན་གཞན་ཡང་མྱུ་གུ་མེད་ཀྱང་དེའི་བྱ་བ་སྐྱེ་བ་ཡོད་སྙམ་ན། དེ་ཡང་མི་རུང་སྟེ། བྱ་བ་སྐྱེ༷་བ༷་འདི༷་ནི༷་བྱེད༷་པོ༷་རྟེན་མྱུ་གུ་མེ༷ད་པ༷ར་ཡོད་པར་རི༷གས་པ༷འི་ངོ༷་བོ༷འ༷ང་མི༷ན་ནོ། །གལ་ཏེ་འཕགས་པ་སཱ་ལུ་ལྗང་པའི་མདོ་ལས། སྲང་མདའི་མཐོ་དམན་གྱི་ཚུལ་དུ་སྐད་ཅིག་གང་ཁོ་ན་ལ་ས་བོན་འགགས་པ་དེ་ཉིད་ལ་མྱུ་གུ་སྐྱེའོ། །ཞེས་སྲང་གི་དཔེ་བཀོད་པ་མིན་ནམ། དེ་ཕྱིར་ས་མྱུག་གཉིས་སྲང་མདའི་མཐོ་དམན་དང་འདྲ་བར་འདོད་པ་འགོག་མི་རིགས་སོ་ཟེར་ན་བདེན་མོད་ཀྱི་ལུང་དེ་ནི་གཞན་སྐྱེ་དང་རང་གི་མཚན་ཉིད་ཀྱིས་སྐྱེ་བ་བསྟན་ཕྱིར་མ་ཡིན་ནོ། །འདིར་སྐྱེ་བ་བཀག་པ་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་འགོག་གི ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་འགོག་པ་མིན་ནོ། །དེས་ན་མདོར། རྒྱུ་འབྲས་སྐྱེ་འགག་གི་བྱ་བ་དུས་མཉམ་པ་ལ་དགོངས་ཀྱི། ངོ་བོས་གྲུབ་པའི་རྒྱུ་འབྲས་སྐྱེ་འགག་གི་བྱ་བ་དུས་མཉམ་པ་ལ་མིན་ནོ། །སྔ་མ་ལྟར་ན་བྱ་བ་ཙམ་མཉམ་ཡང་རྒྱུ་འབྲས་དུས་མཉམ་མི་དགོས་ལ། ཕྱི་མ་ལ་བྱ་བ་མཉམ་ན་རྒྱུ་འབྲས་ཀྱང་དུས་མཉམ་དགོས་སོ། །གཉིས་པ་རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པ་ནི། ག༷ལ་ཏེ༷་རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་མི་འཐད་ཀྱང་དུས་མཉམ་ལ་འཐད་སྙམ་ན་དེའང་མི་འཐད་དེ་མི༷ག་གི༷་བློ༷་སྟེ་རྣམ་ཤེས་ལ༷་ར༷ང་གི༷་སྐྱེད༷་བྱེད༷་དུ་གྱུར་པ་རང་དང་དུས༷་གཅི༷ག་པ༵། མི༷ག་དབང་དང་ལ༷་སོ༷གས་པས་གཟུགས་སོགས་ད༷ང་རང་དང་ལྷན༷་ཅི༷ག་འབྱུང༷་བ༷འི་འདུ༷་ཤེ༷ས་དང་ཚོར་བ་ལ༷་སོ༷གས་ལ༷ས། འབྲས་བུ་དེ་གཞ༷ན་ཉིད༷་དུ་གྲུབ་པས་རྒྱུ་དང་དུས་མཉམ་དུ་ཡོ༷ད་ན༷་སྔར་ཡོ༷ད་ལ༷་ཡ༷ང་འབྱུང༷་བ༷ས་དགོ༷ས་པ༷་ཅི༷་ཞི༷ག་ཡོ༵ད་དེ་མེད་དོ། །
ཅི༷་སྟེ༷་འབྲས་བུ་དེ༷་རྒྱུ་དུས་ན་མེ༷ད་ཅེ༷་ན༷་འདི༷་ལ༷་ཉེས༷་པ༷་རྒྱུ་འབྲས་མི་མཉམ་པའི་སྐབས་སུ་བཤ༷ད་ཟི༷ན་ཏོ༵། །གསུམ་པ།འབྲས་བུ་མུ་བཞིར་དཔྱད་ནས་དགག་པ། སྐྱེད༷་པ༷ར་བྱེད་པ༷་རྒྱུས༷་བསྐྱེད༷་བྱ༷་འབྲས་བུ་གཞ༷ན་སྐྱེད༷་པ༷་དེ༷་རྒྱུ༷་ཡི༷ན་ན༵། དེས་འབྲས་བུ་རང་བཞིན་གྱིས་ཡོ༷ད་པ༷འ༷མ། འོ༷ན་ཏེ༷་མེ༷ད་པ་ད༷ང༌། གཉིས༷་ཀ༷་དང་གཉིས༷་བྲ༷ལ་ཞི༷ག་སྐྱེད༷་གྲ༷ང་སྟེ་བརྟག་གོ །ཡོད༷་ན༷་སྐྱེ༷ད་བྱེད༷་ཅི༷་དགོ༷ས་ཏེ་སྐྱེས་ཟིན་སླར་མི་སྐྱེ་བས་སོ། །མེ༷ད་ལ༷འ༷ང་རྒྱུ་དེ༷ས་ནི༷་ཅི༷་ཞིག་བྱ༵་སྟེ་རི་རྭའི་རྒྱུ་བཞིན་ནོ། །གཉིས༷་ཉིད༷་ལ༷་དེ༷ས་ཅི༷་བྱ༷་སྟེ་གཉིས་ཚོགས་མི་སྲིད་པས་སོ། །གཉིས༷་ད༷ང་བྲལ༷་ལ༷འ༷ང་དེ༷ས་ཅི༷་བྱ༷་སྟེ་དེ་གཉིས་གང་ཡང་མིན་པ་མི་སྲིད་པས་སོ། །གཉིས་པ། དེ་ལྟར་བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་སྤང་བ་ལ། འཇིག་རྟེན་གྱིས་གནོད་པའི་རྩོད་པ་བཀོད་པ་དང༌། དེའི་ལན་བསྟན་པ་གཉིས། དང་པོ་ནི། འཇིག་རྟེན་པ་ག༷ང་གི༷ས་ར༷ང་གི་ལྟ༷་བ་ཁོ་ན་ལ༷་གན༷ས་ནས་འཇི༷ག་རྟེན༷་གྱི་མཐོང་བ་ཚ༷ད་མ༷ར་འདོད་པ༷ས་ན༷། ཤིན་ཏུ་སྟོབས་དང་ལྡན་པའི་ཕྱིར་འདི༷ར་ནི་གཞན་སྐྱེ་མེད་པར་ཁྱོད་ཀྱི་རི༷གས་པ༷་སྨྲ༷ས་པ༷་ཉིད༷་ཀྱི༷ས་ལྟ༷་ཀོ༷་ཅི༷་ཞི༷ག་བྱ༵་སྟེ་དེས་ཟློག་མི་བཏུབ་སྟེ་མངོན་སུམ་ཡིན་པས་སོ། །གཞ༷ན་ལ༷ས་གཞ༷ན་འབྱུང༷་བ༷་ཡ༷ང་འཇི༷ག་རྟེན༷་པ༷་ཡི༷ས་རྟོག༷ས་པར་འགྱུར༷་ཏེ༷།
དེ༷ས་ན༷་གཞ༷ན་ལ༷ས་སྐྱེ༷་བ་ཡོ༷ད་པ་འདི༷ར་ནི༷་སྒྲུབ་བྱེད་ཀྱི་རི༷གས་པ༷་ཅི༷་ཞི༷ག་དགོ༷ས་ཏེ༷་མངོན་སུམ་ཡིན་པས་སོ་སྙམ་ན། གཉིས་པ་ལ།འཇིག་རྟེན་པས་གཞན་སྐྱེ་ཁས་བླངས་ཀྱང་འཇིག་རྟེན་པས་མི་གནོད་པའི་ཚུལ་དང༌། འཇིག་རྟེན་ཐ་སྙད་དུ་ཡང་རང་བཞིན་གྱིས་གྲུབ་པའི་གཞན་སྐྱེ་མེད་པས་འཇིག་རྟེན་པས་མི་གནོད་པའི་ཚུལ་གཉིས། དང་པོ་ལ། ཡུལ་དང་ཡུལ་ཅན་ཕྱིན་ཅི་མ་ལོག་པ་དང་ལོག་པའི་དབྱེ་བས་བདེན་གཉིས་ཀྱི་རྣམ་གཞག་མདོར་བསྟན་པ། དེ་ཉིད་རྒྱས་པར་བཤད་པ། དེ་དག་གི་ཕྱིར་ན་ཡུལ་གང་ལ་འཇིག་རྟེན་གྱིས་མི་གནོད་པ་དང་གནོད་པའི་ཁྱད་པར་བསྟན་པས་མཇུག་བསྡུ་བ་གསུམ། དང་པོ། གང་ཞིག་གསུང་རབ་ཀྱི་དོན་མ་ནོར་བ་མི་ཤེས་ཤིང༌། ཐོག་མེད་ནས་བདེན་འཛིན་གྱི་བག་ཆགས་སྨིན་པའི་དབང་གིས་དངོས་པོ་ལ་མངོན་པར་ཞེན་པ། རང་བཞིན་མེད་པའི་ཚུལ་ལ་མ་འདྲིས་པ། འཇིག་རྟེན་གྱིས་གནོད་པའི་རྡོལ་ཐབས་ལ་བརྟེན་པ་འདི་ལ། འཇིག་རྟེན་གྱི་བྱུང་ཚུལ་མང་པོ་ཞིག་མ་བཤད་པར་འཇིག་རྟེན་གྱི་གནོད་པའི་བླ་རྡོལ་བཟློག་མི་ནུས་པས།ཡུལ་འདི་འདྲ་ལ་འཇིག་རྟེན་གྱིས་གནོད་དེ་ཞེས་གནོད་ཡུལ་ཁྱད་པར་བ་དང༌།འདི་འདྲ་བ་ལ་འཇིག་རྟེན་གྱིས་མི་གནོད་ཅེས་མི་གནོད་པའི་ཡུལ་ཁྱད་པར་ཅན་བསྟན་དགོས་སོ། །དེ་ལ་བདེན་པ་གཉིས་ཀྱི་རྣམ་དབྱེ་བསྟན་པ་སྔོན་དུ་འགྲོ་དགོས་པས། བདེན་གཉིས་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕྱི་ནང་དངོ༷ས་པོ་འདི་ཀུན༷་ལ་མཐོང་བ་ཡ༷ང་ད༷ག་དང་བརྫུ༷ན་པ༷་མཐོ༷ང་བ༷་ཡི༵ས།
ཡུལ་ཅན་གཉིས་རང་རང་གི་མཐོང་དོན་གྱི་དངོ༷ས་རྙེད༷་པའི་ངོ༷་བོ༷་གཉིས༷་ནི༷་དངོས་ཀུན་གྱིས་འཛི༷ན་པ༷ར་འགྱུར༵་ཏེ་ཚད་མས་ཡུལ་རྙེད་པ་ཡིན་གྱི་བདག་གིས་གྲུབ་པར་མིན་ནོ། །དེ་ལ་ཡ༷ང་ད༷ག་པའི་ཡེ་ཤེས་ཀྱི་མཐོ༷ང་ཡུ༷ལ་ག༷ང་དེ༷་དེ༷་ཉིད༷་དེ༷་དོ༷ན་དམ་ཡིན་ལ། མཐོ༷ང་བ༷་བརྫུ༷ན་པ༷་ཡི༷་ཡུལ་ནི་ཀུན༷་རྫོ༷བ་བདེ༷ན་པ༷ར་གསུང༵ས་སོ། །བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ངོ་བོ་གཅིག་པ་དེ། སྣང་སྟོང་དབྱེར་མེད་ངོ་བོ་གཅིག་ཡིན་ལ། དེ་ནི་བདེན་གཉིས་དཔྱོད་པའི་ཚད་མས་གྲུབ་སྟེ། གང་སྣང་འདི་སྟོང༌། སྟོང་པ་དེ་སྣང་བ་ལས་ཐ་དད་དུ་ཡོད་ན། ཆོས་དེའི་ངོ་བོ་མི་སྟོང་བར་འགྱུར་བས་དེ་གཉིས་ཐ་དད་དུ་མེད་དོ། །ངོ་བོ་དབྱེར་མེད་པར་གྲུབ་པའི་ངོ་བོ་དེ་ནི་རྣམ་གྲངས་མིན་པའི་དོན་དམ་སྟེ། དེ་ལ་གང་དུའང་བརྗོད་མི་ཤེས་ཏེ་སོ་སོར་རང་རིག་གི་ཡུལ་ལོ། །དེ་ནི་ཆོས་དབྱིངས་དང་རིགས་སོགས་ཡིན་ཏེ། ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་ཡིན་གྱི། རྣམ་གྲངས་པ་ནི་མིན་ནོ། །དེ་མིན་རྟགས། རྣམ་གྲངས་པའི་སྟོང་པའི་དབང་དུ་བྱས་ན། མཐའ་བཞི་འགོག་ཚེ། བདེན་མེད་ཀྱི་ཡོད་མཐའ་སེལ། ཐ་སྙད་དུ་ཡོད་པས་ཆད་མཐའ་སེལ་དགོས་ལ། དེ་ལྟར་ན་གནས་ལུགས་རང་གི་ངོས་ནས་མཐའ་བཞི་སེལ་མི་ནུས་ཏེ། གནས་ལུགས་མེད་དགག་ལ་ཡོད་མཐའ་སེལ་བའི་ནུས་པ་ཡོད་ཀྱི། མེད་མཐའ་སེལ་བ་ཀུན་རྫོབ་ལ་ལྟོས་པའི་ཕྱིར། གནས་ལུགས་ཁོ་རང་གི་ངོས་ནས་མཐར་ལྷུང་བ་ཅན་དུ་འགྱུར་བས། དེ་འདྲའི་མཐར་ལྷུང་གི་སྟོང་ཉིད་དེ་ཆོས་ཉིད་མ་ཡིན་ནོ། །
གཞན་ཡང་བདེན་གཉིས་ཕྱེས་ཏེ་མཐའ་བཞི་འགོག་པ་ལ་བརྗོད་པ་བདེན་གཉིས་ཀྱི་ལྡོག་པ་དེ་གཉིས་ཟུང་འཇུག་ཡིན་ན་རང་གི་ངོ་བོ་མ་འདྲེས་པར་ཐ་དད་ཟ་འོག་གི་རི་མོ་ལྟར་ཐ་དད་དུ་ཡོད་པ་ཡིན་ནམ། ངོ་བོ་དབྱེར་མེད་ཡིན། དབྱེར་མེད་ཡིན་ན་ཟུང་འཇུག་གནས་ལུགས་སུ་གྲུབ་པ་ལ། ཆོས་དབྱིངས་ལ་སྣང་བའི་རང་བཞིན་ཡོད་ཀྱི། སྣང་མེད་སྟོང་རྐྱང་མིན་པར་གྲུབ། ངོ་བོ་ཐ་དད་ན་ངོ་བོ་གཅིག་པ་ཞེས་པའང་མི་འགྲུབ་ལ་བདེན་གཉིས་ཐ་དད་དོན་འགལ་ཅན་དུ་འགྱུར་རོ། །ཇི་ལྟར་ཤེས་བྱ་ལ་རྟག་མི་རྟག་གི་ཆ་ཡོད་ཀྱང༌། དེའི་རང་ལྡོག་རྟག་པར་བརྗོད་དགོས་པ་ལྟར། རྣམ་གྲངས་མིན་པ་དེ་ལ་ལྡོག་ཆ་གཉིས་ཡོད་ཀྱང༌། རང་གི་ངོ་བོ་འདུས་མ་བྱས་རྟག་པ་ལ་བརྗོད་དགོས། གང་དུ་ཡང་དག་འདྲེས་གྱུར་བ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་པའི་དོན་བཞིན་བློ་ངོར་དབྱེར་མེད་གྲུབ་པ་ལ་འདྲེས་ཞེས་བརྗོད་ཀྱི། དོན་ཡེ་ནས་དབྱེར་མེད་ཡིན། དེ་ལ་ཆོས་ཐམས་ཅད་རོ་མཉམ་དུ་གྱུར་པས་སྣང་སྟོང་ཐ་དད་དུ་དབྱེར་མེད་ཀྱི། སྣང་སྟོང་གིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་དེ་ལ་མ་རྫོགས་པ་མེད་པས་དེ་ནི་འདུས་མ་བྱས་ཀྱི་མཐའ་ལ་མི་གནས་པའོ། །དེའི་སྣང་ཆ་དེ་ཡང་འདི་ཞེས་རིས་ཆད་ཅན་དང༌།འདུས་བྱས་ཉི་ཚེ་བ་གང་ཡང་མིན་ཏེ། སྣང་བ་ཐམས་ཅད་རོ་མཉམ་པར་གྱུར་པའི་སྟོང་པའོ། །སྟོང་པ་དེ་ཡང་ཉི་ཚེ་བའི་སྟོང་པ་མ་ཡིན་ཏེ། ཁས་ལེན་ཀུན་བྲལ་གྱི་སྟོང་པ་སྣང་བ་དང་གཉིས་མེད་པའི་རྣམ་ཀུན་མཆོག་ལྡན་ནོ། །
རྣམ་གྲངས་པ་ལྟར་ན་ཡོད་མེད་མཐའ་གཉིས་དེ་ལྟར་ཁེགས་ཀྱང༌། གཉིས་ཡིན་གཉིས་མིན་ཇི་ལྟར་འགོགབདེན་གྲུབ་ཀྱི་གཉིས་ཡིན་སྦྱར་མི་དགོས་ཏེ། ངོ་བོ་ལ་གཉིས་ཀའི་ཡིན་པ་ཐ་སྙད་དུ་མེད་པས་སོ། །བདེན་གཉིས་སོ་སོར་མ་འདྲེས་པས་མཐའ་འགོག་ཚུལ་ལྟར་ན་གཉིས་ཀའི་ཡིན་པའི་མུར་འགྱུར་ཏེ་བདེན་གཉིས་ངོ་བོ་གཅིག་པའི་ཟུང་འཇུག་དེ། ཡོད་པའང་ཡིན་མེད་པའང་ཡིན་ཟེར་དགོས་ལ། མིན་ན་ཟུང་འཇུག་གི་མཐའ་མི་ཁེགས་པས། དོན་གཅིག་ཏུ་འདུ་བར་མི་འགྱུར་རོ། །ཇི་ལྟར་ཀ་བ་ཡོད་ལ་སྣམ་བུ་མེད་པས་ཀ་བའི་ཡོད་མཐའ་མི་སེལ་བ་བཞིན་ནོ། །ཀ་བ་དེ་ཀ་བར་ཡོད་པ་དང་སྣམ་བུ་མེད་པ་གཉིས་ཀ་ཡིན་དགོས་པ་བཞིན་ནོ། །ཡོད་མེད་ངོ་བོ་གཅིག་པ་འགལ་ཏེ་ཡིན་པ་མིསྲིད་པའི་ཤེས་བྱ་འདོད་པ་ལྟར་ན། བདེན་གཉིས་ཀྱི་ངོ་བོ་མི་གཅིག་སྟེ་འགལ་བར་འགྱུར་རོ། །སྣང་སྟོང་ཡང་ངོ་བོ་མི་གཅིག་སྟེ་འགལ་བར་འགྱུར་ན། དེ་ལྟར་ན་སྟོང་རྟེན་འབྱུང་གི་སྣང་བ་མེ་ཆུ་ལྟར་འགྱུར་རོ། །གཉིས་ཡིན་མིན་གཉིས་མིན་མིན་ཞེས་ཁས་ལེན་མི་རུང་སྟེ། དངོས་པོ་གཞི་གང་ལ་ལྟོས་ནས་ཆོས་གང་ལ་ཡང༌། གཉིས་ཡིན་མིན་ན་གཉིས་མིན་ཡིན་དགོས་ལ། གཉིས་མིན་མིན་ན་གཉིས་ཡིན་ཡིན་དགོས་ཏེ། དེ་གཉིས་མ་ཡིན་པ་ཤེས་བྱ་ལ་མེད་དོ། །ཡོད་པ་མིན་མེད་པ་མིན་ཞེས་ཁས་ལེན་པ་མི་འཐད་པར་འཛིན་པ་ཅན་རང་གིས་ཁས་ལེན་ན། བཞི་ཀར་བདེན་གྲུབ་སྦྱར་ན། མཐའ་བཞི་བསལ་ཅི་དགོས་བདེན་གྲུབ་ཁོ་ན་བཀག་པས་ཆོག་གི དེ་ལྟ་ན་བདེན་གྲུབ་བཀག་པ་ཁོ་ནས་མཐའ་བཞི་བསལ་གྱི།
སྟོང་རྟེན་འབྱུང་སོ་སོས་ཅི་བྱེད་ལ། བདེན་གྲུབ་མེད་པའི་མཐའ་བཞིའི་འཛིན་སྟངས་དང་དོན་གཉིས་ཀ་གནས་ལུགས་ལ་ཡོད་ཅེས་ཁས་ལེན་དུ་འགྱུར་རོ། །རྣམ་གྲངས་མིན་པའི་ཆོས་དབྱིངས་ནི་མཐའ་བཞི་ཆར་ཁེགས་པས་ཁྱད་པར་སྦྱར་མི་དགོས་ཏེ། སྤྲོས་པའི་དྲྭ་བ་ཀུན་ལས་འདས་པའིཕྱིར་རོ། །བུམ་པ་དང་བུམ་པའི་ཆོས་ཉིད་རྟག་དངོས་གཉིས་ངོ་བོ་ཇི་ལྟར་གཅིགབདེན་གཉིས་ངོ་བོ་གཅིག་པ་འདིའི་སྟེང་ན་ཕ་རོལ་ཁས་ལེན་ཐམས་ཅད་འཇོམས་པའི་གནད་ཐམས་ཅད་ཡོད། རྣམ་གྲངས་མིན་པ་ཁོ་ན་དོན་དམ་དང༌། ཐ་སྙད་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་གྱུར་ཐམས་ཅད་ཀུན་རྫོབ་བྱས་ན། བདེན་གཉིས་གཅིག་པ་བཀག་པའི་ཐ་དད་ཡིན་ནམ་སྙམ། ཐ་སྙད་ཐམས་ཅད་ནི་དོན་དུ་མི་གནས་པའི་ཕྱིར་རོ། །རྣམ་གྲངས་པའི་དོན་དམ་གྱི་དབང་དུ་བྱས་ན། བདེན་གཉིས་ངོ་བོ་གཅིག་ལྡོག་པ་ཐ་དད་དོ། །ཆོས་དབྱིངས་ཉག་གཅིག་ལ་ཆོས་དབྱིངས་དུ་མ་མེད། དུས་གསུམ་ཁྱད་པར་བྱར་མེད། ཆོས་ཐམས་ཅད་དེའི་ངོ་བོར་རོ་གཅིག་སོགས་ཐེག་ཆེན་ཀུན་གྱི་དགོངས་པ་ཐམས་ཅད་རྣམ་གྲངས་མིན་པ་ལ་འོང་གི རྣམ་གྲངས་པ་ལ་ཇི་ལྟར་འོངས་ཏེ། དེ་ནི་ཐ་དད་དུས་གསུམ་རེས་འགའ་བ། ཆོས་ཉི་ཚེ་བ་སོ་སོའི་ཆོས་ཉིད་ཡིན་པ་སོགས་སོ། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་སོ། །རྣམ་གྲངས་པ་ལྟར་ན། གཅིག་གི་མི་རྟག་ཀུན་གྱི་མི་རྟག་ཡིན། གཅིག་གི་དངོས་པོ་ཀུན་གྱི་དངོས་པོ་སོགས་འདྲ་བ་ཙམ་གྱིས་དེ་ལྟར་གྱུར་ན་ཤེས་བྱཐམས་ཅད་ཕར་ཡིན་ཚུར་ཡིན་གཅེར་བུ་པའི་ལྟ་བ་ཅན་དུ་འགྱུར་རོ། །
དངོས་གཅིག་གི་དེ་བཞིན་ཉིད་མཐོང་ན་དངོས་ཀུན་དེ་ལྟར་མཐོང་གསུངས་པ་རྣམ་གྲངས་མིན་པའི་དབང་དུ་སྟེ། རྣམ་གྲངས་པ་ནི་དེ་བཞིན་ཉིད་མིན་ཏེ་དེ་ལ་འཇུག་པའི་སྒོ་ཙམ་མོ། །གཉིས་པ་ལ། ཡུལ་ཅན་ཚད་མའི་སྒོ་ནས་འཇིག་རྟེན་གྱིས་མི་གནོད་པའི་ཚུལ་དང༌། ཡུལ་བདེན་གཉིས་ཀྱི་སྒོ་ནས་འཇིག་རྟེན་གྱིས་མི་གནོད་པའི་ཚུལ་གཉིས། དང་པོ་ལ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་བསྟན་པ་དང༌། དེས་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ལ་མི་གནོད་པའི་ཚུལ་གཉིས།དང་པོ་ལ། ཡུལ་ཅན་ཚད་མ་དང་ཚད་མིན་གྱི་དབྱེ་བ་དང༌། དེས་ཡུལ་འཇལ་ཚུལ་གཉིས། དང་པོ། ཤེས་བྱ་ལ་བདེན་གཉིས་སུ་དབྱེ་བར་མ་ཟད་མཐོ༷ང་བ༷་བརྫུ༷ན་པ༷་མཐོང་བའི་ཡུལ་ཅན་ལའ༷ང་རྣ༷མ་པ༷་གཉིས༷་འདོ༷ད་དེ༵། འཕྲལ་གྱིས་འཁྲུལ་རྒྱུས་མ་བསླད་པ་དབ༷ང་པོ༷་གས༷ལ་བ་ཡ༷ང་དག་ད༷ང་བསླད་པས་དབ༷ང་པོ༷་ལོག་པའི་སྐྱོན༷་ལྡ༷ན་ནོ༷། །འཕྲལ་གྱི་འཁྲུལ༷་རྒྱུས༷་བསླད་པའི་སྐྱོན༷་ལྡ༷ན་དབ༷ང་ཅ༷ན་རྣ༷མས་ཀྱི༷་ཤེ༷ས་པ༷་ནི༵། དབ༷ང་པོ༷་ལེ༷གས་པར་གྱུར༷་པའི་ཤེ༷ས་པ་ལ་ལྟོས༷་ན༷ས་ལོ༷ག་པ༷ར་འདོ༷ད་དོ། །གཉིས་པ་ལ། ཡུལ་ཡང་ལོག་གི་ཁྱད་པར་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་ཞེན་ཡུལ་ལ་འཁྲུལ་བའི་ཞེན་ཡུལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་དེའི་ངོར་ཡང་བདེན་པར་མི་འགྲུབ་པའི་ཚུལ་གཉིས། དང་པོ། ཡུལ་ཅན་དེ་བཞིན་ཡུལ་ཀྱང་འཁྲུལ་རྒྱུས་གནོ༷ད་པ༷་མེ༷ད་པ༷འི་དབ༷ང་པོ༷་དྲུག༷་གི་ཤེས་པ་རྣ༷མས་ཀྱི༷ས། གཟུ༷ང་བ༷ར་བྱ་བའི་དོན༷་ག༷ང་ཞི༷ག་འཇི༷ག་རྟེན༷་ཐམས་ཅད་ཀྱི༷ས་དེ་དང་དེར་རྟོག༷ས་པ་ཏེ།
འཇི༷ག་རྟེན༷་ཉིད༷་དམ་ཁོ་ན་ལ༷ས་བདེ༷ན་པ་ཡི༷ན་གྱིལྷག༷་མ༷་ནི༵། དབང་པོ་འཁྲུལ་རྒྱུ་ནང་ན་ཡོད་པ་རབ་རིབ་མིག་སེར་དྷ་དུ་ར་ཟོས་པ་སོགས་སོ། །དེ་དག་དང་དབང་པོ་ལ་གནོད་རྐྱེན་ཕྱི་ན་ཡོད་པ། མེ་ལོང་དང་བྲག་ཕུག་ན་སྒྲ་བརྗོད་པ། སོས་ཀའི་ཉི་ཟེར་བྱེ་ཐང་སྐྱ་བོའི་ཡུལ་དང་ཉེ་བ་སྟེ།དེ་དག་རིམ་བཞིན་གཟུགས་བརྙན་དང་བྲག་ཆ་སྨིག་རྒྱུ་ལ་ཆུ་སོགས་སུ་འཛིན་པའི་རྒྱུའོ། །དེ་བཞིན་མིག་འཕྲུལ་མཁན་གྱིས་སྔགས་སྨན་སོགས་ཕྱེའོ། །ཡིད་དབང་ལ་སྔགས་སྨན་གྲུབ་མཐའ་ལོག་པའི་གཏན་ཚིགས་ལྟར་སྣང་དང༌།གཉིད་ཀྱི་གནོད་པ་རྨི་ལམ་སོགས་སོ། །དེ་ལྟའི་འཁྲུལ་རྒྱུས་བསླད་པས་གཟུང་བ་ཉིད་འཇི༷ག་རྟེན༷་ཉིད༷་ལ༷ས་ཀྱང་ལོ༷ག་པ༷ར་རྣ༷མ་པ༷ར་བཞ༷ག་གོ །དོན་དམ་དཔྱོད་བྱེད་ཀྱིས་དཔྱད་ན། དབང་ཕྱུག་བྱེད་པ་པོ་དང༌། བུམ་པ་ཐ་སྙད་དུ་ཡོད་པ་གཉིས་ཀ་རྟོག་པས་དེ་དང་དེར་བཏགས་པ་ལས། རང་གི་ངོ་བོ་ཉིད་མི་རྙེད་པའམ་མེད་པར་མཚུངས་ཀྱང༌། དོན་དམ་པར་མེད་པས་ཐ་སྙད་དུ་མེད་གོ་མི་ཆོད་དེ། འདིར་ཐ་སྙད་ཚད་གྲུབ་ཀྱི་སྐབས་ཡིན་པས། ཐ་སྙད་དུ་བུམ་སོགས་ཀྱི་ངོ་བོ་ཇི་ལྟར་མེད། མེད་ན་ཐ་སྙད་ཐམས་ཅད་ལ་སྐུར་པ་འདེབས་པའི་ཆད་ལྟར་འགྱུར་ཏེ། ཐ་སྙད་དུ་ཡོད་མེད་ཡིན་མིན་གྱི་ཚད་གྲུབ་ཅུང་ཟད་བཞག་ཏུ་མེད་པར་འགྱུར་རོ། །ཐ་སྙད་དུ་ངོ་བོ་མེད་ཀྱང་རྟོག་པས་བཏགས་པ་ཙམ་གྱིས་ཚད་མར་གྲུབ་ན། སངས་རྒྱས་པ་དང་ཕྱི་རོལ་པའི་གྲུབ་མཐའ་ལ་བདེན་རྫུན་མེད་པར་འགྱུར་རོ། །དགེ་སྡིག་རྒྱུ་འབྲས་བཟང་ངན་བླང་དོར་ཐམས་ཅད་འཆོལ་བས་ལུགས་འདིར་ཐ་སྙད་ཚད་གྲུབ་གཏན་མེད་དོ། །
དེས་ན་ཐ་སྙད་དུ་རྟོག་པས་བཏགས་པ་དོན་མཐུན་ཚད་གྲུབ་དང༌། དོན་མི་མཐུན་ཚད་མས་མ་གྲུབ་པར་བྱེད་དགོས་ལ་དོན་མཐུན་མི་མཐུན་ནི་ཐ་སྙད་ཀྱི་དངོས་པོའི་ངོ་བོ་ཉིད་དང་མཐུན་མི་མཐུན་ལས་མ་ཕྱེས་པར་འཇོག་ཚུལ་གཏན་མེད་པས་ཡུལ་ཅན་ཚད་མ་དང་ཚད་མིན་དུ་འཇོག་པ། ཐ་སྙད་ཀྱི་གནས་ཚུལ་དང་འཛིན་སྟངས་མཐུན་མི་མཐུན་གྱི་དབང་གིས་ཡིན་པས། ཡུལ་ཚད་མར་གྲུབ་མ་གྲུབ་མ་འཁྲུལ་པའི་ཤེས་པ་ཡིན་མིན་ལས་བཞག་དགོས་ཀྱི། ཐ་སྙད་ཐམས་ཅད་རྟོག་པས་ཕར་བཏགས་ཙམ་ན་ཐ་སྙད་ཀྱི་ངོ་བོ་མེད་ལ། ཡུལ་ཅན་ཚད་མ་ཡིན་མིན་དང༌། ཡུལ་ཚད་མས་གྲུབ་མ་གྲུབ་ཇི་ལྟར་བཞག་སོམས་ཤིགདེས་ན་གནོད་མེད་ཀྱི་དབང་པོ་ལ་སྣང་བའི་དབང་གིས་ཐ་སྙད་འཇོག་གི དེ་ལས་འདས་ན་ཐ་སྙད་ཚད་གྲུབ་འཇོག་མི་སྲིད་དོ། །ཐ་སྙད་དུ་རྟོག་པས་གདགས་གཞི་མེད་པར་ཕར་བཏགས་ཙམ་ཡིན་ན། རི་བོང་རྭ་ལྟར་ཐམས་ཅད་མེད་པས་ཚད་གྲུབ་ཇི་ལྟར་ཡོད། གདགས་གཞི་རྟེན་འབྱུང་གི་སྣང་བ་ཡོད་ན་དེ་ཐ་སྙད་པའི་ཆོས་ཀྱི་ངོ་བོ་ཡིན་པས་ཕར་བཏགས་ཙམ་མིན་ནོ། །གཞན་ཡང་རྟོག་པས་ཕར་བཏགས་ཙམ་གྱིས་ཐ་སྙད་གྲུབ་པས་གོ་ཆོད་ན། དུག་ལ་སྨན། དགེ་ལ་སྡིག་པ། མེ་ལ་ཆུ་སོགས་ཐམས་ཅད་ཐམས་ཅད་དུ་ཐལ་བས། ཚད་མ་ཚད་མིན་མེད། དེ་ལྟར་མི་འགྱུར་ན་རྟོག་པས་བཏགས་ཙམ་གྱིས་ཐ་སྙད་ཀྱི་གོ་མི་ཆོད་ལ་དབང་པོ་གནོད་མེད་ལ་སྣང་བའི་ཡུལ་གྱི་ངོ་བོ་ཡོད་པར་ཐ་སྙད་དུ་ཁས་ལེན་དགོས་སོ། །
གཉིས་པ་གནས་ལུགས་མི༷་ཤེ༷ས་པའི་གཏི་མུག་གཉིད༷་ཀྱི༷ས་ཡིད་རབ་བསྐྱོད༷་ཅིང་བརླབས་པ༷འི་མུ༷་སྟེག༷ས་གྲུབ་མཐའ་གཏན་ཚིགས་ལྟར་སྣང་ཅ༷ན་རྣ༷མས་ཀྱི༷ས་རང་གཞུང་གི་བད༷ག་ཉིད༷་ཇི༷་བཞི༷ན་བདག་དང་གཙོ་བོ་ཡོན་ཏན་གསུམ་སོགས་གང་བརྟག༷ས་པ༷་ད༷ང༌། སྒྱུ༷་མ༷་སྨི༷ག་རྒྱུ༷་སོ༷གས་ལ༷་རྟ་གླང་དང་ཆུ་སོགས་སུ་བརྟག༷ས་པ༷་ག༷ང་ཡིན་པ་དེ༷་ད༷ག་དོན་དམ་པར་ལྟ་ཅི་འཇི༷ག་རྟེན༷་ཐ་སྙད་ལ༷ས་ཀྱ༷ང་ཡོད་མི༷ན་པ་ཉིད༷་དེ་ཐ་སྙད་ཀྱི་ཚད་མས་མ་གྲུབ་པས་སོ། །དེ་རྣམས་ནི་ཕུལ་བྱུང་དུ་འགྲོ་བར་འདོད་ནས་ཤིང་ལ་འཛེགས་པ་ཡལ་ག་སྔ་མ་བཏང་ནས། ཕྱི་མ་མ་བཟུང་བ་ལྟར་ལྟ་ངན་གྱི་གཡང་སར་ལྷུང་བའོ། །གཉིས་པ་དེས་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་དྲི་མེད་ལ་མི་གནོད་ཚུལ། གཞན་སྐྱེ་དགག་པ་ནི་འཇིག་རྟེན་པའི་ཤེས་པ་ལ་ལྟོས་ནས་དགག་པ་མིན་གྱི་འཕགས་པ་རྣམས་ཀྱི་གཟིགས་པ་ལ་ལྟོས་པས། མི༷ག་ནི༷་ར༷བ་རི༷བ་ཅ༷ན་གྱི༷ས་སྐྲ་ཤད་སོགས་སུ་དམི༷གས་པ༷་ཡི༷ས། མིག་དག་པས་ར༷བ་རི༷བ་མེ༷ད་པ་ཅན་གྱི་ཤེ༷ས་པ༷ས་མ་མཐོང་བ་ལ༷་གནོ༷ད་ནུས་པ་མི༷ན་པ་ཇི༷་ལྟར༷། དེ༷་བཞི༷ན་དྲི༷་མེ༷ད་དམ་ཟག་མེད་ཀྱི་ཡེ༷་ཤེ༷ས་སྤ༷ངས་པ༷འི་སོ་སྐྱེའི་བློ༷ས། དྲི༷་མེ༷ད་ཡེ་ཤེས་ཀྱི་བློ༷་ལ༷་གནོ༷ད་པ༷་ཡོ༷ད་མ༷་ཡི༷ན་ནོ། །གཉིས་པ་ལ་ཡུལ་ཕྱིན་ཅི་ལོག་པ་ཀུན་རྫོབ་བདེན་པ་ངེས་ཚིག་གི་སྒོ་ནས་བཤད་པ་དང༌། ཕྱིན་ཅི་མ་ལོག་པ་དོན་དམ་བདེན་པ་དཔེའི་སྒོ་ནས་བསྟན་པ་གཉིས། དང་པོ། གཏི༷་མུ༷ག་གི་དབང་གིས་ཆོས་རྣམས་ཀྱི་ར༷ང་བཞི༷ན་དེ་ཁོ་ན་ཉིད་སྒྲིབ༷་ཕྱིར༷་རང་བཞིན་མ་མཐོང་ལོག་པར་སྣང་བ་དེ་ནི་ཀུ༷ན་རྫོ༷བ་སྟེ༷།
དེས་དེ་ཉིད་ལ་འགེབ་པའམ་སྒྲིབ་པར་བྱེད་པས་སོ། །སྒྲིབ་ཅན་དེ༷ས་ཆོས་ག༷ང་བཅོ༷ས་མ༷ར་གྱུར་པའི་ཀུན་རྫོབ་དེ་དེའི་ཡུལ་ཅན་ལ་བདེ༷ན་པ༷ར་སྣང༷་བ་དེ༷་ནི༷། ཀུ༷ན༷་རྫོ༷བ་བདེ༷ན་ཞེ༷ས་ཐུ༷བ་པ༷་དེ༷ས་གསུ༷ངས་ཏེ༷། ཉན་རང་དགྲ་བཅོམ་བྱང་སེམས་འཕགས་པ་རྣམས་ཀྱི་ངོར། བདེན་འཛིན་མ་རིག་པ་ཅི་རིགས་པར་ཟད་ཅིང་སྒྱུ་མར་མཐོང་བའི་འཕགས་གསུམ་གྱི་རྗེས་ཐོབ་ལ་སྣང་བ་བཅོ༷ས་མ༷ར་གྱུར༷་པ༷འི་དངོ༷ས་ནི༷་ཀུ༷ན་རྫོ༷བ་ཏུ༷་སྟེ་ཀུན་རྫོབ་ཙམ་ཡིན་གྱི་བདེན་པ་མིན་ཏེ་དེ་དག་ལ་མངོན་རློམ་ཕྲ་མོ་མེད་པས་བདེན་སྣང་མེད་པས་སོ། །དེ་ལ་འདིར་གཏི་མུག་ནི་དངོས་པོའི་རང་བཞིན་ལོག་པར་སྣང་བའི་རྐྱེན་ཡིན་ལ། རྐྱེན་དེས་བཅོས་མ་ལ་ཀུན་རྫོབ་ཅེས་དང་བདེན་པ་ཞེས་པའི་ངེས་ཚིག་གི་དོན་གྱིས་བཤད་དེ། བློ༷་ལ་ཇི་ལྟར་སྣང་བའི་ཚུལ་བསླུ་མེད་དུ་མྱོང་བ་འདི་ལས་ཀུན་རྫོབ་ཅེས་བྱ་བ་ཅུང་ཟད་གཞན་དུ་མི་དགོས་ལ་ཡོད་ཀྱང་མེད་དེ། མེ་ཚ་བ། ཆུ་གཤེར་བ། དགེ་བས་བདེ་བ། མི་དགེ་བས་སྡུག་བསྔལ། བདག་མེད་རྟོགས་པས་ཐར་བ། བདག་འཛིན་གྱིས་འཁོར་བ། དུག་གིས་ན་བ། སྨན་གྱིས་ཕན་པ་སོགས་བཞིན་ཏེ། མནར་མེད་ཀྱི་སྡུག་བསྔལ་མྱོང་ཡང༌། མེ་དང་ལུས་སུ་འཕྲད་པའི་ཚོར་བ་མྱོང་བར་སྣང་བ་དེ་ལས་གཞན་མེད་ཅིང༌། དེ་བཞིན་ཚངས་དབང་གི་བདེ་བ། འཕགས་པའི་རྣམ་གྲོལ་ཉམས་སུ་མྱོང་བའི་བར་ཀུན་སྣང་ནི་སྣང་ཡང་རྟོག་པས་བཏགས་པ་ཙམ་ལས་ངོ་བོས་མ་གྲུབ་པར་འདྲའོ། །རྟོག་པས་བཏགས་པ་ཡིན་ཀྱང༌།
དེ་ལྟར་སྣང་བ་ཡོད་པ་དེས་ཚད་གྲུབ་ཀྱང་བཞག་ཆོགསྣང་བ་དེས་བློ་མ་ཚིམ་པར་སྣང་བ་ལྟར་དོན་རང་ངོས་ནས་ཡོད་དགོས་ན་བདེན་གྲུབ་ཏུ་འགྱུར་མོད་དེ་མི་སྲིད་དོ། །དེས་ན་སེམས་ཀྱིས་ལས་བསགས་སེམས་ལ་སྣང༌། སེམས་ཀྱིས་ཞེན་པ་འདི་ཙམ་ཀུན་རྫོབ་ཀྱི་ཆོས་ཡིན་ཏེ། དེ་མིན་ན་དོན་དམ་དུ་འགྱུར་རོ། །རྟོག་པས་ཕར་བཏགས་པ་ཙམ་ཞིག་ཀུན་རྫོབ་ཀྱི་གྲུབ་ཚད་མཐར་ཐུག་ཡིན། དེ་བས་གཞན་མི་རྙེད། དེས་ན་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་གསུངས་སོ། །རྟོག་པས་འདོགས་ཚུལ་ནི།འདི་ནི་ཀ་བ། འདི་ནི་བུམ་པ། འདི་བདེ་བ། འདི་སྡུག་བསྔལ་སོགས། རྟག་མི་རྟག་འདུས་བྱས་འདུས་མ་བྱས་སོགས་ཆོས་སྣ་ཚོགས་ཀྱི་མཚན་མར་འཛིན་ཅིང་ཞེན་ལ་དམིགས་པར་བྱེད་དོ། །དེའི་ངོར་མི་མཉམ་ཞིང་གཉིས་ཆོས་ཅན་གཟུང་འཛིན་ཅན་ནོ། །མཉམ་ཉིད་མི་དམིགས་པ་དོན་དམ་དེ་ཁོ་ན་ཉིད་ལ།དངོས་དངོས་མེད་རྟག་མི་རྟག་སོགས་ཀྱི་མཚན་མ་སྲིད་པ་མ་ཡིན་ནོ། །བདེན་མེད་ཀྱི་མཚན་མར་འཛིན་པ་ག་ལ་སྲིད། དམིགས་པ་ཐམས་ཅད་ཞི་བའོ། །དེས་ན་རྣམ་པར་རྟོག་ལས་མ་གཏོགས་པའི། །ཞེས་སོགས་གསུངས། མདོར་ན་རྟོག་པས་བཏགས་པ་ཙམ་གྱི་ཀུན་རྫོབ་འཇོག་པ་ལས་བརྒལ་ན་བདེན་གྲུབ་ཏུ་འགྱུར་རོ། །དོན་དམ་པ་ནི་རྟོག་པས་བརྟགས་པ་མ་ཡིན་ཏེ། རྟོག་ཡུལ་ལས་འདས་པའོ། །དེ་ཅིའི་ཕྱིར་ན་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ལ་ཅི་ཞིག་ཏུ་རྟོག་པས་བཏགས། རྟོག་པས་བཏགས་པ་བསླུ་མེད་འདི་ལྟར་སྣང་བཞིན་རྟོག་བཏགས་ཙམ་ཡིན་ཕྱིར་དམིགས་སུ་མེད་བཞིན་ཐ་སྙད་དུ་རྟོག་པའི་དབང་གིས་དམིགས་པའོ། །
མི་རྟོག་པས་ནི་ཅིར་ཡང་མི་འཛིན་མོད་ཀྱི་རྟེན་འབྱུང་གི་སྣང་བ་མེད་པར་མི་རྙེད་དོ། །དེས་རྫོགས་སྨིན་སྦྱང་བ་སྒྱུ་མ་ལྟར་བསྒྲུབ་བོ། །འོག་ཏུ། གང་གི་སྤྲིན་ཚོགས་དང་མཚུངས་གཏི་མུག་སྟུག་པོ་འཇིག་རྟེན་ལ། ཡོད་པ་དེས་ན་ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར། སོགས་དང་འདྲ་བར་བཞེད་པར་བཤད་དོ། །གཉིས་པ། ར༷བ་རི༷བ་མཐུ༷་ཡི༷ས་རང་གི་ལག་ན་ཐོགས་པ་བསེ་རུ་སོགས་སྣོད་ཀྱི་ནང་དུ་སྐྲ༷་ཤ༷ད་ལ༷་སོ༷གས་པ༷འི་ངོ༷་བོ༷་ལོ༷ག་པ༷་ག༷ང་ཞི༷ག་ཡོད་པ་རྣ༷མ་པར་བརྟག༷ས་པ༷་དེ༷་ཉིད༷་ཀྱི་བད༷ག་ཉིད༷་དམིགས་པའི་གཞི་ག༷ང་དུ༷་མི༷ག་ད༷ག་པ༷ས་བལྟས་ན་སྐྲ་ཤད་སོགས་ཅི་ཡང་མ་མཐོང་པའི་ཚུལ་མཐོ༷ང་བ༷་དེ༷་དེ༷་ཉིད༷་ཡིན་པ་དེ༷་བཞི༷ན་སྐབས་འདི༷ར་ཤེ༷ས་པར་གྱི༷ས་ཤིགགསུམ་པ།མཇུག་བསྡུ་བ་ལ། དེ་ཁོ་ན་ཉིད་ལ་དཔྱད་པའི་སྐབས་སུ་འཇིག་རྟེན་གྱིས་མི་གནོད་པའི་ཚུལ་དང༌། འཇིག་རྟེན་རང་གི་དོན་ལ་འཇིག་རྟེན་གྱིས་གནོད་ཚུལ་གཉིས། དང་པོ་ལ། འཇིག་རྟེན་ཚད་མར་མི་རིགས་པའི་ཚུལ་དང༌། དེས་ན་ཚད་མིན་གྱིས་ཚད་མ་ལ་མི་གནོད་པར་བསྟན་པ་གཉིས། དང་པོ་ག༷ལ་ཏེ༷་དེ་ཉིད་དཔྱོད་པ་ལ་འཇི༷ག་རྟེན༷་གྱི་མཐོང་བ་ཚ༷ད་མ༷་ཡི༷ན་ན༷་ནི༷། འཇི༷ག་རྟེན༷་རང་གིས་དེ༷་ཉིད༷་མཐོ༷ང་བ༷ས་དེ་ཉིད་སྟོན་པའི་འཕ༷གས་གཞ༷ན་གྱི༷ས་ཅི༷་ཞིག་དགོས་ཏེ་མི་དགོ༷ས་ལ་འཕ༷གས་པ༷འི་ལམ་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་གསུམ་གྱི༷ས་ཀྱང་ཅི༷་ཞི༷ག་བྱ་དོན་མེད་དེ། དེས་ན་དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་རང་ག་བའི་བླུན༷་པོ༷་ནི་ཚ༷ད་མར་རི༷གས་པ༷འང་མ༷་ཡི༷ན་ནོ༷། །
གཉིས་པ་དེ་ཉིད་དཔྱོད་པ་ལ་རྣམ༷་ཀུ༷ན་འཇི༷ག་རྟེན༷་ཚ༷ད་མ་མི༷ན་པ་དེ༷་ཡི་ཕྱིར༷།དེ༷་ཁོ་ན་ཉིད༷་ཀྱི་ཁས་ལེན་གྱི་སྐབ༷ས་སུ༷་འཇི༷ག་རྟེན༷་གྱིས་གནོ༷ད་པ༷་མེ༷ད་དོ། །གཉིས་པ།འཇི༷ག་རྟེན༷་རང་ཉིད་ལས་གྲགས་ཤིང་གྲུབ་པའི་དོ༷ན་ནི༷་འཇི༷ག་རྟེན༷་ན་གྲ༷གས་པ་ཉིད༷་ཀྱི༷ས་ག༷ལ་ཏེ༷་སེ༷ལ་ཏེ་ནང་འགལ་ན༷་འཇི༷ག་རྟེན༷་གྱིས༷་གནོ༷ད་པར་འགྱུར༷་ཏེ། དཔེར་ན་ཁ་ཅིག་གིས་ངའི་རྫས་ཕྲོགས་སོ་ཞེས་སྨྲས་པ་ལ། རྫས་ཅི་བུམ་པའོ། །བུམ་པ་རྫས་མིན་ཏེ་གཞལ་བྱ་ཡིན་པའི་ཕྱིར། རྨི་ལམ་གྱི་བུམ་པ་བཞིན་ནོ། །ཞེས་དེ་དེས་སུན་འབྱིན་པར་བྱེད་པ་དེ་ལྟ་བུ་ལ་སོགས་པ་དང༌། བུམ་པ་མ་གྲུབ་ཞེས་དང༌། བུམ་པ་དང་ལོ་ཏོག་སྐྱེ་བ་མེད་ཅེས་སོགས་འཕགས་པའི་གཟིགས་པ་ལ་གནས་ནས་སྨྲས་ཀྱི། གལ་ཏེ་འཇིག་རྟེན་མཐོང་བ་ལ་གནས་ཤིང་དེ་ལ་བརྟེན་ནས་དེ་དག་རྫས་མིན་དང༌། སྐྱེ་མེད་དུ་བསྒྲུབས་ན། འཇིག་རྟེན་གྲགས་ཤིང་གྲུབ་པས་དེའི་དམ་བཅའ་ལ་འཇིག་རྟེན་གྱི་མཐོང་བ་ཚད་མས་སེལ་འོང་བ་བཞིན་ནོ། །གཉིས་པ་འཇིག་རྟེན་ཐ་སྙད་དུ་ཡང་རང་བཞིན་གྱི་གཞན་སྐྱེ་མེད་པར་སྟོན་པ། ག༷ང་ཕྱིར༷་འཇི༷ག་རྟེན༷་པ་རྣམ༷ས་ས༷་བོ༷ན་ཙ༷མ་མའི་མངལ་དུ་བཏབ༷་ན༷ས་བད༷ག་གི༷ས་བུ༷་འདི༷་བསྐྱེད༷་ཅེ༷ས་སྨྲ༷་བར་བྱེད༷་ཅི༷ང༌། རང་གིས་བཏབ་པའི་ཤི༷ང་འདི་ཡ༷ང་བདག་གིས་བཙུ༷གས་སོ༷་སྙམ༷་དུ༷་རྟོག༷ས་པར་བྱེད་པ་དེ༷ས་ན༷། རྒྱུ་འབྲས་གཅིག་ཏུ་བརྟགས་པ་ཡིན་ཕྱིར་རྒྱུ་འབྲས་དངོས་པོས་གྲུབ་པའི་གཞ༷ན་ལ༷ས་སྐྱེ༷་བ༷་འཇི༷ག་རྟེན༷་ལ༷ས་ཀྱང༷་མེ༷ད་དོ། །ཡོད་ན་བུ་དང་ཤིང་ལ་འདི་ངས་བསྐྱེད་དོ་ཞེས་བརྗོད་མི་རིགས་ཏེ།
དེའི་ས་བོན་དང་རྒྱུ་བཏབ་ཀྱི་འབྲས་བུ་དེ་གཉིས་དང་པོ་ནས་བསྐྱེད་པ་མིན་པས་སོ། །དེས་ན་འཇིག་རྟེན་རང་ག་བས་ས་མྱུག་སོགས་རྒྱུ་འབྲས་ལ་རང་མཚན་གྱིས་གྲུབ་པའི་གཞན་དུ་འཛིན་པ་མེད་ཅེས་སྟོན་པ་མིན་གྱི་ཐ་སྙད་དུའང་གཞན་སྐྱེ་མེད་པར་སྟོན་པའོ། །གསུམ་པ་དེ་ལྟར་བཀག་པའི་ཡོན་ཏན། གལ་ཏེ་རྒྱུ་འབྲས་རང་བཞིན་གྱིས་ཡོད་པའི་ཕྱོགས་ལ། རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ན།ས་མྱུག་རྒྱུ་འབྲས་མི་རུང་བས་མྱུ་གུ་ཡོད་བཞིན་དུ་ས་བོན་རྒྱུན་ཆད་པར་འགྱུར་ཏེ། ས་མྱུག་འབྲེལ་མེད་དུ་སོང་བས། མྱུ་གུ་ཡོད་ཀྱང་ས་བོན་གྱི་རིགས་རྒྱུན་མ་ཆད་པ་ལ་མི་ཕན་ཏེ། བ་ལང་ཡོད་པས་རྟ་ཤི་ནས་རིགས་རྒྱུན་ཆད་པ་མིན་པ་ལ་མི་ཕན་པ་བཞིན་ནོ། །ཡང་རང་བཞིན་གྱིས་གྲུབ་པའི་གཅིག་ཡིན་ན། མྱུ་གུའི་སྐབས་སུའང་ས་བོན་མ་འགག་པར་རྟག་པར་འགྱུར་ན་འདིར་རྟག་ཆད་ཀྱི་ཕྱོགས་གཉིས་ཀྱི་སྐྱོན་ལས་རང་གྲོལ་ལོ། །དེ་ལྟར་མཐའ་བཞི་ཁས་བླང་བའི་སྐྱེ་བ་ནི་མེད་ཀྱི་རྟེན་འབྱུང་ཙམ་གྱི་སྐྱེ་བ་ཁས་བླང་བའི་ཡོན་ཏན་ནི་ག༷ང་ཕྱིར༷་མྱུ༷་གུ༷་ས༷་བོ༷ན་ལ༷ས་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞ༷ན་མི༷ན་པ་དེ༷་ཕྱིར༷་མྱུག༷་ཚེ༷་ས༷་བོ༷ན་ཞི༷ག་ནས་རིགས་འདྲ་རྒྱུན་ཆད་པ༷་ཡི༷་སྐྱོན་མེད༷་ལ། ག༷ང་ཕྱིར༷་དངོས་པོ་གྲུབ་པའི་གཅི༷ག་ཉིད༷་ཡོད༷་པ་མི༷ན་པ་དེ༷་ཕྱིར༷་ཡ༷ང༌། ས་བོན་མྱུ་གུར་འཕོས་པ་མེད་པས་མྱུག༷་ཚེ་ས༷་བོ༷ན་ཡོ༷ད་ཅེ༷ས་རྟག་པར་ཡང་བརྗོ༷ད་པར་མི༷་བྱའོ༷། །གཉིས་པ་ཀུན་རྫོབ་ཙམ་དུའང་རང་བཞིན་གྱིས་སྐྱེ་བ་མེད་པར་སྟོན་པ་ལ། ཀུན་རྫོབ་ཏུ་ཡང་རང་བཞིན་གྱིས་སྐྱེ་བ་བཀག་པ་དང༌།
དེ་ལྟར་བཀག་པའི་ཕན་ཡོན་གཉིས། དང་པོ་ལ། བཀག་པ་དངོས་དང༌། དེ་ལ་རྩོད་པ་སྤང་བ་གཉིས།དང་པོ་ལ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བས་དགག་པ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་པ།དོན་དམ་པས་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་པ་གསུམ་ལས། དང་པོ།དེ་ལ་ཐལ་རང་གི་ཁྱད་པར་ཡང་དག་ཀུན་རྫོབ་ཙམ་དུ་ཡང་རང་མཚན་གྱིས་གྲུབ་པར་འདོད་མི་འདོད་ལ་རག་ལས་པ་ཡིན་ལ། ཀུན་རྫོབ་ཏུ་རང་མཚན་གྱིས་གྲུབ་པར་འཛིན་ན་དེའི་དབང་གིས་བདེན་གཉིས་ཕྱོགས་སུ་ལྷུང་བ་དང༌།སྟོང་རྟེན་འབྱུང་རོ་གཅིག་ཏུ་འདྲེ་བ་མེད་པས་ན་འདི་འགོག་པ་ནི་ཐལ་འགྱུར་ཐུན་མིན་གྱི་ལུགས་ཡིན་ལ། དེ་ལ་གོང་འོག་གི་རིགས་པ་སྤྱི་དང༌། ཁྱད་པར་རིགས་པའི་རྒྱལ་པོ་གསུམ་པོ་འདི་ཆེས་གལ་ཆེ་བ་ཡིན་པས་འདི་ཁོ་ནས་ཐལ་རང་གི་ཁྱད་པར་གྱི་གནད་རྣམས་རྟོགས་པར་འགྱུར་རོ། །དེ་ལ་ཆོས་རྣམས་ཀུན་རྫོབ་ཏུ་རང་མཚན་ཅུང་ཟད་ཡོད་ན་འཕགས་པའི་མཉམ་བཞག་གི་ངོར་དེ་མེད་པས་མཉམ་བཞག་གི་སྔ་ན་ཡོད་པ་ཕྱིས་ཞིག་པས་ན་ཐོ་བས་བུམ་པ་བཞིན་མཉམ་བཞག་གི་སྟོང་ཉིད་དངོས་པོ་ཡོད་པ་ལ་མེད་པར་སྐུར་པའི་ཚུལ་གྱིས་འཇིག་རྒྱུར་ཐལ་བ་དེ་མི་རིགས་པས་སོ། །དེ་བཞིན་དུ་ཅུང་ཟད་ཅིག་གྲུབ་པ་ཡོད་ན་དོན་དམ་པར་ཡང་ཡོད་དགོས་ལ། མ་གྲུབ་ན་ཀུན་རྫོབ་ཏུ་ཡང་གྲུབ་པར་མི་འགྱུར་བས་སོ། །ག༷ལ་ཏེ༷་གཟུགས་ཚོར་སོགས་ཆོས་རྣམས་ར༷ང་གི༷་མཚ༷ན་ཉིད༷་ཀྱིས་གྲུབ་པའི་ངོ་བོ་རྒྱུ་རྐྱེན་ལ་བརྟེན༷་ནས་སྐྱེ་བར་འགྱུར༷་ན༷་ནི་སྟོང་པ་ཉིད་མངོན་སུམ་རྟོགས་པའི་ཚེ་དངོས་པོའི་རང་བཞིན་དེ༷་ལ༷་སྐུར༷་པ་བཏབ་པ༷ས་ན་མཉམ་བཞག་གི་ཡེ་ཤེས་དེས་དངོ༷ས་པོ༷་འཇི༷ག་པ༷འི་ཕྱིར༷།
སྟོང༷་ཉིད༷་དངོ༷ས་པོ༷་འཇི༷ག་པ༷འི་རྒྱུ༷ར་འགྱུར་ན༷། དེ༷་ནི༷་རི༷གས་པ་མི༷ན་ཏེ་དེ༷་ཕྱིར༷་དངོ༷ས་པོ་གདོད་ནས་རང་མཚན་གྱིས་གྲུབ་པ་ཡོ༷ད་པ་མི༷ན་ནོ། །དེས་ན་བུམ་པ་བུམ་པས་མི་སྟོང༌། བདེན་པས་སྟོང་ཞེས་པ་འདི། དོན་དཔྱོད་ཀྱིས་བུམ་པ་མ་དམིགས་ན་དོན་དམ་པར་མེད་པ་དང་དོན་ཁྱད་མེད་ལ། བུམ་པ་རང་སྟོང་མིན་པར་ཁས་ལེན་མི་རུང་བ་ཅི་ཡོད་དེ། བུམ་པ་དོན་དཔྱོད་ཀྱིས་དམིགས་ལ།བདེན་གྲུབ་མ་དམིགས་པའི་ཁྱད་པར་འདི་ཡིན་གྱི་རིགས་པ་སྨྲར་མེད་བཞིན།དེ་གཉིས་བརྗོད་ཚུལ་ལ་ཁྱད་ཡོད་པ་ལྟར་དོན་ལ་ཁྱད་ཡོད་པར་སྒྲུབ་མི་ནུས་སོ། །གལ་ཏེ་ཕྱོགས་འདི་ནི་ཆོས་ཅན་བུམ་པ་མེད་དེ། ཚད་མས་མ་དམིགས་པའི་ཕྱིར་ཞེས་བརྗོད་པ་ལྟར། དགག་གཞི་བུམ་པའི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་ཡིན་ཏེ་བུམ་པ་ཐ་སྙད་དུ་ཡོད་པ་དང༌། བདེན་གྲུབ་ཐ་སྙད་དུ་མེད་པའི་ཁྱད་ཡོད་པས། དོན་དཔྱོད་ལ་བུམ་པ་མ་དམིགས་པ་ལས་ལྷག་པའི་བདེན་གྲུབ་མ་དམིགས་པའི་སྒྲུབ་བྱེད་གཞན་མི་དགོས་ཀྱང༌། བུམ་པ་མ་དམིགས་པ་དེ་བུམ་པ་བདེན་གྲུབ་མེད་པའི་དོན་དུ་སོང་གི བུམ་པ་མེད་པའི་དོན་དུ་མ་སོང་སྟེ། བཀོད་ཚོད་ལ་བུམ་པ་མེད་པར་འགོག་ཀྱང་སོང་ཚོད་ལ་བདེན་གྲུབ་བཀག་པ་ཡིན་ནོ་སྙམ་ན། སོང་ཚོད་ལ་བདེན་གྲུབ་བཀག་པར་སོང་ན། བུམ་པ་དོན་དམ་པར་བཀག་པར་ཡང་སོང་བས་བུམ་པ་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པ་དང༌།
བུམ་པ་ངོ་བོ་ཉིད་གྲུབ་པ་མེད་ཀྱང་བུམ་པ་ངོ་བོ་ཉིད་མེད་པར་ཡོད་པ་སོགས་ཐམས་ཅད་དེ་ལྟར་ཁས་ལེན་དགོས་པས་ཁྱད་འབྱེད་དཀའ་འོ། །དེ་ལྟར་ན་རང་སྟོང་དུ་ཁས་བླངས་པ་ལ་སྐྱོན་མེད་དེ། བུམ་པའི་ངོ་བོ་ཉིད་མེད་པ་ལ་རང་སྟོང་དུ་བརྗོད། ཐ་སྙད་དུ་བུམ་པ་མེད་པ་ལྟར་བཀག་ཀྱང༌། ངོ་བོ་ཉིད་གྲུབ་བཀག་པའི་དོན་དུ་སོང་བས། རང་སྟོང་དུ་ཁས་བླངས་ཀྱང་དེ་ལ་བསམ་པའི་བརྗོད་འདོད་ཀྱི་དབྱེ་བ་ཡིན་གྱི། དེའི་དོན་དུ་མ་སོང་ན་བདེན་གྲུབ་བཀག་པའི་སོང་ཚོད་ཀྱི་དབྱེ་བའང་མི་སྲིད་དོ། །གཞན་དོན་དམ་དཔྱོད་པས་གཞལ་བྱ་མིན་ན་ཐ་སྙད་དུ་མེད་པའི་ཁྱབ་པ་ཁས་ལེན་ན། ཐག་ཁྲ་སྦྲུལ་གྱིས་སྟོང་པ་ལྟར། ཐག་པ་ཡོད། དེ་ལ་སྦྲུལ་མེད། ས་ཕྱོགས་བུམ་པས་སྟོང་པ་ལྟར། དགག་གཞི་བུམ་པ་ཡོད། བདེན་གྲུབ་མེད་ཅེས་ཁས་ལེན་རྣམ་པ་ཀུན་ཏུ་མཚུངས་པས། དེ་འདྲའི་རང་གིས་མི་སྟོང་གཞན་གྱིས་སྟོང་པའི་སྟོང་ཉིད་གཏན་ལ་འབེབ་ཚུལ་འདིས་ཐ་སྙད་དུ་ཡོད་པའི་ཆོས་རྣམས་ལ་དེ་དང་དེར་ཞེན་པ་དང༌། དེའི་དབང་གིས་ཆགས་སྡང་སྐྱེ་བ་སོགས་འགོག་མི་ནུས་པས། དེས་གདུལ་བྱ་སུ་ལ་ཕན། དེ་ལྟར་བུམ་པ་བདེན་མེད་ཅེས་པ་ཐ་སྙད་ཀྱི་བུམ་པ་རང་མཚན་པ་མི་བཀགདེ་བཞིན་བུམ་པའི་ཆོས་སྐྱེ་འགག་ལ་ཡང༌། བུམ་པ་བདེན་པའི་སྐྱེ་བ་མེད། ཐ་སྙད་ཀྱི་སྐྱེ་བ་ཡོད། བདེན་པའི་འགག་པ་མེད། ཐ་སྙད་ཀྱི་འགག་པ་ཡོད་པས། ཆོས་ཅན་བུམ་པ་དང༌། དེའི་ཆོས་སྐྱེ་འགག་དང་མི་རྟག་པ་སོགས་ལ་དེ་ལྟར་སྦྱར་དགོས་ལ། དེ་ལྟར་དགག་བྱ་བདེན་སྐྱེ་སོགས་མེད་དུ་ཆུག་ཀྱང༌།
ཐ་སྙད་ཀྱི་སྐྱེ་འགག་གནས་གསུམ་མི་རྟག་པ་སོགས་ཆོས་དང་ཆོས་ཅན་བུམ་པ་རྣམས་ཐ་སྙད་རང་མཚན་པར་ཡོད་པར་འགྱུར་ལ། རང་མཚན་པར་ཡོད་ན་དེ་ལ་དེ་ཉིད་དུ་ཞེན་པ་འདི་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་སོང་བས། ཆགས་སྡང་སོགས་ཉོན་མོངས་སྣེ་གཅིག་མི་ལྡོག་ལ། ཐ་སྙད་ཀྱི་ཆོས་རང་རང་གིས་རང་གི་མཚན་ཉིད་མི་འདོར་བར་ངོ་བོ་ཉིད་ཀྱིས་གནས་པས། བདེན་གྲུབ་བཀག་ཅེས་ཐ་སྙད་སྐྱོན་མེད་ལྟར་སྣང་ཡང༌། དོན་རང་མཚན་ཉིད་བདེན་གྲུབ་ཏུ་སོང་བ་མ་ཚོར་བར་ཟད་དེ་རང་རྒྱུད་པའི་རང་མཚན་གྱིས་གྲུབ་པར་ཁས་བླངས་པ་དེ། ཐལ་འགྱུར་བས་བདེན་གྲུབ་ཏུ་འཕུལ་བའི་རིགས་པ་དེ་ཁྱོད་ལའང་མཚུངས་སོ། །གལ་ཏེ་ཐ་སྙད་ཀྱི་རང་མཚན་བཀག་ན་ཐ་སྙད་མེད་པར་འགྱུར་ཏེ། ཐ་སྙད་དུ་སྐྱེ་བ་དེ་ཐ་སྙད་ཀྱི་སྐྱེ་བའམ་སྐྱེ་བའི་རང་མཚན་ཡིན་ལ། དེ་མེད་ན་ཐ་སྙད་མེད་པར་འགྱུར་སྙམ་ན། དོན་དཔྱོད་ཀྱིས་བདེན་གྲུབ་སྐྱེ་བ་བཀག་གི་ཐ་སྙད་ཀྱི་སྐྱེ་བ་རང་མཚན་པ་མ་བཀག་པ་མིན་ཏེ། དེས་དཔྱད་ངོར་དོན་དམ་པར་མི་རྙེད་ཀྱི། ཐ་སྙད་དུ་རྙེད་པ་མི་སྲིད་དེ། ཐ་སྙད་ཀྱི་སྐྱེ་བ་རང་མཚན་པ་འདི་མིན་པའི་དོན་དཔྱོད་ཀྱི་དགག་རྒྱུའི་སྐྱེ་བ་གཞན་འཇིག་རྟེན་སོ་སྐྱེ་རྣམས་ཀྱིས་མི་འཛིན་ན་དེ་བཀག་མི་དགོས་ལ། ཐ་སྙད་ཀྱི་སྐྱེ་བ་རང་མཚན་འདི་འདི་ལྟར་སྣང་བ་ལྟར་ཡོད་དོ་སྙམ་པས་བདག་ཏུ་འཛིན་པ་ཡིན་ལ། དོན་དམ་པར་མི་དམིགས་རྒྱུ་ཡང་དེ་ཡིན་པས། དོན་དཔྱོད་ཀྱིས་དཔྱད་ན་བདེན་པ་གཉིས་ཆར་སྐྱེ་བ་མེད་ཀྱི།
ཐ་སྙད་ཀྱི་རང་མཚན་མ་བཀག་ཅེས་མི་རུང་ངོ༌། །གཉིས་པ། ཐ་སྙད་དུ་གཞན་སྐྱེ་ཡོད་དགོས་ཟེར་ན། རྐྱེན་ཉིད་འདི་པ་ཙམ་གྱི་མཐོང་བ་དེ་ལས་ག༷ང་ཕྱིར༷་དངོ༷ས་པོ༷་འདི༷་ད༷ག་མཐའ་བཞིའི་གང་ལས་སྐྱེ་བ་སོགས་རྣ༷མ་པར་དཔྱད༷་པ་ན༷། དེ༷་ཉིད༷་མ་སྐྱེས་པ་ཡི་བད༷ག་ཉིད་ཅ༷ན་དངོ༷ས་ལ༷ས་གཞན་ནམ་ཚུ༷་རོ༷ལ་ཏུ༷་གྱུར་པ། སྐྱེ་སོགས་ཀྱི་གན༷ས་རྙེད༷་པ་མ༷་ཡི༷ན་པ་དེ༷་ཕྱིར༷་འཇི༷ག་རྟེན༷་གྱི༵། ཐ༷་སྙད༷་བདེ༷ན་ལ༷་བདག་དང་གཞན་ལས་སྐྱེ་བ་སོགས་ཀྱི་རྣ༷མ་པ༷ར་དཔྱད༷་པར་མི༷་བྱ༷་སྟེ་དེས་དཔྱད་ན་འཇིག་རྟེན་ཐ་སྙད་མི་འགྲུབ་པས་སོ། །འོ་ན་ཐ་སྙད་རྒྱུན་ཆད་དམ་སྙམ་ན་ཐ་སྙད་ཀྱི་སྐྱེ་སོགས་དོན་དམ་གྱིས་མ་དམིགས་པས་ཐ་སྙད་རྒྱུན་ག་ལ་ཆད་དེ། དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིགས་བྱ། །ཞེས་གསུངས་པ་ལྟར། འཇིག་རྟེན་དུ་རྟེན་འབྱུང་གི་དབང་གིས་སྐྱེ་བ་ལྟར་སྣང་བ་ཡོད་པ་སུས་ཀྱང་དགག་མི་ནུས་ཏེ། ཁྱོད་དང་འཇིག་རྟེན་འདི་ནི་རྩོད་གྱིས་དང༌། །ཞེས་སོགས་བཞིན་ནོ། །དེས་ན་སྐྱེ་བ་འདི་ནི་མ་བརྟགས་མ་དཔྱད་པའི་འཇིག་རྟེན་གྱི་ངོར་ཡོད་ཀྱང༌། དོན་དཔྱོད་ཀྱིས་དཔྱད་ན་མཐའ་བཞིའི་སྐྱེ་ཚུལ་དུ་མི་སྐྱེ་བས་ཐ་སྙད་ཀྱི་སྐྱེ་བ་རྙེད་པར་མི་འགྱུར། ཁས་ལེན་དུ་ཐ་སྙད་བདེན་པ་རྣམ་པར་དཔྱད་མི་བྱ། ཞེས་པ་ལྟར་མ་བརྟགས་མ་དཔྱད་ཇི་ལྟར་སྣང་བ་ཁས་ལེན་དགོས་ཀྱི། དཔྱད་ནས་ཐ་སྙད་ཀྱི་སྐྱེ་བ་ཡོད་པར་ཁས་ལེན་ནས་དགག་རྒྱུ་གཞན་ཞིག་བཀག་པའི་ཚུལ་དུ་ཁས་བླངས་ན། བདེན་སྐྱེ་མེད་པས་སྐྱེ་མེད་ཀྱི་གོ་ག་ལ་ཆོད་ལ། ཐ་སྙད་ཀྱི་སྐྱེ་བ་ཡོད་པས་སྐྱེ་ཡོད་ཀྱི་གོ་ཆོད་ནས་སྐྱེ་བ་ཡོད།
འགག་པ་ཡོད་པར་འགྱུར་རོ། །སྐྱེ་འགག་རང་མཚན་པ་ཡོད་ན་མི་རྟག་པར་འགྱུར་རོ། །དེ་ལྟར་ན་ཉན་ཐོས་ཀྱི་འདོད་པ་ལས་ལྷག་པའི་སྐྱེ་འགག་མེད་པའི་ཁྱད་པར་དུ་བྱས་པའི་སྟོང་ཉིད་མི་འགྲུབ་བོ། །བདག་ཡོད། གཞན་ཡོད།ཉོན་མོངས་ཡོད། ལས་ཡོད། སྡུག་བསྔལ་ཡོད་སོགས་ཐ་སྙད་དུ་ཡོད་ཚད་སྣ་གཅིག་མི་ཁེགས་པས། བདེན་མེད་དུ་ཁས་བླངས་པའི་ཚིག་ཙམ་ཞིག་གིས་སྤྲོས་པ་སྣ་གཅིག་མི་ལྡོག་པས། ཀུན་རྫོབ་ཐ་སྙད་ཀྱི་གནས་ཚུལ་ཙམ་ཞིག་ལས་ལྷག་པའི་དོན་དམ་དོན་དཔྱོད་ཀྱིས་དཔྱད་པས་སྣ་གཅིག་གསར་དུ་གོརྒྱུ་མེད་པས། དེ་འདྲའི་སྟོང་ཉིད་བསྟན་པ་ལ་དགོས་པ་ཅི་ཡང་མེད་དེ། ཐ་སྙད་དུ་མེད་པ་ཐ་སྙད་དཔྱོད་བྱེད་ཀྱིས་གྲུབ་ཟིན་པའི་ཕྱིར་རོ། །མདོར་ན་ཆོས་གང་དང་གང་ལའང་བདེན་གྲུབ་མེད་ཅེས་བརྗོད་པ་འདི་དོན་དམ་པར་མེད་པ་གོ་བྱེད་ཡིན་ཀྱང་དོན་དམ་པར་མེད་པས་ཐ་སྙད་དུ་ཡང་མེད་མི་དགོས་པའི་ཚིག་སྦྱར་ཚུལ་ལེགས་པ་ཡིན། རང་གཞན་སུས་ཀྱང་དེ་ལྟར་བརྗོད་པ་ཙམ་ལ་འགལ་བ་མེད་མོད། དེའི་བརྗོད་ཚུལ་ལ་བསམས་ནས། ཐ་སྙད་ཀྱི་བུམ་སོགས་ལས་གཞན་པའི་དགག་བྱ་གཞན་དུ་གོ་ནས། བུམ་པ་གཞན་སྟོང་དུ་ཁས་ལེན་གྱི། མི་མིས་སྟོང་པའི་ལུང་དོན་དོན་དཔྱོད་ཀྱི་དབང་དུ་བྱས་པའི་ཁས་ལེན་ཡིན་པ་མི་གོ་བར་མི་མིས་སྟོང་ན་མི་ཐ་སྙད་དུ་མེད་པའི་གོ་བ་ཞིག་གསར་དུ་བླངས་ནས། གཞན་སྟོང་དུ་ཁས་བླངས་པ་དེ་དེའི་ངོར་ཆེས་ལེགས་ལེགས་འདྲ་ཡང༌། བདེན་གཉིས་འགལ་འདུར་གྱུར་དང་ཐ་སྙད་ཀྱི་རང་མཚན་མི་སྟོང་པའི་དོན་དུ་སོང་ནས་བདེན་གྲུབ་ཀྱང་མི་སྟོང་པའི་གནད་མ་གོ་བར།བདེན་མེད་དུ་ཁས་བླངས་བས་བདེན་མེད་དུ་ག་ལ་འགྱུར་སྙམ།
ཚིག་གི་གྲུབ་མཐས་བློ་ཚིམ་པ་ལྟ་བུར་འགྱུར་བའི་སྐྱོན་ཞིག་རང་རྒྱུད་པ་ལ་ཟླ་བས་བརྗོད་པ་འདི་འོང་ངོ༌། །བདག་དང་ཆོས་སུ་བཟུང་བས་གཟུང་འཛིན་སྣ་ཚོགས་པའི་དབང་གིས་ཉོན་ཤེས་ཀྱི་སྒྲིབ་པ་བྱུང་བ་ཡིན་ན་དེས་བཟློག་པ་དེའི་ཡུལ་བདག་དང་ཆོས་སུ་གྲུབ་པ་དཔྱད་པས་མེད་པར་ཤེས་ནས་བདག་ཏུ་འཛིན་པ་དང་ཆོས་སུ་འཛིན་པ་བཟློག་དགོས་ན། བཟློག་བྱའི་བདག་དང་ཆོས་དེ་བཟུང་བ་ཙམ་གྱིས་བདག་འཛིན་མ་ཡིན་ཏེ། བདག་དང་ཆོས་སུ་བདེན་པར་བཟུང་བས་སྒྲིབ་པ་འབྱུང་སྟེ། བདེན་པར་གྲུབ་པ་བཟློག་བྱ་ཡིན། །ཞེས་ཞི་ལྷས་གསུངས་ཀྱི་བདག་དང་ཆོས་ནི་བཟློག་བྱ་ཡིན་ཞེས་མ་གསུངས་པའི་ཕྱིར་དང༌། བདག་དང་ཆོས་བཟློག་ན་ཆད་ལྟར་འགྱུར་རོ་སྙམ་ན། བདེན་པར་གྲུབ་པ་ཞེས་པ་དེ།བདག་དང་ཆོས་རྣམས་མི་སྟོང་པ་ལ་གསུངས་པ་ཡིན་ཏེ། སྟོང་པ་དང་བདེན་མེད་གནད་གཅིག་ལ་ཐ་དད་པའི་དོན་མིན་ལ། ཁྱོད་ལྟར་ན་བདག་དང་ཆོས་སྟོང་པ་མ་ཡིན་ཏེ། བདེན་གྲུབ་ཀྱིས་སྟོང་ཞེས་པ་ལྟར་ན། སེམས་ཅན་རྣམས་ཀྱིས་ཀྱང་ཐ་སྙད་དུ་ཡོད་པའི་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་དམིགས་ནས་འདི་ནི་ངའོ་ཞེས་བཟུང་བར་ངར་འཛིན་ལྷན་སྐྱེས་མ་ཡིན་ནམ། རྣམ་འགྲེལ་ལས།བདེ་བར་གྱུར་པའམ་སྡུག་བསྔལ་པར། །མ་གྱུར་ཅིག་ཅེས་འདོད་པ་ན། །ངའོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་སོ། །
དེ་བཞིན་འདི་ནི་བུམ་པའོ་སྙམ་པའི་བློ་དེ་ཆོས་སུ་འཛིན་པ་ཡིན་ལ། ཡུལ་དེ་ལ་དེར་བཟུང་བ་ཙམ་གྱིས་བདག་གོ་ཆོས་སོ་ཞེས་རྟོག་ན། ཀུན་རྟོག་འདི་ཙམ་གྱིས།ཉོན་མོངས་ཀྱང་སྐྱེད། ལས་ཀྱང་བསགས། སྡུག་བསྔལ་ཡང་མྱོང་ཆོག་པས།འདི་མ་བཀག་ན། འདི་ལས་ཐ་དད་པའི་བདེན་གྲུབ་གཞན་དེས། ཉོན་མོངས་མི་སྐྱེད། ལས་མི་བསགས་པས་རི་བོང་གི་རྭ་ལྟ་བུ་ཐ་སྙད་དུ་མེད་པ་དེ་དགག་ཅི་དགོས། དེ་བཞིན་དུ་སྟོང་ཉིད་ཉི་ཤུའི་སྐབས་སུ། མིག་སོགས་ནང་གི་སྐྱེ་མཆེད་དྲུག་ལ་ནང༌། ཕྱི་ཡི་དྲུག་ལ་ཕྱི། དེ་བཞིན་གཞན་ཀུན་ལ་དེ་དང་དེར་འདུ་ཤེས་པ་ཙམ་གྱིས་དེ་དང་དེའི་ངོ་བོར་ཞེན་པ་སྐྱེ་ལ། དེ་ལྟར་ཆོས་ཐམས་ཅད་ལ་དེ་དང་དེར་འཛིན་ཞེན་འབྱུང་བས། དེའི་ཡུལ་སྟོང་པ་ཉིད་དུ་མ་སྒྲུབ་པར་མི་སྟོང་པར་བསྒྲུབས་ན། ཕྱི་བདེན་གྲུབ་དང༌། ནང་བདེན་གྲུབ་སོགས་ཀྱིས་སྟོང་པའི་སྟོང་ཉིད་ཉི་ཤུ་ཤེས་ཀྱང༌། དེ་ནང་ལ་ནང་གི་ཆོས་སུ་འཛིན་པ་སོགས་དེ་དེའི་ཞེན་པ་མི་ཁེགས་པས། ནང་དང་ཕྱི་དང་ཕྱི་ནང་གཉིས་ཀཆེན་པོ་དང་སྟོང་པ་ཉིད་སོགས་ལ་དེ་དང་དེར་འཛིན་པ་བཟློག་པའི་དོན་དུ་གསུངས་པ་དགོས་མེད་དུ་ཐལ་ཏེ། དེ་འདྲའི་སྟོང་ཉིད་དེས་དེར་འཛིན་སྣ་གཅིག་བཟློག་མི་ནུས་པའི་ཕྱིར་རོ། །ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །གསུངས་པ་ལྟར། འཇིག་རྟེན་ཐ་སྙད་ཀྱི་ཕུང་ལྔ་རང་གིས་མ་སྟོང་པར་ཡོད་ན། ཕུང་འཛིན་མི་ལྡོག་པར་མངོན་སུམ་གྱིས་གྲུབ་ལ། རང་རྒྱུད་ཀྱི་ཕུང་པོར་བཟུང་བ་ཙམ་ནས་ངར་འཛིན་སྐྱེ་བར་ཡང་མངོན་སུམ་གྱིས་གྲུབ་ན།
ངར་འཛིན་ཇི་ལྟར་བཟློགཕུང་ལྔ་བདེན་གྲུབ་གཞན་གྱིས་སྟོང་པའི་ཕྱིར་སྐྱོན་མེད་སྙམ་ན། ཕུང་པོ་ལྔ་རང་གི་ངོ་བོས་མི་སྟོང་པར་ཡོད་པ་དེ་ལ་དམིགས་ནས་ངར་འཛིན་གྱི། དེ་ལས་གཞན་པའི་ཆོས་ཀྱིས་སྟོང་ཡང་རུང༌། ཕུང་པོར་འཛིན་པ་ལ་ཅུང་ཟད་གནོད་མི་ནུས་ཏེ། བུམ་པ་སྣམ་བུས་སྟོང་ཡང་བུམ་པ་རང་གི་ངོ་བོ་སྟོང་པ་ལ་ཅུང་ཟད་མི་ཕན་པ་བཞིན་ནོ། །དེས་ན་ཕུང་ལྔ་རང་གི་ངོ་བོ་སྟོང་ཞེས་པ་དང་བདེན་མེད་ཁྱད་མེད་དུ་བཟུང་ན་བདེན་གྲུབ་མེད་པར་བརྗོད་ཀྱང་མི་འགལ་མོད། ཁྱད་ཡོད་དེ་ཕུང་ལྔ་རང་ངོས་ནས་མི་སྟོང་ཞིང༌།གཞན་བདེན་གྲུབ་ཀྱིས་སྟོང་པར་བཟུང་ནས་དེ་འདྲའི་སྟོང་ཚུལ་དེ་ལ་ཅི་ཙམ་སེམས་ཀྱང་ཕུང་པོར་འཛིན་པ་མི་ལྡོག་གོ །དེས་ན་བུམ་པ་ཆོས་ཅན། བདེན་པར་གྲུབ་པས་སྟོང་སྟེ། བདེན་པའི་གཅིག་དང་བདེན་པའི་དུ་མ་དང་བྲལ་པའིཕྱིར་ཞེས་པའི་རྟགས་ཆོས་དོན་གསུམ་གྱི་ལྡོག་པའི་སྒོ་ནས་སྒྲུབ་པའི་ཚིག་གིརྗེས་སུ་འབྲང་བའི་ཤན་དེས་བུམ་པ་དོན་གཞན་གྱིས་སྟོང་པ་སྟོང་ཉིད་ཀྱི་དོན་དུ་བཤད་དགོས་བྱུང་བ་འདི་བཞིན། བུམ་པ་ཆོས་ཅན། སྟོང་པ་ཡིན་ཏེ། དོན་དམ་དཔྱོད་པས་མ་དམིགས་པའི་ཕྱིར། ཞེས་པའི་དོན་དུ་མི་འཛིན་པར། བུམ་པ་ཆོས་ཅན། བདེན་གྲུབ་ཀྱིས་སྟོང་པ་ཉིད་ཡིན་ཏེ། ཞེས་པའི་ཁྱད་ཆོས་ཡོད་པར་བཟུང་བ་འདིས་བུམ་པ་དང་བུམ་པའི་སྟོང་པ་དོན་ལ་ཐ་དད་དུ་སོང་བས་བུམ་འཛིན་གྱི་ཞེན་ཡུལ་མི་ཁེགས་སོ། །དེས་ན་བུམ་པའི་རང་བཞིན་སྟོང་པ་ཡིན་སོགས་སྦྱར་བ་ལ། བུམ་པ་ལས་བུམ་པའི་རང་བཞིན་ཐ་དད་དུ་དོན་ལ་ཡོད་པར་གོ་ན།
མེ་ཡི་རང་བཞིན་ཚ་བ་དང་མེ་དོན་ཐ་དད་པར་ཐལ་བ་སོགས་སུ་འགྱུར་རོ། །དེས་ན་ཚིག་གི་རྗེས་སུ་འབྲངས་ནས་དོན་ལ་མི་རྟོན་པའི་ལམ་གྱིས་སྟོང་ཉིད་འཚོལ་བ་འདིས། སྐབས་འགའ་ཞིག་ཏུ་ཚིག་དེ་ལྟར་བརྗོད་པ་ལ། དོན་གྱི་རྟོགས་བྱ་སྟོང་པ་ཉིད་ཀྱི་གོ་བ་མི་སྐྱེ་བའི་གེགས་སུ་འགྱུར་བ་མང་བས། ཚིག་གི་གྲུབ་མཐའ་གནས་སྐབས་སུ་ཟིན་པ་ལས། སྟོང་པ་ཉིད་ཀྱི་གོ་བ་གནད་ཆེ་འདྲ་སྟེ། བློ་ནང་དུ་ཕྱོགས་ནས་བསམས་ན་དངོས་འཛིན་མི་ལྡོག་པའི་ཚིག་གི་གྲུབ་མཐའ་དེ་འདྲས་རྣམ་གྲོལ་མི་ཐོབ་ལ། སྟོང་པ་ཉིད་ཀྱི་དོན་མཐོང་ན་རྣམ་གྲོལ་ཐོབ་པས་སྟོང་པ་ཉིད་ནི་རྣམ་གྲོལ་འཐོབ་པའི་ཕྱིར་བསྟན་གྱི། ཚིག་གི་འཐེན་ཁྱེར་རྩོད་པའི་དོན་དུ་བསྟན་པ་མ་ཡིན་ནོ། །དེ་ལྟར་ཕུང་པོ་ལྔར་སྣང་བ་བསླུ་མེད་འདི་ལ་རགས་པ་རྣམས་རྡུལ་ཕྲ་རབ་ཀྱི་བར་དུ་གཞིག་ཚེ། ཕུང་པོ་ལྔ་རིལ་པོ་དང་རགས་པ་མེད་པར་རིགས་པ་དེས་རྟོགས་ནུས་ཀྱི།དེའི་ཕྱིར་ཕུང་པོ་དུ་མ་དང་མི་རྟག་པའི་རང་བཞིན་དུ་མཐོང་ངོ༌། །རྡུལ་ཕྲན་ཆ་མེད་རང་བཞིན་མེད་པར་མ་ངེས་ཀྱང༌། ཕུང་པོ་ལྔ་གཅིག་ཏུ་འཛིན་པ་དང༌།ཕུང་ལྔའི་བྱེ་བྲག་རེ་རེའང་གཅིག་པུར་འཛིན་པ་མེད་པར་མཐོང་ཚེ། དེ་འདྲའི་དུ་མ་དང་མི་རྟག་པའི་ཆོས་འདི་ཡང་ཞེས་མི་འཛིན་ཏེ། བདག་དུ་མར་ཐལ་བ་དང༌། མི་རྟག་པར་ཐལ་བའི་སྐྱོན་རང་གི་བློས་རྟོགས༷་ནས་བདག་ཅེས་པ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ལས་རང་གི་ངོ་བོ་ཉིད་མེད་པར་ཤེས་པ་དེས་བདག་འཛིན་ཟློག་ནུས་ཏེ། འདི་ལྟ་བུ་ཉན་ཐོས་པ་ལའང་ཡོད་དགོས་སོ། །
དེའི་སྐབས་སུ་ཕུང་པོ་རགས་པ་མི་སྟོང་གི་རགས་པ་བདེན་གྲུབ་ཀྱིས་སྟོང༌། དུ་མ་མི་སྟོང་གི་དུ་མ་བདེན་གྲུབ་ཀྱིས་སྟོང་མི་རྟག་པ་རང་ངོས་ནས་མི་སྟོང་གི་བདེན་གྲུབ་ཀྱིས་སྟོང་ཞེས་སྦྱར་བའི་གཞན་སྟོང་འདི་མ་སྦྱར་ཀྱང་བདག་མེད་རྟོགས་ནུས་ལ། སྦྱར་ན་ཕུང་པོ་རགས་པར་བདེན་པ་དེ། ལྔ་ཀ་གཅིག་ཏུ་ཚོགས་པའི་རགས་པའམ། རྣམ་ཤེས་དྲུག་ཚོགས་པའི་རགས་པའམ། ཐ་ན་ཡིད་རགས་པ་མི་སྟོང་པ་དེ་བདག་གི་གདགས་གཞིར་བྱས། བདག་འཛིན་གྱི་ཡུལ་བདག་ཡོད་པ་ལ་རིགས་པས་གནོད་པ་བསྟན་དུ་མེད་ལ། རགས་པ་དེ་རིལ་པོ་དང༌། གཅིག་པུ་དང༌། རྟག་པ་ཡིན་ཡང་རུང་སྟེ། རིལ་པོ་མི་སྟོང་པར་ཁས་བླངས་པས། དེ་འདྲའི་རིལ་པོ་གཅིག་པུ་དང༌། སྐད་ཅིག་མ་མ་ཡིན་པའི་རྟག་པར་འགྱུར་ཏེ། ད་དུང་དེ་དུ་མ་དང་སྐད་ཅིག་མར་དབྱེ་བའི་ཆར་གསིལ་རྒྱུ་ཡོད་ན། རྟག་གཅིག་ཏུ་བཏགས་པའང་དུ་མའི་ཆོས་ལ་རྟག་གཅིག་ཏུ་བཏགས་ཀྱི། རྟག་གཅིག་གི་ངོ་བོ་མི་སྟོང་པ་མ་ཡིན་པར་འགྱུར་རོ། །རྟག་གཅིག་གི་ངོ་བོས་སྟོང་པ་དེ་བདེན་གྲུབ་ཀྱིས་སྟོང་པར་བརྡ་སྦྱར་བ་ཡིན་ན་དེ་ལྟར་ཁོ་བོས་ཀྱང་འདོད་མོད། རྟག་གཅིག་ངོ་བོས་མི་སྟོང་ལ་བདེན་གྲུབ་ཀྱིས་སྟོང་པ་དེ་གཉིས་མི་གཅིག་པར་འདོད་པ་ཁྱོད་ལྟར་ན། རང་ངོས་མི་སྟོང་པར་ཁས་བླངས་ཕན་ཆོད་གཞན་གྱིས་སྟོང་ཡང་མི་ཕན་ཏེ། དུ་མ་ཡིན་པས་གཅིག་པུའི་ངོ་བོ་སྟོང་པ་དང༌། སྐད་ཅིག་མ་ཡིན་པས་རྟག་པའི་ངོ་བོ་སྟོང་པ་མིན་པའི་གཅིག་པུ་བདེན་གྲུབ་ཅེས་པ་དང༌། རྟག་པ་བདེན་གྲུབ་དང་རིལ་པོ་བདེན་གྲུབ་ཅེས་པ་འཇིག་རྟེན་ན་ཐ་སྙད་དུ་མི་སྲིད་པས།
དེས་སུ་ལའང་ཕུང་པོར་འཛིན་པ་དང༌། བདག་འཛིན་མི་སྐྱེད་པས་དེ་དགག་མི་དགོས་སོ། །ཆོས་ཀུན་རང་སྟོང་མིན་གཞན་སྟོང་ཡིན་པའི་འཆད་ཚུལ་འདིས། དོན་དམ་སྟོང་ཉིད་རྟོགས་ཚུལ་ལ་ནི་གོ་རྒྱུ་ཡང་ལྷག་ཡོད་པས་ཕན་པ་ཅུང་ཟད་མེད་པར་མ་ཟད་གནོད་བྱེད་དེ། རང་གི་ངོ་བོ་མི་སྟོང་པར་གྲུབ་ཕན་ཆོད། ཆོས་གཞན་གྱིས་སྟོང་པར་སྨྲས་ཀྱང་དེར་འཛིན་བཟློག་མི་ནུས་པའི་ཕྱིར་རོ། །ཁས་བླངས་དེ་ལ་ཀུན་རྫོབ་ཀྱི་སྣང་ཚུལ་ལ་རང་སྟོང་ལས་ལྷག་པའི་གོ་བ་སྐྱེད་རྒྱུ་ཅུང་ཟད་མེད་པར་མ་ཟད་གནོད་དེ། ཐ་སྙད་སྣང་ཚུལ་ལ་ཕུང་ལྔ་བསྙོན་མེད་དུ་སྣང༌། སྣང་བ་དེ་དུ་མར་སྣང་བ་དང་འགྱུར་བ་ཅན་སྣང་གི དེ་ལས་བཟློག་པ་གཅིག་པུ་དང་རྟག་པར་མི་སྣང་བས། ཐ་སྙད་སྣང་ཚུལ་རང་ལ་བརྟེན་ནས་རང་གི་ངོ་བོར་སྟོང་པར་དཔྱད་པས་གྲུབ་པ་ཡིན་གྱི། ཐ་སྙད་ལ་མ་བརྟེན་པར་དོན་དམ་རང་རྐྱ་བར་རྟོགས་ཚུལ་མེད་པས། ཐ་སྙད་རང་གི་སྣང་ཚུལ་གྱིས་ཡེ་ནས་རང་གི་ངོ་བོ་མ་གྲུབ་བཞིན་དུ་སྣང་བ་ཡིན་པ་རང་སྟོང་དུ་བརྗོད་པ་དེ་དངོས་སྟོབས་ཀྱིས་གྲུབ་པས་དེ་ཙམ་ལ་སྟོང་ཉིད་བརྗོད་པས་མི་ཆོག་པར། སྟོང་པ་ཉིད་ནི་བདེན་གྲུབ་ཀྱིས་སྟོང་པ་ཡིན་གྱི། ཀུན་རྫོབ་རང་སྟོང་མིན་ཞེས་སྔ་མ་ལས་ལྷག་པའི་གོ་སྐྱེད་མེད་པར་མ་ཟད། གོང་བཤད་དེ་ལས་ལྷག་པའི་བདེན་གྲུབ་ཡན་གར་བ་འཇིག་རྟེན་སུ་ལའང་སྣང་བ་དང་དེར་ཞེན་མེད་བཞིན། རང་བློས་བརྟག་པའི་དོན་བཞིན་ཀུན་བརྟགས་དེ་འདྲས་སྟོང་པར་བསྒྲུབ་པ་དོན་མེད་དེ། འཇིག་རྟེན་གྱི་བུམ་པ་ཉིད་འཛིན་གྱི། བུམ་པ་ལས་གཞན་པའི་བདེན་གྲུབ་འཛིན་པ་མི་སྲིད། བུམ་པ་རང་ངོས་ནས་མི་སྟོང་ན། བུམ་པ་མ་ཡིན་པའི་དེར་འཛིན་གྱི་གཞི་དེ་འདྲས་སྟོང་ཡང་ཐ་སྙད་སྒྱུ་མ་ལྟ་བུར་མི་འགྲུབ་སྟེ། སྦྲུལ་མེད་པས་ཐག་པ་སྒྱུ་མར་མི་རྟོགས་པ་བཞིན་ནོ། །དེས་ན་ཀུན་རྫོབ་དོན་དམ་གཉིས་ཀ་འགལ་མེད་ཡིན་པ་ནི་ཐ་སྙད་ཀྱི་ཆོས་རྣམས་ཀྱི་རང་གི་རང་བཞིན་གྱིས་དེ་ལྟར་སྣང་བ་ཡིན་པར་ཤེས་པར་བྱའོ། །
༈ མདོར་ན་སེམས་ཅན་ཐམས་ཅད་ཀྱི་ཕུང་སོགས་ཐ་སྙད་དུ་ཡོད་པའི་ཆོས་འདི་རྣམས་ལ་དམིགས་ནས། ངོ་བོ་ཉིད་དམ་རང་བཞིན་གྱིས་ཡོད་པའམ།སྣང་བ་ལྟར་དོན་དམ་པར་གྲུབ་པའི་བདེན་གྲུབ་ཏུ་བཟུང་བའི་དབང་གིས།བདག་དང་ཆོས་དང་ཕྱི་ནང་ལ་སོགས་པའི་གཟུང་འཛིན་ཀུན་རྟོག་སྣ་ཚོགས་ལུ་གུ་རྒྱུད་དུ་སྐྱེ་ཞིང༌། འཁོར་བར་འཁྱམས་པ་ཡིན་ལ། ཐེག་པ་གསུམ་གྱི་མྱང་འདས་ནི། གང་ཟག་གི་བདག་མེད་རྟོགས་པས་ཉོན་སྒྲིབ་སྤངས་ཏེ། འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཉན་ཐོས་ཀྱི་འབྲས་བུ་མངོན་དུ་བྱེད་པ་དང༌།གང་ཟག་གི་བདག་དང་གཟུང་བ་གཟུགས་ཀྱི་ཕྱོགས་བདེན་མེད་དུ་རྟོགས་པས་རང་རྒྱལ་གྱི་འབྲས་བུ་དང༌། བདག་མེད་གཉིས་རྟོགས་ཀྱི་མཁྱེན་པས་སྒྲིབ་གཉིས་སྤངས་པ་བྱང་ཆུབ་སེམས་དཔའི་ཐེག་པས་མི་གནས་པའི་མྱང་འདས་འཐོབ་པ་ཡིན་པ་སྤྱིར་བསྟན་ནས། དེ་ཡང་ཆོས་གང་དང་གང་དུ་འཛིན་པ་དེའི་གཟུང་ཡུལ་གྱི་ངོ་བོ་མེད་པར་རྟོགས་ན་དེར་འཛིན་ལྡོག་གི གཞན་དུ་འཛིན་པ་དེ་ནམ་ཡང་མི་ལྡོག་སྟེ།
འཕགས་པ་ལྷས། ཡུལ་ལ་བདེན་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །གསུངས་པ་བཞིན་ནོ། །དེ་ལ་བདག་མེད་མཐོང་ཚུལ་གོང་དུ་བཤད་མ་ཐག་པ་ལྟར་དོན་དམ་དཔྱོད་པའི་དཔྱད་ཡུལ་དང་སྟོང་པར་གཏན་ལ་དབབ་པར་བྱ་བ་ཐ་སྙད་དུ་ཡོད་པའི་ཆོས་འདི་རྣམས་ཡིན་གྱི། ཐ་སྙད་དུ་མེད་པ་རི་བོང་གི་རྭ་ལ་སོགས་པ་ནི་དོན་དཔྱོད་ཀྱིས་དགག་མི་དགོས་ཏེ། འཇིག་རྟེན་པ་སུ་ལ་ཡང་དེས་དམིགས་རྐྱེན་བྱས་ནས་བདག་འཛིན་སོགས་མི་སྐྱེད་པའི་ཕྱིར་རོ། །དེས་ན་བུམ་པ་ལྟ་བུ་ལ་དེའི་རང་མཚན་གྲུབ་མ་གྲུབ་གཅིག་དུ་བྲལ་གྱི་རིགས་པས་དཔྱད་པའི་ཚེ་ཐ་སྙད་ཀྱི་བུམ་པ་ཉིད་དཔྱད་བཟོད་དུ་མེད་པའི་ཕྱིར། བུམ་པ་ཉིད་རང་གི་ངོ་བོས་སྟོང་པར་དཔྱད་དགོས་ཏེ། རིགས་པ་དེས་སྟོང་པར་བསྒྲུབ་བྱ་བུམ་པ་ཉིད་ཡིན་ལ་བུམ་པ་ཉིད་མ་དམིགས་པར་སྒྲུབ་དགོས་ཀྱི། དེ་མ་གྲུབ་བར་དུ་བུམ་པ་བདེན་མེད་མི་འགྲུབ་བོ། །དེས་ན་སོ་སྐྱེ་རྣམས་ཀྱིས་དང་པོར་བདེན་གྲུབ་ཏུ་སྒྲོ་འདོགས་པའི་གཞི་བུམ་པ་དམིགས་ནས་དེ་ལ་བདེན་པར་འཛིན་གྱི་བུམ་པའི་སྟེང་གི་བདེན་གྲུབ་དམིགས་ནས་དེ་ལ་བདེན་པར་འཛིན་པ་མ་ཡིན་ལ།བདེན་གྲུབ་མིག་ཤེས་ལ་སོགས་པས་མངོན་སུམ་དམིགས་མི་སྲིད་དེ། དེ་འཁྲུལ་བས་སྒྲོ་བཏགས་པའམ་ཀུན་བཏགས་ཡིན་པའི་ཕྱིར་རོ། །དེས་ན་དོན་དམ་དཔྱོད་པས་དགག་རྒྱུ་ཐ་སྙད་དུ་ཡོད་པའི་ཆོས་འདི་རྣམས་ཡིན་ཏེ།
བུམ་པ་སོགས་ཐ་སྙད་ཀྱི་ཆོས་འདི་རྣམས་རྟེན་འབྱུང་གི་དབང་གིས་འདི་ལྟར་སྣང་བ་ནི་བསླུ་མེད་བསྙོན་མེད་དུ་ཡོད་མོད་ཀྱི། འདི་སྣང་བ་ལྟར་རང་གི་ངོ་བོ་ཉིད་དུ་གྲུབ་པ་ཞིག་གམ་མ་གྲུབ་པ་ཞིག་ཡིན་སྙམ་དུ། དོན་དམ་དཔྱོད་པའི་དབུ་མའི་གཏན་ཚིགས་བཞིས་དཔྱད་ན། བུམ་སོགས་འདི་སྣང་བཞིན་དུ་དེ་དང་དེའི་ཆོས་སུ་རྡུལ་ཕྲ་རབ་ཙམ་དཔྱད་བཟོད་དུ་མ་དམིགས་པ་ནི། བུམ་སོགས་ཆོས་རྣམས་རྐྱེན་གཞན་གྱིས་སྟོང་པར་བྱས་པའི་གཞན་སྟོང་མིན་གྱི། རང་གི་གཤིས་སམ་བབ་ཀྱིས་གདོད་ནས་སྐྱེ་བ་མེད་པའམ་དམིགས་སུ་མེད་པའི་སྟོང་པ་ཉིད་དུ་གནས་པར་གཏན་ལ་འབེབས་དགོས། དེ་ལྟར་རང་ངོས་ནས་སྟོང་པ་དེ་ལ།ཆོས་རྣམས་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། དོན་དམ་དཔྱོད་པའི་རིགས་པས་དཔྱད་ན་དེའི་ངོ་བོ་དམིགས་སུ་མེད་པའི་ཕྱིར་དེ་སྐད་བཏགས་སོ། །རང་བཞིན་མེད་པ་ཞེས་བྱ་སྟེ། དེ་དང་དེའི་རང་བཞིན་འདི་ཞེས་དམིགས་སུ་མེད་པའིཕྱིར་ལ།མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། དེ་བཞིན་མཚན་ཉིད་མེད་པ་དང༌། སྟོང་པ་ཉིད་དང༌། བདག་མེད་པ་དང༌། ཡང་དག་མཐའ་དང༌།དབྱིངས་ལ་སོགས་པའི་མིང་གིས་བསྟན་ཡང་དེའི་མིང་གི་རྣམ་གྲངས་གཞན་བདེན་གྲུབ་མེད་པ་ཞེས་བྱ་སྟེ། བུམ་སོགས་དོན་དམ་དཔྱོད་རིགས་ཀྱིས་དཔྱད་པའི་ཚེ་དཔྱད་བཟོད་དུ་གྲུབ་ན་བདེན་གྲུབ་ཡིན་དགོས་ཀྱང༌། འདུས་བྱས་འདུས་མ་བྱས་ཀྱི་ཆོས་གང་ལ་དོན་དམ་དཔྱོད་པས་དཔྱད་བཟོད་རྙེད་པ་མི་སྲིད་པའི་ཆ་ནས་བདེན་གྲུབ་མེད་པ་ཞེས་བཏགས་སོ། །
དེས་ན་བུམ་སོགས་རང་ངོས་ནས་མི་སྟོང་ལ། གཞན་བདེན་གྲུབ་ཀྱིས་སྟོང་པའི་གཞན་སྟོང་ཡིན་ཞེས་དེང་སང་གི་ཆོས་སྨྲ་པ་རྣམས་ཀྱིས་གྲུབ་མཐའ་བཟུང་བ་ལྟར་ན། བུམ་སོགས་རང་ངོས་ནས་མི་སྟོང་པའི་ཕྱིར་ཐ་སྙད་དུ་ཡོད་པའི་ཆོས་གཅིག་ཀྱང་སྟོང་པར་བསྒྲུབ་བྱ་མ་ཡིན་ལ། ངོ་བོ་ཉིད་མེད་པར་བསྒྲུབ་མི་རུང་བས། དེ་ཐམས་ཅད་དོན་དཔྱོད་ཀྱིས་མ་བཀག་པར་ཐ་སྙད་དུ་མེད་པའི་བདེན་གྲུབ་དགག་པར་བྱས་ནས། དོན་དམ་དཔྱོད་པས་དགག་པ་བརྗོད་ཚད་ལ། བདེན་གྲུབ་ཀྱི་ཁྱད་པར་སྦྱར་ཏེ་འགོག་པར་སྣང་ངོ༌། །སྤྱིར་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བ་ཙམ་ལ་འགལ་བ་མེད་ཅིང་གོ་བདེ་བའི་སྐབས་ཡོད་དེ། ཆོས་རྣམས་ཀྱི་ངོ་བོ་རང་སྟོང་ལ་བདེན་གྲུབ་མེད་པའི་ཐ་སྙད་སྦྱར་བའི་དབང་དུ་བྱས་ན་དེ་ལྟར་ཡིན་མོད་ཀྱི།ཆོས་རྣམས་ཀྱི་ངོ་བོ་རང་སྟོང་ལ་བདེན་མེད་ཀྱི་དོན་དུ་མི་འཛིན་པར། བདེན་གྲུབ་ཡན་གར་བ་འགོག་པའི་ཚུལ་དུ་གོ་ན། དེ་འདྲའི་སྟོང་ཉིད་དེས་ཆོས་རྣམས་ལ་དེ་དེའི་དངོས་འཛིན་སྣ་གཅིག་མི་ཁེགས་པས་སྟོང་ཉིད་གཏན་ལ་དབབ་པའི་དགོས་པ་སྟོར་བ་དང༌། ཆོས་རྣམས་ཀྱི་གནས་ལུགས་ཆོས་རང་ལས་གཞན་པའི་བདེན་གྲུབ་ཡན་གར་བ་བཀག་པའི་མེད་དགག་རྐྱང་བ་ཙམ་དུ་འགྱུར་བས། སྟོང་རྟེན་འབྱུང་གི་སྣང་བ་ཟུང་འཇུག་མཉམ་པ་ཉིད་ཀྱི་དོན་མི་རྟོགས་པ་དང༌། སྤྲོས་པ་ཀུན་བྲལ་ལ་སྐུར་བ་འདེབས་ཅིང༌། མེད་དགག་གི་སྤྲོས་པ་མ་དོར་བ། གཟུང་འཛིན་མེད་པའི་མཉམ་བཞག་སྣང་མེད་ཡིན་པར་ཁས་ལེན་ཡང༌། བདེན་གྲུབ་ཡན་གར་བ་ཁེགས་པའི་སྟོང་ཉིད་དེ་ལ་བསྐལ་བ་བརྒྱར་གོམས་ཀྱང་དེས་གཉིས་སྣང་སེལ་མི་ནུས་པ་དང༌།
དབུ་མའི་གཞུང་གི་དོན་དམ་དཔྱོད་པའི་རིགས་པས་དངོས་ཞེན་འགོག་ནུས་པ་དེ། འདིས་འགོག་མི་ནུས་པར་བདེན་གྲུབ་ཅེས་དགག་བྱ་སྣ་གཅིག་པོ་དེ་ཡི་སྟེང་དུ་བསྒྱུར་ནས་དེ་འཛིན་པའི་བློ་ལ་སྤྲོས་པ་ཀུན་བྲལ་གྱི་སྟོང་ཉིད་རྟོགས་པའི་སྐལ་བ་རིང་དུ་བྱས་ཤིང༌། གཞུང་ལུགས་རྣམ་དག་རྣམས་ཀྱི་དོན་དང་འགལ་བའི་འགལ་བ་བརྒྱ་ཕྲག་མང་པོའི་གནས་སུ་གྱུར་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དམ་གནས་ལུགས་སྐྱེ་བ་མེད་པ་དེ། ཤེས་བྱེད་ཀྱི་གཏན་ཚིགས་གཅིག་དུ་བྲལ་སོགས་ཡིན་ལ། དེས་དཔྱད་བཟོད་མེད་པར་གྲུབ་པ་ལ་ཆོས་ཐམས་ཅད་བདེན་མེད་དུ་གསུངས་ཤིང་དེ་ལྟར་གོ་དགོས་ཀྱི། ཆོས་གང་དོན་དཔྱོད་ཀྱིས་དཔྱད་བཟོད་མེད་ཀྱང༌། དེས་དེ་ཉིད་སྟོང་པར་མི་འགྲུབ་ཀྱི། དེས་བདེན་གྲུབ་ཀྱིས་སྟོང་པར་བྱས་ནས་བདེན་གྲུབ་དགག་བྱ་དང༌། སྟོང་པ་ཉིད་བསྒྲུབ་བྱ་ཡིན་ན། ཆོས་ཐམས་ཅད་མི་དམིགས་པར་བསྒྲུབ་བྱ་དང་སྟོང་པར་བསྒྲུབ་བྱ་མིན་པར་བདེན་གྲུབ་ཁོ་ན་མི་དམིགས་པ་དང་སྟོང་པ་ཡིན་པར་སྒྲུབ་དགོས་ན། བུམ་སོགས་གཅིག་དུ་བྲལ་སོགས་ཀྱི་རིགས་པས་མི་དཔྱད་པར་བདེན་གྲུབ་འབའ་ཞིག་ལ་དཔྱད་དགོས་ནའང༌། ཆོས་གང་གི་ཡང་ཁྱད་པར་མ་སྦྱར་བའི་བདེན་གྲུབ་ནི་རི་བོང་གི་རྭ་བཞིན། མིང་གིས་བཏགས་པའི་མིང་ཙམ་བརྗོད་བྱ་དོན་གྱིས་སྟོང་པ་ཡིན་ན། དེ་བུམ་སོགས་ལས་ཐ་དད་དུ་གྱུར་པ་དོན་དཔྱོད་ཀྱིས་ཇི་ལྟར་དཔྱད། ཕ་རོལ་པོས་འདི་སྙམ་དུ། དཔེར་ན་ཐག་པར་སྦྲུལ་དུ་འཁྲུལ་བའི་ཚེ། སྦྲུལ་དུ་སྒྲོ་འདོགས་པའི་གཞི་ཐག་པ་ཡིན་ལ།
ཐག་པར་སྦྲུལ་འཛིན་གྱི་བློ་དེས་ཐག་པ་ཉིད་སྦྲུལ་དུ་འཛིན་གྱི། ཐག་པ་ལས་གཞན་པའི་སྦྲུལ་དུ་མི་འཛིན་པས། གཞི་དེར་སྦྲུལ་ཡོད་མེད་དཔྱད་པས་མེད་པར་རྟོགས་ཚེ། ཐག་པ་ཉིད་ཡོད་པ་ལ། དེ་ཆོས་གཞན་སྦྲུལ་གྱིས་སྟོང་པ་ཡིན་པ་དང༌།ཐག་སྦྲུལ་འཛིན་པའི་བློས་སྦྲུལ་མཐོང་མ་མྱོང་ཡང༌། སྦྲུལ་དུ་འཁྲུལ་བ་དེ་ལ་བརྟག་ཚེ་ཐག་པ་ཉིད་ལ་དཔྱད་ནས་སྦྲུལ་མེད་པར་མཐོང་དགོས་པ་དང༌། དེའི་ཐག་པ་སྦྲུལ་གྱིས་སྟོང་པའི་ཆོས་གཞན་གྱིས་སྟོང་པ་དང༌། ཐག་པ་རང་ངོས་ནས་མི་སྟོང་པ་ལྟར། བུམ་སོགས་བདེན་གྲུབ་ཀྱིས་སྟོང་ཚུལ་དེ་དང་འདྲ་སྙམ་ན། ཐག་པ་རང་ངོས་ནས་མི་སྟོང་བ་ལྟར་བུམ་སོགས་རང་ངོས་ནས་མི་སྟོང་པ་དེ་ལྟར་ན། བུམ་སོགས་བདེན་གྲུབ་ཏུ་ཁས་མ་བླངས་ཀྱང༌། རང་ངོས་ནས་མི་སྟོང་པར་ཁས་བླངས་བའི་སྟོབས་ཀྱིས་བདེན་གྲུབ་ཏུ་འགྱུར་རོ། །དོན་དམ་དཔྱོད་པས་དཔྱད་བཟོད་དང་དམིགས་པར་ཡང་ཁས་ལེན་དགོས་ཏེ། ཟླ་བའི་ཞབས་ཀྱིས། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་འཕངས་པ་དེ་ལུགས་འདི་ལ་འབབ་བོ། །བུམ་སོགས་རང་གི་ངོ་བོ་བདེན་པར་གྲུབ་ན་བདེན་གྲུབ་གཞན་གྱིས་ཇི་ལྟར་སྟོང་སྟེ། ཅི་ཞིག་གི་བདེན་གྲུབ་ཀྱིས་སྟོང༌། དེས་ན་འདི་བརྗོད་བྱས་སྟོང་པའི་ངག་འབྲེལ་མེད་དོ། །ཇི་ལྟར་ཐག་པ་ལ་སྦྲུལ་བསལ་བ་དེ་བཞིན་ཐག་པ་ཉིད་སྐུད་པའི་རྣམ་པར་བཤིག་ནས་ཐག་པ་ཉིད་བཏགས་པ་ཙམ་ལས་དམིགས་སུ་མེད་པ་ན་སྤུ་དང་རྡུལ་ཕྲན་གྱི་བར་དེ་ལྟར་ཡིན་པ་ལ་ཐག་འཛིན་ཤེས་པ་དང༌།
དེའི་ཡུལ་ཐག་པ་གཉིས་ཀ་ཐ་སྙད་དུ་མ་འཁྲུལ་པ་ཡིན་པས། སྟོང་ཉིད་བསྒྲུབ་ཚེ་ཐག་པར་བདེན་གྲུབ་ཀྱི་ཁྱད་པར་སྦྱར་དགོས་ཀྱི། ཐག་པ་ལ་སྦྲུལ་མེད་སྒྲུབ་ཚེ་སྦྲུལ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་མི་དགོས་པ་འདི་བཞིན་དུ། བདེན་གྲུབ་ཀྱི་ཁྱད་པར་མ་སྦྱར་བར་བུམ་པ་བཀག་ན་ཐ་སྙད་བཀག་པའོ་སྙམ་དུ་འདི་དག་གིས་འདི་ལྟར་འཛིན་ནོ། །སྤྱིར་བདེན་གྲུབ་བཀག་ཅེས་དང་དེ་བཞིན་དུ་ངོ་བོ་ཉིད་གྲུབ་དང་རང་བཞིན་གྱིས་གྲུབ་པ་དང་རང་གི་རང་བཞིན་མི་སྟོང་པ་དགག་བྱ་ཡིན་ཞེས་བདག་ཅག་ཀྱང་ཁས་ལེན་མོད་ཀྱི། ཐ་སྙད་དུ་ཡོད་པའི་ཆོས་དེ་དག་གི་ངོ་བོ་ཉིད་དམིགས་སུ་མེད་པར་མ་གྲུབ་ན། དེ་རྣམས་དགག་པ་འགྲུབ་ཐབས་མེད་ལ། གྲུབ་ན་བདེན་མེད་སོགས་ཀྱང་གྲུབ་སྟེ་དེའི་ཕྱིར་དོན་དཔྱོད་ཀྱིས་ཐག་པ་དང་སྲད་བུ་སོགས་ཆ་དང་ཆར་བསིལ་ནས་བཤིག་ཚེ། རགས་པ་ཐག་པ་སོགས་ཐ་སྙད་དུ་ཡང་རང་གིས་གྲུབ་པ་མེད་པར་བཏགས་པ་ཙམ་དུ་འགྲུབ་དགོས་ཀྱི། དེ་མ་གྲུབ་ན་བདེན་གྲུབ་ཀྱང་མི་ཁེགས་ལ། གྲུབ་ན་བདེན་གྲུབ་དང་ངོ་བོ་ཉིད་གྲུབ་པ་སོགས་ཀྱང་ཁེགས་པས། བུམ་སོགས་རང་གི་ངོ་བོས་མི་སྟོང་ཞེས་བྱས་པ་ལ་དོན་ཅི་ཡང་མེད་དོ། །དེས་ཐ་སྙད་བཀག་ན་ཆད་སྟོང་དུ་འགྱུར་བས། བདེན་གྲུབ་བཀག་གི་ཐ་སྙད་ཀྱི་བུམ་སོགས་མ་བཀག་ཅེས་ཁས་ལེན་དགོས་སྙམ་ན།བཀག་ཅེས་དོན་དཔྱོད་ཀྱིས་མ་དམིགས་པས། ཐ་སྙད་རྣམས་ཐ་སྙད་དཔྱོད་བྱེད་ཀྱི་ངོར་བཀག་སྙམ་པ་གྱི་ན་སྟེ། དོན་དཔྱོད་ཀྱི་ངོར་མ་རྙེད་པའམ་མི་དམིགས་པ་ཡིན་ཚད་ཐ་སྙད་དུ་མེད་དགོས་ན།
དོན་དམ་དཔྱོད་པས་དཔྱད་བཟོད་དུ་རྙེད་རྒྱུའི་ཆོས་གཅིག་ཀྱང་མི་སྲིད་དོ། །སྲིད་ན་བདེན་མེད་མ་ཡིན་པའི་ཐ་སྙད་ཀྱི་ཆོས་ཀྱང་ཡོད་པས། དེ་དཔྱད་བཟོད་མེད་པར་རང་གཞན་གཉིས་ཀར་གྲུབ་བཞིན་དུ། དོན་དཔྱོད་ཀྱིས་དཔྱད་བཟོད་དུ་མེད་ཚད་ཐ་སྙད་དུ་མེད་དགོས་སྙམ་པ་ཁྱེད་ཅག་བདེན་གཉིས་འགལ་བར་འཛིན་པའི་བློ་སྐྱོན་ཏེ། དོན་དཔྱོད་ཀྱིས་མ་རྙེད་ཚད་ཐ་སྙད་དུ་མེད་དགོས་ན་དོན་དཔྱོད་ཀྱིས་དཔྱད་བཟོད་ཞིག་ཡོད་དགོས་ཀྱང་དེ་མི་སྲིད་པས། དོན་དམ་དཔྱོད་པའི་དངོས་སྟོབས་ཀྱི་རིགས་པས་བུམ་པ་དང་སྐྱེ་བ་སོགས་མ་གྲུབ་མ་དམིགས་བཞིན་དུ།དེ་ལ་ཚིག་གི་ལམ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བས་ཐ་སྙད་མི་འགོག་པ་ལ་ཅི་ཞིག་ཕན། དེས་བདེན་གྲུབ་ཀྱི་ངོ་བོ་ཉིད་དོན་དཔྱོད་ཀྱིས་བཀག་ལ་ཐ་སྙད་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་བཀག་པ་མིན་ཏེ། དེས་བུམ་སོགས་ཐ་སྙད་ཀྱི་ཆོས་རྣམས་དཔྱད་ཚེ་རང་གི་ངོ་བོ་དམིགས་སུ་མེད་པས། བུམ་སོགས་དེ་དག་ཐ་སྙད་དུ་རང་གི་ཡན་ལག་གི་ཚོགས་པ་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་ཀྱི། དཔྱད་བྱའི་ཡུལ་བུམ་སོགས་བདེན་གྲུབ་ཀྱི་ཁྱད་པར་བྱས་པ་འབའ་ཞིག་ལས་བློ་གནོད་མེད་ལ་སྣང་བའི་བུམ་སོགས་མིན་ཞེས་ཇི་ལྟར་སྨྲ་སྟེ། བདེན་གྲུབ་ཀྱི་ཁྱད་པར་དུ་བྱས་པའི་བུམ་སོགས་བློ་གནོད་མེད་ཀྱི་མིག་སོགས་ཀྱི་ཡུལ་དུ་སྣང་མི་སྲིད་པས། དེ་ཆ་ཤས་སུ་བསིལ་ཏེ་དགག་པ་མ་ཡིན་ལ། དེ་མཐའ་བཞི་སྐྱེ་འགོག་གི་རིགས་པས་མི་སྐྱེ་བར་བསྒྲུབ་པ་མ་ཡིན་ཏེ། ཐ་སྙད་དུ་ཡོད་པའི་བུམ་སོགས་ཆ་ཤས་དང་ཡན་ལག་ཅན་དུ་བསིལ་ནས་ངོ་བོ་ཉིད་མེད་པར་སྒྲུབ་པ་དང༌།
ཐ་སྙད་དུ་སྐྱེ་བའི་མྱུ་གུ་སོགས་སྐྱེ་བ་མེད་པར་བསྒྲུབ་པ་ཡིན་ནོ། །དེས་ན་རིགས་པ་དེ་དག་གིས་ཐ་སྙད་ཀྱི་ཆོས་དེ་རྣམས་ངོ་བོ་དམིགས་སུ་མེད་པ་དང་སྐྱེ་བ་མེད་པར་བསྒྲུབས་པ་དེས། ཆོས་དེ་རྣམས་ངོ་བོ་ཉིད་མེད་པ་དང༌། བདེན་གྲུབ་མེད་པར་གྲུབ་ཅེས་དང༌། སྐྱེ་འགག་སོགས་བདེན་གྲུབ་མེད་པར་གྲུབ་ཅེས་བརྗོད་རིགས་ཀྱི། དོན་དཔྱོད་ཀྱི་སྐབས་སུ་བུམ་སོགས་ཀྱི་ངོ་བོ་ཡོད་མེད་དང༌། སྐྱེ་མི་སྐྱེ་རིགས་པ་དེས་མི་དཔྱད་པར། བདེན་པའི་ངོ་བོ་དང༌། བདེན་པའི་སྐྱེ་བ་ཞེས་སྦྱར་མི་དགོས་ཏེ། དང་པོ་ནས་བདེན་གྲུབ་ཀྱི་ཁྱད་པར་མ་སྦྱར་བའི་ཐ་སྙད་ཀྱི་ངོ་བོ་དང་སྐྱེ་བ་སོགས་ལ་དཔྱད་པས་ཆོག་སྟེ། ངོ་བོ་དང་སྐྱེ་བ་ཡོད་མེད་དོན་དམ་དཔྱོད་པའི་དཔྱད་གཞི་འམ་སྟོང་པ་བསྒྲུབ་བྱ་དེ་བུམ་སོགས་ཐ་སྙད་ཀྱི་ཆོས་འདི་རྣམས་ཡིན་གྱི། བདེན་གྲུབ་ཀྱི་ཁྱད་པར་བྱས་པ་མ་ཡིན་པས། འདི་རྣམས་དོན་དམ་དཔྱོད་པས་དཔྱད་མི་བཟོད་པར་གྲུབ་ན་ངོ་བོ་ཉིད་མེད་པ་དང༌། བདེན་མེད་དུ་གྲུབ་པས། བུམ་པ་བདེན་པར་གྲུབ་པ་མེད་ཅེས་དང་བདེན་པའི་སྐྱེ་བ་ཞེས་བྱ་མི་དགོས་ཏེ། འདིརྣམས་དཔྱད་བཟོད་རྙེད་ན་བདེན་སྐྱེ་དང་བདེན་གྲུབ་ཡིན་ཡང་མ་རྙེད་པས་བདེན་མེད་དང་སྐྱེ་མེད་དུ་གྲུབ་པས་བདེན་གྲུབ་ཁེགས་པ་དང་བདེན་མེད་ཀྱི་ཐ་སྙད་དེར་གྲུབ་བོ། །དེའི་ཕྱིར་དོན་དཔྱོད་ཀྱིས་མི་རྙེད་རྒྱུ། ཐ་སྙད་དུ་ཡོད་པའི་བུམ་སོགས་དང༌། སྐྱེ་བ་སོགས་ཡིན་གྱི་བདེན་གྲུབ་ཀྱིས་ཁྱད་པར་དུ་བྱས་པའི་བུམ་སོགས་དང༌། སྐྱེ་བ་མ་ཡིན་ཏེ་དེ་ཐ་སྙད་དུ་ཡོད་མི་སྲིད་པས་དེ་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ཡུལ་མིན་པས།
དཔྱད་ཡུལ་མིན་པ་གཞན་ཞིག་དཔྱད་བཟོད་མེད་པ་དེ། དཔྱད་ཡུལ་མིན་པ་གཞན་ཞིག་དཔྱད་བཟོད་མེད་པར་བསྒྲུབས་པས་དགག་བྱར་སོང་བ་ལྟར་འདོད་པ་དོན་མེད་དེ།བདེན་གྲུབ་བཀག་པའི་ཐ་སྙད་སྐྱོན་མེད་ཡིན་ཡང༌། ཇི་ལྟར་བདེན་གྲུབ་དཔྱད་བཟོད་དུ་མེད་པའམ་སྟོང་པར་བསྒྲུབ་པ་དེ་བཞིན་བུམ་སོགས་དང་སྐྱེ་བ་སོགས་ཀྱང་དཔྱད་བཟོད་དུ་མེད་པ་དང་སྟོང་པར་གྲུབ་བཞིན། བུམ་སོགས་མི་སྟོང་པར་ཅི་ལ་སྨྲ་སྟེ། དཔྱད་བཟོད་དུ་འདོད་དམ། བདེན་གྲུབ་བཀག་ཟེར་ན་ཐ་སྙད་མ་བཀག་པར་གོ་ལ། དེའི་ཁྱད་པར་མ་སྦྱར་བར་བཀག་ན་དོན་དཔྱོད་ཀྱིས་ཐ་སྙད་བཀག་ཅེས་པ་འདི་ཐ་སྙད་དཔྱོད་པས་མེད་པར་བཀག་པ་དང་མི་འདྲ་སྟེ། དེས་བཀག་པ་ནི་ཆོས་དེ་དག་དོན་དམ་པར་དམིགས་སུ་མེད་པར་བསྒྲུབ་པ་ཡིན་པས། འདིས་བཀག་དགོས་ཏེ་མ་བཀག་ན་ཐ་སྙད་རྣམས་ཀྱི་ངོ་བོ་ཉིད་དང་བདེན་གྲུབ་ཀྱང་མི་ཁེགས་པས། རིགས་དེས་ཐ་སྙད་དུ་ཡང་མི་རིགས་པས། ཞེས་བདེན་པ་གཉིས་ཆར་སྐྱེ་བ་མེད་པར་གསུངས་ཏེ། དོན་དཔྱོད་ཀྱིས་དཔྱད་ན་བུམ་པ་དོན་དམ་པར་མ་རྙེད་མི་དམིགས་པར་སྟོང་པ་ཉིད་དུ་བསྒྲུབ་ཀྱི། དེས་ལྷག་མ་ཐ་སྙད་དུ་ལུས་པ་ཅུང་ཟད་ཅིག་གྲུབ་ནས། ཐ་སྙད་དུ་དམིགས་པ་ཞེས་བྱ་བ་ཅུང་ཟད་ཡོད་མི་སྲིད་དོ། །གསུམ་པ། དེ༷་ཁོ་ན་ཉིད༷་ལ་དཔྱོད་པའི་སྐ༷བས་སུ༷་རི༷གས་པ༷་ག༷ང་ཞི༷ག་གི༵ས་བད༷ག་ད༷ང་གཞ༷ན་ལ༷ས་སྐྱེ་བ༷་རི༷གས་པ་མི༷ན་པ༵་དག་གིས་རི༷གས་པ་དེ༷ས་ཐ༷་སྙད༷་དུ༷་ཡ༷ང་སྐྱེ་བ་རི༷གས་པ་མི༷ན་པ༵ས་ཁྱོད༷་ཀྱི༷་རང་བཞིན་གྱི་སྐྱེ༷་བ༷་ཚད་མ་ག༷ང་གི༷ས་འགྲུབ་པ་ཡི༷ན་པ༷ར་འགྱུར༵་ཏེ་མི་འགྲུབ་བོ། །
གཉིས་པ་རྩོད་པ་སྤོང༌། ཀུན་རྫོབ་ཏུ་ཡུལ་རང་གི་སྟེང་ན་སྡོད་ལུགས་རང་མཚན་གྱིས་གྲུབ་པའི་སྐྱེ་བ་བདེན་པ་གཉིས་ཆར་དུ་མེད་ན་གཟུགས་སོགས་གཏན་མེད་པར་འགྱུར་ལ། དེ་ལྟ་ན་གཟུགས་སོགས་མིག་ལ་སྣང་བར་མི་འགྱུར་ཏེ། དེ་མིན་ན་རི་རྭ་ཡང་སྣང་བར་འགྱུར་ཏེ། དེ་གཉིས་འདྲ་བས་སོ་ཟེར་ན། ལན་བསྟན་པ། དེ་ལྟར་ན་རྒྱུས་འབྲས་བུ་བསྐྱེད་མི་ནུས་ན་དངོ༷ས་པོ༷་སྟོང༷་པ༷་སྟེ་བརྫུན་པ་གཟུག༷ས་བརྙ༷ན་དང་སྒྲ་བརྙན་ལ༷་སོ༷གས་པ༵། མེ་ལོང་སོགས་རང་བཞིན་གྱིས་མ་གྲུབ་པར་རྒྱུ་རྐྱེན་གྱི་ཚོ༷གས་པ་གཞན་ལ༷་མ་ལྟོས༷་པ་རྣ༷མས་འཇིག་རྟེན་ན་མ༷་གྲ༷གས་པ༷་ཡ༷ང་ཡིན་པ་སྟེ་རྫུན་པར་གྲགས་པ་ཡིན་ལ། ཇི༷་ལྟར༷་འཇིག་རྟེན་ལ་གྲགས་པ་དེ༷ར་ནི༷་ཡུལ་གཟུ༷གས་བརྙན༷་སོ༷གས་སྟོང༷་པ་ལ༵ས། ཡུལ་ཅན་ཤེ༷ས་པ༷འང་གཟུགས་བརྙན་སོགས་དེ༷་ཡི༷་རྣ༷མ་པ༷་ཅན་དུ་སྐྱེ༷་བར་འགྱུར༷་བ་ལྟར༵། དེ༷་བཞི༷ན་དངོ༷ས་པོ༷་ཐ༷མས་ཅ༷ད་རང་མཚན་གྱིས་མ་གྲུབ་པས་སྟོང༷་ན༷་ཡ༵ང༌། སྟོང་ན་སྣང་མི་ཤེས་པ་མིན་པར་ངོ་བོ་སྟོང༷་ཉིད༷་ད༷ག་ལ༷ས་དེར་སྣང་གི་ཤེས་པ་ར༷བ་ཏུ༷་སྐྱེ༷་བ༷ར་འགྱུར༵་ཏེ་མངོན་སུམ་སྣང་རུང་ངོ༌། །དེ་ལྟར་ན་ཡུལ་རང་བཞིན་གྱིས་མ་གྲུབ་པ་གཅིག་གིས་འབྲས་བུ་བསྐྱེད་པའམ་སྟོང་བཞིན་སྣང་ནུས་ན་དེས་སྟོང་པའི་ཆོས་ཀུན་ཀྱང་སྣང་རུང་བའི་གོ་སྐབས་ཡངས་པོར་ཕྱེས་པ་ཡིན་ཏེ་གཟུགས་བརྙན་ལ་གང་སྣང་གི་ཆ་ནས་སྟོང་ཡང་རྒྱུས་བསྐྱེད་པ་དང༌། དེས་འབྲས་བུ་བསྐྱེད་པ་མི་འགལ་ཞིང་གཟུགས་བརྙན་མེད་པར་མི་འགྲོ་བ་བཞིན་དུ་སྟོང་ཡང་སྣང་བའི་འཐད་པ་སྟོན་པའོ། །
གཉིས་པ་ཐ་སྙད་དུ་ཡང་རང་བཞིན་གྱིས་སྐྱེ་བ་དགག་པའི་ཕན་ཡོན་ལ། རྟག་ཆད་ཀྱི་ལྟ་བ་ཤིན་ཏུ་ཕྲ་བ་སྤོང་བའི་ཡོན་ཏན་དང༌། ལས་འབྲས་ཀྱི་འབྲེལ་པ་ཆེས་འཐད་པའི་ཡོན་ཏན་གཉིས། དང་པོ། བདེ༷ན་པ༷་གཉི༷ས་སུ༷འ༷ང་ར༷ང་བཞི༷ན་མེད་པ༷འི་ཕྱིར༵། དེ༷་ད༷ག་རྟ༷ག་པ༷་མ༷་ཡི༷ན་ཆ༷ད་པ༷འ༷ང་མི༵ན་ལ་དེ་ལྟར་ན་དོན་དམ་པར་ལྟ་ཅི་ཀུན་རྫོབ་ཏུ་རང་བཞིན་གྱིས་ཡོད་པར་མི་འདོད་པ་དེ་ཚེ་བདེན་པ་གཉིས་ཆར་ལ་ལྟོས་པའི་རྟག་ཆད་ཀྱི་མཐའ་ཕྲ་བའང་ཁེགས་ཏེ།འདི་ལྟར་ཀུན་རྫོབ་ཏུ་རང་བཞིན་གྱིས་ཡོད་ནའང༌། ཀུན་རྫོབ་ཀྱི་སྟེང་གི་རྟག་ཆད་ཁེགས་མི་ནུས་ལ། འདིར་ཀུན་རྫོབ་ཏུ་མེད་པས་ཀུན་རྫོབ་ལ་ལྟོས་པའིརྟག་ཆད་ཕྲ་བའང་མེད་པའོ། །གཉིས་པ་ལ། ཀུན་གཞི་སོགས་མེད་ཀྱང་ལས་འགགས་པ་ལས་འབྲས་བུ་འབྱིན་ནུས་པའི་ཚུལ་དང༌། དེ་ལྟར་བསྟན་པ་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ་དངོས་དང༌། དཔེ་བསྟན་པའོ། །དང་པོ།གང༷་ཕྱིར༷་ལས་རང་བཞིན་གྱིས་མ་གྲུབ་བས་ར༷ང་བཞི༷ན་གྱིས༷་ལས་དེ༷་མི༷་འག༷ག་པ༵་དེ༷་ཕྱིར༷་ཀུ༷ན་གཞི༷་སོགས་ལས་འབྲས་ཀྱི་བར་ལག་སྦྲེལ་བ་ཞིག་མེ༷ད་ཀྱ༷ང་ལས་འགགས་པས་འབྲས་བུ་འབྱིན་པ་འདི༷་ནུས༷་པའི་ཕྱིར༵། སྐབས་ལ༷་ལ༷ར་ལ༷ས་འག༷གས་ཏེ་བསྐལ་པ་སོགས་ཡུ༷ན་རི༷ང་ལོ༷ན་པ་ལ༷ས་ཀྱང༵༌། འབྲ༷ས་བུ༷་ཡ༷ང་ད༷ག་འབྱུང༷་བ༷་རི༷ག་པ༷ར་གྱིས༵་ཞེས་སེམས་ཙམ་པའི་ཀུན་གཞི་དང་མདོ་སྡེ་པའི་སེམས་ཀྱི་རྒྱུན།
བྱེ་སྨྲའི་ཐོབ་པ་དང་ཆུད་མི་ཟ་བ་སོགས་ཡོངས་སུ་རྟོག་པ་མེད་པར་ཡང་ལས་འབྲས་འཐད་པར་བསྟན་པ་སྟེ། ལས་འབྲས་ངོ་བོས་གྲུབ་པའི་ཕྱོགས་ལ་ལས་འགགས་ཟིན་ན་དེས་འབྲས་བུ་མི་བསྐྱེད་པས་དེའི་བག་ཆགས་བགོ་སའམ་འབྲས་བུ་འབྱིན་པའི་བར་རྒྱུན་ཆགས་ཞིག་མེད་ན་མི་ལོ་བ་དང༌། འདིར་ལས་འབྲས་གཉིས་ཀ་ངོ་བོས་མ་གྲུབ་པས་བརྟེན་ནས་སྐྱེ་བ་ཙམ་ལས་བར་ཆད་མ་ཆད་ཕྲད་མ་ཕྲད་ཀྱི་བརྟགས་མཐའ་མི་འཇུག་པ་བྱད་ལ་སོགས་པ་ལྟ་བུ་ཡིན་ཏེ། རྒྱུ་ལ་བརྟེན་ནས་དེ་བྱུང་བ་ཙམ་ལས། རྒྱུ་འབྲས་ཕྲད་མ་ཕྲད་སོགས་ཀྱིས་བརྟགས་ན་ས་མྱུག་སོགས་རྒྱུ་འབྲས་ཅི་ཡང་མི་འཐད་དོ། །མོ་གཤམ་གྱི་བུ་མ་སྐྱེས་བ་ལ་འཆི་བ་མེད་པ་བཞིན་འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །དེ་ལྟར་ན་ལས་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་རང་བཞིན་གྱིས་གྲུབ་པའི་འགག་པ་ཡང་མེད་ལ། འགག་པ་རང་བཞིན་གྱིས་མ་གྲུབ་ན་འགགས་པས་ཅི་ཞིག་གནོད་དེ་མི་གནོད་དོ། །
༈ དེར་མ་ཟད་རྒ་ཤིའི་རྐྱེན་གྱིས་སྐྱེ་བ་སོགས་ལུང་དང༌། ཇི་སྲིད་མ་འགག་པར་མི་སྐྱེ་བ་སོགས་ཞིག་པའང་འབྲས་བུའི་རྒྱུར་འགྱུར་བ་ཞིག་ན་སྐྱེད་མི་ཤེས་པ་ཡིན་ཏེ། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པ་ཞིག་པ་དངོས་པོའི་ལུང་ཡིན་ན། དེ་མ་ཐག་ཏུ་འགལ་བ། མྱ་ངན་འདས་པ་འདུས་མ་བྱས། །ཞེས་གསུངས་མི་རིགས་ཏེ། མྱང་འདས་བརྟག་འགོག་སྒྲིབ་པ་ཟད་པའམ་ཞིག་པ་ཡིན་པའི་ཕྱིར་དང༌། སློབ་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་བུ་ཤི་བ་ལས་མྱ་ངན་སྐྱེ་བའམ། མོ་གཤམ་ལ་བུ་མེད་པས་མྱ་ངན་སྐྱེ་བ་ཡོད་པས་གཏན་མེད་ཀྱང་དངོས་པོ་དང༌། མོ་གཤམ་བུ་མེད་དངོས་པོ་དང་བུ་དངོས་མེད་ཡིན་ན་གོ་ལོགསྟོང་ཉིད་རྒྱུ་འབྲས་འཆར་བས་དངོས་པོ་དང༌། དེ་མ་ཡིན་དགག་ཏུ་འགྱུར་ཏེ། ཁྱེད་ལུགས་ཞིག་དངོས་མ་ཡིན་དགག་ཡིན་པས་སོ། །འདོད་ན་སྟོང་ཉིད་མེད་དགག་ཏུ་འདོད་པ་བུད། ཞིག་པ་མ་ཡིན་པའམ། བུམ་པ་ཞིག་པ་མེད་པ་ནི་མ་ཞིག་ད་ལྟར་གྱི་དངོས་པོ་པ་སྟེ། དེ་དངོས་པོ་ཡིན་དགོས་ལ། དེ་ལྟ་ན་ཞིག་པ་དངོས་པོ་མིན་པར་ཐལ་ཏེ་ཞིག་པ་མེད་པ་དངོས་པོ་ཡིན་པས། ཞིག་པ་རང་དངོས་པོར་མི་རུང་ངོ༌། །བུམ་པ་མེད་པ་དངོས་མེད་ཡིན་པ་བཞིན་ནོ། །ཞིག་པ་མེད་པ་མེད་པ་ནི་དངོས་མེད་ཡིན་ཏེ་སྔ་མ་ལས་བཟློག་པས་སོ། །དགག་པ་གཉིས་ཀྱི་རྣལ་མ་གོ་བ་ནི་དངོས་པོའི་མིང་ལ་སྟེ། དགག་པ་དངོས་མེད་ཀྱི་མིང་ལ་ནི་དགག་པ་གཉིས་ཀྱིས་བཟློག་ལ་གསུམ་རྣལ་མ་འདྲ། དེ་བས་ན་ཞིག་མ་ཞིག་གཉིས་ཀ་དངོས་པོ་ཡིན་ན། དགག་པ་གཉིས་མི་འགལ་བའམ། ཡོད་མེད་གཉིས་ཕན་ཚུན་སྤང་བ་མིན་པར་ཐལ། སྒྲའི་རྣམ་བཅད་མི་ཤེས་པས་སྒྲ་བརྗོད་པ་ལ་བརྟེན་ནས་དངོས་དངོས་མེད་ནོར་བར་ཐལ་ལོ། །
༈ རྒྱུ་དངོས་མེད་དུ་སོང་བའི་དུས་ནམ་ཡང་མི་སྲིད་པར་ཐལ། རྒྱུ་ཞིག་པ་དང་མ་ཞིག་པ་གཉིས་ཀ་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ་ཞིག་མ་ཞིག་གཉིས་ལས་གཞན་པའི་རྒྱུ་མི་སྲིད་པའི་ཕྱིར། འགགས་མ་འགག་གཉིས་ཀ་དངོས་པོ་ཡིན་ན་དེ་གཉིས་སྤང་འགལ་མིན་པར་ཐལ། དེ་གཉིས་རྒྱུ་འབྲས་ཡིན་པ་དང་དངོས་པོ་ཡིན་པས་སོ། །འགལ་ཟླ་དངོས་མེད་སྤང་འགལ་མིན་ན། རྟག་མི་རྟག་གཉིས་ཀའང་མི་འགལ་ཏེ། ཞིག་མ་ཞིག་དང་རྟག་མི་རྟག་འདས་མ་འོངས་ཀྱི་བརྗོད་ཚུལ་ཙམ་ལས་དོན་འདྲ་བའི་ཕྱིར་རོ། །དངོས་པོ་ཐམས་ཅད་རིལ་རྟག་པར་ཐལ་ཏེ། སྤང་འགལ་གྱི་དངོས་མེད་གཞི་མི་སྲིད་པའི་ཕྱིར་རོ། །ཡང༌། ཁ་ཅིག་མར་མེ་ཤི་བ་ལས་མུན་པ་སྐྱེ་བའི་ཕྱིར་ཞིག་པ་དངོས་པོ་ཡིན་ཞེས་སྒྲུབ་བྱེད་སྨྲ། དེའི་ལུགས་ལ་མར་མེ་མུན་པའི་བརྒྱུད་རྒྱུར་ཁས་ལེན་དགོས་ཏེ། མར་མེ་མེད་ན་དེ་ཤི་བ་མེད། དེ་མེད་ན་མུན་པ་མི་སྐྱེ་བས་སོ། །གླིང་བར་རྣམས་སུ་ཆོས་ཅན། མུན་པ་མེད་པར་ཐལ། མར་མེ་ཤི་བ་མེད་པའིཕྱིར།དེར་མར་མེ་མེད་པ་དང་ཤི་བ་དོན་གཅིག་སྙམ་ན། མོ་གཤམ་བུ་ཤི་བ་ཡོད་པར་ཐལ། མོ་གཤམ་བུ་མེད་པ་ཡོད་པའི་ཕྱིར། རྟ་ཤི་བ་ལས་རྐང་ཐང་དུ་འགྲོ་བ་སྲིད་ན། རྟ་མེད་སྤྲང་པོ་རྐང་ཐང་དུ་མི་འགྲོ་བར་ཐལ། རྟ་ཤི་བ་མེད་པའི་ཕྱིར་རོ། །ཧ་ཧ། དེས་ན་བག་ཆགས་ཀྱི་གཞི་ངའོ་སྙམ་པ་ཙམ་གྱི་དམིགས་པ་དེ་ཉིད་ཡིན་ཏེ། རྣམ་ཤེས་ལ་བརྟེན་ནས་བཏགས་པའི་རྒྱུད་ཡིན་པས་སེམས་ཀྱི་རྒྱུད་ཀྱང་དེའོ། །དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དེ། སློབ་དཔོན་གྱིས། ས་བོན་ཞིག་དང་མ་ཞིག་ལས། །འབྲས་བུ་འབྱུང་བ་མ་ཡིན་པ། །ཁྱོད་ཀྱི་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་གསུངས། །ཞེས་སོ། །
གཉིས་པ། སྲིད་པ་འཕོ་བའི་མདོ་ལུང་གི་རྗེས་སུ་འཆད་དེ། དཔེར་ན་རྨི༷་ལ༷མ་གྱི་སྐབས་སུ་དམི༷གས་པ༷འི་ཡུ༷ལ་བུད་མེད་བཟང་མོ༷་དག་མཐོ༷ང་ན༷ས་ནི༷། ས༷ད་ཚེ་ཡུལ་དེ་འགགས་ཀྱང༷་ཡུལ་དེ་ལ་དམིགས་ནས་བླུན༷་པོ་ལ༷་ལ་ཆ༷གས་པ༷་སྐྱེ༷་བར་འགྱུར༷་བ༵། དེ༷་བཞི༷ན་ད་ལྟ་འག༷གས་ཤི༷ང་ར༷ང་བཞི༷ན་ཡོ༷ད་པ་མི༷ན་པ༷འི་ལ༷ས་ལ༷ས་ཀྱང༷་ནི༷་འབྲ༷ས་བུ༷་རྗེས་སུ་བསྐྱེད་པ་ཡོ༷ད་པ༷་ཡི༵ན་ནོ། །གཉིས་པ་རྩོད་སྤོང་ལ། རྣམ་སྨིན་ཐུག་མེད་དུ་འབྱིན་པའི་རྩོད་སྤོང་དང༌།ཀུན་གཞི་ཡོད་པར་གསུངས་པའི་ལུང་དང་འགལ་བའི་རྩོད་སྤང་གཉིས། དང་པོ་ལ། དོན་གཉིས་མཚོན་པའི་དཔེ་བསྟན་པ་དང༌། དཔེ་ཅན་ལས་ཀྱི་འབྲས་བུ་བསྐྱེད་ཚུལ་དངོས་གཉིས། དང་པོ། ཡུལ་རང་བཞིན་གྱིས་མ་སྐྱེས་པ་ལ་རང་བཞིན་གྱི་ཟད་པ་མེད་པས་རྣམ་སྨིན་འབྱུང་བར་འདོད་ན། རྣམ་པར་སྨིན་ཟིན་པའི་ལས་ལས་ཀྱང་སླར་ཡང་རྣམ་སྨིན་ཐུག་མེད་དུ་ཅིའི་ཕྱིར་མི་འབྱིན་ཏེ།འགགས་པས་མི་གནོད་ན་དེ་ལྟར་འཐད་ཟེར་བ་དང༌། རྣམ་པར་སྨིན་ཟིན་མ་ཟིན་གཉིས་ཀ་ཡང་མེད་པར་མཚུངས་ཟེར་བ་ལ། རང་བཞིན་མེད་པར་འདྲ་ཡང་དོན་བྱེད་ནུས་མི་ནུས་ལ་ཁྱད་ཡོད་དེ། ཇི༷་ལྟར༷་རི་རྭ་དང་སྐྲ་ཤད་སོགས་རྫུན་པའི་ཡུ༷ལ་ཐམས་ཅད་ནི༷་རང་བཞིན་གྱིས་ཡོ༷ད་ཉིད༷་མི༷ན་པར་མཚུ༷ངས་ཀྱ༵ང༌།སྐྲ་ཤད་ལྟ་བུའི་ཡུལ་དེ་ར༷བ་རི༷བ་ཅ༷ན་གྱིས༷་མཐོང་ཡུལ་དེ་སྐྲ༷་ཤ༷ད་ཀྱི་རྣམ༷་པ༷ར་ནི༵་མཐོ༷ང་གི༷་རི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པའི་དངོ༷ས་གཞ༷ན་གྱི་རྣ༷མ་པ༷ར་མ༷་ཡི༷ན་པ་ལྟར༷་རོ། །གཉིས་པ་ལ། རྣམ་སྨིན་ཐུག་མེད་དུ་མི་འབྱིན་པའི་ཚུལ་དང༌། འབྲས་བུ་འཆོལ་བར་མི་འབྱིན་པའི་ཚུལ་གཉིས།
དང་པོ་དཔེ་དེ༷་བཞི༷ན་ལས་ཀྱི་རང་བཞིན་མ་འགགས་པར་མཚུངས་ན་ཡང་ལས་མ་སྨིན་པ་ལས་འབྲས་བུ་སྨིན་གྱི་སྨི༷ན་ལ༷ས་སླ༷ར་སྨི༷ན་པ་མི༷ན་པར་ཤེ༷ས་པར་གྱི༵ས་ཤིག་སྟེ།དཔེར་ན་རྫུན་པའི་ཡུལ་སྐྲ་ཤད་དེས་ཡུལ་ཅན་གྱི་ཤེས་པ་སྐྲ་ཤད་ཀྱི་རྣམ་པར་སྐྱེད་ཀྱི་གཞན་དུ་མིན་པ་ལྟར་མེད་པའི་ཆོས་ཀྱིས་རང་འབྲས་སྐྱེད་ཅིང་དེ་ཡང་གང་བྱུང་བྱུང་མིན་པར་མི་འཆོལ་བར་སྐྱེད་ནུས་ན། མེད་པའི་ལས་སོགས་ཀྱིས་ཀྱང་དེ་ལྟར་བྱེད་པའི་སྒོ་ཡངས་པོར་བྱེད་པའོ། །སྐྲ་ཤད་དེ་ཇི་སྲིད་ཡོད་པའི་བར་ཡུལ་ཅན་ཀྱང་དེའི་རྣམ་པར་སྐྱེད་པའོ། །གཉིས་པ་དེར་མ་ཟད་དཔེ་དེ་བཞིན་དུ་དགེ་མི་དགེ་སོགས་རང་བཞིན་མེད་ཀྱང་དེ༷་ཕྱིར༷་རྣ༷མ་སྨི༷ན་མི༷་དགེ༷་ཞིང་ཡིད་དུ་མི་འོང་བ་སྡུག་བསྔལ་ན༷ག་པོ༷འི་ལ༵ས་ཀྱི་མཐུ་དང༌། རྣ༷མ་སྨི༷ན་ཡིད་འོང་བདེ་བ་དགེ༷་ཉིད༷་དགེ༷་ལ༷ས་ཡི༷ན་པར་མཐོ༷ང་སྟེ། རྒྱུ་འབྲས་འཆོལ་བ་ཡང་མི་འགྱུར་བ་ཉིད་དུ་ངེས་པར་ཡིན་ཞིང༵༌། མིག་དག་པ་ལ་སྐྲ་ཤད་སོགས་མིག་སྐྱོན་ཅི་ཡང་སྣང་བ་མིན་པ་ལྟར་དགེ༷་བ་དང་མི༷་དགེ༷་བ་གཉིས་ཀ་རང་བཞིན་མེ༷ད་པར་ལྟ་བའི་བློ༷་ཅ༷ན་ཐ༷ར་བར་འགྱུར༷་ཏེ༵། ལ༷ས་འབྲ༷ས་རྣ༷མས་ལ༷་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་བའི་རྒྱུ་མཚན་འཐད་སྒྲུབ་ཀྱིས་ཞིབ་པར་བཙལ་ནས་དཔྱོད་པ་རྣམས་ཀྱིས་འཐད་པ་མ་རྙེད་ན་ལས་འབྲས་མི་འཐད་པར་སེམས་པའི་གོལ་ས་འབྱུང་སྲིད་པས་ཚུར་མཐོང་གིས་ལས་འབྲས་བསྒྲུབ་པར་མི་ནུས་པས་ན་བསམ་གྱིས་མི་ཁྱབ་པོ་ཞེས་ལས་འབྲས་ལ་དཔྱད་པའི་སེ༷མས་པ༷འང་དག༷ག་པ༷་སྟེ་ལས་འབྲས་བསམ་གྱིས་མི་ཁྱབ་ཅེས་གསུངས་པར་མཛ༵ད་དེ་ཚུལ་ཟབ་ལ་རྟོགས་པར་དཀའ་བས་སོ། །
གཉིས་པ་ལ། ལུང་དེ་འདྲ་བ་དྲང་དོན་དུ་བསྟན་པ་དང༌། དེ་དག་གི་དཔེ་བསྟན་པ་གཉིས། དང་པོ། འོ་ན་ ཀུན་གཞི་སོགས་ཡོད་པར་གསུངས་པའི་ལུང་དང་འགལ་ལོ་སྙམ་ན། ལང་གཤེགས་སོགས་ལས་ཀུན་གཞིའི་རྣམ་པར་ཤེས ་པ་ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་གཞི་ཀུན༷་གཞི༷་ཡོ༷ད་ཅི༷ང་ཆོས་མངོན་པའི་མདོ་ལས་ག༷ང་ཟ༷ག་ཉིད༷་ཡོ༷ད་ལ༵། ཁ་ཅིག་ཕུང་པོ་ཙམ་ཞིག་བསྟན་ཏེ་ཕུ༷ང་པོ༷་འདི༷་ད༷ག་འབ༷འ་ཞི༷ག་ཉིད༷་ཡོ༷ད་ཅེ༵ས་བསྟན༷་པ༷་འདི༷་ནི༷་བདེན་སྟོང་གི་ཆོས་ཉིད་དེ༷་ལྟར༷་ཆེ༷ས་ཟ༷བ་མོའི་དོ༵ན་རི༷ག་པ༷ར་མི༷་འགྱུ༷ར་བ་ག༷ང་ཡི༷ན་དེ༷་ལ༷་ཁ་དྲང་བའི་སླད་དུ་བསྟན་པའོ༵། །གཉིས་པ། དཔེར་ན་འཇི༷ག་ཚོ༷གས་ལ་ལྟ༷་བའི་ས་བོན་ཟད་པར་སྤངས་པས་ང་དང་ང་ཡིར་འཛིན་པའི་ལྟ་བ་དེ་ད༷ང་བྲ༷ལ་ཡ༷ང་ས༷ངས་རྒྱས༷་ཀྱི༵ས། འཇིག་རྟེན་ཐ་སྙད་ཁོང་དུ་ཆུད་སླད་ཇི༷་ལྟར༷་དགོས་དབང་གིས་ངས་ཁྱོད་ལ་ཞེའམ༷་ང༷་ད༷ང་ང༷་ཡི༷་ཕྱག་སོགས་བསྟན༷་པ༷་ལྟར༵།དེ༷་བཞི༷ན་དངོ༷ས་རྣ༷མས་ར༷ང་བཞི༷ན་མེ༷ད་མོ༷ད་ཀྱི༵། ཡོ༷ད་ཅེ༷ས་གདུལ་བྱ་ལ་དྲ༷ང་དོ༷ན་ཉིད༷་དུ༷་བསྟན༷་པ༷་ཡི༵ན་ནོ། །གཉིས་པ་སེམས་ཙམ་གྱི་ལུགས་བྱེ་བྲག་ཏུ་དགག་པ་ལ། ཕྱོགས་སྔ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ། ནང་གི་བག་ཆགས་སྨིན་པའི་སེམས་རང་ལས་རྫས་གཞན་པའི་གཟུང༷་བ༷་མེ༷ད་པ༷ར་དེ་འཛི༷ན་པ༷འམ་རྟོག་པར་བྱེད་པའི་ཡུལ་ཅན་ཀྱང་མ༷་མཐོ༷ང་ཞི༷ང༌། དོན་དམ་པར་སྲི༷ད་པ་གསུ༷མ་པོ་འདི་རྣ༷མ་ཤེ༷ས་ཙ༷མ་དུ༷་ར༷བ་ཏུ༷་རྟོག༷ས་པ༵ས། གཟུང་འཛིན་གཉིས་སྟོང་གི་ཤེ༷ས་ར༷བ་ལ༷་གན༷ས་བྱང༷་ཆུ༷བ་སེ༷མས་དཔ༷འ་ས་དྲུག་པ་དེ༷ས།འདིར་ནི་གཉིས་སྟོང་གི་རྣ༷མ་ཤེ༷ས་ཙ༷མ་དུ༷་མཐོང་བའི་དེ༷་ཁོ་ན་ཉིད༷་རྟོག༷ས་པ༷ར་འགྱུར༵་ཏེ་དེ་ལས་གཞན་པའི་དེ་ཉིད་ནི་མེད་དེ།
ཕྱི་རོལ་མེད་པར་དེའི་རྣམ་པ་ཅན་གྱི་སེམས་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། དཔེ་ཇི༷་ལྟར༷་ན་༷ང་གི༷ས་བསྐུལ༷་བ༷འི་རྒྱ༷་མཚོ༷་ནི༵་ཆེ་ལ༷ས་ཆུ༷་༷བས་གཡོ་བར་འབྱུང༷་བ༷་དེ༷་བཞི༷ན་དུ༵་ཕྱི་ནང་གི་དངོས་པོ་ཀུན་འབྱུང་བས་ན་ཀུན༷་གྱི༷་ས༷་བོ༷ན་ཀུན༷་གཞི༷་རྣམ་པར་ཤེས་པ་ཞེ༷ས་བྱ༷་བ་ལ༵ས། ཆགས་སོགས་དང་དད་སོགས་འགགས་བཞིན་པ་ར༷ང་གི༷་ནུ༷ས་པ༷ས་ཏེ་ནུས་པ་ཀུན་གཞིར་བཞག་པ་སྨིན་པ་ལས་མ་དག་པའི་གཞན་དབང་གི་རྣ༷མ་ཤེ༷ས་ཙ༷མ་ཞི༷ག་འབྱུང༵་བ་དེ་ལ་བྱིས་པ་རྣམས་གཟུང་འཛིན་རྒྱང་ཆད་དུ་འཛིན་ནོ། །འདིར་དཔེར་ན་དབང་ཕྱུག་པས། བ་ནི་བ་སྦྲ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཇི་བཞིན་དང༌། །བླག་ཤ་ཡན་ལག་རྣམས་ཀྱི་ལྟར། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་དབང་ཕྱུག་སོགས་འགྲོ་བའི་བྱེད་པོར་སྨྲ་བ་དེ་བཞིན་དུ། ཀུན་གཞི་སྨྲ་བའང་དམིགས་པའི་དངོས་པོ་མཐའ་དག་གི་རྟེན་ནི་ རྣམ་ཤེས་ཡིན་པར་སྨྲ་ཡང༌།དབང་ཕྱུག་རྟག་ལ་ཀུན་གཞི ་མི་རྟག་ཅེས་པ་ཁྱད་པར་རོ། །དེ༷་ཕྱིར༷་གཞ༷ན་གྱི༷་དབ༷ང་གི༷་རང་བཞིན་གྱིས་གྲུབ་པའི་ངོ༷་བོ༷་ག༷ང་ཡིན་པ་འདི། གཟུང་འཛིན་གྱི་དངོ༷ས་པོ༷་ཐ་དད་དུ་འཛིན་པ་སོགས་ཀུན་ཏུ་བརྟག༷ས་པ༷ར་ཡོ༷ད་པར་རྟོག་པ༷འིདྲ་བ་མ་ལུས་པའི༷་རྒྱུར་རམ་གཞི༷ར་འགྱུར་ཞི༷ང༌། གཞན་དབང་དེ་ནི་ཕྱི༷་རོ༷ལ་གྱི་གཟུང༷་༡༽བ༷་མེ༷ད་པ༷ར་རང་གི་བག་ཆགས་ཁོ་ན་ལས་འབྱུ༷ང་བར་འགྱུར༷་ལ༷། རང་བཞིན་གྱིས་ཡོ༷ད་༢༽པ་ད༷ང་འདིའི་ལུགས་ཀྱི་དོན་དམ་པར་སྒྲ་རྟོག་གི་སྤྲོས༷་པ་ཀུ༷ན་གྱི་ཡུལ༷་མི༷ན་༣༽པའི་ར༷ང་བཞི༷ན་ཅན་ཁྱད་ཆོས་གསུམ་ལྡན་དུ་ཡོ༷ད་དེ་དཔེར་ན་ཐག་པའི་རྒྱུ་མཚན་གྱིས་འཁྲུལ་པ་ནི་ཐག་པ་མེད་པའི་ཕྱོགས་སུ་གནས་མི་སྐྱེ་བ་བཞིན་དུ་སྣང་གཞི་མེད་ན་སྣང་བ་མི་འཐད་པས་ཕྱི་རོལ་དུ་ཁྲུལ་རྟོག་གི་རྒྱུ།
མ་དག་གཞན་དབང་ཡིན་ལ། དེ་ཀུན་བྱང་འཆིང་གྲོལ་གྱི་རྒྱུ་ཡིན་ནོ་ཞེས་ཟེར་ན། གཉིས་པ་ལ། རིགས་པས་དགག་པ་དང༌། སེམས་ཙམ་དུ་གསུང་པའི་ལུང་གི་དགོངས་དོན་བཤད་པ་གཉིས། དང་པོ་ལ། ཕྱི་རོལ་མེད་པ་ཤེས་པ་རང་བཞིན་གྱིས་གྲུབ་པ་དགག་པ་དང༌། གཞན་དབང་རང་བཞིན་གྱིས་གྲུབ་པ་དགག་པ་གཉིས། དང་པོ་ལ། ཕྱི་རོལ་མེད་པའི་ཤེས་པ་རང་གི་ངོ་བོ་དགག་པ་དང༌། དེ་ལས་བེམ་པོར་སྣང་བའི་བག་ཆགས་སྨིན་པའི་ཚུལ་བཤད་པ་དགག་པ། དེ་ལྟར་བཀག་པའི་མཇུག་བསྡུ་བ་གསུམ། དང་པོ་ལ། ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པའི་དཔེ་དགག་པ། བག་ཆགས་ཀྱི་ནུས་པ་ལས་དོན་གྱིས་སྟོང་པའི་ཤེས་པ་སྐྱེ་བའི་དོན་དགག་པ་གཉིས། དང་པོ་ལ། རྨི་ལམ་གྱི་དཔེ་དགག་པ་དང༌། སྐྲ་ཤད་མཐོང་བའི་དཔེ་དགག་པ་གཉིས།དང་པོ་ལ། དྲི་བ་དང་འདོད་པ་དེ་དགག་པ་གཉིས། དང་པོ། ཁྱོད་ཀྱིས་ཕྱི༷་རོ༷ལ་མེ༷ད་ལ་རང་བཞིན་གྱིས་གྲུབ་པའི་སེ༷མས་ཡོད་པའི་དཔེ༷་ནི༷་ག༷ང་དུ༷་ཡོད༷་ཅེས་དྲིས་པ་ལ། ཁང་མིག་ཆུང་ངུར་ཉལ་བ་གཉིད་ལོག་པའི་རྨི་ལམ་དུ་གླང་ཆེན་མྱོས་པའི་ཁྱུ་རྨིས་པའི་གླང་པོ་ཁང་པ་དེར་ཡོད་པ་མིན་པ་རྨི༷་ལ༷མ་ཇི༷་བཞི༷ན་ཡིན་ནོ༷་ཞེ༷་ན༷་དེ༷་ལ་བས༷མ་པའམ་དཔྱད་པ༷ར་བྱ་བའོ། །གཉིས་པ་ལ། རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པར་མི་འགྲུབ་པར་བསྟན་པ།
རྨི་ལམ་གྱི་དཔེས་སད་དུས་ཀྱི་ཕྱི་རོལ་མེད་པ་མི་འགྲུབ་པར་བསྟན་པ། དེ་ཡི་ཕྱིར་ན་རྨི་ལམ་གྱི་དཔེས་དངོས་པོ་ཐམས་ཅད་རྫུན་པར་གྲུབ་ཚུལ་བསྟན་པ་གསུམ། དང་པོ། ག༷ང་ཚེ༷་ང༷་ཡི་ལུང་ལ་རྨི༷་ལ༷མ་ན༷་ཡ༷ང་ཡུལ་གླང་པོ་ཆེ་མེད་པ་ལྟར་དེའི་རྣམ་པ་ཅན་གྱི་ཡུལ་ཅན་གྱི་སེ༷མས་ཀྱང་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། རང་བཞིན་གྱིས་གྲུབ་པ་ཡོ༷ད་པ་མི༷ན་ན་དེ༷་ཚེ༷་གཉིས་ཀ་ལ་གྲུབ་པའི་ཁྱོད༷་ཀྱི༷་དཔེ༷་ཡོ༷ད་པ་མི༷ན་ནོ། །ག༷ལ་ཏེ༷་དེའི་སྐབས་ན་ཡིད་ཡོད་དེ་མེད་ན་ས༷ད་ཚེ༷་རྨི༷་ལ༷མ་དྲན་མི་སྲིད་ལ་དེ་དྲ༷ན་པ་ལ༷ས་ཡི༷ད་ཡོ༷ད་དོ་ཞེས་བརྗོད་ན༷་རྨི༷་ལ༷མ་ན་ཤེས་པ་ཡོད་པ་ལྟར་ཕྱི༷་རོ༷ལ་ཡུ༷ལ་ཡ༷ང་དེ༷་བཞི༷ན་ཡོད་པར་འགྱུར༷་ཏེ། ཇི༷་ལྟར༷་སད་པའི་གནས་སྐབས་སུ་ཁྱོ༷ད་ཀྱི༷་ང༷ས་རྨི་ལམ་མཐོ༷ང་སྙམ་དུ་ཤེས་ཤིང་དྲ༷ན་པ༷་དེ༷་དང་འདྲ༷་བར༷་ཕྱི་རོ༷ལ་ལ༷་ཡ༷ང་འདི་འདྲ་རྨིས་སྙམ་དུ་ཡུལ་དྲན་རྒྱུ་ཡོ༷ད་པ༷་ཡི༷ན་པས་མཚུངས་སོ། །གཉིས་པ་ལ། འདོད་པ་བཀོད་པ་དང༌། དེ་དགག་པ་གཉིས།དང་པོ། ག༷ལ་ཏེ༷་གཉིད༷་ཀྱི་སྐབས་ན༷་མིག༷་དབང་མེད་པས་མི༷ག་བློ༷འམ་མིག་ཤེས་གཉིས་མི༷་སྲི༷ད་པ༷ས། གཟུང་བྱ་ཕྱི་རོལ་གཟུགས་ཀྱི་སྐྱེ་མཆེད་ཡོ༷ད་པ་མི༷ན་ལ་འོན་ཀྱང་གཉིད་ཀྱིས་བསླད་པའི་ཡི༷ད་ཀྱི༷་ཤེ༷ས་པ༷་ཁོ༷་ན༷་ཡུལ་དུ་སྣང་བར་ཡོ༷ད་པ་ཡིན་པས་ཡིད་ཤེས་དེ༷་ཡི༷་རྣ༷མ་པ༷་ལ་ཕྱི༷་རོ༷ལ་ཉིད༷་དུ༷་ཞེ༷ན་པ་ཙམ་ཡིན་ལ།རྨི༷་ལ༷མ་ཇི༷་ལྟ་བ་དེ༷་བཞི༷ན་དུ་སད་པའི་གནས་སྐབས་འདི༷ར་ཡང་འདོ༷ད་དོ་ཞེ་ན༷།གཉིས་པ། ཇི༷་ལྟར༷་ཁྱོད༷་ཀྱི༷་ལུགས་ལ་ཕྱི༷་ཡུལ༷་དེ་དག་རྨི༷་ལམ༷་དུ༵་མ༷་སྐྱེས༷་པར་འདོད་པ་དེ༷་བཞི༷ན་དུ་ཡི༷ད་ཀྱི་རྣམ་ཤེས་ཀྱང༷་རང་བཞིན་གྱིས་སྐྱེས༷་པ་མ༷་ཡི༷ན་ཏེ།
འདི་ལྟར་ན་རྨི་ལམ་ན་མི༷ག་ད༷ང་མི༷ག་གི༷་ཡུ༷ལ་མེད་པ་ད༷ང་དེ་བཞིན་དེ༷ས་ཞེས་དེ་གཉིས་ཀྱིས་བསྐྱེད༷་པའི་སེ༷མས་ཀྱང་མེད་པས་ཡུལ་དབང་ཤེས་གསུ༷མ་པོ༷་ཐ༷མས་ཅ༷ད་ཀྱང༷་ནི༷་བརྫུ༷ན་པ༷་ཡི༷ན་ལ། མིག་སོགས་གསུམ་པོ་དེ་བཞིན་དུ་རྣ༷་བ་དང་སོ༷གས་སྒྲས་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ལྷག༷་མ༷་ཡུལ་དབང་ཤེས་གསུ༷མ་པོ༷འང་སྐྱེ༷་བ༷་མེ༵ད་པའོ། །རྨི༷་ལ༷མ་གྱི་སྐབས་ན་གསུམ་པོ་བརྫུན་པ་ཇི༷ལྟ༷་བ་དེ༷་བཞི༷ན་ས༷ད་པའི་སྐབས་འདི༷ར་ཡ༷ང་ཡུལ་དབང་ཤེས་གསུམ་གྱིས་བསྡུས་པའི་དངོ༷ས་པོ་རྣམ༷ས་བརྫུ༷ན་པ་ཡི༷ན་པས་ན་སེམ༷ས་དེ༷་ཡོ༷ད་པ་མ༷་ཡི༷ན་ལ། སྤྱོད༷་ཡུ༷ལ་གཟུགས་སོགས་ཀྱང་མེ༷ད་ཅི༷ང་བདག་རྐྱེན་དབ༷ང་པོ༷་རྣ༷མས་ཀྱང༷་མེ༷ད་པའོ། །གསུམ་པ། འདི༷་ན༷་ཇི༷་ལྟར༷་མ་རིག་པའི་གཉིད་དང་མ་བྲལ་ཞིང་དེ་ལས་ཐ་དད་པའི་གཉིད་ས༷ད་པའི་སྐབས་དམིགས་པར་གསུམ་ཆར་ཡོད་པ་དེ་བཞི༷ན་ཇི༷་སྲི༷ད་དུ༷། གཉིད་ལས་མ༷་ས༷ད་དེ༷་སྲི༷ད་དེ༷་ལ༷་རྨི་ལམ་གྱི་ཡུལ་སོགས་གསུ༷མ་པོ༷་ཡོ༵ད་ཅིང༌། གཉིད་ས༷ད་པ༷ར་གྱུར༷་ན༷་རྨི་ལམ་གྱི་གསུ༷མ་ཆ༷ར་ཡོ༷ད་པ་མི༷ན་པ་ལྟར༷། མ་རིག་གཏི༷་མུ༷ག་གཉིད༷་མ་ལུས་པ་དྲུང་ཕྱུང་བའམ་ས༷ད་པ་ལ༷ས་ཆོས་དབྱིངས་མངོན་སུམ་མཛད་པའི་གང་ཟག་དེ༷་ལ་འཁྲུལ་བའི་ཡུལ་དབང་ཤེས་གསུམ་མེད་དེ་རྨི་ལམ་སད་པ་དེ༷་བཞི༷ན་ནོ༷། །གཉིས་པ་སྐྲ་ཤད་ཀྱི་དཔེ་དགག་པ་ནི། བདག་རྐྱེན་མིག་གི་དབ༷ང་པོ༷་ར༷བ་རི༷བ་དང་བཅ༷ས་པ༷་ཡི་བློ༷་ག༷ང་གི༷ས། རབ་རིབ་ཀྱིས་བསླད་པའི་མཐུ༷་ལ༷ས་སྐྲ༷་ཤད་ལ་སོགས་པའི་ཡུལ་རྣ༷མས་ག༷ང་མཐོ༷ང་བ༷།
མཐོང་མཁན་དེ༷་ཡི་བློ༷་ལ༷་ལྟོས༷་ན་ཡུལ་ཤེས་གཉིས༷་ཆ༷ར་བདེ༷ན་པ༷་སྟེ༷་དེ་དང་དེར་སྣང་བས་སོ། །རབ་རིབ་བྲལ་བའི་དོ༷ན་གས༷ལ་མཐོ༷ང་བ་ལ༷་ལྟོས་ནས་ཡུལ་ཤེས་གཉིས༷་ཀ༷འང་བརྫུ༷ན་པ༷་ཡི༷ན་ཏེ་གཉིས་ཀ་དེ་ལ་མི་སྣང་བས་སོ། །ག༷ལ་ཏེ༷་ཤེ༷ས་བྱ་སྐྲ་ཤད་ལྟ་བུ་ཡུལ་མེ༷ད་ཀྱང་དེར་འཛིན་པ༷ར་བྱེད་པའི་བློ་ཡོ༷ད་དོ་ཟེར་ན༵། སྐྲ༷་དེ༷འི་ཡུ༷ལ་ཏེ་དེ་མཐོང་བ་ད༷ང་མི༷ག་ནི༷་རྗེ༷ས་སུ་འབྲེ༷ལ་བ་སྟེ་གཏད་པའི༷་ཚེ་ན། ར༷བ་རི༷བ་མེ༷ད་པ་ལ༷འ༷ང་སྐྲ་ཤ༷ད་ཀྱི་བློ༷ར་སྐྱེ་བར་འགྱུར༷་བར་རིགས་ན༷། དེ༷་ལྟ༷་མ༷་ཡི༷ན་པ་དེ༷་ཡི་ཕྱིར༷་ན་སྐྲ་ཤད་འཛིན་པའི་བློ་དེ༷་ཡང་ཡོ༷ད་པ་མི༷ན་ནོ། །རྨི་ལམ་གྱི་ཤེས་པ་འཁྲུལ་བའི་མཐུན་དཔེ། རབ་རིབ་དབང་ཤེས་འཁྲུལ་བའི་དཔེ་ཞེས་རེ་མདའ་བས་བཞེད། གཉིས་པ་དོན་སྟོང་གི་ཤེས་པ་སྐྱེ་ཚུལ་དགག་པ་ལ། མཚམས་སྦྱར་བའི་སྒོ་ནས་གཞན་ལུགས་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ། ག༷ང་ཕྱིར༷་རབ་རིབ་མེད་པར་ཡུལ་གསལ་བར་མཐོ༷ང་བ༷་ད༷ག་ལ༷་སྐྲ་ཤད་མཐོང་བའི་བློ༷་ཡི་ནུས༷་པ་ནི༷་སྨི༷ན་པ་མེ༷ད་པ་དེ༷་ཕྱིར༷་དེ༷་ལ༷་སྐྲ་ཤད་ཀྱི་བློ༷་སྐྱེ་བར་མི༷་འགྱུ༷ར་བ་ཡིན་གྱི། ཤེ༷ས་བྱ༷་ཡུལ་སྐྲ་ཤད་ཡོ༷ད་པའི་དངོ༷ས་པོ་དང་བྲལ༷་བ༷ས་ཏེ་མེད་པའི་དབང་གིས་མ་མཐོང་བ་མི༷ན་ནོ་ཞེ༷་ན༷། གཉིས་པ་དེ་དགག་པ་ལ། མདོར་བསྟན། རྒྱས་བཤད་གཉིས།དང་པོ། བློ་ཡི་ནུས་པ་ཞེས་པའི་ནུས༷་པ༷་དེ༷་མེ༷ད་པ༷ས་ཡུལ་མེད་ཀྱང་ཡུལ་ཅན་ཡོད་པ་འདི༷་ནི༷་འགྲུ༷བ་པ་མ༷་ཡི༷ན་ཏེ། གལ་ཏེ་ནུས་པ་ཞེས་བྱ་བ་ཞིག་ཡོད་ན།དེ་རྣམ་ཤེས་ད་ལྟ་བ་དང་འབྲེལ་བ་ཞིག་གམ། མ་འོངས་པ་དང༌། འདས་པ་གང་དང་འབྲེལ་བ་ཞིག་ཡིན་པ་བརྟགས་ན།
ད་ལྟའི་ནུས་པ་ཡིན་ན་ནུས་པ་ཅན་དང་ནུས་པ་གཉིས་ཀ་ལ་ནུས་པའི་རྣམ་ཤེས་ཞེས་བདག་གཅིག་འབྲེལ་དྲུག་སྒྲ་ཡིན་ན་ནི། དེ་གཉིས་དོན་གཞན་དུ་མི་རིགས་པས། ནུས་པའི་རྣམ་ཤེས་ནུས་པ་ཉིད་དུ་ཡོད་མི་རིགས་ཏེ། དེ་ཡོད་ན་འབྲས་བུ་རང་ལས་དོན་གཞན་པའིརྒྱུ་མེད་པར་འགྱུར་ལ། མྱུ་གུ་སྐྱེས་ན་ཡང་ས་བོན་མི་འཇིག་པར་འགྱུར་རོ། །དེ་གཉིས་ལ་ནུས་པ་ལས་རྣམ་ཤེས་ཞེས་དེ་བྱུང་འབྲེལ་ལྔ་པ་ཐོབ་ན་ནི། རྣམ་ཤེས་རང་དང་སྐྱེ་བ་དུས་མཉམ་པའི་ནུས་པ་ལས་འབྱུང་མི་རིགས་ཏེ་རྒྱུ་འབྲས་དུས་མཉམ་པས་སོ། །མ་འོངས་པའི་རྣམ་ཤེས་ད་ལྟར་མེད་པས་ནུས་པ་འདིརྣམ་ཤེས་འདིའི་ནུས་པའོ་ཞེས་ཁྱད་པར་དུ་ཕྱེ་མི་རིགས་ཏེ། ཁྱད་ཆོས་རྣམ་ཤེས་མེད་པས་སོ། །གཉིས་པ་ལ། རྣམ་ཤེས་ད་ལྟ་བ་ལ་ནུས་པ་རང་བཞིན་གྱིས་ཡོད་པ་དགག་པ། མ་འོངས་པ་ལ་ནུས་པ་རང་བཞིན་གྱིས་ཡོད་པ་དགག་པ། འདས་པ་ལ་ནུས་པ་རང་བཞིན་གྱིས་ཡོད་པ་དགག་པ་གསུམ། དང་པོ།རྣམ་ཤེས་སྐྱེས༷་པ་ད་ལྟ་བ་ལ༷་ནུས༷་པ༷་སྲི༷ད་པ༷་ཡོ༷ད་པ༷་མ༷་ཡི༷ན་ཏེ། རྒྱུ་འབྲས་དུས་མཉམ་པའི་སྐྱོན་ཡོད་པའི་ཕྱིར་རོ། །གཉིས་པ་ལ། སྤྱིར་དགག་པ་དང༌།སྐྱོན་སྤང་གི་ལན་དགག་པ་གཉིས། དང་པོ་ནི། མ༷་སྐྱེས༷་པའི་རྣམ་ཤེས་ཀྱི་ངོ༷་བོ༷་ལ༷་ཡ༷ང་བདག་གཅིག་འབྲེལ་ནུས༷་པ་ཡོ༷ད་པ་མི༷༷ན་ཏེ། རྒྱུ་མཚན་ཁྱད༷་པ༷ར་རྣམ་ཤེས་མ་འོངས་པ་མེ༷ད་པ༷ར་དེས་ཁྱད༷་པ༷ར་ཅ༷ན་ནུས་པ་ཡོ༷ད་པ་མི༷ན་ཏེ། ཁྱད་པར་བྱེད་ཆོས་ཡོད་མི་དགོས་པར་དེ་ཡི་ནུས་པ་ཞེས་བཞག་རུང་ན་མོ༷་གཤ༷མ་བུ༷་ལ༷འ༷ང་ནུས་པ་དེ༷་ནི༷་ཡོ༷ད་པ༷ར་ཐ༷ལ་ལོ། །གཉིས་པ།
འཇིག་རྟེན་ན་འབྲས་ཆན་ཚོས་ཤིག་དང༌། སྣལ་མ་འདི་ལ་རས་ཡུག་ཐོགས་ཤིག་ཅེས་པ་དང༌།བསྟན་བཅོས་ལས་ཀྱང༌། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་བསྒྱུར་དང་རང་བྱུང་གཉིས། །ཞེས་བཤད་པས་འཁོར་བསྒྱུར་སོགས་སུ་འགྱུར་རྒྱུ་ཞིག་ལ། དེ་དག་མངལ་དུ་འཇུག་པར་བཤད་པ་ལྟར་ག༷ལ་ཏེ༷་རྣམ་ཤེས་དེ་མ་འོངས་པ་ན་འབྱུང༷་བ༷ར་འགྱུར༷་བ༷ས་དེ་ཡི་ནུས་པ་ཞེས་དེ་འབྱུང་རུང་གི་ནུས་པ་ལ་བསྙད༷་པར་འདོ༷ད་དོ་སྙམ་ན༷། མི་འཐད་དེ་གང་ལས་འབྱུང་བའི་ནུས༷་པ༷་རང་ད་ལྟ་མ་གྲུབ་པས་ནུས་པ་མེ༷ད་པ༷ར་ནུས་པ་འདི༷་ཡི༷་འབྲས་བུ་འབྱུང༷་འགྱུར༷་གྱི་རྣམ་ཤེས་ཀྱང་མེ༷ད་དོ། །གལ་ཏེ་རྣམ་ཤེས་འབྱུང་འགྱུར་ཡོད་པ་ལ་ལྟོས་ནས་དེའི་ནུས་པ་འཇོག་ལ་ནུས་པ་ལས་རྣམ་ཤེས་འབྱུང་ངོ་ཞེས་ནུས་པ་ལ་ལྟོས་ནས་རྣམ་ཤེས་འཇོག་པས་གྲུབ་བོ་སྙམ་ན། མི་གྲུབ་སྟེ། ལྟོས་གྲུབ་ནི་གཅིག་གྲུབ་པ་ལ་གཅིག་ཤོས་དེའི་སྔོན་དུ་གྲུབ་དགོས་ན། དེ་མ་གྲུབ་པས་བསྒྲུབ་བྱ་ཡང་མེད་པས་གཉིས་ཀ་མི་འགྲུབ་པར་འགྱུར་ཏེ། ཕ༷ན་ཚུན༷་གྱི་དོ༷ན་ལ༷་བརྟེན༷་པ༷འི་འགྲུ༷བ་པ༷་ནི༷་རིང་ཐུང་དང༌། ཕ་རི་ཚུ་རི་སོགས་ལྟར་བཏགས་པ་ཙམ་ཡིན་གྱི་རང་བཞིན་གྱིས་གྲུབ༷་པ་མི༷ན་ཉིད༷་ཅེ༷ས་ད༷མ་པ༷་སྟེ་མཁྱེན་རབ་མངའ་བ་རྣ༷མས་ཀྱིས༷་གསུ༷ངས་སོ། །གསུམ་པ་འདས་པའི་ནུས་པ་དགག་པ་ལ། བཀག་པ་དངོས་དང༌། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ།འདི་རྣམ་རིག་པའི་འདོད་པ་དངོས་ཏེ། ག༷ལ་ཏེ༷་རྣམ་ཤེས་འག༷གས་པ༷འི་ནུས༷་པ་སྨི༷ན་པ་ལ༷ས་འབྱུང་འགྱུར་གྱི་ཤེས་པ་སྐྱེ་བར་འགྱུར༷་རོ་སྙམ་ན༷་དེ་ལྟར་ན་རྣམ་ ཤེས་གཞ༷ན་གྱི༷་ནུས༷་པ༷་ལ༷ས་རྣམ་ཤེས་གཞ༷ན་འབྱུང༷་བ༷ར་འགྱུར༷་ཏེ།
རྒྱུ་མཚན་ཁྱོད་ལྟར་ན་བརྒྱུད་ཅིང་འབྲེལ་ཆགས་པ་རྒྱུན༷་ཅ༷ན་སྐད་ཅིག་མ་རྣ༷མས་རིམ་ཅན་དུ་འབྱུང་བ་དེ༷ར་ཕ༷ན་ཚུ༷ན་ངོ་བོ་ཉིད་ཀྱིས་ཐ༷་ད༷ད་ཡོ༷ད་པའི་ཕྱིར་རོ། །དེ་ལ་སྐད་ཅིག་སྔ་ཕྱི་གཞན་དང་གཞན་དུ་ཐ་དད་ཅིང་དེ་དག་རང་མཚན་གྱིས་གྲུབ་པར་ཕ་རོལ་པོས་ཁས་བླངས་པ་ཡིན་ནོ། །འདོད་ན། དེ༷་ཕྱིར༷་དངོ༷ས་པོ་ཐ༷མས་ཅ༷ད་རང་ལས་གཞན་པའི་རྒྱུ་ཡིན་མིན་ཀུན༷་ལ༷ས༷་འབྱུང༷་བ༷ར་ཐལ་བར་འགྱུར༷་རོ། །གཉིས་པ་ལ། ལན་དང༌། དེ་དགག་པ་གཉིས། དང་པོ། ག༷ལ་ཏེ༷་རྣམ་ཤེས་རྒྱུན་གྱིས་འཇུག་པའི་སྐད་ཅིག་དེ༷ར་ནི༷་རྒྱུ༷ན་ཅ༷ན་རྫས་ཀྱི་སྐད་ཅིག་ངོ་བོ་ཐ༷་ད༷ད་ཀྱི། སྐད་ཅིག་སྔ་ཕྱི་བ་དེ༷་ད༷ག་ལ༷་རྒྱུན༷་ནི་གཅིག་ལས་ཐ༷་ད༷ད་པ་མེ༷ད་པ་དེ༷འིཕྱིར༷། བཤད་མ་ཐག་པའི་ཉེས༷་པ་དེ་མེ༷ད་དོ་ཅེ༷་ན༷། གཉིས་པ། རྒྱུན་ཅན་ཐ་དད་ལ་རྒྱུན་གཅིག་ཡོད་པ་འདི༷་ནི༷་བསྒྲུབ༷་བྱ༷་བ་དེ་སྔར་མ་གྲུབ་པ་ཞིག༷་སྟེ། སྔ་ཕྱི་ངོ་བོ་ཐ་དད་པ་རྣམས་ལ་ཐ༷་མི༷་ད༷ད་པའི་རྒྱུན༷་གཅིག་ཡོད་པའི་སྐ༷བས་མི༷་རི༷གས་པའི་ཕྱིར༷་རོ༷། །དེ་ཇི་ལྟར་ན། བྱམ༷ས་པ༷་དང་ཉེར༷་སྦ༷ས་ལ༷་བརྟེ༷ན་པའམ་རྒྱུད་དུ་གཏོགས་པའི་ཆོ༷ས་རྣ༷མས་ནི༷། གང་ཟག་སོ་སོ་བ་གཞ༷ན་ཉིད༷་ཡིན་པའིཕྱིར༷་ན༷་རྒྱུད༷་གཅི༷ག་ཏུ་གཏོག༷ས་པ་མི༷ན་ཏེ༷། དེ་བཞིན་དུ་ག༷ང་ད༷ག་ར༷ང་མཚ༷ན་ཉིད༷་ཀྱིས༷་གྲུབ་པས་སོ༷་སོ༷་བ༷་དེ༷་ད༷ག་རྒྱུད༷་གཅི༷ག་ཏུ་གཏོག༷ས་པ༷་རི༷གས་པ་མ༷་ཡི༷ན་ཏེ་རང་ས་ན་རང་མཚན་གྱིས་ཐ་དད་པར་གྲུབ་པས་སོ། །གཉིས་པ་ཤེས་པ་དེ་ལས་བེམ་པོར་སྣང་བའི་བག་ཆགས་སྨིན་ཚུལ་དགག་པ་ལ། ཕྱོགས་སྔ་བརྗོད་པ་དང༌།
དེ་དགག་པ་གཉིས། དང་པོ། མི༷ག་གི་བློ༷་སྐྱེ༷་བ༷ར་འགྱུར་བ་ཡི་ར༷ང་གི་ནུས༷་པ་བག་ཆགས་ག༷ང་ཞི༷ག་ ཀུན་གཞི་ལ་རྣམ་ཤེས ་སྔ་མས་བཞག་པ་དེ་ལ༷ས། དེ༷་མ༷་ཐ༷ག་ཏུ༷་ཀུན༷་ན༷ས་སྨིན་པ་ལས་མིག་ཤེས་དེ་སྐྱེ༷་བར་འགྱུར༷་ཞི༷ང༌། མིག་ར༷ང་གི༷་རྣམ་ཤེ༷ས་སྐྱེ་བའི་རྟེན༷་གྱི༷་ནུས༷་པའི་སྐད་ཅིག་བར་མེད་དུ་སྐྱེ་བ་དེ༷་ལ༷། གཏི་མུག་གིས་འཇིག་རྟེན་པ་རྣམས་དབང་པོ༷་གཟུ༷གས་ཅ༷ན་མི༷ག་ཅེ༷ས་བྱ༷་བ༷ར་རྟོག༷ས་ཀྱི་རྣམ་ཤེས་ལས་ཐ་དད་པའི་མིག་དབང་ནི་མེད་དོ། །དེ་བཞིན་དུ་སྣ་སོགས་དབང་པོ་གཟུགས་ཅན་བཞི་ལའོ། །འཇིག་རྟེན་འདི༷་ན༷་དབ༷ང་པོ༷་ལྔ་ལ༷ས་བྱུང༷་བའི་རྣམ༷་པ༷ར་རི༷ག་པ་གཟུགས་སོགས་ལྔ་ཡང༌། ཕྱི༷་རོལ་གྱི་གཟུ༷ང་བ་མེ༷ད་པ༷ར་ཐོག་མེད་ནས་བརྒྱུད་པའི་རྣམ་ཤེས་ར༷ང་གི༷་ས༷་བོ༷ན་སྨིན་པ་ལ༷ས། སྔོ༷་སོ༷གས་ཕྱི་རོལ་གྱི་སྣ༷ང་བ་ཉིད༷་འབྱུང༷་བ༷ར་མ༷་རྟོག༷ས་ན༷ས། སྐྱེ༷་བོ༷ས་ཕྱི༷་རོ༷ལ་གྱི་གཟུ༷ང་བ༷ར་སེ༷མས་སྣང་ཞེས་པས་ཁ༷ས་ལེ༷ན་ཏེ། དཔེར་ན་རྨི༷་ལ༷མ་ན༷་ནི༷་གཟུ༷གས་སོགས་ཕྱིའི་དོ༷ན་གཞ༷ན་དུ་འབྱུང་བ་མེ༷ད་པ༷ར། ཤེས་པ་ར༷ང་གི་ནུས༷་པ་སྨི༷ན་པ་ལ༷ས་གཟུགས་སྒྲ་སོགས་དེ༷་ཡི༷་རྣམ༷་པ་ཅ༷ན་གྱི་སེ༷མས་འབྱུང༷་བ༷་ཇི༷་ལྟ༷་བ་དེ༷་བཞི༷ན་དུ་ས༷ད་པ༷་ལ༷འ༷ང་འདི༷ར། ཕྱི༷་རོ༷ལ་གྱི་དོན་ནི་མེ༷ད་པ༷ར་ནང་ཡི༷ད་ནི༷་ཡོ༷ད་དོ་ཅེ༷་ན༷། གཉིས་པ་ལ། བཀག་པ་དངོས་དང༌། ཤེས་པ་ལས་དོན་སྣང་སྐྱེ་བའི་སྒྲུབ་བྱེད་ལྷག་མ་རྣམས་ཀྱང་དོན་མེད་པར་བསྟན་པ་གཉིས། དང་པོ་ལ། ཕྱི་རོལ་མེད་པར་ཤེས་པ་ཁོ་ན་དོན་སྣང་གི་རྣམ་པར་སྐྱེ་ན་སད་དུས་སུ་ལོང་བ་ལ་གཟུགས་སྣང་བར་ཐལ་བས་དགག་པ།
སད་དུས་ སུ་ནུས་པ་མ་སྨིན་པར་འདོད་ན་རྨི་ལམ་གྱི་ཚེ་ཡང་གཟུགས་སྣང་མི་སྐྱེ་བར་ཐལ་བས་དགག་པ། དེས་ན་ཡུལ་དབང་ཤེས་གསུམ་བདེན་རྫུན་མཉམ་པར་བསྟན་པ་གསུམ། དང་པོ་ནི། དེ་མི་རིགས་ཏེ་དེ་ལྟར་ན་ཇི༷་ལྟར༷་མི༷ག་དབང་མེ༷ད་པ༷ར་ནི༷་རྨི༷་ལ༷མ་དུ༷། རང་གི་བག་ཆགས་སྨིན་པ་ལས་སྔོ༷་སོ༷གས་ཡུལ་དུ་སྣང༷་བ༷འི་ཡི༷ད་ཤེས་ཀྱི་སེ༷མས་ཉིད་སད་པའི་མིག་ཤེས་དང་མཐུན་པར་འབྱུང༷་བ་དེ༷་ལྟར༵་ན། མི༷ག་དབ༷ང་མེ༷ད་པ༷ར་ཡང་རྣམ་ཤེས་ར༷ང་གི༷་ས༷་བོ༷ན་ནི༵་སད་ཅིང་ཡོངས་སུ་སྨིན༷་པ་ལ༷ས་ལོ༷ང་བ༷་འདི་ལ༷་སད་པའི་སྐབས་འདི༷ར་ཡང་མ་ལོང་བ་ལྟར་གཟུགས་སོགས་སྣང་བ་ཅི༷ས་མི༷་སྐྱེ༵་སྟེ་དེ་རྨི་ལམ་དང་སད་པ་གཉིས་ཀར་ཡང་མིག་དབང་མེད་པར་མཚུངས་པས་སོ། །དེའང་གཟུགས་སོགས་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་སྐྱེ་ན་རྨི་སད་ལ་ཁྱད་མེད་པའི་གནད་ཀྱིས་ཡིན་ནོ། །སད་པའི་ལོང་བ་ལ་གཟུགས་སོགས་གསལ་སྣང་རྨི་ལམ་གྱི་དེ་འདྲ་མི་འབྱུང་བར་ནི་མིག་མེད་པས་མ་ཡིན་གྱི། དེ་འདྲ་བའི་ཡིད་ཤེས་འབྱུང་བའི་ནུས་པ་མ་སྨིན་པ་ཡིན་ཅིང༌། སྨིན་པ་གཉིད་ན་ཡོད་ཀྱི་སད་པ་ལ་མིན་ནོ་ཟེར་ན། གལ་ཏེ་མིག་དེ་དོན་དུ་ནུས་པ་ཡིན་ཅིང་དེ་ཉམས་པས་མི་སྣང་ན། རྨི་ལམ་དུ་ཡང་མི་སྣང་བར་ཐལ་ཏེ་མིག་མེད་པས་སོ་ཞེས་སོ། །གཉིས་པ། ག༷ལ་ཏེ༷་ཁྱོད༷་ལྟར༷རྨི༷་ལ༷མ་ན་དྲུག༷་པ༷་ཡི༵་སྟེ་དྲུག་པ་ཡིད་ཤེས་ཀྱི་ནུས༷་པ༷་སྨི༷ན་པ་ཡོ༷ད་ལ་ས༷ད་པ༷ར་སྨིན་པ་མེ༷ད་གྱུར༷་ཅེས་རྒྱུ་མཚན་མེད་པར་ཚིག་ཙམ་གྱིས་དེ་སྐད་སྨྲས་ཆོག་ན༵་ངེད་ཀྱིས་ཀྱང༌།
དྲུག༷་པ༷འི་ནུས༷་སྨི༷ན་ཇི༷་ལྟར༷་སད་པའི་སྐབས་འདི༷ར་ལོང་བ་ལ་མེ༵ད་པ༵་དེ༷་ལྟར༷་རྨི༷་ལམ་གྱི་ཚེ༷་ཡང་མེ༷ད་ཅེ༷ས་སྨྲས་ནའང་ཅི༷ས་མི༷་རི༵གས་ཏེ།ཇི༷་ལྟར༷་མི༷ག་མེ༷ད་སད་པའི་སྐབས་ཀྱི་ལོང་བའི་རྒྱུད་འདི་ལ་དོན་སྣང་གི་བག་ཆགས་སྨིན་པ་འདི༷་ཡི༷་རྒྱུ་མི༷ན་པ་ལྟར༷། རྨི༷་ལ༷མ་དུ༷་ཡ༷ང་གཉིད༷་ཉིད་ནི༷་དོན་སྣང་གི་བག་ཆགས་སྨིན་པའམ་མཐོང་བའི་རྒྱུ༷་མ༷་ཡི༵ན་ཞེས་གཉིད་ཀྱི་སྐབས་ན་མིག་མེད་ཀྱང་གཟུགས་སྣང་གི་བག་ཆགས་སྨིན་ནུས་པ་ལྟར་ཉིན་པར་མིག་མེད་པའི་ལོང་བ་ལ་ཡང་འདྲ་སྟེ་གཉིས་ཀར་ཡང་མེད་པར་མཚུངས་སོ། །དེ་ལྟ་ན་མིག་ལ་ཀུན་ཏུ་ལྟོས་མི་དགོས་པར་ནུས་པ་ཁོ་ན་ལས་དོན་སྣང་ན། སད་པའི་ལོང་བ་ལ་མིག་མེད་པ་དེ་གཟུགས་སྣང་གི་རྒྱུ་ཡིན་ཞེས་བརྗོད་མི་རུང་བ་ལྟར་མཚན་མོ་རྨི་ལམ་དུ་ཡང་གཉིད་ནི་མིག་དབང་མེད་པར་བྱེད་པ་ཡིན་པས། དེ་དང་མིག་མེད་པ་བྱ་བ་འདྲ་བས། གཉིད་དེ་གཟུགས་སྣང་གི་རྒྱུ་མ་ཡིན་ནོ། །གཟུགས་ནི་ཤེས་པ་གཟུགས་སུ་སྣང་བ་ཡིན་ལ། མིག་ཀྱང་ཤེས་པ་ལས་མེད་པས་མིག་གཟུགས་གཉིས་ཀ་རྫུན་ལ་ཤེས་པ་བདེན་པར་ཡོད་ན། གཟུགས་ནི་བདེན་པ་རྨི་སད་གཉིས་ཀར་མེད། མིག་དབང་ནི་སད་ལོང་དང་གཉིད་སྐབས་གཉིས་ཀར་མེད། ཤེས་པ་རྟག་ཏུ་ཡོད་པས། གཉིད་ཀྱིས་མིག་དབང་བྱེད་པ་དང་བྲལ་བར་བྱེད་ཀྱི། དོན་སྣང་དང་ཤེས་པ་ལ་ནི་མི་གནོད་པར་ཕྱོགས་སྔས་འདོད་པས་སོ། །གསུམ་པ་ནི། བཤད་མ་ཐག་པ་དེ༷་ཡི་ཕྱིར༷་རྨི༷་ལ༷མ་དུ༷་ཡ༷ང་ཡུལ་དབང་མེད་པར་ཤེས་པ་ཁོ་ན་ཡོད་པ་མིན་གྱི་སད་པའི་སྐབས་ལྟར་རྨི་ལམ་དེ༷་ཡུལ་གཟུགས་སོགས་ཀྱི་དངོ༷ས་པོ་དང་དེའི་སྐབས་ཀྱི་མི༵ག་གི་དབང་པོ་བརྫུ༷ན་པ༷འི་ཡུ༷ལ་ཅ༷ན་ཞིག་དེར་རྟོག༷་པ༷འི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུར༷་ཏེརྒྱུའམ་གཞིར་ཁ༷ས་བླང༵་དགོས་སོ། །
གཉིས་པ་སེམས་ཙམ་པའི་སྒྲུབ་བྱེད་གཞན་དོན་མེད་པར་སྟོན་པ་ལ། རིགས་པའི་སྒྲུབ་བྱེད་མེད་པ། ལུང་གི་སྒྲུབ་བྱེད་མེད་པ། དཔེས་སྒྲུབ་བྱེད་མེད་པ་གསུམ། དང་པོ། དེ་ལྟར་ཡུལ་དབང་ཤེས་གསུམ་རང་བཞིན་མེད་པར་བསྟན་པ་ན་སེམས་ཙམ་པ་འདི༷་ཡི༷ས་ཡུལ་མི་བདེན་ཀྱང་ཤེས་པ་བདེན་གྲུབ་ཀྱི་ལན། སད་པའི་སྐབས་ཀྱི་ཤེས་པ་དོན་གྱིས་སྟོང་སྟེ་རྨི་ལམ་གྱི་ཤེས་པ་བཞིན་ནོ། །ཞེས་དང༌། སད་པའི་སྐབས་ཡུལ་རྫུན་ཏེ་ཡུལ་ཡིན་པའི་ཕྱིར་རྨི་ལམ་གྱི་ཡུལ་བཞིན་ནོ་ཞེས་དང༌། ཀུན་བྱང་འདི་གཞན་དབང་མེད་ན་ཡོད་མི་རིགས་ཏེ། རྟེན་མེད་པའི་ཕྱིར་རུས་སྦལ་གྱི་སྤུའི་གོས་བཞིན་ནོ་ཞེས་པ་ལ་སོགས་པའི་སྒོ་ནས་དབུ་མ་པ་ལ་ལ༷ན་ནི༷་ག༷ང་ད༷ང་ག༷ང་བཏ༷བ་པའམ། སྨྲས་པ༵་དེ༷་ད༷ང་དེ༷་ནི༷་དབུ་མ་པའི་ངོར་ད༷མ་བཅ༷འ་ཙམ་ལས་གྲུབ་པ་གཅིག་ཀྱང་མ་མཐོང་སྟེ་བསྒྲུབ་བྱ་མ་གྲུབ་པ་དང་མཚུ༷ངས་པར་མཐོ༷ང་བ༵ས། རྣམ་རིག་ཙམ་དུ་སྨྲ་བའི་རྩོ༷ད་པ་འདི༷་སེ༷ལ་བར་བྱེད༷་དོ། །གཉིས་པ་རྫོགས་པའི་ས༷ངས་རྒྱས༷་རྣ༷མས་ཀྱིས༷་ནི༵། ལེགས་པར་གསུངས་པའི་གསུང་རབ་འག༷ར་ཡ༷ང་དངོ༷ས་པོ༷་བདེན་པར་ཡོ༷ད་ཅེ༷ས་མ༷་བསྟན༷་ཏོ༵། །ལང་གཤེགས་ལས། རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་སོ། །གལ་ཏེ་ལུང་དེ་གཞན་དབང་ལ་ཀུན་བཏགས་རྫས་ཐ་དད་ཀྱིས་སྟོང་པར་བསྟན་སྙམ་ན།
བློ་གྲོས་ཆེན་པོ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་ཉིད་ཐམས་ཅད་ཀྱི་ཐ་ཤལ་ཡིན་ཞེས་གསུངས་ཏེ་བ་ལང་རྟ་མིན་པའིཕྱིར་ཡོད་པ་མིན་ནོ་ཞེས་བརྗོད་པར་མི་ནུས་ཏེ། རང་གི་བདག་ཉིད་ཀྱི་ཡོད་པ་ལ་གཞན་མེད་པས་སྟོང་གོ་ཅི་ཞིག་ཆོད་དེ་མི་ཆོད་དོ། །སྤྱིར་སྟོང་ཉིད་རིགས་པས་གཏན་ལ་འབེབས་ཚེ། ཐ་སྙད་དཔྱོད་བྱེད་ཀྱིས་ཐ་སྙད་དུ་མེད་པར་གྲུབ་ཟིན་ལ་དོན་དམ་དཔྱོད་པས་བཀག་པ་མིན་ཏེ། དེ་དག་ལ་སོ་སྐྱེ་སུས་ཀྱང་བདག་གཉིས་སུ་མི་འཛིན་ལ་དོན་དམ་པར་མེད༷་པ་དང་བདེན་པ་མེད་པར་དོན་དཔྱོད་ཀྱིས་བསྒྲུབ་མི་དགོས་གཙོ་བོ་རྟག་པ་སོགས་མུ་སྟེགས་པས་གསར་དུ་སྒྲོ་བཏགས་པ་རྣམས་ཐ་སྙད་དུ་མེད་པར་དགག་བྱ་ཡིན་ཀྱང༌། གཅིག་དུ་བྲལ་སོགས་ཀྱི་རིགས་པའི་སྒོ་ནས་བཀག་པ་འདི་ཡང་ཐ་སྙད་དཔྱོད་བྱེད་ཀྱི་སྒོ་ནས་ཡིན་ནོ། །དེས་ན་ཐ་སྙད་དུ་བསླུ་མེད་བསྙོན་མེད་དུ་ཡོད་པའི་དངོས་པོ་འདི་རྣམས་ཇི་ལྟར་སྣང་བ་ལྟར་གནས་ལུགས་སུའམ་ཡང་དག་པར་གྲུབ་པར་སོ་སྐྱེ་རྣམས་ཀྱིས་འཛིན་པ་ལ། ཇི་ལྟར་སྒྱུ་མའི་གླང་པོ་ཆེ་གླང་པོ་ཆེ་ལྟར་སྣང་ཡང་གླང་པོ་ཆེ་ཉིད་དུ་མ་གྲུབ་པ་སོགས་འཇིག་རྟེན་རང་ལ་གྲུབ་ཟིན་གྱི་དཔེས།རྟེན་འབྱུང་གི་དབང་གིས་གླང་པོ་ཆེ་དངོས་སུ་སྣང་བ་འདི་ཡང༌། སྣང་ཡང་དེ་ལྟར་གྲུབ་པ་མེད་པར་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་བསྒྲུབས་པས་འགྲུབ་ལ། དེའི་ཚེ་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་བཟོད་དུ་མ་གྲུབ་པའམ། མ་རྙེད་པའམ། མ་དམིགས་པ་དེ་ལ། ཐ་སྙད་དུ་ཡོད་པའི་ཆོས་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་བཟོད་དུ་མ་གྲུབ་པ་དང༌།
རང་གི་ངོ་བོ་རང་བཞིན་གྱིས་སྟོང་པ་དང༌། དོན་དམ་པར་མེད་པ་དང༌། བདེན་པར་གྲུབ་པ་མེད་པའི་ཐ་སྙད་བྱས་པ་འདི་དག་ཚིག་གི་བརྗོད་ཚུལ་ཙམ་ལ་ཁྱད་ཡོད་ཀྱང༌། དོན་ལ་ཁྱད་མེད་པར་གནད་གཅིག་ཏུ་འབབ་བོ། །དེས་ན་བུམ་སོགས་འདི་དག་དོན་དམ་པར་རམ་དེ་ཁོ་ན་ཉིད་དུ་མེད་ཀྱང༌། འཇིག་རྟེན་ཐ་སྙད་དུ་ཡོད་ཅེས་བྱས་པས་མི་ཆོག་པར། བུམ་པ་བུམ་པས་མི་སྟོང༌། བུམ་པ་བདེན་གྲུབ་ཀྱིས་སྟོང༌།དེས་ན་བུམ་པ་རང་ངོས་མི་སྟོང༌། གཞན་བདེན་གྲུབ་ཀྱིས་སྟོང་ཞེས་སྟོང་ཉིད་བསྒྲུབ་པའི་སྐབས་སུ་ཁས་བླང་བ་ལ་ཡོན་ཏན་ལྷག་པོ་མེད་ཀྱི་སྟེང༌། སྐྱོན་འདི་ལྟར་མཐོང་སྟེ། བུམ་པ་རང་ངོས་ནས་མི་སྟོང་ན་བུམ་པ་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་བཟོད་དུ་ཡོད་པར་ཐལ། དོན་དམ་དཔྱོད་པས་དཔྱད་བཟོད་དུ་ཡོད་ན་མི་སྟོང་པ་ཡིན་དགོས་པ་དང༌། བདེན་སྟོང་མ་ཡིན་དགོས་ཏེ། སྟོང་མི་སྟོང་གི་ཁྱད་པར་འབྱེད་པའི་རིགས་པ་འདི་ལས་གཞན་ཅུང་ཟད་མེད་པའིཕྱིར།མི་སྟོང་ཞེས་ཁས་བླངས་ན་དོན་དཔྱོད་ཀྱིས་དཔྱད་བཟོད་དུ་གྲུབ་པར་ཁས་ལེན་དགོས་སོ། །དེ་མི་དགོས་ན་བདེན་གྲུབ་ཀྱང་དོན་དམ་དཔྱོད་པས་མིན་ཡང་བདེན་གྲུབ་ཀྱིས་མི་སྟོང་པར་ཁས་ལེན་རུང་བས་བདེན་གྲུབ་རང་སྟོང་མིན་པར་འགྱུར་རོ། །བུམ་སོགས་ཐ་སྙད་དུ་ཡོད་པ་བདེན་གྲུབ་ཐ་སྙད་དུ་མེད་པས་རང་སྟོང་ཡིན་སྙམ་ན། བདེན་གྲུབ་མེད་པའི་སྒྲུབ་བྱེད་ཅི་ཡིན། གཅིག་དུ་བྲལ་སོགས་ཡིན་ན།
རིགས་པ་དེས་བུམ་པ་ཆ་དང་ཆ་ཤས་ཕྱེས་ཏེ་དཔྱད་ན་མ་དམིགས་པ་ཡིན་ན། བུམ་པ་རང་ངོས་ཅི་ལ་མི་སྟོང༌། མི་སྟོང་ན། བུམ་པ་ཆ་དང་ཆ་ཤས་ཕྱེས་ནས་དམིགས་སུ་མེད་པར་སྒྲུབ་པ་ལ་མི་ལྟོས་པའི་བུམ་པའི་བདེན་གྲུབ་འགོག་པའི་རིགས་པ་གཞན་སྟོན་ཅིགདེ་ལྟར་དོན་དམ་དཔྱོད་བྱེད་ཀྱིས་མ་གྲུབ་པ་དེ་ལ་བུམ་པ་བདེན་མེད་ཀྱི་ཐ་སྙད་བྱས་པ་དང༌། རང་ངོས་ནས་སྟོང་པ་དང༌། དོན་དམ་པ་མེད་པའི་ཐ་སྙད་བྱས་པ་ཡིན་རུང༌། ལྟ་བའི་རྩོད་ཡིག་ཕ་ལམ་དུ། དོན་དཔྱོད་ཀྱིས་དཔྱད་བཟོད་དུ་མེད་པ་ལ་བདེན་མེད་ཀྱི་ཐ་སྙད་བྱས་པ་མིན་ཚུལ། དེ་གཉིས་དོན་གཅིག་པའི་སྐྱོན་བརྗོད་རྣམས་ལྟར་རོ། །དེ་གཉིས་དོན་མི་གཅིག་པ་ལྟར་ན། བདེན་གྲུབ་སྟོང་པའི་རྒྱུ་མཚན་གཅིག་དུ་བྲལ་སོགས་ཀྱི་རིགས་པས་བསྒྲུབ་དགོས་པ་ཡིན་ནམ་མིན། ཡིན་ན་རིགས་པ་འདིས་བུམ་པ་དཔྱད་བཟོད་དུ་གྲུབ་ན། བདེན་གྲུབ་ཡན་གར་དཔྱད་མི་བཟོད་པའི་རིགས་པའི་གཞན་སྟོན་རྒྱུ་ཡོད་ན་སྨྲོས་ཤིགབུམ་པ་དཔྱད་བཟོད་དུ་གྲུབ་ན་བུམ་པ་བདེན་གྲུབ་ཏུ་གྲུབ་པ་སུས་ཀྱང་གཞིག་མི་ནུས་ལ། དཔྱད་བཟོད་མེད་ན་བུམ་པར་རང་ངོས་ནས་སྟོང་པ་སུས་ཀྱང་བཟློག་མི་ནུས་སོ། །འཇིག་རྟེན་སོ་སྐྱེ་ཐ་མལ་པ་རྣམས་ཀྱིས་བུམ་པ་ཉིད་བདེན་པར་འཛིན་པ་འཁྲུལ་བ་ཡིན་པས། བདེན་འཛིན་བཟློག་དགོས་ན། བུམ་པ་ཉིད་དོན་དཔྱོད་ཀྱིས་དཔྱད་ནས་མ་དམིགས་པར་མ་གྱུར་བར་དུ། བུམ་པ་བདེན་འཛིན་ཇི་ལྟར་ཁེགས། དེ་མི་ཁེགས་བཞིན་དུ་བུམ་པ་བུམ་པས་མི་སྟོང་པར་བཞག་ནས། བུམ་པ་ལས་གཞན་པའི་བདེན་གྲུབ་ཡན་གར་བ་རིགས་པ་གང་གིས་ཇི་ལྟར་འགོག་བཀག་ཀྱང་མི་དགོས་ཏེ། སོ་སྐྱེ་ཐ་མལ་པ་རྣམས་ལ་ཡང༌།བུམ་པ་ལས་གཞན་པའི་བདེན་གྲུབ་འཛིན་མཁན་སུ་ཡང་མེད་པས། དེ་སུའི་ངོར་འགོག་པ་ཡིན་སྨྲོས་ཤིགགསུམ་པ་ལ་དཔེ་གཞན་མི་སྡུག་པ་བསྒོམ་པའི་ཡིད་ངོར་ཀེང་རུས་སྣང་བའི་དཔེས་བསྒྲུབ་པ་དང༌། ཡི་དྭགས་རྣམས་ཀླུང་ལ་རྣག་ཁྲག་ཏུ་མཐོང་བའི་དཔེས་བསྒྲུབ་པ་དོན་མེད་པར་བསྟན་པ་གཉིས། དང་པོ། མི་སྡུག་པ་བསྒོམ་པའི་རྣལ༷་འབྱོར༷་པ༷་ཡི༷ས་བླ༷་མ༷འི་མན་ང༷ག་ལ༵ས། དེ་དག་གོམས་པར་གྱུར་ན་ཀེ༷ང་རུས༷་ཀྱིས༷་ག༷ང་བའི་ས༷་གཞི༷་མཐོ༷ང་བ༷་ག༷ང་ཡིན་པ་དེའང༌། ཡུལ་མེད་ལ་ཤེས་པ་ཡོད་པའི་དཔེར་མི་རུང་སྟེ་སྐབས་དེ༷ར་ཡ༷ང་ཡུལ་དབང་ཤེས་པ་གསུམ༷་ཆ༷ར་སྐྱེ་བ༷་མེ༷ད་པ༷ར་མཐོ༷ང་ཞིང༌། ཏིང་འཛིན་དེ་ནི་ཁོ་ན་ཉིད་མིན་པ་ལོ༷ག་པ༷་ཡི༷ད་ལ༷་བྱེད༷་པ༷ར་མདོ་ལས་འདི་ནི་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པའོ༷། །ཞེས་བསྟན༷་པའི་ཕྱིར༷་རོ༷། །དེ་ལྟ་མིན་ན་ཁྱོད༷་ཀྱི༷་དབ༷ང་བློ༷འི་ཡུ༷ལ་ཟློས་གར་གྱི་ལྟད་མོ་སོགས་གཅིག་ལ་སྣང་བ་གཞན་རྣ༷མས་ལའང་སྣང་བ་ཇི༷་ལྟ༷་བ༷། དེ༷་ལྟར༷་ཀེང༷་རུས་སོགས་མི༷་སྡུག༷་ཡི༷ད་ཅན་གྱི༷་ཡུལ་དེ་ཡ༷ང་འགྱུ༷ར་དགོས་ན༷། དེ༷་བཞི༷ན་དུ་ཀེང་རུས་མཐོང་བའི་ཡུལ༷་དེར༷་བློ༷་གཏད༷་ན་རྣལ་འབྱོར་མིན་པ་གཅི༷ག་ཤོ༷ས་ཀྱི༷ས་ཀྱང་རྣལ་འབྱོར་པ་ལྟར་རྟོག༷ས་པར་འགྱུར༷་དགོས་ཏེ་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ། །ཏིང་འཛིན་དེ༷་ནི༷་བརྫུ༷ན་པ༷ར་ཡ༷ང་མི༷་འགྱུར༷་བ་ནུས་པས་དངོས་སུ་སྣང་དགོས་སོ། །འདི་ཞིབ་དཔྱད་དགོས། མཆན།
གཉིས་པ། ར༷བ་རི༷བ་ད༷ང་ལྡ༷ན་པའི་དབ༷ང་པོ༷་ཅ༷ན་གྱི་མཐོང་བ་སྐྲ་ཤད་དང་མཚུང༷ས་པ༷་སྟེ་འགྲེལ་པར། རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །ཞེས་བཤད་པ་དེ་དང་མཚུངས་པ་དེ་ལྟ་བུའི་རིགས་ཅན་གཞན་ཡང་རིག་པར་བྱ་སྟེ་སྤྲོས་པས་ཆོག་གོ་ཞེས་སོ། །ཆུ༷་འབ༷བ་ཀླུང༷་ལ༷་ཡི༷་དྭག༷ས་རྣ༷ག་བློ༷་ཡ༷ང༌། །ཞེས་པ་ནི། ཐེག་བསྡུས་ལས་ཀྱང༌། ཡི་དྭགས་དུད་འགྲོ་མིརྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན་ཞེས་ཆུ་ཀླུང་ལ་ཡི་དྭགས་ཀྱིས་རྣག་ཁྲག་དང༌། ཉ་སོགས་ཀྱིས་གནས་དང༌། མིས་ཆུ་དང༌། ནམ་མཁའ་མཐའ་ཡས་སྙོམས་འཇུག་པའི་ལྷས་ནམ་མཁར་རོ། །དངོས་མཐའ་ཆོས་ཉིད་ལ་ཐུག་ནས་རྒྱུ་མཚན་མི་འཚོལ་བ། རྟོག་པས་བཞག་པ་ཙམ་ལ་ཐུགདེ་ཡི་ཕྱིར་ན་ཕྱི་དོན་གྱི་མེ་ཚ་བ་ལོག་པའི་རི་དྭགས་མེའི་གཙང་སྦྲ་ཅན་སོགས་ལྟ་བུས་ཚད་མ་མ་གྲུབ་པ། ནང་གི་རྟོག་པས་བཞག་པ་ཙམ་ལས་ཕྱི་དོན་རང་དབང་དུ་མ་གྲུབ་པའི་གནད་ལ་ཐུགདེ་ལྟ་ན་རྒྱུ་འབྲས་འཆོལ་ལོ་སྙམ་ན། མི་འཆོལ་བའི་ཚུལ། རྟེན་འབྱུང་གི་སྣང་བ་བསླུ་མེད་ཚད་གྲུབ་ལ་དཔྱད་ན། མེ་ཚ་བ་ཚད་གྲུབ་ལ། རི་དྭགས་མེའི་གཙང་སྦྲ་ཅན་ལ་མི་ཚ་བ་དང༌། བཙན་དུག་གིས་འཆིའམ་གནོད་པ། རྨ་བྱ་ལ་ཕན་པ་སོགས་ཀྱིས་མཚོན། ཆུ་གཅིག་ལའང་སྣ་ཚོགས་སུ་སྣང་བ་དང༌། བསམ་གཏན་གྱི་སྒོ་ནས་མེ་ནང་བརྫིས་ཀྱང་མི་འཚིག་པ་དང༌།སྔགས་ཀྱིས་མེ་མི་ཚ་བ་སོགས་རྟེན་འབྲེལ་སྣ་ཚོགས་ཀྱིས། དངོས་པོ་གཅིག་ཀྱང་མི་འདྲ་བའི་བྱེད་པ་སྣ་ཚོགས་སུ་འཆར་བ། ལས་དང༌། བསམ་གཏན་ དང༌། སྔགས་དང༌།
རྫུ་འཕྲུལ་གྱིས་རྣམ་པ་སྣ་ཚོགས་སུ་འགྱུར་བ་ནི་བསྙོན་དུ་མེད་པ་འདི། ཕྱི་དོན་ནམ་དངོས་པོ་བདེན་གྲུབ་མེད་པའི་གནད་ཀྱིས་ཡིན་ཏེ། རྒྱུ་རྐྱེན་ཚོགས་ལུགས་ཀྱིས་སྣ་ཚོགས་སུ་འགྱུར་བས་ཆོས་ཉིད་བྱ་བྱེད་ལྟོས་གསུམ་རིགས་པས་ཇི་ལྟར་སྣང་བ་བསླུ་མེད་དང་སྦྱར་ནས་དཔྱད་དོ། །འོ་ན་མི་དགེ་བའི་ལས་ཀྱིས་ཀྱང་སྤྱིར་སྡུག་བསྔལ་བསྐྱེད་མོད། རྐྱེན་གྱི་ཁྱད་པར་འཚེ་བ་ཆོས་སུ་སྨྲ་བ་ལྟ་བུ་ཁ་ཅིག་ལ་བདེ་འབྲས་བསྐྱེད་པ་ཡོད་དམ། ཡོད་ན་རྒྱུ་འབྲས་བསླུ་མེད་མིན་ནོ་སྙམ་ན། སྲོག་གཅོད་སོགས་འབྲས་བུ་སྡུག་བསྔལ་སྐྱེད་པའི་བྱ་བ་བྱེད་པའི་ཆ་ནས་མི་དགེར་བཞག་པ་དེ་ཉིད་ནི་སེམས་ཀྱི་སྟེང་གི་རྣམ་སྨིན་གྱི་རྒྱུ་ཡིན་ན། དེ་བདེ་འབྲས་སྐྱེད་པའི་དགེ་བར་བཏགས་ཀྱང་དེར་མི་འགྱུར་ཏེ། མེ་ཚ་བ་ལ་མི་ཚ་བར་བཏགས་པ་གོམས་ཀྱང་ཚ་བ་མི་ལོག་པ་བཞིན་ནོ། །རི་དྭགས་བཞིན་དུ་མི་ཚ་དུས་ཡོད་སྲིད་ཟེར་ན། སྲོག་གཅོད་ལྟ་བུས་ཀྱང་སྲོག་མ་བཅད་པར་གྱུར་ན་འབྲས་བུ་སྡུག་བསྔལ་ཡང་མི་སྐྱེད་མོད།སྲོག་བཅད་ན་རྣམ་སྨིན་ངན་པའང་མི་བཟློག་སྟེ། མེ་མ་བཏང་ན་སྲེག་པ་མི་གཏོང་བ་བཞིན་ནོ། །དེས་ན་སྲོག་བཅད་པ་ལ་སྲོག་གཅོད་པར་ཤེས་བཞིན།དེས་འབྲས་བུ་བདེ་བ་བྱེད་ཅེས་ལོག་རྟོག་ཡིན་པས་དེས་འབྲས་བུ་བདེ་བ་མི་འབྱིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔས་ལུས་བཅད་པ་ལྟ་བུའི་སྡུག་བསྔལ་བདེ་བར་ཚོར་ཞིང༌། རྒྱལ་སྲིད་ཀྱི་བདེ་བ་ལྟ་བུའང་སྡུག་བསྔལ་དུ་མཐོང་བ་ཡོད་མོད་ཀྱི། རྐྱེན་ཇི་ལྟར་བྱས་ཀྱང་འདྲ། སེམས་རང་ཉིད་ལ་བདེ་དང་ཡིད་བདེ།
སྡུག་བསྔལ་དང་ཡིད་མི་བདེ་དངོས་སུ་ཤར་བ་དེ་ལ་བདེ་མི་བདེ་ཞེས་འདོད་པས་ན། བདེ་སྡུག་ཕན་ཚུན་འཆོལ་བ་ནམ་ཡང་མེད་དོ། །དེ་བཞིན་དུ་དུག་གསུམ་ཡོད་པ་དང་མེད་པའི་ཀུན་སློང་གི་སེམས་ཀྱིས་ཀུན་ནས་བསླངས་པའི་ལས་ལ་དགེ་མི་དགེར་འཇོག་གི འདི་དགེའམ་སྡིག་གོ་སྙམ་དུ་རྟོག་པས་ནི་མ་ཡིན་ནོ། །དེའི་ཕྱིར་དགེ་སྡིག་གི་འབྲས་བུ་ནམ་ཡང་མི་འཆོལ་ལོ། །བསད་ནས་ཤ་ཟོས་པས་ཕན་པ་དང༌། དགྲ་བསད་པས་ཡིད་བདེ་བ་སོགས་མྱོང་བ་ནི། ད་ལྟའི་རྐྱེན་ཡིན་གྱི་རྐྱེན་དེས་བྱས་པའི་བདེ་སྡུག་ནི་རྐྱེན་དེའི་རྣམ་སྨིན་འབྲས་བུ་མིན་ནོ། །དེས་ན་དགེ་སྡིག་གི་རྒྱུ་འབྲས་ནམ་ཡང་མི་བསླུ་ལ།རྐྱེན་གྱི་བྱེད་པ་ནི་རྐྱེན་གང་དང་གང་འཚོགས་པའི་རྗེས་སུ་བྱེད་དེ་བདེ་སྡུག་མྱོང་བའི་ངེས་པ་མེད་དོ། །ངེས་པ་མེད་པའི་ཕྱིར་མཐའ་ཆོས་བྱ་ལྟོས་གསུམ་ཚུགས་ཐུབ་པ་མེད་པས་ཐལ་དྲག་གི་སྐྱོན་མི་འབྱུང་ངོ༌། །དེ་ལྟར་ན་རིགས་པ་ལ་ངེས་པ་མེད་པས་ཡིད་བརྟན་མི་རུང་བར་འགྱུར་རོ་སྙམ་ན་མི་འགྱུར་ཏེ། རྐྱེན་ཅི་དང་ཅི་ཚོགས་པའི་སྣང་ཡུལ་དུ་སྣང་བའི་ངོ་བོ་ཆོས་ཉིད་ཀྱི་རིགས་པ་དང༌།ཆོས་ཉིད་དེ་འདྲའི་རྒྱུ་བྱ་བ་བྱེད་པའི་རིགས་པ་དང༌། རྒྱུ་ལ་ལྟོས་པ་ལྟོས་པའི་རིགས་པ་དང༌། དེ་ལྟར་མ་ནོར་གཏན་དབབ་པ་འཐད་པའི་རིགས་པ་ཡིན་ཏེ་ནམ་ཡང་དེ་ལས་གཞན་དུ་མི་འགྱུར་རོ། །དེའི་ཕྱིར་ཕྱི་དོན་བལྟ་བྱ་ཐུན་མོང་བ་ཆུ་སོགས་ལ་བརླན་གཤེར་རམ། ཁ་དོག་དབྱིབས་སོགས་ཅུང་ཟད་མཐུན་པ་དེ་སྲིད་དུ་བལྟ་བྱ་ཐུན་མོང་བར་འཇོག་ལ་དག་མ་དག་གི་ཁྱད་ཀྱང་འབྱེད་དོ། །
མི་ལ་ཆུ་དང་རྣག་དང་ཁྲོ་ཆུ་ཐ་དད་སོ་སོར་སྣང༌། ཡི་དྭགས་ལ་ཆུ་ཉིད་རྣག་གམ་ཁྲོ་ཆུར་སྣང་བས་ཐ་དད་དེ་གང་བདེན་མ་དཔྱད་པར། བག་ཆགས་ཀྱི་སྣང་བ་ཡིན་ཕྱིར་ཁྱད་མེད་པར་བསྒྲུབས་ན་བལྟ་བྱ་ཐུན་མོང་བ་མཐའ་གཅིག་ཏུ་མི་ངེས་པའི་སྐྱོན་ཡོད་དོ། །གལ་ཏེ་བག་ཆགས་ཀྱི་སྣང་བ་མཐར་དཔྱད་ན་ཆུ་ལྟ་བུ་མཐོང་བ་གང་རུང་གཅིག་ཏུ་བདེན་པ་ནམ་ཡང་མི་འགྲུབ་པས་མཚུངས་པར་འགྱུར་མོད་ཀྱི། སྣང་ཚུལ་གྱི་ཚད་གྲུབ་མི་འགལ་ཏེ། སོ་སོ་ལ་གང་སྣང་བ་དེ་ཉིད་རང་ངོར་བསླུ་མེད་དུ་གྲུབ་པ་དེ་ཙམ་ཐ་སྙད་ཚད་གྲུབ་ཡིན་ནོ། །དེ་ལྟ་ནའང༌། རེ་ཞིག་ཡི་དྭགས་ལ་ཆུ་ཐམས་ཅད་རྣག་ཏུ་སྣང་ཡང་ཆུའི་སྣང་བ་གཏན་ཁེགས་མི་འབྱུང་སྟེ་ཆུ་སྣང་ཡོད་པས། སྤྱིར་ཐ་སྙད་དུ་ཆུ་དང་རྣག་སོགས་གང་སྣང་བསླུ་མེད་ཀྱི་ཐ་སྙད་མྱོང་བ་ཡོད་ཚད། མྱོང་བས་ཚད་གྲུབ་ཏུ་སོང་གིདཔྱད་བཟོད་བདེན་གྲུབ་གཅིག་ཀྱང་མེད་དོ། །འོ་ན་དུང་དཀར་སེར་ཚད་གྲུབ་ལ་ཁྱད་མེད་དུ་ཐལ། དེ་བཞིན་རྟོག་རྟོག་མེད་འཁྲུལ་མ་འཁྲུལ་ཐམས་ཅད་མཚུངས་སོ་ཞེ་ན། བག་ཆགས་བརྟན་མི་བརྟན་སོགས་ཀྱིས་ཚད་ཚད་མིན་འཐད་དོ། །མཐར་ནི་ཕྱི་དོན་མེད་དེ་བག་ཆགས་ཀྱི་སྣང་བ་ཙམ་ཡིན་པར་དངོས་སྟོབས་ཀྱིས་འགྲུབ་སྟེ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །སོགས་བཞིན་དུ་ངེས་པར་འགྲུབ་བོ། །ཕྱི་དོན་ཡོད་ཡོད་ལྟ་བུར་བསྒྲུབ་པའི་གཞུང་ཐམས་ཅད་རེ་ཞིག་སྣང་ངོའི་དབང་དུ་བྱས་ཏེ་ཡོད་པར་བཞག་པ་རྨི་ལམ་རང་ངོའི་རྟ་གླང་བཞིན་ནོ། །དཔྱད་ཅིང་དཔྱད་ན་ནང་གི་བག་ཆགས་ཀྱི་རྟེན་འབྱུང་ལ་མཐར་ཐུག་པ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའི་ཕུག་སྟེ།
སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་དཔག་ཡས་འདི་དག་ཀུན། །འགྲོ་བ་མ་ལུས་ལས་ལས་བྱུང་བ་ཡི། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་པ་བཞིན་ནོ། །དེའི་ཕྱིར་སྲིད་པར་རང་སེམས་དབང་གིས་འཆིང་ལ། རང་སེམས་གྲོལ་ན་གྲོལ་བ་ཡིན་གྱི་དབང་ཕྱུག་སོགས་ཀྱིས་འཆིང་གྲོལ་མི་བྱེད་པར་དངོས་སྟོབས་ཀྱིས་གྲུབ་བོ། །གོམས་པའི་དབང་གིས་མེ་གཅིག་ལ་ཁ་ཅིག་གིས་ཚ་བ། ཁ་ཅིག་གིས་མི་ཚ་བ། ཁ་ཅིག་གིས་གནས། ཁ་ཅིག་གིས་སྲེག་བྱེད་སོགས་སུ་འཛིན་པ་བཞིན་ཏེ། མི་དང་མེ་ལྷ་སོགས་བཞིན་ནོ། །དེ་བཞིན་ཕྱི་དོན་ལའང་འཕྲལ་དུ་སྔགས་སོགས་ཀྱིས་མེ་མི་ཚ་བ། དུག་མེད་པར་ཡང་བྱེད་དེ། དེ་དག་ཀྱང་འཕྲལ་གྱི་རྟེན་འབྱུང་ལས་མི་འདའ་འོ། །ཕུག་བཅད་ན་སྣོད་བཅུད་རྣམས་ལས་ཀྱིས་བཀོད་ལ། དེ་ཡང་སེམས་ཀྱིས་བྱས་ཏེ། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་པ་བཞིན་ནོ། །དེས་ན་འཁོར་བ་ལས་གྲོལ་བའི་ཐབས་སུ་སྤྲོས་པ་ལོག་དགོས་ལ། དེ་ལྡོག་བྱེད་དེ་ཉིད་རྟོགས་པ་ཡིན་པར་གྲུབ་བོ། །སྤྲོས་པ་ནི་རང་སེམས་ཀྱིས་རང་རྩལ་ཏེ། སྣང་བ་སྣ་ཚོགས་ལ་འཛིན་པའི་དབང་གིས་སོ། །གསུམ་པ་མཇུག་བསྡུ་བ། མདོ༷ར་ན༷་ཇི༷་ལྟར༷་ཤེ༷ས་བྱ༷་ཡུལ་མེ༷ད་པ་དེ༷་བཞི༷ན་དུ་དེ་འཛིན་པའི༷་བློ༷་ཡ༷ང་རང་བཞིན་གྱིས་མེ༷ད་ཅེ༷ས་དོ༷ན་འདི༷་ཤེ༷ས་པ༷ར་གྱིས༷་ཤིགགཉིས་པ་གཞན་དབང་རང་བཞིན་གྱིས་གྲུབ་པ་དགག་པ་ལ།
གཞན་དབང་རང་བཞིན་གྱིས་ཡོད་པར་མི་འཐད་པ་བསྟན་པ། དེས་ན་སེམས་ཙམ་པའི་ལུགས་བདེན་པ་གཉིས་ཆར་ལས་ཉམས་པར་བསྟན་པ། བདེན་གཉིས་མ་ནོར་བ་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནར་བསྟན་པ། གཞན་དབང་ཁས་ལེན་པ་དང་འཇིག་རྟེན་ཐ་སྙད་ཙམ་དུ་ཁས་ལེན་པ་མི་མཚུངས་པར་བསྟན་པ་བཞི། དང་པོ་ལ། གཞན་དབང་གི་སྒྲུབ་བྱེད་དྲི་བའི་ཚུལ་གྱི་དགག་པ་མདོར་བསྟན་པ། དེ་རྒྱས་པར་བཤད་པ་གཉིས། དང་པོ་ནི།ཕྱི་རོལ་མེད་པས་ཁྱད་པར་དུ་མ་བྱས་པའི་གཞན་དབང་གི་ངོ་བོ་ཙམ་ཞིག་དགག་པ། ག༷ལ་ཏེ༷་གཟུ༷ང་བ་མེ༷ད་པས་དེ་ལས་དོན་གཞན་པའི་འཛི༷ན་པ༷་ཉིད༷་བྲལ༷་ཞི༷ང༌། ཐ་དད་པ་གཟུང་འཛིན་གཉིས༷་ཀྱིས༷་སྟོང༷་པ༷འི་གཞ༷ན་དབང༷་གི་དངོ༷ས་པོ་དོན་དམ་དུ་ཡོ༷ད་ན༷། འདི༷་ཡི༷་ཡོ༷ད་པ༷་ཡུལ་ཅན་ག༷ང་གི༷ས་ཤེ༷ས་པ༷ར་འགྱུར༷།བློ་གང་གིས་ཀྱང་མ༷་བཟུང་བ༷ར་ཡ༷ང་ཡོ༷ད་ཅེ༷ས་བྱར༷་མི༷་རུང༷་སྟེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། གཞན་དབང་ཡོད་པར་རྟོགས་པའི་ཚད་མ་རང་རིག་དགག་པ་དང༌། དེ་བཀག་པས་ཚད་མ་མེད་པར་གཞན་དབང་ཡོད་པར་མི་འགྲུབ་པའི་ཚུལ་གཉིས། དང་པོ་ལ་དམ་བཅའི་སྒོ་ནས་མདོར་བསྟན་པ། དེ་རིགས་པའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡང་གཞན་དབང་དེ༷་ཉིད༷་ཀྱིས༷་དེ༷་མྱོང་བ༷ར་རང་གིས་རང་ལ་བྱེད་པ་འགལ་ཏེ། རལ་གྲི་དང༌། མར་མེ་མིག་སོར་མོ་ཡང་ཟོར་ཅན་གྱི་དཔེས་འགྲུ༷བ་པ་མ༷་ཡི༷ན་ལ་དེ་ལས་གཞན་པས་ཀྱང་མིན་ཏེ་རང་གིས་གྲུབ་པར་འདོད་པ་འགལ་བས་སོ། །གཉིས་པ་ལ། རང་རིག་རྗེས་དཔག་གི་སྒོ་ནས་མི་འགྲུབ་པའི་ཚུལ།
རང་རིག་མངོན་སུམ་གྱིས་ཚད་མས་མི་འགྲུབ་ཚུལ། དང་པོ་ལ། གཏན་ཚིགས་བཀོད་པ་དང༌། དེ་དགག་པ་གཉིས། དང་པོ། ག༷ལ་ཏེ༷་རང་རིག་ཡོད་དེ་རྒྱུ༷་མཚན་ཕྱི༷་དུས༷་མྱོང་བའི་ཡུལ་ཅན་དྲ༷ན་པ༷་ལ༷ས་དེ་ཡོད་པར་འགྲུ༷བ་ན༵་དོན་འདི་མཐོང་ཞེས་ཡུལ་དྲན་པ་དང༌། ངས་མཐོང་ངོ་ཞེས་ཡུལ་མྱོང་བའི་ཡུལ་ཅན་དྲན་པ་ཡོད་པས་ཏེ། གལ་ཏེ་ཁར་སང་ལྟ་བུའི་དུས་ཡུལ་རིག་པ་ལས་རང་རིག་པ་མེད་ན་ཁར་སང་གི་ཡུལ་ཅན་ཤེས་པ་དེ་མཐོང་མཁན་སུ་ཡང་མེད་པས་དེ་རང་ཅི་ལ་དྲན་ཏེ། རང་མིག་རང་གིས་མ་མཐོང་ན་ངའི་མིག་གི་དབྱིབས་འདི་འདྲ་སྙམ་དུ་ནམ་ཡང་མི་དྲན་པ་བཞིན་ནོ་སྙམ་དུ་ཡུལ་ཅན་དྲན་པའི་རྟགས་ཀྱིས་རང་རིག་བསྒྲུབ་པའོ། །དེ་མྱོང་མཁན་རང་གཞན་གང་རུང་དུ་ངེས་ན། གཞན་ཡིན་ཚེ་ཐུག་མེད་དུ་ཐལ་ཏེ་ཤེས་པ་སྔ་མ་ལ་གཅོད་བྱེད་ཕྱི་མ་དགོས་པས་སོ། །ཡུལ་གཞན་མི་གཅོད་པར་ཐལ་ཏེ། ཤེས་པ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་ཡུལ་དུ་གྱུར་ཏེ་དེ་ཁོ་ན་ལས་གཞན་མི་དམིགས་པས་སོ་ཟེར། གཉིས་པ་ལ། དྲན་པ་རང་རིག་བསྒྲུབ་པའི་གཏན་ཚིག་ཏུ་མ་གྲུབ་པས་དགག་པ་དང༌། རང་རིག་ཡོད་དུ་ཆུག་ཀྱང་དེདྲན་པར་མི་རིག་པས་དགག་པ་གཉིས། དང་པོ། རང་རིག་དོན་དམ་མ༷་གྲུ༷བ་པ་བསྒྲུབ༷་པར་བྱ༷་ཕྱིར༷་དྲན་པའི་རྟགས་བ༷རྗོ༷ད་པ༷་ཡི༷་གཏན་ཚིགས་སྒྲ་མི་རྟག་པ་ལ་གཟུང་བྱ་རྟགས་སུ་བཀོད་པ་ལྟར་རང་རིག་འགྲུབ་པའི་རྟགས་སུ་མ༷་གྲུབ༷་པ་དྲན་པ་འདི༷་ནི༷་སྒྲུབ༷་པ༷ར་བྱེད༷་པ༷་ཉིད་ཀྱི་གཏན་ཚིགས་སུ་རུང་བ་མི༷ན་ཏེ་ཅིལྟར་མ་གྲུབ་ན་རྫས་རང་མཚན་གྱིས་གྲུབ་པའི་དབང་དུ་ན་ནི་དྲན་པ་ཀུན་ཏུ་མི་འགྲུབ་པས་མ་གྲུབ་ལ།
འཇིག་རྟེན་ཐ་སྙད་ཀྱི་དབང་དུ་བྱས་ན་ཡང༌། རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མ་གྲུབ་སྟེ། མེ་མེད་ན་དེའི་འབྲས་བུ་དུ་བ་བཞིན་ནོ། །དེ་མེད་པར་དེའི་འབྲས་བུ་མི་རུང་བ་ལྟར་རྒྱུ་རང་རིག་ད་རུང་མ་གྲུབ་པས་དེའི་འབྲས་བུ་དྲན་པ་ཡོད་པར་མི་འགྲུབ་ལ། ཆུ་དང་མེ་ཙམ་མཐོང་བས་ཆུ་ཤེལ་དང་མེ་ཤེལ་ཡོད་པར་མི་ངེས་ཏེ། གཞན་ཆར་དང་གཙུབ་ཤིང་སོགས་ལས་ཀྱང་འབྱུང་བ་ལྟར། རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་ཡོད་ན་དྲན་པ་ནི་རྣམ་པ་ཀུན་ཏུ་རང་རིག་ཡོད་པ་ལ་འཁྲུལ་མེད་ཀྱི་རྟགས་སུ་མ་གྲུབ་ཅེས་སོ། །གཉིས་པ་ལ་དངོས་དང༌། ཞར་བྱུང་རང་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་གཉིས། དང་པོ་ལ། འགོག་པའི་རིགས་པ་དངོས་བཤད་པ་དང༌། རིགས་པ་དེས་ལན་གྱི་ཁྱད་པར་གཞན་རྣམས་ཀྱང་འཇོམས་པར་བསྟན་པའོ། །དང་པོ། ཅི་སྟེ་ཤེས་པས་ཡུལ་དང་རང་གི་བདག་ཉིད་གཉིས་ཀ་མྱོང་བས་ར༷ང་རི༷ག་པ༷་ནི༷་གྲུབ༷་པ་ལ༷་ར༷ག་མོ༷ད་ཀྱི༷་སྟེ་གྲུབ་ཏུ་ཆུག་ཀྱང༌། དེ༷་ལྟ༷་ནའང་ཕྱིས་ཀྱི་དྲན༷་པ༷ས་སྔར་གྱི་རྣམ་ཤེས་དང་ཡུལ་གཉིས་དྲ༷ན་པ༷ར་རི༷གས་པ་མི༷ན་ཏེ༷། ཁྱོད་ཀྱི་ལུགས་སྔར་མྱོང་མཁན་དང་ད་ལྟ་དྲན་པའི་ཤེས་པ་གཉིས་པོ་ངོ་བོ་ཉིད་ཀྱིས་གཞ༵ན་ཉིད་དུ་ཁས་བླངས་པའི་ཕྱིར༷་སྔར༷་ཤེ༷ས་པ༷་རྒྱུད་ལ༷་སྐྱེས༷་པ༷་བྱམས་པའི་ཤེས་པའི་རང་རིག་དང་ཡུལ་མྱོང་བ། སྔར་ཉམས་སུ་མ་མྱོང་བས་ཉེར་སྦས་ཀྱིས་ཤེས་པར་མི་རིགས་པ་བཞི༷ན་ནོ། །
གཉིས་པ། གཞན་ཡིན་པའི་ཕྱིར་ཞེས་པའི་གཏན༷་ཚི༷གས་འདི༷ས་ནི༷་རྒྱུད་གཅིག་པ་དང་རྒྱུ་འབྲས་སུ་འདོད་པ་སོགས་གཞན་ཡིན་ཀྱང་དྲན་པ་སྐྱེ་རུང་གི་ཁྱད༷་པ༷ར་བཞག་པ་མཐའ་ད༷ག་ཀྱང༷་འཇོ༵མས་ཤིང་འགོག་གོ །གཉིས་པ་ལ་རང་ལུགས། འོ་ན་ཁྱོད་རང་གི་ལུགས་ལ་ཇི་ལྟར་དྲན་སྙམ་ན་ག༷ང་ཕྱིར༷་སྔར་ཤེས་པ་ག༷ང་གི༷ས་ཡུ༷ལ་མྱོང༷་བར་གྱུར༷་པ་དེ༷་ལ༷ས།ད་ལྟ་དྲ༷ན་པ༷་ཅན་གྱི་ཤེས་པ་འདི༷་ནི་སྔར་མྱོང་དང༌། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞ༷ན་དུ་ང༷་ཡི་ལུགས་ལ༷་ཡོ༷ད་པ་མི༷ན་པ༵་དེ༷་ཡི༷་ཕྱིར༷་སྐྱེ་བོ་དག་གིས་ཁར་སང་ཡང་ང༷་ཡི༷ས་མཐོ༷ང་སྙམ༷་དྲ༷ན་ཡུལ་བཅད་པ་དང་ཤེས་པ་མྱོང་པོ་གཉིས་ཀ་གཞན་དུ་མི་འཛིན་པར་འགྱུར༷་བ་རིག་སྟེ། འདི༷་ཡ༷ང་འཇིག་རྟེན༷་ཐ༷་སྙད༷་ཀྱི་ཚུ༷ལ་ལུ༷གས་ཡིན་ཏེ་རྣམ་པར་དཔྱད་ན་གྲུབ་པ་ནི་མིན་ནོ། །ཐལ་འགྱུར་པའི་ལུགས་ལ་རང་རིག་དང་ཀུན་གཞི་ཐ་སྙད་དུ་ཡོད་མེད་གང་ཁས་ལེན་ཟེར་ན། ཐ་སྙད་དུ་དེའིརྣམ་བཞག་མེད་པའི་ཆ་ནས་མེད་པར་ཁས་ལེན་མོད། དེས་དེ་སྤྱིར་ཐ་སྙད་དུ་མེད་པར་མི་འགྱུར་ཏེ། འགྱུར་ན་ཐ་སྙད་དཔྱོད་བྱེད་ཀྱིས་ཁེགས་དགོས་ཏེ་སྒྲ་རྟག་པ་བཞིན་ནོ། །ཐལ་འགྱུར་ལུགས་ལ། བློ་ཤེས་བྱེད་ཡིན་པ་ཉིད་ཀྱིས་ཤེས་པ་ཡིན་པ་ཤུགས་རྟོགས་དང༌། མར་མེ་གསལ་བྱེད། རལ་གྲི་གཅོད་བྱེད་སོགས་ཀུན་ལ་འདྲ། བློ་ཡུལ་ཤེས་པས་རང་ཉིད་དེ་ཤེས་པར་གྲུབ་པ་ཉིད་ཀྱིས་ཆོག་གོ །ཚོགས་དྲུག་གིས་ཡུལ་དུས་ཤེས་པས་ཆོག་གི་རང་རིག་གི་ཐ་སྙད་མ་བྱས་ཀྱང་རུང༌། ཡང་དག་པར་ན་མར་མེ་ལ་གསལ་བྱེད་གཞན་མི་དགོས་པར་གྲུབ་པ་ཡིན་མོད། རང་གསལ་བ་མིན་ཏེ། མུན་གྱིས་སྒྲིབ་པ་མིན་པས་སོ། །རང་རིག་ན་མུན་པས་རང་སྒྲིབ་རལ་གྲིས་རང་གཅོད་ལྟར་འགྱུར་ཏེ་འདི་ནི་དོན་དམ་པར་དཔྱད་པའོ། །
རང་རིག་གི་ཐ་སྙད་བཏགས་པས་གྲུབ་པ་ནི་མི་འགོག་སྟེ་ཁེགས་མི་ནུས་ལ། བཏགས་པའི་ཐ་སྙད་དོན་མཐུན་འགོག་ཀྱང་མི་དགོས་སོ། །གཉིས་པ་རང་རིག་མངོན་སུམ་གྱིས་མི་གྲུབ་པའི་ཚུལ། རྒྱུ་མཚན་དེ༷་ཕྱིར༷་ར༷ང་རི༷ག་ཡོ༷ད་པ་མ་ཡིན་ན༷། ཁྱོད༷་ཀྱི༷་གཞ༷ན་དབ༷ང་ཡུལ་ཅན་ག༷ང་གི༷ས་འཛི༷ན་པ༷ར་འགྱུར༵་ཏེ། ཤིང་གཅོད་པོ་བྱེད༷་པོ༷་དང་ལས༷་སུ་བྱ་བ་ཤིང་དང་ཤིང་གཅོད་པའི་བྱ༷་བ༷་གསུམ་གཅི༷ག་མི༷ན་པ༷ས། དེ༷་ཉིད༷་ཀྱིས༷་དེ༷་འཛི༷ན་པ༷ར་རི༷གས་ཤིང་འཐད་པ་མ༷་ཡི༷ན་ཏེ་རྡུལ་ཆ་མེད་ལ་ཆ་བཞག་པ་ནི་ཆ་བཅས་དང་མིན་ན་ནི་བུམ་པ་མི་སྣང་བ་བཞིན་རིག་བྱ་རིག་བྱེད་མི་འཆར་ལ་ཤར་ན་གཅིག་ཏུ་མི་འོང་ངོ༌། །གཉིས་པ་ཡོད་པར་ངེས་པའི་ཚད་མ་མེད་བཞིན་དུ་ཡོད་པར་ཁས་ལེན་མི་རིགས་ཚུལ། གལ༷་ཏེ༷་རང་བཞིན་གྱིས་སྐྱེ༷་བ༷་མེ༷ད་ཅི༷ང་ཚད་མས་མ༷་ཤེས༷་པའི༷་བད༷ག་ཉིད༷་ཅ༷ན་གྱི༷་གཞ༷ན་དབ༷ང་ངོ༷་བོའི༷་དངོ༷ས་པོ༷་ཡོ༷ད་དོ་ཞེས་ཁས་ལེན་ན༷། གཞན་དབང་དང་མཚུངས་པའི་ཆོས་ཅན་ཡིན་དུ་ཟིན་ཀྱང་ག༷ང་གི༷ས་ན༷་མོ་གཤམ་གྱི་བུ་འདི༷་ཡོ༷ད་པ༷ར་མི༷་རི༷གས་པ༷་ཉིད་དུ་འདོད་པ༷། གཞ༷ན་སེམས་ཙམ་པ་ཁྱོད་ལ༷་མོ༷་གཤ༷མ་བུས༷་གནོ༷ད་ཅི༷་ཞི༷ག་བསྐྱ༷ལ་ཏེ་ཡོད་བྱེད་ཀྱི་ཚད་མ་མི་དགོས་པར་སྤྲོས་པའི་ཡུལ་ལས་འདས་ཤིང་འཕགས་པའི་ཡེ་ཤེས་ཀྱི་ཡུལ་གྱུར་པ་བརྗོད་དུ་མེད་པའི་མོ་གཤམ་གྱི་བུ་ཡོད་ཅེས་ཅིའི་ཕྱིར་མི་སྨྲ་ཞེས་སོ། །གཉིས་པ་བདེན་གཉིས་ལས་ཉམས་པར་བསྟན་པ། དེ་ལྟ་ན་གཞན་དབང་མི་འགྲུབ་པ་ག༷ང་ཚེ༷་གཞ༷ན་དབ༷ང་ཅུང༷་ཟ༷ད་ཀྱང་ཡོ༷ད་པ་མིན་ན༷།
ཀུན༷་རྫོབ༷་པ༷་ཡི༷་རྒྱུར༷་ནི༷་གང༷་ཞིག༷་འགྱུར༷་ཏེ་དེ་ལྟར་རྒྱུ་མེད་པར་ཀུན་རྫོབ་ཀྱང་མེད་པར་ཐལ་བས་སོ། །དེ་ཡང་དངོས་པོ་བཏགས་པ་ཡོད་པའི་རྒྱུར་འགྱུར་ཞིང༌། །ཞེས་པའིརྒྱུ་གཞན་དབང་མ་གྲུབ་པས་གཞན་དབང་དོན་དམ་དུ་གྲུབ་པར་འདོད་པའི་དོན་དམ་ལས་ཉམས་སོ། །དེའི་ཕྱིར་ཐ་སྙད་ཀྱི་རྒྱུ་མེད་པས་ཐ་སྙད་ལས་ཉམས་པར་བསྟན་ཏོ། །གཞ༷ན་གྱི༷ས་སྟེ༷་སེམས་ཙམ་པ་ལྟར༷་ན༷་གཞན་དབང་གི་རྫ༷ས་ཤས་ཙམ་ལ༷་ཆ༷གས་པ༷་ཡི༷ས་འཇི༷ག་རྟེ༷ན་ན་གྲ༷གས་པ༷འི་ཟོ་ཞིག་སོང་ཞིག་ལ་སོགས་པ་དང་ཕྱིའི་གཟུགས་སོགས་དམིགས་པ་ལས་སྐྱེས་པའི་ཚོར་སོགས་ཀྱི་རྣམ༷་བཞ༷ག་ཀུན༷་ཀྱ༷ང་ཀུན༷་རྫོབ་རྒྱུ་མེད་དུ་ཁས་བླང་བར་འགྱུར་བས་བརླ༷ག་པ་སྟེ་མེད་པར་བྱས་སོ། །གསུམ་པ་ལ། ཐར་འདོད་ཀྱི་ལམ་རྣམ་དག་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནར་བསྟན་པ་དང༌། དེའི་འཐད་པ་སྒྲུབ་པ་གཉིས། དང་པོ་བདེན་གཉིས་མ་ནོར་བར་ཕྱེད་པ། སློབ༷་དཔོ༷ན་ཀླུ༷་སྒྲུབ༷་ཞབ༷ས་ཀྱི༷་ལ༷མ་ལ༷ས་ནི༷་ཕྱི༷་རོ༷ལ་གྱུར༷་ལ་ཞི༷་བ༷འི་མྱང་འདས་ཐོབ་པའི་གཙོ་བོའི་ཐ༷བས་ཉིད་མེ༷ད་དོ༷། །གཉིས་པ་ལ། བདེན་གཉིས་ཀྱི་རྣམ་བཞག་མ་ནོར་བ་ཁོང་དུ་མ་ཆུད་པར་མི་གྲོལ་བའི་ཚུལ་དང༌། བདེན་གཉིས་ཇི་ལྟ་བ་བཞིན་མ་ཤེས་པར་དེ་ཁོ་ན་ཉིད་མི་རྟོགས་པར་བསྟན་པ་གཉིས། དང་པོ། རྒྱུ་མཚན་ནི་མྱང་འདས་ཆེན་པོ་བདེན་གཉིས་མ་ནོར་བར་རྟོགས་པ་ལས་འབྱུང་ན་སློབ་དཔོན་གྱི་ལུགས་མི་འཛིན་པ་དེ༷་ད༷ག་ཀུན༷་རྫོབ༷་དང་དེ༷་ཁོ་ན་ཉིད༷་དོན་དམ་བདེ༷ན་པ་ལ༷ས་ཉམ༷ས་ལ་དེ༷་ལ༷ས་ཉམ༷ས་པ༷ས་དེ་མ་བཏང་གི་བར་དུ་ཐ༷ར་པ་འགྲུབ༷་པ༷་ཡོད་པ་མི༷ན་ནོ། །
གཉིས་པ། ཇི་ལྟར་ན་ཐ༷་སྙད༷་བདེ༷ན་པའི་རྣམ་བཞག་ཕྱིན་ཅི་མ་ལོག་པ༷་ནི་དོན་དམ་རྟོགས་པའི་ཐ༷བས་སུ༷་གྱུར༷་པ༷་ད༵ང༌། དོན་དམ་ནི་ཀུན་རྫོབ་བདེན་པ་ཤེས་པ་ལ་ལྟོས་པ་ཡིན་ཏེ། དོན་དམ་དོན་དམ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཀྱི་རང་བཞིན་ཡིན་ལ། ཀུན་རྫོབ་མེད་ན་དོན་དམ་རྣམ་པ་ཀུན་ཏུ་མི་སྲིད་པས་ཀུན་རྫོབ་བསལ་ནས་དོན་དམ་པ་ཐོབ་པ་ནི་རྣམ་པ་ཀུན་ཏུ་མི་སྲིད་པ་ཁོ་ན་ཡིན་ཏེ།དེ་གཉིས་ཕན་ཚུན་ལྟོས་ཏེ་ནམ་ཡང་འབྲལ་མི་ཤེས་པ་ཡིན་པས་སོ། །དོ༷ན་དམ༷་བདེ༷ན་པ་ཇི་བཞིན་རྟོགས་པ༷་སྔར་བཤད་པ་ནི་ཐབ༷ས་བྱུང༷་གྱུར༷་པ༷་སྟེ༵། ཐབས་དང་ཐབས་བྱུང་གི་བདེན་པ་དེ༷་གཉིས༷་རྣམ༷་དབྱེ༷་གང༷་གི༷ས་མི༷་ཤེ༷ས་པ༵་དེ༷་ནི༷་རྣ༷མ་རྟོག༷་ཕྱིན་ཅི་ལོ༷ག་པས༷་ལམ༷་ང༷ན་པར་ཞུག༷ས་པ་ཡིན་ནོ། །ཟླ་གྲགས་ཀྱི་ལུགས་ལ་རྟེན་ནས་འབྱུང་བ་དང་སྟོང་ཉིད་དོན་གཅིག་ཏུ་ཤར་བས། ཇི་ལྟར་སྣང་བ་འདི་སྟོང་པར་ཤར་བས། བདེན་གྲུབ་སོགས་ཀྱི་ཁྱད་པར་མི་སྦྱར་ཏེ་དེ་སྦྱར་བ་ལ་དགོས་པ་མེད་པའི་ཕྱིར་རོ། །ཅི་ཡི་ཕྱིར་ན། དོན་དམ་པ་དང་བདེན་གྲུབ་སྦྱར་ཚེ་མི་དགག་རྒྱུ་ཅུང་ཟད་ལྷག་མར་བཞག་པའི་ཕྱིར་དེ་ལྟར་སྨྲ་ན། སྣང་བ་འདི་སྤྲོས་པ་ཀུན་གྱིས་སྟོང་པ་ལ་ལྷག་མ་གང་ཡིན། ལྷག་མ་མ་བཞག་པས་ཆད་ལྟ་མེད་དེ་སྣང་བ་འདི་དང་སྟོང་ཉིད་རོ་གཅིག་པའི་ཕྱིར་རོ། །འཇིག་རྟེན་སྣང་བ་འདི་ཉིད་ཀྱི་རང་བཞིན་ཡེ་ནས་སྟོང་པ་ན་སྣང་བ་འདི་ལྷག་མར་བཞག་པའི་དོན་དུ་ཁྱད་པར་མི་སྦྱར་ཏེ། འདི་དང་སྟོང་པ་དབྱེར་མེད་པས་སོ། །འདི་སྤངས་ནས་སྟོང་པ་ལོགས་སུ་མེད་དེ་རྟེན་འབྱུང་གི་རང་བཞིན་སྟོང་པ་ཡིན་པས་སོ། །
སྟོང་པ་སྤངས་ནས་འདི་མི་སྲིད་དེ། ཚ་བ་སྤངས་པའི་མེ་བཞིན་ནོ། །དོན་དམ་པ་ཞེས་བྱ་བ་འདིའི་རང་བཞིན་གང་དུའང་མ་གྲུབ་པ་དེ་ཡིན་ལ་ཐ་སྙད་ཅེས་པ་རྟེན་འབྱུང་གི་སྣང་བ་འདི་ཡིན་པས། ཕན་ཚུན་འདུ་འབྲལ་མེད་པར་གཏན་ལ་ཕབ་ནས་ཁས་ལེན་ཀུན་བྲལ་ལ། འདིའི་རང་བཞིན་ཤེས་པར་བྱེད་པའི་གཏན་ཚིགས་འགོད་ཀྱི། དོན་དམ་དཔྱོད་རིགས་དེས་འདི་བཀག་གོ་སྙམ་པའི་ཐ་སྙད་དུ་ཡོད་པ་སོགས་སུ་སྒྲུབ་པ་འདི་ནི། རྟེན་འབྱུང་དང་སྟོང་ཉིད་དོན་གཅིག་ཏུ་མ་ཤེས་པ་སྟེ། སྟོང་ཉིད་ཀྱིས་རྟེན་འབྱུང་གི་ངོ་བོ་སྤངས་པར་སེམས་པ་ཡིན་ནོ། །བཞི་པ། གཞན་དབང་ཁས་ལེན་པ་དང་འཇིག་རྟེན་ཐ་སྙད་ཙམ་དུ་ཁས་ལེན་པ་མི་མཚུངས་པར་བསྟན་པ་ནི། གལ་ཏེ་ཁྱོད་ཀྱིས་ཁོ་བོ་ཅག་ལ་ལྟོས་མེད་དུ་སྨྲ་ན་ད་ནི་ངེད་ཅག་ཀྱང་ཁྱོད་ལ་བཟོད་པར་མི་བྱེད་དེ་གཞན་སུན་འབྱིན་པའི་མཁས་པར་མངོན་པར་བྱེད་ཅིང༌། རིགས་པའི་འཐད་པས་མི་རིགས་པའི་ཕྱིར་གཞན་དབང་རང་བཞིན་གྱིས་གྲུབ་པའི་ངོ་བོ་སེལ་བར་བྱེད་ན་ད་ནི་བདག་གཞན་ལས་སྐྱེ་བ་སོགས་འགོག་པའི་འཐད་པ་ཁོ་ནས་མི་རིགས་པའི་ཕྱིར་དབུ་མ་པ་ཁྱོད་ལ་གྲགས་པའི་ཀུན་རྫོབ་སེལ་བར་བྱེད་དོ་ཟེར་ན་བདག་གིས་ཁྱོད་ལ་གནོད་པའི་དུག་ཅན་ལྟ་བུ་གཞན་དབང་བདེན་འཛིན་གྱི་ཞེན་ཡུལ་སུན་ཕྱུང་བའི་ཕན་ལན་གནོད་པ་བྱེད་ན་ཅི་ལ་རིག་སྟེ་བདག་ནི་མངོན་མཐོར་འགྱུར་རོ། །ཞེས་དབུ་མ་པ་ཁྱོད་ཀྱིས་ཡོད་པ་ཅུང་ཟད་ཀྱང་རིགས་པའི་འཐད་པས་ཁས་མི་ལེན་པར་འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་ཡོད་པར་ཁས་ལེན་ནའང༌།
རིགས་པས་འཐད་པ་མེད་པར་འཐད་པ་དེ་ཡང་སྨྲ་མི་རིགས་སོ་ཟེར། འཇིག་རྟེན་གྲགས་པའི་ཡོད་ཟེར་བ་རང་བཞིན་གྱིས་ཡོད་པར་ཁས་བླང་བ་མིན་ཀྱང༌། འཇིག་རྟེན་པའི་མཐོང་བ་དེའི་ངོར་ཡོད་ཅེས། མཐོང་བ་དེའི་ངོར་རམ་དབང་དུ་བྱས་ནས་ཡོད་ཅེས་སྨྲས་པས། གཞན་དབང་རང་དབང་དུ་ཁས་ལེན་པ་དང་ག་ལ་འདྲ། འཇིག་རྟེན་གྱི་ངོར་སྣང་བ་དེ་ཙམ་དེའི་ངོར་མེད་ཅེས་འཇིག་རྟེན་རང་ལ་ལྟོས་པའི་དེ་དགག་ནུས་ན་ཁྱོད་ཀྱིས་འཇིག་རྟེན་གྱི་ངོར་ཡང་དེ་མེད་ཅེས་རྩོད་དང་འཇིག་རྟེན་གྱི་མཐོང་བ་ཤིན་ཏུ་སྟོབས་དང་ལྡན་པ་མེད་པར་དགྲ་བཅོམ་ཞི་བར་ཞུགས་པ་ལྟར་གྱུར་ནས་ཁྱོད་རྒྱལ་ན་དེ་ཡིན་ཞེས་བསྟིང་ཚིག་གོ །གང་ཡོད་ཚད་ལ་མཐའ་བཞི་སྐྱེ་འགོག་གིས་དེ་འདྲ་ཞིག་དཔྱད་དགོས། ཁྱོད་ཀྱི་འཇིག་རྟེན་གྲགས་པར་ཡོད་ཅེས་པ་དེའང་ཡོད་པར་མཐའ་བཞིའི་རིགས་པས་མི་འགྲུབ་པས་དེ་ཡང་མེད་པར་ཅིས་མི་སྨྲ་ཞེ་ན་ནི་འཇིག་རྟེན་རང་གི་ངོར་ཡོད་ཟེར་བ་སྤྱིར་ཡོད་ཟེར་བ་དང་མི་འདྲའོ། །ཇི༷་ལྟ༷ར་ཁྱོད༷་ཀྱི༷ས་རང་དབང་དུ་གནས་ནས་གཞ༷ན་དབ༷ང་དངོ༷ས་པོར་འདོ༷ད་པ༷་ལྟར། ཀུ༷ན་རྫོབ༷་ཀྱང༷་ནི༷་དབུ༷་མ་པ་བད༷ག་གི༷ས་ཁས༷་མ༷་བླ༵ངས་སོ། །འོ་ན་ཅི་ཞེ་ན། དེ་ཉིད་རྟོགས་པ་སོགས་འབྲས༷་བུའམ་དགོས་པའི་ཕྱིར༷་ཀུན་རྫོབ་པའི་སྣང་བ༷་འདི༷་དག༷་རང་བཞིན་གྱིས་མེ༷ད་ཀྱང༷་འཇིག་རྟེན་ཁོ་ན་ལ་གྲགས་པར་གྱུར་པས་ཡོ༷ད་དོ༷་ཞེས༷་འཇི༷ག་རྟེན༷་གྱི་མཐོང་བ་ཙམ་པོ་དེའི་ངོ༷ར་བྱས་ནས་བད༷ག་ནི་སྨྲ༷་བ༷ར་བྱེད༷་ཀྱི་རང་དབང་གིས་མིན་ནོ། །
འདི་ཐ་སྙད་ཐམས་ཅད་གཞན་ངོར་སྐྱེལ་བ་མིན་གྱི། ཐལ་འགྱུར་བ་ཡང་ཐ་སྙད་བྱེད་པ་ལ་འཇིག་རྟེན་དེའི་ཁོངས་སུ་གཏོགས་ཏེ། འཇིག་རྟེན་ཞེས་པ་རྟེན་འབྱུང་གི་སྣང་བ་འདི་ལྟར་བསླུ་མེད་འདི་ལ་ཟེར་བ་གོ་དགོས་སོ། །འདི་ཇི་ལྟར་སྣང་བ་ལྟར་མ་བརྟགས་མ་དཔྱད་པར་ཁས་ལེན་གྱིས་འཇིག་རྟེན་གྱི་སྣང་བ་བཟློག་ཏུ་མེད་དོ། །འདི་ལ་རང་བཞིན་གང་ཡང་འཇིག་རྟེན་དུ་ཁས་མི་ལེན་ཞེས་སོ། །ཇི༷་ལྟར༷་ཀུན་རྫོབ་འདི་ཕུང༷་པོ༷་ལྷག་མ་མ་ལུས་པ་སྤ༷ངས་ནས༷་ཞི༷་སྟེ་ཞི་བ་མྱང་འདས་སུ་ཞུག༷ས་པ༷འི་ད༷གྲ་བཅོ༷མ་རྣ༷མས་ལ༷་ཕུང་སོགས་ཀྱི་སྣང་བ་ཐམས་ཅད་ཡོ༷ད་པ༷་མིན་པ་དེ༷་ལྟར༷། འཇི༷ག་རྟེན༷་ལ༷་ཡ༷ང་ཀུན་རྫོབ་འདི་མེ༷ད་པ་ཞིག་ཡིན་ན༷་ལྷག་མ་མེད་པའི་ཕུང་པོ་ལ་སོགས་པ་དེ་བཞི༷ན་དུ་ཀུན་རྫོབ་འདི༷་དག་འཇི༷ག་རྟེན༷་ཏེ་འཇིག་རྟེན་ལ་ལྟོས་ལ༷ས་ཀྱང༷་ཡོ༷ད་ཅེས༷་བད༷ག་གིས་མི་སྨྲ༷་བ་ཞིག་ན་དེ་ལྟ་མིན་པ་དེའིཕྱིར་བདག་གིས་འདི་འཇིག་རྟེན་ན་མེད་པར་སྨྲ་མི་ནུས་ཀྱི་ག༷ལ་ཏེ་སེམས་ཙམ་པ་ཁྱོད༷་ལ༷་ཀུན་རྫོབ་སྣང་བ་འདི་འཇིག་རྟེན་ན་མེད་དོ་ཞེས་སྨྲས་ན་འཇི༷ག་རྟེན་གྱི་མཐོང་བས་མི་གནོ༷ད་ན༷། རིགས་ཤེས་མི་དགོས་པར་འཇི༷ག་རྟེན་གྱི་མཐོང་བ་ཉིད༷་ལ་ལྟོས༷་ནས་ཀུན་རྫོབ་ཏུ་ཡོད་པ་འདི༷་ནི་དག༷ག་པར་གྱིས༷་ཤིགདེ་ལྟར་ཁྱོད༷་དང་འཇིག་རྟེན་ཀུན་རྫོབ་ཡོད་མེད་འདི༷ར་ནི་རྩོད་པ་གྱིས༷་ད༷ང༌། ཕྱི༷་ནས་སུ་སྟོབ༷ས་དང་ལྡན་ཏེ་རྒྱལ་བ་དེ་ལ་བད༷ག་གི༷ས་ཀྱང་བརྟེན་པ༷ར་བྱའོ༷། །གཉིས་པ་སེམས་ཙམ་དུ་གསུངས་པའི་ལུང་གི་དོན་བཤད་པ་ལ། མདོ་སྡེ་ས་བཅུ་པ་ལས་གསུངས་པའི་ལུང་གི་དོན་བཤད་པ་དང༌།
ལང་ཀར་གཤེགས་པ་ལས་གསུངས་པའི་ལུང་གི་དོན་བཤད་པ་གཉིས། དང་པོ་ལུང་གི་དོན་བཤད་པ་དང༌།དེ་འཐད་པས་བསྒྲུབ་པ་གཉིས། དང་པོ། གལ་ཏེ་འཐད་པ་དང་བྲལ་ཡང་འཇིག་རྟེན་གྱི་གནོད་པས་འཇིགས་ནས་ཁྱོད་ཀྱི་ཀུན་རྫོབ་ཁས་བླངས་ན་ནི་ལུང་གི་གནོད་པའི་འཇིགས་པས་སེམས་ཙམ་དུ་ཡང་ཁས་བླང་བར་བྱ་དགོས་ཏེ། ས་བཅུ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། ཁམས་གསུམ་པོ་འདི་ནི་སེམས་ཙམ་ཏེ་ཞེས་སོགས་གསུངས་པས་སོ་སྙམ་ན་ལུང་དེའི་དོན་ནི་ཁྱོད་ཀྱིས་བཟུང་བ་ལྟར་མིན་ཏེ་ས་དྲུག་པ་མངོ༷ན་དུ་གྱུར༷་པར་ཆོས་དབྱིངས་ལ་མངོ༷ན་པར་ཕྱོགས་པའི་བྱང༷་ཆུ༷བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སེམས་པ་ཡོད་པས་སེམས་དཔ༷འ་ཡིས་སྲིད་པ་གསུམ་པོ་རྣ༷མ་པར་ཤེ༷ས་པ་ཙམ་དུ་ག༷ང་རྟོ༷གས་པ༷ར་གསུངས་པ་དེ་ནི་རྟག༷་པའི་རང་བཞིན་གྱི་བད༷ག་འཇིག་རྟེན་གྱི་བྱེད༷་པ་པོ་ཡིན་པར་བཀ༷ག་པ༷་ཡིན་པར་རྟོགས་ཕྱིར༷་བྱང་སེམས་དེ༷ས། རྗེས་ཐོབ་ཏུ་འཇིག་རྟེན་གྱི་བྱེད༷་པ༷་པོ༷་ནི༷་སེ༷མས་ཙམ་ཞིག་ཡིན་པ༷ར་རྟོག༷ས་པར་གསུངས་པ་ཡིན་ནོ། །མདོ་དེ་ལས་རྟེན་འབྲེལ་དང་སྡུག་བསྔལ་གྱི་ཕུང་པོ་བྱེད་པོ་དང་ཚོར་པོ་མེད་པར་འགྲུབ་པ་དང༌། བྱེད་པོ་ལ་ཞེན་པས་ལས་ཡོད་དེ་བྱེད་པོ་མེད་ན་ལས་ཀྱང་མི་དམིགས་སྙམ་སོགས་གསུངས་མཐར། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ། སྲིད་པའི་ཡན་ལག་བཅུ་གཉིས་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་བ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ་ཞེས་རྒྱ་ཆེར་གསུངས་ལ་དེའི་ཕྱིར་བདག་རྟག་པའི་བྱེད་པ་པོ་བཀག་པར་རྟོགས་སོ། །
གཉིས་པ་ལ་ལུང་གིས་བསྒྲུབ་པ་དང༌། རིགས་པས་བསྒྲུབ་པ། དེ་ལྟར་གྲུབ་པའི་མཇུག་བསྡུ་བ་གསུམ། དང་པོ་ལ། མདོ་གང་ལས་གསུངས་པའི་ཚུལ་དང༌། ཇི་ལྟར་གསུངས་པའི་ཚུལ་གསལ་བར་བཤད་པ་གཉིས། དང་པོ། དེ༷་ཕྱིར༷་དེ་ཉིད་རྟོགས་ནུས་པའི་བློ༷ལྡ༷ན་བྱང་སེམས་ཀྱི་བློ༷་ནི༷་འཕེ༷ལ་བྱའི༷་ཕྱིར༷། མདོ་གཞན་ལ༷ང་ཀར་གཤེ༷གས་མདོ༷་དེ༷་ལ༷ས་ཀུན་མཁྱེ༷ན་གྱིས༷་མུ༷་སྟེག༷ས་སྤོ༷་མཐོ༷ན་ཞེས་མུ་སྟེགས་པའི་རྒྱུད་ཀྱི་བདག་གཙོ་བོ་སོགས་འཇིག་རྟེན་གྱི་བྱེད་པོར་འདོད་པའི་ལྟ་ངན་གྱི་རི༷་བོ་སྤོ་མཐོན་འཇོམས་པའི་ང༷ག་གི་ར༷ང་བཞི༵ན་ཅན་གྱི་རྡོ་རྗེ༷་འདི༷་ནི་མདོ་གཞན་དུ་སེམས་ཙམ་ཞེས་གསུངས་པའི་དགོ༷ངས་པ་གཅོད༷་ཕྱིར༷་གསུ༷ངས་ཏེ་དེ་ལ་དགོངས་པ་གཅོད་པར་བྱེད་པའི་ངག་གི་རྡོ་རྗེ་གང་ཞེ་ན། གང་ཟག་རྒྱུན་དང་ཕུང་པོ་དང༌། །དེ་བཞིན་རྐྱེན་དང་རྡུལ་དག་དང༌། །གཙོ་བོ་དབང་ཕྱུག་བྱེད་པོརྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གང་ཟག་ནས་དབང་ཕྱུག་བྱེད་པ་པོར་སྨྲ་བའི་བར་རྣམས་ཀྱི་བྱེད་པ་པོ་ནི་དེ་རྣམས་མིན་གྱི་སེམས་ཙམ་ཞིག་བྱེད་པ་པོར་ང་སྨྲའོ་ཞེས་སོ། །གཉིས་པ། ཇི༷་བཞི༷ན་ནམ་ཇི་ལྟར་ར༷ང་རང་གི༷་ལུང་དུ་གྱུར་པ་བསྟན༷་བཅོ༷ས་དེ༷་དང་དེ༷་ལ༵ས། མུ༷་སྟེག༷ས་རྣམས་ཀྱིས༷་ག༷ང་ཟ༷ག་དང་གཙོ་བོ་དབང་ཕྱུག་སོ༷གས་དེ༷་ད༵ག་བྱེད་པོར་སྨྲས༷་པ༷་དེ༷་ད༷ག་བྱེད༷་པོ༷་ཡིན་པར་མ༷་གཟི༷གས་ན༷ས་རྒྱལ༷་བ༷ས་འཇིག་རྟེན་གྱི་བྱེད་པོ་གཞན་ནི་མེད་ཀྱི་སེ༷མས་ཙ༷མ་ཞིག་འཇི༷ག་རྟེན༷་བྱེད༷་པོ༷ར་གསུ༵ངས་སོ། །
གཉིས་པ་ལ་ཙམ་གྱི་སྒྲ་ཕྱི་རོལ་འགོག་པའི་དོན་མིན་པར་སེམས་གཙོ་བོར་གྱུར་པ་ཡིན་པར་སྟོན་པ། དེ་ལྟར་འཐད་པའི་ཚུལ་བཤད་པ་གཉིས། དང་པོ། ཇི་ལྟར་དེ༷་ཁོ་ན་ཉིད༷་ལ་བློ་རྒྱས༷་པ་ལ༷་ས༷ངས་རྒྱས༷་ཞེས་བསྙད༷་པ་ཇི་བཞི༷ན་ཏེ་ཚིག་སྔ་མ་སངས་ཞེས་པའི་སྒྲ་མི་མངོན་པར་བྱས་ཀྱང་རྣམ་པར་བཤད་དུ་ཡོད་པ་ལྟར། དེ༷་བཞི༷ན་གཟུགས་སེམས་གཉིས་ཀྱི་ནང་ནས་སེ༷མས་ཙ༷མ་གཙོ༷ར་ཏེ་གཙོ་བོར་གྱུར༷་པ་ལ་གཙོ་བོའི་ཚིག་མི་མངོན་པར་བྱས་ནས་ཁམས་གསུམ་གྱི་འཇི༷ག་རྟེན་ལ༵།མདོ༷་ལ༷ས་སེ༷མས་ཙ༷མ་ཡིན་ནོ་ཞེ༷ས་གསུ༷ངས་པ་ཡིན་གྱི་གཟུ༷གས་ནི་མེད་དོ་ཞེས་མདོ་འདི༷ར་འགོ༷ག་པ༷་དེ༷་ལྟར༷་མདོ༷་ཡི༷་དོ༷ན་མ༷་ཡི༵ན་ནོ། །གཉིས་པ་ལ། ཙམ་གྱི་སྒྲས་ཕྱི་རོལ་འགོག་པར་འདོད་པ་མི་འཐད་པའི་ཚུལ་དང༌། གཙོ་བོར་འདོད་པ་འཐད་པའི་ཚུལ་གཉིས། དང་པོ། ག༷ལ་ཏེ༷་ཁྱོད་ལྟར་ཡིན་ན་ཁམས་གསུམ་པོ་འདི༷་ད༷ག་རང་བཞིན་གྱིས་གྲུབ་པའི་སེ༷མས་ཙ༷མ་མོ་ཞེ༷ས་མཁྱེན༷་ན༵ས། ས་བཅུ་པའི་མདོ་དེ༷་ལ༷ས་ཕྱི་རོལ་གྱི་གཟུ༷གས་ཉིད༷་དག༷ག་པ༷ར་མཛ༷ད་པ་ཡིན་ན༷་ནི༷། སླ༷ར་ཡ༷ང་མདོ་དེ༷་ལ༷ས་བད༷ག་ཉིད༷་ཆེ༷ན་པོ༷་སངས་རྒྱས་ཀྱིས་སེ༵མས་རྣམ་པར་ཤེས་པ་དེ་གཏི༷་མུ༷ག་མ་རིག་པ་དང་ལ༷ས་འདུ་བྱེད་གཉིས་ལ༷ས་སྐྱེས༷་པ༷ར་ཅི༷་ཡི་ཕྱིར༷་གསུ༵ངས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང༌། འདུ་བྱེད་ཀྱིརྐྱེན་གྱིས་རྣམ་པར་ཤེས་པ་སོགས་ལུགས་འབྱུང་ལྡོག་གི་རྟེན་འབྲེལ་གྱིས་རྣམ་ཤེས་རྒྱུ་ཅན་དུ་གསུང་གི་རྣམ་ཤེས་རང་གི་བདག་ཉིད་ཀྱིས་གྲུབ་པར་ནི་མ་གསུངས་སོ། །
གྲུབ་པར་གསུངས་ན་རང་བཞིན་གྱིས་གྲུབ་པ་རྐྱེན་ལ་མི་ལྟོས་པས་སེམས་དེ་ཡང་མ་རིག་པ་དང་འདུ་བྱེད་ཡོད་ན་ཡོད་ལ་མེད་ན་མི་འབྱུང་བར་ཡིན་པར་ཅི་སྟེ་གསུང་སྟེ། གསུང་པ་པོ་འཁྲུལ་བ་ཐམས་ཅད་ཟད་པ་ཡིན་པས་འགལ་འདུ་ཅན་དུ་མི་གསུངས་ལ་ལུང་དོན་ཁྱོད་ལྟར་མིན་པར་ངེས་སོ། །གཉིས་པ་ལ་སེམས་གཙོ་བོ་ཡིན་པའི་ཚུལ་དང༌། གཞན་དེ་ཙམ་དུ་མི་གཙོ་བའི་ཚུལ་གཉིས། དང་པོ་ནི། གཙོ་བོ་ཡིན་ཚུལ་སེ༷མས་ཉིད༷་ཀྱིས༷་ནི་ཐུན་མིན་གྱི་ལས་ཀྱིས་ནང་སེ༷མས་ཅ༷ན་གྱི་འཇི༷ག་རྟེ༷ན་སྣ་ཚོགས་པའི་དངོས་པོ་དང༵༌། ཐུན་མོང་གིས་ལས་བསགས་པས་ང་དཀྱིལ་ནས་འོག་མིན་གྱི་ཁང་བཟང་གི་བར་སྣོད༷་ཀྱི༷་འཇི༷ག་རྟེ༷ན་མི་འདྲ་བ་ཤི༷ན་ཏུ༷་སྣ༷་ཚོ༷གས་འགོ༵ད་པའམ་བསྐྱེད་དེ། ཇི་སྐད་དུ། སེམས་ཅན་ལས་ཀྱི་དབང་གིས་རི། །ནག་པོ་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་སོ། །དེ་ལྟར་ན་འགྲོ༷་བ༷་མ༷་ལུ༷ས་ལ༷ས་སྣ་ཚོགས་བསགས་པ་ལ༷ས་སྐྱེས༷་པ༷ར་འཇིག་རྟེན་མཁྱེན་པས་གསུ༵ངས་སོ། །དེས་ན་སེ༷མས་སྤང༷ས་ན༷ས་ནི༷་ལ༷ས་ཀྱང༷་ཡོ༷ད་པ༷་མ༷་ཡི༵ན་ཏེ་ལས་སེམས་ལ་བསྟེན་པས་སོ། །གཉིས་པ། ག༷ལ་ཏེ༷་མདོ་དེར་ཡང་གཟུ༷གས་ཡོ༷ད་པར་འདོད་མོ༷ད་ཀྱི༷་དེ༷་ལ༷་ནི༷་སེམ༷ས་བཞི༷ན་འགྲོ་བའི་བྱེད༷་པ༷་པོ༷་ཉིད༷་ཡོ༷ད་པ་མ༷་ཡི༵ན་ཏེ། དེ༷ས་ན༷་སེ༷མས་ལ༷ས་གཞ༷ན་པ༷འི་བྱེད༷་པ༷་པོ༷་བཟློ༷ག་པ་སྟེ་བཀག་གི༷་གཟུ༷གས་ནི༷་བཀ༷ག་པ༷་མ༷་ཡི༷ན་ནོ༵། །
གསུམ་པ་མཇུག་བསྡུ་བ། འཇི༷ག་རྟེ༷ན་པ༷་ཡི༷་དེ༷་ཉིད༷་དམ་རྣམ་བཞག་ལ༷་གན༷ས་པ་ལ༷་ནི་ཕུང༷་པོ༷་འཇི༷ག་རྟེན༷་གྲ༷གས་པ་ལྟར་གྱིས་ཏེ༷་ལྔ༷་ཆ༷ར་ཡང་ཡོ༵ད་ལ། དེ༷་ཁོ་ན་ཉིད༷་ཀྱི་ཡེ༷་ཤེ༷ས་འཆ༷ར་བ༷ར་འདོད་པ༷་སྟེ་གྱུར་པ་ན༵། རྣལ༷་འབྱོར༷་པ༷་མཉམ་པར་བཞག་པ་ལ༷་དེའི་ངོར་དེ༷་ལྔ༷་ཆར་ཡང་འབྱུང༷་བར་མི༷་འགྱུར༵་ཏེ། དེ་ལྟ་ཡིན་པ་དེའི་ཕྱིར་ན་གཟུ༷གས་མེ༷ད་ན༷་ནི༷་སེ༷མས་ཀྱང་ཡོ༷ད་པར་མ༷་འཛི༷ན་ཅི༵གའཐད་རིགས་ཀྱིས་གཉིས་ཀ་ཡང་མེད་པས་སོ། །གལ་ཏེ་དེ་ལྟར་དོན་དམ་པར་མེད་མཉམ་དང༌། ཀུན་རྫོབ་ཏུ་ཡོད་མཉམ་ཡིན་པ་ཉིད་ལུང་རིགས་ཀྱིས་གྲུབ་པས་སེ༷མས་ཡོ༷ད་པ་ཉིད༷་དུ་འཛིན་ན༷འ༷ང་གཟུ༷གས་མེ༷ད་པར་མ་འཛི༷ན་ཅི༵ག་སྟེ་འཇིག་རྟེན་ཙམ་ན་ནི་གཉིས་ཀར་ཡང་ཡོད་པས་སོ། །ལུང་ལས་ཀྱང་ཕུང་པོ་ལྔ་པོ་དེ༷་ད༷ག་ཤེ༷ས་ར༷བ་ཀྱི་ཕར་ཕྱིན་གྱི་ཚུལ༷་བསྟན་པའི་མདོ༷ར་ནི་ས༷ངས་རྒྱས༷་ཀྱིས༵་མཚུང༷ས་པ༷ར། གཟུགས་ནི་གཟུགས་ཀྱིས་སྟོང་སོགས་རང་བཞིན་གྱིས་གྲུབ་པ་སྤ༷ངས་ཤི༷ང་སྟེ་བཀག་ལ། མངོ༷ན་པའི་ཆོ༷ས་ལ༷ས་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་མཚུངས་པར་གསུ༷ངས་ལ་བདེ༷ན་གཉིས༷་རི༷མ་པ༷་འདི༷་ད༷ག་བཤི༷ག་ནས་ཏེ་དེ་ལྟར་མིན་པར་བཟུང་ན༷ས་ཀྱང༵༌། ཁྱོད༷་ཀྱི༷་རྫ༷ས་གཞན་དབང་བཞག་པ་ནི་རིགས་པས་བཀ༷ག་པ༷ས་འགྲུབ༷་པར་མི༷་འགྱུར༵་བ་དེ༷་ཡི་ཕྱིར༷་སྔར་བཤད་པ་དེ༷་ལྟའི༷་སྟེ་དེ་ལྟ་བུའི་རི༷མ་པ༷ས་ཕྱི་ནང་གི་དངོ༷ས་པོ་འདི་ཀུན་གདོ༷ད་ན༷ས་དེ༷་ཉིད༷་དོན་དམ་པར་མ༷་སྐྱེས༷་ཀྱང་འཇི༷ག་རྟེན༷་ཐ་སྙད་ཙམ་དུ་སྐྱེས༷་པའི་བདེན་གཉིས་ཀྱི་རྣམ་བཞག་རི༷ག་ཅིང་རྟོགས་པར་བྱ༵འོ། །འདིའི་ཐད་ཀྱི་རང་རྒྱུད་པས་ཐ་སྙད་ཀྱི་རང་མཚན་མི་འགོག་པའི་སླད་དུ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བ་མི་འཐད་པའི་གནད་བསྟན་པ་འདི་ཐལ་འགྱུར་བའི་སྟོང་ཉིད་གཏན་ལ་འབེབས་ཚུལ་ཁྱད་པར་ཅན་ཡིན་པ་དོར་ནས།
འགྲེལ་བ་གཞན་ཐལ་འགྱུར་ཡིན་པར་ཁས་བླངས་རང་རྒྱུད་པའི་ལུགས་མི་འདོར་བ་ནི་རྒྱུ་མཚན་ཅི་ཞིག་ཡིན། དེས་ན་ལེགས་པར་ཤན་མ་ཕྱེད་ན་འདི་གཉིས་ལ་གོ་ཚུལ་རེས་ཁྱད་མེད་ལྟ་བུ་དང༌།རེས་ཁྱད་ཆེན་པོ་ཡོད་པ་ལྟ་བུ་འཆར་ཞིང༌། ཕན་ཚུན་སུན་ཕྱུང་ཡང་མི་ནུས་པ་ལྟ་བུའི་བློ་བལ་པ་ཛ་ལྟར་འཛིང་པ་ཞིག་ལས་ཐག་ཆོད་ཀྱི་ངེས་ཤེས་སྐྱེ་དཀའ་ལ། དེའི་གནད་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་མི་སྟོང་གི་དཔྱད་ཚུལ་འདི་ལ་ཐུག་པར་ཤེས་ནས། དེ་ལྟར་སྟོང་ཉིད་གཏན་ལ་ཕབ་ན་གོ་རྒྱུ་ལེགས་ཤིང་ངེས་ཤེས་འདྲོང་ལ། དེ་ལྟར་ངེས་ཤེས་སྐྱེས་ཚེ་སྟོང་ཉིད་བསྒྲུབ་པའི་གཞུང་རྣམས་ཀྱིས་ཐ་སྙད་སྦྱར་ཚུལ་བདག་གཉིས་དགག་བྱ་ཡིན་གྱི་ཐ་སྙད་མི་འགོག་པ་སོགས་གང་ལ་བསམས་ཀྱང་འགལ་བ་མེད་པས་དོན་གནད་གཅིག་ཏུ་འཆར་བ་ཡོད་པས། ཕན་ཚུན་ཚིག་གི་བརྗོད་ཚུལ་ཙམ་གྱི་གྲུབ་མཐའ་བཟུང་ནས་རྩོད་པ་མང་པོས་ཅི་བྱ་སྟེ་སྟོང་ཉིད་ཀྱི་ངོར་བསྒྲུབ་པའི་སྐབས་དང༌། ཐ་སྙད་སྒྲུབ་པའི་སྐབས་ལ་བསམས་ནས། ཁས་ལེན་དེ་འདྲར་སོང་བ་ཙམ་དུ་ཤེས་ནས་སོ་སོའི་སྐབས་ཀྱི་ཁས་ལེན་ཚུལ་དེ་ལྟར་ཡང༌། དེ་གཉིས་དོན་ལ་དགོངས་པ་གཅིག་པར་སྒྲུབ་ནུས་ན་ལེགས་འདྲ་སྙམ་མོ། །གཉིས་པ་ལང་གཤེགས་ལས་གསུངས་པའི་དགོངས་པ་བཤད་པ་ལ། ལུང་དེ་འདྲ་བ་དྲང་དོན་དུ་སྟོན་པ་དང༌། དེ་ལྟར་ངེས་པའི་སྒྲུབ་བྱེད་བཀོད་པ་གཉིས། དང་པོ། དེ་ལ་ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང༌།
།ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པ་སོགས་མདོ༷་སྡེ་ག༷ང་ལ༷ས་ཕྱི༷་རོ༷ལ་སྣ༷ང་བ་ནི་ཡོ༷ད་པ་མི༵ན་ཡང༌།སེ༷མས་ནི༷་ཕྱི་རོལ་སྣང་བ་སྣ༷་ཚོ༷གས་སུ་སྣང༷་ངོ༷་ཞེ༷ས་གསུ༷ངས་པ༵་དེའི་དགོངས་པ་ནི་གང་ཟག་གང་ཞིག་གཟུ༷གས་ལ༷་ཤི༷ན་ཏུ༷་ཆ༷གས་པ་ག༷ང་ཡིན་པ་དེ༷་ད༷ག་ལ༵།གཟུ༷གས་ཀྱི་རྐྱེན་ཅན་གྱི་ཉོན་མོངས་པ་བཟློག་སླད་རེ་ཞིག་དང་པོར་བཟློག་པ༷་སྟེ༷་བཀག་པ་ཡིན་ལ་དེ༷་ཡ༷ང་དྲང༷་དོ༷ན་ཉིད༷་ཡིན་ཏེ་ལུང་དེ་འདྲ་བ་གདུལ་བྱ་ལ་ལྟོས་པའི་དྲང་དོན་ཡིན་ནོ་ཞེས་གསུངས་པ་གདུལ་བྱ་ལ་ཤེར་ཕྱིན་ཟབ་མོ་བསྟན་ན་འཇུག་མི་ནུས་པ་ལ་རེ་ཤིག་སེམས་ཡོད་པ་འདྲ་ལ་ཕྱི་རོལ་མེད་པ་བཀག་པས་གཟུགས་ལ་ཆགས་པ་སྤངས་ནུས་པའི་སླད་དུའོ། །གཉིས་པ་ལ། དྲང་དོན་དུ་ལུང་རིགས་ཀྱིས་འགྲུབ་པ་དང༌། དེ་ལྟར་གསུངས་པའི་དགོངས་པ་བཤད་པ། ཚུལ་དེ་ལྟ་བུའི་སྒོ་ནས་མདོ་གཞན་གྱི་དྲང་ངེས་ཀྱང་རྟོགས་པར་གདམས་པ་གསུམ། དང་པོ། དེ་དྲང་དོན་ཡིན་པར་གང་ལས་ན་ལུང་འདི༷་ལྟ་བུ་ནི༷་སྟོན༷་པ༷ས་དྲང༷་དོ༷ན་ཉིད༷་དུ་གསུ༷ངས་ཤི༵ང༌། འདི༷་ནི༷་དྲང༷་དོ༷ན་ཉིད༷་དུ༷་རི༷གས་པས༷་འཐ༵ད་དེ། དེ་དྲང་དོན་ཡིན་པར་ཡང་ལུང་གིས་འགྲུབ་པའི་ལུང་ནི། ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་ནད་པ་སོ་སོ་ལ་སྨན་གང་སྟེར་བ་ནི་སྨན་པའི་རང་དབང་གིས་མིན་ཏེ་ནད་པའི་ནད་ཚུལ་དང་བསྟུན་དགོས་པ་བཞིན།
སེམས་ཙམ་དུ་གསུངས་པ་ཡང་སྟོན་པས་རང་དབང་གི་ཡེ་ཤེས་ཀྱི་གཟིགས་པ་འགོད་པ་མིན་ཡང༌། གདུལ་བྱའི་བསམ་པའི་དབང་གིས་ཡིན་པར་གསུངས་པ་དེས་ཤེས་ནུས་སོ། །རྣ༷མ་པ༷་དེ༷་ལྟའི༷་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་ངོ་བོ་ཉིད་གསུམ་ལས་གཞན་དབང་ཡོད་པར་གསུངས་པ་སོགས་མདོ༷་སྡེ༷་གཞ༷ན་ཡ༷ང་ནི༷་དྲང༷་དོ༷ན་ཉིད༷་དུ༷་ལུང་འདི༷ས་གསལ་བ༷ར་བྱེད༷་དོ། །གཉིས་པ། དང་པོར་ཤེས༷་བྱ༷་ཕྱི་རོལ་མེ༷ད་པ༷ར་བསྟན་ནས་དེའི་འོག་ཏུ་ཤེ༷ས་པ༷་རང་བཞིན་གྱིས་གྲུབ་པ་བས༷ལ་བ༷་ནི༷་བདེ༷་བླ༷ག་རྙེ༷ད་ཅེ༷ས་ས༷ངས་རྒྱས༷་རྣ༷མས་ཀྱིས༷་གསུང༷ས་ཏེ་ཡུལ་ཡུལ་ཅན་ལྟོས་གྲུབ་ཡིན་པས་སོ། །དེ་བས་ན་ཤེ༷ས་བྱ་མེ༷ད་པར་མཐོང་ན༷་ཤེ༷ས་པ༷་དེ་ཡང་རིགས་པས་བཀ༷ག་པ་འགྲུ༷བ་པ༷ས་ཤེས་བྱ་མེད་པར་རྟོགས་ན་ཤེས་པ་རེས་འགའ་རང་ཁོ་ནས་རྟོགས། རེས་འགའ་གཞན་གྱིས་ཅུང་ཟད་བསྟན་པས་རྟོགས་སོ། །དེས་ན་བདག་མེད་པ་ལ་འཇུག་པའི་ཐབས་ཁྱད་པར་ཅན་ཡིན་པས་ད༷ང་པོ༷ར་ཤེ༷ས་བྱ༷་དག༷ག་པ༷ར་མཛ༷ད་པ༷་ཡི༵ན་ནོ། །གསུམ་པ་ནི། དེ༷་ལྟར༷་སངས་རྒྱས་ཀྱི་གསུང་བའི་ལུང༷་ལའང་དྲང་ངེས་གཉིས་ཡོད་པ་དག་གི༷་ལོ༷་རྒྱུས༷་ཀྱི་རྣམ་བཞག་ཤེ༷ས་པར་བྱས༷་ཏེ༷་མདོ༷་ག༷ང་དག་དེ༷་ཁོ་ན་ཉིད༷་ཀྱི་དོན་མ༷་ཡི༷ན་པ་བཤ༷ད་དོ༷ན་ནམ་བརྗོད་བྱ་ཅ༷ན་རྣམས་གདུལ་བྱ་ཁ་དྲ༷ང་བའི་དོ༷ན་དུ་གསུ༷ངས་པ༷འ༷ང་དྲང་དོན་ཡིན་པར་རྟོག༷ས་ན༷ས་དེའི་གདུལ་བྱ་དག་དྲང༷་བར་བྱ༷་ཞི༷ང་སྟོང༷་ཉིད༷་བརྗོད་བྱར་བྱས་པའི་དོ༷ན་ཅ༷ན་གྱི་མདོ་ཉིད་ངེ༷ས་དོ༷ན་ཡིན་པར་ཤེ༷ས་པ༷ར་གྱིས༷་ཤིགགསུམ་པ་གཉིས་ཀ་ལས་སྐྱེ་བ་དགག་པ་ལ།
གོང་གི་རིགས་པ་རྣམས་ཀྱིས་ཁེགས་པར་སྟོན་པ་དང༌། གོང་མ་གཉིས་ལས་ཀྱང་མི་འཐད་པར་སྟོན་པ་གཉིས། དང་པོ་ནི། དེ་ལ་གཅེར་བུ་པ་རྣམས་ནི་འཇིམ་བའི་གོང་བུ་དང༌། དབྱུ་གུ་དང་འཁོར་ལོ་དང༌། ཆུ་དང་རྫ་མཁན་ལ་སོགས་པ་དག་ལས་བུམ་པ་འབྱུང་བ་ན། རྫ་བུམ་འཇིམ་པའི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བའིཕྱིར་བདག་ལས་སྐྱེ་ལ། རྫ་མཁན་གྱི་བྱ་བ་སོགས་གཞན་དུ་གྱུར་པ་དག་རྫ་བུམ་གྱི་སྐྱེད་བྱེད་ཡིན་པས་གཞན་ལས་ཀྱང་སྐྱེ་བས་ན། གཉིས་ཀ་ལས་སྐྱེའོཕྱི་རོལ་དེ་བཞིན་དུ་ནང་གི་རྣམས་ལ་ཡང་བདག་གཞན་གཉིས་ལས་སྐྱེའོ། །དེ་ལ་སྲོག་སྟེ་གང་ཟག་དང་བདག་དང༌། དབང་སོགས་སྲོག་མིན་པ་དང༌།མངོན་མཐོ་ངེས་ལེགས་འགྲུབ་པའི་ཆོས་དང༌། དེ་བཟློག་ཆོས་མིན་པ་དང༌།ཉོན་མོངས་པའི་ཟག་པ་དང༌། འཆལ་ཁྲིམས་འགོག་པའི་སྡོམ་པ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། ཤེས་པ་ལས་སྐྱེས་ཤིང་ཤེས་པའི་རྒྱུར་གྱུར་པ་འདུ་བྱ་བའི་ཤུགས་ཏེ་ཚིག་གི་དོན་དགུའི་རྣམ་བཞག་བྱས་ནས་བྱམས་པ་ཚེ་རབས་གཞན་དུ་ཡང་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ནས་ད་ལྟར་གྱི་སྐྱེ་བ་འདི་ལེན་པའི་ཕྱིར་བདག་ལས་སྐྱེས་ཏེ། བྱམས་པ་དང་སྲོག་གཉིས་གཞན་མིན་པའིཕྱིར་རོ། །ཡང་བྱམས་པ་རང་གི་ཕ་མ། ཆོས་དང་ཆོས་མ་ཡིན་པ་དང༌། ཟག་པ་སོགས་གཞན་དུ་གྱུར་པ་ལས་སྐྱེ་བས་གཞན་ལས་ཀྱང་སྐྱེ་བའོ། །དེའི་ཕྱིར་བདག་གཞན་རེ་རེ་ལས་བཤད་པའི་ཉེས་པ་མེད་དོ་ཟེར་རོ། །དེ་ལྟར་གཅེར་བུ་པ་དག་བདག་གཞན་གཉིས༷་ལ༷ས་སྐྱེ་བ༷་སྨྲ་བའ༷ང་རི༷གས་པ༷འི་ངོ༷་བོ༷་ཅན་མ༷་ཡི༷ན་ཏེ་ག༷ང་གི༷་ཕྱིར༵་ན།
གོང་དུ་བདག་གཞན་གྱི་སྐྱེ་བ་གཉིས་ཀ་ལ་བཤ༷ད་ཟི༷ན་གྱི་ཉེས༷་པ༷་དེ༷་ད༷ག་གཅིག་ཆར་ཡང་ཐོ༷ག་ཏུ༷་འབ༷བ་པ༷་ཡི༷ན་པའི་ཕྱིར༷་རོ༵། །གཉིས་པ། གཉིས་ཀ་ལས་སྐྱེ་བ་འདི༷་ནི༷་འཇི༷ག་རྟེན༷་ལས༷་ཀྱང༷་འགྲུབ་པ་མི༷ན་ལ་དེ༷་ཁོ་ན་ཉིད༷་དུ༷་ཡ༷ང་འདོ༷ད་པ་མི༷ན་ཏེ༷་མ་གྲུབ་པར་མ་ཟད་ག༷ང་ཕྱིར༷་རེ༷་རེ༷་ལ༷ས་ནི༷་སྐྱེ༷་བ༷ར་འགྲུབ༷་པ༷་ཡོ༷ད་པ་མ༷་ཡི༷ན་པས་སོ། །དཔེར་ན། ཏིལ་གཅིག་འབྲུ་མར་འབྱིན་ནུས་ན་མང་པོས་ཀྱང་འབྱིན་ལ། བྱེ་མ་རེ་རེ་ལ་ནུས་པ་མེད་པས་མང་པོས་མི་ནུས་པ་བཞིན་ནོ། །བཞི་པ་རྒྱུ་མེད་དགག་པ་ལ་ཕྱོགས་སྔ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ། རྒྱང་འཕེན་པ་རྒྱུ་མེད་ངོ་བོས་བྱུང་བར་སྨྲ་བ་ལྟར་ན་འབྲས་བུ་རྣམས་རྒྱུ་ལ་མི་ལྟོས་པས་རྒྱུ་རྒྱུ་མིན་དང་དུས་དང་དུས་མིན་མེད་པར་རྟག་ཏུ་ཀུན་ལས་སྐྱེ་བར་ཐལ་ཏེ། ལྟོས་མེད་དུ་སྐྱེ་ནུས་པས་སོ། །ཞེས་པ་ལ། ཕྱོགས་སྔ་ནི་ག༷ལ་ཏེ༷་རྒྱང་འཕེན་པ་རྒྱུ༷་མེ༷ད་ཁོ༷་ན༷ར་སྐྱེ་བར༷་ལྟ་ཞི༷ག་འགྱུར༷་ན༷་སྟེ་རྒྱུ་མེད་ངོ་བོས་བྱུང་བར་སྨྲ་ན་ནི༷། ཞེས་སོ། །གཉིས་པ་ལ། རྒྱུ་མེད་སྤྱིར་དགག་པ་དང༌། འཇིག་རྟེན་ཕ་རོལ་མེད་པ་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ། འབྲས་བུ་འདི་རྣམས་ཡོད་ན་རྟག་ཏུ་ཡོད་པ་སོགས་ཀྱིས་དགག་པ་དང༌། རྒྱུ་མེད་ན་རྟག་ཏུ་མེད་པ་སོགས་ཀྱིས་དགག་པ་གཉིས། དང་པོ་ལ། རྟག་ཏུ་ཡོད་པ་དང༌། ཐམས་ཅད་ལས་འབྱུང་བའི་སྐྱོན་གཉིས། དང་པོ། དེ༷་ཚེ༷་དངོ༷ས་པོ་མཐ༷འ་ད༷ག་དུས་རྟག༷་ཏུ་ཡོད་པར་ཐལ་ཏེ་དུས་ལ་མི་ལྟོས་ཤིང་རྒྱུ་མེད་པས་སོ། །གཉིས་པ། རྒྱུ་མིན་པ་ཐ༷མས་ཅ༷ད་ལ༷ས་ཀྱང༷་ཐམས་ཅད་སྐྱེ༷་བར་འགྱུར༷་ཞི༵ང་སྟེ་ལྟོས་པ་མེད་པས་སོ། །
གཉིས་པ་ལ་འབྲས་བུའི་ཆེད་དུ་རྒྱུ་མི་སོག་པར་ཐལ་བས་དགག་པ་དང༌། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ནམ་མཁའི་མེ་ཏོག་ལྟར་རྟག་ཏུ་མེད་པས་དགག་པ་གཉིས། དང་པོ། མཐོང་བ་དང་འགལ་ཏེ། རྒྱུ་ལ་ལྟོས་པ་མེད་ན་འབྲ༷ས་བུ་འབྱུང༷་བའི་ཆེ༷ད་དུ༷་འཇི༷ག་རྟེན༷་འདི༷་ཡི༷ས་དེའི་རྒྱུ་ས༷་བོ༷ན་ལ༷་སོ༷གས་ནི༵་དཀའ་བ་བརྒྱ༷་ཕྲ༷ག་ད༷ག་གི༷་སྒོ༷་ན༷ས་སྡུད༷་པའམ་སོག་པ༷ར་བྱེད༷་པ༷ར་ཡ༷ང་མི༷་འགྱུར༷་ཏེ་རྒྱུ་དེས་འབྲས་བུ་མི་བསྐྱེད་པར་འབྲས་བུ་རྒྱུ་མེད་ཅན་ཡིན་པས་སོ། །གཉིས་པ། གལ༷་ཏེ༷་རྣམ་པ་གཅིག་ཏུ་ན་འགྲོ༷་བ༷་རྒྱུ༷་ཡི༷ས་སྟོང༷་པ༷ར་གྱུར༷་ན༷་ནི་རྒྱུ་མེད་པས་དེའི་འབྲས་བུ་འཇིག་རྟེན་ཀྱང་ཡོད་མི་རིགས་པས་ན༷མ་མཁ༷འ་ཡི༵་ཨུ༷ཏྤ་ལ༷་ཡི༷་དྲི༷་དང་མདོ༷ག་འདི་ལྟ་བུ་ཞེས་གཟུང་བར་མི་ནུས་པ་ཇི༷་བཞི༷ན་ཆོས་ཀུན་ཀྱང་གཟུ༷ང་དུ༷་མེ༷ད་པ་ཉིད༷་ན༵།དེ་ལྟ་མིན་པར་ཤི༷ན་ཏུ༷་ཆེ༷ས་བཀྲ༷འི་འཇི༷ག་རྟེན༷་འདི་མངོན་སུམ་དུ་དབང་པོས་འཛི༷ན་པ༷འ༷ང་ཡི༷ན་པ༷་དེ༷་ཡི༷་ཕྱིར༷་ར༷ང་གི༷་བློ༷་སྔོན་པོའི་རྣམ་པ་ཅན་སྔོན་པོ་ལས་སྐྱེ་བ་བཞི༷ན་དུ༷་འཇི༷ག་རྟེན༷་འདི་ཡང་རྒྱུ༷་ལ༷ས་བྱུང་བ་ཡི༷ན་པ༷་ཤེ༷ས་པ༷ར་གྱིས༷་ཤིག་གཉིས་པ་འཇིག་རྟེན་ཕ་རོལ་མེད་པ་དགག་པ་ལ། རྒྱང་འཕེན་པའི་བློ་འཇིག་རྟེན་ཕ་རོལ་མེད་པར་རྟོག་པ་ལ་ཚད་མ་མིན་པར་སྟོན་པ། ཕྱིན་ཅི་ལོག་གི་བློ་ཡིན་པར་སྟོན་པ་གཉིས། དང་པོ་ནི། དེ་ལ་རྒྱང་འཕེན་པ་ནི། དེ་ཉིད་བཞི་སྟེ་ས་ཆུ་མེ་ང་བཞིའོ། །དེ་བཞི་ནི་འགྲོ་བ་མཐའ་དག་གི་རྒྱུར་གྱུར་པ་ཡིན་ཏེ།དེ་རྣམས་ཡོངས་སུ་སྨིན་པའི་ཁྱད་པར་ལས་པདྨ་དང་བལ་བོའི་སེའུ་སོགས་དང་རྨ་བྱ་དང་བྱ་གག་ལ་སོགས་པ་སྣ་ཚོགས་པ་དག་གི་རྣམ་པ་དང༌།
དེར་མ་ཟད་དངོས་པོའི་དེ་ཉིད་དཔྱོད་པའི་བློ་ཡང་དེ་ཁོ་ན་ལས་སྐྱེས་ཏེ། ཇི་ལྟར་ཆང་ལ་འབྱུང་བའི་བྱེ་བྲག་ཕྲད་པ་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྲོག་ཆགས་རྣམས་མྱོས་པ་རྒྱལ་གྱི་རྒྱུ་མྱོས་འགྱུར་གྱི་ནུས་པ་སྐྱེས་པ་བཞིན་དུ། ནུར་ནུར་པོ་སོགས་འབྱུང་བ་ཆེན་པོ་ཁྱད་པར་ཅན་ཡོངས་སུ་སྨིན་པ་ལས་བློ་སྐྱེ་སྟེ་ཡུལ་ཡོངས་སུ་གཅོད་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་ནང་ཀུན་འཇིག་རྟེན་འདིའི་རྒྱུ་ལས་འབྱུང་བ་ཁོ་ན་ཡིན་གྱི་ཚེ་སྔ་ཕྱིའི་འཇིག་རྟེན་ཕ་རོལ་ནི་མེད་ལ་འདིར་མཐོང་བ་ཙམ་ཞིག་ཡོད་དོ་ཟེར། །ཅི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲས་པ། །དེ་ནི་སྤྱང་ཀིའི་རྗེས་དང་འདྲ། །ཞེས་མངོན་སུམ་ཚད་མ་གཅིག་པུ་ལས། རྗེས་དཔག་ཁས་མི་ལེན་ནོ། །དེ་ལྟར་འཇིག་རྟེན་ཕ་རོལ་མེད་པ་འདི་རྒྱང་འཕེན་ཁྱོད་ཀྱིས་ཅི་དབང་པོའི་མངོན་སུམ་མ་ཡིན་པས་སོ་སྙམ་ན། འཇིག་རྟེན་ཕ་རོལ་མངོན་སུམ་མིན་པ་ཉིད་མངོན་སུམ་མམ་དེ་མིན་པ་ཞིག་ཡིན་གྲང༌། མངོན་སུམ་མོ་ཞེ་ན། མེད་པ་མངོན་སུམ་དུ་འགྱུར་ན་དངོས་མེད་ཀྱང་མངོན་སུམ་དུ་འགྱུར་ལ་དེའི་ཕྱིར་དངོས་མེད་དངོས་པོར་འགྱུར་ཏེ་དངོས་མེད་མངོན་སུམ་ཡིན་པའི་ཕྱིར། དེ་ལྟར་ན་དངོས་མེད་འགལ་ཟླ་མེད་པས་དངོས་པོ་ཡང་མེད་པར་འགྱུར་རོ། །
དངོས་པོ་དང་དངོས་མེད་མེད་ན་འབྱུང་བ་ཡོད་པ་དང་འཇིག་རྟེན་ཕ་རོལ་མེད་པའང་ཉམས་སོ། །མངོན་སུམ་མིན་ན་ནི་དེས་མ་བཟུང་བས་ཕ་རོལ་མེད་པར་ཅི་ལ་དཔོགདེས་ན་འགྲོ་བའི་རྒྱུ་འབྱུང༷་བ༷་ས་སོགས་བཞི་པོ་དེ༷་ད༷ག་གི་བད༷ག་ཉིད༷་ནི་རྒྱུ་མཚན་གཞུང་ལས་བཤད་པ་ག༷ང་ཞི༷ག་གི༷ས་ནི༷་རྒྱང་འཕེན་ཁྱོད༷་ཀྱི༷་བློ༷འི་ཡུ༷ལ་དུ༷་འགྱུར༷་བ༷་སེམས་ཀྱི་ཉེར་ལེན་བྱེད་ནུས་ཀྱི་ངོ་བོའམ་ས་སོགས་དེ་དག་དེ༷་ཡི༷་བད༷ག་ཉིད༷་ཅ༷ན་དུ་ཡོད་པ་ནི༷་མ༷་ཡི༷ན་ན༷། ཤིན་ཏུ་རགས་པ་མཐོང་བའི་དངོས་པོ་ག༷ང་ལ༷་ཡི༷ད་ཀྱི༷་མུ༷ན་པ༷་འཐུ༷ག་པོ༷་འཇིག་རྟེན་འདི༷་ཉིད༷་དུ༷་ཡོ༷ད་པ༵་དེ༷ས་ནི༷་ཇི༷་ལྟར༷་ཤིན་ཏུ་ཕྲ་བ་ལྷ་ཡི་མིག་གི་སྤྱོད་ཡུལ་དུ་གྱུར་པའི་འཇི༷ག་རྟེན༷་ཕ༷་རོ༷ལ་ཡ༷ང་ད༷ག་པར་རྟོག༷ས་པ༷ར་འགྱུར༵་ཏེ་རྟོགས་མི་སྲིད་ལ། སྐྲ་ཤད་དང་ཟླ་གཉིས་སོགས་མཐོང་བའི་རབ་རིབ་ཅན་མིག་མི་དག་པ་དེས་གཟུགས་གཞན་མཐོང་བའང་ཡིད་ཆེས་སུ་མི་རུང་བ་ལྟར་རོ། །གཉིས་པ་ལ། རྒྱང་འཕེན་པའི་བློ་དེ་འདྲ་བ་དངོས་པོའི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཡིན་པར་སྒྲུབ་པ་དང༌། དེའི་དཔེ་ལ་རྩོད་པ་སྤོང་བ་གཉིས། དང་པོ། འཇིག་རྟེན་འདིར་འབྱུང་བ་བཞི་པོ་ཙམ་དུ་ཡོ༷ད་ཀྱི་དེ་ལས་གཞན་འདི་ནས་ཕ་རོལ་དང་ཕ་རོལ་ནས་འདིར་འོང་བའི་རྒྱུ་ནི་མེད་ཅེས་འཇི༷ག་རྟེན༷་ཕ༷་རོ༷ལ་འགོ༷ག་པ༷ར་བྱེད༷་པ༷འི་དུ༷ས་སུ༷་རྒྱང་འཕེན་པ་བད༷ག་ཉིད༵་ནི༷་ཤེ༷ས་བྱའི༷་རང༷་བཞི༷ན་ཕྱིན༷་ཅི༷་ལོ༷ག་ཏུ༷་ལྟ༷་བ༷ར་རྟོག༷ས་བྱ༷་སྟེ༷། སྐུར་འདེབས་དེ༷་ཡི༷་ལྟ༷་བ༷འི་རྣ༷མ་པ༷འི་རྟེན༷་དུའམ་རྒྱུ་དང་འདྲ་བའམ་མཚུ༷ངས་པའི་ལུས༷་ད༷ང་ལྡ༷ན་པ་ཉིད༷་ཀྱི་ཕྱིར༵། ག༷ང་གི་ཚེ༷་ས་སོགས་འབྱུང༷་བ༷འི་བད༷ག་ཉིད༷་བདེན་མེད་ལ་བདེན་པར་ཡོ༷ད་པ་ཉིད༷་དུ་ཁ༷ས་ལེ༷ན་པ་དེ༷་ཚེ༷ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་པ་ཉིད་དང༌།
ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་ཡོད་པ་བཞི༵ན་ཞེས་ཤེས་བྱ་རང་གི་གནས་ལུགས་དང་འགལ་པའི་བློ་ཡོད་པ་ལ་བྱའོ། །དེ་ལ་འཇིག་རྟེན་ཕ་རོལ་ནི་ཡོད་པ་ཡིན་ལ། འདིས་མེད་པར་མཐོང་བ་སྟེ་དེ་ལ་ཅིའི་ཕྱིར་ཕྱིན་ཅི་ལོག་ཏུ་ལྟ་ཞེ་ན། སྐུར་འདེབས་དེ་ཡི་ལྟ་བའི་རྣམ་པ་སྟེ་དེ་ཡང་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཡིན་པའི་ཕྱིར་ཏེ། འཇིག་རྟེན་མེད་པར་འཛིན་པའི་ལྟ་བའི་འབྱུང་ཁུངས་ཀྱི་རྟེན་ནམ་གཞིར་གྱུར་པའི་ལུས་དང་གང་ཟག་དེ་ལྡན་པའི་ཕྱིར་ཏེ། ནམ་ཞིག་འཇིག་རྟེན་ཕ་རོལ་ཡོད་པའམ། ཐེ་ཚོམ་གྱིས་རྟེན་ཉིད་དུ་མ་གྱུར་པ་དེསྲིད་དུ་འཇིག་རྟེན་ཕ་རོལ་སྐུར་འདེབས་ཀྱི་རྟེན་དུ་མཚུངས་པ་ཉིད་དུ་གྱུར་པས་སོ། །དེ་ལྟར་ན་རྒྱང་འཕེན་པ་ལ། འབྱུང་བའི་བདག་ཉིད་ཡོད་པ་ཉིད་དུ་རྟོགས་པ་ན་ཡང༌། དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་པ་ཡིན་ཏེ། དེའི་སྐབས་ནི་གཉིས་ཏེ། གཅིག་ནི་འབྱུང་བའི་རང་བཞིན་ཁོང་དུ་ཆུད་པའི་སྐབས་དང༌། གཞན་ནི་འཇིག་རྟེན་གཞན་ལ་སྐུར་པ་འདེབས་པའི་སྐབས་སོ། །དེ་ལ་གཅིག་ནི་ཕྱོགས་སུ་བྱས་པ་ཉིད་ཀྱིས་ན། གཞན་དཔེ་ཉིད་དུ་བསྟན་པའི་ཕྱིར་གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། ཞེས་པའོ། །དེ་ལ་ཅི་སྟེ་འབྱུང་བའི་བདག་ཉིད་ཡོད་པ་ཉིད་རྟོག་པ་ཕྱིན་ཅི་མ་ལོག་པ་ཡིན་པས་དཔེ་མ་གྲུབ་བོ་སྙམ་ན། གྲུབ་སྟེ། འབྱུང་བ་མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པ་དང༌། དངོས་ཡོད་ཉིད་དུ་སྨྲ་བ་དང༌། དངོས་མེད་ཉིད་དུ་སྨྲ་བ་དང༌།
དབང་ཕྱུག་དང༌། དུས་དང༌། རྡུལ་དང༌། ངོ་བོ་དང༌། རང་བཞིན་སྨྲ་བ་རྣམས་དང༌།དེ་ལས་གཞན་རྣམས་ལའང༌། རང་རང་གི་ཅི་ལྟ་བ་ཡིན་པར་སྨྲ་བ་ན། ཕྱིན་ཅི་ལོག་ཉིད་སྦྱར་བར་བྱའོ། །འདི་ལྟར་རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། དེ་ཡི་ལྟ་བའི་སོགས་གོང་ལྟར་སྦྱར་ཏེ་ཡོད་མེད་ཉིད་དུ་ལྟ་བ་སོགས་ཐམས་ཅད་དགག་པར་འདོད་པའི་ཕྱིར་རོ། །ཁྱོད་ལའང་ཐལ་བར་མཚུངས་སོ་ཞེ་ན། ཁོ་བོ་ཅག་ཕྱིན་ཅི་ལོག་པར་སྒྲུབ་པའི་དཔེ་མེད་པའི་ཕྱིར།ཞེའོ། །ཇི་ལྟར་ན། འཇིག་རྟེན་གཞན་ཉིད་ཡོད་པ་རྟོགས་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །བདག་གི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་གི་ཚེ་ནི་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་བརྗོད་པར་ཡང་ནུས་སོ། །དེ་བཞིན་དུ། འདི་ན་ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་བདགཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། ཞེས་རྟགས་དང་དཔེ་ནི་འདྲའོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་སྦྱར་རོ། །འདིར་རང་ནི།འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་རྒྱང་འཕེན་པ་ནི། ཤེས་བྱའི་རང་བཞིན་འཇིག་རྟེན་ཕ་རོལ་ཡོད་པ་ལ་མེད་པར་བཟུང་བའི་ཕྱིན་ཅི་ལོག་བློ་ཡིན་ཏེ། སྐུར་འདེབས་ཀྱི་ལྟ་བ་དེ་ཡི་རྣམ་པའི་རྟེན་མཚུངས་པའི་ལུས་ནི་རྒྱུད་ན་ད་ལྟའི་འཇིག་རྟེན་བདེན་པར་བཟུང་བཞིན་པ་དེ་ཡིན་ཏེ། དེ་ལ་དམིགས་ནས་འདི་ཕ་རོལ་ཏུ་རྒྱུན་ཆད་ཅེས་དམིགས་པས།
དཔེར་ན་འབྱུང་བ་ཡོད་པར་ཁས་ལེན་པ་དེ་ཚེ་བཞིན་ནོ་ཞེས་ད་ལྟའི་འབྱུང་བ་ཡོད་པ་དང་ཕ་རོལ་མེད་པར་དམིགས་པས་སོ། །རང་གིས་ཡོད་ཟེར་བ་དེ་དང་མི་འདྲ་སྟེ། ཇི་ལྟར་འབྱུང་བ་མེད་པ་ལ་ཡོད་པར་ཁས་ལེན་པ་ཕྱིན་ཅི་ལོག་གི་བློ་ཡིན་པ་ལྟར། འཇིག་རྟེན་ཕ་རོལ་འགོག་པའི་དུས་སུའང༌། རྒྱང་འཕེན་པ་ཆོས་ཅན། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་ཡིན་པར་ཐལ། སྐུར་འདེབས་དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་ལྡན་ཉིད་ཀྱི་ཕྱིར། བདག་མེད་པ་ལ་མེད་པར་འཛིན་པ་དོན་དམ་པ་ཡིན་པ་ལྟར། འཇིག་རྟེན་ཕ་རོལ་ཡོད་པར་འདོད་པའི་སངས་རྒྱས་པ་ཆོས་ཅན། ཕྱིན་ཅི་མ་ལོག་པའི་བློ་ཡིན་པར་ཐལ། བདག་གི་ལྟ་བའི་རྣམ་པའིརྟེན་མཚུངས་ལུས་ལྡན་ཉིད་ཀྱི་ཕྱིར། ཞེས་སོ། །གཞན་ཡང༌། ཤེས་བྱ་སྤྱི་ལ་ལོག་པར་ལྟ་བ་ཡིན་པར་དང༌། ཡང་དག་ལྟ་བ་མིན་པར་ཐལ། བདག་ལྟ་དང༌།ཆད་ལྟའི་རྟེན་དུ་གྱུར་པའི་སེམས་དང་ལྡན་པའི་ཕྱིར། དངོས་པོ་ཡོད་ཅེས་སྨྲ་བའི་དུས་སུ་དབང་ཕྱུག་པ། ཤེས་བྱའི་རང་བཞིན་སོགས་རིགས་འགྲེའོ། །གཉིས་པ། འབྱུང༷་བ༷་དེ༷་ད༷ག་ཇི༷་ལྟར༷་རང་བཞིན་གྱིས་ཡོ༷ད་པ་མི༷ན་པ་དེ༷་ལྟར༷་བཤ༷ད་ཟི༷ན་ཏེ༷། ག༷ང་གི༷་ཕྱིར༷་ན༷་སྔར་གོ༷ང་དུ༷་བཤད་པ་བཞིན་ར༷ང་དང་གཞ༷ན་ལ༷ས་སྐྱེ་བ་ད༷ང་གཉིས༷་ཀ༷་ལ༵ས་སྐྱེ༷་བ༷་ད༷ང་རྒྱུ༵་མེ༷ད་དུ་སྐྱེ་བའི་སྐབས་སུ་འབྱུང་བ་ཡང་དེ་དང་ཐུན༷་མོ༷ང་དུ་ནི༷་བཀ༷ག་ཟི༷ ན་དེ༷་ཡི༷་ཕྱིར༷་སྔར་སྤྱིའི་ཚུལ་གྱིས་བཀག་པའམ་མ༷་བཤ༷ད་པའི་འབྱུང༷་བ༷་འདི༷་ད༷ག་ལྟ་ཞི༷ག་བདེན་པར་ཡོ༷ད་པ༷་མ༷་ཡི༷ན་ནོ༷། །
གསུམ་པ་དེ་ལྟར་གྲུབ་པའི་དོན་གྱི་མཇུག་བསྡུ་བ་ནི། ག༷ང་གི་ཕྱིར༷་ན༷་དངོས་པོ་རྣམས་ལ་རང་བཞིན་ཡོད་ན་མཐའ་བཞི་གང་རུང་གི་སྐྱེ་བས་ཁྱབ་ཀྱང་དེ་མེད་པས་དངོས་པོ་རྣམས་རང་བཞིན་གྱི་བད༷ག་ད༷ང་གཞ༷ན་ད༷ང་གཉིས༷་ཀ༷་ལ༷ས་སྐྱེ་བ༷་མེད་པ་དང༌། རྒྱུ༷་ལ༷་མ༷་ལྟོས༷་པར་སྐྱེ་བའང་ཡོ༷ད་པ༷་མི༷ན་པ༷ས་ཏེ་མིན་པའི་ཕྱིར་ན། དངོ༷ས་པོ༷་རྣ༷མས་ར༷ང་བཞི༷ན་གྱིས་གྲུབ་པ་དང་བྲ༵ལ་བ་ཡིན་ནོ། །གཉིས་པ་དེ་ལྟར་བཀག་པ་ལ་རྩོད་པ་སྤོང་བ་ལ། རང་བཞིན་དེ་ལྟར་ཡིན་ན་ཐམས་ཅད་ཀྱི་མཐོང་བར་ཐལ་བའི་རྩོད་སྤོང་དང༌། སྣང་གཞི་མེད་ན་ཐ་སྙད་དུ་ཡང་མི་སྣང་བར་ཐལ་བའི་རྩོད་སྤང་གཉིས། དང་པོ་ལ། རང་བཞིན་མི་སྣང་བའི་རྒྱུ་བསྟན་པ་དང༌། རྒྱུ་ཡང་རང་བཞིན་མེད་པར་བསྟན་པ་གཉིས།དང་པོ་ལ། རྒྱུ་གང་གིས་རང་བཞིན་མི་མཐོང་ཚུལ་དང༌། དེ་དཔེས་སྒྲུབ་པ་གཉིས། དང་པོ། འོ་ན་ཆོས་རྣམས་ཀྱི་ངོ་བོ་རང་བཞིན་མེད་པ་དེ་ཡིན་ན་རང་བཞིན་དེ་ཅིའི་ཕྱིར་མི་སྣང་བར་སྔོ་སོགས་མངོན་སུམ་དུ་ཅི་ལ་སྣང་སྟེ་མ་སྐྱེས་པས་སོ་ཟེར་ན། སྔོ་སོགས་དེ་རང་བཞིན་མིན་ཀྱང་རྨོངས་པས་བསླད་པས་དེར་དམིགས་ཀྱི་མ་རིག་པ་དང་བྲལ་བ་རྣམས་ཀྱིས་མ་དམིགས། ག༷ང་གི༷ས་ནམ༷་མཁའི་རང་བཞིན་སྒྲིབ་པའི་ཆར་སྤྲིན༷་ནག་པོའི་ཚོ༷གས་དང་མཚུང༷ས་པའི་གཏི༷་མུ༷ག་སྟུག༷་པོ༷་སྟེ་ཤིན་ཏུ་འཐུག་པོ་ཞིག་འཇི༷ག་རྟེན༷་ལ༷་ཡོད༷་པ༷་དེ༷ས་ན༷་ཡུ༷ལ་རྣ༷མས་ཀྱི་རང་བཞིན་གཏི་མུག་གིས་བསྒྲིབས་ནས་ངོ་བོས་གྲུབ་པའི་ལོ༷ག་པ༷་ད༷ག་ཏུ་སྣང་བ༷ར་འགྱུར༷་རོ། །
གཉིས་པ། དཔེ་ཇི༷་ལྟར༷་ན་ར༷བ་རི༷བ་ཀྱི་མཐུ༷་ཡི༷ས་གང་ཟག་འག༷འ་ཞི༷ག་གི་ངོར་སྐྲ༷་ཤ༷ད་དང་ཟླ༷་བ་གཅིག་ལ་གཉིས༷་སུ་སྣང་བ་ད༵ང༌། རྨ༷་བྱའི༷་མདོ༷ངས་ལྟ་བུ་དང༷་སྦྲང༷་མ༷་ལ༷་སོ༷གས་མེད་ཀྱང་ཡོད་པ་ལྟར་ལོ༷ག་པ༷ར་འཛི༷ན་པ་སྟེ་མཐོང་བར་བྱེད༷་པ༷། དེ༷་བཞི༷ན་དུ༷་ནི༷་གཏི༷་མུ༷ག་གི་སྐྱོན༷་གྱི༷་དབ༷ང་གི༷ས་མི༷་མཁ༷ས་པ༷ས་བྱིས་པ་སོ་སོའི་སྐྱེ་བོས་ཡོད་པའི་རང་བཞིན་མི་མཐོང་ལ་མེད་པའི་སྔོ་སོགས་འདུས༷་བྱས༷་ལྟ༷་ཞི༷ག་སྣ༷་ཚོ༷གས་པ་དེར་འཛིན་གྱི་ཤེས་པའམ་བློ༷་གྲོ༷ས་ཀྱིས༷་ནི༷་རྟོག༷ས་པ༷འམ་མཐོང་བར་འགྱུར༷་རོ། །གཉིས་པ་རྒྱུ་དེ་ཡང་རང་བཞིན་མེད་པར་བསྟན་པ་ནི། འོ་ན་ཕྱི་ནང་གི་རྒྱུ་དེ་ནི་ཡོད་དོ་སྙམ་ན་མིན་ཏེ། ག༷ལ་ཏེ༷་གཏི༷་མུག༷་མ་རིག་པ་ལ་བརྟེན༷་ནས༷་འདུ་བྱེད་ཀྱི་ལ༷ས་འ༷བྱུང་ཞིང་གཏི༷་མུ༷ག་དེ་མེ༷ད་པ༷ར་ལས་དེ༷་རྣམས་མི༷་འབྱུ༷ང་ཞེ༷ས་བྱ༷་བས་དེ་སྤང་བྱར་ཞེན་པ་དག་ནི་ཡང་དག་པའི་གནས་ལ་མི༷་མཁ༷ས་ཁོ༷་ན༷ས་རྟོག༷ས་པ༷་ཡིན་པ༷ར་གོ༷ར་མ༷་ཆ༷ག་གོ །འོ་ན་ཡུལ་གྱི་རང་བཞིན་མི་མཐོང་བའི་རྒྱུ་གཏི་མུག་ཡིན་ཏེ། དེ་མེད་ན་རང་བཞིན་མཐོང་བར་འཐད་པས་དཔེར་ན་མིག་གིས་གཟུགས་ལོག་པར་མཐོང་བ་ལ། མིག་སྐྱོན་རབ་རིབ་སེལ་དགོས་པ་ལྟར།གཏི་མུག་ཡོད་ན་ལས་ཡོད་ལ་མེད་ན་མི་འབྱུང་བས་གཏི་མུག་སྤང་བྱར་བྱེད་པ་ནི་དངོས་པོའི་གནས་ཚུལ་ལ་ཡང་དག་པར་མི་མཁས་པའི་ཉན་རང་སོགས་ཀྱི་རྟོགས་པ་ཡིན་པར་ཐེ་ཚོམ་སྟེ། མཁས་པ་དབུ་མ་པ་དག་ནི། མ་རིག་པའིརྐྱེན་གྱིས་འདུ་བྱེད་ཅེས་གསུངས་པ་ན་འདུ་བྱེད་རང་བཞིན་མེད་པར་ཤེས་པར་མ་ཟད་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་བློ་བཟང་པོ་ཉི་མས་མུན་པ་སྟུག་པོ་དང་འདྲ་བའི་མ་རིག་པ་རྣམ་པར་བསལ་བ་ཡིས་ལས་འདུ་བྱེད་དག་ཀྱང་མི་ལེན་པར་དེ་འཁོར་བ་ལས་གྲོལ་ལོ། །
འདི་སྣང་བའི་རྒྱུ་དེས་འབྲས་བུ་ཕྱིན་ཅི་ལོག་སྣང་བའི་དུས་ཉིད་ནའང༌། སྣང་བཞིན་དུ་མ་གྲུབ་པས་བསལ་བཞག་མེད་པའི་སྟོང་ཉིད་ཁོང་དུ་ཆུད་ནས་གྲོལ་གྱི་དེར་སྣང་བའི་རྒྱུ་སྤང་བྱར་མི་ཞེན་ནོ་ཞེས་གནས་ལུགས་ཇི་ལྟ་བཞིན་མཐོང་བའི་བློ༷་བཟ༷ང་པོའི་ཉི༷་མ༷ས་དངོས་འཛིན་གྱི་མུ༷ན་པ༷་སྟུག༷་པོ༷་རྣ༷མ་པ༷ར་བས༷ལ་བ༷་ཡི༵་མཁ༷ས་པ༷་ད༷ག་ནི༷་རྒྱུ་འབྲས་དང་སྤང་གཉེན་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྟོང༷་ཉིད༷་ཁོ༷ང་དུ༷་ཆུད༷་ཅི༷ང་གྲོ༷ལ་བ༷ར་འགྱུར༵་གྱི་གཏི་མུག་ཟད་ནས་གྲོལ་བ་ནི་མིན་ནོ། །གཉིས་པ།དེ་ལྟར་གཞི་ཅུང་ཟད་ཀྱང་མེད་ན་ཐ་སྙད་དུ་ཡང་མི་སྣང་བར་ཐལ་བའི་རྩོད་སྤོང་ལ། རྩོད་པ་དངོས་དང༌། དེའི་ལན་གཉིས། དང་པོ་ནི། ག༷ལ་ཏེ༷་གཟུགས་ལ་སོགས་པའི་དངོ༷ས་པོ་རྣ༷མས་དེ༷་ཁོ་ན་ཉིད༷་དུ༷་ངེས་པར་མེ༷ད་ན༷། ཐ༷་སྙད༷་དུ༷་ཡ༷ང་མོ༷་གཤ༷མ་གྱི་བུ་ཇི༷་ལྟ་བ་བཞི༷ན་དུ་དེ༷་ད༷ག་མེད་པ༷་ཉིད༷་དུ་འགྱུར༷་ཏེ་དེ༷་ཡི༷་ཕྱིར༵་གཟུགས་སོགས་དེ༷་ད༷ག་ར༷ང་བཞི༷ན་གྱིས༷་ནི༷་ཡོ༷ད་པ༷་ཉིད༵་ཡིན་ནོ་ཞེ་ན།གཉིས་པ་ལ། དཔེའི་སྒོ་ནས་རྩོད་པ་དེ་མ་ངེས་པར་སྟོན་པ་དང༌། དོན་དུ་རང་བཞིན་གྱིས་མ་སྐྱེས་པ་དང་ཐ་སྙད་དུ་སྣང་བ་མི་འགལ་བར་སྟོན་པ་གཉིས།དང་པོ་ལ། བསྟན་བཤད་གཉིས། དང་པོ། ག༷ང་ད༷ག་ར༷བ་རི༷བ་ཅ༷ན་དང་དྷ་དུ་ར་ཟོས་པ་སོ༷གས་ཀྱིས་མིག་ཉམས་པའི་ཡུ༷ལ་དུ་འགྱུར༷་པ༷། སྐྲ༷་ཤ༷ད་དང་གླང་ཆེན་ལ༷་སོ༷གས་མཐོང་བ་དེ༷་ད༷ག་མོ་གཤམ་བུ་ལྟར་མ༷་སྐྱེས༷་པར་མཚུངས་པ༵ས།
མ་སྐྱེས་པར་སྣང་མི་སྣང་ཤེས་ན་རེ༷་ཞི༷ག་ཡོད་པ་མ་ཡིན་པའི་སྐྲ་ཤད་སོགས་སྣང་བ་དེ༷་ད༷ག་ཉིད༷་ལ༷་སྟེ་དངོས་སྨྲ་བ་ཁྱོད་ལ་མ་སྐྱེས་པའི་སྐྲ་ཤད་མཐོང་ན་རི་བོང་གི་རྭ་མོ་གཤམ་བུ་སོགས་ཅིས་མི་མཐོང་ཞེས་བརྩད༷་བྱ༷་སྟེ༷། ཕྱི༷་ན༷ས་ཏེ་དེའི་རྗེས་ནས་མ༷་རི༷ག་པའི་ར༷བ་རི༷བ་རྗེ༷ས་སུ་འབྲེ༷ལ་བ་དེས་བློ་མིག་བསྒྲིབས་པ་རྣམས་ལ༷འོ༷་སྟེ་བརྒལ་ཞིང་བརྟག་པར་བྱ་དགོས་སོ། །གང་འདི་ལྟར་དོན་དམ་པར་མེད་ན་འདི་འདྲར་སྣང་བར་མི་ཤེས་པ་ཡིན་ནོ་སྙམ་དུ་རྩོད་པ་ལ། དང་པོ་དོན་དམ་པར་མ་སྐྱེས་ཀྱང་སྣང་བ་ཙམ་ཡོད་པར་འཐད་དེ། དཔེར་ན་དང་པོར་དཔེ་སྐྲ་ཤད་ལ་སོགས་པའི་སྟེང་ནས་དཔྱད་ན་མེད་པར་འདྲ་ཡང་མོ་གཤམ་གྱི་བུ་མི་མཐོང་ལ། སྐྲ་ཤད་མཐོང་བ་ཡོད་པས། སྐྱེ་བ་མེད་ན་མི་མཐོང་བར་ཐལ་བའི་སྨྲ་བ་འདི་མ་ངེས་པ་སྟེ། སྐྱེ་བ་མེད་ཀྱང་མཐོང་བ་ཡོད་པའི་ཕྱིར།དངོས་སྨྲ་བའམ་དེའི་ཕྱོགས་སུ་གཏོགས་པ་དག་ན་རེ། ཆོས་ཐམས་ཅད་དམིགས་སུ་མེད་པ་དང་བླང་དོར་མེད་པར་རྟོགས་ན། ཕན་འདོད་ཀྱི༷་སྦྱིན་པ་སོགས་ཇི་ལྟར་འབྱུང་སྟེ་དགེ་ཆོས་སྒྲུབ་པ་དང༌། མི་དགེ་སྤོང་བ་ཐམས་ཅད་དམིགས་ནས་བླང་དོར་བྱེད་དགོས་སོ་སྙམ་ན། གནས་ལུགས་ལ་གོ་མྱོང་མ་སྐྱེས་པ་ཁྱོད་ཉོན་ཅིག་གནས་ལུགས་ལ་དམིགས་མེད་དང༌། བླང་དོར་མེད་པར་མཉམ་ཉིད་དུ་རྟོགས་པས། ཀུན་རྫོབ་སྣང་ཚུལ་ཙམ་དུ་དམིགས་པ་ཁེགས་ག་ལ་དགོས་ཏེ། འཁོར་འདས་བླང་དོར་དགག་སྒྲུབ་སྣ་ཚོགས་མ་འདྲེས་པའི་ཆོས་སུ་སྣང་ཡང༌། སྣང་བ་དེ་ཉིད་ཀྱི་གནས་ལུགས་དམིགས་མེད་ཡང་དག་མཐའ་མཉམ་པ་ཉིད་ལས་མི་གཡོའོ། །
གནས་ལུགས་དེ་ལྟ་བུ་རྟོགས་ན། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངང་གིས་འཇུག་སྟེ། སངས་རྒྱས་དང་བྱང་སེམས་བཞིན་ནོ། །ཐ་སྙད་དུ་དགེ་སྒྲུབ་སྡིག་སྤོང་བླང་དོར་བྱེད་ཀྱང༌།གནས་ལུགས་ལ་བླང་དོར་དང་དམིགས་པ་ཡོད་པར་འཛིན་མི་དགོས་ལ།གནས་ལུགས་ལ་དེ་དག་དམིགས་སུ་མེད་པས་ཐ་སྙད་དུ་དམིགས་པ་དང་བླང་དོར་གང་ཡང་མེད་པར་འགྱུར་མི་དགོས་ཏེ། དེ་གཉིས་འགལ་མེད་ཡིན། གནས་ལུགས་ལ་དམིགས་པ་མེད་རྒྱུ་ཐ་སྙད་ཀྱི་ཆོས་འདི་རྣམས་ཡིན་ཏེ། མིན་ན་དེ་དག་གི་གནས་ལུགས་དེ་མིན་པར་འགྱུར་རོ། །དེས་ན་ཆོས་ཉིད་དང་ཆོས་ཅན་འགལ་མེད་དུ་རྟོགས་པའི་ངོར། དམིགས་མེད་ཀྱི་བྱམས་སོགས་འབྱུང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཐེག་ཆེན་གྱི་ལམ་ཡང་དག་ཡིན་ནོ། །གནས་ལུགས་ལ་དམིགས་སུ་མེད་ཀྱང་ཐ་སྙད་དུ་དམིགས་པ་དེ་གཉིས་གང་རུང་མེད་པར་ཕྱོགས་གཅིག་ཏུ་གྱུར་ན། ཆོས་ཅན་དང་ཆོས་ཉིད་ཀྱིས་ཕྱེ་བའི་བདེན་གཉིས་མེད་པར་འགྱུར་རོ། །ཡང་ན་ཐ་སྙད་དམིགས་པ་བཞིན་གཉིས་ཆོས་མེད་པའི་དམིགས་མེད་མི་སྲིད་པས་དོན་དམ་མེད་པར་འགྱུར་རོ། །ཡང་ན་གནས་ལུགས་གཉིས་ཆོས་གང་ཡང་མེད་པའི་དམིགས་མེད་བཞིན་ཐ་སྙད་གཉིས་ཆོས་ཐམས་ཅད་མི་སྣང་བར་དོན་དམ་འབའ་ཞིག་པར་འགྱུར་རོ། །དེས་ན་གཉིས་སུ་མེད་ཀྱང་གཉིས་སུ་སྣང་བ་དང༌། གཉིས་སུ་མེད་ཀྱང་དམིགས་པར་སྣང་བ་གཉིས་འགལ་མེད་དུ་ཡོད་པ་འདི་བདེན་གཉིས་སུ་འབྱེད་པའི་དོན་ཡིན་ཏེ་སངས་རྒྱས་ཀྱིས་མཁྱེན་ནས་བསྟན་པའི་ཆོས་ཟབ་མོ་མུ་སྟེགས་སོགས་ལ་མེད་པ་ཡང་དག་པའི་ལམ་ཡིན་ནོ། །
༈ དང་པོ་ནས་བདེན་གཉིས་འགལ་འཛིན་གྱི་བློས། དོན་དམ་པར་དམིགས་པ་ཐམས་ཅད་འགོག་མི་ནུས་པར། བདེན་གྲུབ་ཁེགས་པ་ལ་དོན་དམ་མཐར་ཐུག་ཏུ་བཟུང་བ་དེ་དག་གི་ལྟར་ན། གནས་ལུགས་ནི་དངོས་དངོས་མེད་གང་དུ་དམིགས་པ་མེད་པ་མིན་པར། དངོས་མེད་ཀྱི་བྱེ་བྲག་བདེན་གྲུབ་བཅད་པའི་མེད་དགག་ལ་གནས་ལུགས་སུ་རློམ། བདེན་གྲུབ་ནི་བདེན་པ་གཉིས་ཆར་མེད་པ་མཐའ་གཅིག་ཏུ་འགོགབུམ་པ་ནི་ཐ་སྙད་དུ་ཡོད། དོན་དམ་པར་མེད་ཟེར་བ་ལས་འོས་མེད་ཀྱང༌། དེ་དག་ལ་དྲིས་ན་བུམ་པ་དོན་དམ་པར་མེད་ན་བུམ་པ་དོན་དམ་པར་མི་དམིགས་པར་ཡང་ཁས་ལེན་རུང་ལ། དེ་ལྟ་ན་དེས་གོ་མི་ཆོད་པར། བདེན་གྲུབ་ལོགས་སུ་ཕྱེ་བས་ཅི་བྱ་ཐ་སྙད་དུ་མེད་པའི་ཆོས་མི་དམིགས་པ་ཡིན་གྱི། ཐ་སྙད་དུ་ཡོད་ཚད་མི་དམིགས་པར་འདོད་མི་རུང་བར་དམིགས་པར་ཁས་ལེན་ན། བུམ་པའང་དམིགས་པར་འདོད་དགོས་ལ།དེ་ཡང་ཐ་སྙད་དུ་དམིགས་པ་ནི་རང་གཞན་གཉིས་ཀར་གྲུབ་མོད། འདིར་དོན་དམ་དཔྱོད་པའི་སྐབས་ཡིན་པས། དོན་དམ་པར་དམིགས་པར་འདོད་དགོས་སོ། །དེ་ལྟ་ན་བུམ་པ་དོན་དམ་པར་ཡོད། བདེན་གྲུབ་དེ་གཉིས་ཆར་མེད་པས་གཞལ་བྱ་བདེན་གྲུབ་བཀག་ཤུལ་དུ་བུམ་པ་དངོས་སུ་འཕེན་པས་མ་ཡིན་དགག་གི་སྟོང་ཉིད་དེས་སྟོང་གོ་མི་ཆོད་དེ། ཆོས་ཐམས་ཅད་མི་སྟོང་བདེན་གྲུབ་ཏུ་འགྱུར་རོ། །
སྟོང་ཉིད་ནི་དངོས་དངོས་མེད་ཀྱི་མཚན་མ་ཐམས་ཅད་དང་བྲལ་བས། ཁས་ལེན་དང་དམིགས་པ་ཅན་དུ་འགྱུར་ལ། དེ་ལྟ་ན།བདེན་པ་གཉིས་ཆར་དམིགས་པ་ཅན་ཡིན་པས། བུམ་པ་དངོས་པོའི་མཚན་མར་འཛིན་པ་དང༌། བདེན་སྟོང་དངོས་མེད་གཉིས་སོ་སོའི་མཚན་ཉིད་ཅན་དུ་དམིགས་པ་ཡོད་བཞིན་དུ། ལམ་དེས་ཁམས་གསུམ་གྱི་ཆགས་པ་ལས་ངེས་པར་ཇི་ལྟར་འབྱུང༌། མི་རྟོག་ཡེ་ཤེས་ཇི་ལྟར་འབྱུང་གཉིས་སྣང་ཇི་ལྟར་ནུབ་སྟེ། སྟོང་ཉིད་དེ་འདྲ་རྟོགས་ཀྱང་དེ་དག་འབྱུང་བའི་རྒྱུ་མེད་པའི་ཕྱིར་རོ། །གནག་རྭ་རི་རྭས་སྟོང་པ་ལ་བདེན་གཉིས་འགལ་མེད་ཀྱི་རྟོགས་པ་ཟབ་མོ་འཕགས་པའི་སྤྱོད་ཡུལ་ཇི་ལྟར་ཡོད་དེ། བྱིས་པ་རྣམས་ཀྱིས་ཀྱང་གནག་རྭ་རི་རྭས་སྟོང་པར་ཤེས་མོད། དེ་ལྟ་བུ་ལ་བདེན་གཉིས་འགལ་མེད་ཀྱི་དོན་ཅི་ཡང་མེད་པ་བཞིན་ཏེ། འགལ་བར་དོགས་པའང་མི་ཟ་བ་བཞིན་ནོ། །གཉིས་པ་ལ་གཟུགས་བརྙན་སོགས་མི་སྣང་བར་ཐལ་བ་འཕེན་པ་དང༌། དེ་ཡི་ཕྱིར་ན་གཏན་ཚིགས་དེ་མ་ངེས་པར་སྟོན་པ་གཉིས། དང་པོ། ག༷ལ་ཏེ༷་རྨི༷་ལ༷མ་གྱི་ཁང་ཁྱིམ་དང་དྲི༷་ཟའི༷་གྲོ༷ང་ཁྱེར༷་བཅ༵ས། སྨི༷ག་རྒྱུའི༷་ཆུ༷་ད༷ང་མི༷ག་འཕྲུ༷ལ་གྱིས་སྐྱེས་པ་བུད་མེད་སོགས་དང་གཟུ༷གས་བརྙ༷ན་ལ་བྱད་བཞིན་དུ་མཐོང་བ་སོ༵གས་དང༌། བྲག་ཆ་དང་སྤྲུལ་པ་སོགས། སྐྱེ༷་མེ༷ད་དེ་ཡོད་པ་མིན་པར་མཐོ༷ང་ན༷་ཡོ༷ད་པ་ཉིད༷་མི༷ན་པར་མཚུང༷ས་ཀྱང༷༌། དངོས་སྨྲ་པ་ཁྱོད༷་ལ༷་ཇི༷་ལྟར༷་མཐོང་བ་དེ༷ར་འགྱུར༷་ན་དེ༷་མི༷་རི༵གས་ཏེ་མོ་གཤམ་གྱི་བུ་ལྟར་དེ་མི་སྣང་བར་འགྱུ༷ར་དགོས་སོ། །
གཉིས་པ། དེའི་ཕྱིར་དེ༷་ཁོ་ན་ཉིད༷་དུ༷་གཟུགས་བརྙན་སོགས་འདི༷་ཇི༷་ལྟར༷་ཡང་སྐྱེ༷་བ་མེ༷ད་ཀྱང༷༌། མོ༷་གཤ༷མ་གྱི་བུ༷་ལྟར༷་ག༷ང་ཕྱིར༷་འཇི༷ག་རྟེན༷་གྱི༷། མཐོ༷ང་བ༷འི་ཡུལ༷་དུ༷་མི༷་འགྱུར༷་བ་མ༷་ཡི༷ན་པ༵། དེ༷་ཡི༷་ཕྱིར༷་ན༷་ཁྱོད་ཀྱི་སྨྲ༷་བ་འདི༷་མ་ངེ༷ས་པ༵འོ། །གཉིས་པ་ལ། རང་བཞིན་གྱིས་སྐྱེ་བ་བདེན་པ་གཉིས་ཆར་མེད་པར་སྟོན་པ།སྐྱེ་བ་མེད་ཀྱང་སྣང་བར་མི་འགལ་བར་སྒྲུབ་པ་གཉིས། དང་པོ་ལ། རང་བཞིན་གྱིས་སྐྱེ་བ་མེད་པར་བསྟན་པ་དངོས་དང༌། ལུང་གིས་ཀྱང་དེ་ལྟར་བསྟན་ཚུལ་གཉིས། དང་པོ། མོ༷་གཤ༷མ་བུ༷་ལ་ར༷ང་གི་བད༷ག་ཉིད༷་ཀྱིས༵་སྐྱེ༷་བ༷་དེ༷་ཁོ་ན་ཉིད༷་དུ༷་མེ༷ད་པ་དང་འཇི༷ག་རྟེན༷་ཐ་སྙད་དུའ༵ང་ཡོ༷ད་པ་མི༷ན་པ་དེ༷་བཞིན་དུའང་གཟུགས་སོགས་དངོ༷ས་པོ་འདི༷་ཀུན༷་ཀྱང་རང་གི་ངོ༷་བོ༵་ཉིད༷་ཀྱིས༷་ནི་འཇི༷ག་རྟེན༷་ཐ་སྙད་དེ༷་ཁོ་ན་ཉིད༷་གཉིས་ཆར་དུ༷་མ༷་སྐྱེས༵་སོ། །འདིར་རང་གི་བདག་ཉིད་ཀྱིས་ཞེས་པ་ཐ་སྙད་ཀྱི་བུམ་སོགས་དང་སྐྱེ་བ་སོགས་རང་གི་ངོ་བོ་སྟེ་ཆོས་དེའི་བདག་ཉིད་དུ་ཞེས་པ་ཡིན་གྱི། འདི་ལ་བདེན་གྲུབ་ཀྱི་རང་གི་ངོ་བོ་ཞེས་པར་གོ་དགོས་ན།མོ་གཤམ་བུ་ལྟར་རང་རང་ངོ་བོས་ཞེས་པའི་དཔེ་ལྟར། མོ་གཤམ་བུ་སྐྱེ་མ་མྱོང་བ་ཡིན་གྱི། མོ་གཤམ་བུའི་རང་གི་ངོ་བོ་མེད་པ་ནི་དཔེར་མ་བྱས་པའོ། །དེ་ལྟར་ན་དོན་དམ་ཞེས་པ་འདི་ཐ་སྙད་བཀག་པའི་སྟོང་པ་ཕྱང་ཆད་ཅིག་ཡིན་པས།ཐ་སྙད་རྣམས་བཞག་ས་མེད་པའི་ཕྱིར་ཐ་སྙད་བཀག་པར་འགྱུར་སྙམ་ན། ཐ་སྙད་བཀག་ཅེས། མེས་ཤིང་བསྲེགས་པ་ལྟར་སྟོང་པ་ཉིད་ཡིན་ན་དེ་ཕན་ཆད་ཐ་སྙད་སྣང་བ་རྒྱུན་ཆད་དགོས་ན། བུམ་སོགས་ཐ་སྙད་འདི་རྣམས་དཔྱད་རུང་མ་དཔྱད་རུང༌།
ཐ་སྙད་རང་གི་ངོ་བོ་ཉིད་དམ་ཆོས་ཉིད་ཀྱིས་སྟོང་པར་གནས་སུ་ཟིན་ཀྱང༌། དེ་ལྟར་སྟོང་བཞིན་དུ་ཐ་སྙད་རྟེན་འབྱུང་གི་སྣང་བ་ནི་དུས་ཀུན་ཏུ་རྒྱུན་མ་ཆད་པར་སྣང་ལ། ད་ལྟ་ཐ་སྙད་ཀྱི་ངོ་བོ་ཡོད་མེད་དཔྱོད་པའི་སྐབས་སུའང༌། བུམ་པ་ལྟ་བུ་ལ་ཁ་ཁྱེར་དང་ལྟོ་བ་སོགས་ཀྱི་ཆར་ཕྱེ་སྟེ། རྡུལ་ཕྲ་རབ་ཀྱིས་ཕྱེ་ཞིང་དཔྱད་ན། ཡན་ལག་ཅན་དང་ཡན་ལག་གི་ཆ་ཤས་ཅུང་ཟད་ཀྱི་ངོ་བོ་ཉིད་རྙེད་རྒྱུ་མེད་བཞིན་བུམ་པར་སྣང་བ་མེད་མི་འགྲོ་བ་འདི། ཐ་སྙད་རང་གི་ངོ་བོ་སྟོང་བཞིན་སྣང་བ་ཡིན་པར་དངོས་པོའི་ཆོས་ཉིད་ཀྱིས་འགལ་མེད་ཡིན་པ་དེས་ཐ་སྙད་ཀྱི་རང་བཞིན་གསལ་བར་བྱས་ཀྱི། ཐ་སྙད་ཀྱི་སྣང་བར་བཀག་པ་ཅུང་ཟད་མེད་པར་མངོན་སུམ་གྲུབ་ན། འདི་ལ་བརྟག་པའི་དོན་དཔྱོད་ཀྱིས་དཔྱད་ཚེ་དགག་རྒྱུ་གཞན་ཞིག་སྟོང་པར་བྱས་པའི་སྟོང་པ་དང༌།དོན་དམ་དཔྱོད་པས་དགག་བྱར་མ་བྱས་པའི་ཐ་སྙད་བུམ་སོགས་རང་ངོས་མི་སྟོང་པའི་སྣང་བ་གཉིས། བུམ་པ་སྣམ་བུས་སྟོང་པ་དང༌། བ་ལང་གི་རྭ་རི་བོང་གི་རྭས་སྟོང་པ་ལྟར་ཆོས་ཐ་དད་གཞན་གཉིས་སྲད་བུ་དཀར་ནག་བསྒྲིལ་བ་ལྟར་ལྷན་ཅིག་གིས་ཚོགས་པ་ཙམ་ལ་སྟོང་རྟེན་འབྱུང་ཟུང་འཇུག་གི་དོན་དུ་འདོད་པ་ནི། སྟོང་ཉིད་འཆད་ཚུལ་ཀླུ་སྒྲུབ་དང་ཟླ་གྲགས་སོགས་ཀྱིས་ཀྱང་མཐོན་པའི་ཡ་མཚན་ཅན་ཞིག་ཡིན་ཚོད་གདའ་སྟེ། འདི་བཞིན་བསྒོམས་པས་ཕྱི་ནང་གི་ཆོས་རྣམས་ལ་དངོས་འཛིན་ནི་གཞིག་མི་ནུས་པས། ཚིག་གི་གྲུབ་མཐའ་འཛིན་པ་ལས་དོན་གྱི་གྲུབ་མཐའ་རྣམ་གྲོལ་ལམ་ལ་ཕན་པ་ཞིག་བཟུང་ན་ལེགས་འདྲ་ཡང༌།
སོ་སོ་རང་རང་གི་ལུགས་ཅི་དགྱེས་སུ་གཟུང་བར་མཛོད་ཅིགའོན་ཀྱང་བདེན་གྲུབ་ཀྱི་ཁྱད་པར་གཏན་སྦྱར་མི་རུང་བ་དང༌། བདེན་གྲུབ་དགག་བྱར་སོང་བ་སོགས་གཏན་བརྗོད་མི་རུང་ཞེས་དབུ་མ་སྨྲ་པ་སུས་ཀྱང་སྨྲ་བྱ་མིན་ལ། དེ་ལྟར་སྦྱར་ན་གོ་བདེ་བ་སོགས་ཀྱི་སྐབས་དུ་མ་ཡོད་ཀྱང༌།བུམ་པ་བུམ་པས་མི་སྟོང༌། བུམ་པ་བདེན་གྲུབ་ཀྱིས་སྟོང་སྟེ། ཐ་སྙད་ཀྱི་ཆོས་ཐམས་ཅད་རང་ངོས་ནས་མི་སྟོང༌། གཞན་བདེན་གྲུབ་ཀྱིས་སྟོང་ཞེས་དམིགས་བསལ་ཏེ་བརྗོད་ཚུལ་འདིས། བདེན་སྟོང་གི་ཐ་སྙད་སྒྲུབ་པའི་སྐབས་སུ། བུམ་པ་ཆོས་ཅན། བདེན་པར་མེད་དེ། སྦྱར་བའི་སྐབས་ན། སྟོང་གཞི་བུམ་པ།དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་ལྟ་བུའི་ཚུལ་དུ་བསམ་འདུག་ཀྱང༌། ཐ་སྙད་སྒྲུབ་ཚེ། རི་བོང་རྭ་ཆོས་ཅན། ཡོད་པ་མིན་ཏེ། ཚད་མས་མ་དམིགས་པའིཕྱིར།ཞེས་པ་ལྟ་བུའང༌། ཚིག་གི་སྒོ་ནས་རྟགས་ཆོས་དོན་གསུམ་གྱི་ལྡོག་པ་སོ་སོར་འབྱེད་ནས་འཕེན་པ་ཡོད་པ་བཞིན་ཡིན་པའི་དབང་དུ་བྱས་ན། ཚིག་གི་ཤན་དེས་གཞན་སྟོང་ལྟ་བུར་སྨྲས་ཀྱང་དེ་ཙམ་འགལ་བ་ཅི་ཡོད་ཀྱང༌། དོན་གྱི་ངོ་བོའི་སྒོ་ནས་དབུ་མའི་གཏན་ཚིགས་ཐམས་ཅད་ཀྱིས་ཐ་སྙད་ཀྱི་ཆོས་རྣམས་རང་སྟོང་དུ་མི་འགྲུབ་པ་ལྟར་བཟུང་ན་གོང་ལྟར་ཉེས་པ་རྒྱ་ཆེན་པོ་དུ་མ་འབྱུང་བས། འདི་ལྟ་བུ་ཚིག་གི་འཐེན་རྩོད་ཙམ་མ་ཡིན་གྱི། སྟོང་ཉིད་ལ་བློ་གཞོལ་བ་རྣམས་ཀྱིས་བསམ་བྱ་གལ་པོ་ཆེ་ཡིན་པས་དེ་ལྟར་གནད་མདོར་བསྡུས་པ་ཡིན་ནོ། །གཉིས་པ། མདོ་ལས། བྱང་ཆུབ་སེམས་དཔའ་སྒྲིབ་སེལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན།
གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཅེས་གསུངས་པ། དེ༷་ཡི་ཕྱིར༷་འདི༷་ལྟར༷་རྫོགས་པའི་སངས་རྒྱས་སྟོན༷་པ༷ས་དངོས་པོའི་ཆོ༷ས་རྣ༷མས་ཀུན༵། གདོ༷ད་ན༷ས་ཞི༷་ཞི༷ང་རང་བཞིན་གྱིས་སྐྱེ་བ༷་དང་བྲ༷ལ་ཞིང་ར༷ང་བཞི༷ན་གྱིས༵།ཡོ༷ངས་སུ༷་མྱ༷་ངན༷་ལས་འད༷ས་པ༷་གསུ༷ངས་པར་གྱུར༷་པ༵། དེ༷་ཡི་ཕྱིར༷་དུས་རྟག༷་ཏུ༷་རང་བཞིན་གྱིས་སྐྱེ༷་བ༷་ཡོ༷ད་པ་མ༷་ཡི༵ན་ནོ། །གཉིས་པ་རང་བཞིན་གྱིས་མ་སྐྱེས་ཀྱང་སྣང་བར་མི་འགལ་བ་ནི། གང་ཕྱིར་བྱེ་མདོ་སོགས་དངོས་སྨྲ་པ་དེ་དག་གིས་ཁས་བླངས་བུ༷མ་པ་དང་ནགས་ཚལ་སོ༷གས་འདི༷་ད༷ག་ཁྱོད་ཀྱི་ལུགས་ལ་དེ༷་ཉིད༷་དུ༷་མེ༷ད་ཅི༷ང༌། འཇི༷ག་རྟེན༷་གྱི་ར༷བ་ཏུ༷་གྲ༷གས་པ༷ར་ཡོ༷ད་པ་ཇི་བཞི༷ན།དེ༷་བཞི༷ན་དུ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་གཅིག་ཡོད་ན་དངོ༷ས་པོ༷་ཐམ༷ས་ཅ༷ད་ཀྱང་དེ་ལྟར་འགྱུར༷་བ༷ས་ན༷། མོ༷་གཤ༷མ་བུ༷་དང༷་མཚུངས་པ༷ར་ཀུན༷་རྫོབ་ཏུ་མེད་ན་མི་མཐོང་བར་ཐ༷ལ་བར་མི༷་འགྱུར༵་རོ། །དེ་ལ་བུམ་པའི་གདགས་གཞི་རྡུལ་རྫས་བརྒྱད་ཡོད་པས་དེ་དང་མི་འདྲ་སྙམ་ན། བུམ་པ་ནི་དེ་བརྒྱད་མིན་པས་བུམ་པ་རང་ལ་མི་ཕན། རྡུལ་རྫས་ཀྱང་དཔྱད་ན་མི་གྲུབ་བོ། །ཡང་བུམ་སོགས་ལ་སྣང་གཞི་ཡོད་པས་ཁྱོད་དང་མི་མཚུངས་སྙམ་ན་ཡང་མིན་ཏེ་དེའི་སྣང་གཞི་རྫས་སུ་བསྒྲུབ་པར་མི་ནུས་ཏེ་རྡུལ་སོགས་རིགས་པས་མི་འགྲུབ་བོ། །འདི་རྣམས་ལ་གོ་བ་དཔྱིས་ཕྱིན་པ་ཆགས་ན། སྟོང་པ་རྟེན་འབྱུང་དུ་འཆར་བ་ལ་ཡིད་ཆེས་ནས་སྣང་སྟོང་ཟུང་འཇུག་གི་གནད་ལ་ངེས་ཤེས་སྐྱེ་་བས་ཤིན་ཏུ་རྩད་ཆོད་ཅིགཡང་ཡོད་མེད་ཀྱི་དོན་མི་འགལ་བར།
གཞི་གཅིག་ལ་ཐ་སྙད་དུ་ཡོད་པ་དང་དོན་དམ་པར་མེད་པའི་ཡོད་མེད་གཉིས་མི་འགལ་ཏེ།ཐ་སྙད་དུ་བུམ་སོགས་སྣང་བའམ་ཡོད་པ་ནི་སུས་ཀྱང་ཁེགས་མི་ནུས་ལ། དེ་དོན་དཔྱོད་ཀྱིས་བཙལ་ཏེ་རྙེད་དོན་རྡུལ་ཙམ་མེད་པས་མེད་པ་མི་འགལ་བ་དངོས་པོའི་ཆོས་ཉིད་ཀྱིས་གྲུབ་པ་ལ་སུས་ཀྱང་བསྙོན་དུ་མེད་དོ། །འདི་ལྟར་འཆར་མ་ནུས་པའི་སྟོང་ཉིད་སྨྲ་བ་དག་གཞི་གཅིག་གི་སྟེང་དུ། ཀུན་རྫོབ་ཏུ་ཡོད་པ་དང༌། དོན་དམ་པར་མེད་པ་འགལ་མེད་དོན་གཅིག་ཏུ་མི་སྒྲུབ་པར་ཡོད་མེད་འགལ་བར་འཛིན་ཏེ། ཡོད་མེད་གཉིས་ཕན་ཚུན་སྤང་འགལ་ཡིན་པས་གཞི་གཅིག་ལ་ཇི་ལྟར་འདུ་རུང་སྙམ་ནས། ཡོད་རྒྱུ་བུམ་པ། མེད་རྒྱུ་བདེན་གྲུབ་ཡན་གར་བ་ཞིག་འཛིན་ནོ། །ཐ་སྙད་དཔྱོད་བྱེད་ཀྱིས་གང་མེད་པ་དང༌།གང་ཡོད་པ་ཕན་ཚུན་སྤངས་ཏེ་འགལ་པ་ནི། རི་བོང་རྭ་དང་བུམ་པ་བཞིན་གཅིག་མེད་གཅིག་ཡོད་པའོ། །དེ་དང་འདི་མི་འདྲ་སྟེ་ཐ་སྙད་དུ་ཡོད་པའི་ཡོད་པ་དང༌། དོན་དམ་པར་མེད་པའི་མེད་པ་གཉིས་གཞི་གཅིག་ལ་འགལ་མེད་དོན་གཅིག་ཏུ་རུང་སྟེ་མི་རུང་ན་དོན་དམ་པར་མེད་ཚད་ཐ་སྙད་དུ་ཡང་མེད། ཐ་སྙད་དུ་ཡོད་ཚད་དོན་དམ་པར་ཡང་མེད་པར་མི་འགྱུར་ན། དོན་དམ་དཔྱོད་པས་དགག་བྱའམ་མེད་པར་བསྒྲུབ་བྱ། ཐ་སྙད་དུ་མེད་པའི་རི་རྭ་སོགས་ལས།ཀུན་རྫོབ་ཏུ་ཡོད་པའི་ཆོས་གཅིག་ཀྱང་དོན་དམ་པར་དམིགས་སུ་མེད་པར་སྒྲུབ་མི་རིགས་པས་བདེན་གཉིས་ཆེས་འགལ་བར་འགྱུར་ནའང༌།
དོན་དམ་དཔྱོད་པས་དམིགས་སུ་མེད་པར་བསྒྲུབ་བྱ། ཐ་སྙད་དུ་ཡོད་པའི་ཆོས་རྟེན་འབྱུང་གི་སྣང་བ་བསླུ་མེད་འདི་རྣམས་ལ་ཡིན་གྱི། ཐ་སྙད་དུ་མེད་པ་རི་རྭ་དང་མོ་གཤམ་བུ་སོགས་ནི་ཐ་སྙད་དུ་མེད་པར་གྲུབ་ཟིན་པས། དོན་དཔྱོད་ཀྱིས་མེད་པར་ནམ་ཡང་བསྒྲུབ་བྱ་མིན་ཏེ། དོན་དཔྱོད་མེད་ཀྱང་དེ་གྲུབ་ཟིན་ལ། དོན་དཔྱོད་ཀྱིས་དཔྱད་ན་ལྷག་པོར་སྒྲུབ་ཏུ་ཅིའང་མེད་པས་དོན་དཔྱོད་ཀྱིས་དཔྱད་ཡུལ་མིན་ནོ། །བུམ་སོགས་ཀུན་རྫོབ་ཏུ་ཡོད་པ་འདི་རྣམས་གཅིག་དུ་བྲལ་སོགས་ཀྱིས་དཔྱད་ན་རྡུལ་ཙམ་དམིགས་སུ་མེད་ཅིང་མ་རྙེད་པ་ནི་དངོས་སྟོབས་ཀྱིས་གྲུབ་པས་རང་གཞན་སུས་ཀྱང་དོན་དམ་པར་དམིགས་པར་སྒྲུབ་མི་ནུས་པས་དོན་དམ་པར་མེད་པར་གྲུབ་ལ། དོན་དམ་པར་མེད་བཞིན་ཐ་སྙད་དུ་རྟེན་འབྱུང་གི་སྣང་བ་བསླུ་མེད་ཙམ་སུས་ཀྱང་མི་ཁེགས་པས། ཐ་སྙད་དུ་མེད་པར་སྒྲུབ་པའི་རིགས་པ་དང༌། དོན་དམ་པར་ཡོད་པའི་རིགས་པ་མི་སྲིད་པས་ལྷ་དང་བཅས་པའི་འཇིག་རྟེན་འདིར་སུས་ཀྱང་དེ་ལྟར་བཟློག་སྟེ་སྨྲ་མི་ནུས་པ་ནི།རྒོལ་བའི་ཞེ་འདོད་ཀྱིས་མ་ཡིན་ཏེ། དངོས་པོའི་ཆོས་ཉིད་ཀྱི་སྟོབས་ཀྱིས་གྲུབ་པའི་ཕྱིར་རོ། །དེས་ན་གང་སྣང་བཞིན་སྟོང༌། སྟོང་བཞིན་སྣང༌། སྣང་སྟོང་འགལ་མེད་དོན་གཅིག་ཏུ་ཤར་བ་ཞེས་བྱ་ཡི། ཆོས་རང་ངོས་ནས་མ་སྟོང་པ་ཆོས་གཞན་གྱིས་སྟོང་པ་ནི་འཇིག་རྟེན་པའི་སྟོང་ཚུལ་ཡིན་གྱི་དོན་དམ་རྣལ་འབྱོར་པའི་སྤྱོད་ཡུལ་ག་ལ་ཡིན་ཏེ། བུམ་པ་ཡོད་པ་དང༌། དེ་ལ་སྣམ་བུ་མེད་པ། གནག་གི་རྭ་ཡོད་པ་དང༌།
དེ་སྟེང་རི་བོང་རྭ་མེད་པ་ལྟ་བུས། ཀུན་རྫོབ་ཏུ་ཡོད་པའི་ཆོས་རྣམས་སྟོང་པའི་གོ་ག་ལ་ཆོད། བུམ་ཡོད་དང༌། དེ་ལ་སྣམ་མེད་དང༌། གནག་རྭ་ཡོད། རི་རྭ་མེད་པ་གཉིས་ཀ་ཀུན་རྫོབ་དཔྱོད་པའི་ཚད་མས་གྲུབ་པ་ཁོ་ན་ཡིན་གྱི་དོན་དཔྱོད་ཀྱིས་སྣམ་མེད་སོགས་སྒྲུབ་པ་ག་ལ་ཡིན།བུམ་པ་ཡང་དག་པར་དམིགས་སུ་མེད་པ་དོན་དཔྱོད་ཀྱིས་ཡིན། བུམ་པ་དམིགས་སུ་མེད་པ་ལ་བདེན་མེད་ཅེས་མིང་བཏགས་པ་ལས། བུམ་པ་དམིགས་ན་བདེན་མེད་མི་འགྲུབ། བདེན་མེད་གྲུབ་ན་བུམ་པ་དོན་དམ་པར་མེད་པ་གོ་དགོས་ཀྱི། དེ་གཉིས་ལ་དོན་དམ་པར་ཡོད་མེད་ཀྱི་ཁྱད་ག་ལ་ཡོད། གལ་ཏེ་བདེན་གྲུབ་ཐ་སྙད་དུ་ཡང་མེད་ན། འདི་ཐ་སྙད་དུ་མེད་པར་སྒྲུབ་བྱེད་ཀུན་རྫོབ་ཀྱི་ཚད་མ་ཡིན་ན། དོན་དཔྱོད་མི་དགོས་པར་ཐ་དཔྱོད་ཀྱིས་གྲུབ་ཟིན་པ་ལ་དོན་དཔྱོད་ཀྱིས་ཅི་ཞིག་བྱ། དོན་དཔྱོད་མེད་པར་མི་འགྲུབ་ན། དོན་དཔྱོད་ཀྱིས་བུམ་པ་མེད་པར་མི་འགྲུབ་ན། བདེན་གྲུབ་ཇི་ལྟར་ཁེགས། མེད་པར་གྲུབ་ན་དེ་ཉིད་དོན་དམ་པར་སྟོང་པ་ཡིན་གྱི། དེ་ལས་གཞན་པའི་བདེན་གྲུབ་ཡན་གར་བ་འགོག་པའི་རིགས་པ་ཅི། དོན་དཔྱོད་ཀྱིས་བུམ་པ་མ་དམིགས་ཏེ། དེས་ཐ་སྙད་དུ་དམིགས་པའང་མི་སྲིད་དོ། །དོན་དཔྱོད་ཀྱིས་དཔྱད་ན་ཐ་སྙད་དཔྱོད་པས་རི་རྭ་མེད་པར་གྲུབ་པར་ལྟར། ཆོས་ཐམས་ཅད་གདོད་ནས་སྐྱེ་མ་མྱོང༌། དེའི་ཕྱིར་འགག་མ་མྱོང་སྟེ། ཇི་ལྟར་ཡེ་ནས་མ་སྐྱེས་པར་རྟོགས་ཀྱི། ཐ་སྙད་དུ་སྐྱེ་ཞེས་པའང་མི་དམིགས་ཏེ། དམིགས་ན་སྐྱེ་མེད་མ་ཡིན་པར་འགྱུར་རོ། །དེས་ན་རྗེས་ཐོབ་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུ་དང༌།
དོན་དམ་པར་ཡོད་མེད་ལས་འདས་པ་ནམ་མཁའ་ལྟ་བུའོ། །ཐ་སྙད་དུ་ཡོད་པའི་ཆོས་རྣམས་རང་གི་ངོ་བོས་སྟོང་ཡང་སྟོང་བཞིན་སྣང་བས་སྣང་སྟོང་ཟུང་འཇུག་ཡིན་པས་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་ལྟར་འཆར་བཏུབ་ལ། སྣང་སྟོང་ཟུང་འཇུག་ཡིན་པ་ནི་དངོས་པོ་རང་གི་ཆོས་ཉིད་ཀྱིས་གྲུབ་སྟེ། ཐ་སྙད་རྟེན་འབྱུང་གི་སྣང་བ་རྣམས། རང་གི་ངོ་བོ་དཔྱད་བཟོད་ཀྱིས་སྟོང་པར་གྲུབ་ལ། ཐ་སྙད་དུ་བུམ་སོགས་རང་གི་ངོ་བོར་སྣང་བ་དེ་དཔྱད་ངོར་མ་གྲུབ་པས། དོན་དམ་ངོ་བོ་ཉིད་མེད་ཀྱང༌། དེ་འདྲའི་དཔྱད་པ་བོར་ནས་མ་བརྟགས་མ་དཔྱད་པའི་ངོར་སྣང་བ་བཟློག་ཏུ་མེད་པས་ཟུང་འཇུག་ཏུ་གྲུབ་ལ། ཐ་སྙད་དུ་ཡོད་པའི་བུམ་པ་རང་གི་ངོ་བོ་མི་སྟོང་པ་དང༌། དོན་གཞན་ཐ་སྙད་དུ་མེད་པའི་བདེན་གྲུབ་ཀྱིས་སྟོང་པ་གཉིས། སྟོང་རྒྱུ་དང་མི་སྟོང་རྒྱུའི་ཆོས་ཐ་དད་ཡིན་པས། བུམ་པ་རང་གི་ངོ་བོ་སྟོང་བཞིན་སྣང༌། སྣང་བཞིན་སྟོང་པ་མ་ཡིན་པར། རང་གི་ངོ་བོ་སྣང་བ་མི་སྟོང་བཞིན། ཆོས་གཞན་གྱིས་སྟོང་པ་དེ་ལ་སྦྱར་ནས། བ་ལང་རྭ་སྣང་དང༌། རི་བོང་རྭ་སྟོང་ཟུང་དུ་སྦྱར་བ་ལྟ་བུའི་ཟུང་འཇུག་ཏུ་འགྱུར་རོ། །དེ་ལྟ་ན་རང་གི་ངོ་བོ་སྟོང་བཞིན་སྣང་བ་དང་སྣང་བཞིན་སྟོང་པའི་དོན། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སོགས་བཞི་པོ་དེ་བུམ་པའི་སྟེང་དུ་འོང་མི་སྲིད་པར། བདེན་གྲུབ་ཀྱི་སྟེང་དུ་འོང་བར་རིགས་ནའང༌།བདེན་གྲུབ་གཞི་མ་གྲུབ་པ་ལ་སྣང་བ་ཇི་ལྟར་ཡོད། དེ་མེད་པས་སྟོང་པ་ཟེར་ཚད་སྟོང་པ་རྐྱང་པ་སྣང་བ་དང་ཁ་ཕྲལ་བ་དང༌།
སྣང་ཆ་ཟེར་ཚད་སྟོང་པ་དང་ཁ་ཕྲལ་བའི་སྣང་རྐྱང་གི་མཐར་ལྷུང་བས། ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་མེད་ལས་འདས་པ་མ་ཡིན་པར་སྟོང་པ་གཞན་ལ་རེ་དགོས་པ་དང༌། ཐ་སྙད་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་རྟག་ཆད་ཀྱི་མཐའ་ལས་འདས་པ་མིན་པར་སྣང་ཕྱོགས་རྣམས་རྟག་མཐར་ལྷུང་བས་རྟག་མཐའ་སེལ་བྱེད་ཆོས་དོན་གཞན་གྱི་སྟོང་ཉིད་ལ་རེ་དགོས། སྟོང་པ་ཉིད་ཆད་མཐར་ལྷུང་བ་རང་གི་ངོ་བོས་བསལ་མ་ནུས་པར་ཐ་སྙད་ཀྱི་ཆོས་གཞན་ལ་རེ་དགོས་པའི་མཐའ་བྲལ་འདི་ལ་མཚན་ནོ། །དེ་ལྟ་ན་ལྷས་བྱིན་ཤི་བ། མཆོད་སྦྱིན་མ་ཤི་བས་བསླང་བ་ལྟར་འབྲེལ་མེད་དེ། ཆོས་གཞན་སྟོང་པས་གཞན་རང་གི་ངོ་བོ་མི་སྟོང་པ་ལ་ཅི་ཞིག་ཕན། དེ་མ་ཡིན་ཏེ། བུམ་པ་རང་གི་ངོ་བོ་བདེན་མེད་ཡིན་པས་མི་སྟོང་པ་ག་ལ་ཡིན་སྙམ་ན། བུམ་པ་བདེན་མེད་ཡིན་ཀྱང་སྟོང་པ་ཉིད་མིན་ན།བདེན་མེད་དང་སྟོང་པ་ཉིད་དོན་མི་གཅིག་པར་འགྱུར་རོ། །གཉིས་པ་སྐྱེ་བ་རྟེན་འབྱུང་ཙམ་དུ་སྟོན་པ་ལ། མཐའ་བཞིར་མི་སྐྱེ་བའི་གནད་ཀྱིས་ཆོས་རྣམས་རྟེན་འབྱུང་ཙམ་དུ་བསྟན་པ་དང༌། རྟེན་འབྱུང་གི་རིགས་པ་དེ་ཡིས་ལྟ་ངན་མ་ལུས་པ་གཅོད་པའི་བསྔགས་པ་གཉིས། དང་པོ་ག༷ང་གི་ཕྱིར༷་ཇི་སྐད་བཤད་པའི་ཚུལ་གྱིས་རྒྱུ༷་མེ༷ད་པ༷་ད༷ང་དབ༷ང་ཕྱུག༷་གི༵ རྒྱུ༷་དང་དུས་དང་རྡུལ་དང་རང་བཞིན་དང་སྐྱེས་བུ་དང་སྲེད་མེད་བུ་ལ༷་སོ༷གས་ད༷ང་བད༷ག་དང་གཞ༷ན་དང་གཉིས༷་ཀ༷་ལ༷ས། ཕྱི་ནང་གི་དངོ༷ས་པོ་རྣམ༷ས་སྐྱེ༷་བར༷་འགྱུར༷་བ༷་མ༷་ཡི༷ན་པ༷་དེ༷་ཡི་ཕྱིར༷རྒྱུ་རྐྱེན་འདི་ཙམ་ལ་བརྟེན༷་ན༷ས་འབྲས་བུ་འདི་དག་ར༷བ་ཏུ༷་སྐྱེ༷་བ༷ར་འགྱུར༵་བ་ཙམ་ཞིག་སྟེ།
མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པའི་རྟེན་འབྱུང་དང་ས་བོན་ལས་མྱུ་གུ་སྐྱེ་བ་སོགས་ཇི་ལྟར་ངེས་ཞེ་ན། དེ་ནི་འདི་ལྟ་སྟེ། དཔེར་ན་དངོས་སྨྲ་པས་གཞན་སྐྱེ་ཡོད་དེ་རྟེན་འབྱུང་ཡིན་པས་སོ་སྙམ་ཡང་དེ་ནི་མ་རྟོགས་པ་སྟེ། མཐའ་བཞི་ལས་མི་སྐྱེ་བ་དེའི་ཕྱིར་རྟེན་འབྱུང་ཡིན་ཏེ། མཐའ་བཞི་གང་རུང་གི་སྐྱེ་ན་ཡང་རྟེན་འབྱུང་ཡིན་པར་མི་འགྲུབ་ལ། རྟེན་འབྱུང་ཙམ་ཡིན་པ་དེའི་གནད་ཀྱིས་མཐའ་བཞི་ལས་སྐྱེ་བ་འགོག་ནུས་པ་ཡིན་པ་དེ་ལྟར་ཕན་ཚུན་གོ་བ་གནད་དུ་འདྲོང་བ་གལ་ཆེའོ། །ཆོས་ཀུན་རང་བཞིན་གྱིས་སྟོང་པ་ཡིན་པས་མི་གནོད་པར་ད་ལྟ་སྟོང་བཞིན་དུ་སྣང་བ་སྟེ། གལ་ཏེ་སྔར་མི་སྟོང་པར་ད་ལྟ་དཔྱད་པས་ཐོ་བས་བུམ་པ་ལྟར་སྟོང་སོང་ན་སླར་སྣང་མི་ཤེས་ཀྱང་སྣང་བཞིན་པ་འདི་སྟོང༌། སྟོང་བཞིན་དུ་སྣང་བ་ལ་ཡིད་ཆེས་པའོ། །གཉིས་པ།གང༷་གི་ཕྱིར་འདི་ལ་བརྟེན་ནས་འདི་འབྱུང་ངོ་ཞེས་རིགས་པ་འདི་ཙམ་གྱིས་དངོ༷ས་པོ༷་བརྟེན་ནས༷་ར༷བ་ཏུ་འབྱུང༷་བ༷ས་ན། བདག་གཞན་ནས་སྐྱེ་བ་ལ་སོགས་པ་དང་དངོས་དངོས་མེད་རྟག་ཆད་སོགས་ཀྱི་རྟོག༷་པ་ངན་པ་འདི༷་ད༷ག་བརྟག༷་པ༷ར་མི༷་ནུ༷ས་པ༷་ཡིན་པ། དེ༷་ཡི་ཕྱིར༷་རྟེན༷་ཅིང་འབྲེལ་བར་འབྱུང༷་བ་རྐྱེན་ཉིད་འདི་པ་ཙམ་གྱི་རི༷གས་པ༷་འདི༷་ཡི༷ས་ནི༵། མཐར་འཛིན་གྱི་ལྟ་བ་ང༷ན་པའི་དྲ༷་བ༷་མཐ༷འ་ད༷ག་གཅོ༷ད་པ༷ར་བྱེད༷་པ་ཡིན་ནོ། །གསུམ་པ་རིགས་པས་དཔྱད་པའི་འབྲས་བུ་ངོས་བཟུང་བ་ལ། དཔྱད་པའི་འབྲས་བུ་བསྟན་པ་དང༌། འབྲས་བུ་དེའི་རྒྱུ་དཔྱད་པ་དགོས་ཚུལ་བཤད་པ་གཉིས། དང་པོ་ལ།
རྟོག་རྣམས་ལྡོག་པའི་རྒྱུ་མཚན་དང༌། རྒྱུ་མཚན་དེ་ལྡན་གྱིས་རྟོག་པ་ལོག་པ་དེ་དཔྱོད་པའི་འབྲས་བུར་བསྟན་པ་གཉིས། དང་པོ། མཐར་འཛིན་པའི་རྟོག༷་པ་རྣ༷མས་དངོ༷ས་པོ༷་རང་བཞིན་གྱིས་ཡོ༷ད་ན༷་དེ་ལ་བརྟེན་ནས་འབྱུང་བར་འགྱུར༷་བ༷་སྟེ༵། དངོ༷ས་པོ༷རྣམས་རང་བཞིན་ཇི༷་ལྟར༷་མེ༷ད་པ༷ར་ཡོ༷ངས་སུ་དཔྱད༷་ཟི༵ན་པ་དེ་ཡི་ཕྱིར་ན། དངོ༷ས་པོ༷་མེ༷ད་པ༷ར་མཐར་འཛིན་པའི་རྟོག་པ་ངན་པ་འདི༷་རྣ༷མས་མི༷་འབྱུང༷་བའི་དཔེ༵ར་ནི། བུ༷ད་ཤི༷ང་མེ༷ད་པ༷ར་མེ༷་ཡོ༷ད་པ་མི༷ན་པ་དེ༷་བཞི༷ན་ནོ། །གཉིས་པ། ཆོས་ཉིད་སྔར་བཤད་པ་འདི་ལྟ་བུ་མི་ཤེས་པ། སོ༷་སོ༷འི་སྐྱེ༷་བོ༷་རྣ༷མས་ནི༷་མཐར་འཛིན་གྱིརྟོག༷་པ༷ས་བཅི༵ངས་ཤིང༌། ཆོས་ཉིད་འདི་ལྟར་ཁོང་དུ་ཆུད་པས་ཕྱིན་ཅི་ལོག་ཏུ་རྣམ་པར་མི༷་རྟོག༷་པའི་རྣ༷ལ་འབྱོར༷་པ༷་འཕགས་པ་རྣམས་ནི༷་གྲོ༷ལ་བར་འགྱུ༷ར་བ༵ས། མཐར་འཛིན་གྱི་རྟོག་པ་རྣམས་ཀྱི་འཛིན་སྟངས་ཀྱི་ཡུལ་མ་ལུས་པ་བཀག་པས་རྟོག༷་པ་རྣ༷མས་ལོ༷ག་པ༷ར་གྱུར༷་པ༷་གང་ཡི༷ན་པ་དེ༷། འཕགས་པས་དབུ་མའི་བསྟན་བཅོས་ལས་རྣ༷མ་པ༷ར་དཔྱོད༷་པ༷འི་འབྲ༷ས་བུ༷་མཁ༷ས་པ་རྣ༷མས་ཀྱིས་གསུང༵ས་ཏེ་མིག་སྨན་བསྐུས་པས་རབ་རིབ་སངས་པ་བཞིན་ནོ། །གཉིས་པ་ལ། དེ་ཁོ་ན་ཉིད་དཔྱོད་པ་ལ་སྐྱོན་མེད་པས་དཔྱད་དགོས་ཚུལ་དང༌། ཡོན་ཏན་ཡོད་པས་དཔྱད་དགོས་ཚུལ་གཉིས། དང་པོ། འཕགས་པས་དབུ་མའི་བསྟན༷་བཅོ༷ས་ལས༷་རིགས་པས་རྣམ་པར་དཔྱད༷་པ་ཤིན་ཏུ༷་མང་བར་མཛད་པ་ནི་རྩོད༷་པ་ལ༷་ཆ༷གས་ནས་གཞན་ཟིལ་གྱིས་གནོན་པ༷འི་ཕྱིར༵་མ༷་མཛ༷ད་དེ་ཡང་དག་པའི་དོན་ཁོང་དུ་ཆུད་ནས་སྐྱེ་བོ་རྣམས་རྣ༷མ་པར་གྲོལ༷་བར་བྱ་བའི་ཕྱིར༷་ནི༷་དེ༷་ཁོ་ན་ཉིད༷་ལེགས་པར་བསྟན༵་པ་ཡིན་ནོ། །
ག༷ལ་ཏེ༷་རྣམ་པར་དཔྱད་དེ་དེ༷་ཁོ་ན་ཉིད༷་རྣ༷མ་པ༷ར་བཤ༷ད་པ༷་ན༷་དེ་ཉིད་མིན་པ་གཞ༷ན་གཞུ༷ང་རྣམས་གནས་ལུགས་དང་མི་མཐུན་པས་ཚུགས་མི་ཐུབ་པར་སྣང་བས་མུན་པ་ལྟར་རང་བཞིན་གྱིས་འཇི༷ག་པ༷ར་འགྱུར༷་ན༷་ཡང་ཉེས་པ༷་མེ༷ད་དོ༵། །གཉིས་པ། བསྟན་བཅོས་ལ་ཕྱོགས་བསྒྲུབས་ནས་འདི་ནི་ང་ཡི་འོ་ཞེས་མེད་དེ། གང་གིས་ན། གང་ལ་ལྟ་བའི་ཁས་ལེན་དངོས་པོར་དམིགས་པ་ཞིག་ཡོད་ན། དེ་ལ་མཆོག་ཏུ་ཆགས་ཤིང་དེ་དང་མི་མཐུན་པ་ལ་སྡང་བ་སྐྱེ་བ་ཡིན། རྟོག་པ་དེ་ནི་གང་ལ་ཆགས་པ་དང༌། གང་ལ་སྡང་བ་བདེན་པར་བཟུང་པའི་རྟོག་པ་ད་དུང་ཡོད་པ་ཡིན་ལ།འདིར་དངོས་པོ་མེད་པར་རྟོགས་ནས་རྟོག་པ་མཐའ་དག་ལོག་པས། རང་དང་གཞན་གྱི་ཕྱོགས་ག་ལ་ཡོད་དེ། ཕྱོགས་སུ་འཛིན་པ་ནི་རྟོག་པ་ཡིན་ལ། དེ་འདི་ལ་མེད་པའི་ཕྱིར་རོ། །དེས་ན་ར༷ང་གི༷་ལྟ༷་བ༷་ལ༷་ཆ༷གས་པ་ད༷ང་དེ༷་བཞི༷ན་དུ༷།གཞ༷ན་གྱི༷་ལྟ༷་བ་ལ༷་འཁྲུ༷ག་པ་ག༷ང་ཡིན་པའི་འཆིང་བའི་རྟོག༷་པ༷་ཉིད༷་ཡོད་པ་མ་ཡིན་གྱི་དེ༷་ཕྱིར༷་དེ་ལྟའི་རང་ཕྱོགས་ལ་འདོ༷ད་ཆ༷གས་དང་གཞན་ལ་ཁོ༷ང་ཁྲོ༷་རྣ༷མ་པར་བས༷ལ་ཏེ༷། དོན་དུ་གནས་པ་གང་ཡིན་ཞེས་རིགས་པས་རྣ༷མ་པར་དཔྱོད༷་པ༷་ནི༷་མྱུར་དུ༷་རྟོག་པ་ཀུན་ལས་གྲོལ༷་བ༷ར་འགྱུར༷་ཏེ་ཕྱོགས་སྒྲུབ་པ་མེད་པས་སོ། །གཉིས་པ་གང་ཟག་གི་བདག་མེད་རིགས་པས་གཏན་ལ་ཕབ་པ་ལ་ཐར་འདོད་ཀྱིས་ཐོག་མར་བདག་དགག་དགོས་པའི་ཚུལ་དང༌། དེ་འགོག་བྱེད་ཀྱི་རིགས་པ་བསྟན་པ་གཉིས། དང་པོ། འདོད་ཆགས་སོགས་ཉོན༷་མོ༷ངས་པ་སྐྱེ་རྒ་ན་འཆི་སོགས་སྐྱོན༷་རྣམ༷ས་མ༷་ལུ༷ས་པ་ནི་ང་དང་ང་ཡིར་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཇི༷ག་ཚོ༷གས་ལ༷།
ལྟ༷་བ་ལ༷ས་བྱུང༷་བ༷ར་བློ༷་སྟེ་ཤེས་རབ་གསལ་པོ་ཡི༷ས་མཐོ༷ང་བར་གྱུར༷་ཅི༷ང༌། འཇིག་ལྟའི་འཇུག་པར་གང་ལས་གྱུར་ན་དེའི་དམིགས་པ་བད༷ག་ནི༷་འཇིག་ལྟའམ་ངར་འཛིན་འདི༷་ཡི༷་ཡུ༷ལ་དུ༷་རྟོག༷་པར་བྱས༷་ན༷ས། ཐར་པ་འདོད་པའི་རྣ༷ལ་འབྱོར༷་པ༷་ཡི༷ས་ཡུལ་བད༷ག་ནི༷་འགོ༷ག་པ༷ར་བྱེད༷་དེ། དེ་མ་བཀག་པར་དེར་འཛིན་མི་ཁེགས་པའི་ཕྱིར་ཇི་སྲིད་ཞེན་ཡུལ་ཡོད་པར་འཛིན་པ་དེ་སྲིད་དུ་བདག་འཛིན་འཇུག་ལ་དེ་སུན་ཕྱུང་ན་འཛིན་པ་རང་བཞིན་གྱིས་ལྡོག་གོ །བདེན་འཛིན་ལ་ཉོན་མོངས་པའི་མིང་གིས་བཏགས་པ་ནི། རྨོངས་པ་ཐམས་ཅད་ལ་ཉོན་མོངས་པའི་མིང་གིས་བཏགས་པ་འབྱུང་མོད། དེ་ཙམ་གྱིས་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་སུ་ཕྱེ་བའི་ཉོན་སྒྲིབ་ཏུ་མི་འགྱུར་ཏེ། མ་རིག་བག་ཆགས་ཀྱི་ས་ལའང་ཉོན་མོངས་པའི་མིང་གིས་བསྟན་པ་དང༌། སྤྱིར་རྨོངས་པ་དང་ཕྱིན་ཅི་ལོག་གི༷་ཀུན་རྟོག་ཐམས་ཅད་ལ་ཉོན་མོངས་པའི་མིང་འཇུག་པ་ཐམས་ཅད་ཉོན་སྒྲིབ་ཡིན་ན་ཤེས་སྒྲིབ་གཏན་མེད་དུ་འགྱུར་རོ། །དེས་ན་ཐར་པ་ལ་གེགས་བྱེད་པའི་གཙོ་བོའི་རིགས་སུ་གནས་པ་འཇིག་ལྟ་ལས་བྱུང་བའི་ཉོན་མོངས་པ་རྣམས་ལ་ཉོན་སྒྲིབ་དང༌། ཐམས་ཅད་མཁྱེན་པ་ལ་གེགས་བྱེད་པའི་གཙོ་བོའི་རིགས་སུ་གནས་པ་འཁོར་གསུམ་དུ་རྟོག་པ་ལས་བྱུང་བའི་ཉོན་མོངས་པ་རྣམས་ལ་ཤེས་སྒྲིབ་ཅེས་གསུངས་སོ། །གཉིས་པ་ལ། བདག་རྫས་ཡོད་དུ་འདོད་པའི་ལུགས་དགག་པ་དང༌། བདག་བརྟེན་ནས་བཏགས་ པ་ཙམ་དུ་བསྟན་པ་གཉིས།
དང་པོ་ལ། བདག་ཕུང་ཐ་དད་དུ་འདོད་པ་དགག་པ། བདག་ཕུང་གཅིག་ཏུ་འདོད་པ་དགག་པ། བདག་ཕུང་གཅིག་ཐ་དད་གང་དུའང་བརྗོད་དུ་མེད་པར་དགག་པ་གསུམ། དང་པོ་ལ། ཕྱོགས་སྔ་མའི་ལུགས་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ། དེ་ལ་གྲངས་ཅན་པས་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔར་འདོད་དེ། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང༌། །བཅུ་དྲུག་པོ་ནིརྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཟེར་ཏེ།གཙོ་བོའི་རྡུལ་ནི་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ནོ། །མུན་པ་ལྕི་གཡོགས་དང༌། སྙིང་སྟོབས་གསལ་ཡང་ངོ༌། །དེ་གསུམ་ཆ་མཉམ་པ་གང་གིཕྱོགས་སུ་མ་ལྷུང་བའི་གནས་སྐབས་ནི་གཙོ་བོ་སྟེ་ཀུན་གྱི་རྒྱུའོ། །དེ་ཀུན་གྱི་རང་བཞིན་ཏེ་མི་འགྱུར་བའོ། །རང་བཞིན་དེ་ལས་ཆེན་པོ་སྟེ་ཆེན་པོ་བློ་གཉིས་རྣམ་གྲངས་སོ། །ཕྱི་ཡུལ་དང༌། ནང་གི་སྐྱེས་བུའི་གཟུགས་བརྙན་གཉིས་ཀ་འཆར་བ་ཞིག་སྟེ་སྐྱེས་བུས་ཡུལ་ལ་སྦྱོར་བའི་རྟེན་བྱེད་དོ། །ཆེན་པོ་ལས་ང་རྒྱལ་འབྱུང་སྟེ་དེ་ལ་གསུམ་སྟེ། རྣམ་པར་འགྱུར་བ་ཅན་དང༌། སྙིང་སྟོབས་ཅན་དང༌། མུན་པ་ཅན་ནོ། །དང་པོ་ལས་དེ་ཙམ་ལྔ་སྟེ་གཟུགས་སོགས་སོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྟེ། འབྱུང་ལྔར་གདགས་པ་གཟུགས་སོགས་རེ་རེ་དང་གཉིས་ལ་སོགས་པ་ལ་བརྟེན་ཏེ་བཞག་གོ །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་ནི། མིག་སོགས་དབང་ལྔ་དང༌། ངགལག་པ། རྐང་པ། རྐུབ། འདོམས། བློ་ཡི་དབང་པོ་སྟེ་ལས་ཀྱི་དབང་པོ་ལྔ་དང༌།
ལུས་ཀྱི་དབང་པོ་ལྔ། གཉིས་ཀའི་བདག་ཉིད་ཅན་གྱི་ཡིད་དེ་དེ་ལྟར་བཅུ་གཅིག་གོ །མུན་པ་ཅན་གྱི་ང་རྒྱལ་ནི་དེ་གཉིས་ཀའི་གྲོགས་བྱེད་དོ། །དེ་ལྟར་ན་རང་བཞིན་རྣམ་འགྱུར་གཉིས་ཀ་མིན་པ་སྐྱེས༷་བུ། རང་བཞིན་ཡིན་ལ་རྣམ་འགྱུར་མིན་པ་གཙོ་བོ། རྣམ་འགྱུར་ཡིན་ལ་རང་བཞིན་མིན་པ་འབྱུང་ལྔ་དབང་པོ་བཅུ་གཅིག་སྟེ་བཅུ་དྲུག །རང་བཞིན་རྣམ་འགྱུར་གཉིས་ཀ་ཡིན་པ་ང་རྒྱལ་ཆེན་པོ། དེ་ཙམ་ལྔ་སྟེ་བདུན། གཙོ་བོ་དང་སྐྱེས་བུ་རྟག་ཅིང༌། ནམ་གཙོ་བོའི་རྣམ་འགྱུར་བསྡུས་ནས་སྐྱེས་བུ་ཡུལ་དང་མི་འབྲེལ་བར་ཡན་གར་གནས་པ་གྲོལ་བའམ་ཐར་པ་རྟག་ཅེས་གཙོ་བོ་ཀུན་གཞི་ལ་ཤེས་རིག་གི་སྐྱེས་བུ་ནི་ཡིད་ཤེས་ལ་ཟེར་ཏེ། ཀློང་ལས་མཆེད་པ་སེམས་ཙམ་རྣམ་རྫུན་པ་དང་ཆེས་ཉེ་བར་ཡོད་དོ། །གཙོ་བོའི་རྣམ་འགྱུར་ལ་ཟ༷་པོ༷་སྟེ་བདེ་སྡུག་སོགས་ལོངས་སྤྱོད་པ་དང་རྟག༷་པ་ཡིན་པར་འགྱུར་བའི་དངོ༷ས་པོ་རྣམ་འགྱུར་རྣམས་ཀྱི་བྱེད༷་པ་པོ༷་མི༷ན་པ༷འི་བད༷གརྡུལ་སོགས་ཀྱི་ཡོ༷ན་ཏན༷་མེད་པ་དང་བྱ༷་བ་བརྐྱང་བསྐུམ་འགྲོ་འོང་སོགས་མེ༷ད་པ་མུ༷་སྟེག༷ས་རྣ༷མས་ཀྱི༷ས་བརྟ༵གས་ཏེ། ཁྱབ་བྱེད་ཡིན་པས་སོ། །བདག་དེ༷འི་དབྱེ༷་བ་ཅུ༷ང་ཟ༷ད་ཅུ༷ང་ཟ༷ད་ལ༷་བརྟེན༷་ན༵ས། མུ༷་སྟེག༷ས་ཅ༷ན་རྣམ༷ས་བྱེ་བྲག་པ་བདག་གི་ཡོན་ཏན་བདེ་སོགས་དགུར་ཁས་ལེན་པ་དང༌། བརྐྱང་བསྐུམ་སོགས་ཡོད་པ་དང་ལུས་ཐ་དད་ཀྱང་བདག་གཅིག་འདོད་པ་སོགས་ལུ༷གས་ནི༷་ཐ༷་ད༷ད་པར་འགྱུར༷་རོ། །གཉིས་པ་ལ་རྟག་དངོས་ཀྱི་བདག་དེ་འདྲ་བ་མི་སྲིད་པས་དགག་པ་དང༌།
ཕུང་པོ་ལས་ཐ་དད་མེད་པས་དགག་པ་གཉིས། དང་པོ་ལ། འགོག་བྱེད་ཀྱི་རིགས་པ་སྤྱིར་བསྟན་པ་དང༌། དེས་རྟག་དངོས་ཀྱི་བདག་འདོད་པའི་བྱེ་བྲག་མི་འདྲ་བ་ཀུན་ཀྱང་འཇོམས་པར་བསྟན་པ་གཉིས། དང་པོ་མུ་སྟེགས་པའི་ལུགས་ཀྱི་བདག་དེ་ཆོས་ཅན། དཔེ་མོ༷་གཤ༷མ་གྱི་བུ༷་ལྟར༷་ཡིན་ཏེ་སྐྱེ༷་བ༷་ད༷ང་བྲ༷ལ་བའི་ཕྱིར༷། དེ༷་ལྟར༷་མ་སྐྱེས༷་པར་གྱུར༷་པ༷འི་བད༷ག་ནི༷་ཡོ༷ད་པ་མི༷ན་ཞི༷ང༌།མ་སྐྱེས་པའི་བདག་འདི༷་ནི༷་འཇིག་རྟེན་གྱི་ང༷ར་འཛི༷ན་ལྷན་སྐྱེས་ཀྱི་རྟེན༷་དུའ༷ང་མི༷་རི༷གས་ལ༷། འདི༷་ནི༷་དོན་དམ་པར་ན་ངར་འཛིན་གྱི་རྟེན་མི་རིགས་པར་མ་ཟད་ཀུན༷་རྫོ༷བ་ཙམ་དུ༷་ཡ༷ང་ཡོ༷ད་པར་མི༷་འདོ༷ད་དེ། མ་སྐྱེས་པ་ནི་མོ་གཤམ་བུ་བཞིན་ཡོད་མ་མྱོང་བ་སྟེ། སྔ་དུས་ནས་མ་སྐྱེས་པ་དེ་བཞིན། དེ་ལ་ཡོད་པའི་སྐབས་ནམ་ཡང་མི་སྲིད་དོ། །མ་སྐྱེས་པ་དེ་ཡོད་པར་ཅི་ཡིས་ཀྱང་འགྲུབ་མིསྲིད་དོ། །གཉིས་པ། ག༷ང་ཕྱིར༷་གྲངས་ཅན་གྱི་བསྟན༷་བཅོ༷ས་ལས༷་བསྟན་པ་དང་ཅུང་ཟད་མི་འདྲ་བའི་བྱེ་བྲག་པ་སོགས་ཀྱི་བསྟན༷་བཅོ༷ས་ལ༷ས༷་བདག་དེ༷འིཁྱད༷་པར། མུ༷་སྟེ༷གས་རྣ༷མས་ཀྱིས༷་ག༷ང་བསྟན༷་པ་དེ༷་ཀུན༷་ལ༵། མུ་སྟེགས་པ་ར༷ང་ཉིད་ལ་གྲག༷ས་པ་མ༷་སྐྱེས༷་ཞེས་པའི་གཏན༷་ཚི༷གས་ཀྱིས༷་གནོ༷ད་པ༵་ཡིན་པ་དེ༷་ཕྱིར༷་གཞི་དེ་མེད་པས་བདག་དེ༷་ཡི་ཁྱད༷་པར་ཀུན༷་ཀྱང་ཡོ༷ད་པ་མ་ཡི༵ན་ནོ། །གཉིས་པ་ཕུང་པོ་ལས་ཐ་དད་དུ་མེད་པས་དགག་པ་ནི། རྒྱུ་མཚན་དེ༷་ཡི་ཕྱིར༷་ཕུ༷ང་པོ༷་ལ༷ས་གཞ༷ན་པའི་བད༷ག་མེ༷ད་དེ༵། ཕུང༷་པོ༷་མ༷་གཏོག༷ས་པར་བདག་དེ༷་ཡན་གར་དུ་གྲུབ་ན་ཕུང་པོ་ལ་མ་ལྟོས་པར་བདག་འཛི༷ན་ནུས་པ་ལ་འཛིན་པ་ནམ་ཡང་མ༷་གྲུ༷བ་པའི་ཕྱིར༷།
ཕུང་པོ་ལས་ཐ་དད་པའི་མ་སྐྱེས་པའི་བདག་དེ་ལྟ་བུ་འཇི༷ག་རྟེན༷་པའི་ང༷ར་འཛི༷ན་གྱི་བློ༷་ཡི༷་རྟེན༷་དུ༷་ཡ༵ང་མི༷་འདོད༷་དེ། བརྟགས་པའི་བདག་ཕུང་པོ་ལས་ཐ་དད་དུ་གྱུར་པའི་བདག་དེ༷་ལྟ་བུའི་ཚུལ་རི༷ག་སྟེ་ཤེས་སམ་འཛིན་པ་མི༷ན་པ༷འ༷ང་བད༷ག་ཏུ་ལྟ་བའི་ཕྱིར༵་དེ་ངར་འཛིན་གྱི་རྟེན་ཡིན་ན་ཕུང་པོ་ལས་ཐ་དད་པའི་མ་སྐྱེས་པའི་བདག་དེ་འདྲ་བ་རིགས་ཤིང་ཤེས་ནས་དེ་ལ་དམིགས་ནས་ངར་འཛིན་པ་སྐྱེ་རུང་ན། དེ་མིན་ཏེ་རྒྱུ་མཚན་གང་གིས་ན་བདག་དེ་ལྟ་བུའི་མཚན་ཉིད་ཅན་དུ་ཡོད་པ་མིན་ལ། མ་སྐྱེས་པ་སོགས་དེ་འདྲ་ཀུན་བརྟགས་ཡིན་པས་ཀུན་བརྟགས་ཀྱི་བདག་དེ་འདྲ་བ་ལ་མི་དམིགས་པར་ངར་འཛིན་ལྷན་སྐྱེས་ཀྱིས་ང་ཙམ་ལ་དམིགས་ཀྱི་དེ་ལྟའི་དེ་ལ་མི་དམིགས་ཏེ་ཡུལ་དེ་མེད་པར་ཡུལ་ཅན་མི་སྐྱེ་སྟེ་དེས་ན་ངར་འཛིན་ལྷན་སྐྱེས་ཀྱི་རྟེན་འཛིན་སྟངས་ཀྱི་ཡུལ་ནི་ཐོག་མ་མེད་པ་ནས་གོམས་པའི་མ་བརྟགས་མ་དཔྱད་པར་ང་ཙམ་ཞིག་ཡིན་གྱི། མ་སྐྱེས་པ་སོགས་ཀྱིས་ཁྱད་པར་དུ་བྱས་པ་མིན་པར་གསལ་ཏེ། ག༷ང་ད༷ག་དེ་རྣམས་ལ་སྔར་གྱི་བསྟན་བཅོས་ལ་གོམས་པའི་བག་ཆགས་ཀྱང་མེད་པའི་དུད༷་འགྲོར༷་ཡང་ཡང༷་སྐྱེས་ནས་ཚེ་བསྐལ༷་པ་མ༷ང་པོར་ལུས་བསྐྱལ༷་བར་གྱུར༷་པ༷་ཤིན་ཏུ་བླུན་པ་དེ༷ས་ཀྱང༷་མ༷་སྐྱེས༷་པའི་རྟག༷་པའི་རང་བཞིན་གྱི་བདག་འདི༷་ལྟ་བུ་མ༷་མཐོ༷ང་ལ༷། ང༷ར་འཛི༷ན་དེ༷་ད༷ག་ལ༷་ཡ༷ང་འཇུ༷ག་པར་མཐོ༷ང༷་སྟེ། དེ༷ས་ན༷་ཕུ༷ང་པོ༷་ལ༷ས་གཞ༷ན་དུ་གྱུར་པའི་བད༷ག་འག༷འ་ཡང་མེ༷ད་དོ། །གཉིས་པ་བདག་ཕུང་གཅིག་ཏུ་འདོད་པ་དགག་པ་ལ། ཕྱོགས་སྔ་ བརྗོད་པ་དང༌།
དེ་དགག་པ་གཉིས། དང་པོ་ནི། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དགདགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་གསུངས་པས་མང་བཀུར་བ་ཁ་ཅིག་ནི་བདག་ལྟའི་དམིགས་པར་ཕུང་ལྔ་འཇོགཡང་མང་བཀུར་ཁ་ཅིག་ནི། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་པས་སེམས་གཅིག་བདག་ཡིན་ནོ། །མདོ་ལས། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་ཐུལ་བ་ནི་བདེ་བ་འདྲེན། །ཞེས་སོ། །གོ་རམས་པས།འཇིག་ལྟའི་དམིགས་པ་དང་བདག་དོན་གཅིག་པར་འདོད་པས་བདག་རྫས་ཡོད་དུ་འདོད་པ་ཐམས་ཅད་འདྲ་ལ་བརྟགས་ཡོད་དུ་འདོད་ཕྱོགས་རང་རྒྱུད་པ་མན་ཆད་དེ་གཉིས་དོན་མི་གཅིག་སྟེ། འཇིག་ལྟའི་དམིགས་པ་ཕུང་པོ་ཡིན་ཀྱང་ཕུང་པོ་བདག་ཏུ་མི་འདོད་པའི་ཕྱིར་གསུངས། ཕུང༷་པོ༷་ལ༷ས་གཞ༷ན་དུ་བད༷ག་གྲུ༷བ་པ་མེ༷ད་པ༷འི་ཕྱིར༵། བད༷ག་ལྟའི༷་དམི༷གས་པ༷་ནི་ཕུ༷ང་པོ༷་ཁོ༷་ན༷འོ་ཞེས་ཟེར་ལ། ཁ༷་ཅི༷ག་བད༷ག་ལྟའི༷་དམིགས་པའི་རྟེན༷་དུ༷་ཕུ༷ང་པོ༷་ནི༵། ལྔ༷་ཆ༷ར་ཡ༷ང་འདོ༷ད་ལ་ཁ༷་ཅི༷ག་གིས་སེ༷མས་གཅི༷ག་པོ་བདག་ཏུ་འདོ༵ད་དོ། །གཉིས་པ་ལ་བདག་ཕུང་གཅིག་པ་འདོད་ཚུལ་སྤྱིར་དགག་པ་དང༌། ཕུང་པོ་དང་འབྲེལ་བར་བདག་ཏུ་རྟོག་ཚུལ་གཞན་དགག་པ་གཉིས། དང་པོ་ལ། ཕུང་པོར་བདག་ལྟའི་དམིགས་པར་མི་འཐད་པའི་རིགས་པ་བརྗོད་པ་དང༌།
ཕུང་པོ་ལ་དམིགས་པ་གསུངས་པའི་དོན་བཤད་པ་གཉིས། དང་པོ་ལ། བདག་ཕུང་གཅིག་པ་སྤྱིར་དགག་པ་དང༌། ཕྱོགས་སྔའི་འདོད་པ་དང་ནང་འགལ་བའི་སྒོ་ནས་ཁྱད་པར་དུ་དགག་པ་གཉིས། དང་པོ། ག༷ལ་ཏེ༷་ཕུ༷ང་པོ༷་རྣམས་བད༷ག་ཡིན༷་ན༷་དེ༷་ཕྱིར༷་ཕུང་པོ་དེ༵། ཕུང་པོ་ལྔ་དང་ནང་གསེས་དང་སེམས་ཚོགས་དྲུག་དང་སྐད་ཅིག་གིས་དབྱེ་བས་མ༷ང་དུ་འགྱུར་བ༷ས་བད༷ག་དེ༷་ད༷ག་ཀྱང༷་མ༷ང་པོ༷ར་འགྱུར༷་རོ། །དེ་ཡང་འདི་མང་པོ་དང་ངོ་བོ་གཅིག་པ་ཙམ་ལ་འཕེན་མི་བཏུབ་ཀྱང༌། བདག་ཕུང་ཐ་དད་གཏན་མེད་གཅིག་ལ་ཡིན་ཞིང༌། དེ་ཡང་དང་པོ་ནས་དེ་ལྟར་གཞན་གྱིས་ཁས་མ་བླངས་ཀྱང༌། ངོ་བོ་གཅིག་པ་དང་ཐ་དད་ཙམ་ཡིན་པ་རྫུན་པ་ལ་སྐྱོན་མེད་ཀྱང༌། བདག་ཕུང་གཉིས་བདེན་པར་ཁས་ལེན་པ་ལ་དབྱེར་མེད་ཀྱི་གཅིག་ཏུ་འཕུལ་ནས། དེ་འདོད་པ་ལ་བདག་མང་བར་ཐལ་བ་འཕེན་ནོ། །གཉིས་པ་ལ་ཕྱོགས་སྔ་བ་རང་གི་འདོད་པ་དང་འགལ་བ། ལུང་དང་འགལ་བ། རིགས་པ་དང་འགལ་བ་གསུམ། དང་པོ་ལ། བཀག་པ་དངོས་དང༌། དེ་ལྟར་བཀག་པའི་མཇུག་བསྡུ་བ་གཉིས། དང་པོ་ལ། བདག་ཏུ་འཛིན་པ་ཕྱིན་ཅི་ལོག་མ་ཡིན་པར་ཐལ་བས་དགག་པ། བདག་ཆད་པར་ཐལ་བས་དགག་པ། མྱང་འདས་བསྒྲུབ་པ་དོན་མེད་དུ་ཐལ་བས་དགག་པ། ལས་འབྲས་ཀྱིརྣམ་གཞག་མི་འཐད་པས་དགག་པ་བཞི་ལས། དང་པོ་ནི། བད༷ག་ནི༷་རྫ༷ས་སུ༷་འགྱུར་ཞི༷ང་སྟེ་ཕུང་པོ་རྫས་ཡིན་པའི་ཕྱིར་དང་བདག་དེ༷ར་ལྟ༷་བ༵་རྫ༷ས་ལ༷་འཇུ༷ག་པ༷ས་སྔོ་སེར་འཛིན་པའི་བློ་ལྟར་ཕྱིན༷་ཅི༷་ལོ༷ག་ཏུ་མི༷་འགྱུར༵་བ་ཡིན་ན་ཁྱོད་ཀྱི་ལུགས་ལ་དེ་གཉིས་མི་འདོད་པས་སོ། །
གཉིས་པ། སྐྱོན་གཞན་ཡང་མྱ༷་ང༷ན་འད༷ས་ཚེ༷་ངེ༷ས་པ༷ར་བད༷ག་ཆ༷ད༷་པར་འགྱུར༵་ཏེ་ཕུང་པོ་རྒྱུན་ཆད་པར་འདོད་པས་སོ། །དེ་མི་འདོད་དེ་བདག་ཆད་པ་ཆད་ལྟར་ཁས་ལེན་པས་སོ། །གསུམ་པ།མྱ་ང༷ན་འད༷ས་པར་ཞུགས་པའི་སྔོ༷ན་དུ་ཡང་སྐད༷་ཅི༷ག་ད༷ག་ལ༷་ནི༵་ཕུང་པོ་བཞིན་དུ་བདག་སྐྱེ༷་འཇིག་བྱེད་པར་འགྱུར༷་ཏེ། བདག་ཕུང་པོའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ་དེ་ལྟར་ན་སྐྱེ་བ་དྲན་ནས་བདག་ང་ལས་ནུར་གྱུར་ཏོ། །ཞེས་གསུངས་མི་རིགས་སོ། །བཞི་པ་ལ་དངོས་དང༌། དེའི་ལན་དགག་པ་གཉིས། དང་པོ་ལ། ལས་བྱས་པ་ཆུད་ཟ་བའི་སྐྱོན་དུ་ཐལ་བ་དང༌། མ་བྱས་པ་དང་འཕྲད་པར་ཐལ་བས་དགག་པ་གཉིས། དང་པོ། བདག་སྐྱེ༷་འཇི༷ག་བྱེད་པ་དེ་ལྟར་ན་ལས་བྱེད༷་པོ༷་མེ༷ད་པ༷ས་བྱས་པ་ཆུད་ཟོས་ཏེ་དེ༷་ཡི་འབྲ༷ས་བུའང་མེ༵ད་པར་ཐལ་བར་འགྱུར་རོ། །གཉིས་པ། གལ་ཏེ་ཡོད་ན་ལས་གཞ༷ན་གྱིས༷་བས༷གས་ལ༷་མ་བྱས་པ་དང་ཕྲད་པས་འབྲས་བུ་གཞ༷ན་གྱིས༷་ཟ༷་བ༷ར་ཏེ་ལོངས་སྤྱོད་པར་འགྱུར༵་ཏེ་དེ་མི་འདོད་མི་འཐད་པས་སོ། །གཉིས་པ་ཉེས་སྤོང་གི་ལན་དགག་པ། གལ་ཏེ་སྐད་ཅིག་སྔ་ཕྱི་གཞན་ཡིན་མོད། དེ༷་ཉིད༷་དུ༷་རྒྱུད༷་གཅིག་ཡོ༷ད་པས་ན༷་སྐྱོན༷་དེ་མེ༷ད་ཟེར་ན༵། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི་སོགས་སྔར༷་རྣམ༷་པར་དཔྱད༷་ཚེ༷་རྒྱུད༷་ལ༷་ཉེ༷ས་པ་རྣམས་བཤ༷ད་ཟི༷ན་ཏོ། །གཉིས་པ་མཇུག་བསྡུ་བ། དེ༷་ཕྱིར༷་ཕུ༷ང་པོ༷་ལྔ༷་ད༷ང་སེམ༷ས་བད༷ག་ཡིན་པར་མི༷་རི༵གས་སོ། །
གཉིས་པ་ལུང་དང་འགལ་བ། ལུང་གིས་ཀྱང་གསལ་ཏེ་འཇི༷ག་རྟེན༷་མཐ༷འ་ལྡ༷ན་ལ༷་སོ༷གས་ལུང་བསྟན་པ་མེ༷ད་པའི་ཕྱིར༷་རོ༷། །དེ་ཡང་ལུང་བསྟན་མིན་པ་བཅུ་བཞི་ནི། འཇིག་རྟེན་མཐའ་ལྡན་མི་ལྡན་སོགས་བཞི་དང༌། རྟག་མི་རྟག་སོགས་བཞི། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་མེད་སོགས་བཞི། ལུས་སྲོག་གཅིག་ཐ་དད་བརྟེན་པ་གཉིས་བཅས་སོ། །འཇིག་རྟེན་ནི་བདག་ལས་བརྩམ་སྟེ་དྲི་བ་དང༌། སྲོག་ནི་བདག་གི་རྣམ་གྲངས་ཡིན་པས། གལ་ཏེ་ཕུང་པོ་བདག་ཡིན་ན། ཕུང་པོ་མི་རྟག་པར་གྱུར་ཚེ་འཇིག་རྟེན་མི་རྟག་གོ་ཞེས་དང༌།མྱ་ངན་འདས་པའི་འོག་ཕུང་པོ་མེད་པས་འཇིག་རྟེན་མཐའ་དང་ལྡན་ནོ་ཞེས་དང༌། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་མེད་དོ་ཞེས། མཐའ་གཅིག་ཏུ་ལུང་སྟོན་རིགས་པའི་ཕྱིར། ཞེས་སོ། །ལུང་ཕྱོགས་སྔས་འདོད་པ་དང༌། ཕུང་སོགས་མི་རྟག་པར་འདོད་པ་ཡིན་ནོ། །གསུམ་པ་རིགས་པ་དང་འགལ་ཚུལ་ལ། ཕུང་པོ་བདག་ལྟའི་དམིགས་པ་ཡིན་ན་བདག་མེད་མཐོང་ཚེ་དངོས་རྣམས་མེད་པར་ཐལ་བས་དགག་པ། ཕུང་སོགས་ཡོད་ན་བདག་ཀྱང་མི་ཁེགས་པས་ཆགས་སོགས་མི་ལྡོག་པར་ཐལ་བས་དགག་པ་གཉིས། དང་པོ་ལ་དངོས་དང༌།དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ། གལ་ཏེ་ཕུང་པོའམ་སེམས་བདག་ཡིན་ན་ཕྱོགས་སྔ་བ་ཁྱོད༷་ཀྱི༷་ལྟར་ན་རྣལ༷་འབྱོར༷་པས་བད༷ག་མེ༷ད་མངོན་སུམ་མཐོ༷ང་བ༷་ལ༷། དེ༷་ཚེ༷་ངེ༷ས་པ༷ར་དངོ༷ས་པོ་རྣ༷མས་མེད་པ༷ར་རྟོགས་པར་འགྱུར༷་ཏེ། བདག་ཕུང་དེ་གཉིས་གཅིག་ཡིན་པའི་ཕྱིར་རོ། །དེ་ནི་མི་འདོད་དེ།
དངོས་པོ་ཡོད་པར་འདོད་ཅིང་སྣང་བས་སོ། །བདག་ལྟའི་དམིགས་ཡུལ་ཕུང་པོ་ལ་རྟེན་ནས་བཏགས་པའི་བདག་ཙམ་མིན་པར་ཕུང་པོ་རང་ཡིན་ན་དེ་བདག་ཡིན་དགོས་པར་གྲུབ་སྟེ་ཡུལ་དེ་དང་བདག་གཅིག་ལས་འགྲོ་ས་མེད་དོ། །གཅིག་འདི་གལ་ཆེའོ། །གཉིས་པ། ལས་འབྲས་འབྲེལ་བའི་རྟེན་དུ་བདག་གི་སྒྲ་ཕུང་པོ་དང༌། བདག་མེད་མཐོང་ཚེ་བདག་གི་སྒྲ་མུ་སྟེགས་བྱེད་གཞན་གྱི་ཀུན་བརྟགས་དང་ནི་སྐྱེས་བུ་ལ་འཇུག་ན་མི་རུང་སྟེ་བདག་གི་སྒྲ་གང་འདོད་དུ་འཇུག་ཆོག་པ་ལ་རིགས་པ་མེད་པས་སོ། །བདག་མེད་མཐོང་བ་དེའི་ཚེ་རྟག༷་པའི་བད༷ག་ཙམ་ཞིག་སྤོ༷ང་བ་ཡིན་ཟེར་ན༷་དེ༷་ཡི་ཚེ༷་ན་བདག་རྟག་པའི་བདག་ཡིན་པ་དེ༷་ཡི༷་ཕྱིར༷། ཁྱོད༷་ཀྱི༷་སེ༷མས་ས༷མ་མི་རྟག་པའི་ཕུང་སོགས་དང་གཅིག་མིན་པས་ཕུང༷་པོ༷་ནི་བད༷ག་ཏུ་མི༷་འགྱུར༷་རོ། །གཉིས་པ་ཆགས་སོགས་ཀྱང་མི་ལྡོག་པར་ཐལ་བ་ནི། ཁྱོད༷་ཀྱི༷་ལུགས་ལྟར་ན་རྣལ༷་འབྱོར༷་པས་རྟག་པའི་བད༷ག་མེ༷ད་མཐོ༷ང་བ༷་ཡི༷ས། གཟུགས་སོགས་དེ་ལ་རྟག་པའི་བདག་མེད་ཙམ་ཞིག་རྟོགས་ཀྱི་གཟུ༷གས་སོ༷གས་ཀྱི་དེ༷་ཁོ་ན་ཉིད༷་ནི་རྟོག༷ས་པ༷ར་མི༷་འགྱུར༷་ཞི༷ང༌། ཡང་ན་འདོད་ཆགས་ལ་སོགས་པ་ནི་གཟུགས་སོགས་ལ་དམིགས་ནས་སྐྱེ་ན། རྟག་བདག་ཙམ་ནི་དེའི་ཟ་བ་པོ་མིན་པས་རྟག་བདག་སྤངས་ཀྱང༌། ད་རུང་འདོད་ཆགས་མི་སྤོང་སྟེ། ཟེའུ་འབྲུ་ལ་ཁུ་བྱུག་མེད་ཀྱང་མངར་པོ་མྱོང་བཞིན་པའིརྟོག་པ་སྤང་མི་ནུས་པ་བཞིན། མྱོང་མཁན་ནི་ང་ཙམ་པ་ཡིན་པར་བརྟགས་ཀྱི་རྟག་བདག་མིན་ནོ་ཞེས་སོ། །
དེ་ལྟར་གཟུགས་སོགས་ཡོད་པར་ཞེན་པ་ཡོད་ན་གཟུ༷གས་སོགས་ལ༷་དམི༵གས་ན༷ས་བདག་ཏུ་རྟོག་པ་དེ་ཡང་འཇུ༷ག་ཕྱིར༷་ངར་འཛིན་ལ་བརྟེན་པའི་འདོ༷ད་ཆ༷གས་ལ་སོ༷གས་པ་ཡང༌། སྐྱེ༷་བར་འགྱུར༷་ཏེ་དམིགས་ཡུལ་དེ༷་ཡི༷་ངོ༷་བོ༷་རྟོ༷གས་པ་མེ༷ད་པའི་ཕྱིར༵་ཏེ་དམིགས་ཡུལ་མ་ལོག་པར་ཡུལ་ཅན་མི་ལྡོག་པས་སོ། །སུ་ཡང་ནང་གི་སྐྱེས་བུ་བདེ་བར་བྱའོ་སྙམ་པ་མེད་ཕྱིར་རོ། །གཉིས་པ་མདོ་ལས་ཕུང་པོ་བདག་ལྟའི་དམིགས་པ་གསུངས་པའི་དོན་བཤད་པ་ལ། ལུང་གི་དོན་ཕུང་པོ་བདག་ཏུ་འདོད་པ་མིན་པར་བསྟན་པ།རྟེན་ནས་བརྟགས་པའི་བདག་ཙམ་ཡིན་པར་སྟོན་པ་གཉིས། དང་པོ་ལ། ལུང་དོན་ཕུང་པོ་བདག་ཏུ་བཞེད་པར་འདོད་པ་ཕྱོགས་སྔའི་ལུགས་བཀོད་པ་དང༌།དེ་བཀག་པ་གཉིས། དང་པོ། ལུང་ལས་ཀྱང་ག༷ང་ཕྱིར༷་སྟོན༷་པ༷ས་ཕུང༷་པོ༷་ནི་བད༷ག་ཏུ་ལྟ་བ་དག་གོ༷་ཞེ༷ས་པའི་ལུགས་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་གཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་གསུ༷ངས་པ༷་དེ༷་ཕྱིར༷་ཕུ༷ང་པོ༷་བད༷ག་ཏུ་འདོ༷ད་པ་ཡིན་ཟེར་ན༷། གཉིས་པ་ལ།ལུང་གི་དགོངས་པ་དགག་བྱ་གཅོད་ཕྱོགས་ནས་ཡིན་པར་བསྟན་པ། གལ་ཏེ་སྒྲུབ་ཕྱོགས་ནས་ཡིན་དུ་ཆུག་ཀྱང་དེས་ཕྱོགས་སྔའི་འདོད་པ་ལ་མི་ཕན་པའི་ཚུལ་གཉིས། དང་པོ་ལ། བསྟན་བཤད་གཉིས། དང་པོ། ལུང་དེ༷་ནི༷་ཕུ༷ང་པོ་ལ༷ས་གཞ༷ན་དུ་གྱུར་པའི་ཀུན་བརྟགས་པའི་བད༷ག་ཡོད་པ་འགོ༷ག་པ༷་སྟེ༷་ཕུང་པོ་བདག་ཏུ་སྟོན་པ་མིན་ཏེ། ཡིན་ན་གཟུག༷ས་བད༷ག་མི༷ན་སོ༷གས་མདོ༷་གཞ༷ན་ལས་གསུ༷ངས་པའི་ཕྱིར༷་རོ༷། །
གཉིས་པ། ག༷ང་ཕྱིར༷་གཟུ༷གས་དང་ཚོ༷ར་བ་བད༷ག་མི༷ན་ཞིང་འདུ༷་ཤེ༷ས་ཀྱང༷༌། བདག་མ༷་ཡི༷ན་ལ་འདུ༷་བྱེད༷་རྣམས་བདག་མི༷ན་རྣམ༷་ཤེས་ཀྱང༷༌། བདག་མི༷ན་པ༷ར་མདོ༷་གཞ༷ན་ལ༷ས་གསུ༷ངས་པ་དེ༷་ཡི༷་ཕྱིར༵། མདོ༷ར་བསྟན༷་པའི་ལུང་དེས་ནི་ཕུ༷ང་པོ༷་བད༷ག་ཡིན་ཅེ༷ས་བཞེ༷ད་པ་མ༷་ཡི༷ན་ནོ། །གཉིས་པ་ལ། ཕུང་པོ་བདག་ཡིན་ན་ཚོགས་པ་ལས་རེ་རེ་བ་མིན་ཚུལ་དང༌། དེ་ལྟར་ན་ཕྱོགས་སྔའི་འདོད་པ་དང་འགལ་ཚུལ་གཉིས། དང་པོ་གལ་ཏེ་ཡིན་ཀྱང་ཕུ༷ང་པོ༷་རྣམས་བད༷ག་ཅེ༷ས་བརྗོ༷ད་པའི་ཚེ༷་ཡང་ཕུ༷ང་པོ་རྣ༷མས་ཀྱི༷། ཚོ༷གས་པ༷་ཉིད་བདག་ཏུ་བརྗོད་པ་ཡི༷ན་གྱི༷་ཕུ༷ང་པོ༷འི་ངོ༷་བོ༷་རེ་རེ་བ་ནི་མི༵ན་དགོས་ཏེ་དཔེར་ན་ནགས་ཚལ་ཞེས་བརྗོད་ཚེ་ཤིང་རེ་རེ་མིན་གྱི་ཤིང་རྣམས་ཚོགས་པ་ལ་བརྗོད་དོ། །ཤིང་རེ་རེས་བུད་ཤིང་སོགས་ཀྱི་བྱ་བ་བྱེད་ཀྱི། ནགས་ཚལ་བཏགས་པས་རྫས་སུ་མེད་པས་ན་བུད་ཤིང་སོགས་མི་རུང་བ་དང་འདྲའོ། །གཉིས་པ་ལ་ཇི་ལྟར་འགལ་ཚུལ་དང༌། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ། དེ་ལྟར་ན་བདག་ཉིད་བདག་གི་མགོན་སོགས་སུ་གསུངས་ན་ཚོགས་པ་ཙམ་པོ་རྫས་སུ་མེད་པས་དེ་ནི་མགོན་དང་འདུལ་བ་སོགས་ཀྱི་བྱ་བ་མི་ནུས་པས་ན་ཚོགས་པ་དེ་ནི་མགོ༷ན་མི༷ན་འདུལ༷་བ༷འ༷མ་དབ༷ང་པོ༷་ཉིད༷་ཀྱང༷་མི༵ན་ཏེ།ཚོགས་པ་དེ༷་ལོངས་སྤྱོད་སོགས་ཀྱི་དོན་ནམ་རྫས་སུ་མེ༷ད་པའི་ཕྱིར༷་ན༷་ཚོ༷གས་པ༷་ཡང་བདག་མ༷་ཡི༷ན་ནོ༵། །གཉིས་པ་ཚོགས་དང་ཚོགས་ཅན་ངོ་བོ་གཅིག་པས་སྐྱོན་དེ་མེད་དོ་ཞེས་པའི་ཉེས་སྤོང་གི་ལན་ལ། མདོ་ཡི་ལུང་དོན་དང་མི་འབྲེལ་བས་དགག་པ་དང༌།
རིགས་པ་དང་འགལ་བས་དགག་པ་གཉིས། དང་པོ་ལ།དཔེ་དཔེ་ཅན་གྱི་སྒོ་ནས་ཚོགས་པ་ཙམ་བདག་ཡིན་པར་དགག་པ་དང༌། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ་ལ། ཚོགས་པ་ཙམ་བདག་ཡིན་ན་དཔེ་ཤིང་རྟའི་ཡན་ལག་ཚོགས་པ་ཤིང་རྟར་ཐལ་བས་དགག་པ། དཔེ་དེ་བཞིན་དཔེ་ཅན་བདག་ཀྱང་ཕུང་པོ་ལ་བརྟེན་ནས་བཏགས་པར་གསུངས་པས་ཚོགས་ཙམ་བདག་མིན་པར་བསྟན་པ་གཉིས། དང་པོ། ཚོགས་པ་ནི་ཚོགས་ཅན་ལས་ངོ་བོ་ཐ་དད་དུ་མེད་པས་མགོན་སོགས་ཡིན་ཆོག་སྙམ་ན། ཚོགས་དང་ཚོགས་ཅན་གཅིག་ན་དེ༷་ཚེ༷་དེ༷་ཡི༷་ཡ༷ན་ལ༷ག་ཚོ༷གས་སིལ་བུར་གན༷ས་པ་རྣམ༷ས། ཤི༷ང་རྟ༷་ཉིད༷་དུ་འགྱུར༷་བར་ཐལ་ཏེ་ཤི༷ང་རྟ་ད༷ང་བད༷ག་མཚུ༷ངས་ཞིང་མདོ་ལས་ཀྱང་འདྲ་བར་གསུངས་པས་སོ། །དེ་ཡང༌། མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་བ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །གཉིས་པ། མདོ༷་ལ༷ས་ཕུ༷ང་པོ༷་ཚོགས་པ་ལ་བརྟེན༷་ནས་བདག་ཏུ་གདགས་པ་ཡི༷ན་གསུང༷ས་པ༷། དེ༷་ཡིཕྱིར༷་ཕུང་པོ་འདུས༷་པ་ཙ༷མ་པོ་དེ་བད༷ག་མ་ཡི༷ན་ཏེ། དེ་བརྟེན་ནས་བཏགས་པ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་བཞིན་ནོ། །རྟེན་ནས་བྱུང་བའི་ཕྱིར་ན་བརྟེན་པ་པོ་ཁོ་རང་ཚོགས་པ་ཙམ་མིན་ཏེ། ཡིན་ན་འབྱུང་བ་དང་གཟུགས་སོགས་ཀྱང་དེར་ཐལ་ལོ། །
གཉིས་པ་ཉེས་སྤོང་གི་ལན། ཚོགས་ཙམ་མིན་གྱི་ཚོགས་པའི་སྐབས་སུ་དབྱིབས་ཁྱད་པར་བ་ཞིག་འགྲུབ་པ་དེ་བཞིན་དུ་ཡན་ལག་ཚོགས་ཅན་ཚང་བ་ལ་ཚོགས་ཅན་མེད་ཅེས་སྨྲ་མི་རུང་སྟེ་ཚོགས་པ་ཐམས་ཅད་ཡོད་པས་ཚོགས་ཅན་ཡོད་པ་ཙམ་གྱིས་མི་ཆོག་པ། ཚོགས་ཅན་འགྲིགས་ལུགས་ཀྱི་དབྱིབ༷ས་ཁྱད་པར་བ་ཞིག་ལ་འདོད་དོ་ཤེ༷་ན༷། དེ་དགག་པ་ལ།དབྱིབས་དེ༷་ནི་གཟུག༷ས་ཅ༷ན་ཤིང་རྟ་ལྟ་བུ་ལ༷་ཡོ༷ད་པའི་ཕྱིར༵། ཁྱོད༷་ལ༷་གཟུགས་སོགས་དབྱིབས་ཡོད་པ༷་དེ་ད༷ག་ཉིད༷་བད༷ག་ཅེ༷ས་འགྱུར༷་གྱི༷། སེ༷མས་སོགས་མིང་བཞིའི་ཕུང་པོ་འདུས་པའི་ཚོ༷གས་པ་ནི༷་བད༷ག་ཉིད༷་དུ་འགྱུར༷་བ་མི༷ན་ཏེ༷།ག༷ང་གི་ཕྱིར༷་སེམས་སོགས་དེ༷་ད༷ག་ལ་དབྱི༷བས་ཡོ༷ད་པ༷་མ་ཡི༷ན་པའི་ཕྱིར་རོ། །གཉིས་པ་རིགས་པ་དང་འགལ་བ་ལ། འགལ་བ་བརྗོད་པ་དང༌། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ། ཉེ་བར་ལེ༷ན་པོ༷་བདག་ར༷ང་དང་ཉེར༷་ཏེ་ཉེ་བར་ལེ༷ན་བྱ་ཕུང་པོ་གཉིས་ནི་གཅིག་ཏུ་རི༷གས་པའི་དངོ༷ས་པོ་མི༷ན་ཏེ། དེ༷ལྟ་ཡི༷ན་ན༷་ལ༷ས་དང་བྱེད༷་པོ༷་གཅིག༷་ཉིད༷་དུ་འགྱུར༷་རོ། །གཉིས་པ། གལ་ཏེབྱེད༷་པོ༷་བདག་ནི་མེ༷ད་ལ་དེའི་ལ༷ས་སུ་བྱ་བ་ཡོ༷ད་སྙམ༷་དུ་བློ༷་ལ་སེམས་པ་དེ་ཡི༷ན་ཞེ༷་ན། དེ་མ༷་ཡི༷ན་ཏེ་ག༷ང་ཕྱིར༷་བྱེད༷་པོ༷་མེ༷ད་པར་དེའི་ལ༷ས་ཀྱང་མེ༷ད་པའི་ཕྱིར།དེས་ལྟོས་པ་ཀུན་ཀྱང་དཔྱོད། གཉིས་པ་མདོ་ལས་བདག་བཏགས་པར་གསུངས་པ་ལ། མདོ་ལས་ཕུང་སོགས་བདག་ཏུ་མ་གསུངས་ཞིང་དེ་རྣམས་ལ་བརྟེན་ནས་བཏགས་པར་ཇི་ལྟར་གསུངས་ཚུལ་དང༌།
གསུངས་པ་ལྟར་ངར་འཛིན་ལྷན་སྐྱེས་ཀྱིས་ཀྱང་དེ་རྣམས་ཐུན་མོང་དང༌། རེ་རེ་བ་ཚོགས་པ་གསུམ་གང་ཡང་བདག་ཏུ་མི་དམིགས་པའི་ཚུལ་དང༌། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དེ་སུན་མ་ཕྱུང་བར་བདག་མེད་རྟོགས་པར་འདོད་པའི་ལུགས་འབྲེལ་མེད་དུ་བསྟན་པ་གསུམ། དང་པོ། ག༷ང་ཕྱིར༷་ཐུ༷བ་པ༷ས་ཡབ་སྲས་མཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ། སྐྱེས་བུ་གང་ཟག་དེ་ནི། ཁམས་དྲུག་འདུས་པ། རེག་པའི་གཞི་དྲུག་པ། ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ་ཞེས་པས། བད༷ག་དེ༷་ས༷་ཆུ༷་མེ༵། རླུང༷་ད༷ང་རྣ༷མ་ཤེ༷ས་ན༷མ་མཁ༷འ་ཞེ༷ས་བྱ༷་བ༷། ཁ༷མས་དྲུ༷ག་ད༷ང་ནི༷་མི༷ག་སོ༷གས་ཀྱི་འདུས་ཏེ་རེག་པ༷་ཡི༵། རྟེན༷་དྲུག༷་ད༷ག་ལ༷་བརྟེན༷་ན༷ས་ཉེར༷་བསྟན༷་ཞི༵ང༌། སེ༷མས་ད༷ང་སེ༷མས་བྱུང༷་ཆོ༷ས་རྣ༷མས་གདགས་གཞིར་ཉེར༷་བཟུ༷ང་ན༷ས།ངེ༷ས་པར་གསུ༷ངས་པ་དེ༷་ཕྱིར༷་བདག་དེ༷་ནི༷་ས་སོགས་དེ༷་རྣ༷མས་ལས་གཞན་མིན་པ་ད༵ང༌། དེ༷་ཉིད༷་ཀྱང་མ༷་ཡི༷ན་ལ་དེ་རྣམས་ཀྱི་ཚོ༷གས་པ་ཙ༷མ་རྐྱང༷་པ༷་ཉིད་ཀྱང་མི༷ན་ཏེ༷། དེ་རྣམས་བདག་ཏུ་མི་རུང་ངོ༷༌། །གཉིས་པ། རྒྱུ་མཚན་དེ༷་ཕྱིར༷་ཚེ་རབས་ཐོག་མེད་ནས་ང༷ར་འཛི༷ན་བློ༷ས་ཀྱང་གསུམ་པོ་དེ༷་རྣ༷མས་ལ༷་དམིགས་པའང་རིགས་པ་མི༵ན་ནོ། །གསུམ་པ་ལ་དོན་དང༌། དེའི་དཔེ་གཉིས། དང་པོ། རྣལ་འབྱོར་པས་བད༷ག་མེ༷ད་རྟོག༷ས་པ་དེ་ཡི་ཚེ༷་རྟག༷་པའི༷་བད༷ག་ཙམ་ཞིག་སྤོ༷ང་ཞི༵ང༌།རྟག་པའི་བདག་འདི༷་ནི༷་ང༷ར་འཛི༷ན་ལྷན་སྐྱེས་ཀྱི་རྟེན༷་ནམ་ཡུལ་དུ༷འ༷ང་མི༷་འདོ༷ད་པ༵། དེ༷་ཡི་ཕྱིར༷་དེ་ལྟ་བུའི་རྟག་པར་གྱུར་བའི་བད༷ག་མེ༷ད་པ་ཙམ་ཞིག་ཤེ༷ས་པ༷ས་ཐོག་མེད་ནས་ཞུགས་པའི་བད༷ག་ཏུ་ལྟ༷་བ༵།
ལྷན་སྐྱེས་དཔྱིས༷་ཀྱང༷་འབྱིན༷པར་སྤང་ཞེ༷ས་སྨྲ༷་བ༷་ཤི༷ན་ཏུ༷་མཚ༵ར་ཏེ་ཕན་ཚུན་འབྲེལ་བ་མེད་པའི་ཕྱིར་རོ། །གཉིས་པ། དཔེར་ན་འགའ་ཞིག་གིས་ར༷ང་ཁྱིམ༷་རྩི༷ག་པའི་ཕུ༷ག་ཏུ་སྦྲུལ༷་གན༷ས་པ་མཐོ༷ང་བཞི༷ན་དུ༷། འདི༷་ན༷་གླ༷ང་ཆེ༷ན་མེ༷ད་ཅེ༷ས་སྨྲས་ནས་དེས་སྦྲུལ་གྱི་དོ༷གས་པ་བས༷ལ་ཏེ༵། དེ་བསལ་ནས་སྦྲུལ༷་གྱི༷་འཇི༷གས་པ༷འམ་གནོད་པའ༷ང་སྤོ༷ང་བའམ་མི་འབྱུང་བ༷ར་བྱེད༷་པར་འདོད་པ༷་ནི༵། ཀྱེ༷་མ༷་ཤེས་ལྡན་གཞ༷ན་གྱི༷་གན༷མ་པོ༷ར་ཏེ་བཞད་གད་ཀྱི་གནས་སུ་འགྱུར༷་བ་ཉིད༷་དོ༵་ཞེས་དེ་གཉིས་དམིགས་ཡུལ་ཐ་དད་པས་སོ། །གཞན་ཡང་རྟག་བདག་གིས་སྟོང་པར་ཤེས་པས་ངར་འཛིན་ལྷན་སྐྱེས་མི་ལྡོག་པ་ལྟར་བདེན་གྲུབ་བཀག་ཀྱང་སྣང་བ་ལིང་ལིང་རང་སར་བཞག་ནས་དེ་ལས་གཞན་པའི་བདེན་གྲུབ་བཀག་ན་བུམ་པ་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་མི་འབྱིན་ཏེ་བུམ་པའོ་སྙམ་པའི་ཡུལ་འདི་ཆགས་སྡང་དང་ཕན་གནོད་ཀྱི་རྟེན་ཡིན་པས་སོ། །དེས་ན་དོན་གཞན་གྱིས་སྟོང་པའི་སྟོང་པ་ཐ་ཤལ་གྱིས་མི་ཕན་སྣང་བཞིན་པའི་རྟེན་འབྱུང་དེ་ལས་སྟོང་པ་ལོགས་སུ་མི་འཚོལ་བ་འདི་ཀླུའི་ལུགས་སོ། །དེས་ན་བུམ་པ་བུམ་པས་སྟོང་ཞེས་བྱ། སྟོང་ན་མི་སྣང་བ་མིན་ཏེ། སྣང་བཞིན་སྟོང་པ་དང༌། དཔྱད་ན་བརྗོད་བྲལ་དམིགས་མེད་དུ་ཞིག་པས་སོ། །འདི་ཐལ་འགྱུར་བའི་རང་ལུགས་དངོས་ཡིན། བུམ་པ་བུམ་པས་མི་སྟོང་ན་བུམ་པའི་ལྟོ་ལྡིར་སོགས་ཐ་སྙད་དུ་ཇི་ལྟར་མི་གྲུབ། དེགྲུབ་ཀྱང་དེ་དང་རང་མཚན་གྱིས་གྲུབ་པ་དང་མི་འདྲ་ན་ཇི་ལྟར་མི་འདྲ། དཔྱད་བཟོད་ཀྱིས་སོ་ཞེ་ན་རང་མཚན་གྲུབ་པ་དང༌།
བདེན་གྲུབ་ལ་ཁྱད་ཅི་ཡོད་སྨྲོས་ཤིགརང་རྒྱུད་པ་དངོས་སྨྲ་ཡིན་ཁྱེད་དབུ་མ་པ་ཡིན་ན། ཁྱོད་ལ་དོན་དམ་དཔྱོད་པ་གཅིག་དུ་བྲལ་སོགས་ཀྱི་དཔྱད་ན་མ་གྲུབ་པ་དེ་ལས་ལྷག་པའི་ཆོས་བདག་འགོག་ལུགས་ཇི་འདྲ་ཡོད་སྨྲོས་དང་རང་རྒྱུད་པ་ལས་ཁྱེད་འཕགས་ཚུལ་གོ་བར་འགྱུར་རོ། །གཉིས་པ་ཕུང་པོ་དང་འབྲེལ་བར་བདག་ཏུ་རྟོག་ཚུལ་གྱིལྷག་མ་དགག་པ་ལ། སྔར་མ་བཤད་པའི་ལྷག་མ་གསུམ་དགག་པ་དང༌། ཐུན་མོང་དུ་མཇུག་བསྡུ་བ་གཉིས། དང་པོ་ལ་རྟེན་དང་བརྟེན་པར་གྲུབ་པ་དགག་པ་དང༌། བདག་ལ་ཕུང་པོ་ལྡན་པར་འདོད་པ་དགག་པ་གཉིས། དང་པོ་ཕུ༷ང་པོ༷ར་བད༷ག་ངོ་བོ་ཉིད་ཀྱིས་རྟེན་པའི་ཚུལ་དུ་ཡོ༷ད་པ་ཡང་མ༷་ཡི༷ན་ལ་བད༷ག་ལ༷་ཡ༵ང༌། ཕུ༷ང་པོ༷་དེ༷་རྣ༷མས་ངོ་བོ་ཉིད་ཀྱི་རྟེན་ཚུལ་གྱིས་ཡོ༷ད་པ་མི༷ན་ཏེ་རྒྱུ་མཚན་ག༷ང་གི་ཕྱིར༷་འདི༵ར། བདག་དང་ཕུང་པོ་གཞ༷ན་ཉིད༷་དུ་ངེས་པར་ཡོ༷ད་ན༷་མཁར་གཞོ༷ང་རྒྱ་ཤུགས་ལྟར་རང་བཞིན་གྱིས་གྲུབ་པའི་རྟེན་དང་བརྟེན་པའི་རྟོག༷་པ༷་འདི༷ར་འགྱུར༷་རིགས་ན༵འང༷༌། གཞ༷ན་ཉིད༷་དུ་གྱུར་པ་དེ༷་མེ༷ད་པ་དེ༷་ཕྱིར༷་རྟེན་བརྟེན་པར་འདོད་པ་འདི༷་བཅོས་མའི་རྟོག༷་པ༷འོ༵། །གཉིས་པ། བད༷ག་ནི༷་གཟུ༷གས་དང་ལྡན༷་པར་མི༷་འདོ༷ད་པ་ག༷ང་ཕྱིར༷་བད༵གཡོ༷ད་པ་མི༷ན་པ་དེ༷་ཡི་ཕྱིར༷་ན་ལྡ༷ན་དོ༷ན་སྦྱོར༷་བ༷་མེ༵ད་དེ་མོ་གཤམ་བུའི་གཟུགས་བཞིན་ནོ། །བདག་ཕུང་གཞ༷ན་ཡིན་ན༵་ལྷས་སྦྱིན་གན༷ག་དང་ལྡ༷ན་པ་ལྟ་བུ་དང་གཞ༷ན་མི༷ན་ཏེ་གཅིག་ཡིན་ན་ལྷས་བྱིན་གཟུ༷གས་དང་ལྡ༷ན་པ་ལྟ་བུ་ཡིན་ན༷འང་བད༷ག་ནི༷་གཟུ༷གས་ལ༷ས་དེ༷་ཉིད༷་དེ་གཅིག་དང་གཞ༷ན་ཉིད༷་དུ་ཡང་མེ༵ད་པས་སོ། །
གཉིས་པ་ལ། འཇིག་ལྟ་ཉི་ཤུ་བསྡོམས་ཏེ་བཤད་པ་དང༌། དེ་རྣམས་རྩ་བའི་འཇིག་ལྟ་ལ་གནས་ཤིང་ཀུན་བཏགས་ཡིན་པར་བསྟན་པ་གཉིས། དང་པོ། གཟུ༷གས་ཁོ་རང་བད༷ག་མ༷་ཡི༷ན་ལ་བད༷ག་ནི༷་གཟུ༷གས་ལྡན༷་མི༵ན་ཞེས་རྟེན་བརྟེན་པར་མིན་ཡང་རང་བཞིན་གྱི་ལྡན་པ་མི༵ན་ནོ། །གཟུ༷གས་ལ༷་བད༷ག་མེ༷ད་པ་དང༌། བད༷ག་ལ༷འ༷ང་གཟུ༷གས་ཡོད་པ་མི༷ན་ཏེ་དེ་གཉིས་ཕར་རྟེན་ཚུར་རྟེན་ནོ། །དེ༷་ལྟར༷་རྣ༷མ་བཞི༷ར་མེད་པ་ལྟར་ཕུ༷ང་པོ་གཞན་བཞི་ཀུ༷ན་ཤེ༷ས་པར་བྱ༷་སྟེ༷། དེ༷་ད༷ག་བད༷ག་ཏུ༷་ལྟ༷་བ༷་ཉི༷་ཤུར༷་འདོ༷ད་དོ། །གཉིས་པ། བདག་ཏུ་ལྟ༷་བའི་རི༷་བད༷ག་མེ༷ད་རྟོག༷ས་པའི༷་ཡེ་ཤེས༷་རྡོ༷་རྗེ༷་ཡི༷ས། བཅོ༷མ་པའི་བད༷ག་འཛིན་ལྷན་སྐྱ ེས་ག༷ང་ད༷ང་ཉི༷་ཤུ༷་པོ་ཡང་ལྷན༷་ཅི༷ག་འཇི༷ག་འགྱུར༷་བ༵། རྩ་བའི་འཇི༷ག་ཚོ༷གས་ལྟ༷་བ་ལྷན་སྐྱེས་ཀྱི་རི༷་ལྷུན༷་སྟུག༷་ལ༷་གན༷ས་པ༷་དེ་ལ་ཀུན་བརྟགས་པའི་རྩེ༷་མོ༷་མཐོ༷་བ༷ར་གྱུར༷་པ༷་དག་ནི་འཇིག་ལྟ་ཉི་ཤུ་པོ་འདི༷་ད༷ག་གོ༵ །གསུམ་པ་བརྗོད་མེད་ཀྱི་བདག་དགག་པ་ལ། ཕྱོགས་སྔ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ། རང་སྡེ་གནས་མ་བུ་མང་བཀུར་བ་ཁ༷་ཅི༷ག་བདག་ཕུང་དེ༷་ཉིད༷་དང་གཞ༷ན་ཉིད༷་དང་རྟག༷་མི༷་རྟག༵་ལ༷་སོ༷གས་བརྗོ༷ད་དུ་མེ༷ད་པ་ག༷ང་ཟ༷ག་རྫས་ཡོ༷ད་འདོ༵ད་དེ་ཕྱོགས་རེར་རེ་ནམ་ཡང་མི་འཐད་ལ་ལས་འབྲས་ཀྱི་རྟེན་དུ་བདག་ཡོད་པས་སོ་ཟེར། བདག་དེ་རྣ༷མ་ཤེས༷་དྲུག༷་གི་ཤེ༷ས་བྱར༷་དེ༷་འདོ༷ད་ཅི༵ང༌། དེ༷་ནི༷་ང༷ར༷་འཛི༷ན་ལྷན་སྐྱེས་ཀྱི་དམིགས་པའམ་གཞི༷ར་ཡ༷ང་འདོ༷ད་པ༷་ཡི༵ན་ནོ། །དེའང་བདག་དེ་ཡུལ་ཅན་ཤེས་པ་གང་གིས་འཛིན་ཞེ་ན་ཤེས་པ་རེ་རེ་བའི་ཕྱོགས་སུ་ལྷུང་ན་དེའི་ཡུལ་ཁོ་ནར་རིས་སུ་ཆད་པར་འགྱུར་ཞིང༌།
ཡུལ་ཅན་གྱིས་མ་བཟུང་བར་ཡོད་ཅེས་སྨྲ་མི་རུང་བས། དེ་ནི་ཕུང་ལྔ་དང་ཐ་དད་མིན་པར། རྣམ་ཤེས་དྲུག་ཆར་གྱིས་ཤེས་ཞེས་སོ། །དེ་ལ་འོ་མ་ཞེས་པ་ཁ་དོག་དྲི་རོ་རེག་བྱ་ཡོད་པས་དབང་པོ་དུ་མའི་ཡུལ་དུ་འགྱུར་བ་བཞིན་ནོ་སྙམ་པའོ། །ཁ་ཅིག་གིས་རྣམ་ཤེས་དྲུག་པས་ཞེས་བསྒྱུར་བ་མི་འབྲེལ་ལོ། །གང་ཟག་དེ་རང་གི་ངོ་བོའི་སྒོ་ནས་ཤེས་བྱ་མ་ཡིན་གྱི་གཟུགས་སོགས་སྐྱེ་མཆེད་དྲུག་ཡུལ་དུ་བྱས་པའི་སྒོ་ནས་ངོ་ཤེས་པར་བྱེད་པས་སོ། །གཉིས་པ་ལ། དངོས་པོར་གྲུབ་ན་བརྗོད་དུ་ཡོད་པར་ཐལ་བས་དགགབརྗོད་དུ་མེད་ན་དངོས་པོར་མེད་པར་ཐལ་བས་དགགདེས་ན་དངོས་པོའི་ཆོས་གཉིས་དང་བྲལ་བས་དངོས་པོར་མི་འགྲུབ་པས་དགག་པ་གསུམ། དང་པོ།ག༷ང་ཕྱིར༷་གཟུ༷གས་ལ༷ས་སེམས་ཐ་དད་པས་ན་སེ༷མས་གཞན་དུ་བརྗོ༷ད་དུ་མེ༷ད་པར་མི༷་རྟོག༵ས་པར་ཐ་དད་ཅེས་རྟོགས་པ་ཡིན་ལ། དངོ༷ས་པོ་ཡོ༷ད་ན་ནི༷་བརྗོ༷ད་མེ༷ད་རྟོག༷ས་པ༷་མ༷་ཡི༷ན་ཉིད༵་དེ་གང་རུང་དུ་བརྗོད་དུ་ཡོད་པས་སོ། །ག༷ལ་ཏེ༷་བད༷ག་འག༷འ་དངོ༷ས་པོ༷ར་གྲུ༷བ་པར་གྱུར༷་ན༵། སེ༷མས་ལྟར༷་དུ་ཡོད་པར་གྲུ༷བ་པའི་དངོ༷ས་པོ་ཡིན་པས་ན་བརྗོ༷ད་དུ༷་མེ༷ད་པར་མི༷་འགྱུར༵་རོ། །གཉིས་པ། ག༷ང་ཕྱིར༷་ཁྱོད༷་ཀྱིས་ཀྱང་བུ༷མ་པ་རང་རྐྱ་ཐུབ་པའི་དངོ༷ས་པོ༷ར་མ༷་གྲུབ༷་པ༷འི། ངོ༷་བོ༷་ཡིན་པས་རང་གི་གདགས་གཞི་ག༷ཟུགས་སོ༷གས་ལ༷ས་གཅིག་ཐ་དད་བརྗོ༷ད་དུ་མེ༷ད་པར་འགྱུར༷་བ༵ས་ཏེ་འགྱུར་བ་དེའི་རིགས་པས། བད༷ག་ག༷ང་ཕུ༷ང་པོ༷་ལ༷ས་གཅིག་དང་ཐ་དད་གང་དུའང་བརྗོ༷ད་དུ་མེ༷ད་པར་འགྱུར༷་བ་སྟེ༵། ར༷ང་གི༷ས་སམ་དངོས་པོ་ཡོ༷ད་པ༷ར་གྲུབ༷་པ༷ར་རྟོག༷ས་པར་མི༷་བྱ༵འོ། །
གསུམ་པ། ཁྱོད༷་ཀྱི༷རྣ༷མ་ཤེ༷ས་ནི་ར༷ང་གི་བད༷ག་ཉིད་ལ༷ས་གཞ༷ན་དུ་ནི༷་མི༷་འདོ༷ད་ཅིང༌། གཟུ༷གས་སོ༷གས་ལ༷ས་གཞ༷ན་གྱི་དངོ༷ས་པོར་འདོ༷ད་ཅི༵ང༌། དངོ༷ས་པོའི་ཆོས་ཡིན་ནོ་ཅོག་ལ༷་རྣ༷མ་པ༷་ཚུལ་དེ༷་གཉིས་མཐོ༷ང་བར་འགྱུར༷་པ༷། དེ༷་ཡི་ཕྱིར༷་བརྗོད་མེད་ཀྱི་བད༷ག་དེ༷་ནི༷་མེ༷ད་དེ་དངོ༷ས་པོའི་མཚན་ཉིད་ཀྱི་ཆོ༷ས་ད༷ང་བྲ༷ལ་ཕྱིར༵་ཚ་བ་མེད་ན་མེ་མི་རུང་བ་བཞིན་ནོ། །གཉིས་པ་བདག་བརྟེན་ནས་བཏགས་པ་ཙམ་དུ་བསྟན་པ་ལ། བདག་མཐའ་བདུན་དུ་མེད་ཀྱང་བརྟེན་ནས་བཏགས་པ་ཤིང་རྟ་དང་འདྲ་བ་བསྟན་པ། དེས་དངོས་པོ་གཞན་ཀྱང་དེ་འདྲ་བའི་བཏགས་པར་བསྟན་པ་གཉིས། དང་པོ་ལ། བརྟེན་ནས་བཏགས་ཚུལ་དངོས་དང༌། དེ་ལྟར་ཤེས་པའི་ཕན་ཡོན་གཉིས། དང་པོ་ལ། དཔེ་ཅན་བདག་མེད་ཚུལ་དང༌། དེའི་དཔེ་ཤིང་རྟའི་ཚུལ་དང་སྦྱར་བ་གཉིས། དང་པོ། རྣམ་པར་དཔྱད་ན་གང་ཟག་རྫས་སུ་ཡོད་པ་མི་རིགས་པ་དེ༷་ཕྱིར༷་ངར༷་འཛི༷ན་པའི་རྟེན༷་ནི༷་དངོ༷ས་པོ༷་སྟེ་རྫས་སུ་གྲུབ་པ་མི༷ན་ཅིང༌། རྣམ་པར་དཔྱད་ན་བདག་ཕུང༷་པོ་ལས༷་གཞ༷ན་པ་ཡ༷ང་མི༷ན་ལ༷་ཕུང༷་པོ༷འི་ངོ༷་བོ༷་སྟེ་ཚོགས་པ་ཡ་གྱལ་གང་ཡང་མི༷ན་པ་དང༌། བདག་ཕུང༷་པོ༷་རྣམ༷ས་ཀྱི་རྟེན༷་དུ་ཡོད་པ་མི༷ན་ལ་བདག་འདི༷་ནི༷་ཕུང་པོ་དེ༷་དང་ལྡ༷ན་པར་མི༷ན་ཏེ། བདག་འདི༷་ནི༷་ཕུང༷་པོ༷་རྣམ༷ས་ལ་བརྟེན༷་ནས་འགྲུབ༷་པ༷ར་འགྱུར༷་བ་ཙམ་ཞིག་གོ །གཉིས་པ་ལ། སྤྱི་དང༌། བྱེ་བྲག་གཉིས། དང་པོ། དེ་དཔེས་བཤད་ན་ཤིང༷་རྟ༷་རང༷་གི་གདགས་གཞི་འཕང་ལོ་སོགས་ཡ༷ན་ལ༷ག་ལ༷ས་གཞ༷ན་དུ་ཡོད་པར་འདོད༷་པ་མི༷ན་ཏེ། དེ་ལ་མ་བརྟེན་པར་མེད་པས་སོ། །
ག༷ཞ༷ན་མི༷ན་ཏེ་གཅིག་ཀྱང་མ༷་ཡི༷ན་ཏེ་རེ་རེ་བ་ལ་མེད་པས་སོ། །ཡན་ལག་དེ༷་དག་དང་ལྡན༷་པ་ཡ༷ང་མི༷ན་ཞིང༵་སྟེ། གཅིག་ཐ་དད་དུ་མེད་ལས་སོ། །ཡ༷ན་ལག་དག་ལ༷་ཤིང་རྟ་ཕར་བརྟེན་པའང་མི༷ན་ལ་ཡ༷ན་ལ༷ག་དག༷་ཤིང་རྟ་དེར་ཚུ༷ར་བརྟེན་པ་མི༷ན་ཏེ་ཕན་ཚུན་ག༷ཞན་དུ་མེད་པས་སོ། །ཡན་ལག་འདུས༷་པ༷་སྟེ་ཚོགས་ཅན་མིན་པའི་ཚོགས་རྐྱང་ཙམ༷་པོ་ཡང་ཤིང་རྟ་མི༷ན་པ་ལ་དབྱིབ༷ས་ཀྱང་ཤིང་རྟ་མི༷ན་པ་ཇི༷་བཞི༷ན་ནོ༷། །གཉིས་པ་ཚོགས་དབྱིབས་བྱེ་བྲག་ཏུ་དགག་པ་ལ། ཚོགས་ཙམ་ཤིང་རྟར་འདོད་པ་དགག་པ་དང༌། དབྱིབས་ཙམ་ཤིང་རྟར་འདོད་པ་དགག་པ་གཉིས། དང་པོ། གལ༷་ཏེ་ཡན་ལག་ཚོ༷གས་ཙམ༷་ཤི༷ང་རྟར༷་འགྱུར༷་ན༷་ནི༷། ཤིང་རྟ་བཤིག་ནས་གཤོལ་མདའ་སོགས་ཡན་ལག་སི༷ལ་བུར༷་གན༷ས་པའི་ཚོགས་པ་དེ་ལ༷འང་ཤིང༷་རྟ་ཉི༷ད་ཡོ༷ད་པར་འགྱུར༵་ན་དེ་ལྟ་མིན་ཏེ་ཡན་ལག་ཚང་བར་ཚོགས་ཀྱང་ད་རུང་ཡང་ཤིང་རྟའི་མིང་མི་རྙེད་པས་སོ། །གལ་ཏེ་དབྱིབས་སུ་གྲུབ་པ་ལ་ཟེར་ན་ཞེས་དེ་དག་གི་བསམ་ངོར་ཡན་ལག་མ་ཚོགས་པ་ནི་མེད་ཀྱང༌། ཡན་ལག་ཚོགས་པ་དེ་ཡང་དབྱིབས་གྲུབ་པས་ཡིན་ན་གང༷་ཕྱིར༷་དེའི་སྐབས་སུ་ཡ༷ན་ལ༷ག་ཅ༷ན་ཤིང་རྟ་རང་མེད༷་པར་དེ་ཡི་ཡ༷ན་ལག་ད༵ག་མེད༵་པས༷་ཤིང་རྟའི་དབྱིབས་ཡན་ལག་ཡིན་ལ། ཤིང་རྟ་དེའི་ཡན་ལག་ཅན་ཡིན་པས་སོ། །དེས་ན་ཕྱོགས་སྔའི་ལུགས་ལ་ཡན་ལག་ཅན་མེད་པར་ཁས་བླངས་པས་དབྱི༷བས་ཙམ༷་ཤི༷ང་རྟར༷་རི༷གས་པ༷འང༷་མི༵ན་ནོ། །འང་སྒྲས་ཚོགས་པ་ཙམ་པོའང་མི་རིགས་སོ། །
གཉིས་པ་ལ་ཡན་ལག་གི་དབྱིབས་སོ་སོ་བ་ཤིང་རྟར་འདོད་པ་དགག་པ་དང༌། ཚོགས་པའི་དབྱིབས་ཤིང་རྟར་འདོད་པ་དགག་པ་གཉིས།དང་པོ་ལ། ཡན་ལག་གི་སྔར་གྱི་དབྱིབས་ཁོ་ན་ཤིང་རྟར་འདོད་པ་དགག་པ་དང༌། སྔར་ལས་གཞན་པའི་དབྱིབས་ཤིང་རྟར་འདོད་པ་དགག་པ་གཉིས།དང་པོ། འོན་ཏེ་ཁྱོད་ཀྱིས་དབྱིབས་ཙམ་ཞིག་ཤིང་རྟར་འདོད་ན་དབྱིབས་དེ་ཡན་ལག་རེ་རེའམ་ཚོགས་པའི་ཡིན། དང་པོ་ལྟར་ན་སྔར་གྱི་དབྱིབས་མ་བཏང་བའམ་བཏང་ནས་ཡིན། དང་པོ་ཁྱོད་ལྟར་ན་འཕང་ལོ་ལ་སོགས་པའི་དབྱི༷བས་དེ་ནི་ཡ༷ན་ལ༷ག་རེ༷་རེ༷་ལ་ཤིང་རྟ་མ་བཅས་པའི་སྔར༷་ནས་ཡོད༷་པར་གྱུར༵་པ། ཇི༷ལྟ་བ་དེ་བཞི༷ན་ཤིང༷་རྟར༷་རྟོག༷ས་པའི་གནས་སྐབས་འདི་ལ༷འང་སྔར་དབྱིབས་དེ༷་བཞི༷ན་ཡིན་ན་ཡན་ལག་དེ་དག་སོ་སོར་བྱེ༷་བ༷ར་གྱུར༷་པ༷་དེ༷་དག༷་ལ༷་ཤིང་རྟ་མེད་པ་དེ་ཇི༷་ལྟར༷་ཚོགས་པའི་སྐབས། ཤིང་རྟ་བཅས་པ་ད༷་ལྟར༷་ཡ༷ང་ནི༷་ཤིང༷རྟ༷་ཡོད༷་པ་མ༷་ཡི༵ན་ནོ། །གཉིས་པ། ཚོགས་པའི་ཚེ་སྔར་དབྱིབས་བཏང་ནས་དབྱིབས་ཁྱད་པར་བ་ཡོད་ན་ད༷་ལྟ༷་གལ༷་ཏེ་ཤིང༷་རྟ༷་ཉིད༷་ཀྱི་དུས༷་འདིར༷། ཡན་ལག་འཕ༷ང་ལོ༷་སོ༷གས་ལ༷་སྔར་དང་མི་འདྲ་བའི་དབྱིབ༷ས་ཐ༷་དད༷་པ་ཞིག་ཡོ༷ད་ན། དེ་འདྲ་བ་འདི༷་གཟུ༷ང་བར་འགྱུར༷་དགོས་ན༷་དེ༷་ཡ༷ང་ཡོ༷ད་པ་མི༷ན་ཏེ༷་དེ༷་ཕྱིར༷་ཡན་ལག་གི་དབྱིབ༷ས་ཙམ༷་ཤི༷ང་རྟར༷་ཡོད༷་པ་རིགས་པ་མ༷་ཡི༵ན་ནོ། །གཉིས་པ་ཚོགས་ཙམ་གྱི་དབྱིབས་ཤིང་རྟར་འདོད་པ་དགག་པ་ལ། ཚོགས་པ་ཙམ་གྱི་དབྱིབས་ཤིང་རྟར་འདོད་པ་བཀག་པ་དང༌།
རིགས་པ་དེས་རྒྱུ་སྟོང་པ་ལས་འབྲས་བུ་འབྱུང་བར་འཐད་པར་བསྟན་པ་གཉིས། དང་པོ་ནི། གལ་ཏེ་ཡན་ལག་བསྒྲིགས་པའི་ཚོགས་པ་ཁྱད་པར་བའི་དབྱིབས་དེ་ཤིང་རྟ་ཡིན་ཟེར་ན་གང༷་ཕྱིར༷་ཁྱོད༷་ཀྱི༷་ལུགས་ལ་ནི་ཚོ༷གས་པ༷་ཅ༷ང་མེད༷་དེ་ཅི་ཡང་མེད་པ་རྫས་མིན་པ༵ས། དབྱིབ༷ས་དེ༷་རྫས་ཡ༷ན་ལ༷ག་ཚོ༷གས་ཀྱི༷་མ༷་ཡི༷ན་པར་ཚོགས་པ་རྐྱང་པ་དེའི་ཡིན༷་ན༵། གང༷་ཞི༷ག་ཅི༷་ཡ༷ང་མ༷་ཡི༷ན་པ་རྫས་སུ་མེད་པའི་ཚོགས་པ་དེ༷་ལ་བརྟེན༷་ནས༵་ཤིང་རྟའི་སྐབས། འདི༷ར་ནི༷་མཐོང་དུ་རུང་བའི་དབྱིབ༷ས་སུ༷་ལྟ༷་ཞི༷ག་ཇི༷་ལྟར༷་འགྱུར༵་ཏེ་བཏགས་པ་ཙམ་གྱི་བརྟེན་ཅན་ཡིན་པས་སོ། །དེ་ཡང་ཤིང་རྟ་ཚོགས་པ་ཅན་སོ་སོ་མིན་ལ། དེ་རྣམས་ཚོགས་པའི་སྐབས་ཙམ་ཡང་མིན་པ་དེའི་ཚེ། ཚོགས་པའི་དབྱིབས་ཁྱད་པར་བ་དེ་ཤིང་རྟ་ཡིན་ན། དེ་སུའི་དབྱིབས་ཡིན་པར་དཔྱད་ཚེ་འཕང་ལོ་སྲོག་ཤིང་གཟེར་བུ་ལྟེ་རྩིབས་དང་མུ་ཁྱུད་རྣམས་ཀྱི་མིན་ཏེ་སྔར་མེད་པས་སོ། །དེས་ན་དབྱིབས་དེ་སྔར་སོ་སོ་བ་ལ་མེད་པ་ལ་ཚོགས་པ་ལ་བརྟེན་ནས་དབྱིབས་སུ་གྲུབ་ལ་དབྱིབས་ཀྱི་རྟེན་ཚོགས་ཅན་བཅད་པའི་ཚོགས་རྐྱང་མིན་པར་གྲུབ་པ་དང༌། གཞན་ཡང་དབྱིབས་ཙམ་ཤིང་རྟ་མིན་ཏེ། དེས་ཉེ་བར་བླང་བྱ་ཡིན་ཕྱིར། ཤིང་རྟའི་དབྱིབས་ཞེས་འདོད་པས་སོ། །གཉིས་པ་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་ཕྱེ་སྟེ་བཤད་པ་གཉིས།དང་པོ། ཁྱོད༷་ཀྱི༷་འདི༷་ནི༷་ཇི༷་ལྟར༷་མི་བདེན་དུ་ཟིན་ཀྱང་ཚོགས་པ་བཏགས་པ་ལ་བརྟེན་ནས་མི་བདེན་པའི་དབྱིབས་བཏགས་པ་འབྱུང་བར་འདོ༷ད་པ། དེ༷ལྟར༷་མི༷་བདེ༷ན་པ༷་མ་རིག་པ་དང་ས་བོན་ལྟ་བུ་ཡི༷་རྒྱུ༷་ལ༷་བརྟེན༷་པར་བྱས༷་ནས༵།
འདུ་བྱེད་མྱུ་གུ་ལྟ་བུ་འབྲ༷ས་བུའི༷་རྣམ༷་པ༷་མི༷་བདེ༷ན་པའི་ར༷ང་བཞི༷ན་ཅ༵ན་ཐམ༷ས་ཅ༷ད་ཀྱང༷་ནི༷་སྐྱེ༷་བ༷ར་ཤེ༷ས་པ༷ར་གྱི༷ས་ཤིག་སྟེ། སྣང་གཞི་རྫས་སུ་ཡོད་མི་དགོས་པར། རྫུན་པ་ལས་རྫུན་པ་འབྱུང་བར་རྟོགས་པས་སོ། །གཉིས་པ། ཤིང་རྟའི་དཔེ་སྐབས་བརྟགས་པའི་བརྟགས་པ་འདིས༷་ནི༷་གཟུག༷ས་ལ་སོགས་པའི་རྡུལ་བརྒྱད་འདབ་འབྱོར་དེ་དེ༷་ལྟར༷་རྫས་སུ་གནས༷་པ་རྣམ༷ས་ལ༷། བུ༷མ་བློ༷་སོགས་འབྱུང་ངོ་ཞེས༷་བྱ༷འང༷་རིག༷ས་པ༷་མ༷་ཡི༷ན་པ་ཉིད༵་དོ། །དེ་ལ་གདགས་གཞི་གཟུགས་སོགས་ཡོད་པས་སོ་ཟེར་ན་སྐྱེ་བ་མེད༷་པས༷་གཟུག༷ས་སོ༷གས་ཀྱང༷་ཡོད༷་པ་མི༵ན་པ། དེ༷་ཡི༷་ཕྱིར༷་ཡ༷ང་བདག་དང་བུམ་སོགས་དེ༷་དག༷་གཟུགས་སོགས་ཀྱི་དབྱིབ༷ས་ཀྱི་ཁྱད་པར་དུའང་མི༷་རི༵གས་ཞེས་པ་དེ་ཡང་འཐད་པར་འགྱུར་རོ། །གཉིས་པ་བཏགས་པ་ཙམ་དུ་རྟོགས་པའི་ཕན་ཡོན་ལ་དཔེ་ཤིང་རྟ་དང་སྦྱར་ཏེ་བཤད་པ་དང༌། དཔེ་ཅན་བདག་ལ་སྦྱར་ཏེ་བཤད་པ་གཉིས། དང་པོ་ལ། ཐ་སྙད་ཀྱི་རྣམ་གཞག་མི་འཇིག་པར་ཤིན་ཏུ་འཐད་པའི་ཡོན་ཏན་དང༌། དོན་དམ་པ་བདེ་བླག་ཏུ་རྟོགས་པའི་ཕན་ཡོན་གཉིས། དང་པོ་ལ་མཐའ་བདུན་དུ་མ་དཔྱད་པར་གྲགས་པ་ཙམ་དུ་ཡོད་པར་བསྟན་པ་དང༌། རང་བཞིན་མེད་ཀྱང་ལྟོས་ཏེ་བཏགས་པའི་ཐ་སྙད་དེས་དོན་གྲུབ་པའི་ཚུལ་གཉིས། དང་པོ་ཤིང་རྟ་སོགས་དེ༷་ནི༷་དེ༷་ཉིད༷་དོན་དམ་དུ༷འ༷མ་ཀུན་རྫོབ་འཇི༷ག་རྟེ༷ན་དུ༷་རྣམ༷་པ༷་བདུན༷་གྱིས༷་བཙལ་ཞིང་དཔྱད༷་ཀྱང་འགྲུབ༷་པར་འགྱུར༷་པ་མི༷ན་མོ༷ད་ཀྱི༷། དེ་ལྟར་རྣམ༷་དཔྱད༷་མེ༷ད་པ༷ར་འཇི༷ག་རྟེན༷་ཉིད༷་ལས༷་འདི༷ར་ནི་རང༷་གི༷་ཡ༷ན་ལ༷ག་ལ་བརྟེན༷་ན༷ས་ཤིང་རྟ་ཞེས་འདོ༷གས་པ༷་ཡི༵ན་ནོ། །
གཉིས་པ། དེ་ལྟ་བུའི་བཏགས་པའི་ཤིང་རྟ་དེ༷་ཉིད༷་ཐ་སྙད་དུ་ཡ༷ན་ལ༷ག་ཅ༷ན་དེ༷་ཆ༷་ཤས༷་ཅ༷ན་ཡང་ཡིན་ལ། ཤིང༷་རྟ་དེ༷་ཉིད༷་ལས་བྱ་བའི་བྱ་བ་ལ་ལྟོས་ནས་བྱེད༷་པོ༷་ཞེས༷་རང་གི་ཡན་ལག་སོགས་ལ་ལྟོས་ནས་འགྲོ༷ར་ཏེ་འགྲོ་བ་རྣམས་ཀྱིས་འདིར་བསྙད༷་ཅིང༌། སྐྱེ༷་བོ༷་རྣམ༷ས་ལ༷་ཉེ་བར་བླང་བྱའི་ལས་ལ་ལྟོས་ནས་ལེ༷ན་པོ༷་ཉིད༷་དུ༷་འགྲུབ༷་པ་ཡིན་ལ། བརྟེན་ནས་བཏགས་པའི་ཕྱོགས་ལ་ལེན་པོ་སོགས་ཐ་སྙད་ཀུན་རུང་གི་ཤིང་རྟའི་བརྟགས་དོན་དཔྱད་ན་རང་བཞིན་གྱིས་གྲུབ་པ་དཔྱད་ནས་འཇོག་པའི་ལུགས་ལ་མི་རྙེད་པས་ཤིང་རྟ་མེད་པར་ཐལ་བ་ཡིན་པས་འཇི༷ག་རྟེན༷་གྲག༷ས་པའི༷་ཀུན༷རྫོབ༷་ཡན་ལག་ལས་ཐ་དད་པའི་ཡན་ལག་ཅན་མེད་ཅེས་མ༷་བརླག༷་ཅི༷གབདག་ཅེས་བྱ་བ་ཡང་ཕུང་པོ་ལ་བརྟེན་ནས་བཞག་པ། ཐ་སྙད་དུ་ལེན་པ་པོ་ལ་སོགས་པ་འདི་ལྟར་མི་འདོད་པར་ཚོགས་ཅན་དང་ཐ་དད་དུ་ཁས་མ་བླངས་ན་རིགས་པས་ཇི་ལྟར་དཔྱད་པའི་སྐྱོན་འདི་འཇུག་གོ །བཏགས་པའི་བདག་ཙམ་པོ་དེ་ལ་ལྟོས་པའི་ཆ་ཆ་ཅན་དང་བདག་གི་སེམས་སོགས་འཇིག་རྟེན་གྲགས་པའི་ཐ་སྙད་མ་ཉམས་པར་བཞག་རུང་གི གཞན་ལྟར་ན་ཤིང་རྟའི་དབྱིབས་ཞེས་དང༌། བདག་གི་སེམས་སོགས་བརྗོད་པ་མེད་པར་ཐལ་བས་སོ། །གཉིས་པ་ལ་དངོས་དང༌། དོགས་སྤང་གཉིས། དང་པོ། དེ་ལྟར་ཤིང་རྟ་རྣམ༷་པ་བདུན༷་གྱིས༷་མེད༷་པ་གང༷་དེ༷་ཇི༷་ལྟ༷་བུར༷་ན། ཡོད༷་ཅེས༷་རྣལ༷་འབྱོར༷་པ༷ས་འདིའི༷་ཡོད༷་ཚུལ་མི༷་རྙེད༷་དེ། ཡོད་ན་དེ་བདུན་གང་རུང་དུ་ཡོད་པས་ཁྱབ་པའི་ཕྱིར་རོ། །
་ལྟར་མེད་པར་རྟོགས་པ་དེ༷ས་དེ༷་ཁོ་ན་ཉིད༷་ལ༷འང༷་བདེ༷་བླག༷་ཏུ་འཇུག༷་པར་འགྱུར༷་བ༷ས། དབུ་མ་པའི་ལུགས་འདིར༷་ནི་ཤིང་རྟ་དེ༷འི་གྲུབ༷་པ༷འམ་ཡོད་པའི་ཚུལ་ནི་མ་བརྟགས་མ་དཔྱད་པར་ཡོད་པ་དེ༷་བཞི༷ན་དུ་འདོ༷ད་པར༷་བྱ༷་བ་ཡིན་ནོ། །གཉིས་པ་ཡན་ལག་ཅན་མེད་ཀྱང་ཡན་ལག་ཡོད་པར་དོགས་ན། ཤིང་རྟ་མེད་ཀྱང་ཡན་ལག་ཡོད་དོ་ཟེར་ན་ཤིང༷་རྟ༷་ཡོ༷ད་ཉིད༷་མི༷ན་ན༷་དེ༷་ཡི༷་ཚེ༷། ཡ༷ན་ལ༷ག་ཅ༷ན་མེ༷ད་པས་དེའི༷་ཡ༷ན་ལ༷ག་ཀྱང༷་མེད༷་པ་ཡིན་ནོ། །ཡན་ལག་ལ་ཤིང་རྟའི་ཡན་ལག་ཏུ་འཛིན་པའང་སྔར་ཤིང་རྟ་མཐོང་བའི་ཞེན་པའི་དབང་གིས་བྱུང་གི་ཤིང་རྟ་མ་ཤེས་པས་དེ་ལ་དེའི་ཡན་ལག་ཏུ་མི་དམིགས་སོ། །ཤིང༷་རྟ༷་ཚིག༷་ན༷་ཡ༷ན་ལག༷་མེ༷ད་པའི་དཔེ༷་བཞི༷ན་བློ༷་ཤེས༷་རབ་ཀྱི་མེ༷ས་ཡ༷ན་ལ༷ག་ཅན༷་ཤིང་རྟ་བསྲེ༷ག༷ས་པ་ན་ཡ༷ན་ལ༷ག་གོ༷་སྟེ་དེ་གཉིས་ལྟོས་པས་ཡན་ལག་ཡོད་པར་མི་དམིགས་སོ། །དེས་ན་སྣམ་བུ་ཚིག་པའི་ཐལ་བ་ལ་སྣལ་མ་ཚོལ་བ་བཞིན་ནོ། །གཉིས་པ་དཔེ་ཅན་དགག་པ་ལའང༌། རང་བཞིན་མེད་ཀྱང་ཐ་སྙད་ཀྱི་རྣམ་བཞག་ཤིན་ཏུ་འཐད་པའི་ཚུལ་དང༌། དོན་དམ་པ་མངོན་དུ་འགྱུར་ཚུལ་གཉིས།དང་པོ། ཇི་ལྟར་འཕང་ལོ་སོགས་ལ་བརྟེན་ནས་ཤིང་ལྟར་འདོགས་ཤིང་འཕང་ལོ་སོགས་ཉེར་ལེན་དང་ཤིང་རྟ་ཉེ་བར་ལེན་པོ་ཡིན་པ་དེ༷་བཞི༷ན་དུ་འཇིག་རྟེན༷་ན་གྲག༷ས་པའི༷་ཀུན་རྫོབ་ཀྱི་བདེན་པ་གཟུགས་སོགས་ཕུང༷་པོ༷་ལྔ་དང༷༌། མིག་སོགས་ཁ༷མས་དྲུག་ད༷ང་དེ༷་བཞི༷ན་སྐྱེ༷་མཆེ༷ད་དྲུག༷་རྣམས་ལ་བརྟེན༷་ནས༷། བཏགས་པའི་བདག༷་ཀྱང་ཕུང་སོགས་ཉེ་བར༷་ལེ༷ན་པོ༷་ཉིད༷་དུ་འདོ༵ད་དོ། །
ཉེར༷་ཏེ་ཉེ་བར་ལེ༷ན་པའི་བྱ་བ་ལ༷ས་ནི་ཕུང་པོ་ལྔ་ཡི༷ན་ལ་བདག་འདི༷་ནི་བྱེད༷་པོ༷འང༷་ཡི༷ན་ནོ། །གཉིས་པ་ལ། ལམ་རྟག་ཆད་དང་བྲལ་བའི་ལྟ་བ་རྟོགས་པ་དང༌། འབྲས་བུ་རྣམ་གྲོལ་ཐོབ་པར་བསྟན་པ་གཉིས། དང་པོ། བཏགས་ཙམ་ཡིན་པ་དེའི་ཕྱིར་བདག་དེ་དངོ༷ས་པོར་གྲུབ་པ་ཡོ༷ད་པ་མི༷ན་ཕྱིར༷་འདི༷་ནི༷་སྔར་ཡོད་ཕྱིས་མི་འགྱུར་བའི་བརྟ༷ན་པ༷་མི༷ན་ཞིང༷༌། ཡིན་ན་ཕུང་པོ་ལས་ཐ་དད་པའི་རྟག་པ་ཡིན་དགོས་ལ། དེ་མེད་པས་སོ། །ཕུང་པོ་དང་གཅིག་མིན་པས་ན་མི༷་བརྟ༷ན་པ་ཉིད༷་ཕུང་པོ་བཞིན་དུ་སྐྱེ་འཇིག་བྱས་པ་ཅན་མི༷ན་པས་བདག་འདི༷་ནི༷་སྐྱེ༷་འཇི༷ག་ཅན་གཉིས་ཀ་མི༷ན་ཅིང༌། འདི༷་ལ༷་རྟག༷་པ༷་ཉིད༷་དང་མི་རྟག་པ་དང་གཉིས་ཡིན་དང་གཉིས་མིན་ལ༷་སོ༷གས་པ༷་ཡ༷ང་ཡོད་པ་མི༷ན་ལ་བདག་ཕུ ང་པོ་དེ་ལས་དེ༷་ཉིད༷་མེད་པས་མི་རྟག་མི་བརྟན་སོགས་མེད་པ་དང༷་ནི༷་གཞན་ཉིད༷་དུ་གྲུབ་པ་མེད༷་པས་རྟག་པ་སོགས་མེད་དོ། །གཉིས་པ་ལ་བཏགས་པ་ཙམ་ཡིན་པས་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་སུན་ཕྱུང་ནུས་པ་དང༌། དེ་སུན་ཕྱུང་བས་བདག་གི་བ་ཡང་མེད་ཚུལ། དེ་གཉིས་ཀ་མེད་ན་རྣམ་པར་གྲོལ་བ་འཐད་ཚུལ་གསུམ། དང་པོ།མཐའ་བདུན་དུ་མེད་ན་ཅི་ལ་འཛིན་སྙམ་ན། གཞི་ག༷ང་ལ༷་དམིགས་ནས་རྟག༷་ཏུ༷་འགྲོ༷་བ་རྣམ༷ས་ང༷ར་འཛི༷ན་པའི་བློ༵་རབ༷་ཏུ༷་འབྱུང༷་ཞིང༷་དེ༷་ཡི༷་རྒྱུད་དུ་གཏོགས་པ་སོགས་ག༷ང་ཡི༷ན་དེར༷་འབྲེལ་བའི་ང༷་ཡི༷ར་འཛི༷ན་པའི་བློ༷་འབྱུང༷་བའི་བད༷ག་དེ༷་ནི༵། མ༷་བརྟག༷ས་པར་འཇིག་རྟེན་གྲགས་པ༷ར་ཏེ་གྲགས༷་པའི༷་ངོར་གཏི་མུག༷་ལས༷་བྱུང་བ་ཡིན་ཏེ་རང་གི་ངོ་བོས་མིན་ནོ༷། །
དེ་ལྟར་བཏགས་པ་ཡིན་པས་ཡུལ་སུན་ཕྱུང་ནུས་པ་ཡིན་ནོ། །གཉིས་པ། རྫས་མཁན་མེད་པར་བུམ་པ་མེད་ལྟར་གང༷་ཕྱིར༷་བྱེད༷་པོ༷་མེད༷་པ་ཅན༷་ལ་དེའི་ལ༷ས་སུ་བྱ་བའང་མེད༷་ལ༷། དེ༷་ཕྱིར༷་བད༷ག་གི༷་བ་ནི་དབང་སྒྱུར་བྱེད་ཀྱི་བད༷ག་མེད༷་པ༷ར་ཡོད༷་པ་མི༷ན་ནོ། །གསུམ་པ། དེ༷་ཕྱིར༷་བད༷ག་ད༷ང་བད༷ག་གི༷་བ་རང་བཞིན་གྱིས་གྲུབ་པའི་སྟོང༷་པར་ལྟ༷་ཞིང༵༌། དེའི་རྒྱུན་གོམས་པས་རྣལ༷་འབྱོར༷་པ༷་དེ༷་ནི་འཁོར་བའི་འཆིང་བ་ལས་རྣམ༷་པ༷ར་གྲོལ༷་བ༷ར་འགྱུར༵་རོ། །འདི་དག་ལ་གོ་བ་ཆགས་ན་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་ཞེས་པའི་དོན་ལ་ཡིད་ཆེས་པས་ཤིན་ཏུ་རྩད་ཆོད་ཅིག་གཉིས་པ་བདག་དང་ཤིང་རྟ་བརྟགས་པ་ཙམ་དུ་བསྟན་པའི་རིགས་པ་དེ་གཞན་ལ་བསྒྲེ་བ་ལ། བུམ་སྣམ་སོགས་ཆ་དང་ཆ་ཅན་སོགས་ལ་བསྒྲེ་བ་དང༌། རྒྱུ་འབྲས་ལ་བསྒྲེ་བ་གཉིས། དང་པོ། བུམ༷་པ༷་དང་སྣམ༷་བུ༷་དང་རེ༷་ལྡེ༷་དང་དམ༷ག་ད༷ང་ནག༷ས་ཚ༷ལ་དང་ཕྲེང༷་བ༷་དང་ལྗོ༷ན་ཤིང༷་ད༵ང༌། ཁང༷་ཁྱིམ་དང་ཤིང༷་རྟ་དང་ཤིང་རྟ་ཕྲ༷ན་ཏེ་ཤིང་རྟ་ཆུང་ངུ་ཇ་སིག་གསུམ་ཙམ་ཤོང་བ་ད༷ང་མགྲོ༷ན་གན༷ས་ལ༷་སོ༷གས་དངོ༷ས་པོ༷་རྣམ༷ས་གང༷་དག་ད༵ང༌། དེ༷་བཞི༷ན་ཡན་ལག་ལ་བརྟེན་ནས་རྒྱུ་མཚན་གང༷་ད༷ག་གིས་སྒོ་ནས་སྐྱེ་བོ༷་འདི༷ས་བསྙད༷་པ༷་དེ་རྣམས་ཀྱང་ཤིང་རྟ་དེ་བཞིན་དུ་རྟོགས་པར་བྱ༷་ཞིང་འཇིག་རྟེན་གྱིས་བཏགས་པ་ལ་དཔྱད་པར་མི་བྱ་སྟེ༵་གང༷་ཕྱིར༷་ཐུབ༷་དབ༷ང་དེ་ནི་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇི༷ག་རྟེན༷་དང་ལྷན་ཅིག༷་མི་རྩོད་དོ་ཞེས་འཇིག་རྟེན་ན་ཡོད་པར་གསུངས་པས་དེ་དང་རྩོད༷་པར་མི༷་མཛ༷ད་པའི་ཕྱིར༷་རོ༷། །
གྱོ་མོ་སོགས་ཡ༷ན་ལ༷ག་དང་དཀར་པོ་སོགས་ཡོ༷ན་ཏན༷་དང་འདོད་ཅིང་ཆ༷གས་པ་དང་ལྟོ་ལྡིར་སོགས་མཚན་ཉིད༷་ད༷ང་ནི༷་བསྲེག་བྱ་བུད༷་ཤིང༷་ལ༷་སོགས་པ་ད༷ང༌། ཡོ༷ན་ཏན༷་ཅ༷ན་དུང་སོགས་དང་ཡ༷ན་ལ༷ག་ཅ༷ན་བུམ་པ་དང་ཆ༷གས་པ་ནི་འདོད་ཆགས་ཀྱི་རྟེན་ད༷ང་བུམ་པ་ལྟ་བུ་མཚ༷ན་གཞི༷་དང་སྲེག་བྱེད་མེ༷་ལ༷་སོ༷གས་པའི་དོ༷ན་དེ་ད༷གཕན་ཚུན་ལྟོས་པ་ཡིན་པས་དེ༷་རྣམས༷་ཤི༷ང་རྟའི༷་རྣམ༷་པར་དཔྱད༷་པ་བྱས་པས་རྣམ༷་པ་བདུ༷ན་དུ་བཙལ་ན་ཡོད་པ་མ་ཡིན་ཞིང༌། དོན་དམ་དཔྱོད་པ་དེ༷་ལ༷ས་གཞ༷ན་དུ༷་གྱུ༷ར་པར༷ལྟོས༷་ཏེ་བཏགས་པ་ཙམ་གྱིས་འཇིག་རྟེན་གྲག༷ས་པའི་སྒོ༷་ནས༷་ཡོ༷ད་པ༷་ཡི༵ན་ནོ། །གཉིས་པ་ལ་དངོས་དང༌། དེ་རང་ལ་མཚུངས་པའི་རྩོད་སྤོང་གཉིས། དང་པོ་ལ་རྒྱུ་འབྲས་རང་བཞིན་གྱིས་གྲུབ་ན་གང་སྔ་དྲིས་ནས་དགག་པ་དང༌། རྒྱུ་འབྲས་ཕྲད་དམ་མ་ཕྲད་པར་སྐྱེད་དྲིས་ནས་དགག་པ་དང༌། རྒྱུ་འབྲས་གཅིག་མ་གྲུབ་ན་གཅིག་ཤོས་ཀྱང་མ་གྲུབ་པར་སྟོན་པ། རྩོད་པ་དེ་རང་ལ་མི་མཚུངས་པའི་ཚུལ་དང་བཞི། དང་པོ། གལ༷་ཏེ༷་རྒྱུ༷་ཡིས༷་བསྐྱེད༷་པ༷ར་བྱ༷་བ༷་སྐྱེད༷་པ་དེ༷་ལྟ༷་ན་བསྐྱེད་བྱ་སྐྱེད་པ་དེ༷་རྒྱུ༷་ཡི༷ན་ཞི༷ང༌། གལ༷་ཏེ་འབྲ༷ས་བུ༷་མི༷་བསྐྱེད༷་ན༷་ནི༷་སྐྱེད་བྱེད་དེ༷་མེད༷་པས་འབྲས་བུ་རྣམས་རྒྱུ་མེ༷ད་ཅན་དུ༷་འགྱུར༷་ལ། འབྲས༷་བུ༷་ཡང་ནི་རྒྱུ་ཡོ༷ད་པར་གྱུར༷་ན༷་སྐྱེ་བར༷་འགྱུར་བ༷་དེ༷་ཡི༷་ཕྱིར༷་ལྟོས༷་ནས་མིན་པར་ཕན་ཚུན་ངོ་བོས་གྲུབ་ན་རྒྱུ་ག༷ང་ལ༷ས་འབྲས་བུ་གང༷་ཞིག༷་འབྱུང་བར་འགྱུར༷་བ༷་དེ་ཡང་དེ་གཉིས་གང༷་ཞིག༷་ལས་སྔར༷་གང༷་ཞི༷ག་འགྱུར༷་བ༷་དེ་སྨོས༷་ཞེས་རྒྱུ་མི་སྔ་སྟེ་རང་འཇོག་བྱེད་འབྲས་བུ་མེད་པས་རྒྱུ་ཡིན་པར་མི་འགྲུབ་བོ། །
འབྲས་བུ་མི་སྔ་སྟེ་རྒྱུ་མེད་པས་སོ། །གཉིས་པ། གལ༷་ཏེ་ཁྱོད༷་ཀྱི༷་རྒྱུ༷་ཡི༷ས་ཕྲད་ནས་འབྲ༷ས་བུ་སྐྱེད༷་པར་བྱེད༷་ན༷་དེ༷་ཡི༷་ཚེ༷། རྡུལ་ཕྲ་མོ་དག་ཀྱང་ཇི་སྲིད་པར་ཡོད་ན་ཕྲད་པ་མེད་ལ་བར་མེད་ན་ཀླུང་དང་རྒྱ་མཚོའི་ཆུ་བཞིན་དེ༷་ད༷ག་ནུས༷་པ༷་གཅི༷ག་པ༷ས་སྐྱེད་བྱེད་རྒྱུ་དང་འབྲས༷་བུ་ཐ༷་ད༷ད་མེ༷ད་པར་འགྱུར་ཞིང༷༌། སོ༷་སོ༷ར་ན༷་ནི༷་མ་འཕྲད་པས་ཅི་ཡང་མི་ཕན་ཏེ་ཤར་གྱི་ས་བོན་དང་ནུབ་ཀྱི་འབྲས་བུ་ལྟར་རྒྱུ་འདི༷་ཡང་རྒྱུ་མི༷ན་རྣམས་ད༷ང་ཁྱད༷་པ༷ར་མེད༷་པར་འགྱུར༷་ལ། ཕྲད་མ་ཕྲད་གཉིས༷་པོ༷་འདི༷་ད༷ག་སྤང༷ས་ན༷ས་རྟོག༷་པ༷་གསུམ་པ་གཞ༷ན་ཡང༷་ཡོ༷ད་པར༷་འགྱུར༷་པ་མ༷་ཡི༷ན་ནོ། །གསུམ་པ། ཅི༷་སྟེ༷་གཉིས་ཆར་མི་འཐད་པ་དེ་ལྟར་ན་ཁྱོད༷་ཀྱི༷་རྒྱུ༷་ཡིས༷་འབྲ༷ས་བུ༷་བསྐྱེད༷་པ༷ར་མི༷་བྱེད༷་པ་དེ༷་ཡི་ཕྱིར༷་འབྲས༵་བུ། ཞེ༷ས་བྱ༷་བ་ཡོ༷ད་པ་མིན༷་ཏེ་དེ་མེད་ན་འབྲས༷་བྲལ༷་གྱི་རྒྱུ༷་ནི་རྒྱུར་འཇོག་པའི་རྒྱུ་མཚན་ནམ་རྒྱུ༷་མེ༷ད་པ་ཅ༷ན་དུ་འགྱུར༷་བས་རྒྱུ་ཡང་ཡོ༷ད་པ༷འང་མི༵ན་ནོ། །བཞི་པ། གང༷་ཕྱིར༷་རྒྱུ་འབྲས༷་འདི་ད༷ག་གཉིས༷་ཆར༷་ཡ༷ང་ནི༷་མི་བདེན་པ་སྒྱུ་མ༷་ད༷ང་འདྲ༷་བ་དེ༷་ཡི༷་ཕྱིར༷་བད༷ག་ལ༷་སྐྱོན་དུ༷་མི༷་འགྱུར༷་ཏེ། དཔེར་ན་སྒྱུ་མའི་སྤྲུལ་པས་ལག་མཐིལ་དུ་རྒྱལ་པོ་དཔུང་ཚོགས་ཡན་ལག་བཞིས་གཡུལ་འགྱེད་ན་དེ་བདེན་པར་ཡོད་ན་དཔུང་ཚོགས་དུ་མ་ཟད་མི་གཅིག་ཀྱང་མི་ཤོང་བས་མི་འཐད་ལ་བདེན་པར་མེད་ནས་ལག་མཐིལ་ཆེར་མ་སོང༌། དཔུང་ཚོགས་ཆུང་ངུར་མ་སོང་ཡང་དཔུང་དུ་སྣང༷་བ་ཙམ་ཡིན་གྱི་བདེན་པར་མེད་པས་འདི་ལ་འདི་ཆུད་པར་མི་འཐད་ཅེས་བརྒལ་ཞིང་བརྟགས་པ་མི་འཇུག་པ་བཞིན་ནོ། །
དེས་ན་འཇི༷ག་རྟེན༷་རྣམས་ཀྱིས་མ་བརྟགས་པར་གྲགས་པ༷་ཡི༷་དངོ༷ས་པོ༷་རྣམ༷ས་ཀྱང༷་ཡོད༷་པར་རུང་བས་སོ། །གཉིས་པ་ཐལ་བ་དེ་རང་གི་སུན་འབྱིན་ལ་ཡང་མཚུངས་པའི་རྩོད་སྤོང་ལ། རྩོད་པ་དང༌། དེའི་ལན་གཉིས། དང་པོ་ལ། ཕྲད་སོགས་རང་ལ་མཚུངས་པར་ཐལ་བས་རྩོད་པ་དང༌། ཐལ་བ་དེ་འདྲ་བ་གཏན་ཚིགས་ཡང་དག་མིན་པའི་རྩོད་པ་དང༌། རང་ཕྱོགས་མེད་པའི་སུན་ཅི་ཕྱིན་ཏུ་རྒོལ་བ་ཡིན་པའི་རྩོད་པ་གསུམ། དང་པོ། འོ་ན་དབུ་མ་པ་ཁྱོད་ཀྱིས་སུན༷་འབྱིན༷་འདི༷ས་སུན༷་དབྱུང༷་བྱ༷་ཕྲད༷་ན༷ས་འབྱིན༷་ན༷མ༷་མ་འཕྲད༷་པར༵་སུན་འབྱིན། ཡི༷ན་ཞེས༷་ཉེས༷་པ༷་འདི་ནི༷་ཁྱོད༷་ལ༷འང༷་ཐལ་བར་འགྱུར་བ༷་མ༷་ཡི༷ན་ནམ༷། གང༷་ཚེ༷་ཕྲད་མ་ཕྲད་མི་རུང་ཞེས་ཚིག་དེ༷་སྐད༷་སྨྲ་ཞིང༷་ར༷ང་གི་ཕྱོག༷ས་ཁོ༷་ན༷་རྣམ༷་པར་འཇོ༷མས་པ༵། དེ༷་ཚེ༷་ཁྱོད༷་ཀྱིས་སུན༷་དབྱུང༷་བ་སུན༷་ནི༷་འབྱི༷ན་པ༷ར་ནུས༷་པ༷་མ༷་ཡི༷ན་ཏེ་ཞེས་སོ། །གཉིས་པ། གང༷་གི་ཕྱིར༷་རང༷་གི༷་ཚིག་ལ༷འ༷ང་ཐལ༷་བ༷་མཚུང༷ས་པ༷འི་ལྟག༷་ཆོད༷་ཀྱིས༷་ཏེ་གཏན་ཚིགས་ལྟར་སྣང་གིས་གང་མ་ཕྲད་པར་མཚུངས་པས་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་པ་འདི་ལ་རིགས་པ་ཅི་ཞིག་ཡོད་དེ། འདི་ལྟར་འོས་ཤིང་འཐད་པའི་ཁབ་ལེན་གྱིས་ལྕགས་མ་ཕྲད་ཀྱང་ཡུལ་རུང་བ་ན་གནས་པ་འགུགས་ཀྱི་མ་ཕྲད་པ་ཀུན་མི་འདྲེན་ལ་མིག་གིས་མ་ཕྲད་ཀྱང་ཡུལ་རུང་བ་ན་གནས་པའི་གཟུགས་ལས་ཐམས་ཅད་མི་མཐོང་བ་ལྟར་རྒྱུས་ཀྱང་མ་ཕྲད་པར་འབྲས་བུ་རུང་བ་བསྐྱེད་ཀྱང་མ་ཕྲད་པ་ཐམས་ཅད་མི་བསྐྱེད་པས། རི༷གས་པ༷་མེད༷་པར་དངོ༷ས་པོ་མཐ༷འ་ད༷ག་ལ༷་སྐུར༷་པ༷་འདེ༵བས་པ་དེ༷་ཡི༷་ཕྱིར༷། དབུ་མ་པ་ཁྱོད༷་ནི༷་སྐྱེ་བོ་དམ༷་པས༷་བཞེད༷་པར་མི་འགྱུར༷་ཞིང་སྟེ་མི་འགྱུར་རོ། །
གསུམ་པ། གང༷་གི༷་ཕྱིར༷། ཁྱོད༷་ལ༷་རང༷་ཕྱོག༷ས་བཞག་པ་མེད་པ༷ས་གཞན་འབའ་ཞིག་སུ༷ན་ཅི༷་ཕྱི༷ན་ཏུ༷་རྒོལ༷་བ་པའང༷་ཡི༷ན་ནོ་ཞེ་ན། གཉིས་པ་ལན་ལ། ཕྲད་སོགས་ཀྱི་ལན་བསྟན་པ་དང༌། ལན་ལྷག་མ་གོང་དུ་བཤད་ཟིན་པར་བསྟན་པ་གཉིས། དང་པོ་ལ། རྩོད་པ་དེ་གཞན་ཕྱོགས་ལ་འགྱུར་གྱི་རང་ཕྱོགས་ལ་མི་འགྱུར་པར་མདོར་བསྟན། དེ་རིགས་པས་རྒྱས་པར་བཤད་པ་གཉིས། དང་པོ། སུན༷་འབྱིན༷་པས༷་སུན༷་དབྱུང༷་བྱ༷་ད༷ང་མ༷་འཕྲད༷་སུན༷་ནི༷་འབྱིན༷་པར་བྱེད༷་ད༵མ། འོ༷ན་ཏེ༷་ཕྲད༷་ནས༷་སུན་འབྱིན་ཡི༷ན་ཞེ༷ས་སྨྲས༷་ཟི༷ན་ཉེས༷་པ༷་ནི་འདི༷ར་རྒོལ་བ་ག༷ང་ལ༷་ངེས༷་པར༷་བདེན་གྲུབ་ཏུ་སྨྲ་བའི་ཕྱོག༷ས་ཡོ༷ད་པ་སྟེ་དངོས་པོ་རང་བཞིན་གྱིས་གྲུབ་པར་དམ་བཅའ་བ་དེ༷་ལ༷་འགྱུར༷་གྱི་དབུ་མ་པ་བད༷ག་ལ༷་ཕྱོག༷ས་འདི༷་ནི༷། ཡོད༷་པ༷་མི༷ན་པས༷་ཐལ༷་བ༷་འགྱུར༷་བ༷་འདི༷་ནི༷་སྲིད༷་པ་མ༷་ཡི༷ན་ནོ། །རང་ལུགས་ལ་སུན་འབྱིན་བྱེད་དང་དབྱུང་བྱ་གཉིས་ཀ་ཕྲད་ནས་ཀྱང་ངམ། མ་ཕྲད་པར་ཡང་མི་འབྱིན་ཏེ་དེ་གཉིས་རང་བཞིན་མེད་པས་སོ། །དེ་ལྟར་ན་མདོ་ལས། ཅི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པ་ཐོབ་བམ། མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པ་ཐོབ་པར་འདོད་ཅེས་དྲིས་པའི་ལན་དུ། དེ་གཉིས་ཀ་མི་འདོད་ཅེས་གསུངས་ལ་དེ་ལྟར་ན་ཅི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དམ། ཞེས་གསུངས་པའི་ཚེ། དེ་གཉིས་ཡོད་ཀྱི། གཉིས་ཀྱིས་ཚུལ་གྱིས་ནི་མ་ཡིན་ནོ། །ཐོབ་པ་དང་མངོན་རྟོགས་ནི་འཇིག་རྟེན་ཐ་སྙད་དུ་ཡིན་ལ་རྒྱུན་ཞུགས་སོགས་བཞི་དང་རང་རྒྱལ་བྱང་སེམས་ཀྱང་འཇིག་རྟེན་ཐ་སྙད་དུ་ཡིན་གྱི། དོན་དམ་པར་དེ་མེད་དོ་ཞེས་པ་ལྟ་བུའོ། །
གཉིས་པ་ལ། དཔེ་བསྟན་པ། དོན་སྒྲུབ་པ། ཇི་ལྟར་བརྗོད་ཀྱང་རང་བཞིན་མེད་པའི་ཕྱོགས་སུན་འབྱིན་མི་ནུས་པའི་ཚུལ་གྱིས་མཇུག་བསྡུ་བ་གསུམ། དང་པོ་ལ། གཟུགས་བརྙན་གྱི་དཔེ་སྤྱིར་བསྟན་པ་དང༌། གཟུགས་བརྙན་མི་བདེན་ཀྱང་དེ་ལ་བརྟེན་ནས་གདོང་གི་དྲི་མ་སྦྱང་ནུས་པའི་དཔེ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དཔེ་ཇི༷་ལྟར༷་ཁྱོད༷་ཀྱིས༷་ཉི་མ༷འི་དཀྱིལ༷་འཁོར༷་ལ༷་ཡོ༷ད་པ་གཟས་སྒྲིབ་པ་སོགས་ཀྱི་ཁྱད༷་པར༷་རྣམ༷ས། ཆུའམ་མེ་ལོང་ལ་གཟུགས༷་བརྙན༷་ཤར་བ་ལ༷་ཡ༷ང་གཟ༷ས་བཟུང༷་བ་ལ༷་སོ༷གས་པ་རྣམ༷ས་དེ་ཡི་ཚེ༷་མཐོང༷་བ༷ར་འགྱུར༷་ལ༷། ཉི༷་མ༷་ད༷ང་ནི༷་གཟུག༷ས་བརྙན༷་རྣམ༷་པ༷ར་ཕྲད༷་ནས་སྐྱེའམ་མ༷་ཕྲད༷་པར་སྐྱེ་ཞེས་རྣམ་པར་རྟོག་པ་ཀུན་ཏུ་མི༷་རི༷གས་མོ༷ད་ཀྱི༷་ཉི་མ་སོགས་ལ་བརྟེན༷་ན༷ས་ཐ༷་སྙད་ཀྱི་དབང་གིས་བཞག་པའི་གཟུགས་བརྙན་ཙམ༷་ཞིག༷་འབྱུང༷་བ༷ར་འགྱུར༷་ཞིང༷༌། གཉིས་པ། གཞན་ཡང་གཟུགས་བརྙན་མི་བདེ༷ན་བཞི༷ན་དུའ༷ང་ར༷ང་གི༷་བྱད༷་བཞི༷ན་མཛེ༷ས་པ༷ར་བསྒྲུབ༷་བྱའི༷་ཕྱིར༷། གཟུགས་བརྙན་དེ༷་ལ་ནི༷་ནུས་པ་གཟུགས་ཇི་ལྟར་བར་ཡོ༷ད་པ༷་ཇི༷་ལྟར༷་དེ༷་བཞི༷ན་འདི༷ར་ཡ༷ང་ཤེས༷་ར༷བ་ཀྱི་གདོ༷ང་ལྟ་བུ་དེ། ངན་རྟོག་གི་དྲི་མ་གཏི་མུག་སྦྱང༷་བ༷ར་བྱ༷་ལ༷་ནུས༷་པ༷་མཐོ༷ང་བ༷ར་འགྱུར༷་བའི༷་གཏན༷་ཚི༷གས་ནི༷། ཕྲད་མ་ཕྲད་སོགས་འཐ༷ད་པ༷་ད༷ང་བྲལ༷་བ་ལས༷་ཀྱང༷་རང་གི་བསྒྲུབ༷་བྱ༷་བདེན་མེད་རྟོག༷ས་ཞེས༷་ཤེས༷་པ༷ར་བྱའོ༷། །གཉིས་པ་དོན་སྒྲུབ་པ། གལ༷་ཏེ༷་ར༷ང་གི༷་བསྒྲུབ༷་བྱ་དེ་བསྒྲུབ་པའམ་གོ༷་བྱེད༷་ཀྱི་གཏན༷་ཚིག༷ས་དངོ༷ས་པོར་གྲུབ༷་པ༷་དང༌།
དངོ༷ས་སུ༷་གོ༷་བར་བྱ༷་བ་ཉིད༷་དུ་གྱུར༷་བའི་བསྒྲུབ༷་བྱའི༷་ངོ༷་བོ༷འང༷་བདེན་པར་ཡོ༷ད་པར་གྱུར༷་ན༷། ཕྲད༷་པ༷་ལ༷་སོ༷གས་པའི་རི༷གས་པ༷་དབུ་མ་པ་ལ་ཉེ༷་བ༷ར་སྦྱོར༷་བར༷་འགྱུ༷ར་བ་ཞིག༷་ན༷། དེ༷་ཡ༷ང་ཡོ༷ད་པ༷་མི༷ན་པ༷ས་ཁྱོད༷་ཀྱི༷་སྐྱོན་འདིའི་ཀླན་ཀ་ནི་ཡི༷ད་ཆད༷་འབ༷འ་ཞིག༷་ཡི༵ན་ནོ། །དེ་ཡང་རབ་རིབ་ཅན་གྱི་དམིགས་པས་རབ་རིབ་མེད་པ་ལ་མི་གནོད་པ་བཞིན་ནོ། །དེས་མིག་དང་ཁབ་ལེན་སོགས་ཀྱི་དཔེ་ཡང་བཀག་པར་རིག་པར་བྱའོ། །གསུམ་པ་མཇུག་བསྡུ་བ། སྒྱུ་མ་རྨི་ལམ་སོགས་ཕྱི་རྒོལ་རང་ལ་གྲགས་པའི་དཔེས་དངོ༷ས་རྣམ༷ས་མཐ༷འ་ད༷ག་དབུ་མ་པས་དངོ༷ས་པོ༷ས་མེ༷ད་པར༷་རྟོག༷ས་སུ༷་གཞུག༷་པར༷་ནི༷་ནུས༷་པ༷ར་ཆེས༷་སླ༷་བ་ཇི༷་ལྟ༷་དེ༷་ལྟར༷་རང༷་བཞི༷ན་ཡོད་པ་ཉིད་གཞ༷ན་དབུ་མ་པ་ད༷ག་ལ༷་ཁོ༷ང་དུ༷་ཆུད༷་པ༷ར་བདེ༷་བླག༷་ཏུ༷་ནི༷་བསྒྲུབ་ནུས་པ༷་མ༷་ཡི༷ན་ནོ༷། །རྟོག༷་གེ༷་ང༷ན་པའི༷་སྲད་བུའི་དྲྭ༷་བ༷ས་འཇི༷ག་རྟེན༷་པ་རང་ཉོན་མོངས་དར་གྱི་སྲིན་བུ་ལྟར་རང་གིརྣམ་པར་རྟོག་པའི་སྦུབས་ཀྱིས་བཏུམ་པའི་སྟེང་དུ་རྒྱ་བསྲན་ཏེའམ་ཅི་སྟེ་འདི༷ར་འཛུགས་པའམ་བཅོ༷ལ་བར་བྱེད༷་དེ་བྱེད༷་མི་རིགས་སོ། །གཉིས་པ་ལྷག་མ་ཞལ་འཕང་བ་བདག་གཉིས་སུ༷ན་འབྱིན༷་པའི་རིགས་པའི་ལྷག༷་མ༷་སྟེ་རྩོད་སྤོང་གི་རིགས་པ་དངོས་པོ་སྟོང་པ་སོགས་གོང༷་དུ༷་བསྟན༷་པ༷་ཡ༷ང་ནི༷་ཤེ༷ས་པར་བྱས་ནས༷་ཕྲད༷་པ༷་ལ༷་སོ༷གས་ཕྱོག༷ས་ཀྱི༷་ལ༷ན་གྱི༷་ཆེ༷ད་དུ༷་འདི༷ར་ཡང་བཏང༷་བར་བྱ༷་ལ། སུན༷་ཅི༷་ཕྱིན༷་ཏུ༷་རྒོལ༷་བ༷་པོ༷་ཡ༷ང་ཇི༷་ལྟར༷་ཡོ༷ད་པ་མི༷ན་པ༷་དེ༷་སྐད༷་སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིང་སོགས་སྔར༷་བཤ༷ད་ཟིན་ལ་ལྷག༷་མ༷་ཕྱོག༷ས་འདི༷་ཉིད༷་ཀྱིས༷་རྟོག༷ས་པ༷ར་བྱའོ༷། །
གཉིས་པ་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་ཀྱི་དབྱེ་བ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ། ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པའི་བད༷ག་མེ༷ད་འདི༷་ནི༷་འགྲོ༷་བ༷་རྣམ༷ས་སྒྲོལ༷་བར་བྱཕྱིར་གཞི་ཆོ༷ས་དང་ག༷ང་ཟ༷ག་གི་དབྱེ༷་བ༷ས་བདག་མེད་རྣམ༷་པ་གཉིས༷་སུ་གསུང༷ས་ཏེ། དེ་ལ་རང་འགྲེལ་ལས། གང་ཟག་གི་བདག་མེད་ནི་ཉན་རང་གི་དོན་དུ་གསུངས་ལ། ཆོས་བདག་མེད་པ་དང་གཉིས་ཆར་ཡང་བྱང་སེམས་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྟན་ཏོ། །ཉན་རང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་བདག་མེད་རྫོགས་པར་སྒོམ་པ་མེད་ལ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་སྟེ་གང་ཟག་གི་བདག་མེད་རྫོགས་པར་སྒོམ་པ་ཡོད་དོ་ཞེས་གསུངས་པ་ལྟར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཀྱང་བཞེད་པ་ལྟར་ཉན་རང་ལ་དམན་པར་དགག་སྒྲ་སྦྱར་ཏེ་ཆོས་བདག་མེད་རྫོགས་པར་རྟོགས་པ་མེད་པར་བསྟན་པ་དང༌། བདག་རང་བཞིན་གྱིས་གྲུབ་པ་མེད་པ་མ་རྟོགས་པར་འཁོར་བའི་ཉོན་མོངས་མི་སྤོང་སྟེ་འཇིག་ལྟ་ལྷན་སྐྱེས་མི་སྤོང་བའི་ཕྱིར་དང༌། དེ་དང་ཆོས་བདག་མེད་ཁྱད་མེད་པའི་ཆ་ནས་ཆོས་བདག་མེད་མཐོང་བ་ཡོད་དོ་ཞེས་དཔེར་ན་རྒྱ་མཚོ་ཧུབ་གང་འཐུང་བ་ཙམ་ལ་རྒྱ་མཚོ་མ་འཐུང་ཟེར་རྒྱུ་མེད་པ་ལྟར། དེ་ལྟར་བསྟན་པ་ཡིན་ནོ། །དེ་ལ་བདག་རང་བཞིན་གྱིས་མ་གྲུབ་པའི་དོན་མཐོང་བ་ཁོ་ནས་ཉོན་མོངས་པ་སྤོང་ལ།
འོ་ན་གང་ཟག་གི་བདག་མེད་པར་ཤེས་ན་ཆོས་གཞན་ཅིའི་ཕྱིར་བདག་མེད་པར་མི་ཤེས་ཟེར་བའང་དེ་ལྟར་དོན་དུ་གཉེར་བས་དཔྱད་པ་དང་ཕྱི་ནང་གི་ཡོངས་འཛིན་གྱི་རྐྱེན་ཚང་བ་ལ་ཡིན་གྱི་ཉན་རང་གི་ཉོན་མོངས་པ་ཙམ་སྤོང་བ་གཙོ་བོར་བྱེད་པ་དང༌། རང་ལུགས་ལ་ཞེན་ལྟ་དང་བྱང་སེམས་ཀྱི་སྤྱོད་པ་སོགས་རྒྱ་ཆེན་པོ་ལ་མི་འབད་པས་ཆོས་ཐམས་ཅད་བདག་མེད་རྫོགས་པར་རྟོགས་པས་མ་ཁྱབ་སྟེ། རེ་ཞིག་རྟོགས་སུ་མི་རུང་བའི་སྐལ་བ་ཅན་ཡིན་པའིཕྱིར་རོ། །མཐའ་གཅིག་ཏུ་རྟོགས་དགོས་པས་ཁྱབ་ན། ཉན་ཐོས་པས་བུམ་པ་བཏགས་པ་ཙམ་དུ་རྟོགས་ན་རྡུལ་དང་སྐད་ཅིག་ཆ་མེད་ཀྱང་དེར་རྟོགས་པ་དང༌། སེམས་ཙམ་པས་གཟུང་བ་མེད་ན་འཛིན་པ་མེད་པ་དང༌། རང་རྒྱུད་པས་དོན་དམ་དཔྱོད་པ་དེས་ཐ་སྙད་ཙམ་དུ་ཡང་རང་བཞིན་གྱིས་མ་གྲུབ་པ་ཅིས་མིརྟོགས།སྟོང་པ་ཤེས་ན་སྟོང་པ་དེ་ཡང་རྣམ་བཅད་ཡིན་པས་རྟེན་འབྱུང་དང་ཟུང་འཇུག་ཅིས་མི་རྟོགས། དེ་ལྟར་ན་ཐམས་ཅད་ཐེག་ཆེན་ཐལ་འགྱུར་བ་ཁོ་ནར་ཅིས་མི་འགྱུར་ཏེ་ལམ་རྐྱེན་མ་ཚང་ན་འཁོར་བ་པོ་རྣམས་བསྐལ་པ་མཐའ་མེད་དུ་རྟོགས་པར་མི་འགྱུར་ལ་ཚུལ་བཞིན་ཐེག་ཆེན་དུ་ཞུགས་པས་ཀྱང་བསྐལ་པ་གྲངས་མེད་ཀྱི་བར་དུ་མི་རྟོགས་ན་ཉན་རང་རྣམས་ཀྱིས་ཚེ་གསུམ་སོགས་དུས་ཐུང་ངུར་ཅི་ཕྱིར་རྟོགས། ཉན་རང་རྣམས་འགོག་པའི་དབྱིངས་ལ་བསྐལ་པ་སྟོང་ཕྲག་བཅུར་རེ་ཤིག་སྡོད་པ་ལོས་ཡོད། མཐར་ནི་ངེས་པར་རྟོགས་དེ་ཐེག་ཆེན་ལ་འཇུག་པས་སོ། །དེས་ན་དེས་གང་ཟག་གི་བདག་མེད་ནི་མེད་དགག་ཙམ་ལ་བྱས་ཀྱི།
ཆོས་ཐམས་ཅད་སྟོང་པ་ནི་མིན་ནོ། །ཆོས་ཐམས་ཅད་སྟོང་ན་མེད་དགག་དེ་ཡང་མི་འཇལ་ཏེ། སྒྲོ་འདོགས་སོ་གཉིས་དང་བྲལ་བས་སོ། །གཞན་ཡང་ཉན་རང་ལ་སྟོང་ཉིད་རྟོགས་པ་མེད་པར་རང་ལམ་གྱི་འབྲས་བུ་མི་ཐོབ་ན། དབུ་མ་ནི་ཐེག་གསུམ་ཐུན་མོང་པའི་ལམ་ཡིན་གྱི། ཐེག་ཆེན་ཐུན་མིན་གྱི་ལམ་མིན་པར་ཐལ་ཞེས་དང༌། འཕགས་པ་ཡབ་སྲས་ཀྱི་གསང་བ་འདུས་པའི་སྔགས་ཀྱི་དབུ་མར་གཉུག་སེམས་ཀྱི་སྟེང་གི་སྟོང་ཉིད་རྟོགས་ཀྱང༌། སྙིང་རྗེ་དང་ཚོགས་བསགས་པས་མ་ཟིན་ན་ཉན་རང་གི་འབྲས་བུ་ཐོབ་པ་ཡོད་པར་ཐལ། ཞེས་སྨྲ་ན་ལན་ཅི་ཡོད། མཉམ་པ་ཉིད་རྟོགས་ན་སངས་རྒྱས་ཞེས་མཐར་ཐུག་ཐེག་གཅིག་སྒྲུབ་པའི་རིགས་པ་པད་དཀར་ལས་གསུངས་ཤིང༌། ཀླུ་སྒྲུབ་ཡབ་སྲས་ཀྱིས་དེ་ལྟར་རིགས་པས་བསྒྲུབ་པ་ཡིན། ཉན་རང་གི་མཉམ་པ་ཉིད་རྟོགས་སམ་མ་རྟོགས་རྟོགས་ན་སངས་རྒྱས་སུ་འགྱུར་བར་ཐལ། མ་རྟོགས་ན་ཇི་ལྟར་མ་རྟོགས་པ་སྨྲོས་ཤིགབདེན་མེད་གནས་ལུགས་མཐར་ཐུག་ཡིན་ན། བདེན་སྟོང་རྟོགས་པས་མཉམ་པ་ཉིད་ཇི་ལྟར་རྟོགས་ཞེས་འདྲིའོ། །བདེན་གཉིས་ཟུང་འཇུག་གི་ཆོས་ཉིད་མཉམ་པ་ཉིད་རྟོགས་ནས་ཉན་ཐོས་ཀྱི་འབྲས་བུ་མངོན་དུ་བྱེད་པ་ཨི་ཡོང༌། དབུ་མ་པ་ཁ་ཅིག་ཉན་ཐོས་སུ་འགྱུར། ཁ་ཅིག་རང་སངས་རྒྱས། ཁ་ཅིག་སངས་རྒྱས་སུ་འགྱུར་ན། ཤེར་ཕྱིན་ནི་སངས་རྒྱས་ཀྱི་ཡུམ་ཐུན་མོང་མིན་པ་མ་ཡིན་པར་ཐལ། དེ་ཁོ་ན་ཉིད་རྟོགས་པས་སངས་རྒྱས་སུ་འགྲུབ་ངེས་མིན་པར། སྙིང་རྗེ་དང་ཚོགས་བསགས་སངས་ རྒྱས་ཀྱི་རྒྱུ་ཐུན་མིན་དུ་འདོད་དགོས་སོ། །
དོན་དམ་སེམས་བསྐྱེད་ཀྱི་ངོས་ནས་བཞག་པའི་ས་བཅུ་པོའི་བདུན་པོ་ཉན་རང་དང་ཐུན་མོང་དུ་ཐལ་ལོ། །དེ་ལྟ་ན་ས་བཅུ་པོ་བྱང་འཕགས་ཁོ་ནའི་ལམ་དུ་བཤད་པ་འགལ་ཚོགས་ཀྱིས་ཟིན་མ་ཟིན་ཡོད་ཟེར་ན། རྟོགས་པའི་སྒོ་ནས་མཉམ་པ་ཉིད་རྟོགས་ཀྱང་སངས་མིརྒྱ་བ་ཡོད་པར་ཐལ། འདོད་ན་པད་དཀར་གྱི་ལུང་སོགས་དང་འགལ་ལོ། །སྲིད་ཞི་མཉམ་པ་ཉིད་རྟོགས་པའི་ཤེར་ཕྱིན་ནི་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་སངས་རྒྱས་ཀྱི་རྒྱུ་ཐུན་མིན་ཡིན་ན། ཉན་རང་ལ་དེ་ཡོད་དམ་མེད། ཡོད་ན་དེ་དང་བྱང་འཕགས་ཀྱི་རྟོགས་པ་ལ་ཁྱད་ཡོད་ཚུལ་བཤད་དགོས་སོ། །བྱང་སེམས་ས་དང་པོ་པས་དེ་ཁོ་ན་ཉིད་ཀྱི་ངོས་ནས་སྲིད་ཞི་མཉམ་ཉིད་རྟོགས་སམ་མ་རྟོགས། མ་རྟོགས་ན་སྟོང་ཉིད་བཅུ་དྲུག་ཇི་ལྟར་རྫོགས་ཏེ། འདུས་བྱས་འདུས་མ་བྱས་འཁོར་བ་དང་མྱང་འདས་རང་བཞིན་མེད་པར་མ་རྟོགས་བར་དུ་སྟོང་ཉིད་བཅུ་དྲུག་མི་རྟོགས་སོ། །འདི་གལ་ཆེ། སྲིད་ཞི་མཉམ་ཉིད་རྟོགས་ཀྱང་ཞི་མཐའ་ཁོ་ནར་གཞོལ་ན་མཉམ་ཉིད་མ་རྟོགས་པ་མིན་ནམ། དེ་ལྟར་ན་མཉམ་ཉིད་རྟོགས་པས་སངས་རྒྱས་པའི་ཐེག་གཅིག་སྒྲུབ་པའི་རིགས་པ་རྣམས་མེད་པར་བཏང་ངོ༌། །དེ་བཞིན་མཚན་མའི་རྣམ་པ་ཀུན་སྟོང་གཉུག་སེམས་འོད་གསལ་དང༌། འགྱུར་མེད་ཀྱི་བདེ་བ་རྟོགས་ཀྱང་ཉན་རང་གི་མཐར་ལྟུང་བ་སོགས་སུ་ཐལ་ལོ། །ཟུང་འཇུག་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ནི་ངོ་བོ་ཉིད་ཀྱིས་འཁོར་བ་མི་སྤང༌། ཞི་མཐར་མི་གནས་པའི་ཕྲིན་ལས་ཅན་ཡིན་པས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དང་འདུ་འབྲལ་མེད་པ་ཡིན་ལ།
དེ་རྟོགས་ན་ཞི་མཐར་ལྷུང་བ་ག་ལ་སྲིད། སྲིད་ན་ཐེག་ཆེན་འཕགས་པ་དང༌། སྔགས་ཀྱི་འོད་གསལ་མངོན་དུ་བྱས་པའང་ཞི་མཐར་ལྷུང་སྲིད་དོ། །བདེན་སྟོང་རྟོགས་པས་སྲིད་མཐའ་འགོག་ན། ཟུང་འཇུག་རྟོགས་པས་ཞི་མཐའ་ཅིས་མི་ཁེགས། འཁོར་བ་རང་བཞིན་མེད་པར་རྟོགས་པས་འཁོར་བར་མི་ལྷུང་ན། མྱང་འདས་རང་བཞིན་མེད་པར་རྟོགས་པས་ཞི་བ་ཕྱོགས་གཅིག་པའི་མྱང་འདས་སུ་ག་ལ་ལྷུང༌། ལྷུང་ན་སྲིད་མཐར་ལྷུང་བའང་མི་ཁེགས་ཏེ། སྲིད་དང་ཞི་བ་རང་བཞིན་མེད་པར་རྟོགས་ཀྱང༌། ཞི་མཐར་ལྷུང་བ་བཞིན་འཁོར་བར་ལྷུང་བའང་སྲིད་དེ།རང་བཞིན་མེད་རྟོགས་ཀྱིས་སྲིད་ཞིའི་མཐའ་མི་ཁེགས་པར། སྙིང་རྗེ་ཁོ་ནས་ཞི་མཐའ་འགོག་ན། འཁོར་བ་ལ་སྐྲག་ནས་སྐྱོ་ཡིད་མེད་ན་སྟོང་ཉིད་རྟོགས་ཀྱང་འཁོར་བར་ལྷུང་བ་སྲིད་དོ། །དེ་དག་སྲིད་ཞིའི་མཚན་མར་མི་དམིགས་པས་སྙིང་རྗེ་མི་སྐྱེ་ན། འཁོར་བ་ལ་མཚན་མར་དམིགས་ནས་སྙིང་རྗེ་སྐྱེ་དགོས་པས། སྟོང་ཉིད་རྟོགས་ན་སྙིང་རྗེ་མི་སྐྱེ་བ་ཡིན་དགོས་ཀྱང༌། སྟོང་ཉིད་རྟོགས་ན། བློ་གཞན་དོན་ལ་དགའ་བ་ཆོས་ཉིད་ཡིན་ཏེ། བྱང་འཕགས་རྣམས་ཆོས་ཉིད་ཀྱི་བདེན་པ་རྟོགས་ནས། རང་གི་ལུས་དང་ལོངས་སྤྱོད་ལ་མི་ཆགས་པར་གཞན་དོན་འབའ་ཞིག་གཉེར་བ་སོགས་ཕྱིན་དྲུག་ཡོངས་སུ་རྫོགས་པ་ས་དང་པོ་སོགས་ཀྱི་དེ་བཞིན་ཉིད་རྟོགས་པའི་མཐུས་འབྱུང་བ་ཡིན་ཏེ།
རང་གི་རྟོགས་ཀྱང་དེ་ལྟར་སྙིང་རྗེ་རང་གིས་སྐྱེ་བ་ནི་བདེན་གཉིས་ཟུང་འཇུག་མཉམ་པ་ཉིད་རྟོགས་པའི་མཐུས་འབད་མེད་དུ་འབྱུང་བ་ཡིན་གྱི་གཞན་དོན་ཡལ་བར་འདོར་བ་ག་ལ་སྲིད། དེ༷་ལྟར༷་སྟོན༷་པ༷ས་སླར༷་ཡ༷ང་འདི༷་ཉིད༷་ནི༷་གདུ༷ལ་བྱ༷་རྣམ༷ས་ལ༷་ཕྱེ༷་སྟེ༷་རྣམ༷་མང༷་གསུང༷་པ་སྟེ། ཇི་ལྟར་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྒྱས་པར་སྤྲོས༷་དང༷་བཅ༷ས་པ༷ར་སྟོང༷་པ༷་ཉིད༷་བཅུ༷་དྲུག༷་བཤ༷ད་ནས༷་མདོ༷ར་བསྡུས༷་ཏེ༷།སླར༷་ཡ༷ང་བཞི༷ར་བཤ༷ད་པ་དེ༷་དག༷་ནི༷་ཐེག༷་ཆེ༷ན་དུ་ཡ༷ང་བཞེ༷ད་པ༷་ཡི༷ན་ཏེ་ཆོས་བདག་མེད་རྫོགས་པས་སོ། །གཉིས་པ་ལ། རྒྱས་པར་བཅུ་དྲུག་ཏུ་དབྱེ་བ་དང༌།བསྡུས་ཏེ་བཞིར་དབྱེ་བ་གཉིས། དང་པོ་ལ། ནང་སྟོང་པ་ཉིད་སོགས་བཞི་བཤད་པ་དང༌། ཆེན་པོ་སྟོང་པ་ཉིད་སོགས་བཞི་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་སོགས་བཞི། ཆོས་ཐམས་ཅད་སྟོང་པ་ཉིད་སོགས་བཞི་བཤད་པ་དང་བཞིའོ། །དང་པོ། ནང་སྟོང་པ་ཉིད། ཕྱི་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད། སྟོང་པ་ཉིད་སྟོང་པ་ཉིད་དང་བཞི་ལས། དང་པོ། གང༷་ཕྱིར༷་མིག་སོགས་དེ༷་ཡི་ར༷ང་བཞི༷ན་ནི་མ་གྲུབ་པ་དེ༵་ཡི༷ན་ཕྱིར༷་མི༷ག་ནི༷་མི༷ག་གིས༷་སྟོང༵་པ་དང༌། དེ༷་བཞི༷ན་དུ་རྣ༷་བ༷་སྣ༷་ད༷ང་ལྕེ༷་དང༌། ལུས༷་དང༷་ཡིད༷་ཀྱང༷་ཚུལ་དེ་ལྟར་བསྙད༷་པ༷ར་བྱའོ༵། །རང་བཞིན་མ་གྲུབ་པ་དེ་ཡི་ཕྱིར་མིག་སོགས་སྐྱེ་མཆེད་དྲུག་པོ་དེ་དོན་དམ་པར་ཐེར༷་ཟུག་གན༷ས་པ༷་སྟེ༷་རྟག་པ་མ༷་ཡི༷ན་པ་ད༵ང༌། ཅུང་གནས་ནས་དེའི་འོག་ཏུ་ལྡོག་པའི་འཇི༷ག་པ༷་མི་རྟག་པ་ཡང་མ༷་ཡི༷ན་པ་ཉིད༷་ཀྱིས༷་ཕྱིར༵། རྟག་མི་རྟག་གཉིས་ཀ་དང་བྲལ་བས་སོ། །མི༷ག་ལ༷་སོ༷གས་པ༷་དྲུག༷་པོ༷་ཡི༵་ར༷ང་བཞི༷ན་མེ༷ད་པ་ཉིད༷་གང༷་ཡི༷ན་པ༷་དེ༷་ནི༷་ནང༷་སྟོང༷་པ་ཉིད༷་དུ་འདོ༵ད་དེ་སྟོང་ཉིད་དམ་སྟོང་ཉིད་མ་ཡིན་པ་ནི་ཅུང་ཟད་མེད་དོ། །
དེ་ཡང་མིག་ནི་མིག་གིས་སྟོང་ཞེས་པ་གང་སྟོང་ན་མིག་སྟོང་ལ། གང་གིས་སྟོང་ན་ཡང་མིག་ཅེས་བྱ་བར་རྟོག་པའི་མིག་དེ་ཡི་རང་གིས་རང་སྟོང་གི མིག་མིག་གིས་མ་སྟོང་ན་བདེན་སྣང་ལ་སོགས་པའི་ཆོས་གཞན་གྱིས་སྟོང་པས་སྟོང་གོ་མི་ཆོད་དེ། རང་འགྲེལ་ལས། དེ་ལ་མིག་སོགས་རྣམས་མིག་སོགས་རྣམས་ཀྱིས་སྟོང་པར་སྨྲས་པས་ནི། རང་བཞིན་སྟོང་པ་ཉིད་གསལ་བར་བྱས་ཀྱི། མིག་ནི་ནང་གི་བྱེད་པོ་དང་བྲལ་བ་དང་གཟུང་འཛིན་གྱིས་སྟོང་ངོ་ཞེས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་མིན་ནོ་ཞེས་གསུངས་ཏེ། དེ་ལ་དེང་སང་མིག་མིག་གིས་མི་སྟོང་བདེན་པས་སྟོང་ཟེར། དེ་ལ་ཅི། བདེན་པ་ཞེས་པ་འདི་མིག་བདེན་པར་གྲུབ་ཅེའམ། མིག་མིན་པ་ཞིག་ཡིན། མིག་མིན་པ་ཞིག་མིག་ལ་བདེན་པར་མ་གྲུབ་པ་སོ་སྐྱེ་སུས་ཀྱང་རྟོགས་མོད་དེས་ཅི་ཕན། མིག་རང་མིག་དེའི་སྟེང་ན་བདེན་པར་མ་གྲུབ་ན། ཁྱོད་ལ་དེའི་ཤུལ་དུ་མི་སྟོང་རྒྱུའི་མིག་དེ་ཅི་ཞིག་ཡིན། སྣང་ཙམ་ཡིན་ཟེར་ན། མིག་ཏུ་སྣང་བ་བདེན་པ་ཞིག་ཏུ་སོང་ན་དེ་དང་བདག་གཅིག་ཏུ་གྱུར་པ་ཐམས་ཅད་ཤིང་རྟ་ཚིག་པའི་དཔེ་བཞིན་མེད་པར་འགྱུར་ན་མི་སྟོང་རྒྱུའི་མིག་ཅིག་ཤུལ་དུ་ལྷག་ཡོད་པ་ནི་བཞད་གད་ཀྱི་གནས་སོ། །གལ་ཏེ་དེ་ལྟར་ན་སྣང་མི་ཤེས་ཟེར་ཀྱང་ཁྱོད་རང་སྟོང་རྟེན་འབྱུང་ཟུང་འཇུག་གི་དོན་ལ་ཡིད་མ་ཆེས་ནས་མིག་གཅིག་ལ་སྟོང་རྒྱུ་བདེན་པ།མི་སྟོང་རྒྱུ་མིག་གཅིག་གནས་པས། བདེན་པ་ཁེགས་ཀྱང་མིག་མ་ཁེགས་པར་ཡོད་ན་དེ་བདེན་གྲུབ་དང་མི་གཅིག་པ་ཡིན་ཏེ། ཡིན་ན་གཅིག་ཁེགས་པས་གཅིག་ཁེགས་དགོས་ལ།
ཐ་དད་ན་བདེན་པ་ཁེགས་པས་མིག་ལ་ཅི་ཕན། མིག་འཛིན་གྱི་བློ་ལ་ནམ་ཡང་རིགས་པས་གནོད་པ་མི་འབབ་པར་ཁས་བླང་ངོ༌། །དེ་ལྟར་ན་མིག་མིག་གིས་མི་སྟོང་པར་རམ་སྣང་བ་ལ་མི་ཕན་ཏེ། གལ་ཏེ་ཕན་ན་སྟོང་པར་གནོད་དོ། །མིག་རང་གིས་སྟོང་ནས་སྣང་བ་ལ་མི་གནོད་དོ། །སྟོང་བཞིན་དུ་སྣང་བ་འཐད་པ་དབུ་མའི་ལུགས་ཡིན་པས་སོ། །དེས་ན་ཚིག་འཁྲིའི་དོན་མིན་གྱི་ཁས་ལེན་བླུན་པོ་མགུ་བ་མཁས་པས་བལྟས་ཙམ་ན་ཁྲེལ་བ་འདི་དོར་བར་བྱའོ། །གཉིས་པ། རྒྱུ་མཚན་གང༷་གི་ཕྱིར༷་གཟུགས་དེ༷་ཡི༷་རང༷་བཞི༷ན་སྟོང་ཉིད་དེ༷་ཡི༷ན་པའི་ཕྱིར༷་གཟུག༷ས་ནི༷་གཟུག༷ས་ཀྱིས༷་སྟོང༷་སྟེ། ཐེར་གཟུགས་སོགས་འོག་མ་ཀུན་ལ་འགྲེ་སྟེ་སྒྲ༷་དང༷་དྲི༷་རོ༷་རེག༷་བྱ༷་ད༷ང༷་ཆོས༷་རྣམས༷་ཉིད༷་ཀྱང༷་དེ༷་བཞི༷ན་ནོ༷། །གཟུ༷གས་སོ༷གས་ར༷ང་བཞི༷ན་མེད༷་པ༷་ཉིད༷་ཕྱི༷་རོལ༷་སྟོང༷་པ༷་ཉིད༷་དུ་འདོ༷ད་དོ། །གསུམ་པ། ཤེས་རྒྱུད་ཀྱིས་བསྡུས་པའི་དབང་རྟེན་ཁོག་པ་ལྔ་ནི་ཤེས་པས་བསྡུས་ལ་དབང་པོས་མ་བསྡུས་པས་ཕྱི་ནང་གཉིས་ཆར་ཡིན་ལ། ཡང་ན་རང་འགྲེལ་ལས། ཕྱི་དང་ནང་གི་ཆོས་གཉིས༷་ཆར༷་དེ་ར༷ང་བཞི༷ན་མེ༷ད་པ༷་ཉིད་ནི༷་ཕྱི་ན༷ང་སྟོང༷་པ་ཉིད༷་ཡི༷ན་ནོ༷། །བཞི་པ། འདུས་བྱས་འདུས་མ་བྱས་ཀྱི་ཆོས༷་རྣམ༷ས་ར༷ང་བཞི༷ན་མེ༷ད་པ༷་ཉིད༷། ཡང་དག་པའི་མཁས༷་པ༷་སངས་རྒྱས་ཀྱིས་སྟོང༷་པ༷་ཉིད༷་ཅེས༷་བསྙད༷་དེ། སྟོང་གཞི་སྟོང༷་ཉིད༷་དེ༷་ཡ༷ང་སྟོང༷་ཉིད༷་ཀྱི༷་ངོ༷་བོས༷་སྟོང༷་པ༷ར་འདོ༷ད་པ༷་ཡི༷ན་ལ། དེ་ལྟར་ན་སྟོང༷་ཉིད༷་ཅེས༷་བྱའི༷་སྟོང༷་ཉིད༷་གང༷་ཡིན་པ་དེ་སྟོང༷་ཉིད༷་ཀྱི་སྟོང༷་ཉིད༷་དུ༷་འདོ༷ད་དེ༷།
དགོས་པ་སྟོང༷་ཉིད༷་དེ་ལ་བདེན་ཞེན་གྱི་དངོ༷ས་པོའི་༷བློ་ཅན༷་གྱི༷་གང་ཟག་གི་འཛི༷ན་པ༷་བཟློག༷་པའི་ཕྱིར༷་དུ་གསུང༷ས་པ་ཡི༷ན་ནོ། །དེ་ལྟར་ཡང༌། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ལ་དེ་ལའང་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱི་སྨད་པར་མཛད། །ཅེས་སོ། །གཉིས་པ་ལ། ཆེན་པོ། དོན་དམ་པ།འདུས་བྱས། འདུས་མ་བྱས་སྟོང་པ་ཉིད་དང་བཞི་ལས། དང་པོ་ནི། ཤར་ལ་སོགས་པའི་སེ༷མས་ཅན༷་དང་སྣོད༷་ཀྱི༷་འཇི༷ག་རྟེན་ནི༷་མ༷་ལུ༷ས་པ་ལ་ཁྱབ༷་བྱེད་ཉིད༷་ཡིན་པའི་ཕྱིར༷་དང༷༌། བྱམས་སོགས་ཚད༷་མེད༷་ཀྱང་ཕྱོགས་ཀྱི་ཁྱབ་པའང་སྒོམ་པས་དཔེ༷་ཡི༷ས་ཏེ་དཔེ་ཅན་ཕྱོགས་མུ༷་མཐ༷འ་ནི༷་མེ༷ད་ཕྱིར༷་ཕྱོག༷ས་རྣམས་ཀྱང་ཆེན༷་པོ༷་ཉིད༷་དོ། །ཤར་སོགས་ཕྱོགས་འདི༷་དག༷་བཅུ་ཆར༷་ཡང་ཕྱོག༷ས་རྣམ༷ས་ཀྱིས༷་སྟོང༷་པ༷་ཉིད་ནི་གང༷་ཡི༷ན་པ་སྟེ༷་ཆེ༷ན་པོ༷་སྟོང༷་པ༷་ཉིད༷་ཡི༷ན་དེ༷་བྱེ་བྲག་པ་སོགས་ཕྱོགས་རྣམས་རྟག་པའི་རྫས་སུ་འདོད་པ་སོགས་ཆེ༷ན་པོ༷ར་འཛི༷ན་པ༷་དེ་བཟློག་པའི་ཕྱིར༷་གསུང༷ས་སོ། །གཉིས་པ། མྱང་འདས་དེ༷་ནི་སྐྱེས་བུའི་དོན་གཉེར་བྱའི་དགོ༷ས་པ༷་མཆོ༷ག་ཡི༷ན་པ༷ས་དོ༷ན་ད༷མ་འགོག་པ་མྱ༷་ང༷ན་འད༷ས་པ༷་ཆོས་སྐུ་ཡི༷ན་ལ། ཆོས་སྐུ་དེ༷་ནི༷་དེ༷་ཡི༷ས་སྟོང༷་ཉིད༷་གང༷་ཡིན་པ་དེ༷་ནི༷་དོ༷ན་ད༷མ་པ་སྟོང༷་ཉིད༷་དེ༷་དགོས་པ་ནི་ཉན་ཐོས་མྱང༷་འད༷ས་འགོག་པ་རྫས༷་གྲུབ་བམ་དངོ༷ས་པོ༷འི་བློ༷་ཅ༷ན་གྱི༷་འཛི༷ན་པ༷་བཟློག༷་པར༷་བྱ༷་བ༷འི་ཕྱིར༷། དོ༷ན་ད༷མ་ཆོས་སྐུ་མཁྱེན༷་པ༷ས་ཏེ་སངས་རྒྱས་ཀྱིས་དོ༷ན་ད༷མ་པ༵་སྟོང༷་པ༷་ཉིད༷་ནི༷་བསྟན༷་པ༷ར་མཛ༵ད་དོ། །
གསུམ་པ། རྒྱུ་དང་རྐྱེ༷ན་ལས༷་བྱུང༷་ཕྱིར༷་ཁ༷མས་གསུ༷མ་པོ༷་འདི་ནི་འདུས༷་བྱས་ཡི༷ན་པར་ངེ༷ས་པར༷་བསྙད༵་དེ། ཁམས་གསུམ་པོ་དེ༷་ནི༷་དེ༷་ཡི༷་སྟོང༷་ཉིད༷་གང༵་ཡིན་པ་དེ༷་ནི༷་འདུས༷་བྱས༷་སྟོང༷་པ་ཉིད༷་དུ་གསུང༵ས་སོ། །བཞི་པ། ཆོས་གང༷་ལ༷་ཐོག༷་མར་སྐྱེ༷་བར་དུ་གན༷ས་ཐ་མར་མི༷་རྟག༷་གསུམ་པོ ་ཉིད༷། དེ༷་དག༷་མེ༷ད་པ༷་འདུས༷་མ་བྱས༵་ཡིན་ལ་འདུས་མ་བྱས་དེ༷་ནི༷་དེ༷་ཡི༷ས་སྟོང༷་ཉིད་གང༵་ཡིན་པ་དེ༷་ནི༷་འདུས༷་མ༷་བྱས༷་སྟོང༷་ཉིད༵་དོ། །སྟོང་ཉིད་ལ་ཞེན་པ་དང༌། བྱེ་སྨྲ་སོགས་ཉན་ཐོས་པ་མྱང་འདས་འགོག་པ་རྫས་གྲུབ་དང༌། འདུས་མ་བྱས་ལ་རྟག་འཛིན་བཟློག་གོ །གསུམ་པ་ལ། མཐའ་ལས་འདས་སྟོང༌། ཐོག་མ་དང་ཐ་མ་མེད་སྟོང༌། དོར་བ་མེད་སྟོང༌། རང་བཞིན་སྟོང་པ་ཉིད་བཞི་ལས། དང་པོ། གཞི་ག༷ང་ལ༷་རྟག་ཆད་ཀྱི་མཐའ༷་ནི་ཡོད༷་པ་མི༷ན་པ༷་དེ༷་ནི༷་མཐ༷འ་ལས་འད༷ས་པ༷ར་བརྗོ༷ད་དེ། མཐའ་འདས་དེ༷་དེ༷་ཁོ༷་ནས༷་སྟོང༷་པ༷་ཉིད༵་ལ་མཐའ༷་ལ༷ས་འད༷ས་པའི༷་སྟོང༷་པ་ཉིད༷་དུ་བསྙད༵་དེ།དེ་ནི་མཐའ་བྲལ་སྟོང་ཉིད་དབུ་མའི་ལམ་ལ་བདེན་ཞེན་ལྡོག་པའི་ཆེད་དུའོ། །གཉིས་པ། འདི་ཙམ་ན་བྱུང་ཞེས་ཐོག༷་མ༷་དང༷་པོ་དང༌། འདི་ཙམ་ནས་མི་འབྱུང་ཞེས་པའི་ཐ༷་མ༷་མཐ༵འ་དེ༷་ད༷ག་མེ༷ད་པས༷་དེ་ལ་ལྟོས་པའི་དབུས་ཀྱང་མེད་པས་འཁོ༷ར་བ་ནི༷། ཐོག་མ༷་དང་ཐ༷་མ༷་དང་དབུས་ཀྱང་མེ༷ད་པར༷་བརྗོ༷ད་དེ་དེ་ལ་འདི་ནས་ཕྱི་མར་འགྲོ༷་བ་དང༌། སྔ་མ་ནས་འདིར་འོང་བ་དང་བྲལ༷་བའི་ཕྱིར༷་སྣང་ཙམ༷་རྨི༷་ལ༷མ་ལྟ་བུ༷་སྟེ། སྲི༷ད་པ་འདི༷་སྲིད་པ་དེ༷་ཡི༷ས་དབེ༷ན་པ་ཉིད༷་ག༵ང་ཡིན་པ་དེ༷་ནི༷་ཐོག་མ༷་ད༷ང་ཐ༷་མ༵་མེ༷ད་པ༷་སྟོང༷་པ༷་ཉིད༵་དོ༷་ཞེ༷ས། བསྟན༷་བཅོ༷ས་ཆེན་པོ་རྒྱལ་བའི་ཡུམ་ལ༷ས་ནི༷་ངེ༷ས་པར༷་བསྙད༵་དོ། །དེ་ནི་འཁོར་བ་ལ་བདེན་འཛིན་ལྡོག་པའི་ཆེད་དུའོ། །
གསུམ་པ། རང་འགྲེལ་ན། དོན་དམ་ལ་མྱང་འདས་ཙམ་དང༌།དོར་མེད་ལ་དོར་བ་མེད་ཙམ་ལས་ཁྱད་མེད་ལ་དོ༷ར་བ༷་ཞེས༷་བྱ༷་འཐོ༷ར་བ༷་དང༵་འབོ༷ར་བ༷་ལ༷་ནི༷་ངེས་པ༷ར་བརྗོ༵ད་ལ་དོ༷ར་མེ༷ད་དེ་ཕར་གཏོང༷་བ༷་མེ༷ད་པ༷་སྟེ༵། འག༷འ་ཡང༷་དོར༷་དུ་མེ༷ད་པ་ཐེག་ཆེན་གང༷་ཡི༷ན་པ༷འོ༷། །དོ༷ར་བ༷་མེད༷་པ༷་དེ༷་ཉིད༷་ཀྱིས༵་དེ༷་ཉིད༷་སྟོང༷་པ༷་ཉིད༷་ག༷ང༷་ཡི༵ན་པ་སྟོང་ཉིད་དེ༷་དེ༷འི་རང་བཞིན་ཡིན་པའི་ཕྱིར༷་ན༷་དོ༷ར་བ་མེད་པ༵་སྟོང༷་པ༷་ཉིད༷་ཅེ༷ས་བྱ༷་བ༷ར་བརྗོ༵ད་དེ་འདི་ཡང་དགེ་བ་ལ་བླང་བྱར་མངོན་པར་ཞེན་པ་བཟློག་པའི་ཆེད་དུའོ། །བཞི་པ། འདུས༷་བྱས༷་དང་འདུས་མ་བྱས་ལ༷་སོ༷གས་པའི་ངོ༷་བོ༷་ཆོས་ཉིད༵་ནི། གང༷་ཕྱིར༷་སློབ༷་མ༷་ཉན་ཐོས་དང་ར༷ང་སང༷ས་རྒྱས༵། བྱང་སེམས་རྒྱལ༷་སྲས༷་དེ༷་བཞི༷ན་གཤེགས་རྣམ༷ས་ཀྱིས༵། དེ་གསལ་བྱེད་ཙམ་ཡིན་གྱི་གསར་དུ་མ༷་མཛ༷ད་པ་དེའི་ཕྱིར༷་འདུས༷་བྱས༷་ལ༵་སོ༷གས་པ་རྣམ༷ས་ཀྱི་ངོ༷་བོ༷་ཉི༷ད༵་ལ་ནི་རང༷་བཞི༷ན་ཉིད༷་དུ༷་མིང་དུ་བསྙད༷་པ༷་སྟེ༵། རང་བཞིན་དེ༷་ཉིད༷་ཀྱིས༷་རང་བཞིན་དེ༷་སྟོང༷་པ་ཉི༷ད་གང༷་ཡིན་པ་དེ༷་ནི༷་རང་བཞི༷ན་སྟོང༷་པ༷་ཉིད༵་དོ། །དགོས་པ་སྟོང་ཉིད་སྟོང་ཉིད་ནི་རིགས་ཤེས་ཀྱིས་གྲུབ་པས་བདེན་སྙམ་པ་དང༌།འདིར་སུས་ཀྱང་མ་བྱས་པས་གཤིས་སུ་གྲུབ་བམ་སྙམ་པའི་འཛིན་པ་བཟློག་ཕྱིར་གསུངས་སོ། །
བཞི་པ་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། དམིགས་པ་མེད་པ་སྟོང་ཉིད་དང༌། ངོ་བོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཞི་ལས། དང་པོ། མིག་སོགས་ནང་གི་ཁམས་དྲུག་གཟུགས་སོགས་ཕྱི་ཡི་ཁམས་དྲུག་མིག་ཤེས་སོགས་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་དམིགས་པ་དང་རྟེན་དང་བརྟེན་པ་སྟེ་ཁམ༷ས་བཅོ༷་བརྒྱད་ད༷ང་མིག་གི་འདུས་ཏེ་རེག་པ་སོགས་རེ༷ག་དྲུག༷་དང༵་དེ༷་དག་ལ༷ས་བྱུང༷་བའི༷་ཚོར༷་བ་དྲུག༷་ད༵ང་གཞན་ཡང་གཟུག༷ས་ཅ༷ན་དང་གཟུགས་ཅན་མི༷ན་པ་དང་དེ༷་བཞི༵ན་དུ། འདུ༷ས་བྱས༷་འདུས༷་མ༷་བྱས༷་ཀྱི་ཆོས༷་རྣམ༷ས་ཏེ་ཆོ༷ས་དེ༷་ད༷ག་ནི༷་ཐམ༷ས་ཅ༷ད་ཀྱི༵། དེ༷་དག༷་གི༷ས་དབེ༷ན་པའི་སྟོང༷་ཉིད༷་ག༵ང་ཡིན་པ་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །གཉིས་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ། གཟུག༷ས་རུང༷་ལ༷་སོ༷གས་པ་ནས་རྣམ་མཁྱེན་བར་གྱི་རང་མཚན་གྱི་དངོ༷ས་པོ༷་མེ༷ད་པ་ག༵ང་དེ༷་ནི༷་ར༷ང་མཚ༷ན་སྟོང༷་པ༷་ཉིད༵་དོ། །འདི་རྣམས་དོན་ལྡོག་ཡིན་པའི་ངེས་པ་མེད་དེ་རང་གི་རང་བཞིན་མཚོན་པའི་གཙོ་བོ་སྨྲོས་པའོ། །གཉིས་པ་ལ། གཞི་ཡི་ཆོས་ཀྱི་རང་མཚན། ལམ་གྱི་ཆོས་ཀྱི་རང་མཚན། འབྲས་བུའི་ཆོས་ཀྱི་རང་མཚན་གསུམ།དང་པོ། གཟུག༷ས་ནི༷་གཟུག༷ས་སུ་རུང༷་བའི་མཚ༷ན་ཉིད༷་ཅ༵ན་དང༌། ཚོ༷ར་བ༷་བདེ་སྡུག་བཏང་སྙོམས་མྱོང༷་བའི༷་བད༷ག་ཉིད༷་ཅ༷ན་དང༌། འདུ༷་ཤེ༷ས་ཕྱི་ནང་གི་སྤུ་རིས་སམ་མཚན་མར༷་འཛི༷ན་པ༷་སྟེ༵། འདུ༷་བྱེད་འདུས་བྱས་སམ་རྒྱུ་རྐྱེན་གྱི་མངོ༷ན་པ༷ར་འདུ༷་བྱེད་པ༵འོ། །ཡུལ༷་གཟུགས་སོགས་ལ༷་སོ༷་སོ༷ར་རྣམ༷་པ༷ར་རི༷ག་པ༵་རྣམ༷་ཤེས༷་རང༷་གི༷་མཚ༷ན་ཉིད༷་དོ༵། །ཉེར་ལེན་གྱི་ཕུང༷་པོ༷འི་སྡུག༷་བསྔལ༷་ནི་རང་གི་མཚན་ཉིད༷་ཁམ༷ས་ཀྱི༷་བད༷ག་ཉིད༷་སྦྲུལ༷་གདུག༷་པ་ལྟར་བཟུང་ནས་འཁོར་བར་འཕེན་པའམ་འཁོར་བར་འཛིན་པར་འདོ༷ད་དོ། །སྐྱེ༷་མཆེ༷ད་རྣམ༷ས་ནི༷་སང༷ས་རྒྱས༷་ཀྱིས༵་སེམས་སེམས་བྱུང་ངམ་སྡུག་བསྔལ་འབྱུང་ཞིང་སྡུག་བསྔལ་སྐྱེ༷་བའི༷་སྒོར༷་གྱུར༷་པ་ཉིད༷་དུ༷་གསུང༷ས་ཤིང༌།
རྟེན༷་ཅི༷ང་འབྲེལ༷་བར༷་འབྱུང༷་བ་གང༵་ཡིན་དེ༷་ནི༷་རྒྱུརྐྱེན་འདུ༷་འཕྲོ༷ད་ཀྱི་མཚ༷ན་ཉིད༷་དོ༵། །གཉིས་པ། ལུས་ལོངས་སྤྱོད་དགེ་རྩ་ཡོངས་སུ་གཏོང༷་བ༷་ཡི། སེམས་ནི་སྦྱིན༷་པའི༷་ཕ༷་རོ༷ལ་ཕྱིན༵་དང༌། ཚུལ༷་ཁྲིམ༷ས་ཀྱི་མཚན་ཉིད་འཆལ་ཚུལ་ཉོན་མོངས་པས་གདུང༷་བ་མེད༷་པའི་མཚ༷ན་ཉིད༷་དོ་བཟོ༵ད་པ་ཁྲོ༷་བ་མེ༷ད་པའི་མཚ༷ན་ཉིད༷་དང་བརྩོན༷་འགྲུས༷་ཀྱི༵་མཚན་ཉིད་ཁ༷་ན༷་མ༷་ཐོ༷་བ༷་མེད༷་པའི་དགེ་ལ་སྤྲོ་བའི་སེམས་ཉིད༷་དོ༵། །བས༷མ་གཏན༷་དགེ་བའམ་ཏིང་ངེ་འཛིན་ལ་ཡིད་སྡུད༷་པའི༷་མཚ༷ན་ཉིད༷་ཅ༵ན་དང༌། ཤེས༷་ར༷བ་བདེན་ཞེན་གྱིས་ཆག༷ས་པ་མེ༷ད་པའི་མཚ༷ན་ཉིད༷་དེ༷། ཕ༷་རོ༷ལ་ཏུ་ཕྱིན༷་པ༷་དྲུག༷་རྣམ༷ས་ཀྱི༷་རང་གི་མཚ༷ན་ཉིད༷་འདི༷་ད༷ག་ཡི༷ན་པ༷ར་བརྗོ༵ད་དོ། །བས༷མ་གཏན༷་དང་པོ་སོགས་བཞི་པོ་རྣམ༷ས་ད༷ང༌། བྱམས་སོགས་ཚད༷་མེ༷ད་པ་བཞི་ད༵ང༌། དེ༷་བཞི༷ན་གཞ༷ན་ག༷ང་ནམ་མཁའ་མཐའ་ཡས་སོགས་གཟུག༷ས་མེ༷ད་པ༵་བཞི་པོ་དེ༷་ད༷ག་ཤེས་བྱ་ཡང༷་དག༷་མཁྱེན༷་པ༷་ཡི༵ས། ཁྲོ་བས་མི༷་འཁྲུག༷ས་པའི་མཚ༷ན་ཉིད༷་ཅ༷ན་དུ༷་གསུང༵ས་ཏེ། དེ་དག་ཁོང་ཁྲོ་བ་སྤངས་ནས་འཐོབ་པའི་ཕྱིར་རོ། །དྲན་ཉེར་སོགས་བྱང༷་ཆུབ༷་ཕྱོག༷ས་ཀྱི་ཆོས༷་སུམ་ཅུ༷་རྩ་བདུན༵་ནི། ཐར་པར་ངེ༷ས་པར༷་འབྱུང༷་བར་བྱེད༷་པའི་རང༷་མཚ༷ན་ཉིད༵་དོ། །སྟོང༷་པ༷་ཉིད༷་ཀྱི༷་མཚ༷ན་ཉིད༷་ནི༵། བདེན་འཛིན་གྱི་དམི༷གས་པ༷་མེ༷ད་པ༷ས་རྣམ༷་པ་དབེ༷ན་པ་ཉིད༵་དོ། །མཚ༷ན་མ༷་མེ༷ད་པ༷་ནི་སྤྲོས་པའི་མཚན་མ་ཞི༷་ཉིད༷་དེ༵། གསུམ༷་པའི༷་སྟེ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་མཚ༷ན་ཉིད༷་སྡུག༷་བསྔལ༷་ད༵ང༌། སྡུག་བསྔལ་གྱི་རང་བཞིན་འདུ་བྱེད་ལ་རྟོགས་པ་ན།
སྡུག་བསྔལ་ཡང་མེད་ལ་བདེན་ཞེན་གྱི་ཆགས་པ་གཏི༷་མུག༷་ཀྱང་མེ༷ད་པས་འདུ་བྱེད་ལ་མི་སྨོན་པའི་ཕྱིར་རོ། །ཁ་ཅིག་འདུ་བྱེད་ལ་སྡུག་བསྔལ་བར་ཤེས་པས་མི་སྨོན་ལ། མྱང་འདས་ལ་བདེན་ཞེན་གྱི་གཏི་མུག་མེད་པས་མི་སྨོན་ཞེས་ཀྱང་ཟེར། རྣམ་ཐར་སྒོ་གསུམ་པོ་འདི། དོན་དམ་པའི་ཡུལ་ཅན་ཡིན་ཏེ་སྡུག་བསྔལ་དུ་རྟོགས་ན་ཀུན་རྫོབ་ཏུ་འགྱུར་གྱི་དོན་དམ་པར་མི་རུང་ངོ༌། །གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་སོགས་རྣམ༷་ཐ༷ར་བརྒྱད་པོ་རྣམ༷ས་ཀྱི༷་མཚ༷ན་ཉིད༷་སྙོམས་འཇུག་གི་སྒྲིབ་པ་ལས་རྣམ༷་པ༷ར་གྲོལ༷་བར་བྱེད༷་པ༷འོ༷། །གསུམ་པ།འཆད་འགྱུར་སྟོབ༷ས་བཅུ༷་རྣམ༷ས་ཐམས་ཅད་ཤི༷ན་ཏུ༷་རྣ༷མ་པ༷ར་ནི༷་གཏན༷་ལ༷་འབེ༷བས་པའི་རང༷་བཞི༷ན་ཅན་དུ་གསུངས་སོ། །དེ་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་པ་སོགས་སྐྱོབ༷ས་པའི༷་མི༷་འཇི༷གས་པ༷་བཞི་པོརྣམ༷ས་ནི༵། རྒོལ་བ་སུས་ཀྱང་མི་ཕྱེད་ཅིང་དེ་ལས་གཞན་དུ་བསྒྱུར་མི་ནུས་པས་ཤི༷ན་ཏུ་བརྟན༷་པ༷འི་ངོ༷་བོ༷་ཡི༷ན་ནོ། །འཆད་འགྱུར་ཚིག་དོན་ངེས་ཚིག་ཆོ༷ས་སོ༷་སོ༷ར་ཡ༷ང་དག་རི༷ག་པ་རྣམ༷ས་ནི༵། སྤོབ༷ས་སོ༷གས་བཞི་པོ་ཤེས་བྱ་ཀུན་ལ་ཐོགས་མེད་འཇུག་པ་རང་རང་ཆད༷་པ་མེད་ཅིང་ཟད་པ་མེ༷ད་པའི་མཚ༷ན་ཉིད་ཅ༷ན་ནོ། །འགྲོ༷་ལ༷་གནས་སྐབས་དང་མཐར་ཐུག་གི་ཕ༷ན་པ་ཉིད་སྒྲུབ་པ༷་ནི་བྱམ༷ས་པ༷་ཆེ༷ན་པོ༷་ཞེས༷་བྱ༷འོ༷། །སེམས་ཅན་སྡུག༷་བསྔལ༷་ཅ༷ན་རྣམ༷ས་ཡོ༷ངས་སུ་སྐྱོབ༷ས་པ༷་སངས་རྒྱས་ཀྱི་ཐུག༷ས་རྗེ༷་ཆེ༷ན་པོ༷འོ༷། །དག༷འ་བ༷་ཆེན་པོ་ནི༷། རབ་དག༷འི་མཚ༷ན་ཉིད༷་དོ། །སེམས་ཅན་བདེ་ལྡན་རྣམས་ལ་དམིགས་པ་རེད་མདའ་གསུངས། བཏང༷་སྙོམ༷ས་ཆེན་པོ་ནི༵།
ཆགས་སྡང་དང་མ༷་འདྲེ༷ས་པའི་མཚ༷ན་ཉིད༷་ཅ༷ན་ཞེས༷་བྱ༵།སྐུ་ལ་འཁྲུལ་པ་མི་མངའ་བ་སོགས་སང༷ས་རྒྱས༷་ཆོ༷ས་ནི༷་མ༷་འདྲེ༷ས་པ༵་བཅུ༷་ད༷ང་བརྒྱད༷་དུ༷་གང༷་འདོ༷ད་ད༵ག་གང༷་ཕྱིར༷་སྟོན༷་པ་ལ་འཁྲུལ་པ་སོགས་དེ༷ས་མི༷་འཕྲོ༷ག་པ༵་སྟེ་མི་ཐུབ་པ་དེ༷་ཕྱིར༷་མི༷་འཕྲོག༷་ར༷ང་མཚ༷ན་ཉིད༷་དོ། །རྣམ༷་ཀུ༷ན་མཁྱེན༷་ཉིད༷་ཡེ༷་ཤེ༷ས་ནི༵། ཤེས་བྱའི་རྣམ་པ་ཐམས་ཅད་མངོ༷ན་སུ༷མ་པའི་མཚ༷ན་ཉིད༷་ཅ༷ན་དུ༷་འདོ༵ད་དེ། དེ་ལས་གཞ༷ན་པའི་ཤེས་པ་ནི༷་ཉི༷་ཚེ༷་བ༷་ཉིད༷་ཀྱི༵ས། མངོ༷ན་སུ༷མ་ཞེ༷ས་བྱར༷་མི༷་འདོ༷ད་དོ༵་སྟེ་རྣམ་པ་ཀུན་ཏུ་མངོན་སུམ་གྱི་མཚན་ཉིད་མ་རྫོགས་པས་སོ། །གསུམ་པ་དོན་བསྡུ་བ། མདོར་བསྡུ་ན་ག༷ང་ཞི༷ག་འདུས༷་བྱས༷་མཚ༷ན་ཉིད༷་དང༵༌། འདུས༷་མ༷་བྱས༷་པའི༷་རང་མཚོ༷ན་བྱེད་ཀྱི་མཚ༷ན་ཉིད༷་ག༷ང་ཡིན་དེ༷་མཚན་ཉིད་དེ༷་ཁོ༷་ནས༷་སྟོང༷་པ༷་ཉིད༷་དེ༷་ནི་རང༷་མཚ༷ན་སྟོང༷་པ༷་ཉིད༷་དོ། །གསུམ་པ། ད༷་ལྟར༷་བ༷་སྐད་ཅིག་མ་འདི༷་རང་གྲུབ་པའི་དུས་ཕན་ཆད་དུ་མི༷་གནས༷་ཤིང༷༌།འད༷ས་དང༷་མ༷་འོ༷ངས་ཞིག་པ་དང༌། མ་སྐྱེས་པས་ཡོ༷ད་པ་མ༷་ཡི༵ན་ཅིང་ག༷ང་དུ༷་འདས་སོགས་དེ༷་དག༷་མི༷་དམི༷གས་པ༵་དེ༷་ལ༷་མི་དམི༷གས་པ་ཞེས༷་བརྗོ༵ད་དོ། །མི༷་དམི༷གས་པ༷་དེ༷་རང༷་གི་ངོ༷་བོ༵་འདི༷་ཡི༷ས་དབེ༷ན་པ༷་ཉིད༷་ག༷ང་ཡིན་པ་དེ༷་ཐེ༷ར་ཟུ༷ག་གན༷ས་པ་སྟེ་རྟག་པ་མི༷ན་ཅིང་འཇི༷ག་པའམ་མི་རྟག་པ་ཡང་མི༷ན་པ༷ས་མི༷་དམི༷གས་ཞེ༷ས་བྱ༷འི་སྟོང༷་ཉིད༷་དོ༵། །བཞི་པ། རྒྱུ་དང་རྐྱེན༷་ལ༷ས་བྱུང༷་བའི་ཕྱིར༷་དངོ༷ས་པོ་རྣམ༷ས་ལ༵་འདུས༷་པ༷་པ༷་ཡི༷་ངོ༷་བོ༷་མེ༷ད་ལ་འདུས༷་པ༷་པ༷་ནི༷་དེ་ཉིད༷་ཀྱིས༵།སྟོང༷་པ༷་ཉིད༷་ནི་དངོ༷ས་པོ་མེ༷ད་པའི་ངོ་བོ་ཉིད་སྟོང༷་པ་ཉིད༷་དོ༵། །
འདུས་པ་པ་ཞེས་ཚོགས་པ་ལ་ཁ་ཅིག་བཞེད་ཀྱང༌། རང་འགྲེལ་ལས་འདུས་པ་ནི་འདུས་པ་ལས་བྱུང་བའོ། །རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་འདུས་པ་ཡོད་པ་མིན་ནོ། །ཞེས་པའི་ཚིག་གི་བབས་ལ་གཞལ་ན་རྐྱེན་ལས་སྐྱེས་པ་བདེན་དངོས་སུ་མེད་པ་ལ་དངོས་མེད་ཞེས་བརྗོད་པའི་དངོས་མེད་དེ། དེས་སྟོང་པ་ཞེས་པའོ། །དེ་ལ་རང་བཞིན་དང༌། སྟོང་ཉིད། དོན་དམ་གསུམ་གཞི་ལམ་འབྲས་བུ་དང༌། དངོས་མེད།མཐའ་འདས། མི་དམིགས། དོར་མེད་རྣམས་འཛིན་སྟངས་ཀྱིས་ཁྱད་པར་རོ། །གཉིས་པ་ལ། དབྱེ་བ་དངོས་དང༌། ཞར་བྱུང་སྟོང་ཉིད་ཉི་ཤུ་པོའི་མཇུག་བསྡུ་བ་གཉིས། དང་པོ་ལ། དངོས་པོ་སྟོང་པ། དངོས་མེད་སྟོང་པ། རང་གི་ངོ་བོས་སྟོང་པ། གཞན་གྱི་ངོ་བོས་སྟོང་པ་བཞི། དང་པོ། དངོ༷ས་པོ༷འི་སྒྲས༷་ནི༷་མདོ༷ར་བསྡུ༷་ན་ཕུང༷་པོ༷་ལྔ་རྣམ༷ས་བརྗོ༷ད་པ༷་ཡི༵ན་པ། དེ༷་རྣ༷མས་དངོས་པོ་དེ༷་ཡི༷ས་སྟོང༷་ཉིད༷་གང༵་ཡིན་དེ༷་དངོ༷ས་པོ་སྟོང༷་པ༷་ཉིད༷་དུ༷་བཤ༵ད་དོ། །གཉིས་པ། མདོ༷ར་བསྡུ༷ས་ན༷་ནི༷་དངོ༷ས་པོ༷་མེ༷ད་པ༵་ནི་འདུ༷ས་མ༷་བྱས༷་ཀྱི་ཆོ༷ས་རྣམ༷ས་ཏེ་ནམ་མཁའ་ལ་སོགས་པ་རྣམས་ལ༷་བརྗོ༵ད་ལ། དེ༷་ཉིད༷་དངོ༷ས་མེ༷ད་དེ༷ས་སྟོང༷་པ༷་ཉིད༵་དེ་ནི་དངོ༷ས་པོ༷་མེ༷ད་པ༷་སྟོང༷་པ་ཉིད༷་དོ༵། །གསུམ་པ། ཆོས་རྣམས་ཀྱི་ར༷ང་བཞི༷ན་དེ་ཡང་ངོ༷་བོ༷་ཉིད༷་མེ༷ད་པ་ནི༵། རང༷་བཞི༷ན་ཞེ༷ས་བྱ༷་བའི༷་སྟོང༷་ཉིད༷་དེ༷། རང་བཞིན་རང་བཞིན་གྱིས་སྟོང་པར་འགྲེལ་བར་བྱེད་ཅིང་དེ་ལ་རང་བཞིན་ཅི་ཞེ་ན་འདི༷་ལྟར༷་རང༷་བཞི༷ན་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་སུས་ཀྱང་མ༷་བྱས༷་པ༵ས། རང༷་བཞི༷ན་ཞེ༷ས་ནི༷་བྱ༷་བ༷ར་བསྙད༷་དོ། །བཞི་པ། སང༷ས་རྒྱས༷་རྣམ༷ས་ནི་འབྱུང༷་བ༷འམ༵།
མ༷་བྱུང༷་ཡ༷ང་རུང༷་དངོ༷ས་སུ༷་ན༵་སྟེ། རང་བཞིན་གྱིས་དངོ༷ས་པོ༷་ཀུན༷་གྱི༷་སྟོང༷་པ༷་ཉིད༵་ལ་གཞ༷ན་གྱི༷་དངོ༷ས་པོ༷ར་ར༷བ་ཏུ་བསྒྲག༷ས་ལ། དེའི་མིང་གཞན་ཡ༷ང་ད༷ག་མཐའ༷་ད༷ང་དེ༷་བཞི༷ན་ཉིད༵་དེ༷་གཞ༷ན་གྱི་དངོ༷ས་པོའི༷་སྟོང༷་ཉིད༷་དོ༵། །གཞན་གྱི་དངོས་པོ་ཞེས་པ་དངོས་པོ་ཀུན་གྱི་རང་བཞིན་སྟོང་ཉིད་ལ་ཟེར། ཟེར་དོན་རང་འགྲེལ་ལས། ཕལ་པ་ལས་མཆོག་ཏུ་བྱུང་བའི་གཞན་གྱི་དངོས་པོའམ། རྣམ་པ་གཅིག་ཏུ་སོ་སྐྱེས་མི་ཤེས་ཤིང༌། དེ་ལས་གཞན་ཡེ་ཤེས་ཕུལ་དུ་བྱུང་བའི་རྟོགས་བྱའི་དངོས་པོའམ། ཡང་ན་ཕ་རོལ་ཏེ། འཁོར་བ་ལས་འདས་པའི་ཕྱིར་གཞན་གྱི་དངོས་པོ་ཞེས་སུ་བསྒྲགས་ཞེས་སོ། །དེ་དེ་ག་རང་གི་སྟོང་པ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་བཞི་པོ་དེས་ཀུན་བསྡུས་ཏེ་སྔ་མ་གཉིས་ཀྱིས་ཆོས་ཀུན་དང༌། ཕྱི་མས་དངོས་པོའི་རང་བཞིན་སྟོང་ཉིད་སོགས་དང་ཕྱི་མའི་ཕྱི་མས་དོན་དམ་པ་སྟོང་ཉིད་སོགས་བསྡུས་པའི་ཕྱིར། དེ་ལ་ཕྱི་མས་དངོས་པོ་བཅད་ནས་གཞན་དུ་སྣང་བ་དགག་སྟེ། རང་བཞིན་ནི་ཁོ་རང་ཙམ་ལས་དགག་བྱ་དོར་བའི་འཛིན་སྟངས་ཕལ་ཆེར་འདྲ་ལ། དང་པོ་གཞི་དང༌།གཉིས་པ་ལམ་དུས་འདྲ་བ། དེ་ལྟ་བུའི་སྟོང་ཉིད་དེ་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་དབྱེ་བ་ཁོ་ན་ཡིན་ནོ། །གཉིས་པ་མཇུག་བསྡུ་བ། ཤེས༷་ར༷བ་ཕ༷་རོ༷ལ་ཕྱིན༷་ཚུལ༷་རྒྱལ་བའི་ཡུམ་ལས༷། སྟོང་ཉིད་ཉི་ཤུ་པོ་དེ༷་ད༷ག་དེ་སྐད་ར༷བ་ཏུ་བསྒྲག༷ས་སོ༷། །གསུམ་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི། དེ༷་ལྟར༷རྣམ་པར་དཔྱད་པ་ལས་བྱུང་བའི་བློ༷་གྲོ༷ས་ཀྱི་ཟེར་གྱིས་དེ་ཁོ་ན་ཉིད་ཀྱི་སྣང༷་བ༷་གས༷ལ་བར༷་བྱས༷་པ༷འི་རྒྱལ་སྲས་དེས།
ར༷ང་གི་ལག༷་ན༷་གན༷ས་པའི༷་སྐྱུ༷་རུ་ར་རློན་པ་ཕྱི་ནང་མི་སྒྲིབ་པར་མངོན་སུམ་གསལ་བ་བཞི༷ན་དུ། སྲིད༷་པ༷་གསུམ༷་པོ༷་འདི༷་ད༷ག་མ༷་ལུ༷ས་པ་གདོ༷ད་ནས་སྐྱེ་བ་མེད༵་པར༵། རྟོག༵ས་ཏེ༷་དོན་དམ་པར་འཇུག་བྱ་འཇུག་བྱེད་མེད་ཀྱང་ཐ༷་སྙད༷་བདེ༷ན་པའི༷་སྟོབ༷ས་ཀྱིས༷་འགོག་པར༷་འགྲོ༷་བ་སྟེ་སྙོམས་པར་འཇུག་གོ །དེ་ནི་རྟག༷་ཏུ༷་འགོ༷ག་པ༷ར་གཏོགས་པའི༷་བས༷མ་པ་དང་ལྡ༷ན་པ་ཡི༷ན་མོ༷ད་ཀྱི༷་ཞེ༷ས་རྟག་ཏུ་འགོག་པ་ཡང་དག་པའི་མཐའ་ལ་གཏོགས་པ་སྟེ་སྤྱོད་ལམ་ཐམས་ཅད་དུ་ཆོས་ཉིད་དང་བློ་ཉེ་བ་ཡིན་ནོ། །དེ་ལྟ་ན་འགོ༷ག་པའི་ནུས་པས་སེམས་ཅན་འདོར་རམ་ཟེར་ན་མིན་ཏེ། འགོག་པ་ཕུལ་དུ་བྱུང་བའི་བློ་ལ་ནུས་པ་ཐོབ་པ་དེ་ལྟར། དེའི་ཀུན་རྫོབ་ཡོན་ཏན་རྣམས་ཀྱང་ཆེས་ལྷག་པར་རབ་ཏུ་འབར་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་འགྲོ༷་བ༷་མགོ༷ན་མེ༷ད་པ༷་ལ༷་སྙིང༷་རྗེ༷འང༷་སྐྱེད་པར༷་བྱེད༵་དེས་ན་སྦྱོར་བ་འཁོར་བར་གཏོགས་པ་ཡིན་ལ། དེ༷་གོ༷ང་ས་བདུན་པར་བདེ༷་བར་གཤེ༷གས་པའི་གསུ༷ང་ལས་སྐྱེས༷་པ་ཉན་ཐོས་དང་སང༷ས་རྒྱས༷་འབྲིང༷་རང་རྒྱལ་བཅ༷ས་ནི༷་མ༷་ལུས༷་པ༷་རྣམས་བློ་ཡི༷ས་ཕ༷མ་པ༷ར་བྱེད༷་པ༷འང༷་ཡི༵ན་ནོ། །རྒྱ་ཆེ་བ་ཀུན༷་རྫོ༷བ་དང་ཟབ་པ་དོན་དམ་དེ༷་ཁོ་ན་ཉིད་ཀྱི་གཤོ༷ག་ཁྱོན་ཡང༷ས་ཤིང་མདོག་དཀ༷ར་པོ༷་རྒྱས༷་པར་གྱུར༷་པ༷། ངང༷་བ༷འི་རྒྱལ༷་པོ་ལྟ་བུ་ས་དྲུག་པ་དེ༷་ནི༷་རང་གི་གདུལ་བྱའི་སྐྱེ༷་བོ༷འི་ང༷ང་བ༷་ཡི༷ས་མདུན༷་དུ༷་བད༷ར་ན༷ས་ཚོགས་གཉིས་དགེ༷་བའི༷་ང༷་གི༷་ཤུག༷ས་ཀྱི་སྟོབ༷ས་ཀྱིས༵། རྒྱལ༷་བའི༷་ཡོ༷ན་ཏན༷་ཟད་མི་ཤེས་པ་མུ་མཐའ་བྲལ་བའི་རྒྱ༷་མཚོ༷འི་ཕ༷་རོ༷ལ་མཆོ༷ག་ཏུ༷་མྱུར་བར་འགྲོ༷་བར་འགྱུར་རོ། །དབུ༷་མ༷་ལ༷་འཇུ༷ག་པ༷་ལ༷ས། དོན་དམ་པའི་སེ༷མས་བསྐྱེད༷་པ༷་དྲུག༷་པ༷་བཤད་པའོ༷། །
༈ གསུམ་པ་རིང་དུ་སོང་བ་སོགས་བཞི་བཤད་པ་ལ། ས་བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་བཤད་པ་བཞི། དང་པོ། ས་བདུན་པ་རི༷ང་དུ༷་སོ༷ང་བ༷་འདི༷ར་ནི༵། བྱང་སེམས་འདི་ནི་སེམས་ཀྱི་སྐད༷་ཅི༷ག་ད༷ང་སྐད༷་ཅི༷ག་ལ༷་ནི༷་འགོ༷ག་པ༷ར་སྙོམས་པར་འཇུག༷་ལྡང་དུ་བྱེད་པར་འགྱུར༷་ཞི༷ང༌། འགོག་པ་མངོན་དུ་བྱས་ཞེས་མི་བྱ་སྟེ།ས་དེར་ཐབ༷ས་མཁས་ཀྱི༷་ཕ༷་རོ༷ལ་དུ་ཕྱིན༷་པ་ལེ༷གས་པར་འབ༷ར་བ༷འང༷་འཐོ༷བ་པའི་ཕྱིར་རོ། །ཐབས་ནི་བྱང་ས་ལས་དྲུག་ཚན་གཉིས་གསུངས་པའི་དང་པོ།སངས་རྒྱས་ཀྱི་ཆོས་འགྲུབ་པ་ལས་བརྩམས་པའི་ཐབས་མཁས་དྲུག་ནི། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བར་༡ལྟ་བ། འདུ་བྱེད་ཐམས་ཅད་ཀྱི་རང་བཞིན་༢ཇི་ལྟ་བར་ཤེས་པ། བླ་མེད་༣ཀྱི་ཡེ་ཤེས་འདོད་པ། འཁོར་བ་མི་གཏོང་༤བ།ཉོན་མོངས་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བར་འཁོར་༥བ། བརྩོན་འགྲུས་འབར་༦བའོ། །གཉིས་པ་ཕྱི་སེམས་ཅན་སྨིན་པར་བྱ་བ་ལས་བརྩམས་པའི་ཐབས་མཁས་དྲུག་ནི། སེམས་ཅན་གྱི་དགེ་རྩ་ཆུང་ངུ་ཡང་འབྲས་བུ་ཚད་མེད་པར་སྒྱུར་བར་བྱེད་པ་དང༌། དེ་བཞིན་དུ་ཚེགས་ཆུང་ངུས་དགེ་རྩ་ཆེན་པོ་སྒྲུབ་པ་དང༌། བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་སེལ་བར་བྱེད་པ་དང༌།བསྟན་པ་ལ་ཡིད་བར་མར་གནས་པ་རྣམས་དེ་ལ་འཛུད་པ་དང༌། ཞུགས་པ་རྣམས་སྨིན་པར་བྱེད་པ་དང༌། སྨིན་པ་རྣམས་གྲོལ་བར་བྱེད་པའོ། །འགྲེལ་བར་ཤེས་རབ་དེ་ཉིད་རྣམ་པ་ཁྱད་པར་དུ་ཞུགས་པ་ལ། ཐབས། སྨོན་ལམ།སྟོབས། ཡེ་ཤེས་ཞེས་བྱ་ལ། རབ་ཏུ་རྣམ་འབྱེད་ཀྱི་སྐབས་ཁོ་ནར། ཤེས་རབ་ཕར་ཕྱིན་ཅེས་བརྗོད་ཀྱི་གཞན་དུ་ནི་མིན་ནོ་ཞེས་ཤེར་ཕྱིན་ཁྱད་ཞུགས་པ་ཕར་ཕྱིན་ཕྱི་མ་བཞིར་བཞག་པས། འདིར། ཐབས་འཕགས་པའི་རྟེན་འབྱུང་གིས་ཤེར་ཕྱིན་ཁྱད་ཞུགས་པ་གནད་འདྲའོ། །དབུ༷་མ༷་ལ༷་འཇུག༷་པ༷་ལས༵། དོན་དམ་པའི་སེ༷མས་བསྐྱེད༷་པ་བདུ༷ན་པ༷་བཤད་པ༷འོ༵། །
༈ གཉིས་པ་ལ། ས་བརྒྱད་པ་ཐོབ་ཚུལ། ས་དེར་སྨོན་ལམ་གྱི་ཕར་ཕྱིན་ལྷག་ཚུལ། ས་དེའི་ཡོན་ཏན་གྱི་ཁྱད་པར་བསྟན་པ་དང་གསུམ། དང་པོ་ནི། ཡང༷་ཡ༷ང་སྔར༷་ས་བདུན་པ་མན་ཆད་ཀྱིས། ད༷གེ་བ་ལ༷ས་ལྷག༷་པ་ཐོབ༷་བྱའི༷་ཕྱིར༵། གང༷་དུ༷་མི༷་སྐྱེའི་ཆོས་ལ་བཟོད་པ་ཐོབ་པས་བྱང་ཆུབ་ལས་ཕྱིར༷་མི༷་ལྡོག༷་པ༷་ཉིད༷་འགྱུར༷་བ༵་ས་བརྒྱད་པ་མི༷་གཡོ༷་བ་དེ༷་ལ༷་བྱང་སེམས་བད༷ག་ཉིད༷་ཆེ༷་དེ༷་འཇུ༵ག་པར་འགྱུར་ཏེ། དཔེར་ན། རྒྱ་མཚོར་མ་ཕྱིན་པར་གྲུ་ཆེད་དུ་བསྐྱོད་དགོས། ཕྱིན་ནས་ཆེད་དུ་མ་བསྐྱོད་པར་སྔར་གྱི་ལོ་བརྒྱར་འབད་པའི་ས་ལྟ་བུ་འདིར་ཉིན་ཞག་གིས་ཆོད་པ་དེ་བཞིན་དུ། བྱང་སེམས་སྤྱོད་པའི་རྒྱ་མཚོར་ཕྱིན་ནས། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཡུད་ཙམ་ཞིག་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ཙམ་གནོན་པ་དེ་ནི། སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱིས་བསྐལ་པ་འབུམ་དུ་ཡང༌། དེ་སྙེད་དུ་དཔག་ཏུ་མེད་པ་གནོན་པར་མི་ནུས་ཞེས་སོ། །སྔར་ས་བདུན་པ་མན་ཆད་ཆེད་དུ་འབད་རྩོལ་དང་བཅས་པ་ལ། འདིར་ངང་གིས་འབད་མེད་དུ་རྣམ་མཁྱེན་དུ་འཇུག་པ་སྟེ། མི་ཆུས་ཁྱེར་བ་ཆེད་དུ་མ་བསྐྱོད་པར་རྒྱ་མཚོར་འགྲོ་བ་ལྟར་ཡིན་པས། མ་འབད་ཀྱང་ངང་གིས་རྣམ་མཁྱེན་དུ་ཕྱིན་པ་ལ་ཅུང་ཟད་ཀྱང་མི་ལྡོག་པའི་ཆ་ནས་ཕྱིར་མི་ལྡོག་ཅེས་པ་སྟེ།
སྤྱིར་དོན་དམ་མཐོང་བར་ནུས་པའི་བློ་ལ་བཟོད་པ་ཟེར་ལ། ཟབ་མོའི་རྣམ་པ་དང་རྗེས་སུ་མཐུན་པ་སྦྱོར་ལམ་བཟོད་པ། མངོན་སུམ་མཐོང་ལམ་བཟོད་འབྲིང༌། ཡུལ་དང་ཡུལ་ཅན་གཉིས་སྣང་གཡོ་རྩོལ་རགས་པ་ནུབ་པས་བཟོད་པ་ཆེན་པོ་ས་བརྒྱད་པ་ཞེས་བྱའོ། །གཉིས་པ། འདི༷་ཡི༷ས་སྔར་ས་དང་པོ་ནས་བཏབ་པའི་སྨོ༷ན་ལ༷མ་མི་མཐུན་པའི་ཕྱོགས་ཤི༷ན་ཏུ་དག༷་པར་འགྱུར༷་ཞི༵ང༌། སྨོན་ལམ་འབུམ་ཕྲག་གྲངས་མེད་བཅུ་པོ་དེ་དག་འདིར་ཡོངས་སུ་དག་པར་འགྱུར་བས། སྨོན་ལམ་གྱི་ཕར་ཕྱིན་ཆེས་ལྷག་པར་འགྱུར་རོ། །བྱང་སེམས་མི་གཡོ་བའི་སར་གནས་འདི་ནི་གཞོན་ནུའི་སར་བཞག་སྟེ། དགུ་པ་ནི་རྒྱལ་ཚབ་ཐོབ་ལ། བཅུ་པ་འཁོར་སྒྱུར་ལྟར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་རོ། །གསུམ་པ་ལ། སྲིད་པ་འགགས་པའི་ཡོན་ཏན་དང༌། འགགས་ཀྱང་སྲིད་པར་སྤྲུལ་པ་སྟོན་པའི་ཡོན་ཏན་གཉིས།དང་པོ་ལ། སྲིད་པར་མཚམས་སྦྱོར་བ་ཡོངས་སུ་སྤངས་ཀྱང་སྲིད་པར་རྣམ་རོལ་སྟོན་པའི་ཆོས་ཐོབ་པར་དེ་བཞིན་གཤེགས་པས་བསྐུལ་བ་དང༌། དྲི་མ་ཡོངས་སུ་སྤང་བའི་ཡོན་ཏན་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་འགོག་པ་ལ་ཞུགས་པ་དེ། སྔོན་སྨོན་ལམ་དང༌། ཆོས་སྒོའི་རྒྱུན་ལ་གནས་པས་རྒྱལ༷་བ༷་རྣམ༷ས་ཀྱིས༷་འགོ༷ག་པ་ལས༷་སློང༷་བར༷་ཡང་མཛ༷ད་དེ། ཇི་ལྟར་ན། རི༷གས་ཀྱི་བུ་ལེགས་སོ་སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ། འདི་ནི་དོན་དམ་པའི་བཟོད་པའང་ཡིན་ན།
འོན་ཀྱང་རིགས་ཀྱི་བུ་གང་ངེད་ཀྱི་སྟོབས་བཅུ།མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་པས། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར། སྦྱོར་བར་བྱོས་ཤིགབརྩོན་འགྲུས་རྩོམས་ཤིགབཟོད་པའི་སྒོ་འདི་ཉིད་ཀྱང་མ་དོར། རིགས་ཀྱི་བུ། ཁྱོད་དེ་ལྟར་ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ཐོབ་ཀྱང༌། སོ་སྐྱེ་ཉོན་མོངས་པའི་དབང་དུ་གྱུར་པ་རྣམས་ལ་སོམས་ཤིག་གཞན་ཡང་སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་དོན་ཐོབ་པར་བྱ་བ་དང༌། ཡེ་ཤེས་ཀྱི་སྒོ་བསམ་མི་ཁྱབ་པ་དྲན་པར་གྱིས་ཤིག་ཆོས་ཉིད་ཙམ་ནི་དེ་ཉན་རང་ལ་ཡང་ཐོབ་པ་ཡོད་དོ་ཞེས་པས་བསྐུལ་བ་ཆོས་ཉིད་དེ། དེ་སྨོན་ལམ་དང་ཟུང་འཇུག་གི་ཆོས་ཉིད་ཀྱིས། འགོག་པ་དང་རོ་མཉམ་པའི་ཡེ་ཤེས་བྱ་རྩོལ་བྲལ་བ་ཐོབ་ཀྱང༌། ཕྱི་ནང་གི་ཡོངས་འཛིན་གྱིས་འགོག་པ་ཙམ་མངོན་དུ་མི་བྱེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་འགོག་པ་ལས་སློང་བ་དེ་ཉིད་ཀྱི་ཕྱིར་འདིའི་ཆག༷ས་པ༷་མེ༷ད་པ༷འི་བློ༷་ཡེ་ཤེས་ནི༷་ཆགས་སོགས་ཉོན་མོངས་སྐྱོ༷ན་རྣམ༷ས་ད༷ག་ད༷ང་ལྷན༷་ཅི༷ག་མི༷་གན༷ས་ཕྱིར༵། ས༷་བརྒྱད༷་པ༷་ལ༷རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས། ཉོན་མོངས་པ་ཁམས་གསུམ་ན་སྤྱོད་པའི་དྲི༷་མ༷་དེ༷་ད༷ག་རྩ༷་བ་དང་བཅ༷ས་པ་ཉེ༷་བར༷་ཞི༷་བར་འགྱུར༷་ཞིང༵༌། དེ་ལྟར་ཉོན༷་མོ༷ངས་ཐམས་ཅད་ཟ༷ད་ཅི༷ང༌། ཁམས་གསུམ་ལས་འདས་པར་གྱུར་པ་དེ་ནི་ས༷་གསུམ༷་གྱི་བླ༷་མ༷ར་གྱུར༷་ཀྱང༌། ད་རུང་སང༷ས་རྒྱས༷་རྣམས་ཀྱི༷་ནི༵་ཡོན་ཏན་གྱི་འབྱོར༷་བ༷་མཁ༷འ་ལྟར༷་མཐ༷འ་དང་བྲལ༷་བ་མ༷་ལུས༷་པ་འཐོ༷བ་པ༷ར་ནུས་པ་མ༷་ཡི༵ན་ནོ། །
གཉིས་པ་འོ་ན་སྐྱེ་བ་འགགས་པས་འདིས་སངས་རྒྱས་ཀྱི་ཆོས་ཇི་ལྟར་རྫོགས་པར་བྱེད་ཟེར་ན། འཁོ༷ར་བ༷་འག༷གས་ཀྱང༷་ས་འདིར་དབ༷ང་རྣམ༷ས་བཅུ་པོ༷་ཐོབ༷་པར་འགྱུར༷་ཞིང༷་དབང་བཅུ་པོ་དེ༷་ད༷ག་གིས༵། བྱང་སེམས་དེས་དཔལ་ཕྲེང་གི་མདོར་བཤད་པ་ལྟར་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྲི༷ད་པ༷འི་འགྲོ༷་བ༷ར་རང༷་གི་བད༷ག་ཉིད་ཀྱི་ལུས་སོགས་སྣ༷་ཚོ༷གས་སྟོན༷་པར༷་བྱེད༷་པར༷་འགྱུར༵་རོ། །དེ་ཡང་དབང་བཅུ་ནི་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚེ་ཚད་བྱིན་གྱིསོ་བ༷ས་པས་ཚེ་ལ་དབང་བ་ཐོབ་བོ། །ཏིང་འཛིན་ངེས་པར་སེམས་པ་དཔག་ཏུ་མེད་པའི་ཡེ་ཤེས་འཇུག་པས་སེམས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་བཀོད་པ་དུ་མས་བརྒྱན་པའིབྱིན་བས་སྟོན་པས་ཡོ་བྱད་ལ་དབང་བ་དང༌། ལས་ཀྱི་རྣམ་སྨིན་བྱིན་གྱིས་རླབས་ཀྱིས་དུས་ཇི་ལྟ་བ་བཞིན་སྟོན་པས་ལས་ལ་དབང་བ་དང༌། འཇིག་རྟེན་ཀུན་ཏུ་སྐྱེ་བ་སྟོན་པས་སྐྱེ་བ་ལ་དབང་བ་དང༌། སངས་རྒྱས་ཀྱི་ཞིང་དང་དུས་གང་དུ་ཇི་ལྟར་འདོད་པ་བཞིན་བྱང་ཆུབ་པར་སྟོན་པ་སྨོན་ལམ་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཀུན་ཏུ་སངས་རྒྱས་ཀྱིས་གང་བར་མོས་པ་ལྟར་སྟོན་ནུས་མོས་པ་ལ་དབང་བ་དང༌། ཞིང་ཀུན་ཏུ་རྫུ་འཕྲུལ་གྱི་རྣམ་པར་རོལ་བ་ཀུན་ཏུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་དང༌། དེ་བཞིན་གཤེགས་པའི་སྟོབས་མི་འཇིགས་མ་འདྲེས་མཚན་དཔེ་མངོན་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པ་ཡེ་ཤེས་ལ་དབང་བ་དང༌། མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་ཏུ་སྟོན་པས་ཆོས་ལ་དབང་བ་ཐོབ་བོ། །
དེ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་ཞེས་པ། ཡིད་འདོད་པ་ཙམ་གྱིས་གར་ཡང་ཕྱིན་ཅིང༌། གར་ཡང་ཐོགས་པ་མེད་པ་ལྟར་འདིར་ཡང་དེ་དང་འདྲ་བས་སོ། །དབུ༷་མ༷་ལ༷་འཇུ༷ག་པ༷་ལ༵ས། སེ༷མས་བསྐྱེད༷་པ༷་བརྒྱད་པ་བཤད་པའོ༷། །༈ གསུམ་པ། དགུ༷་པ༷་ལ༷་ནི༷་དེའི༷་སྟོབ༷ས་ལྟ༷་ཞི༷ག་སྟེ་སྟོབས་ཀྱི་ཕར་ཕྱིན་མཐའ༷་ད༷ག་ཡོངས་སུ་རྫོ༷གས་པར་དག༷་པར༷་འགྱུར༷་ཞི༵ང༌། དེ་ལ་སྟོབས་བཅུ་ནི། བསམ་པའི་སྟོབས་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་མེད་༼༡༽པ། ལྷག་བསམ་ནི་ཡེ་ཤེས་ཡོངས་སུ་སྦྱོང་བ། གཟུངས་ནི་ཆོས་མི་བརྗེད་པ། ཏིང་འཛིན་རྟག་ཏུ་རྣམ་གཡེང་མེད་པ། ཡང་དག་འབྱོར་པའི་སྟོབས་༼༢༽མཐའ་ཡས་པའི་འཇིག་རྟེན་གྱི་སྤྱོད་པ་རྣམ་པར་དབྱེ་མཁས་པ། དབང་སྟོབས་ཡིད་ལ་རེ་བ་རྫོགས་༣པ། སྤོབས་པའི་སྟོབས་དང་སངས་རྒྱས་ཀྱི་ཆོས་ཀུན་རྣམ་དབྱེ་༤མཁས་པ། སྨོན་ལམ་གྱི་སྟོབས་སངས་རྒྱས་ཀུན་༼༥༽གྱི་སྤྱོད་པ་ལ་སྦྱོར་བ་མི་གཏོང་བ། ཕར་ཕྱིན་གྱི་སྟོབས་༼༦༽བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སྨིན་དང༌། སེམས་ཅན་སྨིན་པ་སེམས་ཅན་ཐམས་ཅད་ལ་ཕན་སྤྱོད་མི་གཏོང་བའོ། །བྱམས་པའི་སྟོབས་༼༧༽སེམས་ཅན་ཀུན་སྐྱོབས་པའི་སྦྱོར་བ་མི་གཏོང་བ། སྙིང་རྗེའི་སྟོབས་༼༨༽སེམས་ཅན་ཀུན་གྱི་སྡུག་བསྔལ་སེལ་བར་བྱེད་པ།
ཆོས་ཉིད་ཀྱི་སྟོབས་༼༩༽སྒྱུ་མ་ལྟ་བུ་སོགས་ཀྱི་ཆོས་ཉིད་མངོན་དུ་བྱེད་པ། དེ་བཞིན་གཤེགས་པ་ཀུན་གྱི་བྱིན་གྱིས་བརླབས་པའི་སྟོབས་༼༡༠༽ནི་རྣམ་མཁྱེན་ཡེ་ཤེས་ལ་མངོན་དུ་ཕྱོགས་པའོ་ཞེས་དེ་ལྟར་མདོ་སྡེར་བཤད་པའི་སྟོབས་རྣམས་སོ། །དེ༷་བཞི༷ན་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་པ་ནི་ཆོས་དང༌། ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་པ་ནི་དོན་དང༌། ཆོས་རྣམས་མ་འདྲེས་པར་སྟོན་པ་རབ་ཏུ་ཤེས་པ་ནི་ངེས་ཚིག་དང༌། ཆོས་རྣམས་ཀྱི་མཐུན་པའི་རྒྱུ་རྒྱུན་ཆད་པ་མེད་པ་རབ་ཏུ་ཤེས་པ་སྤོབས་པ་སྟེ་སོ་སོ་ཡང༷་ད༷ག་རི༷ག་པའི་ཆོ༷ས་བཞི་པོ་ར༷ང་རང་གི༷་ཡོ༷ན་ཏན༷་ཡོ༷ངས་སུ༷་ད༷ག་པ༷འང༷་འཐོ༵བ་བོ། །དབུ༷་མ༷་ལ༷་འཇུག༷་པ༷་ལས༵། དོན་དམ་སེམས༷་བསྐྱེད༷་པ༷་དགུ་པ་བཤད་པ༷འོ༵། །
༈ བཞི་པ་ས་བཅུ་པ་ལ། ས་དེའི་ཁྱད་པར་གྱི་ཡོན་ཏན། ཡེ་ཤེས་ཀྱི་ཕར་ཕྱིན་དག་ཚུལ། སའི་ངེས་ཚིག་དང་མཐུན་པའི་ཡོན་ཏན་གསུམ། དང་པོ། བཅུ༷་པའི༷་ས༷་ལ༷་གནས་པའི་བྱང་སེམས་དེ༷་ཡི༷ས་ཕྱོགས་བཅུ༷་ཀུན༷་ནས༷་སང༷ས་རྒྱས༷་རྣ༷མས་ལས༷་འོད་ཟེར་ཆེན་པོའི་དབ༷ང་བསྐུར༷་བ༵། ད༷མ་པ༷་འཐོབ༷་ཅིང༷་བྱང་སེམས་འདིས་ཏིང་འཛིན་གྲངས་མེད་འབུམ་ཕྲག་བཅུ་ཐོབ་པའི་ཐ་མ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །དེ་མ་ཐག་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེའི་པདྨ་རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྤྲས་པ་ཞེས་བྱ་བ་ནས། སྟོང་གསུམ་འབུམ་ཕྲག་བཅུར་ཚང་བའིརྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨའི་འཁོར་དང་ལྡན་པ་འབྱུང་སྟེ། བྱང་སེམས་དེའི་ལུས་དེ་དང་འཚམས་པར་འདུག་གོ །ཏིང་ངེ་འཛིན་དེ་ཐོབ་མ་ཐག་པདྨ་དེ་ལ་འདུག་པར་སྣང་ངོ༌། །དེ་དེ་ལ་འདུག་པ་དང༌། སངས་རྒྱས་རྣམས་ཀྱི་ཞིང་ཀུན་ནས་གདན་འཛོམ་པ་རྣམས་ཀྱི་མཛོད་སྤུ་ནས། འོད་ཟེར་ཕྱུང་ནས་བྱང་སེམས་དེ་ལ་དབང་བསྐུར་བར་མཛད་དོ་ཞེས་ས་བཅུ་པ་བཞིན་ནོ། །ཞེས་སོ། །གཉིས་པ། ཡེ༷་ཤེ༷ས་ཀྱི༷་ཕར་ཕྱིན་ལྷག༷་པར༷་མཆོག༷་ཏུ༷་བྱུང༷་བ༷ར་གྱུར༷་པ༷འང༷་ཡི༷ན་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་ཁྱད་པར་ཁ་ཕྱི་ནང་གཉིས་སྣང་ཡོད་མེད་ཟེར་ཀྱང༌། བྱང་ས་ལས། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་རྣམ་པར་བཞག་པ་ཤེས་པ་ཡེ་ཤེས་ཀྱིས་ཕར་ཕྱིན་ནོ། །དོན་དམ་འཛིན་པ་ཤེས་རབ། ཀུན་རྫོབ་འཛིན་པ་ཡེ་ཤེས་ཞེས་གསུངས་པ། དོན་ལ་དོན་དམ་རྐྱང་པ་མིན་པར་ཀུན་རྫོབ་དང་རོ་གཅིག་པའི་དོན་དམ་འཛིན་པ་སྟེ་གཉིས་སྣང་ནུབ་ཅིང་རྣམ་པར་འབྱེད་པ་མེད་པ་རོ་གཅིག་པའོ། །དེ་ནི་ཤེས་རབ་ཀྱི་འབྲས་བུའོ། །གསུམ་པ། དཔེ་འཇིག་རྟེན་ན་ཆ༷ར་སྤྲི༷ན་རྣམ༷ས་ལ༷ས་ཆུ་ཡི་ཆ༷ར་སིམ་པར་འབ༷བས་པ༷་ཇི༷་ལྟར༷་དོན་དེ༷་བཞི༷ན་དུ་འགྲོ༷་བ་རྣམ༷ས་ཀྱི༷། རྒྱུད་ཀྱི་ད༷གེ་བའི༷་ལོ༷་ཏོག༷་བཟང་པོ་ཕན་བདེའི་འབྲས་བུ་ཅན་བསྐྱེད་པའི་ཆེད༷་དུ༷་རྒྱལ༷་སྲས༷་ས་བཅུ་པ་བདག་ཉིད་ཆེན་པོ་དེ་ལ༷ས་ཀྱང༷་འབད་རྩོལ་མེད་པར་ལྷུན༷་གྲུབ༷་ཀྱི་ཚུལ་དུ་དམ་པའི་ཆོ༷ས་ཀྱི་ཆ༷ར་འབ༷བ་པར་འགྱུར་བས་ཆོས་ཀྱི་སྤྲིན་ཞེས་བྱའོ། །དབུ༷་མ༷་ལ༷་འཇུ༷ག་པ༷་ལ༵ས། དོན་དམ་པའི་སེམ༷ས་བསྐྱེད༷་པ༷་བཅུ༷་པ་བཤད་པ༷འོ༵། །
གཉིས་པ་སའི་ཡོན་ཏན་ལ། ས་དང་པོར་བྱུང་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་བཤད་པ་དང༌། དེས་གཞན་ལ་བསྒྲེ་ཚུལ་གཉིས། དང་པོ། ས་དང་པོ་ཐོབ་པ་དེ༷་ཡི་ཚེ༵་བྱང་སེམས་འདི༷ས་ནི༷་སྐད་ཅིག་ཡུད་ཙམ་གཅིག་ལ་སང༷ས་རྒྱས༷་༡༽བརྒྱ༷་ཡི་ཞལ་མཐོ༷ང་ཞིང༷༌། སངས་རྒྱས་དེ༷་ད༷ག་གིས་རང་བྱིན༷་གྱིས༷་བརླ༷བས་པ་དག་ཀྱང༷་འདི༷་ཡི༷ས་༢༽རྟོག༵ས་པ་སྟེ་ཤེས་སོ། །ས་ཐོབ་པ་དེ༷་ཉིད༷་ཀྱི་ཚེ༷་ན་བསྐལ༷་པ༷་བརྒྱར༷་༣༽གན༷ས་ཤི༷ང་བཞུགས་པར་བྱེད་པ་དང༌། བསྐལ་བ་བརྒྱའི་སྔོན་དང༷་ཕྱི༷་མའི༷་༤༽མཐ༷ར་ཡ༷ང་ཡེ་ཤེས་ཀྱིས་གཟིགས་པ་ཡ༷ང་ད༷ག་འཇུག་ཅིང༌། བློ༷་ལྡ༷ན་རྒྱལ་སྲས་ཏིང༷་ངེ་འཛི༷ན་གྱི་སྒོ་བརྒྱ༷་ཕྲག༷་གཅིག་ལ་སྐད་ཅིག་ལ་སྙོམ༷ས་པར༷་འཇུག༷་༥༽ཅིང༷་དེ༷་ལ༷ས་ལྡང་བའམ་གཏོ༷ང་བར་བྱེད༷་དོ༷། །ཕྱོགས་བཅུའི་འཇི༷ག་རྟེན༷་གྱི་ཁམ༷ས་བརྒྱ༷་འདི༷་ཡི༷ས་རྫུ་འཕྲུལ་གྱིས་ཀུན༷་ན༷ས་༦༽གཡོ༷་ཞི༷ང་འགུལ་བརྡེག་བྱེད་པས་འཇིག་རྟེན་བརྒྱ་འདི་ཡིས་འོད་ཟེར་གྱིས་སྣང༷་༧༽བ༷ར་ནུས༷་པ་དང་དེ༷་བཞི༷ན་དུ་རླབས་པོ་ཆེའི་རྫུ༷་འཕྲུལ༷་གྱིས༷་བྱང་སེམས་དེ༷ས་སེ༷མས་ཅ༷ན་བརྒྱ༷་ཕྲག༷་དུས་གཅིག་རྒྱུད་སྨི༷ན་པར་བྱེད༷་༨༽ཅི༵ང༌། བརྒྱ༷་ཕྲ༷ག་གི་གྲང༷ས་ད༷ང་རྗེ༷ས་སུ་འབྲེལ༷་པ་སྟེ་གྲངས་དང་ལྡན་པའི་སངས་རྒྱས་ཀྱི་ཞི༷ང་ད༷ག་ཏུ༷་ཡང༷་འགྲོ༷་བ༷ར་༩༽འགྱུར༵་བ་དང༌། བྱང་སེམས་དེ༷ས་ནི༷་ཆོ༷ས་ཀྱི༷་སྒོ༷་བརྒྱ་ཕྲག་རྣམ༷ས་ཡ༷ང་ད༷ག་༡༠༽འབྱེད༷་པར་བྱེད༷་པ་དང༌། ཐུབ༷་དབ༷ང་གི་སྲ༷ས་པོ་འདིས། ར༷ང་གི༷་ལུས༷་གཅིག་ལ༷་ལུས༷་བརྒྱ་རྣམ༷ས་ཀུན༷་ན༷ས་སྟོན༷་པ༷ར་༡༡༽བྱེད༷་པ༷འང༷་ཡི༵ན་ལ།
ལུས་དེ་ལ་འཁོར་མེད་པ་མིན་གྱི་ར༷ང་གི༷་འཁོ༷ར་ད༷ང་བཅ༷ས་པ༷འི་མཛེ༷ས་པས་འབྱོར༷་པའི་ལུས༷་ཡིན་ཅིང༌། ལུས་དེ་ནི༷་རེ༷་རེ༷་ཞི༷ང་འཁོར་ཅི་ཙམ་ཞེ་ན། རྒྱལ༷་བའི༷་སྲ༷ས་པོ༷་བརྒྱ་ཕྲ༷ག་རེ་རེ་ད༷ག་ད༷ང་རྗེ༷ས་སུ༷་འབྲེལ༷་༡༢བ༷འང༷་སྟོན༷་པའི་རང་གི་འཁོར་དང་བཅས་པས་མཛེས་ཤིང་འབྱོར་བ་སྟེ་བློ༷་ལྡ༷ན་ས་རབ་ཏུ༷་ད༷གའ༷་བར་གན༷ས་པ༷ས་ཡོ༷ན་ཏན༷་བརྒྱ་ཕྲག་བཅུ་གཉིས་པོ་དེ༷་ད༷ག་ནི༷།ཐོ༷བ་པ༷ར་གྱུར༷་ན༷ས་རབ་ཏུ་དགའ་བ་སྐྱེའོ། །གཉིས་པ་ལ་མ་དག་པའི་ས་ལྷག་མ་དྲུག་ལ་གོང་གི་གྲངས་འགྱུར་གྱིས་བསྒྲེ༷་བ་དང༌། དག་པ་གསུམ་ལ་རྡུལ་གྲངས་ཀྱིས་བསྒྲེ་བ་གཉིས། དང་པོ། བཅུ་གཉིས་པོ་ཐོབ་པ་དེ༷་བཞིན༷་ཁོ༷་ན༷ར་ས་གཉིས་པ་དྲི༷་མ༷་མེ༷ད་པ་ལ་གན༷ས་པས༷་སྔར་གྱི་ཡོན་ཏན་དེ༷་ད༷ག་སྟོང༷་ནི༷་ཡ༷ང་ད༷ག་འཐོ༷བ་པ༷ར་འགྱུར༷་ཏེ་ཡོ༷ན་ཏན་དེ་རྣམས་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་སྟེ་ས༷་ལྔ༷་པོ༷་འདི༷་ད༷ག་རྣམ༷ས་ལ༷་བྱང༷་ཆུ༷བ་སེམ༷ས་དཔ༷འ་ཡི༷ས་ནི༷་གསུམ་པ་པས་འབུམ༷་ཕྲ༷ག་བཅུ་གཉིས་ད༷ང༌། བཞི་པ་པས་བྱེ༷་བ༷་ཕྲ༷ག་བརྒྱ༷་འཐོ༷བ་ཅི༷ང༌། ལྔ་པ་དེ༷་ཡི༷ས་བྱེ༷་བ༷་སྟོང༷་འགྱུར༷་ཐོ༵བ་ལ། དེ༷་ན༷ས་ས་དྲུག་པ་པས་བྱེ༷་བ༷་བརྒྱ༷་ཕྲ༷ག་སྟོ༷ང་འགྱུར༷་ཡ༷ང་སྟེ་བྱེ་བ་འབུམ་ཕྲག་བཅུ་གཉིས་འཐོབ། བདུན་པ་པས་བྱེ༷་བ༷་ཕྲག༵་ཁྲ༷ག་ཁྲིག༷་ཕྲག༷་འབུམ་ཕྲག་བཅུ་གཉིས་འཐོབ་པ་སྟེ་བརྒྱད༷རྫོ༷གས་པར༷་བསྒྱུར༷་ད༷ང་སླར༷་ཡང༷་སྟོང་ཕྲག༷་ཏུ༷། ཡ༷ང་ད༷ག་པར༷་ནི༷་བསྒྱུར༷་བ༷་ནི་འབུམ་ཡིན་པས་མཐའ༷་དག༷་རབ༷་ཏུ༷་འཐོ༷བ་པ༷ར་འགྱུར༷་རོ། །གཉིས་པ་ལ།བརྒྱད་པའི་ཡོན་ཏན། དགུ་པའི་ཡོན་ཏན། བཅུ་པའི་ཡོན་ཏན་གསུམ། དང་པོ།
ས་བརྒྱད་པ་ནས་ཡོན་ཏན་དེ་རྣམས་གྲངས་ཀྱི་གནས་ཀྱིས་བགྲངས་མི་ནུས་པས། རྡུལ་ཕྲན་རྣམས་ཀྱིས་བགྲངས་བར་བཤད་པས། མི༷་གཡོ༷འི་ས༷ར་གན༷ས་པ་སྤྲོས་པའི་རྣམ༷་རྟོག༷་མེ༷ད་པ༷་དེས༷། སྟོང༷་གསུམ༷་གྱི་འཇིག་རྟེན་གྱི་ཁམས་བརྒྱ༷་ཕྲག༷་སྟོང༷་བསྡོམ༷ས་པ་སྟེ་སྟོང་ཆེན་འབུམ་ཕྲག་གཅིག་གི་འཇི༷ག་རྟེན༷་ན༷།རྡུལ༷་གྱི་གྲངས་ཚ༷ད་ཇི༷་སྙེད༷་ཡོ༷ད་པ༷་དེ༷་རྣ༷མས་ད༵ང༌། གྲང༷ས་མཉམ༷་ཡོ༷ན་ཏན༷་སྡེ་ཚན་བཅུ་གཉིས་པོ་ད༷ག་ནི༷་འཐོ༷བ་པར༷་འགྱུར༵་རོ། །གཉིས་པ། ས་དགུ་པ་ལེ༷གས་པའི༷་བློ༷་གྲོས༷་ས༷་ལ༷་གན༷ས་པ༷་ཡི༷། བྱང༷་ཆུབ༷་སེམས་དཔའ་དེས༷་སྔར༷་བསྟན༷་ཡོ༷ན་ཏན༷་བཅུ་གཉིས་པོ་ད༷གསྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེ༷ད་བརྒྱ༷་ཕྲག༷་སྟོང༷་དུ་ཡ༷ང་ད༷ག་པར༵། བསྡོམ༷ས་པ༷་ཕྲག༷་ནི་གྲངས་མེད་འབུམ་ཕྲག་བཅུའི༷་རྡུལ༷་ཚ༷ད་ཀྱི་གྲངས་ནི་ཐོ༷བ་པ༷ར་འགྱུར༵་རོ། །གསུམ་པ་ལ་ཡོན་ཏན་བཅུ་གཉིས་པོ་བཤད་པ་དང༌། ཡོན་ཏན་གཞན་ཡང་བསྟན་པ་གཉིས། དང་པོ། རེ༷་ཞི༷ག་ཅེས་པས་བྱང་སེམས་དེའི་ཡོན་ཏན་ཡོངས་རྫོ༷གས་བརྗོད་པར་མི་ནུས་ཀྱང་དེ་ལས་ཆ་ཤས་ཞིག་བརྗོད་ནས་བཅུ༷་པ༷་འདི༷ར་བྱང་སེམས་དེ༷འི་ཡོ༷ན་ཏན༷་ད༷གངག༷་གི༷་སྤྱོད༷་ཡུལ༷་ལ༷ས་ཆེས་འད༷ས་པར་འགྱུར༷་ཞིང༵༌། ང༷ག་གི༷་སྤྱོད་ཡུལ་མ༷་ཡི༷ན་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བསྡོམ༷ས་པ་རྣམ༷ས་ན༵། རྡུལ༷་ད༷ག་ཇི༷་སྙེད༷་ཡོ༷ད་པ༷་དེ༷་སྙེད༷་ཀྱི་ཡོན་ཏན་ཐོབ་པར་འགྱུར༷་རོ། །གཉིས་པ། བྱང་སེམས་འདིས་རྟོགས་པ་ཀུན་ནས་རྒྱུ་བ་མེད་པར་རང་གི་བ༷་སྤུའི༷་ཁུང༷་བུར༷་རེ་རེ་ཡང་བྱང༷་ཆུབ༷་སེམ༷ས་དཔའ་གཞལ་གྱིས་མི་ལང་བའི་འཁོར་རྣམ༷ས་ད༵ང༌།
ལྷ༷ན་ཅི༷ག་ཏུ༷་རྫོ༷གས་སང༷ས་རྒྱས༷་ཀྱི་སྐུ༷་བགྲང༷ས་པ་ལས་འདས༷་པ་ད༷ང་དེ༷་བཞི༷ན་ལྷ༷་ད༷ང་ལྷ༷་མི༷ན་མི༷་སོགས་འགྲོ་བ་ད༷ག་ཀྱང༵་སྟེ། ཀྱང་སྒྲས་ཚངས་དབང་འཁོར་བསྒྱུར་ཉན་རང་སོགས་གང་གདུལ་བྱའི་གཟུགས་བཟུང་ནས་ལྷུན་གྱིས་གྲུབ་པ་མ་འདྲེས་པར་དུས་སྐ༷ད་ཅི༷ག་སྐད༷་ཅི༷ག་ལ༷་ནི་ཆོས་སྟོན༷་པར༷་ནུས༵་སོ། །གཉིས་པ་མཐར་ཐུག་སངས་རྒྱས་ཀྱིས་བཤད་པ་ལ། དང་པོར་བྱང་ཆུབ་བརྙེས་པའི་ཚུལ། ཐོབ་བྱ་བྱང་ཆུབ་ཀྱི་ངོ་བོ།བྱང་ཆུབ་བརྙེས་ནས་སྤྲུལ་པས་གཞན་དོན་མཛད་ཚུལ་གསུམ། དང་པོ་ལ།དངོས་ཀྱི་དོན་དང༌། དེ་ལ་རྩོད་པ་སྤངས་པ་གཉིས། དང་པོ་ལ། དུས་ནམ་གྱི་ཚེ། གནས་གང་དུ། ཚུལ་ཇི་ལྟར་བརྙེས་པ་གསུམ། དང་པོ། གང༷་ཕྱིར༷་དཔེ་ནམ༷་མཁ༷འ་དྲི༷་མ༷་མེ༷ད་པ་སྟེ་རེག་ཐོགས་བྲལ་བ་ཁོ་ན་ལ༷་ཟླ་སྣང༷་གས༷ལ་བ༷ར་གྱུར༷་པའི༷་ཕྱིར༵། སྔ་འགྱུར་ལས། ཇི་ལྟར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པ་བཞིན་ཞེས་ཀྱང་ངོ༌། །ས་བཅུ་བར་སྔོན༷་ཚེ༷་སྟོབ༷ས་བཅུ༷་སྐྱེད༷་པའི་སངས་རྒྱས་ཀྱི་ས༷་ལ༷་ཁྱོད༷་ཀྱི༷ས་སླར༷་ཡང་འབད༷་འགྱུར༷་ཅིང༵༌། ནག་ཚོའི་འགྱུར་ལས། སླར་ཡང་སྟོབས་བཅུ་བསྐྱེད་པའི་སྔོན་གྱི་ས་དེར་འབད་པ་མཛད་འགྱུར་བ། ཞེས་པ་ལྟར། ནམ་མཁའ་དྲི་མ་མེད་པ་ནི་གོ་མི་འགགས་པས་ཟླ་བའི་སྣང་བ་འགོག་མེད་དུ་གསལ་བས་འགྲོ་བ་ཀུན་སྣང་བར་བྱེད་ནུས་ཀྱི་གཞན་གོ་འགགས་པ་རྒྱ་མཚོ་སོགས་ཀྱི་ནང་དུ་མི་ནུས་པ་ལྟར། སྔར་གྱི་ས་ཀུན་ཏུ་སྟོབས་སོགས་སངས་རྒྱས་ཀྱི་ཆོས་བསྐྱེད་པའི་ནུས་པ་མེད་ལ།
འདིར་སངས་རྒྱས་ཀྱི་ཆོས་ཐོབ་པ་ལ་གེགས་བྱེད་པའི་ཐོག་རེག་མ་ལུས་པ་ཟད་པའི་ས་བཅུ་པའི་ཡེ་ཤེས་ནམ་མཁའ་ལྟ་བུ་ལ་སངས་རྒྱས་ཀྱི་ཆོས་སྟོབས་སོགས་ཟླ་བ་འདྲ་བ་གསལ་རུང་བར་མཁྱེན་ནས་ས་བཅུ་པ་དེར་སྔོན་ཚེ་ཞེས་སངས་རྒྱས་ཀྱི་སའི་སྔོན་ཚེ་སྟོབས་བཅུ་བསྐྱེད་ནུས་པའི་ས་བཅུ་པ་དེར་སངས་རྒྱས་པ་ལ་འབད་པའམ། སླར་ཡང་ཞེས། སྔར་དང་མི་འདྲ་བ་སངས་རྒྱས་ཐོབ་པ་ཁོ་ནར་ཉེ་བས་ན། ས་བཅུ་པ་འདིར་གང་འགྲོ་བའི་ཡུལ་དུ་སོང་སོང་ནས་ཕྱིན་ལ་ཁད་པ་ན། ས་གཞན་གྱི་བར་མ་ཆོད་པས་དེའི་འབད་པ་རྣམ་མཁྱེན་ཁོ་ན་ལྟ་བུ་ཡིན་པས་ཆེར་འབད་པའི་དོན་ཏེ་ས་དང་པོ་ལྟ་བུ་ན་འབད་པ་དེ་རྣམ་མཁྱེན་ལ་འབད་པ་ཡིན་ཀྱང་དངོས་སུ་ས་གཉིས་པ་པའི་ཡེ་ཤེས་འཐོབ་བྱར་དམིགས་ལ་འདིར་དེ་དངོས་སུ་འཐོབ་བྱར་འབད་པས་སྔར་དང་མི་འདྲ་བའི་དོན་ཏོ། །གཉིས་པ། འོ༷ག་མི༷ན་དུ༷་ནི༷་ཐོབ་བྱ་བླ་ན་མེད་པ་ག༷ང་གི༷་དོ༷ན་དུ༷་བསྐལ་པ་གྲངས་མེད་པར་འབ༷ད་གྱུར༷་གོ༷་འཕ༷ང་མཆོ༷ག་ཞི༷་བ༵། ཡོ༷ན་ཏན༷་མཐ༷འ་ད༷ག་གི་མཐ༷ར་ཐུག་པ་གང་དང་ཡང་མཚུ༷ངས་པ༷་མེ༷ད་དེ༷་ཁྱོད༷་ཀྱིས༷་བརྙེས༵་སོ། །གསུམ་པ། ཚུལ་ཇི༷་ལྟར༷་ན༷་བུམ་པ་མཁར་གཞོང་སོགས་སྣོད༷་ཀྱི༷་དབྱེ༷་བ༷ས་དེར་གཏོགས་པའི་ནམ་མཁ༷འ་ལ༷་དབྱེ༷་བ༷་མེ༷ད་པ་དེ༷་ལྟར༵། གཟུགས་ཚོར་སོགས་དངོ༷ས་པོ་ཐ་དད་པས་བྱས༷་པའི་དབྱེ༷་བ༷་འག༷འ་ཡ༷ང་དེ༷་ཁོ་ན་ཉིད༷་ལ༷་མེ༷ད་པ་དེ༷་ཡི༷་ཕྱི༷ར༵། ཤེས་བྱ་ཐམས་ཅད་རོ༷་མཉམ༷་ཉིད༷་དུ༷་མཁྱེན་པའི་སྐད་ཅིག་གིས་ཡ༷ང་ད༷ག་ཐུག༷ས་སུ༷་ཆུད༷་པར༷་མཛད་གྱུར༷་ན༵ས། མཁྱེན༷་བཟ༷ང་ཁྱོད༷་ཀྱིས༷་སྐད༷་ཅིག༷་གི༷ས་ནི༷་ཤེ༷ས་བྱ༷་མ་ལུས་པ་ཐུག༷ས་སུ༷་ཆུད༵་པ་ཡིན་ནོ། །
གཉིས་པ་ལ། རྩོད་པ་དང༌། ལན་གཉིས་དང་པོ་ལ། ཡུལ་སྐྱེ་མེད་རྟོགས་པར་མི་འཐད་པར་རྩོད་པ་དང༌། ཡུལ་ཡུལ་ཅན་རོ་གཅིག་ན་ཡུལ་དེ་མཁྱེན་ནས་གཞན་ལ་སྟོན་པར་མི་འཐད་པའིརྩོད་པ་གཉིས། དང་པོ་ནི། གང་ཚེ་སྐྱེ་འགག་སོགས་སྤྲོས་པ་ཞི༷་བ༷་ནི་ཆོས་རྣམས་ཀྱི་དེ༷་ཁོ་ན་ཉིད༷་ཡི༷ན་ན༷་དེ༷་ལ༷་བློ༷་གྲོ༷ས་ཏེ་ཤེས་པ་འཇུ༷ག་པར་མི༷་འགྱུར༵་ཏེ་ཅིར་ཡང་གཟུང་བྱར་མི་གནས་པས་སོ། །བློ༷་མ༷་ཞུག༷ས་པ༷ར་ཡང་ཤེས་བྱའི་ཡུལ༷་ཅ༷ན་དེ་རྟོགས་པའི་བློ་ཞེས་པའང་ངེ༷ས་པར༷་རི༷གས་པའ༷ང་མ༷་ཡིན་ལ༷། ཡུལ་དེ་ཡུལ་ཅན་དེས་ཀུན༷་ན༷ས་ཡོངས་སུ་ཤེས༷་པ་མེ༷ད་པ༷ར་ནི༷་དེ་རྟོགས་པའམ་ཤེས༷་པ༷ར་ཇི༷་ལྟར༷་འགྱུར༷་ཏེ་འག༷ལ་བར༷་འགྱུར༷་ལ། སྐྱེ་སོགས་བྲལ་བས་ཡུལ་གནས་པ་དེ་ལ་རྣམ་པ་ཡོད་པ་མིན་ན་དེའི་ཡུལ་ཅན་གྱིས་དེ་ཇི་ལྟར་དམིགས་ཏེ་མི་དམིགས་ལ་མ་དམིགས་བཞིན་དུ་ཡུལ་དེ་རྟོགས་ཞེས་ཀྱང་མི་རུང་སྟེ་རྟོགས་བྱ་མེད་པས་དེ་རྟོགས་པར་མི་འཐད་དེ་མ་ཤེས་པའི་མི་ངོ་མི་ཤེས་པ་བཞིན་ནོ་ཞེས་རྩོད་པ་དང༌། གཉིས་པ། ཡུལ་སྐྱེས་ལ་སྔོན་པོ་འཛིན་པ་ལ་དེའི་ཡུལ་ཅན་དེ་རྟོགས་པར་འཇོག་པ་བཞིན་ཡུལ་མ་སྐྱེས་པ་དེ་ཇི་ལྟར་མཁྱེན། གཞན་ཡང་ཡུལ་ཡུལ་ཅན་གཉིས་སུ་མེད་པ་ཆུ་ལ་ཆུ་བཞག་ལྟར་གྱུར་ན་ཡུལ་འདི་ལྟ་བུའོ་ཞེས་ཡུལ་དེ་མཁྱེན་པོ༷་མེ༷ད་པ༷ར། ཁྱོ༷ད་ཀྱིས༷་གདུལ་བྱ་གཞ༷ན་ལ༷་ངོ་བོ་ཉིད་འདི༷་ལྟ༷འོ་ཞེས༷་སུ་ཞིག༷་སྟོན༷་ཏེ་སྟོན་མི་རིགས་སོ་ཞེ་ན། གཉིས་པ་ལན་ལ་ཡུལ་སྐྱེ་མེད་རྟོགས་པར་འཐད་པའི་ལན་དང༌། ཡུལ་ཡུལ་ཅན་ཐ་དད་དུ་མི་རྟོགས་ཀྱང་ཆོས་སྟོན་པར་འཐད་པ་གཉིས།
དང་པོ་ནི། ག༷ང་གི་ཚེ༷་སྐྱེ༷་བ་མེ༷ད་པ་ནི་དེ༷་ཁོ་ན་ཉིད༷་ཡི༷ན་ཞིང༷་ཡུལ་ཅན་གྱི་བློ༷་ཡ༷ང་དེ་དང་མཚུངས་པར་སྐྱེ་བ༷་ད༷ང་བྲལ་བ༵། དེ༷་ཚེ༷་སྐྱེ་མེད་དེ༷་ཡི་རྣམ་པ་སྟེན༷་པའམ་རྗེས་སུ་སྐྱེས་པ་ལ༷ས་རིག་ཤེས་དེ༷་ཡི༷ས་ཡུལ་ཆོས༷་དབྱིངས་དེ༷་ཉིད༷་རྟོག༷ས་པ་ལྟ༷་བུ༷་སྟེ། ཞེས་ཐ་སྙད་བཏགས་ཀྱི་དངོས་སུ་ཡུལ་ཡུལ་ཅན་ཐ་དད་ལྟ་བུ་ནི་མེད་དེ། དཔེ་ཇི༷་ལྟར༷་ན་སེ༷མས་ནི༷་ཡུལ་སྔོན་པོ་སོགས་གང༷་གི༷་རྣམ༷་པ༷་ཅ༷ན་དུ༷་འགྱུར༷་བ༷་དེ་ཡི༷ས་སྔོན་པོ་ཡུལ༷་སོགས་གང་ཡིན་པ། དེ༷་ཡོ༷ངས་སུ་ཤེས༷་པ༷་ཞེས་རྣམ་པར་བཞག་པ་དེ་བཞི༷ན་ཐ༷་སྙད༷་ཀྱི་ཚུལ་ལ་ཉེ༷་བར༷་བརྟེན༷་ནས་དེ་ཁོ་ན་ཉིད་རྟོགས་ཞེས་རི༷གས་པ༷་ཡི༷ན་ཏེ། དེ་ལ་ཡུལ་མ་སྐྱེས་པ་སོགས་ཀྱིས་ཐམས་ཅད་ཅུང་ཟད་ཀྱང་མ་སྐྱེས་པ་སོགས་སུ་འཛིན་ན་དེ་ཁོ་ན་ཉིད་དང་རྗེས་སུ་མཐུན་པའི་བློ་མིན་ཡང༌། ཡུལ་མ་སྐྱེས་པ་ལྟར་ཡུལ་ཅན་ཀྱང་མ་སྐྱེས་པར་གྱུར་པ་ལ། དེ་ཁོ་ན་ཉིད་དང་རྗེས་སུ་མཐུན་པ་ལ་དེ་རྟོགས་ཞེས་ཐ་སྙད་བཏགས་རུང་གི དངོས་སུ་ན་ཡུལ་ཡུལ་ཅན་ཐ་དད་པའི་ཚུལ་གྱིས་རྟོགས་པ་ནི་མིན་ནོ། །དེས་ན་དེ་ལྟ་བུའི་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་མཛད་པ་ནི་ཡུལ་ཡུལ་ཅན་རོ་མཉམ་པའི་ཡེ་ཤེས་ཁོ་ན་ཡིན་ལ་དེ་ཤེས་རབ་མིན་ཏེ། ཤེས་རབ་ནི་ཡུལ་སོ་སོར་འབྱེད་པ་ཡིན་ན། འདི་ལ་ཡུལ་དུ་རྟོགས་པ་མེད་པས་རོ་མཉམ་ཟུང་འཇུག་ཞི་བ་ཆེན་པོ་ཡིན་པས། ཡུལ་ངེས་པ་ཞེས་པའི་ཡུལ་དེ་གཞན་དང་མི་འདྲེས་པར་རྣམ་པར་འབྱེད་པར་མེད་དོ། །གཉིས་པ་ལ་དངོས་དང༌། དེའི་དཔེ་འགོད་པ་གཉིས། དང་པོ། སངས་རྒྱས་དེ༷་ཡི༷གཟུགས་སྐུ་གང་ལ་བཞུགས་ནས་ཆོས་དབྱིངས་ཆོས་སྐུ་མངོན་སུམ་མཛད་པའི་ལོ༷ངས་སྤྱོད༷་རྫོ༷གས་སྐུ་བསོ༷ད་ནམ༷ས་ཀྱི༷། ཚོགས་བརྒྱ་ཕྲག་རྣམས་ཀྱིས་ཟི༷ན་པ་དང༌།
བྱང་སེམས་རྣམས་ཆོས་ཀྱི་ལོངས་སྤྱོད་རྒྱུ་དང༌། སྣོད་དུ་གྱུར་པས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རིག་པར་འགྱུར་པ་དང༷༌། ལོངས་སྐུའི་བྱིན་རླབས་ཀྱིས་སྤྲུལ༷་པ༷་ད༷ང༌། དེར་མ་ཟད་དེའི་མཐུས་ནམ་མཁ༷འ་དང་གཞ༷ན་རིབྲག་དང་ལྗོན་ཤིང་སོགས་ལས༷་ཀྱང་དེའི༷་མཐུས་སྒྲ༷་ག༷ང་ཞིག་ཟབ་མོའི་ཆོ༷ས་ཀྱི༷་དེ༷་ཉིད༷་སྟོན༷་པ་འབྱུང༷་བ༷་དེ༷་ལ༷ས་འཇི༷ག་རྟེན་གྱིས༷་ཀྱང༷་དེ༷་ཁོ་ན་ཉིད་རི༷ག་པར་འགྱུར་རོ། །དེའང་ཡུལ་ཅན་དང་ཡུལ་གཉིས་རོ་གཅིག་སྟེ་ཐ་དད་དུ་ཕྱེ་ནས།དེ་ཁོ་ན་ཉིད་འདི་ལྟ་བུ་ཞེས་གསུངས་མི་དགོས་ཏེ། རོ་མཉམ་པའི་ཡེ་ཤེས་ཆེན་པོ་ཡིན་པའི་ངོ་བོ་ཉིད་ཀྱི་བྱིན་རླབས་ཀྱིས་སྟོང་པ་ཁོ་ན་མིན་ཞིང༌། ཇི་ལྟར་ན་སངས་རྒྱས་དེ་ཡི་གདུལ་བྱ་ལ་ཆོས་སྟོན་པའི་རྟེན་ལོངས་སྐུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་སྨིན་ཟིན་ཏེ་གནས་པ་དང༌། སྤྲུལ་པ་སོགས་ངོ་བོ་ཉིད་ཀྱི་བྱིན་རླབས་ལས་འབྱུང་ཞིང་ཡུལ་དང་ཡུལ་ཅན་ཐ་དད་དུ་རྟོགས་པའི་སྤྲོས་པ་ཉེ་བར་ཞི་བཞིན་དུ་གསུང་འབྱུང་བས་སོ། །གཉིས་པ། དེ་ལྟར་རྣམ་རྟོག་དང་འབད་རྩོལ་མེད་ཀྱང་ད་ལྟ་གཞན་དོན་འགྲུབ་པའི་དཔེ་ནི། ཇི༷་ལྟར༷་རྫ༷་མཁ༷ན་སྟོབས་ཆེ༷ན་པོ་དང་ལྡ༷ན་པ༷ས་འདི༵ར། དུས་ཡུན༷་རི༷ང་འབ༷ད་པ༷ས་ཆེས༷་བསྐོར༷་བའི་འཁོ༷ར་ལོ་ནི༵། རྫ་མཁན་དེ༷འི་རྩོལ༷་བ་ད༷་ལྟར༷་སྐྱེས༷་པ༷་མེ༷ད་བཞི༷ན་དུ༷འང་འཁོར་ལོ་དེ་འཁོ༷ར་ཞི༷ང་བུམ་པ༷་ལ༷་སོ༷གས་པ་འགྲུབ་པའི་རྒྱུར༷་མཐོ༷ང་བ་ལྟར༵།
དེ༷་བཞི༷ན་སངས་རྒྱས་ལའང་ད༷་ལྟ༷་སྐྱེས༷་པའི་ཆོས་འཆད་སོགས་རྩོལ༷་བ་ཅུང་ཟད་ཀྱང་མེ༷ད་བཞི༷ན་དུ༵། ཆོས་ཀྱི༷་བད༷ག་ཉིད་ཅ༷ན་གྱི་སྐུ༷་ཉིད༷་ལ༷་བཞུགས་པ་སངས་རྒྱས་དེའི༷་ཕྲིན་ལས་ཀྱི་འཇུ༷ག་པ༷་ནི་གདུལ་བྱའི་སྐྱེ༷་བོའི་སངས་རྒྱས་ལས་ཆོས་ཐོབ་པའི་ལས་དགེ༷་བ་དང༷་སངས་རྒྱས་ཀྱི་སྔོན་གྱི་སྨོ༷ན་ལམ༷་གྱི༷་ཁྱད༷་པ༷ར་གྱིས་འཕ༷ངས་པ་ལས༷་ཡིན་པས་ན་ཆེས༷་བསམ༷་གྱིས་མི༷་ཁྱབ༵་པ་ཡིན་ནོ། །གཉིས་པ་བརྙེས་བྱ་བྱང་ཆུབ་ཀྱི་ངོ་བོ་ལ། རྟེན་སྐུའི་རྣམ་བཞག་དང༌། བརྟེན་པ་ཡོན་ཏན་གྱིཁྱད་པར་གཉིས། དང་པོ་ལ། ཆོས་སྐུ། ལོངས་སྐུ། རྒྱུ་མཐུན་པའི་སྐུ་གསུམ་ལས། དང་པོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་འཛིན་པའི་གཉིས་སྣང་གི་ཤེས༷་བྱའི༷་བུད༷་ཤིང༷་སྐམ༷་པོ༷་ལྟ་བུ་མ༷་ལུས༷་པ༵། ཡེ་ཤེས་ཀྱི་མེས་བསྲེག༷ས་པས་རང་བཞིན་ཡུལ་ཡུལ་ཅན་གྱིས་སྤྲོས་པ་མཐའ་དག་ཉེ་བར་ཞི་བའམ་ཤེས་བྱ་དང་ཤེས་པའི་སྤྲོས་པ་ཉེ་བར་ཞི༷་བ་གང་ཡིན་པ་དེ༷་རྒྱལ༷་བ་རྣམ༷ས་ཀྱི་ཆོ༷ས་སྐུ༷་ཞེས་བྱ་བ་སྟེ༷། དེ༷་ཚེ༷་སྐྱེ༷་བ༷་མེ༷ད་ཅི༷ང་འག༷ག་པ༷་མེ༵ད་ཁམས་གསུམ་གྱི་སེ༷མས་སེམས་བྱུང་མཐའ་དག་འག༷གས་པ༷ས་ཆོས་སྐུ་དེ༷་རྟེན་ལོངས་སྐུ༷་ཡི༷ས་མངོ༷ན་སུ༷མ་མཛ༷ད་དོ། །དེ་ཡང་རང་འགྲེལ་ལས། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ཤེས་བྱའི་བུད་ཤིང་སོགས་གསུངས་པས། དེ་ལ་ཤེས་བྱ་ཐམས་ཅད་ནི་རང་བཞིན་མེད་པས་བསྲེག་བྱ་བུད་ཤིང་ལྟ་བུའོ།
།དེ་དག་ནི་དེ་ཉིད་མངོན་སུམ་རྟོགས་པའི་ཡེ་ཤེས་ཀྱི་མེས་ཆོས་སྐུའི་སྐབས་ན་ལྷག་མ་མ་ལུས་པར་བསྲེགས་པས་ཤེས་བྱ་དང་ཤེས་པ་ཐ་དད་ཞི་བ་སྟེ་ཡུལ་དེ་ཁོ་ན་ཉིད་ཀྱི༷་དབྱིངས་སུ་ཡུལ་ཅན་རིག་པ་རོ་གཅིག་པ་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པའི་ཡེ་ཤེས་དེ་ལ་ཤེས་བྱ་རྣམས་སྣང་མི་སྣང་གི་སྤྲོས་པ་ཅུང་ཟད་ཀྱང་མེད་པ་ལ་སྣང་མེད་ཅེས་སྣང་བ་གང་གི་ངོར་སྒྲུབ་ཏུ་མེད་པ་ཡིན་གྱི་སྣང་མི་སྣང་གཉིས་ཀྱི་ཟླས་ཕྱེ་བའི་མེད་པ་ཁོ་ན་ནི་མིན་ནོ། །དེས་ན་ཡེ་ཤེས་ལ་ཇི་སྙེད་གཟིགས་པ་ཡོད་པས་དེ་ལ་དགོངས་ཏེ་སྣང་བཅས་ཟེར་བ་ཡང་ཡེ་ཤེས་དེ་ཡོད་པ་ལ་བཞག་གི ཐ་མལ་ལ་སྣང་བ་ལྟར་གྱི་ཐ་དད་དུ་སྣང་བ་ནི་མིན་ནོ། །དེས་ན་བསམ་གྱིས་མི་ཁྱབ་པའོ། །དེ་ཚེ་རང་བཞིན་གྱི་དབྱིངས་མངོན་དུ་གྱུར་པ་ཡིན་པས་དབང་པོ་སོགས་གསར་དུ་སྐྱེ་བ་དང༌། འཇིག་པའི་འགག་པ་སོགས་མེད་དེ། བསམ་གྱིས་མིཁྱབ་པར་བསྒྱུར་བའི་འཆི་འཕོ་དང་སྐྱེ་བ་ལས་ཀྱང་འདས་ཏེ། ཞི་བའི་དབྱིངས་མངོན་དུ་གྱུར་པས་སོ། །དེའི་ཚེ་སེམས་དང་སེམས་ལས་བྱུང་བ་མཐའ་དག་འགག་སྟེ། དེ་སྲིད་པས་བསྡུས་པ་ཡིན་ཕྱིར། སེམས་མ་འགག་པར་ཡུལ་ཡུལ་ཅན་རོ་སྙོམས་པའི་ཡེ་ཤེས་མི་སྲིད་ལ། དེ་ཟད་པར་འགགས་པས་ཀྱང་ཡེ་ཤེས་ཀྱི་སྐུ་དེ་མངོན་དུ་འགྱུར་བ་ཡིན་པས་ན། སེམས་འགགས་པས་ན་ཡེ་ཤེས་ཀྱི་སྐུ་དེ། ལོངས་སྤྱོད་རྫོགས་སྐུའི་རྟེན་དེ་ཉིད་ཀྱིས་མངོན་སུམ་མཛད་པ་ཡིན་ནོ་ཞེས་སོ། །གཉིས་པ། ལོངས་སྐུ་དེ་ནི་སེམས་སེམས་བྱུང་སོགས་སྤྲོས་པ་ཉེ་བར་ཞི༷་ཡང༌། སྤྲོས་བྲལ་གྱི་དབྱིངས་དང་རོ་མཉམ་པའི་འབད་མེད་སྤྲོ་བསྡུ་བྲལ་བར་ཤར་བ་ལོངས་སྐུ༷་དཔ༷ག་བས༷མ་ཤིང༷་ལྟར༷་གས༷ལ་བར༷་གྱུར༷་ཅིང༵༌། ཡི༷ད་བཞི༷ན་གྱི་ནོ༷ར་བུ༷་ཇི༷་ལྟ་བ་བཞི༷ན་དུ་རྣམ༷་པར་མི༷་རྟོག༷་པར་འགྲོ༷་བ་མཐའ་དག་སྒྲོལ༷་བའི་བ༷ར་དུ༷་འཇི༷ག་རྟེན༷་གྱི་འབྱོར༷་བའི་སླད༷་རྟག༵་པར་དུ་འདི༷་ནི༷་སྤྲོས༷་པ་ཐམས་ཅད་དང༷་བྲལ༷་བ་ཐོབ་པ་ཁོ་ན་ལ༷་སྣང༷་བར༷་འགྱུར༵་རོ། །
སྐུ་འདི་ནི་ནམ་མཁའ་དང་མཉམ་པར་ཇི་སྲིད་འགྲོ་བ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་འབྱོར་བའི་སླད་དུ་རྟག་ལ་བྱང་སེམས་འདི་ནི་སྤྲོས་པ་དང་བྲལ་བའི་ཚོགས་གཉིས་ལས་ཤེས་རབ་དྲི་མ་མེད་པའི་མེ་ལོང་ཐོབ་པ་དག་ས་པ་ཁོ་ན་ལ་སྣང་གི་ས་བདུན་པ་མན་ཆད་དམིགས་བཅས་རྣམས་ལ་སྣང་བ་མིན་ནོ་ཞེས་རེད་མདས་བཤད། གསུམ་པ་ལ་སྐུའི་བ་སྤུའི་ཁུང་བུར་རང་གི་སྤྱོད་པ་ཀུན་སྟོན་ཚུལ། གནས་དེར་གཞན་གྱི་སྤྱོད་པ་ཀུན་སྟོན་ཚུལ། བཞེད་པ་ཕུན་ཚོགས་ལ་མངའ་དབང་བསྒྱུར་ཚུལ་གསུམ། དང་པོ་ཐུབ༷་དབ༷ང་དུས༷་གཅི༷ག་ཁོ་ན༷ར་ཆོས་ལོངས་དེའི༷་རྒྱུ༷་མཐུ༷ན༷་གྱི་གཟུག༷ས་སྐུ༷་གཅི༷ག་ལ༷་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྔ་རོལ་འཁོར་བ་ཐོག་མེད་ནས་རང༷་གི༷་སྐྱེ༷་གན༷ས་སྐབ༷ས། སྔ༷ར་འག༷གས་པ་ཀུན་གས༷ལ་བ་ད༷ང་མ༷་འཆོ༷ལ་བ་སྟེ་ཕན་ཚུན་མ་འདྲེས་པར་སྔར་གྱི་བྱུང༷་ཚུལ༷་ནི་མ༷་ལུས༷་ཀྱིས༷་བཀྲ༷་བ་མཐ༷འ་ད༷ག་མེ་ལོང་ལ་གཟུགས་བརྙན་ལྟར་ལྷུན་གྱིས་གྲུབ་པར་སྟོན༷་པ༷ར་མཛ༷ད་པ་དང༌། བྱང་སེམས་ཀྱི་སྤྱོད་པ་སྤྱད་ཚུལ་ཡང་བཅོམ་ལྡན་འདས་ཀྱི་སྦྱིན་པའི་ཕར་ཕྱིན་སྤྱོད་པ་ན་སངས་རྒྱས་ལ་བསྙེན་བཀུར་མཛད་པ་དང༌། སང༷ས་རྒྱས༷་ཀྱི་ཞིང༷་བཻཌཱུརྱ་ལ་སོགས་པའི་སྣོད་བཅུད་ཀྱི་ཁྱད་པར་ཇི༷་འདྲ༷་སྟེ་ཇི་འདྲ་བ་དེར་ཐུབ༷་དབ༷ང་བལྟམས་པ་སོགས་སྟོན་པ་དེ༷་ད༷ང༌། སངས་རྒྱས་དེ༷་ད༷ག་གི་སྐུ༷་དང་སྤྱོད༷་པའི་མཐུ༷་དང་སྟོབ༷ས་ཕུལ་དུ་བྱུང་བ་ཇི༷་འདྲ༷་བ་ད༷ང༌། དེ་དག་གི་འཁོར་ཉན༷་ཐོས༷་ཀྱི་དགེ༷་འདུ༷ན་གྱི་འདུས་པ་ཇི༷་སྙེད༷་དང༌། ཆོས་ལ་ནན་ཏན་སོགས་སོ་སོའི་རང་བཞིན་ཇི༷་ལྟ་བ་ད༷ང༌། བྱང༷་ཆུབ༷་སེ༷མས་དཔའ་རྣམ༷ས་དེ༷ར་གཟུ༷གས་མཚན་དཔེས་སྤྲས་པ་སོགས་ཇི༷་འདྲ༷་བ་ད༷ང༌།
ཐེག་པ་གསུམ་ལས་བསྟན་པ་ཇི༷་འདྲ༷འི་ཆོ༷ས་དང༷་ཞིང་དེ༷ར་བད༷ག་བྲམ༷་ཟེ་སོགས་རིགས་གཟུགས་ཁྱིམ་པ་དང་རབ་བྱུང་སོགས་ཆ་ལུགས་ཇི༷་འདྲ༷་ད༷ང༌། ཆོ༷ས་ཐོ༷ས་ནས་བྱང་སེམས་ཀྱི་སྤྱོད༷་པ༷་ག༷ང་ལ༷་སྤྱད༷་པ༷་ད༷ང༌། བཟའ་བཏུང་གོས་རྒྱན་སོགས་སྦྱིན༷་པ་ག༷ང་དུས་དང་ཚད་ཇི༷་ཙམ༷་སངས་རྒྱས་བྱང་སེམས་ཉན་ཐོས་དེ༷་ད༷ག་ལ༷་ཕུལ༷་བ༷། དེ༷་ནི༷་མ༷་ལུ༷ས་པར་སྐུ༷་གཅི༷ག་ལ༷་སྟོན༷་པར་མཛ༷ད་དོ། །དེ༷་བཞི༷ན་ཚུལ༷་ཁྲིམས་བཟོ༷ད་པ་དང་བརྩོ༷ན་འགྲུས་དང་ཏིང༷་འཛི༷ན་ད༷ང༌། ཤེ༷ས་ར༷བ་ཀྱི་ཕར་ཕྱིན་ལ་སྤྱོད༷་ཚེ༷་སྔར༷་གྱི༷་གན༷ས་སྐབ༷ས་ག༷ང་མ༷་ཚ༷ང་བ་མེ༷ད་པ་དེ༷་དག་ཉིད༷་ཀྱི་སྤྱོད༷་པ༷་ཀུ༷ན། སྐུ་གཅིག་ལ་གཅིག་ཆར་དུ་གནས་སྐབས་ཐམས་ཅད་སྟོན་པ་ལྟ་ཞོགསྔོན་གྱི་སྤྱོད་པ་ཀུན་སྐུ༷་ཡི༷་བ༷་སྤུ༷འི་ཁུང༷་བུར༷་འང༷་གས༷ལ་བར་སྟོན༷་པར་མཛད་དོ། །གཉིས་པ། དེར་མ་ཟད་ས༷ངས་རྒྱས༷་གཞན་ག༷ང་ད༷ག་འད༷ས་པ་ད༷ང་མ་འོངས་པ་འབྱུང༷་འགྱུར༷་ག༷ང་དང༌། ག༷ང་ད༷ག་ད༷་ལྟར༷་ནམ༷་མཁ༷འི་མཐ༷ར་ཐུག༷་པ༷ར་གསུང་གི་གདང༷ས་མཐོ༷ན་པོས་ཆོ༷ས་སྟོན༷་པས་སྡུག༷་བསྔལ༷་གྱིས༷་གཟིར་ཞིང་བཟུང༷་བའི༷་འགྲོ༷་བ༷་རྣམས་དབུ༷གས་འབྱིན༷་ཞི༷ང་འཇི༷ག་རྟེན༷་ན་འཚོ་གཞེས་ཏེ་བཞུ༷གས་པ༷་ད༷ང༌། ད༷ང་པོ༷འི་བྱང་ཆུབ་ཀྱི་ཐུག༷ས་བསྐྱེད་པ་བཟུང༷་བ་ནས་བྱང༷་ཆུབ༷་སྙིང་པོའི༷་སྟེ་སྙིང་པོ་མངོན་དུ་མཛད་པའི་བར།
དུས་གསུམ་རྒྱལ་བའི་མཛད་པ་དེ༷་ད༷ག་སྤྱོད༷་ཀུན༷་དངོ༷ས་པོ་རྣམ༷ས་རང་བཞིན་མེད་པ་མིག༷་འཕྲུལ༷་གྱི༷་ར༷ང་བཞི༷ན་ཅན་དུ་མཁྱེན༷་ནས༷་བད༷ག་གི་སྤྱོད་པ་ཇི་ལྟར་སྟོན་པ་དེ་བཞི༷ན་དུ་སྐུ་ཡི་བ༷་སྤུ༷་ཡི༷་ཁུང༷་བུར༷་དུས༷་གཅི༷ག་ལ༷་ནི་གསལ་བར༷་སྟོན༷་པར་མཛད་དོ། །གང་ལ་མིག་འཕྲུལ་ཅན་གྱིས་སྔགས་ཀྱི་མཐུས་རང་གི་ལུས་ལ་སྣོད་བཅུད་སྣ་ཚོགས་སྟོན་ནུས་ན་སངས་རྒྱས་ཀྱིས་འདི་བཞིན་དུ་སྟོན་པ་ལྟ་ཅི་སྨོས་སོ། །དེ༷་བཞི༷ན་དུས༷་གསུ༷མ་གྱི་བྱང༷་ཆུབ༷་སེམ༷ས་དཔ༷འ་ད༷ང༌། ར༷ང་རྒྱལ༷་འཕ༷གས་པ༷་ཉན༷་ཐོ༷ས་མ༷་ལུ༷ས་ཀྱི༵་སྤྱོད༷་པ་ད༷ང་དེ༷་ཡི་ལྷག༷་མ་སོ་སོའི་སྐྱེ༷་བོ༷འི་གནས༷་སྐབ༷ས་ཀྱི་སྤྱོད་པ་ནི༵། ཐམ༷ས་ཅ༷ད་བ༷་སྤུའི་ཁུང༷་བུར༷་གཅིག་ཏུ་དུས་གཅི༷ག་གི་ཚེ༷་སྟོན༵་ཏོ། །གསུམ་པ་ལ་ཡུལ་གྱི་དབང་དུ་བྱས་པ་དང༌། དུས་ཀྱི་དབང་དུ་བྱས་པ་གཉིས། དང་པོ། དྲི་མ་མ་ལུས་པ་ད༷ག་པ༷་འདི༷་ནི༷་སངས་རྒྱས་ཀྱི་མཛད་པ་བཞེ༷ད་པ༷་ཙམ་གྱིས་འཇུག༷་པ༷་ཡི༵ས་སྒོ་ནས་རྡུལ༷་གཅིག༷་ཡུལ༷་ལ༷་ནམ་མཁ༷འི་མཐས་གཏུག༷ས་པའི་འཇིག༷་རྟེན༷་གྱི་ཁྱོན་སྟོན་པ་ད༵ང༌། འཇི༷ག་རྟེན༷་མཐ༷འ་ཡ༷ས་པའི་ཕྱོག༷ས་མཐའ་དག་ཁྱབ༷་ནུས་པ་རྡུལ༷་ཕྲ་རབ་གཅིག་ལ་སྟོན་ཏེ་འཇིག་རྟེན་མ་ལུས་པར་རྡུལ་ཕྲ་རབ་གཅིག་གིས་ཁྱབ་པར་སྟོན༷་པར་མཛད་མོ༵ད། དེ་ལྟ་ན་ཡང་རྡུལ༷་གཅིག་པོ་དེ་ར༷གས་པ་སྟེ་ཆེ་བར་ཡང་མི༷་འགྱུར༵་ཞིང་འཇིག་རྟེན༷་ཕྲ༷་བ་སྟེ་ཆུང་བར་ཡང་མི༷་འགྱུར༵་རོ། །གཉིས་པ། དེ་བཞིན་རྣམ༷་པར་རྟོག༷་པ་མི༷་མང༷འ་བ་ཐུབ་པ་ཁྱོད༷་ཀྱི༷ས་སྲི༷ད་པ་འཁོར་བའི་མཐའི༷་བར༵་དུ་སྐ༷ད་ཅིག༷་དེ༷་རེ༷་རེ༷་ལ༷་སྤྱོད༷་པ་སྣ༷་ཚོ༵གས་ཇི༷་སྙེད༷་སྟོན༷་པ༷་དེ༷་སྙེད༷་ཀྱི་གྲངས་ནི་འཛ༷མ་བུ༷་གླིང༵༌།
མ༷་ལུས༷་པའི་རྡུལ༷་ཕྲ་རབ་ཀྱིས་གྲངས་གང༷་ཇི་སྙེད་ཡོད་པ་དེ༷་སྙེད༷་ལ༷་ནི་སྤྱོད་པའི་གྲ༷ངས་མེད༵་དོ། །གཉིས་པ་ཡོན་ཏན་ལ། ཡོན་ཏན་གྱི་གཙོ་བོ་སྟོབས་བཅུ་བཤད་པ། ཡོན་ཏན་ཀུན་བརྗོད་མི་ནུས་པའི་ཚུལ། ཡོན་ཏན་དེ་དག་ཤེས་པའི་ཕན་ཡོན་གསུམ། དང་པོ་ལ་བསྟན་བཤད་གཉིས། དང་པོ། སངས་རྒྱས་ཀྱི་ས་ནི་སྟོབས་བཅུས་རབ་ཏུ་དབྱེ་བའི་ཕྱིར་དེའི་དབྱེ་བ་གན༷ས་ད༷ང་གན༷ས་མིན་མཁྱེ༷ན་པའི་སྟོབ༷ས་ད༵ང༌། དེ་བཞི༷ན་ལ༷ས་ཀྱི་རྣམ༷་སྨིན༷་མཁྱེན་པའི་བློ༷་ད༷ང༌། མོ༷ས་པ༷་སྣ༷་ཚོག༷ས་ཐུག༷ས་སུ་ཆུད༷་པའི་སྟོབས་ད༵ང༌། སྣ༷་ཚོ༷གས་ཁ༷མས་ནི་མཁྱེན༷་པའི་སྟོབ༷ས་ད༵ང༌། དེ༷་བཞི༷ན་དུ་དབ༷ང་པོ་མཆོ༷ག་དང་མཆོག་མ༷་ཡི༵ན་པ་མཁྱེན༷་པ་ད༷ང་ཐམས་ཅད་དུ༷་འགྲོ༷་བའི་ལམ་ད༷ང༌། བས༷མ་གཏན༷་རྣ༷མ་ཐ༷ར་ཏིང༷་འཛི༷ན་ད༵ང༌། སྙོམ༷ས་པ༷ར་འཇུ༷ག་སོ༷གས་མཁྱེན་པའི་བློ༷་སྟོབ༷ས་ད༵ང༌། སྔོ༷ན་གན༷ས་རྗེས༷་སུ་དྲ༷ན་པ༷་མཁྱེན༷་པ༷་དང༵༌། དེ༷་བཞི༷ན་འཆི༷་འཕོ༷་བ་དང་སྐྱེ༷་བ་མཁྱེན་པའི་བློ༷་དང༵༌། ཟག༷་པ་རྣམ༷ས་ཟ༷ད་པ༷་མཁྱེ༷ན་པའི་སྟོབ༷ས་ཏེ་སངས་རྒྱས་ཀྱི་སྟོབ༷ས་ནི༷་བཅུ༷་པོ༷་འདི༷་ད༷ག་གོ༷ །གཉིས་པ། རྒྱས་བཤད་བཅུ་པོ་རེ་རེ་ཞིང་ཚིགས་བཅད་མཐར་སྟོབས་ཞེས་ཡོད་པ་ལྟར་བཤད་དོ། །རྒྱུ༷་ག༷ང་ཞི༷ག་ལ༷ས་འབྲས་བུ་ག༷ང་ཞིག༷་ངེ༷ས་པ༷ར་སྐྱེ་བར་འགྱུར༷་བ༵་དེ༷་ནི༷་དེ༷་ཡི༷་གནས༷་སུ༷་དེ༷་མཁྱེན༷་པ་རྒྱལ་བ་རྣམ༷ས་ཀྱིས༷་གསུང༷ས་ཏེ་དགེ་བ་ལས་བདེ་བ་འབྱུང་བ་སྐབས་ཡོད་ལ་གནས་ཡོད་པ་ལྟ་བུ་དང༌། བཤ༷ད་པ༷་དེ༷་ལ༷ས་བཟློག༷་པ་སྟེ་དགེ་བ་ལས་མི་བདེ་བ་དང་མཐོང་ལམ་ཐོབ་པ་ལས་དབང་གིས་སྲིད་པ་བརྒྱད་མི་འགྲུབ་པ་ལྟ་བུའོ། །
གན༷ས་མི༷ན་པའི་རང་བཞིན་ཅན་གྱི་ཤེ༷ས་བྱ༷་མཐ༷འ་ཡས་པ༵་མཁྱེ༷ན་པ༷་ལ་ཐོ༷གས་པ་སྤང༷ས་པ༷་དེ༷་ནི༷་གནས་གནས་མིན་མཁྱེན་པའི་སྟོབ༷ས་སུ༷་བཤ༵ད་དོ། །རྣམ་སྨིན་འདོ༷ད་པ་ཡིད་དུ་འོང་བ་འཕེན་པའི་ལས་དགེ་བ་ད༷ང་རྣམ་སྨིན་མི༷་འདོ༷ད་པ་འཕེན་པའི་ལས་མི་དགེ་བ་སྟེ་མ་འདྲེས་པ་གཉིས་དང་དེ་ལས༷་བཟློག༷་པ་འདྲེས་མ་དང༷་ཟག་བཅས་ཀྱི་ལས་དེ་ཟ༷ད་པར་བྱེད་པའི་ཟག་མེད་དངོ༷ས་ཀྱི༵་ལས༷་ད༷ང་ལས་དེ༷་ཡི༷་རྣམ༷་སྨིན༷་ཤི༷ན་ཏུ༷་མི་འདྲ་བ་སྣ༷་ཚོ༷གས་པ་ལ༷འ༵ང༌། མཁྱེ༷ན་པ༷་ནུས༷་མཐུ༷་ཐོ༷གས་པ་མེ༷ད་པར་སོ༷་སོ༷ར་འཇུག༷་པར་འགྱུར༷་བ༵་དེ་ཡང་དུ༷ས་གསུ༷མ་གྱིས་བསྡུས་པའི་ལས་དང་དེའི་འབྲས་བུ་ཤེ༷ས་བྱ་ཀུན་ལ་ཁྱབ༷་མཛ༷ད་དེ༷་ནི༷་ལས་ཀྱིརྣམ་སྨིན་སྟོབ༷ས་སུ༷་འདོ༵ད་དོ། །འདོ༷ད་ཆ༷གས་དང་ཞེ་སྡང་སོགས་ཉོན་མོངས་ཀུན་འབྱུང་གི་ས་དང༌། སོ༷གས་ཀྱིས༷་དད་སོགས་རྣམ་བྱང་གིས་འགྱུར་བ༷འི་སྟེ་ས་བོན་གྱི་སྟོབ༷ས་ཀྱིས༷་བསྐྱེད་པའི་འདོ༷ད་པ༷་ནི༵་ཤི༷ན་ཏུ༷་མི༷་འདྲ་བ་སྣ་ཚོ༷གས་པ་དམ༷ན་པ་དང་འབྲིང༷་དང་ག༷ང་ཡ༷ང་ཁྱད༷་འཕ༷གས་འདོ༵ད་པ་དང༌། མོས་པ་དེ༷་ལས༷་གཞ༷ན་པའི་ཆོས་ཀུན་ཏུ་སྤྱོད་པ་རྣམ༷ས་ཀྱིས༷་གཡོ༷གས་པའམ་བསྒྲིབས་པར་གྱུར་པའི་མོ༷ས་པ་ལ༷འང༷་མཁྱེན༷་པ༷་ནི༵་དུས༷་གསུ༷མ་འགྲོ༷་བ༷་མ༷་ལུས༷་པ་ལ་ཁྱབ༷་པ༷་མོས་པ་སྣ་ཚོགས་མཁྱེན་པའི་སྟོབ༷ས་ཞེས༷་བྱའོ༵། །སང༷ས་རྒྱས་ཁ༷མས་ཀྱི༷་རྣམ༷་པ༷ར་དབྱེ༷་བ་ལ༷་མཁ༷ས་པ་རྣམ༷ས་ཀྱིས༵་མི༷ག་སོ༷གས་ཁམས་བཅོ་བརྒྱད་པོ་རྣམ༷ས་ཀྱི༷་ར༷ང་བཞི༷ན་སྟོང་པ་ཉིད་ག༷ང་དེ༷་ཁ༷མས་སུ༷་གསུང༵ས་ཏེ། དེ་ལྟར་ན་ཁམས་དང༌། བདེན་གཉིས། ཁམས་གསུམ་སོགས།
ཁམས་ཀྱི་རིགས་ ཅན་ཀུན་ལ་རྫོ༷གས་པའི༷་ས༷ངས་རྒྱས༷་རྣམ༷ས་ཀྱི༷་མཁྱེན་པ༷་མཐ༷འ་ཡ༷ས་ཤི༵ང་རྣམ༷་ཀུན༷་ཁམ༷ས་ཀྱི༷་ཁྱད༷་པ༷ར་ལ༷་འཇུག༷་པ་ཁམས་སྣ་ཚོགས་མཁྱེན་པའི་སྟོབ༷ས་སུ༷་འདོ༵ད་དོ། །ཡང་དག་མིན་པའི་ཀུན༷་ཏུ༷་རྟོག༷་སོག༷ས་ཀུན་ཉོན་ལ་དབང་བྱེད་པ་དང༌། སོགས་སྒྲས་དད་སོགས་རྣམ་བྱང་གི་དབང་པོ་ཆེས༷་རྣོ༷་བ་ཉིད༷་ནི༷་མཆོ༷ག་ཡིན་པར་བཞེ༷ད་ལ༷་དབང་པོ་འབྲི༷ང་གི་གན༷ས་སྐབ༷ས་ད༷ང་དབང་པོ་རྟུལ༷་ཉིད༷་མཆོ༷ག་མི༷ན་པ༷ར་བཤ༷ད་པ་ད༵ང༌། མི༷ག་ལ༷་སོ༷གས་དབང་པོ་ཉེར་གཉིས་ད༷ང་དབང་པོ་དེ་དག་གི་རང་ཡུལ་ཕ༷ན་ཚུ༷ན་སྒྲུ༷བ་པའི་ནུས༷་པ་དབང་པོའི་ཁོང་དུ་ཆུབ༷་པ༷་སྟེ་དབང་པོ་ཉིད་ལ༷། འདི་སྒྲུབ་པའི་ནུས་པ་ཡོད་ཅེས་སོ། །ཐག་ཅེས་སྒྲ་ཐོས་ནས་མིག་ལྟ་འདོད་པ་ལྟ་བུ་དང༌། སྦྱིན་པའི་ཕར་ཕྱིན་ལ་གནས་པ་ན་ཚུལ་ཁྲིམས་སྲུང་ནུས་པ་ལྟ་བུ་ཕན་ཚུན་གཅིག་གིས་འབྲས་བུ་གཅིག་སྒྲུབ་ཅེས་ཀྱང་བཤད་དོ། །དེ་དག་ལ་རྣམ༷་པ༷་ཐ༷མས་ཅ༷ད་མཁྱེན༷་པ༷་ཐོགས་པའམ༷་ཆ༷གས་མེ༷ད་ནི་དབང་པོ་མཆོག་མཆོག་མིན་མཁྱེན་པའི་སྟོབ༷ས་སུ་གསུང༵ས་སོ། །ལ༷མ་འག༷འ་ཞིག་གིས་རྒྱལ༷་བ༷་ཉིད༷་དུ་འགྲོ་བ་ད༷ང་ལམ་འག༷འ་ཞི༷ག་ར༷ང་རྒྱལ༷་གྱི༵་བྱང༷་ཆུབ༷་ད༷ང་ནི༷། དེ་བཞིན་ལམ་འགས་ཉན༷་ཐོས༷་ཀྱི་བྱང༷་ཆུབ༷་དང་ལམ་འགས་ཡི༷་དྭག༷ས་ད༵ང༌། དུ༷ད་འགྲོ༷་དང་ལྷ༷་དང་མི༷་རྣམས་ད༷ང༌། དམྱལ༷་ལ༷་སོ༷གས་འགྲོ༷་བ༵་ལམ་འདི་ལས་འདིར་འགྲོ་ཞེས་དེ༷་ལ༷་མཁྱེན༷་པ༷་ཆ༷གས་ཐོགས་མེ༷ད་པར་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་མཐ༷འ་ཡ༷ས་པར་འཇུག་པ་ནི་སྟོབ༷ས་སུ༷་འདོ༵ད་དོ། །
འཇི༷ག་རྟེན༷་མཐ༷འ་ཡ༷ས་པ་ན་ཡོད་པའི་རྣལ༷་འབྱོར༷་པ་རྣམས་ཀྱི་རྒྱུད་ཀྱི་བྱེ་བྲག་ཐ་དད་པའི་བསམ་གཏན་སོགས་བྱེ་བྲ༷ག་ལ༷་སྟེ་ཁྱད་པར་དབྱེ་བ་ཐ༷་ད༵ད་དུ་ཡོད་པའི་བས༷མ་གཏ༷ན་བཞི་དང་རྣམ༷་ཐར༷་བརྒྱད༷་དང་ག༷ང་ཞི༷་གན༷ས་ཀྱི་ཏིང་འཛིན་ག༷ང་ད༷ག་ད༵ང༌། མཐར་གྱིས་སྙོམ༷ས་འཇུག༷་ཁྱད༷་པར༷་ག༷ང་ད༷ག་འདུ་ཤེས་དང་ཚོར་འགོག་གཅི༷ག་ད༷ང་བརྒྱད༷་གྱུར༷་པ༵་སྟེ་དགུ་པོ་དེ༷་ལ༷་མཁྱེན༷་པ༷་ཐོག༷ས་མེ༷ད་འདི༷་ནི་སྟོབ༷ས་སུ༷་བཤ༵ད་དོ། །ཇི༷་སྲི༷ད་གཏི༷་མུག༷་ཡོད་པ་དེ༷་སྲིད༷་དུ་སྲིད༷་པ་གཅིག་ནས་གཅིག་བརྒྱུད་ཐོག་མེད་དུ་གན༷ས་པ་འད༷ས་པའི་དུས་ཀྱི་བད༷ག་ད༵ང༌། གཞན་སེ༷མས་ཅ༷ན་གཞ༷ན་རེ༷་རེ༷་ཡི༷་སྔོན་གྱི་སྲིད༷་པའི༷་སེ༷མས་ཅ༷ན་ནི༵་ཇི༷་སྙེད༷་ཡོད་པ་དེ༷་སྙེད༷་ཀྱི་སེམས་ཅན་མཐའ༷་ཡ༷ས་པ་གཞིར༷་ཏེ་རྒྱུ་དང་བཅ༷ས་ཡུལ༷་གང་དུ་སྐྱེ་བའི་ཕྱོག༷ས་ད༵ང་བཅ༷ས་པའམ་ཡང་ན་ཁ་དོག་སོགས་རྣམ་པ་དང་བཅས་པ་ལ་སོགས་པ་རྣམས་ལ༷་བློ༷་ཐོགས་པ་མེད་པ་ག༷ང་ད༷ང་གང༷་ཡི༷ན་སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབ༷ས་སུ༷་བཤ༵ད་དོ། །སེ༷མས་ཅ༷ན་རྣམ༷ས་ཀྱི༷འང༷་སེ༷མས་ཅ༷ན་རེ༷་རེ༷འི་འཆི༷་འཕོ༷་བ་ད༵ང་ཕུང་པོ་ཉིང་མཚམས་སྦྱོར་བའི་སྐྱེ༷་བ༷་ག༷ང་འཇི༷ག་རྟེན༷་ལ༷་གན༷ས་ན་ནམ༷་མཁ༷འི་མཐ༷ར་ཐུག༷་སྟེ་ནམ་མཁའི་མཐར་ཐུག་པའི་འཇིག་རྟེན་ལ་གནས་པ་ད༵ང༌། སྣ་ཚོགས་པའི་ལས་ཀྱི་བཟོ༷་བོས་བཀྲ༷་བར་བྱས་པ་མང༷་པོ༷་དེ༷་ལ༷་མཁྱེན༷་པ༷་དུས༷་དེ༷ར་འཇུག༷་པ༷་ཡི༵ས། མཁྱེན་པ་མ༷་ཆ༷གས་པ་དང་རྣ༷མ་ཀུན༷་ཡོ༷ངས་སུ་ད༷ག་པ་མཐ༷འ་ཡ༷ས་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབ༷ས་སུ༷་འདོ༷ད་དོ། །ཤེས་བྱའི་རྣམ༷་པ་ཀུན༷་མཁྱེན༷་པའི༷་སྟོ༷བས་ཀྱིས༷་མྱུར༷་དུ༷་ཞེས་ཡེ་ཤེས་སྐད་ཅིག་གཅིག་གིས་རྒྱལ༷་བ་སངས་རྒྱས་རྣམ༷ས་ཀྱི༵།
ཆགས་སོགས་ཉོན༷་མོ༷ངས་ད༷ག་ནི་བ༷ག་ཆ༷གས་ད༷ང་བཅ༷ས་པ་ཤིན་ཏུ་ཕྲ་བའང་འཇི༷ག་པ་སྟེ་སྤང་བར་འགྱུར༷་བ་ད༷ང༌། སློབ༷་མ༷་ཉན་རང་ལ༷་སོ༷གས་རྣམས་ཀྱིས་ཉོན༷་མོངས་པ་རྣམས་བློ༷་ཡི༷ས་ཏེ་ཟག་མེད་ཤེས་རབ་ཀྱིས་འགོ༷ག་པ༷་སྟེ་སྤངས་པ་ག༷ང་ཡིན་པ་དེ༷་ལ༷་མཁྱེ༷ན་པ༷་ཆགས་མེད་མཐ༷འ་ཡ༷ས་ཟག་པ་ཟད་པ་མཁྱེན་པའི་སྟོབ༷ས་སུ༷་འདོ༵ད་དོ། །གཉིས་པ་ལ། ཡོན་ཏན་ཀུན་རྫོབ་མི་ནུས་པའི་ཚུལ་དང༌།འདིར་ནི་ཅུང་ཟད་བརྗོད་པའང་ལུང་ལ་བརྟེན་ནས་ཡིན་ཚུལ་གཉིས། དང་པོ།སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་ནི། སངས་རྒྱས་ཉིད་ཀྱིས་བསྐལ་པ་གྲངས་མེད་པར་སྐུ་ཚེ་བྱིན་གྱིས་བརླབས་ཤིང༌། ཕྲིན་ལས་གཞན་མི་མཛད་པར་སྐྱེན་པར་གསུངས་ཀྱང༌། རྫོགས་པ་མིན་ན། བྱང་སེམས་ཀྱིས་ལྟ་ཅི། དེས་ན་ཉན་རང་གིས་བརྗོད་མི་ནུས་པ་ནི་སྨོས་ཅི་དགོས་ཏེ། དཔེར་ན་ན༷མ་མཁ༷འ་མེ༷ད་པས༷་འད༷བ་ཆག༷ས་ལྡོ༷ག་པ༷ར་མི༷་འགྱུར༷་གྱི༵་འདིར༷་ནི་འདབ་ཆགས་མཁའ་ལྡིང་དབང་པོ་དེ་ར༷ང་མཐུ༷་ཟ༷ད་པ༷ས་ལྡོ༷ག་པ༷ར་འགྱུར༷་བ་དེ༷་བཞི༵ན་དུ། སློ༷བ་མ༷་ཉན་ཐོས་དང༷་བཅ༷ས་པའི་སང༷ས་རྒྱས༷་སྲས༷་བྱང་སེམས་རྣམ༷ས་སང༷ས་རྒྱས༷་ཀྱི༵་ཡོ༷ན་ཏན༷་མཁ༷འ་ལྟར༷་མཐ༷འ་ཡ༷ས་པ་མ༷་བརྗོ༷ད་བཞིན་དུ་ལྡོག༷་པ༷ར་འགྱུར༷་གྱི་བརྗོ༷ད་བྱ་ཟད་པར་མི་འགྱུར་རོ། །གཉིས་པ། དེ༷་ཕྱིར༷་བད༷ག་འདྲས༷་རྫོགས་པའི་སངས་རྒྱས་ཁྱོད་ཀྱི་ཡོ༷ན་ཏན༷་འདི༷་ད༷ག་ཆ་ཤས་ཙམ་ཅི༵་ལྟར་ཤེ༷ས་པ༷་ད༷ང་ནི༷་བརྗོ༷ད་པར་ནུས༷་འགྱུར༷་རམ༵་སྟེ། མི་འགྱུར་ནའང༌། འོ༷ན་ཀྱང༷་ཆ་ཙམ་བརྗོད་པ་དེ༷་ད༷ག་འཕ༷གས་པ༷་ཀླུ༷་སྒྲུབ༷་ཀྱིས༵་བཤ༷ད་པའི་ཕྱིར༷་དེ་ལ་བརྟེན་ནས་དོ༷གས་པ་སྤང༷ས་ཏེ་ཚམ་ཚོམ་མེད་པར་ཅུང༷་ཟ༷ད་ཙ༷མ་ཞི༷ག་སྨྲས༵་སོ། །
གསུམ་པ། མདོར་བསྡུ་ན་སངས་རྒྱས་ཀྱི་ཡོན་ཏན་ཟ༷བ་མོ༷་སྟོང༷་པ༷་ཉིད༷་ཆོས་ཀྱི་སྐུ་དང་གཞི་ལམ་གྱི་སྟོང་ཉིད་ཡི༷ན་ཏེ༵། ཡོ༷ན་ཏན་དེ་ལས་གཞན་ས་བཅུ་གཅིག་གི་ཡོན་ཏན་དང༌།སྟོབས་སོགས་གཞ༷ན་རྣམ༷ས་ནི་རྒྱ༷་ཆེ༷་བ༷འོ༵། །ཟབ་རྒྱས་འདི་གཞུང་སྤྱི་ལ་རེད་མདའ་བ་བཞེད། དེ་འདྲའི་ཟབ༷་ད༷ང་རྒྱ༷་ཆེའི་ཡོན་ཏན་གྱི་ཚུལ༷་ལེགས་པར་ཤེ༷ས་པས༷་ནི༷་དོན་དེ་གཉིས་ཤེས་ནས་བསྒོམས་པས་སངས་རྒྱས་ཀྱི་ཡོ༷ན་ཏན༷་གཉིས་པོ་འདི༷་ད༷ག་འཐོབ༷་པ༷ར་འགྱུར༵་རོ། །གསུམ་པ་བྱང་ཆུབ་བརྙེས་ནས་སྤྲུལ་པས་འགྲོ་དོན་མཛད་ཚུལ་ལ། སྟོན་པ་མཆོག་གི་སྤྲུལ་པའི་སྐུའི་རྣམ་ཐར་སྟོན་པ།བསྟན་པ་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ། སྟོན་པ་དེ་ཉིད་མངོན་པར་བྱང་ཆུབ་པ་དང༌། བཞུགས་པའི་དུས་ཀྱི་སྒོ་ནས་ཚད་མེད་པར་བསྟན་པ་གསུམ།དང་པོ། སླར༷་ཡ༷ང་ཆོས་སྐུ་དེ་ཁོ་ན་ཉིད་ལས་མི༷་གཡོ༷་བའི་སྐུ༷་མང༷འ་བ་ཁྱོད༷་ཀྱི༷ས་ས་འོག་ས་སྟེང་ས་བླའི་སྲི༷ད་པ༷་གསུ༷མ་དུ་བྱོན༷་ན༷ས་སྤྲུལ༷་པའི་སྐུ་རྣམ༷ས་ཀྱིས༵།དགའ་ལྡན་ནས་མི་ཡུལ་དུ་གཤེ༷གས་པ༷་ད༷ང་ནི༷་ཡུམ་སྲས་དང་འབྲེལ་བར་སྟོན་པས་བལྟམ༷ས་པ་ད༷ང་བྱང༷་ཆུབ༷་ཞི༷་བའི༷་དབྱིངས་མྱང་འདས་སུ་གཞུག་པའི་ཆོས་ཀྱི་འཁོ༷ར་ལོ༷འ༷ང་སྟོན༷་པ༷ར་མཛ༵ད་དོ། །དེ༷་ལྟར༷་ཁྱོད་ཀྱིས༷་འཇི༷ག་རྟེན༷་པའི་སྐྱེ་བོ་སེམས་གར་མཁན་ལྟར་ཤིན་ཏུ་གཡོ་བའི་ངང་ཚུལ་ལམ་གཡོ་བ༷ག་ནི་སྤྱོད༷་པ་སྣ་ཚོགས་ཅན༷་ཡུལ་ལ་རེ༷་བའི་སྟེ་སྲེད་པའི་ཞ༷གས་པ༷་ནི༵་མང༷་པོ༷ས་དམ་པོར་བཅི༷ངས་པ༷་མ༷་ལུས༷་པ་ཐུག༷ས་རྗེ༷ས་མྱ༷་ང༷ན་འད༷ས་པར༷་བཀྲི༷་བ༷ར་མཛ༵ད་དོ། །
གཉིས་པ་ལ་མཐར་ཐུག་ཐེག་པ་གཅིག་ཏུ་རིགས་པས་གྲུབ་ཚུལ་བརྗོད་པ་དང༌།ཐེག་པ་གསུམ་དུ་བསྟན་པ་དྲང་དོན་དུ་བསྟན་པ་གཉིས། དང་པོ། རྒྱུ་མཚན་ག༷ང་ཕྱིར༷་འདི༷་ན༷་ཆོས་རྣམས་ཀྱི་དེ༷་ཁོ་ན་ཉིད༷་ཤེ༷ས་པ་ལས༷་སྒྲིབ༷་གཉིས་ཀྱི་དྲི༷་མ༷་མཐ༷འ་ད༷ག་སེ༷ལ་བ༷་ནི༵་ལྷུར༷་བྱེད༷་པའི་གཉེན་པོ་གཞ༷ན་མེ༷ད་ལ་ཆོ༷ས་རྣམ༷ས་ཀྱི་དེ༷་ཁོ་ན་ཉིད༷་ཀྱང་མི་འདྲ་བའི་རྣམ༷་འགྱུར༷་གྱི་དབྱེ༷་བ་ལ༷འང༷་བསྟེན༷་མི༷ན་ཞི༵ང་སྟེ། གཅིག་ཏུ་ཟད་པ་ལ་དེ་མིན་པར་དེ༷་ཁོ་ན་ཉིད༷་ཀྱི་ཡུལ༷་ཅ༷ན་གྱི་བློ༷་གྲོས༷་ཏེ་ཡེ་ཤེས་འདི༷་ཡ༷ང་ཡུལ་འཇལ་བའི་རྣམ་པ་ཐ༷་ད༷ད་པར་འགྱུར༷་བ་ཡང་མ༷་ཡི༷ན་པ༵་དེ༷་ཡི༷་ཕྱིར༷་ན༷་ཐུབ་པ་ཁྱོད༷་ཀྱིས༷་གདུལ་བྱའི་འགྲོ༷་ལ༷་ཐེག༷་པ༷་གཞན་གང་དང་ཡང་མི༷་མཉམ༷་པ་དབྱེར༷་མེ༷ད་པའི་ཐེག་པ་གཅིག་ཏུ་བསྟན༷་ཏོ། །དེ་ཡང་འབྲས་བུའི་ཐེག་པ་དེ་ཁོ་ན་ཉིད་ཀྱང་གཉིས་པ་དང༌། འདིས་འདེགས་པའི་ཐེག་པ་ལམ་ཡང༌། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་བློ་གྲོས་ཐ་དད་མི་སྲིད་དེ། དེ་ཁོ་ན་ཉིད་ཇི་བཞིན་མ་རྟོགས་ན་ནི། ད་དུང་ཤེས་བྱ་མཐའ་དག་མ་རྟོགས་པའི་དྲི་མ་མ་བྲལ་བས་ལམ་མཐར་ཐུག་པ་མིན་ལ་ཇི་བཞིན་རྟོགས་ན་ནི་སྒྲིབ་གཉིས་སྤངས་པའི་སངས་རྒྱས་ཀྱི་ཐེག་པ་ཆེན་པོ་གཅིག་ཏུ་འགྲུབ་བོ། །ཇི་སྐད་དུ། འོད་སྲུང་ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་ན་མྱ་ངན་ལས་འདའ་བ་ཡིན་ལ། དེ་ཡང་གཅིག་ཡིན་གྱི་གཉིས་དང་གསུམ་ནི་མ་ཡིན་ནོ། །ཞེས་དང་འཕགས་པས།ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཁྱེད་ལ་ཐེག་པའི་དབྱེ་བ་མེད། །ཐེག་པ་གསུམ་དུ་བསྟན་པ་ནི། །སེམས་ཅན་རྣམས་ནི་གཞུག་ཕྱིར་རོ། །གསུངས་སོ། །
གཉིས་པ། འོ་ན་ཉན་རང་གི་ལམ་གྱིས་མྱ་ངན་ལས་འདས་པར་བཤད་པ་ཅི་ཞེ་ན། ག༷ང་ཕྱིར༷་འགྲོ༷་བ་རྣམས་ལ༷་ཉེས༷་པ་སྣ་ཚོགས་པ་ཆེར་སྐྱེད༷་བྱེད༷་བསྐལ་པ་ཉོན་མོངས་ལྟ་བ་ཚེ་སེམས་ཅན་ཏེ་སྙི༷གས་མ༷་ལྔ་པོ་འདི༷་ད༷ག་ཡོ༷ད་པར་གྱུར༷་པ༷། དེས་ལྷག་པར་མོས་པ་འཇོམས་པས་དེ༷་ཕྱིར༷་འཇི༷ག་རྟེན༷་གདུལ་བྱ་གང་ཞིག་ཐོག་མར་སང༷ས་རྒྱས༷་སྤྱོད༷་ཡུལ༷་ཟབ་ཅིང་གཏིང༷་ཟབ༷་དཔག་པར་དཀའ་བ་ལ༷་འཇུག༷་པར་མི༷་འགྱུར༷་ཞིང༵༌། ཡུལ་དུ་མ་གྱུར་པ་ཙམ་གྱིས་དེ་མི་འདོར་ཏེ་བདེ༷་བར་གཤེ༷གས་པ་ག༷ང་ཕྱིར༷་ཁྱོད༷་ལ༷་གདུལ༷་བྱ་འདུལ་བའི་ཐབས་མཁས་ཀྱི་མཁྱེན༷་ར༷བ་དང་གདུལ་བྱ་དེ་དག་གི་དོན་ལ་མི་སྙེལ་བའི་ཐུགས་རྗེའི༷་ཐབས་མཁས་ད༷ང་ལྷན༷་ཅི༷ག་པ༷་མང༷འ་བ་ད༷ང་ག༷ང་ཕྱིར༷་སྔོན་བྱང་སེམས་དུས་བད༷ག་གི༷ས་སེ༷མས་ཅན༷་ཐམས་ཅད་དགྲོལ༷་བར་བྱའོ་ཞེས༷་ཁྱོད༷་ཀྱིས༷་ཞལ༷་གྱིས་བཞེ༷ས་ཏེ༷། གདུལ་བྱ་གདོན་མི་ཟ་བར་གྲོལ་བར་བྱ་དགོས་པ་དེ༷་ཕྱིར༷་དེད་དཔོན་མཁ༷ས་པ༷་རི༷ན་པོ༷་ཆེ༷་ཡི༷་གླིང༷་དུ༷་ཆས༷་པ༷འི་སྐྱེ༷་བོའི་ཚོ༷གས་ཀྱི༷། ཡུན་རིང་བགྲོད་པའི་ངལ༷་བ༷་ཉེར༷་ཏེ་ཉེ་བར་སེལ༷་བའི་སླད་དུ་གྲོང༷་ཁྱེ༷ར་ཡི༷ད་འོ༷ང་རིན་པོ་ཆེའི་གླིང་དུ་མ་སླེབས་པའི་བ༷ར་དུ༷་རྣམ༷་པ༷ར་བཀོ༷ད་པ༷་སྟེ་སྤྲུལ་པ་ལྟར༵་དུ། བཅོམ་ལྡན་ཁྱོད༷་ཀྱིས༷་ཀྱང་ཐེག་ཆེན་གྱི་ཚུ་རོལ་ཏུ་དེའི་ཐབས་སུ་གྱུར་པའི་ཐེ༷ག་པ༷་ཆུང་ངུ་འདི༷་ནི༷་སློབ༷་མ༷་ཉན་ཐོས་དང་རང་སངས་རྒྱས་བཅས་པ་སྡུག་བསྔལ་ཉེ༷་བར༷་ཞི༷་བའི༷་ཚུལ་གྱི་བདེ་བ་ལ་ཡི༵ད་སྦྱར༷་བའི་ཕྱིར་དུ་གསུངས་ཞི༷ང་འཁོར་བའི་ཉོན་མོངས་ཀྱི་རྣམ༷་པ༷ར་དབེ༷ན་ལ༷འང༷་བློ༷་སྦྱང༷ས་པ་རྣམ༷ས་ལ༷་ཕྱི་ནས་ཉན་རང་གི་རིགས་ཅན་ལས་ལོ༷གས་སུ༷་ཐེག་པ་ཆེན་པོ་འདི༷་གསུང༷ས་སོ། །
གསུམ་པ་ལ།མངོན་པར་བྱང་ཆུབ་པའི་དབང་དུ་བྱས་པ་དང༌། རྟག་ཏུ་སྲིད་པར་བཞུགས་པའི་དབང་དུ་བྱས་པ་གཉིས། དང་པོ། བདེ༷་བ༷ར་གཤེ༷གས་པ༷་ཁྱོད་ནི་མ༷་ལུ༷ས་པའི་ཕྱོག༷ས་ཀྱི་ཞི༷ང་སང༷ས་རྒྱས༷་ཀྱི་ཡུལ༷་དུ་གྱུར་པ་ད༷ག་ན༵་ཕྲ༷་ར༷བ་རྡུལ༷་གྱི་རྡུལ༷རྣམ༷ས་བདོ༷ག་པ་སྟེ་ཡོད་པ༷ར་གྱུར༷་པ༷་ཇི༷་སྙེད༷་པ༷། བདེ་གཤེགས་ཁྱོད་ཀྱང་བྱང༷་ཆུབ༷་ཀྱི་མཆོ༷ག་ར༷བ་ད༷མ་པ༷ར་གཤེ༷གས་པ༷འི་བསྐལ༷་པ༷འང༷་དེ༷་སྙེད༷་དེ༷། དེ་ལྟ་མོད་ཀྱི་འོ༷ན་ཀྱང་ཁྱོད༷་ཀྱི༷་གསང་བ༷་བསམ་གྱིས་མི་ཁྱབ་པ་འདི༷་ནི༷་སྔོན་དགེ༷་རྩ་མ་བསགས་པ་རྣམས་ལ་བསྙད༷་པར་བགྱི༷་མ༷་ལ༷གས་ཏེ་མོས་པར་དཀའ་བས་སོ༵། །དེ་ལ་ལྷག་པར་མོས་པ་ལ་བསོད་ནམས་གཞལ་དུ་མེད་པ་འབྱུང་བས་འདིར་བཤད་དོ། །དེ་ལ་རང་འགྲེལ་ལས། བཅོམ་ལྡན་འདས་སྤྲུལ་པའི་སྐུ་འབྱུང་བའི་རྒྱུ་གང་ཡིན་པ་དེའི་མངོན་པར་བྱང་ཆུབ་པའི་དུས་ཇི་ཙམ་ཡིན་པ་དེའི་ཚད་བརྗོད་བྱ་སྟེ་ཞེས་གསུངས་པས་འཇིག་རྟེན་ན་མཆོག་གི་སྤྲུལ་པའི་སྐུ་འབྱུང་བའི་དང་པོ་མངོན་པར་བྱང་ཆུབ་པ་ནམ་ཞིག་བརྙེས་ནས་བསྐལ་པ་དུ་སོང་ཞེས་བརྗོད་པ་ཡིན་ཏེ། དམ་པའི་ཆོས་པད་དཀར་ལས། བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པར་རུ། །བྱང་ཆུབ་མཆོག་རབ་དེ་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་ཏུ་སྟོན། །ཞེས་པ་ལྟར།ཐོག་མ་མེད་པའི་དུས་ནས་མངོན་པར་བྱང་ཆུབ་པ་ཡིན་ནོ། །
དེ་ལ་ཁ་ཅིག་སངས་རྒྱས་ཟིན་ནས་སླར་སྤྲུལ་པའི་སྐུ་གསར་དུ་སངས་རྒྱས་པའི་ཚུལ་ཡིན་ཞེས་གསུངས་ལ། ཁ་ཅིག་གློ་བུར་དྲི་བྲལ་གྱི་ཆོས་སྐུ་རྣམས་གཅིག་པ་ལ་འཆད་ཀྱང་མི་འཐད་ཟེར། གོ་རམས་པས། རང་བཞིན་རྣམ་དག་གི་ཆོས་སྐུ་ལ་འཆད།སྤྲུལ་སྐུ་ལ་ཚད་མེད་ན་དེའི་རྒྱུ་སྐུ་གསུམ་པོ་ཡང་ཚད་མེད་པ་དང༌། སངས་རྒྱས་གཅིག་གི་ཆོས་སྐུའི་ཐོག་མ་ཚད་མེད་པ་ཟེར། མ་འོངས་སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་ཡིན་པ་ལ་སྐུར་པ་བཏབ་པ་སོགས་དཔྱད། རེད་མདའ་བ་ཡང་སྤྲུལ་པའི་སྐུ་མངོན་པར་བྱང་ཆུབ་པར་གཤེགས་པའི་བསྐལ་པའང་དེ་སྙེད་དེ། ཞེས་སོ། །གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོརྒྱལ༷་བ༷་ཁྱོད་ནི་མ་འོངས་པའི་སྐུ་ཚེའི་ཚད་ནི་ཇི༷་སྲི༷ད༷་འཇི༷ག་རྟེན༷་མཐ༷འ་ད༷ག་གོ་འཕང་མཆོ༷ག་ཏུ༷་ར༷བ་ཏུ་ཞི༷་བར༷་འགྲོ༷་བ༷་མི༷ན་ཞི༷ང་སྟེ་སངས་རྒྱས་མ་ཐོབ་པའི་བར་དང་ན༷མ་མཁ༷འ་རྣམ་པར་འཇིག་པར་འགྱུར༷་བ་མི༷ན་པ་དེ༷་སྲིད༷་དུ༷། ཤེ༷ས་ར༷བ་ཕར་ཕྱིན་གྱི་ཡུམ༷་གྱིས༷་བསྐྱེད༷་པ༷་ཁྱོད༷་ལ༷་ཐུག༷ས་བརྩེ༷་ཆེན་པོའི་མ༷་མ༷་ཡི༷ས་བསྐྱེད་པ་དེ་ཡི་ཚུལ༷་ལུག༷ས་དེ་ཁྱོད་ཀྱིས་བྱེད༷་པ༷ས་ཕྱོགས་གཅིག་པའི་ལྷག་མེད་དུ་ར༷བ་ཏུ་ཞི༷་བ༷ར་འགྱུར༷་པ༷་ག༷་ལ༷་མང༷འ་སྟེ་མི་མངའོ། །གཉིས་པ་ལ། འགྲོ་ལ་ཐུགས་བརྩེ་ཚད་མེད་པ་མངའ་ཚུལ་དང༌། དེས་ཡུལ་སྡུག་བསྔལ་ཅན་གྱི་སེམས་ཅན་ཟད་པ་མེད་པས་མྱ་ངན་ལས་མི་འདའ་བའི་ཚུལ་གཉིས། དང་པོ།ག༷ཏི་མུག༷་སྐྱོན༷་གྱིས༷་འཇི༷ག་རྟེན༷་འདི་ནི་འདོད་ཡོན་ལྔའི་ཁ༷་ཟས་སྡུག་བསྔལ་གྱི་དུག་དང་བཅ༷ས་པ༷ར་ཟ༷་བ༷་ཡི༵་སྐྱེ་བོ༷་ཉིད༷་ཀྱི༷་ན༷ང་མི༷་སྟེ་བདག་གིར་བྱས་པ་དེ༷་ལ༷་ཁྱོད༷་བརྩེ༷་བ་སྐྱེ་བ་ཇི༷་ལྟ༷་བ༷་དེ༷་ལྟར༷་ནི་དུག༷་ཟོས་ནས་སྡུག་བསྔལ་གྱིས་ཚོར་བས་ཉེན༷་པའི༷་བུ༷་གཅིག་པུ་ལ༷འང་མ༷་ཡི༷་སྡུག༷་བསྔལ༷་བའི་བློ་སྐྱེ་བ་མི༷ན་པ་སྟེ་བུ་སྟོབས་དང་ལྡན་པ་མ་ལ་སྙིང་བརྩེ་བ་ཞིགམ་སྡུག་བསྔལ་གྱིས་ཉེན་པ་མཐོང་བཞིན་འདོར་ནས་མི་འགྲོ་བ་ལྟ་བུ་ཡིན་ནོ། །
དེ༷ས་ན༷་མགོ༷ན་པོ༷་སངས་རྒྱས་རྣམས་མཆོ༷ག་ཏུ༷་ར༷བ་ཞི༷ར་སྟེ་ཞི་བ་ཕྱོགས་གཅིག་པར་གཤེ༷གས་པ༷ར་འགྱུར༷་བ༷་མ་ལ༵གས་སོ། །གཉིས་པ། གང༷་གི༷་ཕྱིར༷་ན༷་དེ༷་ཁོ་ན་ཉིད་ཀྱི་དོན་ལ་མི༷་མཁ༷ས་པའི་དབང་གིས་དངོ༷ས་པོར་བདེན་ཞེན་ད༷ང་རྒྱུ་འབྲས་ཀྱི་དངོ༷ས་པོ་མེ༷ད་པར༷ལྟ་བའི་ལོག་ལྟའི་ཞེ༷ན་པ༷་ཡི༷་བློ༷་ཅན༷་གྱིས༷། ཡང་ཡང་སྐྱེ༷་བ༷་དང་འཇི༷ག་པ་འཆི་བའི་གནས༷་སྐབ༷ས་ད༷ང༌། ཡུལ་སྡུག༷་ད༷ང༌། མི༷་སྡུག༷་བྲལ༷་ཕྲད༷་ཀྱིས༷་བསྐྱེ༷ད་སྡུག༷་བསྔ༷ལ་དང༷༌། སྡིག༷་ཅན༷་དམྱལ་སོགས་ཀྱི་འགྲོ༷་བ༷་འཐོ༷བ་པ༷་དེ༷་ཕྱིར༷་འཇི༷ག་རྟེན༷་སྡུག་བསྔལ་བ་དེ་དག་ཐུག༷ས་བརྩེ༷འི་ཡུལ་དུ༷་ར༷བ་ཏུ་དོ༷ང་བ་སྟེ་སོང་བར་གྱུར་པ༷ས་བཅོ༷མ་ལྡ༷ན་འདས་ནི་ཐུག༷ས་རྗེས༷་ཁྱོད་ཐུག༷ས་ཞི་བ་ཕྱོགས་ཅིག་ལ༷ས་བཟློག༷་པ༷ས་ཁྱོད༷་ལ༷་མྱ༷་ང༷ན་འད༷ས་པ་མི༷་མང༷འ་བར་འཇིག་རྟེན་ཇི་སྲིད་དུ་བཞུགས་སོ། །གསུམ་པ་མཇུག་མཐར་ཕྱིན་པའི་བྱ་བ་ལ། ཇི་ལྟར་བརྩམས་པའི་ཚུལ་དང༌།དེ་ལྟར་བརྩམས་པའི་དགེ་བ་བསྔོ་བ་གཉིས། དང་པོ་ལ། རྩོམ་ཚུལ་དངོས་དང༌། དེ་ལྟར་བརྩམས་པའི་དགོས་པ་གཉིས། དང་པོ་ལ། གང་ལ་བརྟེན་ནས་རྩོམ་ཚུལ་དང༌། དེ་ལྟར་བརྩམས་པའི་བསྟན་བཅོས་འདི་ཐུན་མོང་མ་ཡིན་པར་སྟོན་པ་གཉིས།
དང་པོ། མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་མ་ནོར་བར་འགྲེལ་བའི་ལུགས་འདི༷་ད༷ག་དགེ༷་སློང་དཔལ་ལྡན་ཟླ་གྲག༷ས་ཀྱིས༷་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་སོགས་ལས༷་བཏུ༷ས་ན༷ས། ངེས་དོན་གྱི་མདོ་སྡེའི་ལུང༷་ཇི༷་བཞི༷ན་ད༷ང་ཀླུ་སྒྲུབ་ཀྱི་མན་ང༷ག་ནི༷་ཇི༷་ལྟ༷་བ༷་བཞི༷ན་བརྗོ༷ད་པ༷་ཡི༷ན་ནོ། །གཉིས་པ། དབུ་མའི་གཞུང་འདི༷་ལ༷ས་བསྟན་བཅོས་གཞ༷ན་རྣམས་ན༷་སྟོང་ཉིད་ཅེས་པའི་ཆོས་འདི༷་ནི༷་ཇི༷་ལྟ་བར་ཕྱིན་ཅི་མ་ལོག་པ་བརྗོད་པ་མེ༷ད་པ༷་དེ༷་བཞི༷ན་དུ༷། འཇུག་པའི་གཞུང་འདི༷ར་འབྱུང༷་བ་ཀུན་རྫོབ་ཏུ་རང་མཚན་མི་འདོད་པ་སོགས་ཀྱི་ལུག༷ས་ཀྱང་དབུ་མའི་བསྟན་བཅོས་ལྟར༷་སྣང་གཞན་ན༷་ནི༷་མེད༷་ཅེ༷ས་མཁ༷ས་པ་རྣམ༷ས་ཀྱིས་ངེ༷ས་པ༷ར་མཛོ༷ད། གཉིས་པ་དགོས་པ་ལ།དངོས་དང༌། དགོས་པ་དེ་ལྡན་གྱི་གཞུང་འདི་ཁོ་ན་འཛིན་པར་གདམས་པ་གཉིས། དང་པོ། དཔལ་འཕགས་པ་ཀླུ༷་སྒྲུབ༷་ཀྱི་བློ་ཡི༷་རྒྱ་མཚོ༷་ཆེན་པོ་དེ་ནི་ཤིན༷་ཏུ༷་རྒྱ༷་ཆེ༷འི་སྟེ་རྒྱ་ཆེ་ཞིང་དོན་གྱི་གཏིང་ཟབ་པའི་ངམ་ནག་པའི་ཁ༷་དོ༷ག་འདྲ་བ་སྐྱེ་མེད་དང་སྟོང་པ་ཉིད་སོགས་ཚིག་གིས༷་འཇི༷གས་པ༷ས་བྱིས་པ་རྣམ་རིག་སྨྲ་བའི་སྔོན་གྱི་སྐྱེ༷་བོ༷ས་དེ་ལྟ་བུའི་ལུག༷ས་བཟང་ག༷ང་ད༷ག་རྒྱང་རི༷ང་སྤང༷ས་པ༷ས་ཏེ་འགྲོས་པ་ལྟར་གྱུར་པ་ན་དབུ་མའི་གཞུང་དེ༷་ཡི༷་ཚིག༷ །ལེ༷འུར༷་བྱས༷་པའི༷་རྩ་ཤེས་སོགས་ཁ༷་འབུས༷་པའི་ཀུ༷་མུ༷་ཏ༷་རྣམས་གཞུང་འདིས་ཁ༷་ཕྱེ༷་བའི་ཡིད་འོང་གི་རྣམ་པ་ཅན་གྱི་ཆུས༷་ད༷་ལྟ༷་བྱེད་པ་པོ་ཟླ༷་བ༷་གྲག༷ས་པ༷་བདག་གིས་ཡིད་ལ་རེ༷་བ་རྣམ༷ས་ར༷བ་ཏུ༷་སྐོ༷ང་བ༷ར་བྱེད༷་དོ། །དེ་ལ་ཀླུ་སྒྲུབ་ཀྱི་གཞུང་ན། སྐྱེ་མེད་དང་སྟོང་པ་ཉིད་ཅེས་པའི་ཡི་གེའི་དོན་བརྗོད་པ་ལས་སྐྲག་སྟེ། དཔེར་ན་མཚོ་རྒྱ་ཆེན་པོ་མཐོང་བས། བྱིས་པ་རྣམས་སྐྲག་ཅིང་རིང་དུ་འབྲོས་པ་ལྟར།
དབྱིག་གཉེན་དང༌། ཕྱོགས་གླང༌། དཔལ་ལྡན་ཆོས་སྐྱོང་སོགས་སྐྱེ་བོས་ཀླུ་སྒྲུབ་ཀྱི་ལུགས་དེ་རྒྱང་རིང་དུ་སྤངས་ཀྱང༌། ཇི་ལྟར་ཟླ་བ་དཀར་བས་མཚོ་དཀར་ཞིང་ཀུ་མུད་སོགས་ཕྱེ་བའི་ཡིད་དུ་འོང་བ་ལྟར། འདིར་ཡང་རྩོམ་པ་པོ་ཟླ་བ་དེས།ཀླུ་སྒྲུབ་ཀྱི་རིགས་ཚོགས་ཀུ་མུད་ཁ་འབུས་པ་རྣམས་ཁ་ཕྱེ་བ་དང་ལྡན་པའི་ཆུ་མཚོ་ཡིད་དུ་འོང་བ་དེས་སྐྱེ་བོའི་རེ་བ་རྫོགས་པར་བྱེད་དོ། །ཞེས་སྔར་ཀླུ་སྒྲུབ་ཀྱི་བློ་མཚོ་སྤངས་ནས་བཏུང་མ་བཏུབ་པ་ད་ལྟ་འདོད་རྒུར་སྐལ་བ་དང་ལྡན་པས་ལོངས་སྤྱོད་དོ་ཞེས་སོ། །རེད་མདའ་བས་ཀུ་མུད་ལྟར་ཟབ་དོན་ཁ་འབུས་པ་རྣམས་འགྲེལ་པས་ཁ་ཕྱེས་ཏེ། དེ་ལས་བྱུང་བའི་ལེགས་བཤད་སྦྲང་རྩིའི་ཆུས་ཞེས་གསུངས་ཏེ། ཀླུ་སྒྲུབ་ཀྱི་བློ་མཚོ་ལས་སྐྱེས་པའི་ཚིག་ལེའུར་བྱས་པ་རྩ་ཤེར་སོགས་ཀུ་མུ་ཏ་ཁ་འབུས་པ་འདྲ་བ། ད་ལྟ་ཟླ་གྲགས་ཀྱི་བློ་གྲོས་ཉི་ཟེར་གྱིས་ཁ་ཕྱེ་ནས། དེའི་ནང་གི་བདེན་གཉིས་ཀྱི་ཆུ་ཡན་ལག་བརྒྱད་ལྡན་གྱིས།སྐལ་ལྡན་གྱི་གདུལ་བྱའི་རེ་བ་ཡིད་བཞིན་སྐོང་བར་བྱེད་ཅེས་སོ། །གཉིས་པ།དེ༷་ཁོ་ན་ཉིད༷་ཀྱི་དོན་སྔར་བཤད༷་ཟི༷ན་པའི་ཟབ༷་མོ༷་བློ་ཆུང་རྣམས་འཇི༷གས་སུ་རུང༷་བ་འདི༷་ནི༷་སྔོ༷ན་སྟོང་ཉིད་ལ་མོས་པའི་བག་ཆགས་གོམ༷ས་པ་ཉིད༷་ལ༷ས་སྐྱེ༷་བོ༷་ཡི༷ས་ངེས༷་པར༷་རྟོགས༷་པར་འགྱུར༷་བ་ལས་སྟོང་ཉིད་འདི༷་ནི༷་གསུང་རབ་གས༷ན་རྒྱ་ཆེ༷་ཡ༷ང་གཞ༷ན་གྱིས༷་ཐུག༷ས་སུ༷་ཆུད༷་པར་མི༷་འགྱུར༷་བ་དེ༷་ཕྱིར༷་ཡང་དག་པའི་ཚུལ༷་ལུག༷ས་སངས་རྒྱས་ཀྱི་དགོངས་པར་མ་སོང་བ་རང༷་བློས༷་སྦྱར༷་བ༷་འདི༷་དག༷་མཐོ༷ང་བ་སྟེ་བལྟས་ན༷ས་གང་ཟག་གི་བད༷ག་ཏུ༷་བརྗོ༷ད་པ༷་ཡི༷་གཞུང༷་ལུག༷ས་རྣམ༷ས་ལྟར༷་དུ་སློབ་དཔོན་གཞ༷ན་གྱི་ལུག༷ས་གང་ཞིག་ཀླུ་སྒྲུབ་ཀྱིས་བཞེ༷ད་གཞུང་འདི༷་ལ༷ས་གཞ༷ན་ལ༷་དགའ་བློ་དོ༷ར་བ༷ར་བྱའོ༷། །
གཉིས་པ་དགེ་བ་བསྔོ་བ། སློབ༷་དཔོ༷ན་ཀླུ་སྒྲུབ༷་ལུ༷གས་བཟང་ལུང་རིགས་ཀྱིས་གསལ་པོར་བསྙད༷་ལ༷ས་བད༷ག་གི༷་བསོད་ན༷མས་ཕྱོགས་ཀྱི་མཐ༷ར། ཁྱབ༷་ཅིང༷་ཡི༷ད་ཀྱི༷་ནམ་མཁ༷འ་ཉོན་མོ༷ངས་ཀྱིས༷་སྔོ༷ན་ཏེ་སྔོ་བར་གྱུར་པ། སྟོན༷་ཀ༷འི༷་རྒྱུ༷་སྐར༷་ལྟར་དཀ༷ར་བ༷འམ༷། སེ༷མས་ཀྱི༷་སྦྲུལ༷་ལ༷་གདེ༷ངས་ཀའི༷་ནོར༷་བུ༷་ད༷ང་འདྲ་ག༷ང་ཞིག༷་ཐོབ༷་པ༷་དེ༷ས་མཐའ་ཡས་འཇི༷ག་རྟེན༷་མ༷་ལུས༷་པས་གནས་ལུགས་ཟབ་མོའི་དེ༷་ཁོ་ན་ཉིད༷་རྟོག༷ས་ནས༷་དུས༷་མྱུར་དུ༷་བདེ༷ར་གཤེ༷གས་ཏེ་འབྲས་བུ་སངས་རྒྱས་ཀྱི་ས༷ར་བགྲོ༷ད་པར་ཤོ༷ག་ཅིགརེད་མདའ་བས་བསོད་ནམས་ཅི་འདྲ་ན་ཕྱོགས་མཐར་ཁྱབ་པའི་བསྔོ་བ་དེའང་ཡིད་ཉོན་མོངས་ཀྱིས་སྔོ་བར་རྒྱུ་སྐར་ལྟར་དཀར་བ་དང་ཉོན་མོངས་དང་རྣམ་རྟོག་གི་དུག་གིས་དཀྲིས་པའི་སེམས་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་བ་ཞིག་གོ །ཞེས་སོ། །བཞི་པ་མཇུག་གི་དོན་ལ་སློབ་དཔོན་གང་གིས་མཛད་པ་དང༌། ལོ་ཙཱ་བ་གང་གིས་བསྒྱུར་ཚུལ་གཉིས། དང་པོ། དབུ་མ༷་ལ༷་འཇུ༷ག་པ༷་ཟབ༷་པ༷་སྟོང་ཉིད་དང༷རྒྱ༷་ཆེ༷་བ༷་ལམ་འབྲས་ཀྱི་ཡོན་ཏན་མཐའ་དག་གི་ཚུལ་གསལ༷་བར༷་བྱེད༷་པ༷་ཡུལ་ས་མནྟར་སྐུ་འཁྲུངས་པའི་སློབ༷་དཔོ༷ན་ཟླ༷་བ༷་གྲག༷ས་པ༷་རིག་པ་འཛིན་པ་ཐེག་པ་མཆོག་བླ་ན་མེད་པའི་དོན་ལ༷་ཐུགས་རབ་ཏུ་གཞོ༷ལ་བ། མི་མཐུན་པའི་ཕྱོགས་ཀྱིས་མི༷་འཕྲོག༷་པའི༷་མཁྱེན༷་ར༷བ་ད༷ང་ཐུག༷ས་རྗེ༷་ཕུལ་དུ་བྱུང་བ་མངའ་བ༵།
སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པས་རི༷་མོར་བྲིས༷་པ༷འི་བ༷་དྲུས༷་མ༷་ལ༷ས་འོ༷་མ༷་བཞོ༷ས་པས་སེམས་ཅན་གྱི་བདེ༷ན་པར་ཞེན་པ༷་བཟློག༷་པ༷ར་མཛ༷ད་པས་སྦྱར༷་བ༷་རྫོག༷ས་སོ༷། །གཉིས་པ། ཁ༷་ཆེ༷འི་ཡུལ་གྱི༷་གྲོ༷ང་ཁྱེར༷་དཔེ༷་མེ༷ད་ཀྱི༷་དཔུ༷ང་སྟེ་དབུས་རི༷ན་ཆེ༷ན་སྦས་པའི༷་གཙུག༷་ལ༷ག་ཁ༷ང་དུ༷། ཁ༷་ཆེ༷འི་རྒྱལ༷་པོ༷་དཔ༷ལ་འཕ༷གས་པ༷་ལྷ༷འི་སྐུ༷་རི༷ང་ལ༷། རྒྱ་ག༷ར་གྱི༷་མཁ༷ན་པོ༷་ཏི༷་ལ༷་ཀ༷་ཀ༷་ལ༷་ཤ༷་སྟེ་ཐིག་ལེ་བུམ་པ་ད༷ང༌། བོ༷ད་ཀྱི༷་ལོ༷་ཙྪ༷་བ༷་བ༷ན་དེ༷་བ༷་ཚ༷བ་ཉི༷་མ༷་གྲག༷ས་ཀྱིས༷་ཁ་ཆེའི་དཔེ༷་ད༷ང་མཐུན༷་པ༷ར་བསྒྱུར༷།ཕྱིས༷་ར༷་ས༷་ར༷་མོ༷་ཆེར༷་རྒྱ༷་གར༷་གྱི་མཁ༷ན་པོ༷་ཀ༷་ན༷་ཀ༷་ཝརྨ༷་སྟེ་གསེར་གྱི་གོ་ཆ༷་ད༷ང༌། ལོ༷་ཙ༷་བ་བ་ཚབ་དེ༷་ཉིད༷་ཀྱིས༷་ཉི་འོ༷ག་ཤ༷ར་ཕྱོགས་པའི་ད༷པེ༷་དང༷་གཏུགས་ཤིང༷་ལེ༷གས་པ༷ར་བཅོ༷ས་ཏེ༷་གཏན༷་ལ༷་ཕ༷བ་པ༷འོ། །འདི༷ར་འགྲེལ༷་པའི༷་མཛ༷ད་བྱང༷་དང༷་འགྱུར༷་བྱང༷་གི་སྟེང༷་ནས༷་ཐུན་མོང༷་བ༷་རྣམ༷ས་བཀོ༷ད་པ༷་ནི༵། རྩ་བ༷་ལོ༷གས་སུ༷་བསྒྱུ༷ར་བ་དང༷་འགྲེལ་པ༷འི་ནང༷་གི༷་རྩ༷་བ༷་གཉིས༷་སྦྱར༷་ནས༷་ཞུ༷་ད༷ག་བྱས༷་པའི༷་དབ༷ང་དུ༷་བྱས༷་པ༷་ཡི༷ན་ནོ༵། །དེ་ལྟར་ན་སོ་སྐྱེའི་སའི་ཆོས་གསུམ་མཆོད་བརྗོད་ཀྱི་སྐབས་སུ་བསྟན་ཅིང༌།འཕགས་པ་སློབ་པའི་ས་བཅུ་དང༌། མི་སློབ་པའི་ས་སྟེ། རྒྱུ་ལམ་འབྲས་བུའི་རྣམ་པར་བཞག་པས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའོ། །འདིར་སྨྲས་པ།ཡོད་ཅེས་བྱ་དང་མེད་ཅེས་བྱ་བའི་མཐའ། །གཉིས་པོ་རྣམ་པར་སྤངས་པ་དབུ་མའི་ཚུལ། །མ་ནོར་རྟོགས་པའི་ཤེས་རབ་དྲི་མེད་ཀྱིས། །དམིགས་བཅས་ལྟ་བ་ཀུན་གྱི་ཟུག་རྔུ་འབྱིན། །ལ་ལས་འདི་མེད་གཞན་ནི་ཡོད་ཅེས་དང༌།
།ལ་ལས་འདི་ཀུན་མེད་པ་ཉིད་དོ་ཞེས། །ཡོད་མེད་ཕྱོགས་རེར་ཞེན་པའི་འཛིན་སྟངས་ཀྱིས། །དམིགས་མེད་སྒོམ་པ་ད་དུང་དམིགས་དང་བཅས། །ཡོད་པར་རྟོག་གམ་མེད་དོ་སྙམ་པ་ཡི། །ཞེན་ཡུལ་རྟེན་འབྱུང་རིགས་པས་སུན་ཕྱུང་བས། །སྣང་སྟོང་མཉམ་པར་ངེས་ཤེས་རྫོགས་པ་ཆེ། །ཀླུ་སྒྲུབ་གཞུང་ལུགས་བཟང་པོ་ཁོ་ནས་མཐོང༌། །དེ་ལྟར་ཡང་དག་རིགས་པས་དྲང་བ་ཡིས། །ལྟ་བའི་རྒྱལ་པོ་ཤིན་ཏུ་གཏིང་ཟབ་པས། །བློ་ཆུང་རྣམས་ཀྱི་སྤོབས་པ་འཕྲོག་ན་ཡང༌། །རྒྱལ་ཀུན་དགོངས་པའི་ཆུ་ཀླུང་འདི་ན་འཁྱིལ། །དེ་ཕྱིར་ཟབ་ལམ་དེ་ལ་མོས་པ་ཡིས། །སྐལ་བཟང་རྣམས་ཀྱིས་དང་པོར་རྟོགས་བྱ་བ། །འདི་ཉིད་ཁོ་ན་ཡིན་པར་རིགས་ནས་ནི། །ཐོས་དང་བསམ་པས་འདི་དོན་མྱོང་བར་མཛོད། །ས་བཅད་ཕལ་ཆེར་རྩི་བགྲང་ཙམ་དུ་ཟད། །ལ་ལ་གཞུང་གི་སྙིང་པོ་འདྲ་བའང་ཡོད། །འདི་ནི་སྔ་མ་ཀུན་ལས་ཁྱད་འཕགས་པར། །བློ་གྲོས་གསལ་བ་རྣམས་ཀྱིས་མཐོང་བ་ཡིན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་བཅས་པའི་བསྡུས་དོན་འདི་ཡང་ལུང་རིགས་སེང་གེའི་ང་རོ་སྒྲོགས་པ་ཁམས་རྫོགས་ཆེན་གྱི་སློབ་གྲྭར་གཏོགས་པ་ལྔ་རིག་སྨྲ་བ་མ་ཏིས་སྡོམ་བརྩོན་སྡེ་སྣོད་འཛིན་པ་དབང་པོའི་གྲངས་ལ་དབུ་མ་འཇུག་པའི་གཞུང་རྒྱས་པར་འཆད་པའི་སྐབས་སུ་ཡི་གེར་བྲིས་པའི་དགེ་བས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིགམངྒ་ལཾ། །
༈ གང་གིས་རྟེན་འབྱུང་སྟོང་པའི་དོན། །སྣང་སྟོང་རེས་འཇོག་བྲལ་བ་ཡི། ། ཆོས་ཉིད་བསམ་གྱིས་མི་ཁྱབ་ལ། །ཅིག་ཆར་འཇུག་པའི་རིམ་པ་འདིར། །གྲུབ་མཐའི་མཐར་ཐུག་ཐལ་འགྱུར་གཞུང༌། །ཞེས་གྲགས་འཆད་པ་མང་ནའང༌། །བདེན་གཉིས་ཕྱོགས་རེར་སོང་བ་ཡི། །བག་ཆགས་གོམས་པ་མང་པོས་བསྒྲིབས། །ཟླ་བའི་བཞེད་གཞུང་དྲི་བྲལ་ཤེལ་དཀར་པོ། །མཐར་འཛིན་རྙོག་སེལ་རིན་ཆེན་ཀེ་ཏ་ཀའི། །ཕྲེང་འདི་མཉམ་ཉིད་ལ་མོས་བཞིན་བཟང་མགུལ། །བརྒྱན་ཕྱིར་ཟླ་མེད་ལེགས་བཤད་ཕྲེང་བ་ཡིན། །རྒྱ་ཆེའི་གཏིང་ཟབ་འཕགས་པའི་བློ་མཚོ་ལས་བྱུང་བ། །ཆོས་ཀུན་གདོད་ནས་དག་པའི་རིགས་མཆོག་དབང་གི་རྒྱལ། །དཔལ་ལྡན་སྟོང་ཉིད་གྲགས་པའི་རྒྱལ་མཚན་རྨད་བྱུང་རྩེར། །མཐར་ཐུག་དགོངས་པའི་ཏོག་ཉིད་ཟབ་མོའི་སྣོད་ཅན་ལའོ། །དེ་སླད་དགག་སྒྲུབ་བློ་དང་བཅས། །བློ་བྲལ་བསལ་བཞག་མེད་པའི་ངང༌། །ཁས་ལེན་ཚུལ་ཐབས་ཀྱིས་འཇུག་ཀྱང༌། །ཁས་ལེན་མེད་པ་དེ་ཉིད་གཤིས། །སངས་རྒྱས་ཀུན་གྱི་གསང་བའི་དབྱིངས་སུ་སྤྲོས་པ་ཉེར་ཞིའི་ཆོས་ཀྱི་སྐུ། །ལྷུན་སྟུག་ངོ་མཚར་འབྱོར་པ་དཔེ་མེད་དྲང་སྲོང་ཆེ་རྣམས་ལམ་བཟང་འདི། །ཉི་ཟླ་མཁའ་ལ་རྒྱུ་བ་དེ་སྲིད་མཚན་འཛིན་རབ་རིབ་འགོག་པའི་ཕྱིར། །ལེགས་བྲིས་རྔ་ཆེན་སྙན་ལྟར་བརྡུངས་པས་མ་རིག་གཉིད་ལས་སངས་བྱེད་ཤོག །འཇམ་དཔལ་དཔའ་བོའི་ཕྲིན་ལས་འཛིན་བཞིན་དུ། །མཁའ་ཁྱབ་འགྲོ་ཀུན་དབུ་མའི་ལམ་བཀོད་ཅིང༌། །མཐར་ཐུག་ཐེག་གཅིག་གྲུབ་པའི་ཕྲིན་ལས་ཀྱི། །བདེ་གཤེགས་སྲས་བཅས་བཞེད་པ་ཀུན་སྐོང་ཤོག །
ཅེས་པའང་བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ་གནས་ལུགས་སྨྲ་བའི་སེང་གེ་ཐེག་མཆོག་དབུ་མའི་པཎྜི་ཏ་མི་ཕམ་རིན་པོ་འཇམ་དབྱངས་རྣམ་པར་རྒྱལ་བའི་ཕྱག་མཆན་དང་ཟིན་ཐུན་རྣམས།སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་ཀུན་བཟང་དཔལ་ལྡན་གྱིས་གྲོགས་མཛད་པ་དང༌། སྔ་འགྱུར་བསྟན་པའི་དཔལ་གྱུར་ཟེ་ཆེན་གདན་ཚབ་རིན་པོ་ཆེས་ཀྱང་བསྐུལ་ཏེ། སི་ཏུ་པ་ཆོས་ཀྱི་རྒྱ་མཚོས་ཤར་ཀཿཐོག་རྡོ་རྗེའི་གདན་གྱི་དགེ་གནས་བཤད་སྒྲུབ་ནོར་བུའི་ལྷུན་པོའི་ཆོས་སྡེར་བསྡུས་ནས་སྦྱར་བས། རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པ། གདུལ་བྱ་མཐའ་དག་གིས་མངོན་སུམ་རྟོགས་པའི་རྒྱུར་གྱུར་ཅིག ། །