༄༅། །དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་འགྲེལ་བ་འོད་ཟེར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
༄༅། །རསྨི མཱ ལནཱ མམདྷྱ ནྟ བི བྷེ གསྱ ཤསྟྲཾསྱ ཊཱི ཀབི ཧརཏི སྨ ། །༄༅། །དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་འགྲེལ་བ་འོད་ཟེར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །མཁའ་དབྱིངས་ཀུན་ཁྱབ་བྱམས་པའི་འོད་ཟེར་གྱིས། །འགྲོ་ལ་བློ་གྲོས་སྣང་བ་རྣམ་འབྱེད་པ། །རྒྱལ་བ་ཉི་མའི་གཉེན་དང་རྒྱལ་བའི་སྲས། །མ་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །ཡོད་མེད་རྟག་ཆད་མཐའ་ལ་མི་གནས་ཤིང༌། །ཡང་དག་འཕགས་པའི་ལམ་བཟང་མཚོན་པའི་སྒོ། །དབུས་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི། །ཚིག་དོན་ལེགས་པར་ཕྱེ་སྟེ་བཤད་པར་བྱ། །དེ་ལ་འདིར་རྒྱལ་ཚབ་ས་བཅུའི་སེམས་དཔའ་མཆོག་གི་བསྟན་བཅོས་ཆེན་པོ་སྡེ་ལྔའི་ཡ་གྱལ་ཐེག་པ་ཆེ་ཆུང་མཐའ་དག་གི་ལམ་གྱི་གནད་ཟབ་མོ་མཐའ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་འདི་འཆད་པ་ལ། མཚན་དོན།འགྱུར་ཕྱག་གཞུང་དོན། འཇུག་དོན་བཞི། དང་པོ། རྒྱ་གར་སྐད་དུ།མདྷྱཱནྟ་ཞེས་པ་བོད་སྐད་དུ། དབུས་མཐའ། དེ་བཞིན་དུ། བི་བྷེ་གརྣམ་པར་འབྱེད་པ། ཀཱ་རི་ཀཱ། ཚིག་ལེའུར་བྱས་པ་ཞེས་རིམ་པ་ལྟར་མཐའ་དང་བྲལ་
བའི་དེ་ཁོ་ན་ཉིད་དབུས་གང་ཡིན་པ་དང༌། རྟག་ཆད་ཀྱི་མཐའ་གང་ཡིན་པ་མ་ནོར་བར་རྣམ་པར་འབྱེད་པར་བྱེད་པའི་བསྟན་བཅོས་གང་ཞིག་གཞུང་མཐའ་དག་ཚིགས་སུ་བཅད་པའི་ཚུལ་དུ་བྱས་པ་ནི་ཚིག་ལེའུར་བྱས་པའོ། །གཉིས་པ་ལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན། གསུམ་པ་ལ། སྡོམ་གྱི་སྒོ་ནས་མདོར་བསྟན་པ་དང༌། དེའི་དོན་རྒྱས་པར་བཤད་པ་གཉིས། དང་པོ། མཚན་ཉིད་སྒྲིབ་པ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། བསྟན་བཅོས་འདིའི་དབུ་ཞབས་ཀྱི་དོན་ཐམས་ཅད་བསྡུ་ན་རྣམ་པ་བདུན་དུ་འདུས་ཏེ། ཐོག་མར་ཤེས་པར་བྱ་བ་ཀུན་བྱང་གི་མཚན་ཉིད་བསྟན་ལ། དེའི་རྗེས་སུ་རྣམ་པར་བྱང་བ་དེའང་སྒྲིབ་པ་སྤང་བ་ལས་ཐོབ་པས་སྒྲིབ་པ་བསྟན། སྒྲིབ་པ་དེ་ནི་དེ་ཁོ་ན་ཉིད་ལ་དམིགས་པས་སྤོང་བར་འགྱུར་བས་ན་དེ་ཁོ་ན་ཉིད་བསྟན། དེ་བཞིན་དུ་དེ་ཁོ་ན་ཉིད་ལ་དམིགས་ནས་གཉེན་པོ་དག་ནི་སྒོམ་པའི་ཚུལ་དང༌། གཉེན་པོ་དེ་རང་རྒྱུད་ལ་སྐྱེ་བའི་གནས་སྐབས་གང་ཡིན་པ་དང༌། གཉེན་པོ་བསྒོམ་པའི་འབྲས་བུ་གང་ཐོབ་པ་དང་དྲུག་ནི་སྤྱིར་བསྟན་ནས། སངས་རྒྱས་ཉིད་ཐོབ་པའི་ཐུན་མོང་མ་ཡིན་པའི་ལམ་ཐེག་པ་བླ་ན་མེད་པའི་ཁྱད་ཆོས་དམིགས་བསལ་ནས་བསྟན་པ་སྟེ། དོན་རྣམ་པ་བདུན་དུ་ཡོད་པའོ། །གཉིས་པ་ལ། ཤེས་བྱ་སྤྱིའི་ཚུལ་དང༌། ཐེག་ཆེན་ཐུན་མོང་མིན་པའི་ཚུལ་བཤད་པ་གཉིས། དང་པོ་ལ་ཤེས་བྱའི་ཡུལ། ཉམས་སུ་ལེན་པའི་ལམ། ལམ་དེའི་འབྲས་བུ་
དང་གསུམ། དང་པོ་ལ་ཤེས་བྱ་མཚན་ཉིད། སྤང་བྱ་སྒྲིབ་པ། རྟོགས་བྱ་དེ་ཁོ་ན་ཉིད་དང་གསུམ། དང་པོ་ལ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང༌། རྣམ་པར་བྱང་བའི་མཚན་ཉིད་གཉིས། དང་པོ་ལ་ཀུན་ཉོན་གྱི་ངོ་བོ་དང༌། ཚུལ་ཇི་ལྟར་ཉོན་མོངས་པའོ། །དང་པོ་ལ་གནས་ཚུལ་གྱི་དབང་དུ་བྱས་པ་དང༌། སྣང་ཚུལ་གྱི་དབང་དུ་བྱས་པ་དང༌། དེ་དག་གི་དོན་ལ་འཇུག་ཚུལ་ལོ། །དང་པོ་ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་པ་ནས། དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། མ་དག་འཁོར་བ་ལྟར་སྣང་བའི་སྐབས་འདི་ན།འདི་ཐམས་ཅད་ཀྱི་སྣང་གཞིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་རྗེས་སུ་ཡོད་ཅེས་བྱ་སྟེ། འདི་ལྟར་འཁོར་བའི་སྣང་བ་བསྙོན་མེད་དུ་ཤར་བ་འདི་ཙམ་མི་སྣང་བར་སུས་ཀྱང་དགག་མི་ནུས་ལ། སྣང་བ་དེ་ཡང་རང་གི་ཀུན་ཏུ་རྟོག་པའི་དབང་གིས་བྱུང་བ་ལས་གཞན་དུ་གྱུར་པ་ཅུང་ཟད་ཀྱང་མེད་པར་གྲུབ་པའི་ཕྱིར་ན་ཐ་སྙད་ལ་སྐུར་བ་མི་གདབ་པའི་ཕྱིར་འཁོར་བ་ཉིད་ཀུན་ཏུ་རྟོག་པའི་དབང་གིས་ཡོད་པ་ཡིན་པར་འཇོག་ཅིང་དེ་ལ་མ་དག་པ་གཞན་དབང་ཅེས་ཀྱང་བྱའོ། །གཞན་དབང་གི་རྣམ་ཤེས་སམ་ཀུན་ཏུ་རྟོག་པ་དེ་ལ་ཇི་ལྟར་སྣང་བ་ལྟར་གྱི་གཟུང་འཛིན་གཉིས་པོ་ནི་དེ་ལྟར་གྲུབ་པ་ཡོད་པ་མ་ཡིན་ཏེ་རི་མོ་ལ་མཐོ་དམན་དུ་སྣང་བ་དང༌། ཐོ་ཡོར་ལ་མིར་སྣང་བ་ལ་སོགས་པ་བཞིན་དུ་ཀུན་ཏུ་བཏགས་པ་ཙམ་ལས་རང་གི་ངོ་བོ་ཉིད་དུ་མེད་པའོ། །དེའི་ཕྱིར་ན་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་དེ་ནི་གཞན་དབང་
གི་རྣམ་ཤེས་སམ། ཀུན་ཏུ་རྟོག་པ་འདི་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པའམ་ཡོངས་སུ་གྲུབ་པ་ཡིན་ནོ། ། སྟོང་ཉིད་དེ་ལ་ཡང་ནི་ཀུན་རྟོག་དེ་ཆོས་ཅན་གྱི་ཚུལ་དུ་ཡོད་དོ། །དེ་གཉིས་རང་བཞིན་དང་རང་བཞིན་ཅན་གྱི་ཆོས་སུ་ངེས་པས་ན་མ་རྟོགས་པའི་དུས་ན་ཡང་མེ་དང་མེའི་ཚ་བ་བཞིན་འབྲལ་མི་ཤེས་ལ།རྟོགས་པའི་ཚེ་ཆོས་ཉིད་ཀྱི་རང་བཞིན་ཁོ་ནར་གཟིགས་པའི་ཡེ་ཤེས་ཉིད་དུ་འབྱུང་བའོ། །དེ་བས་ན་ཀུན་རྟོག་རྫས་སུ་ཡོད་པའམ་ཐ་སྙད་དུ་མི་བསླུ་བར་ཡོད་པས་སྟོང་པ་ཁོ་ན་མ་ཡིན་ལ། ཡོད་ཀྱང་སྣང་བ་ལྟར་གྱི་གཟུང་འཛིན་གཉིས་མེད་པས་ན་མི་སྟོང་པའང་མིན་ཏེ། དེ་ལྟ་བས་ན་ཚུལ་དེ་ཉིད་ལ་དགོངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་མདོ་སྡེ་དག་ལས་སྟོང་པའང་མ་ཡིན། མི་སྟོང་པའང་མ་ཡིན་ནོ། །ཞེས་མཐའ་དག་བཀག་པ་ཡི་སོར་བཞག་ཚིག་ཐམས་ཅད་ཀྱིས་བཤད་པ་ཡིན་གྱི་ཕྱོགས་རེ་རེ་ནས་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ་དེ་ལྟར་གང་ན་གང་མེད་པ་དེ་ནི་དེས་སྟོང་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐོང་ངོ༌། །འདི་ལ་ལྷག་མ་ཡོད་པ་གང་ཡིན་པ་དེ་ནི་འདིར་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །ཞེས་དབྱིག་གཉེན་གྱི་འགྲེལ་བ་ལས་གསུངས་པ་ལྟར་ཤན་འབྱེད་པའི་ཤེས་རབ་ཀྱིས་ཡོད་པ་དང་མེད་པ་ལེགས་པར་འབྱེད་པའི་སྐབས་སུ་ཐག་པ་ལ་སྤྲུལ་དུ་འཁྲུལ་བཞིན་པའི་ཚེ་ནའང༌། སྦྲུལ་དངོས་ཀྱིས་ཐག་པ་དེ་སྟོང་པ་བཞིན་དུ་ཡང་དག་པའི་དོན་
དུ་མེད་བཞིན་དུ་གཟུང་འཛིན་གཉིས་སུ་སྣང་བ་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་ཡོད་པ་འདིའི་ཚེ་ན་ཡང༌། གང་མེད་པ་ནི་གཟུང་འཛིན་གཉིས་པོ་དེ་ཡིན་ཏེ། སྣང་ཡང་དེ་ལྟར་གྲུབ་མ་མྱོང་པས་ན་ཀུན་རྟོག་དེ་ནི་གཟུང་འཛིན་གཉིས་པོ་དེས་སྟོང་པར་ཤེས་སོ། །སྦྲུལ་མེད་ཀྱང་ཐག་པ་རང་ཉིད་ཐ་སྙད་དུ་ཡོད་པ་དང་སྦྲུལ་མེད་པ་ཉིད་ཐག་པ་དེ་ལ་ཡོད་པ་ལྟར་འདི་ལ་ལྷག་མ་ཡོད་པ་ནི་ཐ་སྙད་དུ་ཀུན་རྟོག་ཡོད་པ་དང༌། དེ་ལ་སྟོང་པ་ཉིད་ཆོས་ཉིད་ཀྱི་ཚུལ་དུ་ཡོངས་སུ་གྲུབ་པའམ་ཡོད་པ་གཉིས་པོ་དེ་ནི་ཡོད་པར་ཁས་ལེན་པའམ་ཡོད་པར་འདོད་དགོས་ཏེ། ཀུན་རྟོག་མེད་པར་ཁས་བླངས་ན་འཁོར་བ་གཏན་མེད་དུ་འགྱུར་བས་ཐ་སྙད་ལ་སྐུར་བ་འདེབས་པ་དང༌། སྟོང་པ་ཉིད་ནི་ཆོས་ཅན་དེའི་སྟེང་དུ་སྒྲུབ་པའི་ཚུལ་གྱིས་ཡོད་པར་མ་བཟུང་བར་དགག་ན་གཟུང་འཛིན་གཉིས་ཡོད་པར་འགྱུར་བས་དོན་དམ་པར་སྒྲོ་བཏགས་པའི་སྐྱོན་དུ་འགྱུར་ཏེ། ཐ་སྙད་དུ་དགག་པ་དང་སྒྲུབ་པ་གང་ཡིན་པ་མཐའ་གཅིག་ཏུ་ཁས་ལེན་ཚུལ་ཤེས་དགོས་ཀྱི་༼ས༽དེ་ལས་འདས་ན་བཟློག་ཕྱོགས་ཀྱིས་དོན་གཞན་དུ་འགྱུར་བའི་ཕྱིར་རོ། །དེས་ན་འཁོར་བའི་དུས་ན་ཡང་དག་མིན་པའི་ཀུན་རྟོག་གམ་གཉིས་སུ་སྣང་བ་ཅན་གྱི་རྣམ་རིག་ཙམ་འབྱུང་ཞིང་མངོན་སུམ་སྣང་བ་འདི་ནི་སྣང་ངོར་མི་བསླུ་བར་ཡོད་པས་དང༌། གཟུང་འཛིན་གཉིས་པོ་ཐ་དད་དུ་སྣང་བ་ལྟར་དོན་དུ་གྲུབ་པ་མེད་པས་དང༌། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་དེ་ཆོས་ཅན་ཀུན་རྟོག་འདི་ལ་ཆོས་
ཉིད་ཀྱི་ཚུལ་དུ་ཡོད་པས་ན། སྣང་ཡང་ངོ་བོས་མ་གྲུབ་པའམ་སྣང་སྟོང་ཟུང་དུ་འཇུག་པའི་རང་བཞིན་དུ་ངེས་པས་ན། ཚུལ་དེ་ལྟ་བུར་རྟོགས་པ་ནི་ཡོད་མེད་སྒྲོ་སྐུར་གྱི་མཐའ་དང་བྲལ་བ་དབུ་མའི་ལམ་ཡིན་ཏེ། དངོས་པོའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །གཉིས་པ་དོན་དང་སེམས་ཅན་སོགས་ཀྱིས་བསྟན་ཏེ། དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བ་དེ་ཅི་ལྟ་བུ་ཞིག་ཡིན་སྙམ་ན། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་པུ་ཉིད་སྣ་ཚོགས་པའི་ཆོས་སུ་སྣང་སྟེ། གཟུགས་སོགས་ཕྱི་རོལ་གྱི་དོན་དུ་སྣང་བ་དང༌། མིག་སོགས་དབང་པོ་དང་ལྡན་པའི་སེམས་ཅན་དུ་སྣང་བ་དང༌། བདག་ཏུ་སྣང་བ་ཉོན་མོངས་པའི་ཡིད་དང༌། རྣམ་པར་རིག་པའི་ཚོགས་དྲུག་ཏུ་སྣང་བའི་རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་ཀྱི་དབང་གིས་རབ་ཏུ་སྐྱེ་སྟེ། རྨི་ལམ་གྱི་སྣང་བ་བཞིན་དུ་གཟུང་འཛིན་སྣ་ཚོགས་པའི་རྣམ་པར་སྣང་བའོ། །དེ་ལྟར་སྣང་ཡང་ལེགས་པར་དཔྱད་ན་ཚོགས་དྲུག་གི་འཛིན་པ་དེའི་ཡུལ་དུ་གྱུར་པའི་དོན་ནི་གྲུབ་པ་མེད་དེ། ཆུ་གཅིག་ལ་ཡི་དྭགས་དང་མི་ལ་སོགས་པས་རྣག་དང་ཆུ་སོགས་སུ་མཐོང་པ་བཞིན་རང་གི་སེམས་ཉིད་ཡུལ་དུ་སྣང་གི་འཛིན་པ་ལས་ཐ་དད་པའི་དོན་ཅུང་ཟད་ཀྱང་མ་གྲུབ་པས་ཕྱི་དོན་མ་གྲུབ་ཅེས་བྱའོ། །དེ་ལྟར་གཟུང་བ་དེ་མེད་པས་ན་དེ་ལ་ལྟོས་ནས་འཛིན་པར་བཞག་པ་དེའང་མེད་དེ། དེ་གཉིས་ལྟོས་འཇོག་གིས་གྲུབ་ཀྱི་ཡན་གར་དུ་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་
གཉིས་སུ་སྣང་བ་ཡོད་ཀྱང་གཉིས་སུ་གྲུབ་པ་མེད་པ་དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ནི་རྫས་སུ་གྲུབ་པའམ་ཡོད་ཅེས་པའི་དོན་དེ་ལྟར་ཡིན་ཏེ། གཉིས་སྣང་ཅན་གྱི་རྣམ་ཤེས་འདི་ཡེ་ནས་ཡོད་མ་མྱོང་བ་རི་བོང་གི་རྭ་དང་འདྲ་ན་དེ་གཏན་མེད་དུ་གྱུར་པས་སུས་ཀྱང་ཡོད་ཅེས་འདོད་མི་ནུས་ལ། སྣང་བ་ལྟར་གཉིས་སུ་གྲུབ་པ་ཞིག་ན་ཡང་དག་མིན་རྟོག་ཏུ་ཡང་བཞག་ཏུ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་གཟུང་འཛིན་གཉིས་སུ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་པས་ཡང་དག་མིན་རྟོག་ཅེས་བྱ་ལ། གཉིས་སུ་མེད་ཀྱང་གཉིས་སུ་སྣང་བ་ཡོད་པའི་ཕྱིར་ཡེ་ནས་མེད་པ་མོ་གཤམ་གྱི་བུ་ལྟ་བུ་སུ་ལ་སྣང་མ་མྱོང་བ་མིན་པའི་ཕྱིར། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ནི་འཁོར་བ་ཉིད་དུ་གདགས་པའི་གཞིའམ་རྫས་སུ་རྣམ་པར་བཞག་པ་ནི་སྐྱོན་མེད་པའི་གྲུབ་མཐའ་ཡིན་ཏེ་སུས་ཀྱང་དེ་མ་ཡིན་ཞེས་བརྒལ་དུ་མེད་དོ། །དེ་ལྟ་བུའི་ཡང་དག་མིན་པའི་ཀུན་རྟོག་གམ་འཁྲུལ་བ་དེ་ཟད་པར་གྱུར་ནས་གཟུང་འཛིན་མེད་པའི་རབ་ཏུ་ཕྱེ་བས་ཆོས་ཉིད་ཐོབ་པ་ནི་གྲོལ་བ་ཞེས་བྱ་བར་འདོད་དེ་འཁྲུལ་བའི་རྣམ་རྟོག་དེ་མ་ཡིན་པར་གཞན་པའི་འཁོར་བ་ཞེས་བྱ་བ་རྡུལ་ཙམ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་དག་མིན་པའི་ཀུན་རྟོག་དེ་ཉིད་ཐ་སྙད་དུ་དེ་ལྟར་ཡོད་པའི་ཕྱིར་ཀུན་བྱང་དང་འཆིང་གྲོལ་ཐམས་ཅད་འཐད་ཀྱི། དེ་མེད་ན་ཐམས་ཅད་མི་འཐད་པར་འགྱུར་རོ། །གསུམ་པ་ལ། མཚན་ཉིད་གསུམ་གྱི་དོན་དུ་བསྟན་པ་དང༌། དེ་ལ་འཇུག་ཚུལ་ལོ། །
དང་པོ། བརྟག་པ་དང་ནི་ཞེས་སོགས་གསུངས་ཏེ། ཀུན་ཏུ་རྟོག་པ་དེ་ལ་མཚན་ཉིད་གསུམ་གྱིས་རྣམ་པར་དབྱེ་བ་བཞག་ཏུ་ཡོད་དེ། གང་ཞེ་ན་ཀུན་ཏུ་བརྟག་པ་དང་ནི། གཞན་གྱི་དབང་དག་དང༌། ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ༌། །ཇི་ལྟར་ན་ཕྱི་དོན་དུ་སྣང་ཞིང་གཉིས་སྣང་ཡོད་པའི་ཕྱིར་ན་དོན་མེད་ཀྱང་དོན་དུ་སྣང་བ་དེ་ཡི་ཆ་ནས་འཁྲུལ་བའམ་ཀུན་བཏགས་སུ་བཞག་པ་དང༌། དེ་ལྟར་སྣང་བ་དེ་ནི་ཡང་དག་པ་མིན་པའི་ཀུན་རྟོག་ཙམ་ལས་གཞན་དུ་མེད་པའི་ཕྱིར་ན་དེའི་སྣང་གཞི་དེའི་ཆ་ནས་དེ་རང་གི་ངོ་བོ་ལ་གཞན་དབང་གི་རྣམ་ཤེས་སུ་བཞག་པ་དང༌། གཟུང་འཛིན་གཉིས་པོ་ཡེ་ནས་དོན་ལ་གྲུབ་པ་མེད་པའི་ཕྱིར།དེའི་རང་བཞིན་ལ་གཉིས་མེད་ཀྱི་ངོ་བོ་ཉིད་ཡོངས་སུ་གྲུབ་པ་ཡིན་པར་བཤད་དོ། །གཉིས་པ་དམིགས་པ་ལ་ནི་སོགས་ཀྱིས་བསྟན་ཏེ། མཚན་ཉིད་གསུམ་གྱིས་བསྡུས་པའི་ཀུན་རྟོག་དེའི་རང་བཞིན་ལ་འཇུག་པའི་ཚུལ་ནི། དོན་དུ་སྣང་བ་ཉིད་ནང་གི་བག་ཆགས་སྨིན་པའི་བདག་ཉིད་དུ་དམིགས་པའམ་ཤེས་ཤིང་གོམས་པ་ལ་ནི་བརྟེན་ནས་སུ། ཕྱི་དོན་རྫས་སུ་མི་དམིགས་པའི་རྟོག་པ་ནི་རབ་ཏུ་སྐྱེ་ལ། དེ་ལྟར་ཕྱི་དོན་མི་དམིགས་པ་ལ་བརྟེན་ནས་སུ། འཛིན་པ་ཉིད་ཀྱང་མི་དམིགས་པ་ནི་རབ་ཏུ་སྐྱེ་ཞིང༌། དེ་ཡི་ཕྱིར་ན་ཕྱི་དོན་ཉིད་མ་གྲུབ་པར་རྨི་ལམ་གྱི་ཡུལ་ལྟར་ནང་བློ་ཡི་བདག་ཉིད་དུ་དམིགས་པ་དེ་ནི་ཕྱི་དོན་མི་དམིགས་པའམ་མ་གྲུབ་པར་ཤེས་པའི་ངོ་བོ་ཉིད་དུ་གྲུབ་པ་ཡིན་ལ། དེ་ལྟ་བས་ན་སྣང་བ་ཐམས་ཅད་ཀུན་ཏུ་རྟོག་པ་ཙམ་གྱི་རང་བཞིན་དུ་དམིགས་
པའམ། རྣམ་པར་རིག་པ་ཙམ་གྱི་བདག་ཉིད་དུ་དམིགས་པ་དང༌། ཕྱི་དོན་དུ་མི་དམིགས་པ་གཉིས་ནི་མཉམ་པའམ་དོན་འདྲ་བར་ཤེས་པར་བྱ་སྟེ་སྒྲུབ་ཕྱོགས་དང་དགག་ཕྱོགས་ནས་བསྟན་པ་དེ་གཉིས་གང་ལྟར་ཀྱང་དོན་དུ་གནད་གཅིག་པའི་ཕྱིར་རོ། །གཉིས་པ་ཚུལ་ཇི་ལྟར་ཉོན་མོངས་པ་བཤད་པ་ལ། གང་གིས་ཉོན་མོངས་པར་བྱེད་པ་དང༌། དེས་ཇི་ལྟ་བུར་ཉོན་མོངས་པར་བསྟན་པའོ། །དང་པོ། ཡང་དག་མ་ཡིན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལ་ཁམས་གསུམ་འཁོར་བ་འདིར་གང་གིས་ཉོན་མོངས་པར་བྱེད་པའིབྱེད་པ་པོ་གཞན་ཅུང་ཟད་ཀྱང་མེད་དེ། རང་གི་ཀུན་ཏུ་རྟོག་པས་སོ། །དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཅེས་བྱ་བ་གང་ཡིན་ན། དེ་ནི་གཟུང་འཛིན་གཉིས་སུ་སྣང་བ་ཅན། ཁམས་གསུམ་གྱིས་བསྡུས་པ་ཡི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །དེས་ཟག་མེད་ཀྱི་སེམས་ནི་འདིར་མི་གཏོགས་པར་བསྟན་ཏོ། །དེ་ལ་གཙོ་བོའི་སེམས་དང་འཁོར་སེམས་བྱུང་གི་ཁྱད་པར་ཅི་ཞེ་ན། དོན་གྱི་ངོ་བོ་ཙམ་མཐོང་བའི་ཆ་ནས་གཙོ་སེམས་སམ་རྣམ་པར་ཤེས་པ་ཞེས་བྱ་ལ། དོན་དེའི་ཁྱད་པར་གྱི་ཆོས་མཐོང་བའི་འཛིན་སྟངས་བྱེ་བྲག་པའི་ཆ་ནས་སེམས་ལས་བྱུང་བ་ཞེས་བྱའོ། །དེ་ལ་གཙོ་སེམས་རྣམ་པར་ཤེས་པ་དེ་ལ་དབྱེ་ན་ཚོགས་བརྒྱད་དུ་ཡོད་པ་ལས་ཀུན་གཞིའི་རྣམ་ཤེས་གཅིག་པུ་ནི་རྐྱེན་ནམ་རྒྱུའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཚོགས་བདུན་པོའི་གཞིར་གྱུར་པས་སོ། །ཕྱོགས་གཉིས་པ་ཀུན་གཞི་དེ་ལས་བྱུང་བའི་ཚོགས་བདུན་
ནི་རང་གི་ཡུལ་སོ་སོ་ལ་ཉེ་བར་ལོངས་སྤྱོད་པ་ཅན་ཡིན་ནོ། །སེམས་བྱུང་གི་དབྱེ་བ་ལའང༌། ཚོར་བ་ནི་ཡུལ་བདེ་སྡུག་བཏང་སྙོམས་ལ་ཉེ་བར་ལོངས་སྤྱོད་པ་དང༌། འདུ་ཤེས་ནི་ཡུལ་གྱི་མཚན་མ་ཡོངས་སུ་གཅོད་པའི་ཚུལ་གྱིས་འཛིན་པ་དང༌། དེ་ལས་གཞན་བའི་སེམས་བྱུང་སེམས་པ་དང་མོས་པ་སོགས་ལྡན་པའི་འདུ་བྱེད་ཐམས་ཅད་ནི་རྣམ་ཤེས་དེའི་ངོ་བོ་ཡུལ་ལ་འཇུག་པར་བྱེད་པའི་ལས་ཅན་ཏེ། དཔེར་ན་སེམས་ཡུལ་ལ་གཡོ་ཞིང་འཇུག་པའི་ཆ་ནས་སེམས་བྱུང་སེམས་པ་དང༌། གནས་པའི་ཆ་ནས་ཏིང་ངེ་འཛིན་སོགས་སུ་བཞག་པ་སྟེ།དེ་ལྟར་ཚོར་འདུ་འདུ་བྱེད་གསུམ་གྱིས་བསྡུས་པ་རྣམས་ནི་སེམས་ལས་བྱུང་བ་ཡིན་ནོ། །གཉིས་པ། བསྒྲིབ་པའི་ཕྱིར་དང་སོགས་ཀྱིས་བསྟན་ཏེ། ཀུན་ཏུ་རྟོག་པའི་དབང་གིས་སྲིད་པ་བརྒྱུད་མར་འཇུག་ཅིང་ཉོན་མོངས་པར་འགྱུར་བའི་ཚུལ་ནི་ཇི་ལྟར་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་བར་མ་ཆད་དུ་འབྲེལ་བའི་དབང་གིས་ལུ་གུ་རྒྱུད་དུ་འཁོར་བར་འགྱུར་ཏེ། གང་ཞེ་ན། མ་རིག་པས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དེ། ཡང་དག་པའི་དོན་མཐོང་བ་ལ་བསྒྲིབ་པའི་ཕྱིར་རོ། །དེའང་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པའི་མ་རིག་པ་ང་དང་ང་ཡིར་འཛིན་པའི་དབང་གིས་ལས་འདུ་བྱེད་པ་སོགས་ཡན་ལག་ཕྱི་མ་ཀུན་འབྱུང་བར་བྱེད་པའོ། །དེ་བཞིན་དུ་འདུ་བྱེད་ཀྱིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དེ་རྣམ་ཤེས་ལ་ཡང་སྲིད་ཀྱི་ས་བོན་འདེབས་པའི་ཕྱིར།དེ་བཞིན་དུ་ཉོན་མོངས་པར་བྱེད་ཅེས་རྣམ་ཤེས་ལ་སོགས་པ་ཀུན་ལ་སྦྱར་ཏེ།
བག་ཆགས་ཀྱིས་བགོས་པའི་རྣམ་ཤེས་ཀྱིས་འགྲོ་བ་རྣམས་སྐྱེ་གནས་སུ་ཁྲིད་པའི་ཕྱིར་དང༌། མིང་གཟུགས་ཀྱིས་སྲེད་པའི་ལུས་ཀུན་ཏུ་འཛིན་པའི་ཕྱིར་དང༌། སྐྱེ་མཆེད་དྲུག་གིས་མིང་གཟུགས་ཀྱི་གནས་སྐབས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དང༌། རེག་པས་ཡུལ་དབང་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་ཕྱིར་དང༌། ཚོར་བས་རྣམ་སྨིན་བདེ་སྡུག་གི་ཆ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་དང༌། སྲེད་པས་ཡང་སྲིད་ཕྱི་མ་ཉེ་བར་སྡུད་པའི་ཕྱིར་དང༌། ལེན་པས་ཡང་སྲིད་ལ་མངོན་དུ་སྦྱོར་བའི་ཕྱིར་དང༌། སྲིད་པས་སྐྱེ་བ་ཕྱི་མ་མངོན་དུ་འགྲུབ་པར་བྱེད་པའི་ཕྱིར་དང༌། སྐྱེ་བས་ནི་རྒ་བ་སོགས་སྡུག་བསྔལ་གྱི་རྟེན་བྱེད་ལ། རྒ་ཤི་ནི་སྡུག་བསྔལ་གྱི་ངོ་བོ་ཡིན་པས་དེ་གཉིས་ཀྱིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དེ། སྡུག་བསྔལ་བར་བྱེད་པའི་ཕྱིར་ན་དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་གྱིས་རྒྱུན་མི་འཆད་པར་འབྱུང་བའི་ཚུལ་གྱིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དེ། ཟག་བཅས་ལས་ཉོན་གྱི་རྒྱུ་ལས་བྱུང་བའི་སྐྱེ་བ་གང་ཡིན་ཀྱང་གནས་སྐབས་འགྱུར་བའི་རྒ་བ་དང༌། རྒྱུན་འགག་པའི་ཤི་བ་དེས་མཚོན་པའི་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་ཏེ། ཟག་བཅས་ཀྱི་ཕུང་པོའི་ཆ་སྐད་ཅིག་མ་རེ་རེ་ཡང་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བའམ།བདེ་བ་ལྟར་སྣང་ཡང་འགྱུར་བ་དང་བཅས་པ་དང༌། བདེའམ་སྡུག་ཀྱང་སླར་
སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆ་ནས་སྡུག་བསྔལ་གྱི་སྡུག་བསྔལ་དང༌།འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་པོ་ཅི་རིགས་དང་འབྲེལ་བའི་ཕྱིར་ན་ཟག་བཅས་ཀྱི་ཕུང་པོ་ནི་སྡུག་བསྔལ་གྱི་རྟེན་དུ་གྱུར་པ་ཡིན་ནོ། །དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་འདི་དག་ཀྱང་སྡེ་ཚན་གསུམ་དུ་བསྡུ་ན། མ་རིག་པ་དང་སྲེད་པ་དང་ལེན་པ་རྣམ་པ་གསུམ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་ཞིང༌། དེར་མ་ཟད་འདུ་བྱེད་དང་སྲིད་པ་རྣམ་པ་གཉིས་ཀྱང་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །དེ་ལྔའི་ལྷག་མ་རྣམ་པར་ཤེས་པ་ལ་སོགས་པ་སྡུག་བསྔལ་གྱི་གཞི་རྣམ་པ་བདུན་ལ་ནི་སྐྱེ་བའམ་ཚེའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་སྟེ། དེ་ཐམས་ཅད་ཀྱང་རྩ་བ་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཡིན་པས། འདི་དག་གིས་སེམས་ཅན་རྣམས་འཁོར་བར་ཡང་ནས་ཡང་དུ་སྦྱོར་ཞིང་ཉོན་མོངས་པར་བྱེད་པས་མིང་དེ་སྐད་དུ་གསུངས་སོ། །གཉིས་པ་རྣམ་བྱང་གི་མཚན་ཉིད་ལ་མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་སྟོང་པ་ཉིད་སོགས་ཀྱིས་བསྟན་ཏེ། དེ་ཡང་རྒྱུ་ལས་དང་ཉོན་མོངས་པ་དང༌། འབྲས་བུ་སྡུག་བསྔལ་གྱིས་བསྡུས་པའི་འཁོར་བ་ཉིད་དང་བྲལ་བའི་རྣམ་བྱང་གི་གནས་སུ་གྱུར་པ་སྟོང་པ་ཉིད་ཀྱི་དོན་ནི་མདོར་བསྡུ་ན། སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་དང་ནི། གཞན་ཡང་དེའི་མིང་གི་རྣམ་གྲངས་དང༌། རྣམ་གྲངས་དེའི་དོན་དང༌།སྟོང་པ་ཉིད་ཀྱི་དབྱེ་བ་དང༌། དེ་ལ་དྲི་བཅས་དྲི་མེད་དུ་འཇོག་པའི་འཐད་པ་
བསྒྲུབ་པ་དག་སྟེ་དེ་ལྟར་དོན་གྱི་རྣམ་གྲངས་རྣམ་པ་ལྔའི་སྒོ་ནས་དེ་ཡི་ཚུལ་གཏན་ལ་དབབ་པ་ཤེས་པར་བྱའོ། །གཉིས་པ་རྒྱས་བཤད། གོང་གི་མདོར་བསྟན་གྱི་རིམ་པ་དང་མཚུངས་པར་ས་བཅད་ལྔ་ཡོད་པ་ལས། དང་པོ་མཚན་ཉིད་ནི། གཉིས་དངོས་མེད་དང་སོགས་ཀྱིས་བསྟན་ཏེ། གཟུང་འཛིན་གཉིས་ཀྱི་དངོས་པོར་མེད་པ་དང༌། དེ་གཉིས་ཀྱི་དངོས་པོ་མེད་པའི་དངོས་པོ་ཉིད་ཡོད་པ་ནི་སྟོང་པའི་མཚན་ཉིད་དེ། གཟུང་འཛིན་གཉིས་རྣམ་བཅད་ལ་ཁེགས་པས་དེ་གཉིས་མེད་པའི་སྟོང་ཉིད་ཡོངས་གཅོད་དུ་གྲུབ་པ་དེ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གྱི་ངོ་བོར་ཡོད་པ་མ་ཡིན་ལ། གཉིས་སྟོང་གི་ངོ་བོར་མེད་པའང་མིན་ཞིང༌།ཆོས་ཅན་ཡང་དག་མིན་རྟོག་དང་ཆོས་ཉིད་གཉིས་སྟོང་གི་རང་བཞིན་དེ་གཉིས་ཐ་དད་པ་དང་གཅིག་པའི་མཚན་ཉིད་མ་ཡིན་ཏེ། རིམ་པ་ལྟར་གཉིས་པོ་ཁེགས་པས་གཉིས་སྟོང་གྲུབ་ལ། གལ་ཏེ་གཉིས་སྟོང་མེད་ན་གཟུང་འཛིན་གཉིས་པོ་ཡོད་པར་འགྱུར་ཏེ་དགག་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར་དང༌། གཉིས་སྟོང་དང་ཀུན་རྟོག་དེ་གཉིས་ངོ་བོ་གཅིག་མིན་ཏེ། ཚུ་རོལ་མཐོང་བས་ཀུན་རྟོག་མྱོང་བས་གྲུབ་ཀྱང་ཁྱོད་མ་གྲུབ་པའི་ཕྱིར། ཐ་དད་ཀྱང་མིན་ཏེ་ཆོས་ཉིད་ཀྱི་ཚུལ་དུ་གནས་པའི་ཕྱིར་རོ། །གཉིས་པ། སྟོང་པ་ཉིད་ནི་སོགས་ཀྱིས་བསྟན་ཏེ། སྟོང་པ་ཉིད་ཀྱི་མིང་ནི་མདོར་བསྡུ་ན། དེ་བཞིན་ཉིད་དང༌།ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང་ཆོས་ཀྱི་
དབྱིངས་ཞེས་བྱ་སྟེ། དེ་དག་ནི་སྟོང་པ་ཉིད་ཀྱི་མིང་གི་རྣམ་གྲངས་སོ། །གསུམ་པ། གཞན་མིན་སོགས་ཀྱིས་བསྟན་ཏེ། བཤད་མ་ཐག་པའི་མིང་གིརྣམ་གྲངས་ལྔ་པོ་དེ་དག་གི་དོན་ནི། གཞན་དུ་འགྱུར་བ་མིན་པའི་ཕྱིར་ན་ཇི་ལྟར་སྔར་བཞིན་ཕྱིས་ཀྱང་དེ་བཞིན་ཡིན་པས་དེ་བཞིན་ཉིད་ཅེས་བྱ་ལ། དེ་བཞིན་དུ་དངོས་པོའི་གནས་ཚུལ་ཕྱིན་ཅི་ལོག་མ་ཡིན་པའི་ཡང་དག་པ་ཡིན་པའི་ཕྱིར་ཡང་དག་པའི་མཐའ་དང༌། སྟོང་ཉིད་དེ་ནི་སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་རང་བཞིན་ཡིན་པའི་ཕྱིར་མཚན་མ་མེད་པ་དང༌། གནས་ལུགས་དེ་ནི་ཡུལ་ཅན་འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པའི་བདེན་པ་དང༌། དེ་ལ་དམིགས་ནས་ལམ་གྱི་ཡོན་ཏན་ཀུན་སྐྱེད་པར་བྱེད་པས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའམ་དབྱིངས་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། འདི་དག་གོང་གི་མིང་གི་རྣམ་གྲངས་སོ་སོའི་དོན་ཡིན་ཏེ་དེ་ལྟར་གོ་རིམ་བཞིན་དུ་སྦྱར་བར་བྱའོ། །བཞི་པ་དབྱེ་བ་ལ་གཉིས་སུ་དབྱེ་བ་དང༌། བཅུ་དྲུག་ཏུ་དབྱེ་བའོ། །དང་པོ།ཀུན་ནས་ཉོན་མོངས་སོགས་ཀྱིས་བསྟན་ཏེ། སྟོང་པ་ཉིད་དེ་ལ་དབྱེ་ན་གཉིས་སུ་ཡོད་དེ། ཀུན་ནས་ཉོན་མོངས་པ་དང་བཅས་པ་དྲི་བཅས་ཀྱི་དེ་བཞིན་ཉིད་དང༌། སྒྲིབ་གཉིས་རྣམ་པར་དག་པ་དེ་ནི་དྲི་མ་མེད་པའི་དེ་བཞིན་ཉིད་ཅེས་བྱའོ། །དྲི་མ་དང་བཅས་པ་ཡིན་ན་རང་བཞིན་དག་པ་མི་འཐད་སྙམ་ན། མི་འཐད་པ་མེད་དེ། ཇི་ལྟར་ཆུ་ཡི་ཁམས་དང་གསེར་དང་ནམ་མཁའ་རྣམས་ཀྱི
རང་གི་ངོ་བོ་རྣམ་པར་དག་པ་དེ་བཞིན་དུ་དེ་བཞིན་ཉིད་དེ་ཡང་རང་གི་ངོ་བོ་ཡེ་ནས་རྣམ་པར་དག་པར་འདོད་དེ་མ་དག་པ་གནས་ཚུལ་ལ་མེད་དོ། །གཉིས་པ་ཟ་བ་བཟའ་དང་སོགས་ཀྱིས་བསྟན་ཏེ། གང་སྟོང་པ་ཉིད་རང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང༌། སྟོང་གཞི་ཆོས་ཅན་སོགས་ཀྱི་དབྱེ་བ་ལས་སྟོང་ཉིད་བཅུ་དྲུག་ཏུ་གསུངས་ཏེ་གང་ཞེ་ན། ཕྱི་རོལ་གྱི་ཡུལ་ལ་ལོངས་སྤྱོད་པ་པོའམ། ཟ་བ་པོ་མིག་སོགས་ནང་གི་སྐྱེ་མཆེད་དྲུག་གི་ངོ་བོ་ཉིད་མ་གྲུབ་པའི་ཆ་ནས་ནང་སྟོང་པ་ཉིད་ཅེས་བྱ་ཞིང༌། དེ་བཞིན་དུ་བཟའ་བའམ་ལོངས་སྤྱད་བྱ་ཕྱིའི་སྐྱེ་མཆེད་དྲུག་རང་བཞིན་མེད་པར་གྱུར་པའི་ཆ་ནས་ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་གི་ཆོས་དེ་ཡི་རྟེན་ནམ་ལུས་ཏེ་གཞི་མཐའ་དག་གིས་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུས་བསྡུས་པ་ཡི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་སྟེ་ཆོས་ཅན་གྱི་དབྱེ་བ་ལས་དེ་དང་དེའི་སྟོང་པ་ཉིད་དུ་བརྗོད་པའོ། །དེ་ལྟར་ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གནས་པ་དེ་ཡང་ཡུལ་ཅན་བློ་གང་གིས་ཇི་ལྟར་མཐོང་བ་དེ་ལ་ཡུལ་གྱི་མིང་བཏགས་ནས་སྟོང་པ་ཉིད་ཅེས་བྱ་ལ། དེ་ལ་ཡང་རང་གི་ངོ་བོ་ཉིད་དུ་མ་གྲུབ་པའི་ཆ་ནས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །བློ་དེས་སྟོང་པ་ཉིད་དེ་ནི་དངོས་པོའི་གནས་ཚུལ་ཡང་དག་པ་ཉིད་དུ་ཇི་ལྟར་མཐོང་བ་དེ་ལ་མི་བསླུ་བའི་ཕྱིར་དོན་དམ་པ་ཞེས་བྱ་ལ། དོན་དམ་པ་དེ་ཡང་དེའི་ངོ་བོ་ཉིད་
དུ་གྲུབ་པ་མེད་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །སྟོང་པ་ཉིད་བསྒོམ་པ་གང་གི་ཕྱིར་ཡིན་ན་འདུས་བྱས་ལམ་དང་འདུས་མ་བྱས་འབྲས་བུ་མྱང་འདས་ཀྱི་ཡོན་ཏན་ཐོབ་པའི་ཕྱིར་བསྒོམ་པ་ཡིན་ལ་དེ་ཡང་རང་གི་ངོ་བོས་སྟོང་པ་ཉིད་དུ་གྱུར་པའོ། །ཞེས་མདོར་བསྟན་ནས། དེ་ལ་ལམ་དང་འབྲས་བུའི་ཡོན་ཏན་གང་གི་ཕྱིར་སྟོང་པ་ཉིད་བསྒོམ་ཞེ་ན། དགེ་གཉིས་ཐོབ་ནས་སྒྲུབ་པར་བྱེད་ཀྱི་བར་ཚིགས་བཅད་གཉིས་ཀྱིས་རྒྱས་པར་བཤད་དེ། འདུས་བྱས་སྟོང་པ་ཉིད་དང་འདུས་མ་བྱས་སྟོང་པ་ཉིད་གཉིས་ནི། འདུས་བྱས་ལམ་དང༌། འདུས་མ་བྱས་མྱང་འདས་སམ། སྲིད་པ་དང་ཞི་བའི་ཡོན་ཏན་བསྐྱེད་པའི་དགེ་བ་གཉིས་པོ་ཡོངས་སུ་དག་པ་འཐོབ་པར་བྱ་བའི་ཕྱིར་བསྒོམས་ཏེ། དགེ་བ་དེ་དག་ལ་མཚན་མར་འཛིན་ཅིང་ཞེན་ན་ཡོངས་སུ་དག་པར་མི་འགྱུར་ལ། དེ་དག་སྟོང་པ་ཉིད་དུ་ཤེས་ནས་རློམ་པ་མེད་པའི་ཚུལ་གྱིས་བསྒྲུབས་ན་དགེ་བའིརྩ་བ་དེ་དག་ཡོངས་སུ་དག་པ་འཐོབ་པའི་ཕྱིར་རོ། །སྲིད་པ་དང་ཞི་བའི་མཐའ་ལས་འདས་པ་གང་དེ་རང་གི་ངོ་བོས་སྟོང་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་ལ། དེ་ནི་དུས་རྟག་ཏུ་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་བསྒོམ་པ་ཡིན་ཏེ། སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་མངོན་དུ་མཛད་ན་ནམ་མཁའ་ཇི་སྲིད་དུ་སེམས་ཅན་ལ་ཕན་པ་མཛད་པ་ཡིན་ཞིང༌། དེ་ཡང་དེརོ་མ་པས་ཞེན་པ་དང་བཅས་ན་ཡོངས་སུ་དག་པ་མངོན་དུ་མི་འགྱུར་ལ།མ་ཞེན་པའི་ཐབས་མཁས་ཀྱིས་བསྒྲུབས་ན་ཡོངས་སུ་གྲུབ་པའི་ཕྱིར་རོ། །
ཐོག་མ་དང་ཐ་མ་མེད་པ་ནི་འཁོར་བ་ཡིན་ལ། དེ་དག་ལ་རང་བཞིན་མེད་པ་གང་ཡིན་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དེ་ལྟར་འཁོར་བ་སྟོང་པར་ཤེས་པ་དེ་ནི་འཁོར་བ་ཡོངས་སུ་གཏོང་བར་མི་བྱ་བའི་ཕྱིར་བསྒོམ་པ་སྟེ། འཁོར་བ་རང་བཞིན་མེད་པར་མ་ཤེས་ན་དེ་ལ་སྐྱོན་དུ་མཐོང་ནས་འདོར་བར་འགྱུར་བའི་ཕྱིར་རོ། །ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་དགེ་བའི་རྩ་བ་མི་ཟད་པ་ནི་དོར་བ་མེད་པ་ཞེས་བྱ་ལ། དེ་ཡང་དེ་ཡི་ངོ་བོས་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །ཕུང་པོ་ལྷག་མེད་ཀྱི་དུས་སུ་ཡང་དགེ་བའིརྩ་བ་མི་ཟད་པ་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་འདི་བསྒོམ་པ་ཡིན་ཏེ། དེའི་མཐུས་མི་ཟད་པའི་དགེ་རྩ་ལ་ཡང་གཟུང་འཛིན་གྱིདྲི་མ་དག་ཅིང་ཆོས་སྐུ་འཐོབ་ནས་དེའི་དགེ་རྩ་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་འཆད་པར་བྱེད་དེ། རང་བཞིན་གནས་རིགས་ལ་རང་བཞིན་ཞེས་བྱ་ཞིང༌།དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ནི་རིགས་ཉིད་ཀྱང་རྣམ་པར་དག་པར་བྱ་བའི་ཕྱིར་བསྒོམ་སྟེ། རིགས་ལ་དེར་ཞེན་གྱི་དྲི་མ་དག་ནས་རིགས་མངོན་དུ་འགྱུར་བའི་ཕྱིར་རོ། །སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ལ་རང་གི་མཚན་ཉིད་ཅེས་སྐབས་འདིར་བཤད་ལ། དེ་ཉིད་དེའི་ངོ་བོས་སྟོང་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །དེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུ་དག་པ་འཐོབ་པར་བྱ་བའི་ཕྱིར་བསྒོམས་ཏེ།མཚན་དཔེ་ལ་བདེན་ཞེན་དག་ནས་ཡོངས་སུ་རྫོགས་པ་འགྲུབ་བོ། །སྟོབས་
དང་མི་འཇིགས་པ་དང་མ་འདྲེས་པ་སོགས་སངས་རྒྱས་ཀྱི་ཆོས་ལ་སྐབས་འདིར་ཆོས་ཐམས་ཅད་ཅེས་གསུངས་ཏེ། དེ་ཉིད་དེས་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་བདེན་འཛིན་གྱི་དྲི་མ་དག་ནས་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བའི་ཕྱིར་ན་བསྒོམ་སྟེ། དེ་ལྟར་སྟོང་པ་ཉིད་དེ་དག་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་དེ་ལྟ་བུ་སྒྲུབ་པར་བྱེད་དོ། །དེ་ལྟར་སྟོང་ཉིད་བཅུ་བཞིར་གསུངས་པ་དེ་དག་ཀྱང་གཉིས་སུ་འདུ་སྟེ། གང་ཟག་གི་བདག་དང་ནི་དེ་ལས་གཞན་པའི་ཆོས་རྣམས་ཀྱི་བདག་གི་དངོས་པོ་མེད་པ་གང་ཡིན་པ་དེ་ནི་སྐབས་འདིར་དངོས་པོ་མེད་པའི་སྟོང་པ་ཉིད་ཅེས་བྱ་སྟེ། དགག་བྱ་བདག་གཉིས་རྣམ་བཅད་དུ་ཁེགས་པའོ། །བདག་གཉིས་པོ་དེའི་དངོས་པོ་མེད་པའི་དངོས་པོའམ་སྟོང་པ་ཉིད་ཡོངས་གཅོད་དུ་གྲུབ་ཅིང་ཡོད་པ་གང་ཡིན་པ་དེ་ལ་ནི། གོང་དུ་བཤད་པ་དེ་ལས་སྟོང་པ་ཉིད་གཞན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་གསུངས་ཏེ། སྔ་མ་བདག་གཉིས་སུ་སྒྲོ་འདོགས་པ་སེལ་བའི་ཕྱིར་དང༌། ཐ་མ་སྟོང་ཉིད་ལ་མེད་པར་སྐུར་བ་འདེབས་པ་བསལ་བའི་ཕྱིར་དུ་དེ་སྐད་གསུངས་སོ། །ལྔ་བ་སྒྲུབ་པ་ནི། གལ་ཏེ་ཉོན་མོངས་སོགས་ཀྱིས་བསྟན་ཏེ།སྟོང་པ་ཉིད་རང་གི་ངོས་ནས་སམ་གནས་ཚུལ་ལ་དག་མ་དག་གི་ཁྱད་པར་མེད་ཀྱང༌། སེམས་ཅན་རྣམས་ལ་སྣང་ཚུལ་ལ་དྲི་བཅས་དང་དྲི་མེད་ཀྱི་གནས་སྐབས་སུ་བཞག་པ་འཐད་དེ། གལ་ཏེ་གློ་བུར་གྱི་ཉོན་མོངས་པ་དང་བཅས་
པའི་གནས་སྐབས་སུ་སྟོང་ཉིད་དེ་མ་གྱུར་པ་ཞིག་ན། དང་པོ་ནས་ཉོན་མོངས་པ་མེད་པའི་ཕྱིར་ལུས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་རོ། །གལ་ཏེ་གཉེན་པོ་བསྒོམས་པས་ཕྱིས་རྣམ་པར་དག་པའི་བདག་ཉིད་དུ་སྟོང་ཉིད་དེ་མ་གྱུར་པའམ། དག་པར་སྣང་བ་མེད་ན་ལམ་ལ་འབད་པ་འབྲས་བུ་མེད་པར་འགྱུར་བས་སུ་ཡང་ལམ་ལ་འབད་མི་རིགས་སོ། །དེས་ན་དེ་བཞིན་ཉིད་ཀྱི་ངོ་བོ་རང་བཞིན་གྱི་འོད་གསལ་བས་ན་གནས་ཚུལ་ལ་ཉོན་མོངས་པ་མ་ཡིན་ལ། གློ་བུར་གྱི་དྲི་མ་དང་བཅས་པར་སྣང་བའི་སྣང་ཚུལ་གྱི་ངོས་ནས་ཉོན་མི་མོངས་པའང་མིན་ཏེ། དེའི་ཕྱིར་ན་དབྱིངས་དེ་ནི་མཐའ་གཅིག་ཏུ་དག་པ་དང་མ་དག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། ། ཞེས་སོ། །ལེའུའི་མཚན་ནི། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀུན་བྱང་གི་མཚན་ཉིད་ཀྱི་ཚིག་ལེའུར་བཅད་པ་ཞེས་བྱ་བ་སྟེ་དང་པོའི་འགྲེལ་བའོ།། །།གཉིས་པ་སྤང་བྱ་སྒྲིབ་པ་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། དོན་བསྡུ་བ་གསུམ། དང་པོ། ཁྱབ་དང་ཉི་ཚེ་སོགས་ཀྱིས་བསྟན་ཏེ། རང་བཞིན་གྱིས་དག་པའི་ཆོས་ཉིད་ལ་སྒྲིབ་བྱེད་གློ་བུར་བའི་དྲི་མ་རྣམས་རིགས་བསྡུས་ན་འདིལྟར།གང་ཟག་གི་རྒྱུད་ཀྱི་དབང་དུ་བྱས་ན། ཐེག་པ་ཆེན་པོའི་རིགས་ཅན་གྱི་རྒྱུད་ལ་ཡོད་པའི་སྒྲིབ་པ་ལ་ཁྱབ་པའི་སྒྲིབ་པ་ཞེས་བཤད་དེ། སྒྲིབ་པ་དེས་ཐེག་པ་ཆེན་པོ་བ་དེ་དག་གི་རང་གཞན་དོན་གཉིས་སྒྲུབ་པའི་ཚུལ་ལ་
བསྒྲིབས་པས་ན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བསྒྲུབ་པ་ལ་གེགས་བྱེད་པའི་ཆ་ནས་ཆེན་པོའམ་ཁྱབ་པ་ཞེས་བརྗོད་དོ། །ཐེག་པ་དམན་པ་ཉན་རང་གི་རིགས་ཅན་གྱི་རྒྱུད་ཀྱི་སྒྲིབ་པ་ལ་ཉི་ཚེ་བའི་སྒྲིབ་པ་ཞེས་བྱ་སྟེ། དེ་མ་སྤང་བར་དུ་རང་དོན་ཉི་ཚེ་བའི་འབྲས་བུ་དེ་མི་ཐོབ་པར་བྱེད་པའི་ཕྱིར་རོ། །ཡང་ཉོན་མོངས་པ་རང་ཉིད་སྐྱེ་ཚུལ་གྱི་དབང་དུ་བྱས་ན། གང་ཟག་སུ་ཡང་རུང་སྟེ།ཡུལ་ཅུང་ཟད་ཙམ་ལའང་ཆགས་སོགས་ཆེན་པོ་སྐྱེ་བ་ལ་ལྷག་པའི་སྒྲིབ་པ་ཞེས་བྱ་ཞིང༌། ཡུལ་དང་འཚམ་པར་འབྱུང་བ་ལ་མཉམ་པའི་སྒྲིབ་པ་ཞེས་བྱ་ལ།ཡང་ན་ལྷག་དང་ཞེས་ཆགས་སོགས་གང་རུང་ལྷག་པར་ཆེ་བ་དང༌། དུག་གསུམ་ཆ་མཉམ་པ་ལའང་དེ་ལྟར་བརྗོད་དེ། དེ་གང་ལྟར་ཀྱང་ཉོན་མོངས་པ་སྐྱེ་ཚུལ་གྱི་དབང་གིས་དབྱེ་བ་གཉིས་སོ། །ཡང་རྨོངས་པའི་དབང་གིས་འཁོར་བའི་རྒྱུ་ཉེ་བར་ལེན་པ་དང༌། བསམ་པས་འཁོར་བ་སྤང་བ་གཉིས་ནི། ལམ་གྱི་སྙིང་པོ་ཤེས་རབ་དང་ཐབས་གཉིས་ཀྱི་སྒྲིབ་པར་བསྟན་པའི་ཆ་ནས་བཞག་པ་ཡིན་ནོ། །དེ་ལྟར་སྒྲིབ་པའི་རྣམ་གྲངས་དྲུག་ཏུ་བསྟན་པ་དེ་དག་གི་དང་པོ་དང་ཐ་མ་གཉིས་ཏེ་གསུམ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་མི་མཐུན་ཕྱོགས་ཡིན་ལ། གཉིས་པ་ཉན་རང་གི་ལམ་གྱི་མི་མཐུན་ཕྱོགས་དང༌། དེ་དག་གི་ལྷག་མ་གཉིས་ནི་ཐེག་པ་ཆེ་ཆུང་ཐུན་མོང་གི་ལམ་གྱི་སྒྲིབ་པའོ། །གཉིས་པ་ལ། ཐར་བ་ལ་སྒྲིབ་པ། དགེ་སོགས་བཅུ་ལ་སྒྲིབ་པ། གཉེན་པོ་གསུམ་ལ་སྒྲིབ་པ་དང་གསུམ། དང་པོ་ལ། སྒྲིབ་པ་དངོས་དང༌། དེས་ཇི་ལྟར་
སྒྲིབ་ཚུལ་གཉིས། དང་པོ་ཉོན་མོངས་མཚན་ཉིད་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཐར་བའི་གོ་འཕང་ཐོབ་པ་ལ་གེགས་སུ་གྱུར་པ་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པའི་མཚན་ཉིད་འཛིན་པ་རྣམ་པ་དགུ་པོ་འདིའོ། །དེ་ལྟ་བུའི་ཉོན་མོངས་པའི་མཚན་ཉིད་ཅན་མ་རིག་པ་ལ་སོགས་པ་དེ་ལ་ཀུན་ཏུ་སྦྱོར་བ་ཞེས་བྱ་སྟེ། སྲིད་པར་ཀུན་ཏུ་སྦྱོར་བར་བྱེད་པའི་ཕྱིར་ནའོ། །དེ་ལྟ་བུའི་ཀུན་ཏུ་སྦྱོར་བ་དེ་རྣམས་ནི་སྒྲིབ་པ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལ་ཀུན་སྦྱོར་དགུ་ནི། མ་རིག་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་སྟེལྟ་མིན་ལྔ་དང༌། འཇིག་ལྟ་ལོག་ལྟ་མཐར་ལྟ་གསུམ་གཅིག་ཏུ་བརྩིས་ནས་ལྟ་བ་ཞེས་བྱ་བ་དང༌། ལྟ་བ་མཆོག་འཛིན་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གཉིས་གཅིག་ཏུ་བརྩིས་ཏེ་མཆོག་འཛིན་ཅེས་བྱ་བ་དང༌། ཕྲག་དོག་དང༌། སེར་སྣ་སྟེ་དེ་ལྟར་དགུའོ། །གཉིས་པ། དེས་ཇི་ལྟར་སྒྲིབ་ཅེ་ན། སྐྱོ་བ་དང་ནི་སོགས་ཀྱིས་བསྟན་ཏེ། འདོད་ཆགས་ཀྱི་ཀུན་སྦྱོར་དེས་འཁོར་བར་ཡོངས་སུ་སྐྱོ་བ་ལ་སྒྲིབ་པར་བྱེད་དེ། ཟག་བཅས་ལ་ཡོན་ཏན་དུ་བལྟས་ནས་ཆགས་པའི་བློ་དེས་འཁོར་བའི་སྐྱོན་མི་མཐོང་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཁོང་ཁྲོས་ནི་སེམས་བཏང་སྙོམས་སུ་རྣལ་དུ་གནས་པ་ལ་སྒྲིབ་པ་དང༌། དེ་དག་གི་ལྷག་མ་བདུན་གྱིས་ཐུན་མོང་དུ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་དང༌། བྱེ་བྲག་ཏུ་ང་རྒྱལ་གྱིས་ནི་འཇིག་ཚོགས་ལ་ལྟ་བའི་ཉེས་དམིགས་ཤེས་པ་ལ་བསྒྲིབས་ཏེ་ངའོ་སྙམ་དུ་
ལྟ་བའི་དོན་དེ་དམ་དུ་འཛིན་པའི་ཕྱིར་རོ། །མ་རིག་པས་ནི་འཇིག་ལྟ་དེའི་གཞི་ཉེར་ལེན་གྱིས་ཕུང་པོ་ལྔའི་གནས་ཚུལ་ཤེས་པ་ལ་སྒྲིབ་ཅིང་དེའི་རང་བཞིན་ཇི་ལྟ་བ་མི་རྟོགས་པར་བྱེད་དོ། །ལྟ་བས་ནི་འགོག་བདེན་མངོན་དུ་བྱེད་པ་ལ་སྒྲིབ་སྟེ། ཇི་ལྟར་ན་བདག་ཏུ་ལྟ་བ་འཇིག་ལྟའི་དབང་གིས་འགོག་པའི་སྐབས་ན་བདག་ཆད་དུ་དོགས་པ་སོགས་ཀྱིས་སྐྲག་ནས་ཐར་བ་ལ་མི་འཇུག་པ་དང༌།རྟག་ཆད་དུ་ལྟ་བས་འགོག་པ་ཐོབ་ཏུ་མེད་པ་དང༌། ལོག་ལྟས་འགོག་པ་ཉིད་མེད་པར་སྐུར་བ་འདེབས་པ་སོགས་ཀྱིས་དེ་ཐོབ་པ་ལ་གེགས་བྱེད་པའི་ཕྱིར་རོ། །མཆོག་འཛིན་གྱིས་ལམ་བདེན་རྒྱུད་ལ་སྐྱེད་པར་བྱེད་པ་ལ་སྒྲིབ་སྟེ།ལྟ་བ་ངན་པ་དང་ཐར་བའི་རྒྱུ་མིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཕྱིན་ཅི་ལོག་ལ་མཆོག་ཏུ་འཛིན་པ་དེས་བསླུས་ནས་ལམ་རྣམ་དག་ལ་མི་འཇུག་པའི་ཕྱིར་རོ། །ཐེ་ཚོམ་གྱིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་ལ་བློ་རྩེ་གཉིས་སུ་གྱུར་པའི་ཚུལ་གྱིས་སྒྲིབ་པར་བྱེད་དེ་ངེས་པ་མི་སྐྱེ་བའི་ཕྱིར་རོ། །ཕྲག་དོག་གིས་ནི་རྙེད་པ་དང་བཀུར་སྟིའི་ཉེས་དམིགས་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། རང་རྙེད་བཀུར་ལ་ཆགས་ཤིང་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་ཡོད་པ་དེ་སྲིད་རྙེད་བཀུར་གྱི་ཉེས་དམིགས་ཚུལ་བཞིན་བསམ་པར་མི་ནུས་སོ། །སེར་སྣས་ནི་ཡོ་བྱད་བསྙུངས་པ་ཡོངས་སུ་ཤེས་པ་ལ་སྒྲིབ་པར་བྱེད་དེ། དེས་ཡོ་བྱད་ཅི་ཙམ་ཚོགས་ཀྱང་ཆོག་མི་ཤེས་པར་དམ་དུ་འཛིན་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཀུན་སྦྱོར་དགུ་མ་སྤང་པར་དུ་སྲིད་
པར་འཆིང་ཞིང་ཐར་བ་ཐོབ་པར་མི་འགྱུར་རོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། དགེ་ལ་སོགས་པ་བཅུ་ལ་གཞན། །ཞེས་པས་བསྟན་ཏེ། བསྒྲིབ་བྱ་དགེ་བ་ལ་སོགས་པ་བཅུ་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་གང་ཞིག་གོང་དུ་བཤད་མ་ཐག་པ་ལས་གཞན་པ་ཡང་ཡོད་དོ། །ཞེས་སོ། །གཉིས་པ་ལ། སྒྲིབ་བྱེད་སུམ་ཅུ། བསྒྲིབ་བྱ་བཅུ། དེ་དག་སྦྱར་ཏེ་བཤད་པ་གསུམ་གྱི། དང་པོ། སྦྱོར་བ་མེད་དང་སོགས་ཀྱིས་བསྟན་ཏེ། དགེ་སོགས་བཅུ་ལ་སྒྲིབ་པའི་སྒྲིབ་པ་དེ་གང་ཞེ་ན། བག་མེད་པ་དང༌།ལེ་ལོས་དགེ་བ་ལ་འཇུག་པའི་སྦྱོར་བ་མེད་པ་དང༌། གལ་ཏེ་དགེ་བ་ལ་འཇུག་པར་བརྩམས་ཀྱང་དགེ་རྩ་དེ་སྐྱེ་ཞིང་གོང་ནས་གོང་དུ་མཆེད་པར་བྱེད་པའི་སྒོ་ཡང་དག་པའི་གསུང་རབ་སོགས་ཡིན་པ་ལ། དེ་ལྟ་བུ་དང་མི་ལྡན་པ་ནི་དགེ་རྩ་སྐྱེ་ཞིང་མཆེད་པ་མིན་པ་སྟེ། བྱང་ཆུབ་ཐོབ་པའི་ཐབས་མིན་པའི་བསྟན་བཅོས་ངན་པ་ལ་ཞེན་པ་ལ་སོགས་པ་ནི་ཚུལ་དེས་དགེ་རྩ་རྣམས་གོང་ནས་གོང་དུ་སྐྱེ་ཞིང་འཕེལ་བར་མི་བྱེད་པའོ། །ཡང་དག་པའི་གསུང་རབ་སོགས་ལ་ཐོས་བསམ་བྱས་སུ་ཟིན་ཡང་དེའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྣལ་འབྱོར་དང་མི་ལྡན་པའམ། ཚུལ་བཞིན་ཡིད་བྱེད་ཀྱིས་ཉོན་མོངས་སྤོང་བའི་ཐབས་མིན་པ་ནི་རྣལ་འབྱོར་མིན་པ་ཞེས་བྱ་ལ། དེ་ལྟ་བུའི་ཡང་དག་པ་མིན་པའི་སྒོམ་པ་རྣལ་འབྱོར་མིན་པས་གང་བསྐྱེད་པ་སྟེ། དེ་གསུམ་གྱིས་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་ལ་སྒྲིབ་སྟེ། དགེ་རྩ་ལ་གཏན་ནས་
མི་འཇུག་པའམ། ཞུགས་ཀྱང་གོང་འཕེལ་གྱི་རྒྱུ་ཐོས་བསམ་ཡང་དག་པ་དང་མི་ལྡན་པ་དང༌། ཐོས་བསམ་བྱས་ཀྱང་སྒོམ་པའི་གནད་མ་ལོག་པ་དང་མིལྡན་པ་དེས་བྱང་ཆུབ་ཐོབ་པའི་དགེ་བ་ཉིད་ཡང་དག་པར་འགྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་དད་བརྩོན་དང་མི་ལྡན་པས་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་རྩ་སྐྱེ་བ་མེད་པ་དང༌། ལེ་ལོའི་དབང་གིས་བྱང་ཆུབ་དང་དེའི་ལམ་ཡང་ནས་ཡང་དུ་ཡིད་ལ་མི་བྱེད་པས་དགེ་རྩ་ཁྱད་པར་དུ་མི་འཕེལ་བ་དང༌། བྱང་ཆུབ་ཀྱི་རྒྱུ་ཚོགས་གཉིས་ནི་རབ་ཏུ་མ་ཚང་བའམ་མ་རྫོགས་པ་སྟེ་ཟུང་དུ་མ་འབྲེལ་པ་དང་གསུམ་ནི་འབྲས་བུ་བྱང་ཆུབ་དེ་ཉིད་ཁོང་དུ་ཆུད་པའམ་བསམ་པའི་སྒོ་ནས་མི་གཏོང་བར་བྱེད་པའི་སྒྲིབ་པ་ཡིན་ཏེ། བྱང་ཆུབ་ཐོབ་པའི་དགེརྩ་མ་བསགས་ཤིང༌། ཡིད་ལ་མ་བྱས་པ་དང་ཚོགས་མ་རྫོགས་བདག་གིས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་འཛིན་པར་མི་ནུས་པའི་ཕྱིར་རོ། །ཡང་ཐེག་ཆེན་གྱི་རིགས་དང་མི་ལྡན་པ་དང༌། རིགས་ཡོད་ཀྱང་ཐེག་ཆེན་སྟོན་པའི་བཤེས་གཉེན་དང་མི་ལྡན་པ་དང༌། བཤེས་གཉེན་དང་ལྡན་དུ་ཟིན་ཡང་རང་ཉིད་ཐེག་པ་ཆེན་པོའི་དཀའ་སྤྱད་ལ་སེམས་ནི་ཡོངས་སུ་སྐྱོ་བ་དང་གསུམ་ནི་སྦྱོར་བའི་སྒོ་ནས་བྱང་ཆུབ་ཡང་དག་པར་འཛིན་པ་ལ་བསྒྲིབས་ཏེ་ཚུལ་དེས་ཐེག་པ་ཆེན་པོ་ཉམས་སུ་ལེན་པར་མི་བྱེད་པའི་ཕྱིར་རོ། །ཕར་ཕྱིན་དྲུག་པོ་རྣམས་སྒྲུབ་པ་དང་ཡང་མི་ལྡན་པ་དང༌། གང་དང་འགྲོགས་ན་བྱང་ཆུབ་ཀྱི་སེམས་འགྲིབ་པར་འགྱུར་བའི་སྐྱེ་བོ་ངན་པ་དང་འགྲོགས་པ་དང༌། ཐེག་
ཆེན་གྱི་ཆོས་དང་གང་ཟག་ལ་ཡིད་སྡང་ཞིང་སྐྱོན་གདགས་པའི་སྐྱེ་བོ་རྣམས་དང་འགྲོགས་པ་སྟེ་དེ་གསུམ་གྱིས་བློ་ལྡན་བྱང་ཆུབ་སེམས་དཔར་འགྱུར་བ་ལ་བསྒྲིབས་ཏེ་འདི་ནི་མོས་སྤྱོད་ཀྱི་གནས་སྐབས་ཀྱི་སེམས་དཔའོ། །རང་གི་སྒོ་གསུམ་གྱི་གནས་ངན་ལེན་ཤས་ཆེར་སྤྱོད་པ་དང༌། ཉོན་མོངས་ལས་དང་རྣམ་སྨིན་གྱི་སྒྲིབ་པ་གསུམ་ལས་ལྷག་མ་སྟེ་གང་རུང་ཡོད་པ་དང༌། ཐོས་བསམ་གྱི་ཤེས་རབ་ཡོངས་སུ་མ་སྨིན་པ་དང་གསུམ་གྱིས་བདེན་དོན་མངོན་སུམ་མཐོང་བས་འཁྲུལ་བ་མེད་པས་མཐོང་ལམ་ཐོབ་པ་ལ་སྒྲིབ་པར་བྱེད་དོ། །རང་བཞིན་གྱིས་ནི་གནས་ངན་ལེན་ཞེས་པ་ལྷན་སྐྱེས་ཀྱི་གནས་ངན་ལེན་དང༌། དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང་ཡང་དེར་མ་ཟད་ཟག་བཅས་ལས་སེམས་མི་བསྲུང་བའི་བག་མེད་པ་དང་དེ་གསུམ་གྱིས་ནི་སྒྲིབ་པ་མེད་པར་བྱེད་པ་སྒོམ་ལམ་ལ་བསྒྲིབས་ཏེ་ཉེས་པ་འདི་དག་གི་སྒོམ་པའི་ཡོན་ཏན་གོང་འཕེལ་དུ་མི་འགྱུར་བའི་ཕྱིར་རོ། །སྲིད་པ་ཕུང་པོ་ལྔ་ལ་ཞེན་པ་དང༌།གཟུགས་སོགས་ཡུལ་གྱི་ལོངས་སྤྱོད་ལ་ཆགས་པ་དང༌། དགེ་བའི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་མི་ནུས་པར་སེམས་ནི་ཞུམ་པར་གྱུར་པ་དང་གསུམ་གྱིས་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ལ་བསྒྲིབ་སྟེ་འདུན་པ་རྒྱ་ཆུང་ཞིང་སྲིད་པར་ཆགས་པའི་ཕྱིར་རོ། ། ཐེག་པ་ཆེན་པོ་འཛིན་པའི་གང་ཟག་གམ་ཐེག་ཆེན་གྱི་ལམ་འབྲས་ལ་མ་དད་པ་དང༌། ཐེག་པ་ཆེན་པོའི་ལུང་གི་ཆོས་ལ་མ་མོས་པ་དང༌། གསུང་རབ་ཀྱི་དགོངས་དོན་མི་ཤེས་པར་སྒྲ་ཇི་
བཞིན་དུ་བཟུང་བས་ནོར་བ་སྟེ་དེ་གསུམ་གྱིས་ནི། ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་གསུང་རབ་ལ་མི་སྐྲག་པའམ་མོས་པ་ལ་སྒྲིབ་པར་བྱེད་དོ། །ཆོས་ལ་གཅེས་སྤྲས་མེད་པས་དམ་པའི་ཆོས་གཙོ་བོར་རམ་ཆེད་༼ཆེས༽་ཆེར་ཏེ་ནན་ཏན་དུ་མི་འཛིན་པ་དང༌། ཟང་ཟིང་གི་རྙེད་པ་ལ་གདུ་བ་སྟེན་ན་ཆགས་བྱེད་པ་དང༌།གཞན་ལ་ཕན་འདོད་ཀྱིས་ཆོས་སྟོན་པའི་ཀུན་སློང་མེད་པའམ་སྙིང་རྗེ་མེད་པ་སྟེ། དེ་གསུམ་གྱིས་རྙེད་བཀུར་ལ་མི་ལྟ་བར་སེར་སྣ་མེད་པའི་ཆོས་སྟོན་པ་ལ་སྒྲིབ་བོ། །ཆོས་སྤང་གི་ལས་བསགས་པས་དམ་ཆོས་ཉན་པ་དང་བྲལ་ཏེ་ཐོས་པས་ཕོངས་པས་རྣལ་འབྱོར་ཇི་ལྟར་བྱེད་པའི་དམིགས་རྣམ་མི་ཤེས་པ་དང༌། ཅུང་ཟད་ཐོས་ཀྱང་གཞུང་རྒྱ་ཆེན་པོ་འཛིན་པའི་ནུས་པ་མེད་པས་བླང་དོར་གྱི་མཐའ་རྒྱ་མ་ཆོད་པས་ཐོས་པ་ཉུང་བ་དང༌། ཐོས་སུ་ཟིན་ཡང་ཉམས་སུ་མ་བླང་བར་འདུན་བརྩོན་སོགས་ཀྱི་རྐང་པས་ཏིང་ངེ་འཛིན་སྦྱང་བ་མ་བྱས་པ་དང་གསུམ་ནི་དབང་བཅུ་ཐོབ་པ་ལ་སྒྲིབ་པའོ། །གཉིས་པ། དགེ་དང་བྱང་ཆུབ་སོགས་ཀྱིས་བསྟན་ཏེ། ཉེས་པ་སུམ་ཅུ་པོ་དེས་གང་ལ་བསྒྲིབ་ན། བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་དང་པོར་སྐྱེ་བ་དང༌།བྱང་ཆུབ་ལ་དམིགས་པའི་སེམས་བསྐྱེད་པ་དང༌། སྦྱོར་བས་བྱང་ཆུབ་ལ་འཇུག་པའམ་ཡང་དག་པར་འཛིན་པ་དང༌། ཚུལ་དེས་བློ་ལྡན་བྱང་ཆུབ་སེམས་དཔར་འགྱུར་བ་དང༌། དེས་འཁྲུལ་བ་མེད་པ་མཐོང་ལམ་ཐོབ་པ་དང༌། དེས་སྒྲིབ་པ་མེད་པ་སྒོམ་ལམ་ཐོབ་པ་དང༌། ལམ་ཁྱད་པར་དུ་བྱེད་པའི་རྒྱུ་ཐབས་
ལ་མཁས་པའི་བསྔོ་བ་དང༌། ཐེག་པ་ཆེན་པོའི་ལམ་འབྲས་ལ་མི་སྐྲག་པར་མོས་པ་དང༌། གདུལ་བྱ་ལ་སེར་སྣ་མེད་པར་ཆོས་སྟོན་པ་གསུམ་དང༌། དབང་བཅུ་པོ་ཐོབ་སྟེ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཉིད་འགྲུབ་པ་དང་བཅུ་ནི་དགེ་ལ་སོགས་པ་བཅུའོ། །འདི་དག་ན་ལམ་གྱི་ཐོག་མ་ནས་ཐ་མའི་བར་གྱི་གནས་སྐབས་བཅུ་ཡིན་ལ། དེ་དག་གི་སྒྲིབ་པ་དེ་རྣམས་ངོ་ཤེས་ནས་གཉེན་པོས་ཚུལ་བཞིན་སྤངས་ན་ལམ་དང་འབྲས་བུའི་ཡོན་ཏན་ཀུན་འགྲུབ་པར་འགྱུར་རོ། །གསུམ་པ། དེ་དག་གི་ནི་སོགས་ཀྱིས་བསྟན་ཏེ། དགེ་ལ་སོགས་པ་བཅུ་བོ་དེ་དག་གི་ནི་མི་མཐུན་ཕྱོགས་སྒྲིབ་པ་སུམ་ཅུ་པོ་རྣམས་ནི་བསྒྲིབ་བྱ་བཅུ་པོ་རེ་རེ་ལ་གསུམ་གསུམ་དག་ཏུ་སྦྱར་བ་ཤེས་པར་བྱ་དགོས་ཏེ་གོང་དུ་བཤད་ཟིན་ཏོ། །དེའི་རྗེས་སུ་བྱེད་རྒྱུ་བཅུ་ནི་ཞེས་སོགས་ཚིགས་བཅད་གཉིས་པོ་འདི་གཞུང་རྩ་བའི་ཚིག་དངོས་མིན་ཡང་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་གཞུང་འདིའི་འགྲེལ་བར་བཀོད་པ་འདིས་དགེ་སོགས་བཅུའི་དོན་གསལ་བར་བྱེད་པ་ཡིན་པས་ན། འདིའི་དོན་ནི་འདི་ལྟ་སྟེ། བྱེད་རྒྱུ་བཅུ་ནི་སྐྱེ་བ་དང་ཞེས་སོགས་ཚིགས་བཅད་དང་པོའི་རྒྱུ་བཅུ་དང་འོག་མས་དེའི་དཔེ་བསྟན་པ་སྦྱར་ཏེ་བཤད་ན། བྱེད་པའི་རྒྱུ་བཅུ་ཡོད་པ་ནི་གང་ཞེ་ན། སྐྱེ་བའི་བྱེད་རྒྱུ་ཞེས་པ་མིག་དབང་ལས་མིག་ཤེས་སྐྱེ་བ་ལྟ་བུ་དང༌། གནས་པའིབྱེད་རྒྱུ་ཟས་བཞིས་ལུས་གནས་པར་བྱེད་པ་ལྟ་བུ་དང༌། རྟེན་པའི་བྱེད་རྒྱུ་
བཅུད་རྣམས་སྣོད་ས་གཞི་ལ་བརྟེན་པ་ལྟ་བུ་དང༌། བརྟེན་པར་བྱ་བའམ་གསལ་བའི་བྱེད་རྒྱུ་མར་མེས་མུན་ཁུང་གི་གཟུགས་གསལ་བ་ལྟ་བུ་དང༌།འགྱུར་བའི་བྱེད་རྒྱུ་བཙོ་སྲེག་བྱེད་པའི་མེ་ལྟ་བུ་དང༌། འབྲལ་བའི་བྱེད་རྒྱུ་རྩྭ་བརྔ་བ་ལ་ཟོར་བ་ལྟ་བུ་དང༌། གཞན་དུ་བསྒྱུར་བའི་བྱེད་རྒྱུ་བཟོ་ཤེས་པའམ་མགར་བ་མཁས་པས་གསེར་གྱི་སྦྲམ་བུ་གདུ་བུ་སོགས་སུ་བསྒྱུར་བ་ལྟ་བུ་དང༌།ཡིད་ཆེས་པའི་བྱེད་རྒྱུ་དུ་བའི་རྟགས་ལས་མེ་ངེས་པ་ལྟ་བུ་དང༌། གོ་བར་བྱེད་པའི་རྒྱུ་ནི་རྒྱུ་དང་ཞེས་གཏན་ཚིགས་ལས་དོན་ལ་ངེས་པ་སྐྱེ་བ་ལྟ་བུ་དང༌།འཐོབ་པའི་བྱེད་རྒྱུ་ལམ་ལས་མྱང་འདས་ཐོབ་པ་ལྟ་བུ་སྟེ། དེ་ལྟར་སྐྱེ་བའིབྱེད་རྒྱུ་སོགས་བཅུ་པོ་རྣམས་ལ་མིག་ལ་སོགས་པ་བཅུ་ནི་དེ་ཡི་དཔེར་སྦྱར་ཏེ་ཤེས་པར་བྱ་ལ། དེ་ལྟར་ཤེས་ནས་སྐབས་ཀྱི་དོན་དགེ་སོགས་བཅུ་དང་སྦྱར་ན་དགེ་བ་ནི་བསྐྱེད་པའི་བྱེད་རྒྱུ་སྟེ་འདིས་བྱང་ཆུབ་བསྐྱེད་པས་སོ། །དེ་བཞིན་དུ་བྱང་ཆུབ་གནས་པའི་བྱེད་རྒྱུ་སྟེ་དགེ་བའི་རྒྱུན་གནས་པར་བྱེད་པ་དང༌། ཡང་དག་འཛིན་བརྟེན་པར་བྱེད་རྒྱུ་སྟེ་གནས་པ་ཉིད་མི་ཉམས་པར་བརྟེན་པ་དང༌། བློ་ལྡན་ནི་གསལ་བའི་བྱེད་རྒྱུ་སྟེ་བྱང་ཆུབ་ཀྱི་རྒྱུ་དང་འབྲས་བུའི་མཚན་ཉིད་ཁོང་དུ་ཆུད་པའོ། །མཐོང་ལམ་འཇིག་རྟེན་ལས་འདས་པར་བྱེད་པ་སྟེ་འགྱུར་བའི་བྱེད་རྒྱུ། སྒོམ་ལམ་ནི་སྒྲིབ་པ་དང་བྲལ་བའི་བྱེད་རྒྱུ།བསྔོ་བ་ནི་གཞན་དུ་བསྒྱུར་བའི་བྱེད་རྒྱུ་མི་སྐྲག་པ་ཐེག་ཆེན་ལ་ཡིད་ཆེས་པའིབྱེད་རྒྱུ། ཆོས་སྟོན་པ་གོ་བར་བྱེད་པའི་བྱེད་རྒྱུ། དབང་བཅུ་ནི་ཡོན་ཏན་
ཐམས་ཅད་ཐོབ་པར་བྱེད་པའི་བྱེད་རྒྱུ་སྟེ་དེ་ལྟར་ཤེས་ནས་སྒྲིབ་པ་རྣམས་ཀྱིས་དེ་དག་སྐྱེ་བར་བྱེད་པ་དང༌། གནས་པར་བྱེད་པ་སོགས་ལ་སྒྲིབ་པ་ཡིན་པར་ཤེས་ནས་དེ་དག་གི་སྤོང་གཉེན་ཁོང་དུ་ཆུད་པར་བྱ་སྟེ། སྒྲིབ་པ་དེ་དང་དེ་ལས་བཟློག་ནས་དགེ་རྩ་ལ་སྦྱོར་བ་དང༌། སྐྱེ་མཆེད་ཡིན་པ་དང༌། ཡང་དག་པའི་རྣལ་འབྱོར་ཡིན་པས་བསྐྱེད་པ་གསུམ་ནི་དགེ་རྩ་སྐྱེད་པར་བྱེད་པ་ཡིན་པ་དང༌། དེ་བཞིན་དུ་དགེ་རྩ་བསྐྱེད་པ་སོགས་གསུམ་བྱང་ཆུབ་གནས་པའིབྱེད་རྒྱུ་ཡིན་པ་སོགས་ལྷག་མ་ཐམས་ཅད་འགྲེས་ཤེས་པར་བྱའོ། །གསུམ་པ་གཉེན་པོ་གསུམ་གྱི་སྒྲིབ་པ་བཤད་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། ཕྱོགས་དང་ཕ་རོལ་སོགས་ཀྱིས་བསྟན་ཏེ། བྱང་ཕྱོགས་སོ་བདུན་དང༌། ཕ་རོལ་ཕྱིན་པ་བཅུ་དང༌། ས་བཅུ་ལ་སྒྲིབ་པ་དག་ནི་གོང་དུ་བཤད་པ་ལས་སྡེ་ཚན་གཞན་དུ་གྱུར་པའི་སྒྲིབ་པ་དག་ཡིན་ནོ། །གཉིས་པ་ལ། བྱང་ཕྱོགས་དང༌། ཕར་ཕྱིན་དང༌། སའི་སྒྲིབ་པ་གསུམ།དང་པོ། གཞི་ལ་མི་མཁས་སོགས་ཀྱིས་བསྟན་ཏེ། བརྟགས་ཤིང་གཏན་ལ་དབབ་པའི་གཞི་ལུས་ཚོར་སེམས་ཆོས་བཞི་ལ་རིམ་པ་ལྟར་གཙང་བ་དང༌། བདེ་བ་དང༌། བདག་དང་བདག་གིར་འཛིན་ཅིང་དེ་ཡི་རང་བཞིན་མི་གཙང་བ་སོགས་ལ་མི་མཁས་པས་ནི་དྲན་པ་ཉེ་བར་བཞག་པ་བཞི་ལ་སྒྲིབ་བོ། ། ལེ་ལོ་དག་གིས་ཡང་དག་སྤོང་བ་བཞི་ལ་སྒྲིབ་པ་དང༌། འགལ་རྐྱེན་བྱིང་རྒོད་ཡོད་པ་དང༌། མཐུན་རྐྱེན་འདུན་བརྩོན་སོགས་མ་ཚང་བ་གཉིས་ཀྱིས་ཏིང་ངེ་འཛིན་ཐོབ་པ་ལས་ཉམས་
པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྒྲིབ་པ་དང༌། དད་སོགས་རང་རྒྱུད་ལ་མི་བསྐྱེད་པ་དེ་ཡིས་དབང་པོ་ལྔ་ལ་སྒྲིབ་པ་དང༌། བསྐྱེད་ཀྱང་དད་སོགས་ཀྱི་ནུས་པ་ཉམ་ཆུང་བས་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་ནུས་པ་སྟོབས་ལྔའི་སྒྲིབ་པ་དང༌། འཇིག་ལྟ་སོགས་མཐོང་སྤངས་རྣམས་དང་ལྡན་པ་བྱང་ཆུབ་ཡན་ལག་བདུན་གྱི་སྒྲིབ་པ་དང༌། སྒོ་གསུམ་ལས་བྱུང་པའི་ལྷན་སྐྱེས་ཀྱི་གནས་ངན་ལེན་གྱི་སྐྱོན་ཆགས་པ་འཕགས་ལམ་ཡན་ལག་བརྒྱད་ཀྱི་སྒྲིབ་པ་ཡིན་ནོ། །གཉིས་པ། ཕྱུག་པོ་དང་ནི་སོགས་ཀྱིས་བསྟན་ཏེ། སེར་སྣས་སྦྱིན་པ་ལ་སྒྲིབ་ཅིང་དེ་ཡི་དབང་གིས་སྦྱིན་པར་འབྲས་བུ་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཕྱུག་པོ་ལ་སྒྲིབ་པ་དང༌། དེ་བཞིན་དུ་སྦྱར་ཏེ་ཚུལ་འཆལ་གྱིས་རྒྱུ་ཚུལ་ཁྲིམས་དང་དེའི་འབྲས་བུ་བདེ་འགྲོ་ཐོབ་པ་ལ་སྒྲིབ་པ་དང༌། ཁོང་ཁྲོས་བཟོད་པ་དང་སེམས་ཅན་ཡོངས་སུ་མི་གཏོང་བ་ལ་སྒྲིབ་པ་དང༌། ལེ་ལོས་བརྩོན་འགྲུས་ཀྱི་སྒོ་ནས་ཉེས་པ་འབྲི་བ་དང་ཡོན་ཏན་འཕེལ་བ་ལ་སྒྲིབ་པ་དང༌། རྣམ་གཡེང་གིས་བསམ་གཏན་ཐོབ་པ་དང་དེ་ལ་བརྟེན་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བས་གདུལ་བྱ་མ་དད་པ་རྣམས་བསྟན་པ་འདི་ལ་འཛུད་པ་ལ་སྒྲིབ་པ་དང༌། ཤེས་འཆལ་གྱིས་ཤེས་རབ་ཀྱི་སྒོ་ནས་ཆོས་བསྟན་པས་གདུལ་བྱ་རྒྱུད་གྲོལ་བར་བྱེད་པ་ལ་སྒྲིབ་པ་དང༌། ཐབས་དང་བྲལ་བས་ཐབས་ལ་མཁས་པའི་སྒོ་ནས་དགེ་བའི་རྩ་བ་མི་ཟད་པར་བྱེད་པ་ལ་སྒྲིབ་པ་དང༌། སྨོན་ལམ་ལ་མི་འཇུག་པས་ནི་སྨོན་ལམ་གྱི་སྒོ་ནས་དགེ་བ་ཐམས་ཅད་རྒྱུན་མི་འཆད་པར་སྒྲུབ་པ་ལ་སྒྲིབ་པ་དང༌། ཕར་ཕྱིན་གྱི་མི་མཐུན་
ཕྱོགས་ཟིལ་གྱིས་གནོན་པ་ལ་ནུས་པ་ཆུང་བས་ནི་སྟོབས་དང་དེའི་བྱེད་ལས་དགེ་བའི་འབྲས་བུ་རྣམས་ཆུད་མི་ཟ་བར་མཐའ་གཅིག་ཏུ་ངེས་པར་བྱེད་པ་ལ་སྒྲིབ་པ་དང༌། གསུང་རབ་ཀྱི་དགོངས་དོན་ཟབ་མོ་མི་ཤེས་པར་སྒྲ་ཇི་བཞིན་དུ་འཛིན་པ་སོགས་ཀྱིས་ཡེ་ཤེས་དང་དེའི་འབྲས་བུ་ཐེག་པ་ཆེན་པོའི་ཆོས་རྣམས་ལ་རང་ཉིད་ལོངས་པར་སྤྱོད་པ་སྟེ་རྫོགས་པར་ལོངས་སྤྱོད་པ་དང༌།གཞན་ལ་མ་ནོར་བར་བསྟན་པའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སྒྲིབ་པར་བྱེད་པ་ཡིན་ནོ། །གསུམ་པ། ཀུན་ཏུ་འགྲོ་དོན་སོགས་ཀྱིས་བསྟན་ཏེ། རྟོགས་བྱ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་རིགས་མི་འདྲ་བ་མེད་ཅིང༌། དེ་རྟོགས་པའི་ཡུལ་ཅན་ས་བཅུའི་གནས་སྐབས་ཀྱི་མཉམ་བཞག་རྣམས་ལ་གོང་ནས་གོང་དུ་མཐོང་བ་རྣམ་པར་དག་པའིཁྱད་ཡོད་ཀྱང༌། སྤྲོས་པ་དང་བྲལ་བའི་དབྱིངས་སུ་གཉིས་སྣང་ནུབ་པའི་ཚུལ་གྱིས་མཉམ་པར་བཞག་པ་ལ་ཁྱད་མེད་པས། ཇི་ལྟར་བར་སྣང་གི་བྱ་ཡི་རྗེས་སོ་སོར་དབྱེ་མ་ནུས་པ་ལྟར་མཉམ་བཞག་གི་ངོས་ནས་སོ་སོར་འབྱེད་མི་ནུས་པས། མཉམ་བཞག་གི་ཡེ་ཤེས་ཁྱད་པར་ཅན་གྱིས་ས་ནས་སར་འཕར་བའི་ཚེ་དེ་དང་དེའི་སྤང་བྱ་སྤོང་ལ། དེའི་ནུས་པས་རྗེས་ཐོབ་ཏུ་ཆོས་ཀྱི་དབྱིངས་ལ་ངེས་པ་ཁྱད་པར་ཅན་སྐྱེས་པའི་རྣམ་པ་དེའི་ཆ་ནས་སྤང་བྱ་སྤོང་ཚུལ་བཤད་དེ། ཇི་ལྟར་ན་ས་དང་པོར་ཆོས་དབྱིངས་མངོན་སུམ་དུ་མཐོང་བའི་ཚེ་དེའི་རྗེས་ཐོབ་ཏུ་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཁྱབ་ཅིང་ཀུན་ཏུ་འགྲོ་བའི་རང་བཞིན་དུ་རྟོགས་པར་འབྱུང་སྟེ།
དེ་ལྟར་ན་མཉམ་བཞག་དེ་ནི་རྗེས་ཀྱི་ངེས་པ་དེ་ལྟ་བུ་འདྲེན་པའི་དོན་དུ་སོང་བ་ཡིན་ཏེ། དེ་ལ་བརྟེན་ནས་དེ་ཐོབ་པའི་ཕྱིར་རོ། །ཡང་ན་ཆོས་ཀྱི་དབྱིངས་དེ་ཀུན་ཏུ་འགྲོ་བའི་དོན་ཅན་དུ་རྟོགས་པ་སོགས་ཀྱི་དོན་དུ་བྱས་ཀྱང་རུང་ངོ༌། །དེས་ན་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དེ་ལྟ་བུ་མི་རྟོགས་པའི་གེགས་དེ་ནི་ས་དེའི་སྒྲིབ་པ་སྟེ། ས་དང་པོའི་ཡེ་ཤེས་སྐྱེས་པས་དེ་སྤང་བའི་ཕྱིར་རྗེས་ཐོབ་ན་དེ་ལྟ་བུའི་ངེས་པ་རང་ཤུགས་ཀྱིས་སྐྱེ་བ་ཉིད་དོ། །དེའང་ཆོས་ཀྱི་དབྱིངས་མངོན་སུམ་མཐོང་བའི་དུས་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པས་བདག་གཞན་མཉམ་པ་ཉིད་ཀྱི་ཆོས་ཉིད་ཐོབ་པས་སོ། །དེ་བཞིན་དུ་འོག་མ་ཀུན་ལའང་ཤེས་པར་བྱ་སྟེ། ས་གཉིས་པའི་མཉམ་བཞག་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་རྟོགས་པའི་རྟོགས་པ་གོང་ནས་གོང་དུ་འཕགས་པའམ་མཆོག་ཏུ་འཕེལ་བ་དག་གི་དོན་དུ་གྱུར་པ་སྟེ། ཇི་ལྟར་ན་ས་གཉིས་པའི་ཡེ་ཤེས་ཐོབ་པ་དེས་སྔར་ལས་ཆེས་ལྷག་པའི་བརྩོན་པ་ཆེན་པོས་ཡོངས་སུ་སྦྱོང་བ་ཉེ་བར་སྒྲུབ་པའོ། །ས་གསུམ་པར་ཆོས་དབྱིངས་དེའི་རྒྱུ་མཐུན་གསུང་རབ་ཐོས་པ་ཉིད་དོན་དུ་གཉེར་བྱའི་མཆོག་ཉིད་དུ་རྟོགས་ནས་ཚིགས་སུ་བཅད་པ་གཅིག་གི་ཕྱིར་དུ་སྟོང་གསུམ་མེས་གང་བའི་འོབས་ལས་བརྒལ་བར་བྱེད་དོ། །དེའང་རྟོགས་བྱ་ཐམས་ཅད་ཀྱི་ནང་ན་དོན་ཆེ་ཞིང་མི་བསླུ་བ་མཆོག་ཏུ་གྱུར་པ་ནི་ཆོས་དབྱིངས་ཡིན་ལ། དེ་རྟོགས་པར་བྱེད་པ་ལ་གསུང་རབ་ཐོས་པ་ལས་ལྷག་པའི་རྒྱུ་མེད་པར་མཐོང་བའི་ཕྱིར་རོ། །ས་བཞི་བར་ཆོས་གང་
ལའང་བདག་གིར་འཛིན་པ་སོགས་མདོར་ན་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་ཏེ། ཆོས་ལའང་སྲེད་པ་ལྡོག་ན་ཆོས་མིན་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །ས་ལྔ་བར་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཐ་དད་མེད་པའི་དོན་དུ་རྟོགས་ཏེ། དུས་གསུམ་གྱི་སངས་རྒྱས་བྱང་སེམས་རྣམས་དང་བདག་ཐ་མི་དད་ཅིང་མཚུངས་པར་མཐོང་ངོ༌། །དེ་ཡང་སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུའི་ཚུལ་གྱིས་ཏེ། འདས་པའི་སངས་རྒྱས་ཀྱིས་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང༌། དེ་བཞིན་དུ་མ་འོངས་པ་དང༌། ད་ལྟར་གྱི་དང༌། ཚུལ་ཁྲིམས་རྣམ་དག་དང༌། སེམས་ཅན་རྣམ་དག་དང༌། ལྟ་བ་ཐེ་ཚོམ་འགྱོད་པ་སེལ་བ་རྣམ་དག་དང༌། ལམ་དང་ལམ་མིན་ཤེས་པ་རྣམ་དག་དང༌། ལམ་ཤེས་པ་རྣམ་དག་དང༌། བྱང་ཕྱོགས་ཀྱི་ཆོས་རྣམས་གོང་ནས་གོང་དུ་རྣམ་པར་འཇོག་པ་རྣམ་དག་དང༌། སེམས་ཅན་སྨིན་བྱེད་རྣམ་དག་ལ་བསམ་པ་མཉམ་པ་ཉིད་དང་བཅུར་མདོ་ལས་གསུངས་སོ། །དེ་དག་གི་སྒོ་ནས་སངས་རྒྱས་རྣམས་ཆོས་ཀྱི་སྐུར་རྒྱུད་ཐ་མི་དད་པར་རྟོགས་སོ། །ས་དྲུག་པར་རྟེན་འབྲེལ་ཟབ་མོའི་དོན་མཐོང་བས་སྔར་ཀུན་ནས་ཉོན་མོངས་པ་དང༌། ཕྱིས་རྣམ་པར་དག་པར་འགྱུར་བའི་ཆོས་གང་ཡང་ཡོད་པ་མིན་པར་རྟོགས་པའི་དོན་དང༌། ས་བདུན་པར་མཚན་མ་མེད་པར་རྟོགས་པས་ཆོས་ཐམས་ཅད་ལ་ཐ་དད་པ་མེད་པའི་རོ་གཅིག་པའི་དོན་ཉིད་དུ་རྟོགས་པ་དང༌། ས་བརྒྱད་པར་མི་སྐྱེ་བའི་བཟོད་པ་ཐོབ་པས་ཆོས་ཐམས་ཅད་
མཉམ་པ་ཉིད་དུ་གནས་པ་དེ་ལས་བྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་རྟོགས་པ་དང༌། དག་པ་ས་གསུམ་གྱི་ཡེ་ཤེས་ཀྱིས་ནི་ཆོས་ཀྱི་དབྱིངས་དེ་དབང་རྣམ་པ་བཞི་ཡི་གནས་སུ་རྟོགས་པ་འབྱུང་སྟེ། དབང་བཞི་ནི་རྣམ་པར་མི་རྟོག་པའི་ཆོས་དབྱིངས་ལ་དབང་བ། ཞིང་ཡོངས་སུ་དག་པ་ལ་དབང་བ།ཡེ་ཤེས་ལ་དབང་བ། ལས་ལ་དབང་བའོ། །དེ་ཡང་ས་བརྒྱད་པར་ཆོས་ཀྱི་དབྱིངས་ལ་རོ་གཅིག་ཏུ་སྙོམས་པར་ཞུགས་པའི་ཚུལ་གྱིས་སྤྲོས་མཚན་མེད་པས་ན་རྣམ་པར་མི་རྟོག་པ་ལ་དབང་བ་དང༌། སངས་རྒྱས་ཀྱི་ཞིང་དང་འཁོར་གྱི་དཀྱིལ་འཁོར་གྱི་སྣང་བ་མུ་མེད་པར་སྣང་ཞིང་རབ་ཏུ་སྟོན་པའི་ཕྱིར་ན་ཞིང་དག་པ་ལ་དབང་བ་གཉིས་ཐོབ་བོ། །ས་དགུ་བར་མཉམ་བཞག་ཏུ་ཆོས་དབྱིངས་བསྒོམ་པའི་རྗེས་ཐོབ་ལ་སོ་སོ་ཡང་དག་པ་རིག་པ་བཞིས་ཆོས་སྟོན་པའི་ཡེ་ཤེས་ལ་དབང་བ་འཐོབ་བོ། །ས་བཅུ་བར་མཉམ་བཞག་ཏུ་ཆོས་དབྱིངས་བསྒོམས་པས་རྗེས་ཐོབ་ཀྱི་སྐབས་ན་ཇི་ལྟར་བཞེད་པ་བཞིན་ཕྲིན་ལས་འབྱུང་བའི་ཕྲིན་ལས་ལ་དབང་བ་ཐོབ་སྟེ། དེ་ལྟར་ས་དེ་དག་གི་མཉམ་བཞག་ཡེ་ཤེས་དེ་ནི་དབང་དེ་དག་གི་རྒྱུའམ་གནས་ཡིན་ལ། དེ་ཡང་དེས་ཆོས་དབྱིངས་ལ་དམིགས་པའི་སྟོབས་ཀྱིས་ཡིན་པས་ན་ཆོས་ཀྱི་དབྱིངས་ནི་ཡོན་ཏན་དེ་དག་འབྱུང་བའི་གནས་སུ་རིག་པར་བྱ་བ་ཡིན་ཏེ། བྱང་སེམས་དེ་དག་གིས་དེ་ལྟར་མངོན་སུམ་དུ་མཐོང་བས་གཏན་ལ་འབེབས་ནུས་ཤིང༌། གཞན་ཕལ་པ་དག་གིས་དེ་ལྟར་རྗེས་སུ་དཔགས་ནས་ཤེས་པར་བྱ་བའོ། །དེ་ལ་
དབྱིངས་ཀུན་ཏུ་འགྲོ་བ་དང་བྲི་གང་མེད་པ་སོགས་ཀྱི་དོན་ཅན་ཡིན་པ་ལ་ངེས་པ་འདྲོད་པ་ཙམ་མོས་སྤྱོད་ནའང་ཡོད་མོད་ཀྱི། ས་དང་ས་ཡི་ཡེ་ཤེས་དེ་དག་གིས་ཆོས་ཀྱི་དབྱིངས་དག་པ་དེ་ལྟ་བུ་མངོན་དུ་མཇལ་བའི་རྗེས་ཐོབ་ན་མྱོང་བའི་སྟོབས་ཀྱིས་སྒྲོ་འདོགས་གཅོད་པའི་ངེས་པ་འབད་མེད་དུ་ཐོབ་ནས་དབྱིངས་ཀྱི་རང་བཞིན་ཇེ་དག་ཏུ་མཐོང་བའི་མཐོང་བ་ཁྱད་པར་ཅན་ས་ནས་སར་འཕར་བའི་གནས་སྐབས་ཀྱིས་བསྡུས་པ་ལ་དེ་ལྟར་གོ་བར་བྱའོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཇི་ལྟ་བར་མཐོང་བ་ལ་སྒྲིབ་པའི་མ་རིག་པ་སྟེ། ཤིན་ཏུ་རྨོངས་པའམ་ཤེས་སྒྲིབ་ཀྱི་མིང་ཅན། རང་གི་ངོ་བོ་སྒྲིབ་གཉིས་ཀྱིས་ཟླས་ཕྱེ་བའི་ཉོན་མོངས་ཅན་མིན་པ་ཡི་སྒྲིབ་པ་བཅུ་པོ་གང་ཞིགས་བཅུའི་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་འདི་རྣམས་ཀྱི་གཉེན་པོ་དག་ནི་ས་དེ་དང་དེ་དག་ཡིན་ཏེ། ས་དེ་དང་དེ་ཐོབ་པས་འདི་དག་གཏན་དུ་སྤོང་བར་བྱེད་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་ཉོན་མོངས་པ་ཡི་སོགས་ཀྱིས་བསྟན་ཏེ། གོང་དུ་ཇི་སྐད་བཤད་པ་དེས་མཚོན་ནས་སྒྲིབ་པ་ཚད་མེད་པ་ཉིད་བཤད་ཀྱང་དོན་མདོར་བསྡུ་ན། ཐར་བ་ལ་གེགས་བྱེད་ཅིང་འཁོར་བ་འགྲུབ་པའི་རྒྱུ་ཉོན་མོངས་པ་ཡི་སྒྲིབ་པ་དང༌། ཤེས་བྱ་མཐའ་དག་མངོན་དུ་གཟིགས་པའི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཅིང་སྤྲོས་པའི་སྤྱོད་ཡུལ་དུ་ལྟུང་བར་བྱེད་པ་ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན་པ་ཡིན་ལ། སྒྲིབ་པ་གཉིས་པོ་དེར་ནི་སྒྲིབ་པ་ཡིན་
ནོ་ཅོག་ཐམས་ཅད་འདུ་བར་ཟད་དེ། འཐད་པ་ནི་དོན་དུ་གཉེར་བྱ་ཐར་བ་རྣམ་མཁྱེན་གཉིས་ལས་གཞན་པའི་འབྲས་བུ་ཕུང་སུམ་པ་མེད་ལ། དེ་གཉིས་ལ་གཙོ་བོར་སྒྲིབ་པའི་ཆ་ནས་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་སུ་བཞག་པ་དང༌། དེ་གཉིས་འབྱུང་བའི་རྒྱུ་ནི་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་ཡིན་ལ། བདག་འཛིན་གཉིས་པོ་སྤོང་བྱེད་བདག་མེད་རྟོགས་པ་གཉིས་ཡིན་ཅིང༌། དེ་གཉིས་ཀྱིས་རྟོགས་བྱ་ལས་ལྷག་པའི་དོན་དམ་པ་གཞན་རྟོགས་སུ་མེད་པའི་ཕྱིར་ན་ཡང་སྒྲིབ་པ་གཉིས་སུ་དྲང་ངེས་ཀྱི་མང་ཉུང་གི་མཐའ་ཁེགས་པ་ཡིན་ནོ། །དེ་ཕྱིར་སྒྲིབ་པ་གཉིས་པོ་དེ་ཟད་ནས་ནི་དེ་ལས་གཞན་པའི་སྒྲིབ་པ་གང་ཡང་མེད་པའི་ཕྱིར་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་འདོད་དེ། གཞན་དུ་དེ་ལྟར་མིན་ན་སྒྲིབ་པ་མཐའ་དག་སྤང་བའི་རྣམ་གྲོལ་མཐར་ཐུག་པ་དང་སྒྲིབ་པ་སྤོང་བྱེད་ཀྱི་གཉེན་པོ་སོགས་ཚུལ་བཞིན་ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར་ལམ་གྱི་རྣམ་གཞག་གཏིང་ཚུགས་པ་འཆད་དུ་མེད་པར་འགྱུར་རོ། །བསྟན་བཅོས་དབུས་མཐའ་རྣམ་འབྱེད་ལས་སྒྲིབ་པའི་ལེའུར་བཅད་པའི་འགྲེལ་བའོ།། །།གསུམ་པ་རྟོགས་བྱ་དེ་ཁོ་ན་ཉིད་བཤད་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། རྩ་བ་མཚན་ཉིད་སོགས་ཀྱིས་བསྟན་ཏེ། ཤེས་པར་བྱ་བ་ནི་ཤེས་བྱ་མཐའ་དག་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱིས་བསྡུས་ཤིང་དེ་དག་གི་ཚུལ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པས་དེ་ཁོ་ན་ཉིད་མཚོན་པ་ཡིན་ལ། ཇི་ལྟར་ན་ཆོས་ཐམས་ཅད་གང་དུ་འདུ་བ་རྩ་བའི་དེ་ཁོ་ན་ཉིད་
ངོ་བོ་ཉིད་གསུམ་དུ་བསྟན་པ་དང་དེ་གསུམ་མཚོན་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང༌། དེ་གསུམ་ལ་མི་རྟག་སོགས་ཕྱིན་ཅི་མ་ལོག་པ་བདེན་པའི་དོན་ནམ་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་བཞག་པ་དང༌། དེ་གསུམ་ལ་ཀུན་བྱང་གི་འབྲས་བུ་དང་རྒྱུ་ཡི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང༌། དེ་གསུམ་ལ་རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང༌། དེ་གསུམ་ལ་གྲགས་པའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང༌། དེ་གསུམ་ལ་རྣམ་པར་དག་པའི་ཡུལ་ཡིན་མིན་གྱི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང༌། དེ་གསུམ་གྱི་ནང་དུ་ཆོས་ལྔ་བསྡུས་པའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང༌། དེ་གསུམ་ལས་འཇུག་སོགས་བདུན་དབྱེ་བའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང༌། དེ་གསུམ་ལ་མཁས་པའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་སྟེ་དེ་ཁོ་ན་ཉིད་བཅུའི་ཚུལ་གྱིས་ངོ་བོ་ཉིད་གསུམ་ལས་བརྩམས་སྟེ་ཆོས་ཐམས་ཅད་ཤེས་པར་བྱའོ། ། མཁས་པའི་དེ་ཁོ་ན་ཉིད་འདི་ལ་ནང་གི་བྱེ་བྲག་རྣམ་པ་བཅུ་ཡོད་ལ། དེ་ནི་སྤང་བྱ་བདག་ཏུ་ལྟ་བའི་ཚུལ་མི་འདྲ་བ་བཅུའི་གཉེན་པོ་ཉིད་དུ་གྱུར་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། མཚོན་བྱ་རྩ་བ་ངོ་བོ་ཉིད་གསུམ་གྱི་དེ་ཁོ་ན་ཉིད་དང༌། །དེ་གསུམ་གྱི་མཚན་ཉིད་བཤད་པ་དང༌། དེ་དག་གི་རྣམ་གཞག་རྣམ་པ་བརྒྱད་བསྟན་པ་གསུམ། །དང་པོ། ངོ་བོ་ཉིད་གསུམ་སོགས་ཀྱིས་བསྟན་ཏེ་ཤེས་པར་བྱ་བའི་ཆོས་ཐམས་ཅད་འདི་གསུམ་གྱིས་བསྡུས་པའི་ཕྱིར་རྩ་བའི་དེ་ཁོ་ན་ཉིད་ཅེས་བྱ་ལ། དེ་ཁོ་ན་
ཉིད་ལྷག་མ་རྣམས་ཀྱིས་གཏན་ལ་དབབ་པར་བྱ་བ་ཡང་དེ་ཡིན་ནོ། །དེ་ཡང་གང་ཞེ་ན། ངོ་བོ་ཉིད་གསུམ་སྟེ། ཀུན་བཏགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བའི་མིང་ཅན་གསུམ་སྟེ། བྱིས་པ་འཁྲུལ་བའི་བློས་བདག་གཉིས་སུ་བཟུང་ཡང་རང་གི་ངོ་བོས་རྟག་ཏུ་མེད་པ་སྟེ་ཡོད་མ་མྱོང་བ་ལ་ནི་ཀུན་ཏུ་བཏགས་པ་ཞེས་བྱ་བའོ། །ཀུན་ཏུ་རྟོག་པའི་ངོར་གཟུང་འཛིན་གཉིས་སུ་སྣང་བ་ཡོད་ཀྱང༌། ཇི་ལྟར་སྣང་བ་དེ་ཁོ་ན་ལྟར་གཉིས་སུ་གྲུབ་པ་མ་ཡིན་པའི་རྣམ་པར་རིག་པ་ལ་གཞན་དབང་ཞེས་བྱ་སྟེ་ཀུན་བཏགས་འཁྲུལ་བ་སྐྱེ་བའི་གཞི་ཡིན་པའི་ཕྱིར་རོ། །གཉིས་སྟོང་གི་ངོ་བོར་ཡོད་པ་དང༌། གཟུང་འཛིན་གཉིས་མེད་པའི་དེ་ཁོ་ན་ཉིད་ནི་ཡོངས་སུ་གྲུབ་པའམ་གནས་ལུགས་ཡིན་ཏེ། དེ་ལྟར་ཀུན་བཏགས་ཀྱི་ངོ་བོ་ཉིད་ལ་སོགས་པ་གསུམ་དུ་འདོད་དོ། །གཉིས་པ་འདི་ལ་ཆོས་དང་སོགས་ཀྱིས་བསྟན་ཏེ། ངོ་བོ་ཉིད་གསུམ་པོ་འདི་ལ་སོ་སོའི་མཚན་ཉིད་ཅི་ལྟ་བུ་ཡིན་པ་ནི་ཡུལ་ཅན་བློའི་འཛིན་སྟངས་དོན་མཐུན་གྱི་སྒོ་ནས་ཤེས་པར་བྱ་སྟེ། ཡུལ་གྱི་རང་བཞིན་ལ་སྒྲོ་འདོགས་དང་སྐུར་འདེབས་མེད་པར་ཇི་ལྟ་བ་བཞིན་དུ་ཞུགས་པའི་བློ་དེས་ཇི་ལྟར་བཟུང་བ་དེ་ལྟར་ཡུལ་གྱི་མཚན་ཉིད་ཀྱང་དེ་ལྟར་གནས་པ་ཡིན་དགོས་པའི་ཕྱིར་ན། ཡུལ་ཅན་གྱི་འཛིན་སྟངས་ཀྱིས་ཡུལ་གྱི་མཚན་ཉིད་མཚོན་པར་བྱས་ནས་བསྟན་པ་ཡིན་ནོ། །དེ་གང་ཞེ་ན། ཀུན་བཏགས་གང་གི་རང་བཞིན་ཤེས་ན་ཆོས་དང་གང་ཟག་རྫས་སུ་ཡོད་པར་སྒྲོ་འདོགས་པ་དང༌། ཐ་སྙད་དུ་མེད་ཅེས་སྐུར་བ་འདེབས་པའི་ལྟ་བ་དག་མི
འབྱུང་བ་དེ་ལྟ་བུ་ནི་ཀུན་བཏགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས་བྱ་བར་བརྗོད་དོ། །འདི་མཚན་ཉིད་དེའི་ཡུལ་ཅན་ཡིན་ཀྱང་ཡུལ་མཚན་ཉིད་དངོས་ཀྱི་མིང་བཏགས་པ་ནི་ཡུལ་ཅན་འདི་ལ་བརྟེན་ནས་མཚོན་བྱ་འདི་ཡི་མཚན་ཉིད་འདི་ལྟ་བུ་ཞེས་རྣམ་པར་བཞག་ཅིང་ཤེས་པར་བྱེད་ཀྱི་དེ་ལ་མ་ལྟོས་པར་མཚན་ཉིད་ཡན་གར་བ་ཉིད་དུ་ནམ་ཡང་གྲུབ་མི་སྲིད་པ་དང༌། ཕྱི་རོལ་དངོས་པོའི་ཆོས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་བ་ལོགས་སུ་མེད་ཀྱི། ནང་གི་རྣམ་པར་རྟོག་པས་ཕར་བཞག་པ་ཙམ་དུ་ཤེས་པའི་དོན་ཟབ་མོ་མཚོན་པའིསླད་དུ་དེ་སྐད་བཤད་དེ། བདག་གཉིས་སུ་མ་གྲུབ་བཞིན་ཀུན་ཏུ་བཏགས་པ་ཙམ་གྱི་ངོར་ཡོད་པ་དེ་ནི་དེའི་མཚན་ཉིད་དང༌། དེ་ལྟར་ཤེས་པ་མཚན་ཉིད་དེ་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་བློ་ཡིན་ནོ། །དེ་བཞིན་དུ་གཞན་དབང་གང་གི་རང་བཞིན་ཤེས་ན་གཟུང་འཛིན་གཉིས་རྫས་སུ་ཐ་དད་དུ་ཡོད་པར་སྒྲོ་འདོགས་པ་དང༌། ཐ་སྙད་དུ་མེད་ཅེས་སྐུར་བ་འདེབས་པའི་ལྟ་བ་དག་མི་འབྱུང་བ་དེ་ནི་དེའི་མཚན་ཉིད་དོ། །གོ་བ་ནི་བཤད་མ་ཐག་པ་ལྟར་ཤེས་པར་བྱའོ། །ཡོངས་གྲུབ་གང་གི་རང་བཞིན་ཤེས་ན་གཟུང་འཛིན་གཉིས་ཡོད་པར་སྒྲོ་འདོགས་པ་དང༌། སྟོང་ཉིད་མེད་པར་སྐུར་བ་འདེབས་པར་བྱེད་པའི་ལྟ་བ་དག་མི་འབྱུང་བ་དེ་ནི་དེའི་མཚན་ཉིད་དོ། །དེ་ལྟར་ངོ་བོ་ཉིད་གསུམ་པོ་འདི་ལ་གང་ཤེས་ན་ཞེས་པ་དེའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཏན་ལ་དབབ་ན་དེའི་རང་བཞིན་ལ་སྒྲོ་སྐུར་གྱི་བློ་ངན་མི་འབྱུང་ལ། སྒྲོ་སྐུར་བྲལ་བའི་བློས་
ཇི་ལྟར་བཅད་པའི་དོན་དེ་ཡུལ་དེ་དག་གི་རང་མཚན་ཡིན་པར་ཤེས་པར་བྱའོ། །གསུམ་པ་ལ། བདེན་དོན་དུ་བཞག་པ། རྒྱུ་འབྲས་སུ་བཞག་པ། ཕྲ་རགས་སུ་བཞག་པ། གྲགས་པའི་དོན་བཞག་པ། ངག་ཡུལ་ཡིན་མིན་དུ་བཞག་པ།བསྡུ་བ་བཤད་པ། དབྱེ་བ་བཤད་པ། མཁས་བྱའི་གནས་བཅུར་བཞག་པ་དང་བརྒྱད་ལས། དང་པོ། མི་རྟག་དོན་ནི་སོགས་ཀྱིས་བསྟན་ཏེ། ཟག་བཅས་འཁོར་བའི་ཆོས་རྣམས་ལ་རང་གི་ངོ་བོས་རྟག་པ་སོགས་མེད་པའི་ཕྱིར་ན། དེ་ལ་རྟག་པ་དང་བདེ་བ་དང་བདག་དང་བདག་གིར་བཟུང་བ་ནི་ཕྱིན་ཅི་ལོག་གི་བློ་དང༌། དེའི་བཟུང་བའི་ཡུལ་དེ་ནི་དངོས་པོ་ལ་མེད་པས་ཕྱིན་ཅི་ལོག་ཅེས་བྱའོ། །དེ་ལས་བཟློག་སྟེ་མི་རྟག་སྡུག་བསྔལ་སྟོང་བ་བདག་མེད་བཞི་ནི་ཕྱིན་ཅི་མ་ལོག་པ་བདེན་པའི་དོན་ཅན་ནོ། །དེ་ཡང་མཚན་ཉིད་གསུམ་ལ་མི་རྟག་པ་སོགས་ཀྱི་དོན་འཇོག་ཚུལ་གང་ཞེ་ན། མི་རྟག་པའི་དོན་ནི་འདི་ལྟར་འཇོག་སྟེ། ཀུན་བཏགས་རྫས་སུ་མེད་པའི་དོན་ཅན་ཡིན་པའི་ཕྱིར། རྟག་པ་ནི་ཐམས་ཅད་དུ་ཡོད་དགོས་པ་ལ་མེད་པ་དེ་ནི་ཐམས་ཅད་དུ་ཡོད་པ་ལས་ལྡོག་པ་ཙམ་གྱི་ཆ་ནས་ཀུན་བཏགས་ལ་ཡང་མི་རྟག་པའི་ཐ་སྙད་ཀྱི་དོན་ཐོབ་སྟེ་རྟག་མི་རྟག་དངོས་འགལ་གྱི་བར་ན་ཕུང་གསུམ་མེད་ལ། ཀུན་བཏགས་དེ་ནི་རྟག་པ་མ་ཡིན་པའི་ཆ་ནས་དེ་ལྟར་བཏགས་པའོ། །གཞན་དབང་རྣམ་པར་རིག་པ་ནི་སྐད་ཅིག་གིས་སྐྱེ་ཞིང་འཇིག་པའི་མཚན་ཉིད་ཅན་གྱི་ཕྱིར་མིརྟག་པའི་ངོ་བོ་ཡིན་པ་དང༌། ཡོངས་གྲུབ་ནི་སྔར་དྲི་བཅས་དང༌། ཕྱིས་དྲི་མ་
མེད་པའི་གནས་སྐབས་ཀྱི་དོན་ཅན་ཏེ། སྣང་ཚུལ་གྱི་དབང་དུ་བྱས་ནས་གཞན་དང་འབྲེལ་བའི་དབང་གིས་མི་རྟག་པའི་གནས་སྐབས་དང་ལྡན་པ་ཙམ་ལས་མི་རྟག་པའི་ཐ་སྙད་སྦྱར་བར་རུང་སྟེ། དེས་ན་མི་རྟག་པའི་ཐ་སྙད་སྦྱར་བའི་རྒྱུ་མཚན་གསུམ་འདི་རྩ་བའི་དེ་ཁོ་ན་ཉིད་གསུམ་པོར་གོ་རིམ་བཞིན་སྦྱར་ཏེ་ཤེས་པར་བྱའོ། །དེ་བཞིན་དུ་སྡུག་བསྔལ་གྱི་མཚན་ཉིད་ཀྱང༌། ཀུན་བཏགས་ལ་དངོས་པོར་བཟུང་ནས་སྡུག་བསྔལ་སྣ་ཚོགས་ལེན་པའི་ཕྱིར་དང༌། གཞན་དབང་ནི་སྡུག་བསྔལ་གསུམ་གྱི་མཚན་ཉིད་དང་ཅི་རིགས་པར་ལྡན་པ་དང༌།ཡོངས་གྲུབ་ནི་སྡུག་བསྔལ་དང་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་དུ་འབྲེལ་བའི་ཆ་ནས་དེ་ལྟར་འཇོག་ལ། འདི་ན་སྔ་མ་གཉིས་ལས་གཞན་ཡོངས་གྲུབ་ལ་སྡུག་བསྔལ་གྱི་དོན་འཇོག་ཚུལ་དུ་འདོད་པ་ཡིན་ནོ། །དེ་བཞིན་དུ་ཀུན་བཏགས་ནི་རང་གི་དངོས་པོ་ཉིད་དུ་མེད་པའི་ཕྱིར་སྟོང་པ་དང༌། གཞན་དབང་ནི་ཡོད་ཀྱང་ཇི་ལྟར་སྣང་བ་དེ་ཡི་དངོས་པོ་མ་ཡིན་པའམ། ཇི་ལྟར་ཀུན་ཏུ་བཏགས་པ་དེ་ཡི་དངོས་པོ་མ་ཡིན་པས་ན་སྟོང་པ་དང༌། ཡོངས་གྲུབ་ནི་རང་བཞིན་གྱིས་ནི་སྟོང་པར་འདོད་དེ། སྟོང་པ་དེའི་ངོ་བོ་ཉིད་དེ་ལ་ཡོངས་གྲུབ་ཅེས་བཏགས་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་བཏགས་ནི་རང་གི་མཚན་ཉིད་མེད་པས་བདག་མེད་པ་དང༌། གཞན་དབང་ནི་ཇི་ལྟར་སྣང་བའམ།ཀུན་ཏུ་བཏགས་པ་ཇི་འདྲ་བ་དེ་དང་མི་མཐུན་པའི་མཚན་ཉིད་ཀྱིས་བདག་གི་ངོ་བོར་མེད་པ་དང༌། ཡོངས་གྲུབ་ནི་རང་གི་མཚན་ཉིད་ཀྱིས་བདག་མེད་
པར་བསྟན་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ། དེ་ཕྱིར་སྡུག་བསྔལ་སོགས་ཀྱིས་བསྟན་ཏེ། ཀུན་ཉོན་དང་རྣམ་བྱང་གིརྒྱུ་འབྲས་ཕྲུག་གཉིས་བཞིས་བསྡུས་པ་བདེན་པ་བཞིའི་དོན་ཐམས་ཅད་ངོ་བོ་ཉིད་གསུམ་ལ་ཚང་སྟེ། གོང་དུ་ཇི་སྐད་བཤད་པ་མི་རྟག་པ་ལ་སོགས་པའི་དོན་དེ་ལྟར་ཡིན་པ་དེའི་ཕྱིར་སྡུག་བསྔལ་གྱི་བདེན་པར་རང་རྣམ་པར་བཞག་པ་ཉིད་ཡིན་པར་འདོད་ལ། དེ་བཞིན་དུ་ཀུན་བཏགས་ལ་ཞེན་པས་འཁོར་བའི་བག་ཆགས་གསོག་པར་བྱེད་པས་བག་ཆགས་ཀྱི་ཀུན་འབྱུང་ཞེས་བྱ་བ་དང༌། གཞན་དབང་གིས་འཁོར་བ་ཀུན་ནས་འབྱུང་བར་བྱེད་པ་ཀུན་ནས་འབྱུང་བའི་ཀུན་འབྱུང་དང༌། ཡོངས་གྲུབ་ནི་ཀུན་འབྱུང་བ་དེ་དང་མ་བྲལ་བ་སྟེ་ཆོས་ཉིད་དུ་གྱུར་པས་ན་མ་བྲལ་བའི་ཀུན་འབྱུང་ཞེས་བྱ་སྟེ། དེ་ལྟར་ངོ་བོ་ཉིད་གསུམ་ལ་ཀུན་འབྱུང་བའི་བདེན་པ་ཡང་དེ་བཞིན་དུ་འཇོག་པ་ཡིན་ནོ། །ཀུན་བཏགས་ངོ་བོ་ཉིད་ཀྱིས་མི་སྐྱེ་བའི་ཕྱིར་དང༌། གཞན་དབང་ལ་གཟུང་འཛིན་གཉིས་མ་གྲུབ་པའམ་མི་སྐྱེ་བའི་ཕྱིར་དང༌། ཡོངས་གྲུབ་ནི་གདོད་ནས་དྲི་མ་ཞི་བའི་ཕྱིར་ན་དེ་གསུམ་ལ་དེ་ལྟར་འགོག་བདེན་གྱི་དོན་འཇོག་ཅིང༌། ཕྱི་མ་ཡོངས་གྲུབ་འདི་ལ་དགག་གཞི་དེ་བཞིན་ཉིད་དང་དྲི་མ་ཡོངས་སུ་བྲལ་བ་སོ་སོར་བཏགས་འགོག་གི་ཆ་ནས་གཉིས་སུ་འདོད་ལ། དེའི་ནང་གི་ཕྱི་མ་བྲལ་ཆ་འདི་ནི་འགོག་པ་དངོས་ཡིན་ནོ། །ངོ་བོ་ཉིད་འདི་གསུམ་ལ་ལམ་གྱི་བདེན་པ་ཡིན་པར་ཡང་དག་པར་བཤད་དེ། ཇི་ལྟར་ན་ཀུན་བཏགས་ལམ་གྱིས་ཡོངས་སུ་ཤེས་པར་
བྱ་བ་སྟེ་དངོས་པོ་མེད་པར་ཤེས་བྱ་ཡིན་པས་ཡུལ་ཅན་ལམ་གྱི་མིང་ཡུལ་དེ་ལའང་བཏགས་ཏེ་བསྟན་པ་དང༌། གཞན་དབང་ནི་ལམ་གྱིས་སྤང་བར་བྱ་བ་སྟེ་ཡང་དག་མིན་པའི་ཀུན་རྟོག་གཉིས་སུ་སྣང་བ་ཅན་ཟད་པའི་སྟོབས་ཀྱིས་བྱང་ཆུབ་ཐོབ་པས་ན་གོང་དུ་ཀུན་ཉོན་གྱི་མཚན་ཉིད་བསྟན་པའི་སྐབས་སུ།དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་པ་ལྟར་ཏེ། དེས་ན་དེ་ལ་ལམ་གྱི་མིང་བཏགས་པ་ནི་གཉེན་པོའི་མིང་སྤང་བྱ་ལ་བཏགས་པའོ། །ཡོངས་གྲུབ་ནི་ཐོབ་པར་མངོན་སུམ་དུ་བྱ་བའི་རྒྱུ་མཚན་གྱིས་ནི་ལམ་དུ་བཤད་དེ་འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། །གསུམ་པ་ལ་རགས་པ་ཀུན་རྫོབ་དང༌། ཕྲ་བ་དོན་དམ་བཤད་པ་གཉིས། དང་པོ། བཏགས་པ་དང་ནི་སོགས་ཀྱིས་བསྟན་ཏེ། ངོ་བོ་ཉིད་གསུམ་པོ་དེ་ལ་ཀུན་རྫོབ་དང་དོན་དམ་གྱི་རྣམ་པར་དབྱེ་བ་བཤད་ན། ཀུན་རྫོབ་ལ་གསུམ་ཡོད་པ་ལས། བཏགས་པའི་ཀུན་རྫོབ་ཀུན་བཏགས་དང་ནི། ཤེས་པའི་ཀུན་རྫོབ་གཞན་དབང་དང༌། དེ་བཞིན་དུ་བརྗོད་པའི་ཀུན་རྫོབ་ཡོངས་གྲུབ་སྟེ་ཆོས་ཉིད་དེ་དོན་སྤྱིའི་ཚུལ་གྱིས་བརྗོད་པ་ཙམ་ལས་སོ། །དེ་ལྟར་ཀུན་རྫོབ་ཀྱིས་བསྡུས་པ་དེ་དག་རགས་པ་ཡིན་ཏེ་མཉམ་པར་མ་བཞག་པ་དང་གཉིས་སྣང་གི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་དངོས་དང༌། དེའི་དབྱེ་བ་གཉིས། དང་པོ། དམ་པའི་དོན་ནི་གཅིག་པུའོ། །ཞེས་པས་བསྟན་ཏེ། དོན་དམ་པའམ་དམ་པའི་དོན་ནི་ངོ་བོ་ཉིད་གསུམ་གྱི་ནང་ནས་ཡོངས་གྲུབ་གཅིག་
པུ་ཡིན་གྱི་གཞན་གཉིས་མ་ཡིན་ཏེ། གཉིས་སྣང་མེད་པའི་རང་བཞིན་ཅན་ཐ་མལ་བའི་ཤེས་བརྗོད་ལས་འདས་པའམ། གནས་སྣང་མཐུན་པ་ནི་འདི་ཁོ་ན་ཡིན་པའི་ཕྱིར་རོ། །གཉིས་པ། དོན་དང་ཐོབ་དང་སོགས་ཀྱིས་བསྟན་ཏེ།དོན་དམ་པ་དེའི་གྲངས་སུ་གཏོགས་པའི་དབྱེ་བ་ནི། དོན་དམ་པ་ཞེས་པ་དེ་བཞིན་ཉིད་དེ་དེ་ཉིད་ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་རོ། །ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ་དོན་དུ་གཉེར་བྱ་ཐམས་ཅད་ཀྱི་ནང་ན་ཕུལ་དུ་གྱུར་པའི་ཕྱིར་རོ། །སྒྲུབ་པ་དོན་དམ་པ་ནི་ལམ་སྟེ་འབྲས་བུའི་མཆོག་མྱང་འདས་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་དོན་དམ་རྣམ་པ་གསུམ་དུ་འདོད་དོ། །དེ་ལྟར་གཞི་འབྲས་ལམ་གསུམ་ལ་དོན་དམ་དུ་བཞག་པའི་དབྱེ་བ་གསུམ་མམ། ཡང་ན་འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་འདུས་མ་བྱས་པ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དེ་བཞིན་ཉིད་དེའི་ཡུལ་ཅན་གྱི་ཡེ་ཤེས་ཏེ། ཡོངས་གྲུབ་རྣམ་པ་གཉིས་སུ་དོན་དམ་ཐམས་ཅད་འདུས་སོ། །དེ་ཡང་དང་པོ་ལ་གཞི་འབྲས་ཀྱི་ལྡོག་ཆས་གཉིས་སུ་ཕྱེ་ཞིང༌། ཕྱི་མ་ལམ་བདེན་འདུས་བྱས་སྒྲུབ་པ་དོན་དམ་དུ་བྱས་པས་སྔ་མ་གསུམ་དང་གནད་གཅིག་པར་འགྱུར་ཏེ། ཚུལ་དེ་ལྟ་བུའི་དབང་དུ་ན་གནས་སྣང་མཐུན་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་ལ་དོན་དམ་པའི་བརྡ་སྦྱར་བའི་ཕྱིར་ལམ་བདེན་ཀྱང་ཡོངས་གྲུབ་ཀྱི་ཁོངས་སུ་གཏོགས་པར་བསྡུ་བའི་བཤད་ཚུལ་ཡིན་ཏེ། དེ་ལ་དག་པ་གཞན་དབང་གི་བརྡ་སྦྱར་ན་ཡང་དགོངས་བཞེད་ཀྱི་དབང་གིས་མི
འགལ་བར་ཤེས་པར་བྱའོ། །བཞི་པ། གཅིག་གིས་འཇིག་རྟེན་སོགས་ཀྱིས་བསྟན་ཏེ། གང་ཆོས་སུ་བཏགས་པ་ཇི་སྙེད་པ་འདི་དག་འཇིག་རྟེན་ན་གྲགས་པའམ། རིགས་པས་གྲགས་པ་གཉིས་པོ་གང་རུང་གི་སྒོ་ནས་རྣམ་གཞག་བྱེད་པ་ཡིན་ལ། དེ་ཡང་གྲགས་པ་གཉིས་པོའི་ཁྱད་པར་བསྟན་པ་ནི་ཀ་བ་དང་བུམ་པ་ལ་སོགས་པ་བརྡའི་རྗེས་སུ་འཇུག་པའི་ཐ་སྙད་གདགས་པ་གཅིག་པུའི་སྒོ་ནས་གྲགས་པ་ནི་འཇིག་རྟེན་ཐ་སྙད་ཀྱིས་གྲགས་པ་ཞེས་བྱ་ལ། གང་ཟག་རིགས་པའི་དོན་ལ་མཁས་པ་རྣམས་ཀྱིས་མངོན་སུམ་རྗེས་དཔག་ལུང་གི་ཚད་མ་གསུམ་མམ། ཡང་ན་བྱ་བ་བྱེད་པ་བལྟོས་པ་ཆོས་ཉིད་ཀྱི་རིགས་པ་གསུམ་གྱི་སྒོ་ནས་དོན་གང་ཞིག་རྣམ་པར་བཞག་ཅིང་དེ་ལྟར་གྲགས་པ་ནི་རིགས་པའི་གྲགས་པ་སྟེ། དཔེར་ན་གདུང་འདེགས་ཀྱི་དོན་བྱེད་པའི་དངོས་པོ་ལ་ཀ་བ་ཞེས་སུ་མིང་ཐོགས་པ་དེ་འཇིག་རྟེན་ཐ་སྙད་ཀྱིས་གྲགས་པ་དང༌། ཀ་བ་སྟོང་པ་ཉིད་ཡིན་པར་རིགས་པས་གྲགས་པ་ལྟ་བུ་ཡིན་ནོ། །སྐབས་ཀྱི་བརྗོད་བྱ་ངོ་བོ་ཉིད་གསུམ་པོ་འདི་གྲགས་པ་དེ་གཉིས་གང་གི་སྒོ་ནས་གྲགས་ཤིང་གྲུབ་པ་ཡིན་ཞེ་ན།ཀུན་བཏགས་གཅིག་པུའི་ཆ་ལས་འཇིག་རྟེན་གྱི་གྲགས་པ་རྣམ་པར་བཞག་སྟེ།ཇི་ལྟར་སྣང་བ་ལ་དེ་དང་དེར་ཞེན་པའི་མིང་སྣ་ཚོགས་སུ་འཇིག་རྟེན་ན་འདོགས་པར་བྱེད་དོ། །གཞན་དབང་དང་ཡོངས་གྲུབ་ནི་ཚད་མ་གསུམ་གྱི་སྒོ་ནས་རིགས་པས་གྲགས་པ་ཡིན་ནོ། །ཡང་ན་འཇིག་རྟེན་གྱི་གྲགས་པ་ཀུན་བཏགས་ཁོ་ན་ལས་འཇོག་པ་དང༌། བསྟན་བཅོས་ལ་གྲགས་པ་ནི་ངོ་བོ་ཉིད་གསུམ་ཀ་ལའང་ཅི་
རིགས་པར་བཞག་ཏུ་རུང་སྟེ། མངོན་སུམ་སོགས་ཀྱི་སྒོ་ནས་དེ་དག་གི་རྣམ་གཞག་སྣ་ཚོགས་པ་བསྟན་བཅོས་ལས་གྲགས་པ་རྣམས་སོ། །ལྔ་པ། རྣམ་དག་སྤྱོད་ཡུལ་སོགས་ཀྱིས་བསྟན་ཏེ། རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་བཤད་པ་ལ་དབྱེ་བ་གཉིས་ཡོད་དེ། ཉོན་སྒྲིབ་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང༌། ཤེས་སྒྲིབ་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ། དེ་ལྟ་བུའི་དག་པའི་ཡེ་ཤེས་ཀྱི་ཡུལ་ཉིད་ཀུན་བཏགས་དང་གཞན་དབང་གཉིས་མ་ཡིན་ལ། ཡོངས་གྲུབ་གཅིག་པུ་ཁོ་ན་ཡིན་པར་བརྗོད་དེ། དེ་སྤྱོད་ཡུལ་དུ་བྱས་ཚེ་གནས་སྣང་མཐུན་པའི་ཕྱིར་རོ། །དྲུག་པ། རྒྱུ་དང་རྣམ་པར་སོགས་ཀྱིས་བསྟན་ཏེ། ཐེག་པ་ཆེན་པོ་མཐའ་དག་ཡི་དོན་བསྡུས་པའི་སྡོམ་ནི་དངོས་པོལྔའམ་ཆོས་ལྔར་གསུངས་ཏེ། གང་ཞེ་ན། མིང་དང༌། རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། ཡང་དག་པའི་ཡེ་ཤེས་དང༌། དེ་བཞིན་ཉིད་དང་ལྔའོ། །དེ་ལ་མིང་ནི་ཀ་བ་དང་བུམ་པ་སོགས་བརྡའི་སྒོ་ནས་བཏགས་པ་ཙམ་མོ། །རྒྱུ་མཚན་ནི་མིང་གི་གདགས་གཞི་གདུང་འདེགས་སོགས་ཀྱི་དོན་བྱེད་པ་དང༌།ལྟོ་ལྡིར་བ་ལ་སོགས་པར་སྣང་བ་ལྟ་བུའོ། །རྣམ་པར་རྟོག་པ་ནི་རྣམ་ཤེས་ཚོགས་བརྒྱད་དོ། །ཡང་དག་པའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་ལས་དང༌། དེ་བཞིན་ཉིད་ནི་ལམ་གྱིས་དམིགས་ཡུལ་ཆོས་ཀྱི་དབྱིངས་སོ། །དེ་ལྟ་བུའི་ཆོས་ལྔ་བོ་དེ་ཡང་ངོ་བོ་ཉིད་གསུམ་གྱི་ནང་དུ་འདུ་སྟེ། གང་ཞེ་ན།རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། མིང་དང་གསུམ་པོ་དེ་ནི་གཞན་དབང་
དང༌། ཀུན་བཏགས་རྣམ་པ་གཉིས་སུ་བསྡུ་བར་བྱ་སྟེ། ཚོགས་བརྒྱད་ཀྱི་རང་བཞིན་ཅན་གྱི་རྣམ་ཤེས་དང༌། གཉིས་སྣང་དང་བཅས་པའི་སྣང་བ་ལ་ཆོས་མི་འདྲ་བ་སྣ་ཚོགས་སུ་སྣང་བ་མིང་གདགས་པའི་གཞིའམ་རྒྱུ་མཚན་དུ་གྱུར་པ་དེ་གཉིས་ནི་གཞན་དབང་གི་ཁོངས་སུ་འདུའོ། །མིང་ནི་ཀུན་བཏགས་ཀྱིས་བསྡུས་པའོ། །ཡང་དག་པའི་ཡེ་ཤེས་དང༌། ཆོས་ཐམས་ཅད་ཀྱི་ནང་ན་རབ་ཏུ་གྱུར་པ་དང་དེ་ཁོ་ན་ཉིད་དུ་གྱུར་པ་དེ་བཞིན་ཉིད་གཉིས་ནི། ཡོངས་གྲུབ་གཅིག་པུ་ཁོ་ནས་བསྡུས་པ་ཡིན་ཏེ། གོང་དུ་ཡུལ་ཡུལ་ཅན་གྱི་ཡོངས་གྲུབ་གཉིས་བཤད་པ་བཞིན་ནོ། །བདུན་པ། འཇུག་དེ་ཁོ་ན་སོགས་ཀྱིས་བསྟན་ཏེ། དེ་ཡང་མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་རྣམ་བདུན་ལ། །བརྟེན་ནས་བདེན་པ་རྣམ་པར་བཞག །ཅེས་གསུངས་པ་ལྟར། འཇུག་པའི་དེ་བཞིན་ཉིད་རྟེན་༡༽ འབྲེལ་ལུགས་འབྱུང་ལྡོག་མ་དག་པ་དང་དག་པའི་གཞན་དབང་གིས་བསྡུས་པ་དང༌། རྣམ་པ་མཚན་ཉིད་ཀྱི་དེ་བཞིན་ཉིད་༢༽ངོ་བོ་ཉིད་མེད་པ་གསུམ་སྟེ། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་ངོ་བོ་ཉིད་མེད་པའོ། །མཚོན་པ་རྣམ་པར་རིག་པའི་དེ་བཞིན་ཉིད་༣༽ རྣམ་པར་ཤེས་པའི་ཚོགས་བརྒྱད་དང༌། གནས་པའི་དེ་བཞིན་ཉིད་༤༽སྡུག་བསྔལ་བདེན་པ་གང་ཞིགཁྱད་ཆོས་མི་རྟག་སོགས་བཞི་དང་ལྡན་པའི་གནས་སྐབས་དང༌།ལོག་པར་སྒྲུབ་པའི་དེ་བཞིན་ཉིད་༥༽རྒྱུ་ཀུན་འབྱུང་གི་བདེན་པ་རབ་ཏུ་སྐྱེ་བ་ལ་
སོགས་པའི་རྣམ་པ་བཞི་དང་ལྡན་པ་དང༌། རྣམ་པར་དག་པའི་དེ་བཞིན་ཉིད་༦༽འགོག་ཞི་སོགས་ཆོས་བཞི་དང་བདེན་པའི་འགོག་བདེན་དང༌། ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་༧༽ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཞི་དང་ལྡན་པའི་ལམ་བདེན་དང་བདུན་པོ་འདི་ལ་དེ་བཞིན་ཉིད་རྣམ་པ་བདུན་ཞེས་བྱའོ། །ཡང་མདོ་དང་དབུས་མཐའ་ལྟར་ན། འཇུག་པ་འཁོར་བ་ཐོག་མཐའ་མེད་པར་རྒྱུན་གྱིས་འཇུག་པ། མཚན་ཉིད་བདག་མེད་གཉིས། རྣམ་རིག་འདུ་བྱེད་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་ཁོང་དུ་ཆུད་པ། ལྷག་མ་བཞི་བདེན་བཞི་དང་སྦྱར་བ་བཤད་མ་ཐག་པ་ལྟར་རོ། །དེ་ལ་ངོ་བོ་ཉིད་གསུམ་ལས་དེ་ཉིད་བདུན་པོ་དབྱེ་བའི་ཚུལ་ནི། འཇུག་པའི་དེ་ཁོ་ན་ཉིད་ནི་ཀུན་བཏགས་དང་གཞན་དབང་རྣམ་པ་གཉིས་ལས་དབྱེ་སྟེ། ཀུན་བཏགས་ལ་བདེན་པར་ཞེན་ཞིང་མ་དག་གཞན་དབང་གི་ངོ་བོས་འཁོར་བར་འཇུག་པ་ཡིན་པའི་ཕྱིར་རོ། །གནས་པ་དང་ལོག་པར་སྒྲུབ་པའམ་ངན་པར་ཞུགས་པ་གཉིས་ཀྱང་དེ་བཞིན་དུ་ཀུན་བཏགས་དང་གཞན་དབང་གཉིས་ལས་དབྱེ་སྟེ། འཁོར་བའི་རྒྱུ་འབྲས་འདི་དག་ཀྱང་ཀུན་བཏགས་ལ་དངོས་པོར་ཞེན་ནས་གཞན་དབང་གིས་འཇུག་པ་གོང་དུ་བཤད་པ་བཞིན་ནོ། །མཚན་ཉིད་དང་རྣམ་པར་རིག་པ་དང་རྣམ་པར་དག་པ་དང་ཡང་དག་པར་སྒྲུབ་པ་བཞི་ནི་ཡོངས་གྲུབ་གཅིག་པུར་འདུ་བས་ན་དེ་ལས་བཞིར་དབྱེ་བ་ཉིད་དུ་རིག་པར་བྱ་སྟེ། མཚན་ཉིད་བདག་མེད་པའི་དོན་དང༌། རྣམ་དག་འགོག་པ་གཉིས་འགྱུར་མེད་ཡོངས་གྲུབ་དང༌། ཆོས་ཐམས་
ཅད་རྣམ་རིག་ཙམ་དུ་རྟོགས་པ་དང༌། ཡང་དག་སྒྲུབ་པ་ལམ་གཉིས་ནི། དངོས་པོའི་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་དབྱེ་བ་ཡིན་ནོ། །བརྒྱད་པ། མཁས་པའི་དེ་ཁོ་ན་ཉིད་བཤད་པ་ལ། སྤང་བྱ་བདག་ལྟ་བཅུ་བཤད་པ་དང༌།སྤོང་བྱེད་མཁས་བྱའི་གནས་བཅུ་བཤད་པ་གཉིས། དང་པོ། གཅིག་དང་རྒྱུ་དང་སོགས་ཀྱིས་བསྟན་ཏེ། མཁས་པར་བྱ་བའི་གནས་བཅུ་པོ་འདི་གཏན་ལ་ཕབ་ན་དེར་ཤེས་བྱ་ཐམས་ཅད་འདུ་བ་ཡིན་ལ། གནས་བཅུ་པོ་དེའི་རང་བཞིན་ལ་མཁས་པར་གྱུར་པའི་སྟོབས་ཀྱིས་བདག་ཏུ་ལྟ་བའི་རྣམ་པ་མི་འདྲ་བ་བཅུ་སྤོང་བའང་ཤུགས་ཀྱིས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལ་མཁས་པར་བྱ་བའི་གནས་བཅུ་གང་ཞེ་ན། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་འབྲེལ་ལ་མཁས་པ་དང༌།གནས་དང་གནས་མ་ཡིན་པ་ལ་མཁས་པ་དང༌། དབང་པོ་ལ་མཁས་པ་དང༌།དུས་ལ་མཁས་པ་དང༌། བདེན་པ་ལ་མཁས་པ་དང༌། ཐེག་པ་ལ་མཁས་པ་དང༌། འདུས་བྱས་འདུས་མ་བྱས་ལ་མཁས་པའོ། །དེ་ལ་བདག་ལྟ་བཅུ་ནི་བདག་གཅིག་པུར་ལྟ་བ་དང༌། བདག་རྒྱུར་ལྟ་བ་སོགས་བཅུ་སྟེ། དེ་ཡང་ཕུང་པོ་ལ་མཁས་པས་བདག་གཅིག་པུར་ལྟ་བ་སྤོང་སྟེ། དེའི་རྒྱུ་མཚན་བདག་གི་གདགས་གཞི་ནི་ཕུང་པོ་ལྔ་པོ་འདི་ཙམ་དུ་ཟད་ལ། འདི་ལ་གཅིག་པུ་ཆ་མེད་དུ་གྲུབ་པ་གང་ཡང་མེད་དེ་ཕུང་པོ་ལྔར་དབྱེར་ཡོད་ཅིང༌། དེ་རེ་རེ་ལའང་ནང་
གི་བྱེ་བྲག་དུ་མ་ཡོད་པས་ཆོས་དུ་མ་བསྡུས་ནས་སྤུངས་པ་ལ་ཕུང་པོའི་རྣམ་གཞག་ཏུ་བྱས་པའི་ཚུལ་ཁོང་དུ་ཆུད་པ་ལས་བདག་ཅེས་བྱ་བ་གཅིག་པུ་བ་ཞིག་མེད་པར་ཤེས་ནུས་སོ། །དེ་བཞིན་དུ་སྣོད་བཅུད་ཀྱི་རྒྱུ་བདག་ཡིན་ནོ་སྙམ་པ་ནི་ཁམས་ལ་མཁས་པས་སྤོང་སྟེ། ཕྱི་དང་ནང་གི་ཆོས་ཐམས་ཅད་ཁམས་བཅོ་བརྒྱད་དུ་འདུ་ལ། དེ་དག་ནི་སོ་སོ་རང་རང་གི་བྱ་བ་བྱེད་པའི་ནུས་པའམ་ས་བོན་སོ་སོར་འཛིན་པའི་ལས་ཅན་ཡིན་པས་ན། དེ་དག་སོ་སོའི་རྒྱུ་ལས་སྣོད་བཅུད་འདི་འབྱུང་གི་བདག་ནི་ཅུང་ཟད་ཀྱང་རྒྱུ་མིན་པར་ཤེས་སོ། །བདག་ཡུལ་ལ་ལོངས་སྤྱོད་པ་པོའམ་ཟ་བ་པོར་འཛིན་པ་ནི་སྐྱེ་མཆེད་ལ་མཁས་པས་སྤོང་སྟེ། ཆོས་ཐམས་ཅད་སྐྱེ་མཆེད་བཅུ་གཉིས་པོ་འདིར་འདུས་ཀྱི་དེ་ལས་གཞན་པ་མེད་ལ། ལོངས་སྤྱད་བྱ་ཕྱིའི་སྐྱེ་མཆེད་དྲུག་ལ་ནང་གི་སྐྱེ་མཆེད་དྲུག་གིས་ལོངས་སྤྱོད་པར་བྱེད་པ་འདི་ཙམ་ལས་གཞན་པའི་ཟ་བ་པོ་གང་ཡང་མེད་པར་རྟོགས་པས་སོ། །བདག་ཐམས་ཅད་ཀྱི་བྱེད་པ་པོར་འཛིན་པ་རྟེན་འབྲེལ་ལ་མཁས་པས་སྤོང་སྟེ། ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ན་མི་སྐྱེ་བའི་དབང་མེད་ཅིང་མ་ཚོགས་ན་ནམ་ཡང་མི་སྐྱེ་བར་མཐོང་ནས་བདག་གིས་བྱེད་པ་ཅི་ཡང་མེད་པར་ཤེས་སོ། །བདག་ནི་ཐམས་ཅད་ལ་དབང་བསྒྱུར་བ་རང་དབང་ཅན་གྱི་རྣམ་པར་འཛིན་པ་གནས་དང་གནས་མིན་ལ་མཁས་པས་སྤོང་སྟེ། ཆོས་འདི་དག་ཐམས་ཅད་ནི་སོ་སོའི་གནས་དང་གནས་མ་ཡིན་པའི་དབང་གིས་ཡོད་མེད་ཡིན་མིན་སྣ་ཚོགས་སུ་སྣང་གི བདག་གིས་ནི་རང་དབང་
བསྒྱུར་ཏེ་ཅི་ཡང་བྱ་མི་ནུས་པར་རྟོགས་སོ། །བདག་ནི་བདག་པོའམ་གཙོ་བོ་སྟེ་ཐམས་ཅད་ཀྱི་ནང་ནས་དབང་པོར་གྱུར་པའི་དོན་ཅན་དུ་འཛིན་པ་ནི་དབང་པོ་ལ་མཁས་པས་སྤང་སྟེ། ཀུན་ཉོན་དང་རྣམ་བྱང་གི་ཕྱོགས་ཀྱི་ཆོས་ལ་དབང་བྱེད་པ་ན་དབང་པོ་ཉེར་གཉིས་པོ་འདི་ཙམ་ཡིན་ལ། དེ་ལས་གཞན་པའི་དབང་པོར་གྱུར་པ་གཞན་ཅི་ཡང་མི་དགོས་ལ་མ་དམིགས་པའི་ཕྱིར་རོ། །བདག་སྔ་ཕྱིར་མི་འགྱུར་མི་འཕོ་བའི་རྟག་པར་འཛིན་པ་ནི་དུས་ལ་མཁས་པས་སྤོང་སྟེ། དངོས་པོའི་སྐྱེ་འཇིག་ལ་བརྟེན་ནས་དུས་གསུམ་དུ་བཞག་ཅིང་དེ་གསུམ་གནས་སྐབས་ཐ་དད་པས་གཅིག་ཏུ་མི་རུང་ལ། དངོས་པོར་ཡོད་པ་ལ་སྐྱེ་འགག་དང་དུས་གསུམ་གྱི་འགྱུར་བ་མེད་པར་མི་སྲིད་པར་གྲུབ་པས་སོ། །བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའི་གནས་སམ་གཞི་ཉིད་དུ་ལྟ་བ་ནི་བདེན་པ་ལ་མཁས་པས་སྤོང་སྟེ། ཀུན་ཉོན་དང་རྣམ་བྱང་གི་བདེན་གཞི་རྒྱུ་འབྲས་ཕྲུགས་གཉིས་ཀྱི་ཚུལ་དུ་རྟོགས་པས་དེ་ལས་གཞན་པའི་ཀུན་བྱང་གི་གཞིའམ་དེ་ལ་ ལོངས་སྤྱོད་པ་པོ་གང་ཡང་མ་གྲུབ་པར་རྟོགས ་པས་སོ། །བདག་རྣལ་འབྱོར་ཅན་དུ་འཛིན་པ་ནི་ཐེག་པ་ལ་མཁས་པས་སྤོང་སྟེ། ཐེག་པ་གསུམ་གྱི་ལམ་ཉམས་སུ་བླངས་པ་ལས་དེ་དང་དེའི་ཡོན་ཏན་སྣང་གི གཞན་དུ་རྣལ་འབྱོར་ཅན་ནམ་སྒོམ་པ་དང་ལྡན་པའི་དངོས་པོ་གང་ཡང་མི་དམིགས་པས་སོ། །བདག་དེ་ཉིད་སྔར་མ་གྲོལ་ལ་ཕྱིས་གྲོལ་བའིཁྱད་པར་ཅན་དུ་ལྟ་བ་ནི་འདུས་བྱས་དང་འདུས་མ་བྱས་ལ་མཁས་པས་སྤོང་
སྟེ། འདུས་བྱས་ཟག་པ་རྣམས་ཟད་པ་སོ་སོར་བརྟག་འགོག་འདུས་མ་བྱས་ལ་མྱང་འདས་ཞེས་བརྗོད་ཀྱི། དེ་ལས་གཞན་པའི་མ་དག་པ་དང་དག་པར་གྱུར་པའི་བདག་ཚད་མས་མ་དམིགས་ལ། དེ་ལྟ་བུ་ཡོད་ན་ཐར་བ་མེད་པར་འགྱུར་བའི་རིགས་པས་གནོད་པ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོ་ལ་སོགས་པ་བཅུ་བོ་འདི་དག་ལ་ནི་དམིགས་ནས་མི་མཁས་པ་རྣམས་ཀྱིས་རྟག་གཅིག་རང་དབང་བ་སོགས་ཀྱི་རྣམ་པར་ཀུན་ཏུ་བཏགས་ནས་བདག་ཏུ་ལྟ་བ་ཡིན་ལ། ལྟ་བའི་གནས་ཤེས་བྱ་དེ་དག་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་གཏན་ལ་དབབ་ན་ལྟ་བ་ངན་པ་ཐམས་ཅད་ལས་རང་གྲོལ་བར་འགྱུར་རོ། །གཉིས་པ་ལ། གནས་བཅུ་བོ་རང་བཞིན་གསུམ་དུ་འདུ་ཚུལ་དང༌། གནས་སོ་སོར་མཁས་པར་བྱ་བའོ། །དང་པོ། ཀུན་ཏུ་རྟོག་དང་སོགས་ཀྱིས་བསྟན་ཏེ།མཁས་པར་བྱ་བའི་གནས་རྣམ་པ་བཅུ་བོ་འདི་དག་ཀྱང་ངོ་བོ་ཉིད་གསུམ་དུ་འདུ་ཚུལ་བཤད་ན། འདི་དག་ལ་གཉིས་སུ་སྣང་ཞིང་ཞེན་པས་ཀུན་ཏུ་རྟོག་པས་དེ་དང་དེར་བརྟགས་པའི་ཆ་རྣམས་ནི་ཀུན་བཏགས་དང༌། དེ་དག་ཐམས་ཅད་རྣམ་པར་རྟོག་པ་ཙམ་གྱི་ངོ་བོར་གྱུར་པའི་དོན་གྱི་ཆ་ནས་གཞན་དབང་དང༌། དེ་ཐམས་ཅད་གཉིས་སྟོང་གི་ཆོས་ཉིད་ཅན་དུ་གྲུབ་པའི་དོན་གྱིས་དེའི་ཡོངས་གྲུབ་ཀྱང་ཡོད་དེ། དེ་ལྟར་ཕུང་པོ་ལ་སོགས་པ་དེ་དག་ངོ་བོ་ཉིད་གསུམ་པོ་དེར་འདུ་བ་ཡིན་ནོ། །དེ་དཔེར་ན་གཟུགས་ལ་ཕྱི་དོན་དུ་ཞེན་ཅིང་
བརྗོད་པ་ནི་གཟུགས་ཀྱི་ཀུན་བཏགས་སོ། །རྣམ་པར་རིག་པ་ཉིད་རྣམ་པར་བརྟག་པའི་གཟུགས་སུ་སྣང་བ་ནི་གཟུགས་ཀྱི་གཞན་དབང་ངོ༌། །གཟུགས་དེའི་ཆོས་ཉིད་གཉིས་སྟོང་གང་ཡིན་པ་གཟུགས་ཀྱི་ཡོངས་གྲུབ་བོ། །དེས་ན་ཀུན་བཏགས་པ་ལ་སོགས་པ་དེའི་ཁྱད་པར་དུ་བྱས་པའི་གཟུགས་སུ་རྣམ་པར་དབྱེ་བ་བྱར་རུང་སྟེ། དེ་བཞིན་དུ་ཚོར་འདུ་སོགས་དང༌། ཁམས་སྐྱེ་མཆེད་སོགས་ལྷག་མ་ཀུན་ལ་སྦྱར་ཏེ་ཤེས་པར་བྱའོ། །གཉིས་པ་རྒྱས་བཤད་ལ། གོང་དུ་བཤད་པ་བཞིན་བཅུ་ལས། དང་པོ། ཕུང་པོ་ལ་མཁས་པ་ནི། ཐོག་མར་དུ་མ་སོགས་ཀྱིས་བསྟན་ཏེ། མཁས་པར་བྱ་བའི་གནས་བཅུའི་ཐོག་མ་ཕུང་པོ་ཞེས་པ་ཇི་ལྟར་ན། འདུས་བྱས་ཀྱིས་བསྡུས་པའི་ཆོས་ཀྱི་བྱེ་བྲག་རང་མཚན་ཐ་དད་པ་དུ་མ་ཉིད་དུ་དབྱེ་བ་ཡོད་པ་དང་ནི། དུ་མའི་ཆོས་དེ་དག་རིགས་མཐུན་པའི་སྒོ་ནས་ལྷན་ཅིག་བསྡུས་པ་དང་གཉིས་ཀྱི་སྒོ་ནས་དུ་མ་ལྷན་ཅིག་སྤུངས་པ་ལ་ཕུང་པོ་ཞེས་བྱ་ཞིང༌། དེ་ལའང་ནང་གི་དབྱེ་བ་ལྔར་ཡོངས་སུ་བྱེ་བའི་དོན་ནམ་ཚུལ་དེ་ཉིད་ཀྱི་སྒོ་ནས་ཕུང་པོ་ལྔར་རྣམ་པར་བཞག་པ་ཤེས་པར་བྱའོ། །གང་ཞེ་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་དབང་པོ་ལྔ་དང༌། དོན་ལྔ་སྟེ་བཅུ་བོ་འདི་དག་རྡུལ་དུ་གྲུབ་པའི་བདག་ཉིད་ཡིན་པས་གཟུགས་སུ་རུང་བར་རིགས་འདྲ་བའི་ཕྱིར་ཆོས་ཐ་དད་པ་ཕྱོགས་དང་དུས་ཀྱིས་བསྡུས་པ་དེ་ཀུན་ཕྱོགས་གཅིག་ཏུ་བསྡོམས་ནས་གཟུགས་ཀྱི་ཕུང་པོ་ཞེས་པའི་གྲངས་སུ་
བཞག་པའོ། །དེ་བཞིན་དུ་རང་ངམ་གཞན་གྱི་རྒྱུད་དུ་གཏོགས་པའི་བདེ་སྡུག་བཏང་སྙོམས་མྱོང་བའི་སེམས་བྱུང་ཡིན་ནོ་ཅོག་ལ་ཚོར་བའི་ཕུང་པོ་དང༌།དེ་བཞིན་དུ་མཚན་མར་འཛིན་པའི་འདུ་ཤེས། ཤེས་པ་ཡུལ་ལ་འཇུག་པར་འདུ་བྱེད་པའི་སེམས་བྱུང་རྣམས་ཀྱིས་མཚོན་ནས་ཕུང་པོ་བཞི་ལས་གཞན་པའི་འདུ་བྱེད་ཐམས་ཅད་དང༌། རྣམ་པར་ཤེས་པ་ནི་ཚོགས་བརྒྱད་དམ་དྲུག་གི་རང་བཞིན་ཅན་ནོ། །གཉིས་པ་ཁམས་ལ་མཁས་པ། འཛིན་དང་གཟུང་དང་སོགས་ཀྱིས་བསྟན་ཏེ།ཁམས་ཞེས་པ་རྒྱུའམ་གཞིའམ་ས་བོན་གྱི་དོན་ཡིན་ལ། དེ་ལ་ནང་གི་དབྱེ་བ་བཅྭོ་བརྒྱད་དུ་ཡོད་དོ། །དེ་ཡང་མིག་དབང་ནས་ཡིད་དབང་གི་བར་གྱི་མིག་གི་ཁམས་ལ་སོགས་པ་དྲུག་པོ་ནི་འཛིན་པར་བྱེད་པའི་ས་བོན་གྱི་དོན་ཅན་ཏེ། དབང་པོ་དྲུག་པོ་དེ་ལ་རང་ཡུལ་འཛིན་པར་བྱེད་པའི་ནུས་པའམ་ཡོན་ཏན་ཡོད་དེ། དེ་དག་ལ་མ་བརྟེན་པར་མཐོང་སོགས་མི་ནུས་པའི་ཕྱིར་རོ། །དེས་ན་ཐ་སྙད་དུ་དེ་དག་རང་གི་ངོ་བོ་ཉིད་ཀྱིས་དེ་ལྟར་ཡིན་པ་ལ་ནི་མེའི་ཚ་བ་བཞིན་དུ་དེ་དག་གི་ཁམས་ཞེས་བཏགས་ཏེ། མྱུ་གུ་བསྐྱེད་པའིབྱེད་པ་གང་ལ་ཡོད་པ་ལ་ས་བོན་གྱི་ཁམས་ཞེས་བརྗོད་པ་བཞིན་ནོ། །དེས་ན་དབང་པོ་རྟེན་བཅས་སུ་མ་ཟད་དེ་མཚུངས་ཀྱི་སྐབས་ན་ཡང་ཡུལ་འཛིན་པའི་ནུས་པ་དང་བྲལ་བ་ནི་མ་ཡིན་ཏེ། སྒྲོམ་ནང་གི་ས་བོན་བཞིན་དུ་དེ་ལ་དེའི་ཆོས་དེ་དག་འབྲལ་མེད་དུ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་
ནས་ཆོས་ཁམས་ཀྱི་བར་དྲུག་པོ་འདི་ནི་ཡུལ་ཅན་དབང་པོ་དང་བློའི་གཟུང་བའི་གཞིའམ་ས་བོན་གྱི་དོན་ཡིན་ལ། ཡུལ་དབང་ཤེས་གསུམ་ཚོགས་པར་བསྐྱེད་པ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཀྱི་བར་དྲུག་ནི། ཡུལ་གཟུགས་སོགས་དེ་ཤེས་ཤིང་འཛིན་པའི་ས་བོན་གྱི་དོན་ཅན་ཡིན་ཏེ། གསལ་ཞིང་རིག་པའི་ངོ་བོས་ཡུལ་གྱི་རང་བཞིན་ཇི་ལྟ་བུ་ཡིན་པ་དེ་དང་དེ་གཅོད་པར་བྱེད་པའོ། །གཞན་དུ་འདོད་ཅེས་པ་ནི། བཤད་མ་ཐག་པ་མཁས་བྱའི་གནས་དང་པོ་ལས་གཞན་པ་ཁམས་ལ་མཁས་པའི་གནས་ཉིད་དུ་འདོད་ཅེས་པ་ཙམ་སྟེ། འོག་གི་སྐབས་རྣམས་སུའང་དེ་ལྟར་ཤེས་པར་བྱའོ། །གསུམ་པ། ཚོར་དང་དོན་རྣམས་སོགས་ཀྱིས་བསྟན་ཏེ། སྐྱེ་མཆེད་བཅུ་གཉིས་ལས། མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་ནང་གི་དེ་དྲུག་པོ་ནི། ཚོར་བ་ཉེ་བར་སྤྱོད་པའི་འབྱུང་སྒོའམ་སྐྱེ་སྒོ་ཡིན་ཏེ།མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་འདིས་ཡུལ་དྲུག་གི་རང་བཞིན་ལ་ཉེ་བར་ལོངས་སྤྱོད་ནས་བདེ་སྡུག་སོགས་མྱོང་བ་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་གྱི་ཕྱི་ཡི་སྐྱེ་མཆེད་དྲུག་པོ་དེ་ནི་དོན་རྣམས་སོ་སོའི་རང་གི་ངོ་བོ་ཡོངས་སུ་གཅོད་པའི་ཚུལ་ལ་ཉེ་བར་སྤྱོད་པའི་འབྱུང་སྒོ་ཡིན་ཏེ། གཟུགས་ལ་སོགས་པ་དེ་དག་ཡུལ་དུ་ཡོད་པ་ཉིད་ཀྱིས་དེ་དང་དེར་ཤེས་པས་ཡོངས་སུ་གཅོད་པའི་ཉེ་བར་སྤྱོད་པ་འབྱུང་བའི་ཕྱིར་རོ། །དེ་ཡང་སྐྱེ་མཆེད་ཅེས་པ་ཤེས་པ་ཉེ་བར་སྐྱེ་བའི་སྒོ་ཡིན་པ་ལ་བཤད་
དེ། སྒོ་འདི་དག་གིས་ཤེས་པ་ཡུལ་ལ་སྐྱེ་ཞིང་མཆེད་པར་བྱེད་པ་ལ་མིང་དེ་སྐད་དུ་བཏགས་པའོ། །དེས་ན་གཟུགས་སོགས་ནི་ཡོངས་སུ་གཅོད་པར་བྱ་བ་དང༌། མིག་སོགས་ནི་ཡུལ་སོགས་དེ་ལས་བྱུང་བའི་ཚོར་བ་ལ་ཉེ་བར་ལོངས་སྤྱོད་པ་པོ་ཡིན་པས་ན། ཡུལ་དང་ཡུལ་ཅན་ཚོགས་ནས་ཤེས་པ་སྐྱེ་ཞིང་དེ་དང་དེ་ལ་ཉེ་བར་ལོངས་སྤྱོད་པས་ན་ཉེར་སྤྱོད་ཅེས་བྱ་ཞིང༌། དེ་འབྱུང་བའི་སྒོ་ནིཕྱི་དང་ནང་གིས་བསྡུས་པའི་ཆོས་བཅུ་གཉིས་པོ་འདི་ཡིན་པའི་ཕྱིར་རོ། །དེ་ལའང་ཆོས་སུ་གདགས་པ་ཇི་སྙེད་པ་ཐམས་ཅད་ཤེས་པ་ལ་སྣང་ཞིང་དེས་དེ་ལྟར་ཐ་སྙད་བྱེད་ལ། དེ་ལས་བྱུང་བའི་བདེ་སྡུག་གི་ཆ་ཐམས་ཅད་ཀྱང་ཤེས་པས་མྱོང་བ་ལས་གཞན་དུ་མེད་པས་ན་ཤེས་པ་ཉིད་འདོགས་བྱེད་ཡིན་ཞིང༌།ཆོས་སུ་བཏགས་པ་ཀུན་ཀྱི་ནང་ན་འདི་གཙོ་ཆེ་བའི་ཕྱིར་ཚུལ་དེ་ལྟར་དེ་ཉིད་སྐྱེ་ཞིང་མཆེད་པའི་སྒོ་ཡི་ཚུལ་གྱིས་བསྟན་པ་ཡིན་ནོ། །བཞི་བ། རྒྱུ་དང་འབྲས་བུ་སོགས་ཀྱིས་བསྟན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་གང་ཞེ་ན། ཕྱི་ནང་གི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེ་བ་སྟེ། དེ་ཡང་ནང་སེམས་ཅན་གྱི་ཁམས་ཐམས་ཅད་ནི་མ་རིག་པ་ནས་རྒ་ཤིའི་བར་གྱི་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུ་འབྱུང་བ་དང༌། ཕྱིའི་ཆོས་ཐམས་ཅད་ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་པ་བཞིན་དུ་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་ཡི། རྒྱུ་མེད་པ་དང་རྒྱུ་མིན་པ་དུས་དང་དབང་ཕྱུག་སོགས་ལས་མི་སྐྱེ་བ་གང་ཡིན་པའོ། །དེ་ལྟར་ཤེས་ནས་ཆོས་ཐམས་ཅད་ཀྱི་སྐྱེད་བྱེད་ཀྱི་རྒྱུ་དང་རང་རང་གི་འབྲས་བུ་དང༌།
རྒྱུས་རང་འབྲས་བསྐྱེད་པའི་རྩོལ་པའམ་བྱེད་ལས་ཀྱི་ཚུལ་ལ་སྒྲོ་འདོགས་པ་མེད་ཅིང་སྐུར་འདེབས་མེད་པར་ཇི་བཞིན་གཏན་ལ་ཕབས་པ་ནི་རྟེན་འབྲེལ་གྱི་དོན་ལ་མཁས་པ་ཡིན་ནོ། །དེ་ལ་རྒྱུ་མིན་རྒྱུར་སྒྲོ་འདོགས་པ་ནི་དུས་དང་དབང་ཕྱུག་སོགས་སེམས་ཅན་གྱི་བྱེད་པ་པོར་འདོད་པ་ལྟ་བུའོ། །རྒྱུ་ཡིན་པ་ལ་རྒྱུ་མིན་དུ་སྐུར་བ་འདེབས་པ་ནི། ད་ལྟའི་ཕུང་པོ་འདི་སྐྱེ་བ་སྔ་མའི་ཕུང་པོ་ལས་མ་བྱུང་བར་འདོད་པ་ལྟ་བུའམ། ཡང་ན་ལས་དང་ཉོན་མོངས་པ་སེམས་ཅན་སྐྱེ་བའི་རྒྱུ་མ་ཡིན་པར་འདོད་པ་ལྟ་བུའོ། །འབྲས་བུ་ལ་སྒྲོ་འདོགས་པ་ནི། འཇིག་རྟེན་འདི་དག་དབང་ཕྱུག་སོགས་ཀྱིས་བྱས་པའི་འབྲས་བུར་འདོད་པའམ། རང་གི་ངོ་བོས་བྱུང་བ་ལྟ་བུར་འདོད་པ་དང༌། འབྲས་བུ་ལ་སྐུར་བ་འདེབས་པ་ལས་ཀྱི་རྣམ་པར་སྨིན་པ་མེད་ཅེས་སམ། ཚེ་ཕྱི་མ་མེད་པའམ། འགོག་པ་མེད་པ་ལྟ་བུ་སོགས་ཡོད་པའི་འབྲས་བུ་ལ་སྐུར་བ་འདེབས་པ་ཐམས་ཅད་དོ། །རྒྱུའི་འབྲས་བུ་བསྐྱེད་ཚུལ་གྱི་རྩོལ་བའམ་བྱེད་པ་ལ་སྒྲོ་འདོགས་པ་ནི། ས་བོན་ལས་མྱུ་གུ་དང་མ་རིག་པ་ལས་འདུ་བྱེད་འབྱུང་བ་ལྟ་བུ་ལས་དེས་འབྲས་བུ་དེ་བྱའོ་ཞེས་བསམ་པ་སྔོན་དུ་བཏང་ནས་བྱེད་པ་ལྟ་བུའི་ཚུལ་གྱིས་བྱེད་པ་པོར་འདོད་པའམ། ཡང་ན་དབང་ཕྱུག་སོགས་ཀྱིས་དེ་ལ་དེ་བྱེད་དུ་གཞུག་པ་ལྟ་བུའི་བྱེད་པ་རང་དབང་བ་ཞིག་འཛིན་པའོ། །བྱེད་པ་ལ་སྐུར་བ་འདེབས་པ་ནི་རྒྱུ་དེས་དེ་བྱེད་མི་ནུས་ཏེ་འབྲས་དུས་ན་རྒྱུ་འགག་པ་སོགས་ཀྱི་ཕྱིར་རྒྱུ་ལ་བྱེད་པའི་ནུས་པ་མེད་པར་འཛིན་པ་ལྟ་བུ་སྟེ། མདོར་
ན་རྒྱུ་འབྲས་ཐམས་ཅད་ནི་སྐད་ཅིག་མ་ཡིན་ལ། སྐད་ཅིག་སྔ་མ་དེ་ཉིད་ཕྱི་མའི་དུས་ན་མེད། རང་དུས་སྐད་ཅིག་གཅིག་པོ་དེར་འབྲས་བུ་བྱེད་པའི་རྩོལ་བའམ་བྱེད་པ་ཞེས་བྱ་བ་གཞན་ཅི་ཡང་མེད་ཀྱང༌། རྒྱུ་ཚོགས་ན་འབྲས་བུ་མི་སྐྱེ་བའི་དབང་མེད་པ་ཙམ་གྱི་ཕྱིར་རྒྱུ་འབྲས་སུ་བཞག་གི ། རྒྱུའི་སྐད་ཅིག་ལ་འབྲས་བུ་བྱེད་འདོད་ཀྱི་རྩོལ་བ་མེད་ཀྱང་བསྐྱེད་པའི་ནུས་པ་མེད་པ་ནི་མ་ཡིན་ཏེ།ཆོས་ཐམས་ཅད་བྱེད་པོས་དབེན་བཞིན་དུ་རྟེན་འབྲེལ་གྱི་དབང་གིས་བྱུང་བ་ཡིན་ཏེ། ས་བོན་དང་མ་རིག་པ་ལྟ་བུས་བདག་གིས་མྱུ་གུ་འདུ་བྱེད་ལྟ་བུ་འདི་བསྐྱེད་དོ་སྙམ་དུ་མི་རྟོགམྱུ་གུ་དང་འདུ་བྱེད་དེ་དག་གིས་བདག་འདིས་བསྐྱེད་དོ་སྙམ་དུ་མི་རྟོག་བཞིན་དུ་རྟེན་འབྲེལ་བསླུ་མེད་ཀྱི་ཚུལ་དུ་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། འདུས་བྱས་ཐམས་ཅད་ཀྱང་སྐད་ཅིག་མ་ཡིན་པ་དང༌། རྒྱུ་འབྲས་སྐྱེ་འགག་ཏུ་བྱེད་ཚུལ་ལ་ཁྱད་མེད་པའི་ཕྱིར་རོ། །དེས་ན་གང་ཟག་གི་བསམ་པ་སྔོན་དུ་བཏང་ནས་ཟས་གོས་གནས་མལ་སོགས་བྱས་ནས་རང་ཉིད་དེ་ལ་ལོངས་སྤྱོད་པ་ལྟ་བུ་ལའང༌། རྒྱུན་གྱི་དབང་གིས་བྱེད་པོ་སོགས་སུ་བཏགས་ཀྱི། དོན་ལ་བྱེད་པ་པོར་གྲུབ་པ་མེད་དེ།སྟོན་དུས་བཟའ་བར་བྱའོ་སྙམ་པའི་ཡིད་ཀྱིས་སྐྱེས་བུའི་དཔྱིད་དུས་ས་བོན་འདེབས་འདོད་ཀྱི་བསམ་པ་དེ་ལོ་ཏོག་གི་རྒྱུའི་ཚོགས་པ་སྡུད་པ་ལ་ཉེ་བར་ཕན་པའི་བརྒྱུད་རྒྱུ་ཡིན་ནའང་དེ་རང་ཉིད་ཀྱང་སྔོན་སོང་གི་རྒྱུ་གཞན་གྱིས་བསྐྱེད་ལ། སེམས་པ་དེ་ཁོ་ནས་ལོ་ཏོག་རང་དབང་བསྐྱེད་པ་མ་ཡིན་གྱི།
དེའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཇི་སྙེད་ཅིག་ཚོགས་པའི་ཐ་མར་ལོ་ཏོག་བསྐྱེད་ལ། འབྲས་བུ་ལོ་ཏོག་སྐྱེས་པའི་དུས་ན་རྒྱུ་ཐམས་ཅད་འགགས་པའི་ཕྱིར་ལོ་ཏོག་སྐྱེད་པའི་བྱེད་པོ་རྫས་སུ་གྲུབ་པ་གང་ཡང་མེད་དེ། ཆོས་སྣ་ཚོགས་པའིརྒྱུས་བསྒྲུབ་ཅིང་རྒྱུ་དེ་དག་ཀྱང་སྐད་ཅིག་མ་ཡིན་པའི་ཕྱིར་བྱེད་པ་པོ་མི་དམིགས་སོ། །འོན་ཀྱང་ཤིང་འདི་ནི་མི་འདིས་བཙུགས་སོ་ཞེས་བྱེད་པོར་འཛིན་པ་ལྟ་བུའི་ཐོག་མར་རྒྱུའི་ཚོགས་བསྡུད་པའི་སྐྱེས་བུ་དེའི་ཕུང་པོའི་རྒྱུན་ལ་བྱེད་པ་པོ་བཏགས་པ་ཙམ་སྟེ་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་དེ་ལྟར་གནས་པ་ཤེས་པར་བྱའོ། །ལྔ་བ།མི་འདོད་འདོད་དང་སོགས་ཀྱིས་བསྟན་ཏེ། སྤྱིར་གནས་དང་གནས་མ་ཡིན་པ་ཤེས་པ་ཞེས་བྱ་བ་དེ་ཤིན་ཏུ་ཁྱབ་ཆེ་སྟེ། རྒྱུ་གང་ལས་འབྲས་བུ་གང་འབྱུང་བ་དང་མི་འབྱུང་བ། འབྲས་བུ་གང་ཞིག་རྒྱུ་གང་ལ་བལྟོས་པ་དང་མི་བལྟོས་པ་ལྟ་བུའི་ཚུལ་གྱི་སྲིད་པ་དང་མི་སྲིད་པའམ། གནས་ཡོད་པ་དང་གནས་མེད་པའི་ཚུལ་ཤེས་པའི་སྒོ་ནས་འཁོར་འདས་བླང་དོར་གྱི་བྱ་བ་ཕྲ་རགས་ཐམས་ཅད་ལ་འཇུག་ལྡོག་བྱེད་པ་ཡིན་པའི་ཕྱིར་རོ། །སྐབས་འདིར་གཞན་དབང་རྣམ་པ་བདུན་དུ་བསྟན་པ་འདིས་མཚོན་ནས་གནས་དང་གནས་མ་ཡིན་པའི་ཚུལ་མཐའ་དག་ལ་མཁས་པར་བྱ་བར་བསྟན་ཏེ། གང་ཞེ་ན། མི་འདོད་པ་གཞན་དབང་ཉེས་པར་སྤྱོད་པའི་ལས་ཀྱིས་མི་འདོད་བཞིན་ངན་སོང་དུ་འགྲོ་བ་ལྟ་བུ་དང༌། འདོད་པ་གཞན་དབང་ལེགས་པར་སྤྱད་པའི་ལས་ཀྱིས་འདོད་པའི་ཡུལ་བདེ་འགྲོ་ཐོབ་པ་ལྟ་བུ་དང༌། རྣམ་
པར་དག་པ་གཞན་གྱི་དབང་ལམ་སྒོམ་ཞིང་སྒྲིབ་པ་མ་སྤང་པར་རྣམ་པར་དག་པ་མི་ཐོབ་པ་ལྟ་བུ་དང༌། མཉམ་དུ་བྱུང་བ་གཞན་དབང་ནི་འགྲན་ཟླ་མེད་པའི་ལས་བསགས་པས་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཉིས་དང་འཁོར་ལོས་བསྒྱུར་བ་གཉིས་ལྷན་ཅིག་མི་འབྱུང་བ་ལྟ་བུ་དང༌། དབང་བྱེད་པ་གཞན་དབང་བུད་མེད་ཀྱི་རྟེན་ལ་འཁོར་ལོ་རིན་པོ་ཆེ་སོགས་བདུན་ལ་དབང་བྱེད་མི་ནུས་པ་ལྟ་བུ་དང༌། འཐོབ་པ་གཞན་དབང་བུད་མེད་ཀྱི་རྟེན་ལ་རང་སངས་རྒྱས་དང་སངས་རྒྱས་ཉིད་མི་ཐོབ་པ་ལྟ་བུའོ། །ཀུན་ཏུ་སྤྱོད་པ་གཞན་དབང་ནི་འཕགས་པས་སྲོག་གཅོད་པ་སོགས་ཀུན་ཏུ་མི་སྤྱོད་པ་ལྟ་བུའོ། །དེ་ལྟར་ལས་དང་ཉོན་མོངས་དང་ཚེའི་གཞན་དབང་གསུམ་གྱིས་བསྡུས་པའི་བདུན་པོ་འདི་གཞན་དབང་ཉིད་ཀྱི་དོན་ཏེ། དཔེར་ན་མི་དགེའི་ལས་ཀྱིས་ངན་འགྲོར་འགྲོ་བ་གནས་ཡོད་པ་ཡིན་ཞིང༌། དེས་བདེ་འགྲོར་འགྲོ་བ་གནས་མེད་ཅིང་སྐབས་མེད་པའོ། །དེ་ལ་མི་འདོད་གཞན་དབང་ཞེས་བྱ་སྟེ། ངན་འགྲོར་འགྲོ་བ་སུས་ཀྱང་མི་འདོད་མོད་ཀྱི་རྒྱུ་མི་དགེའི་ལས་སྔོན་སོང་གི་གཞན་དབང་ཅན་ཡིན་ཏེ་རང་གི་འདོད་པས་བཟློག་ཏུ་མེད་དོ། །དེ་བཞིན་དུ་དགེ་བའི་ལས་ཀྱིས་བདེ་འགྲོར་འགྲོ་བ་གནས་ཡོད་ལ། ངན་འགྲོར་འགྲོ་བ་གནས་མེད་པས་འདོད་པའི་བདེ་འགྲོ་ཐོབ་པ་དེ་ཡང་དགེ་བའི་ལས་སྔོན་སོང་ལ་རགས་ལས་པའི་གཞན་དབང་ཅན་ཡིན་ཏེ། རང་གི་འདོད་པས་འཇུག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྒྲིབ་པ་སྤངས་པ་ལས་རྣམ་དག་ཐོབ་པ་དང༌། མ་
སྤངས་ན་མི་ཐོབ་པ་སོགས་ལྷག་མ་རྣམས་ལའང་སོ་སོའི་གནས་ཡོད་སྐབས་ཡོད་དང༌། གནས་མེད་སྐབས་མེད་ཀྱི་ཚུལ་ཤེས་པར་བྱས་ནས་དེས་མཚོན་ཏེ་ཆོས་ཐམས་ཅད་ཀྱི་དངོས་པོའི་ཆོས་ཉིད་རང་གི་ཚུལ་ཇི་ལྟ་བུ་ཡིན་པ་ལ་སྐྱེས་བུའི་རང་འདོད་ཀྱིས་བཅོས་སུ་མེད་པར་ཤེས་ནས་ཆོས་གང་ལ་གང་ཞིག་གནས་ཡོད་པ་ཡིན་པ་དང༌། གང་ལ་གང་གནས་མིན་ཞིང་སྐབས་མིན་པའི་དགག་སྒྲུབ་ཀྱི་ཚུལ་ལ་མཁས་པར་བྱའོ། །དྲུག་པ། འཛིན་དང་གནས་དང་སོགས་ཀྱིས་བསྟན་ཏེ། དེ་ཡང་བྲམ་ཟེ་རང་བཞིན་ཉན་གྱིས་ཞུས་པའི་དབང་དུ་མཛད་ནས་དབང་པོ་ཉེར་གཉིས་སུ་གསུངས་ཏེ། མིག་དབང་སོགས་དབང་པོ་གཟུགས་ཅན་པ་ལྔ་དང༌། ཡིད་དབང་དང༌།སྲོག་གི་དབང་པོ་དང༌། ཕོ་དབང་དང༌། མོ་དབང་དང༌། ཚོར་བ་བདེ་བ་དང༌། ཡིད་བདེ་བ་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོལྔ་དང་། དད་པའི་དབང་པོ་སོགས་དབང་པོ་ལྔ་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོ་གསུམ་སྟེ་དེ་ལྟར་ཉེར་གཉིས་སོ། །དེ་ལ་ཀུན་ཤེས་བྱེད་པའི་དབང་པོ་ནི། མཐོང་ལམ་པའིརྒྱུད་ཀྱི་ཡིད་དང་དད་སོགས་ལྔ་དང༌། ཚོར་བདེ་ཡིད་བདེ་བཏང་སྙོམས་ཀྱི་དབང་པོ་དགུ་པོ་དེ་ལ་མིང་དེ་ལྟར་བརྗོད་ཅིང༌། དེ་བཞིན་དུ་སྒོམ་ལམ་པའི་རྒྱུད་ཀྱི་དེ་དགུ་ལ་ཀུན་ཤེས་པའི་དབང་པོ་དང༌། མི་སློབ་པའི་ལམ་གྱི་རྒྱུད་ཀྱི་དེ་དགུ་ལ་ཀུན་ཤེས་ལྡན་པའི་དབང་པོ་ཞེས་བརྗོད་པ་ཡིན་ནོ། །དེ་དག་གིས་
གང་ལ་དབང་བྱེད་ཟེར་ན། མིག་དབང་ནས་ཡིད་དབང་གི་བར་གྱི་དྲུག་པོ་དེས་གཟུགས་ལ་སོགས་པ་རང་ཡུལ་དེ་དག་འཛིན་པ་ལ་དབང་བྱེད་དོ། །སྲོག་གི་དབང་པོས་རིས་མཐུན་པར་གནས་པ་ལ་དབང་བྱེད། ཕོ་མོའི་དབང་པོས་མངལ་ནས་སྐྱེ་བ་རྒྱུན་མི་འཆད་པ་ལ་དབང་བྱེད། ཚོར་བ་བདེ་སོགས་ལྔ་པོས་དགེ་སྡིག་གི་འབྲས་བུ་ལ་ལོངས་སྤྱོད་པ་ལ་དབང་བྱེད་པ་དང༌། དད་སོགས་ལྔ་དང་ཀུན་ཤེས་བྱེད་སོགས་གསུམ་གྱིས་དག་པ་རྣམ་པ་གཉིས་ལ་དབང་བྱེད་པ་ཉིད་དེ། ཇི་ལྟར་ན་དད་སོགས་དབང་པོ་ལྔས་འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་དང༌། ཀུན་ཤེས་བྱེད་པ་སོགས་དབང་པོ་གསུམ་གྱིས་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་དོ། །དེ་ལྟར་དབང་བྱེད་པའི་ཕྱིར་ན་ཉེར་གཉིས་པོ་འདི་ལ་དབང་པོ་ཞེས་གསུངས་སོ། །བདུན་པ། འབྲས་བུ་རྒྱུ་རྣམས་སོགས་ཀྱིས་བསྟན་ཏེ། དུས་ཞེས་པ་ནི་དངོས་པོ་གང་ཞིག་སྐྱེ་འགག་བྱེད་པའི་ཆ་ལས་བཏགས་པ་སྟེ། ཇི་ལྟར་ན་དངོས་པོ་རྣམས་རྒྱུ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་ཆོས་གང་ཞིག་འབྲས་བུ་སྤྱད་ཟིན་པ་དེ་ནི་འདས་པ་སྟེ་ལོངས་སྤྱད་པའམ་རང་ཉིད་གྲུབ་ཟིན་ནས་ད་ལྟ་འགག་པ་ཡིན་ཏེ། འབྲས་བུ་སྤྱད་ཟིན་ན་དེའི་རྒྱུ་སྔོན་དུ་འགགས་པ་དོན་གྱིས་ཤེས་སོ། །དེས་ན་རང་གི་རྒྱུ་ལས་དངོས་པོ་དེ་སྔར་གྲུབ་པ་ཡིན་ཀྱང་ད་ལྟ་མེད་པ་ལ་འདས་པ་ཞེས་བྱའོ། །རྒྱུ་རྣམས་སྤྱད་ཟིན་ལ་འབྲས་བུ་མ་སྤྱད་པ་དེ་ནི་ད་ལྟ་བ་ཞེས་བྱ་སྟེ། གང་གིས་ན་རྒྱུའི་ཚོགས་པ་ཚང་ནས་འགགས་པར་གྱུར་པའི
དབང་གིས་འབྲས་བུ་དེ་ད་ལྟ་ཡོད་པ་ཡིན་ཞིང་འབྲས་བུའི་དུས་ན་རྒྱུ་ཡོད་པར་མི་རིགས་ལ། འབྲས་བུ་ཉིད་འགག་པར་མ་གྱུར་པའི་ཆ་ནས་ད་ལྟ་བ་ཞེས་བྱའོ། །དེ་བཞིན་དུ་རྒྱུ་འབྲས་གཉིས་ཀ་མ་སྤྱད་པ་སྟེ་མངོན་དུ་མ་གྱུར་པ་ནི་མ་འོངས་པ་ཞེས་བྱ་སྟེ། མ་འོངས་པ་ན་འབྲས་བུའི་ཆོས་དེ་མངོན་དུ་གྲུབ་པའིརྒྱུ་ཡོད་ཀྱང་ད་ལྟ་ཚོགས་པ་མ་ཚང་ཞིང་དངོས་རྒྱུ་ནུས་པ་ཐོགས་མེད་དུ་མ་གྱུར་པས་ན་རྒྱུ་སྤྱད་མ་ཟིན་པ་ཞེས་བྱ་སྟེ་རྒྱུ་སྤྱད་ཟིན་ན་འབྲས་བུ་དེ་མ་ཐག་ཏུ་ཡོད་དགོས་ལ། རྒྱུ་ཡང་མ་སྤྱད་ན་འབྲས་བུ་ལྟ་ཅི་སྨོས་པའི་ཕྱིར་རོ། ། དེས་ན་ཚུལ་འདིས་ཕྲ་བ་སྐད་ཅིག་གི་དུས་གསུམ་དང་རགས་པ་རྒྱུན་གྱི་སྟེང་གི་དུས་གསུམ་པོའི་ཐ་སྙད་གང་ལྟར་བྱས་ཀྱང་དེ་ལྟར་དུ་ཤེས་པར་བྱའོ། །དེ་ལྟར་རྣམ་པ་གསུམ་གྱིས་བསྡུས་པའི་དུས་ཞེས་བྱ་བ་དེ་ལ་དུས་མཐའི་སྐད་ཅིག་ནས་བརྩམས་ཏེ་བསྐལ་བ་ཆེན་པོ་ལ་སོགས་པའི་བར་དུ་བཏགས་པས་ན།དུས་ཀྱི་ཆ་ནི་སྐད་ཅིག་གི་ཕྲེང་བ་ཡིན་ནའང༌། དུས་ཀྱི་ཆ་དུ་མ་ལ་ད་ལྟའི་བསྐལ་བ་ཞེས་གཅིག་ཏུ་འཇོག་པ་སོགས་ཐ་སྙད་ཀྱི་དབང་གིས་རྣམ་གཞག་སྣ་ཚོགས་སུ་བྱེད་པ་ཤེས་པར་བྱའོ། །བརྒྱད་པ། ཚོར་བ་རྒྱུ་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དངོས་པོའི་ཆོས་ཉིད་ཇི་ལྟ་བ་འཕགས་པ་རྣམས་ཀྱིས་གཟིགས་པའི་ངོར་བདེན་ཞིང་མི་བསླུ་བའི་དོན་ལ་བདེན་པ་ཞེས་བྱ་བ། དེ་ལ་དབྱེ་ན་ཀུན་བྱང་གི་རྒྱུ་འབྲས་ལས་ཕྱེ་བའི་བདེན་པ་རྣམ་པ་བཞིའོ། ། དེ་གང་ཞེ་ན། ཟག་བཅས་ཀྱི་ཚོར་བ་གང་
ཞིག་སྡུག་བསྔལ་གསུམ་དང་ཅི་རིགས་པར་ལྡན་པ་དང་དེའི་རྒྱུའམ་གཞི་ཉིད་དུ་གྱུར་པ་ཕུང་པོ་ལྔས་བསྡུས་པའི་དོན་ཅན་གྱི་ཆོས་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་དེ་ཡི་རྒྱུ་ནི་འཁོར་བའི་ཡང་སྲིད་ཀུན་ནས་འབྱུང་བའམ་སྒྲུབ་པར་བྱེད་པ་དེ་ཡིན་ཏེ། གང་ཞེ་ན། ལས་དང་ཉོན་མོངས་པ་ཡིན་ལ། དེ་ལ་ཀུན་འབྱུང་བའི་བདེན་པ་ཞེས་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་དེ་གཉིས་གཏན་དུ་ཞི་བ་ནི་འགོག་པའི་བདེན་པ་དང༌། ཟག་པ་དང་བཅས་པའི་ཆོས་དེ་དག་ཟད་པར་བྱེད་པའི་གཉེན་པོའི་དོན་དང་ལྡན་པའི་ཕྱིར་ན་ལམ་གྱི་བདེན་པ་ཞེས་བྱ་སྟེ།བདག་མེད་རྟོགས་པའི་ཤེས་རབ་འཁོར་དང་བཅས་པའོ། །དགུ་བ། ཡོན་ཏན་སྐྱོན་དང་སོགས་ཀྱིས་བསྟན་ཏེ། དེ་ལ་ཐེག་པ་ཞེས་བྱ་བ་ནི། ཡཱ་ནའི་སྒྲ་ལས་དྲངས་ན་བཞོན་པ་སོགས་ཀྱི་དོན་ལ་འཇུག་སྟེ་ལམ་གང་ཡིན་པ་དེ་ལ་གང་ཟག་གང་ཞིག་ཞུགས་པའམ་ཞོན་ན། དེ་ཉིད་ཀྱིས་གང་འདོད་པ་འབྲས་བུའིཕྱོགས་སུ་འདེགས་ཤིང་ཕྱིན་པར་བྱེད་པས་ན་ཐེག་པ་ཞེས་བྱའོ། །དེ་ལ་ལམ་གང་ཡིན་པ་དེ་ཉིད་ལ་འདིས་འདེགས་པ་རྒྱུའི་ཐེག་པ་དང༌། དེས་ཐོབ་བྱའི་འབྲས་བུ་ལ་འདིར་འདེགས་པ་འབྲས་བུའི་ཐེག་པ་ཞེས་བྱ་བའི་ཐ་སྙད་མཛད་དོ། །དེ་ལྟ་བུའི་ཐེག་པ་དེ་ལ་འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའི་དབྱེ་སྒོས་རྣམ་གྲངས་དུ་མར་ཡོད་ཀྱང་སྐབས་འདིར་རྣམ་པར་གྲོལ་བ་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་དང༌། དེ་ཡང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་ལ། དེ་དག་གི་ཁྱད་པར་བཤད་ན། མྱ་ངན་ལས་
འདས་པའི་ཡོན་ཏན་དང༌། འཁོར་བའི་སྐྱོན་དང་འདི་གཉིས་སློབ་དཔོན་གཞན་ལས་ཐོས་ཤིང་དེ་ཡི་རང་བཞིན་ཤེས་པའི་སྒོ་ནས་རང་འབྲས་འཁོར་བའི་སྡུག་བསྔལ་ཞི་བའི་ས་ལ་ངེས་པར་འབྱུང་བའི་ཕྱིར་ན་ཉན་ཐོས་ཀྱི་ཐེག་པ་ཞེས་བྱའོ། །འཁོར་འདས་ཀྱི་སྐྱོན་ཡོན་དེ་དག་སློབ་དཔོན་ལ་མ་བལྟོས་པར་བདག་གིས་ནི་མངོན་དུ་ཤེས་པས་ཞི་བའི་ས་ལ་ངེས་པར་འབྱུང་བ་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ། །འཁོར་འདས་ལ་སྐྱོན་དང་ཡོན་ཏན་ཐ་དད་པ་རྣམ་པར་མིརྟོག་པར་མཉམ་པ་ཉིད་དུ་ཤེས་ནས། སྲིད་ཞིར་མི་གནས་པའི་མྱང་འདས་ཆེན་པོར་ངེས་པར་འབྱུང་བ་ཐེག་པ་ཆེན་པོ་ཞེས་བྱ་སྟེ། དེ་ཡང་ཕྱིའི་ཡོངས་འཛིན་དགེ་བའི་བཤེས་གཉེན་གཞན་དང༌། ནང་གི་ཡོངས་འཛིན་བདག་གིརྒྱུད་ཀྱི་ཐབས་ཤེས་ཟབ་མོ་ཟུང་དུ་འབྲེལ་བ་སྟེ་གཉིས་པོ་དེ་ཡི་མཐུ་ལས་དེ་ལྟ་བུར་གྱུར་པ་ཡིན་པར་རིག་པར་བྱའོ་ཞེས་སོ། །བཅུ་བ། བཏགས་པ་རྒྱུར་བཅས་སོགས་ཀྱིས་བསྟན་ཏེ། མིང་ཚིག་ཡི་གེའི་སྒོ་ནས་བཏགས་པ་དང་བཅས་པའི་ཀུན་རྫོབ་ཀྱི་ཆོས་གང་ཞིག་རྒྱུར་བཅས་ཞེས། རྒྱུ་ནི་ཀུན་གཞིའི་རྣམ་ཤེས་ཉིད་དེ་དེ་ལ་བག་ཆགས་སྣ་ཚོགས་བསགས་པ་ཉིད་ཀྱི་ཁམས་ལས་སྣང་བ་ཐམས་ཅད་བྱུང་བའོ། །རྒྱུ་མཚན་དང་བཅས་པ་ཞེས་མིང་གདགས་པའི་གཞིའམ་རྒྱུ་མཚན་ཕྱི་ནང་གི་སྣང་བ་རྣམས་ཏེ། གང་ཞེ་ན། ཕྱི་ཡུལ་གྱི་ཆར་བསྡུས་པ་གནས་སྣོད་ཀྱི་འཇིག་རྟེན་རི་གླིང་སོགས་སུ་སྣང་བ་དང༌། ལུས་སུ་སྣང་བ་སེམས་ཅན་སོ་སོའི་ལུས་དང་ལོངས་སྤྱོད་དུ་སྣང་བ་གཟུགས་ལ་སོགས་
པ་དང༌། ནང་འཛིན་པའི་ཆར་བསྡུས་པ། ཉོན་མོངས་པའི་ཡིད་དང༌། རྣམ་ཤེས་ཚོགས་ལྔ་དང་རྣམ་པར་རྟོག་པ་ཞེས་ཡིད་ཀྱི་རྣམ་ཤེས་དང་བཅས་པའི་ཚོགས་བདུན་པོ་དག་སྟེ། དེ་ལྟར་ཕྱི་ནང་གི་སྣང་བ་འདི་ཐམས་ཅད་ཀུན་གཞི་རྣམ་སྨིན་གྱི་ཆའོ། །འདི་ཐམས་ཅད་ནི་ལས་ཉོན་གྱི་རྒྱུ་ལས་འདུས་བྱས་ཤིང་མི་རྟག་པའི་ཕྱིར་ན་འདུས་བྱས་ཞེས་བྱའོ། །རབ་ཏུ་ཞི་བ་འགོག་པ་དང༌། དོན་ནི་ལམ་གྱིས་དམིགས་ཡུལ་དེ་བཞིན་ཉིད་དང་བཅས་པ་འདི་དག་འདུས་མ་བྱས་པའོ། །དེ་བཞིན་ཉིད་ཀྱི་ཡུལ་ཅན་ལམ་དེ་ཡང་ཞི་བར་བྱེད་པས་ན་ཞི་བར་གཏོགས་ཤིང་ལས་ཉོན་གྱིས་འདུས་མ་བྱས་པའི་ཆ་ནས་འདུས་མ་བྱས་པའི་ཐ་སྙད་བཏགས་པ་ལ་འགལ་བ་མེད་ཀྱང༌། ལམ་རང་གི་ངོ་བོ་སྐྱེ་འགག་དང་བཅས་པས་ན་འདུས་མ་བྱས་མཚན་ཉིད་པར་མི་བཞག་གོ །འདུས་བྱས་འདུས་མ་བྱས་ལ་མཁས་པ་འདི་ནི་མཁས་བྱའི་གནས་བཅུའི་ནང་གི་ཐ་མ་ཉིད་དུ་བཤད་པ་ཡིན་ནོ། །བཤད་ཚུལ་དེ་ལྟར་ན། དོན་བཅས་ཞེས་པ་དེ་བཞིན་ཉིད་དང༌།རབ་ཞི་འགོག་པ་འབྲས་བུ་མི་སློབ་ལམ་གྱི་ཆར་བསྡུ་ན། ཆོས་ལྔ་ལ་ཤེས་བྱ་ཐམས་ཅད་བསྡུས་ནས་དེའི་སྟེང་ནས་འདུས་བྱས་འདུས་མ་བྱས་ཀྱི་ཁྱད་པར་ཕྱེ་སྟེ་འཇོག་ཚུལ་ལྟ་བུ་ཞིག་ཏུ་འགྲོ་བ་ནི་སྤྱི་དང་ཁྱད་པར་སེམས་ཙམ་གྱི་ལུགས་ལ་མཛེས་ཤིང་ཐུན་མོང་སྤྱིར་ནི། བཏགས་པ་དང་བཅས་ཤིང་རྒྱུར་བཅས་པའི་རྒྱུ་མཚན་གྱིས་རབ་ཏུ་ཕྱེ་བ་སྟེ། ཀུན་ཏུ་བཏགས་པའི་གཞིར་གྱུར་པ་དང་བཅས་ཤིང༌། གཞན་དབང་གི་རྒྱུ་ལས་སྐྱེ་བ་དང་བཅས་པའམ། རྒྱུ་ལས་
སྐྱེས་པ་སྐྱེ་འགག་དང་བཅས་པ་ཐམས་ཅད་འདུས་བྱས་དང༌། བཏགས་བཅས་དང་རྒྱུ་རྐྱེན་ལས་སྐྱེ་བ་དང་འགག་པ་དེ་དག་རབ་ཏུ་ཞི་བ་གང་ཞིག་དོན་དང་བཅས་པ་སྟེ་གཏན་མེད་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་མ་ཡིན་པ་ཡོངས་གྲུབ་དེ་བཞིན་ཉིད་ལྟ་བུ་ནི་འདུས་མ་བྱས་པའོ། །ཞེས་བཤད་ཀྱང་དོན་གྱི་འགལ་བ་མ་མཐོང་ངོ༌། །དབུས་མཐའ་རྣམ་འབྱེད་ཀྱི་དེ་ཁོ་ན་ཉིད་ཀྱི་ལེའུའི་འགྲེལ་པའི་སྐབས་སོ། །གཉིས་པ་ཉམས་སུ་ལེན་པ་ལ། ལམ་གྱི་ཆོས་དང༌། ལམ་གྱི་གནས་སྐབས་དང༌།ལམ་གྱི་འབྲས་བུའོ། །དང་པོ་ལ། ལམ་ལྔ་ལ་བྱང་ཕྱོགས་ཀྱི་ཆོས་སོ་བདུན་རྣམ་པར་བཞག་པ་དང༌། དེ་དག་གནས་སྐབས་གསུམ་དུ་དབྱེ་བ་དང༌། བྱང་ཆུབ་སེམས་དཔའི་ལམ་གྱི་ཁྱད་པར་བཤད་པའོ། ། དང་པོ་ལ་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་བཤད་པ། འབྲིང་བོར་ཡང་དག་སྤོང་པ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་རྩེ་གཉིས་སུ་དབང་པོ་ལྔ། བཟོད་པ་ཆོས་མཆོག་གཉིས་སུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན།སྒོམ་ལམ་དུ་འཕགས་ལམ་བརྒྱད་བཤད་པའོ། །དང་པོ། གནས་ངན་ལེན་ཕྱིར་སོགས་ཀྱིས་བསྟན་ཏེ། ལུས་ནི་གནས་ངན་ལེན་གྱི་གཞི་སྟེ། ཇི་ལྟར་ན་ཟག་པ་དང་བཅས་པའི་འདུ་བྱེད་པ་ནི་གནས་ངན་ལེན་ཞེས་བྱ་ལ། རྣམ་སྨིན་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་ལུས་དེའི་དོན་ལ་དྲན་པ་ཉེ་བར་བཞག་པས་ནི་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ །ཚོར་བ་ནི་ཀུན་འབྱུང་
གི་གཙོ་བོ་སྲེད་པའི་རྒྱུ་ཡིན་པའི་ཕྱིར་དེ་ལ་ཡོངས་སུ་བཏགས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ །སེམས་ནི་བདག་ཏུ་ལྟ་བའི་གཞི་མཐར་ཐུག་པ་ཡིན་པས་དེ་ལ་བརྟགས་པས་འགོག་བདེན་ལ་འཇུག་སྟེ་བདག་མེད་པ་རྣམ་རིག་ཙམ་གྱི་དོན་ཁོང་དུ་ཆུད་པའི་སྒོ་ནས་བདག་ཆད་ཀྱིས་དོགས་པའི་སྐྲག་པ་མེད་པར་འགོག་པ་ལ་འཇུག་གོ །ཆོས་ཐམས་ཅད་ལ་རྣམ་པར་བརྟག་པའི་ཀུན་ཉོན་དང་རྣམ་བྱང་གི་ཆོས་ལ་རྨོངས་པ་མེད་པའི་ཕྱིར་ལམ་བདེན་ལ་འཇུག་སྟེ། དེ་ལྟར་ན་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཐོག་མར་དྲན་པ་ཉེ་བར་བཞག་པ་བཞི་སྒོམ་པ་རྣམ་པར་བཞག་གོ །གཉིས་པ། མི་མཐུན་ཕྱོགས་དང་སོགས་ཀྱིས་བསྟན་ཏེ། དེ་ལྟར་དྲན་པ་ཉེ་བར་བཞག་པ་བསྒོམས་པས་སྤང་བྱ་མི་མཐུན་ཕྱོགས་དང་སྤོང་བྱེད་གཉེན་པོ་རྣམས་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་ན། མི་མཐུན་པའི་ཕྱོགས་དེ་དག་སྤོང་བའི་ཕྱིར་དུ་གཉེན་པོ་བསྐྱེད་པའི་བརྩོན་འགྲུས་ནི་རྣམ་པ་བཞི་དག་རབ་ཏུ་འབྱུང་སྟེ།མི་དགེ་བའི་ཆོས་སྐྱེས་པ་སྤོང་བའི་ཕྱིར་བརྩོན་པ་དང༌། མ་སྐྱེས་པ་མི་སྐྱེ་བའི་བརྩོན་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་སྐྱེ་བའི་ཕྱིར་བརྩོན་པ་དང༌། སྐྱེས་པ་མི་ཉམས་པའི་ཕྱིར་བརྩོན་པ་དང་བཞིའོ། །གསུམ་པ་ལ། དགོས་པ་དང་བཅས་ཏེ་རྫུ་འཕྲུལ་རྐང་པ་བསྐྱེད་ཚུལ་མདོར་བསྟན། དེ་དག་གི་དོན་རྒྱས་པར་བཤད་པའོ། །དང་པོ། དེར་གནས་ལས་སུ་རུང་སོགས་ཀྱིས་བསྟན་ཏེ། དེ་ལྟར་བརྩོན་འགྲུས་བརྩམས་པའི་སྒོ་ནས་
ཡུལ་དེར་རྩེ་གཅིག་ཏུ་གནས་ནས་སེམས་ལས་སུ་རུང་བ་ཉིད་དུ་གྱུར་པས་ནི།མངོན་ཤེས་སོགས་ཀྱི་དོན་ཐམས་ཅད་འབྱོར་བར་འགྱུར་རོ། །དེ་ལྟ་བུར་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་དེ་ཡང་ཉེས་པ་ལྔ་སྤོང་བར་བྱེད་པའི་འདུ་བྱེད་བརྒྱད་བརྟེན་པའི་རྒྱུ་ལས་བྱུང་བའོ། །གཉིས་པ་ལ། སྤང་བྱ་ཉེས་པ་ལྔ། གཉེན་པོ་འདུ་བྱེད་བརྒྱད་བརྟེན་པའོ། །དང་པོ།ལེ་ལོ་དང་ནི་སོགས་ཀྱིས་བསྟན་ཏེ། ཏིང་འཛིན་གྲུབ་པ་ལ་གེགས་བྱེད་པའི་ཉེས་པ་ལྔ་པོ་དེ་གང་ཞེ་ན། ལེ་ལོའི་དབང་གིས་བརྩོན་པ་ལ་མི་འཇུག་པ་དང༌། ཏིང་ངེ་འཛིན་གྱི་གདམས་ངག་རྣམས་བརྗེད་པ་དང་གཉིས་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་སྒྲིབ་བོ། །ཏིང་ངེ་འཛིན་གྱི་དངོས་གཞི་ལ་སྒྲིབ་པ་ནི་ནང་དུ་རྨུགས་ཏེ་བྱིང་བ་དང༌། ཕྱི་རོལ་ཏུ་རྟོག་པ་སྣ་ཚོགས་འཕྲོ་བའི་རྒོད་པ་དེ་གཉིས་གཅིག་ཏུ་བརྩིས་པའོ། །ཏིང་ངེ་འཛིན་ལ་འཇུག་པའི་ཚེ་བྱིང་རྒོད་སོགས་བྱུང་བ་ན་སོ་སོའི་གཉེན་པོ་ཚུལ་བཞིན་འདུ་བྱེད་དགོས་པ་ཡིན་ལ། དེ་ལྟར་འདུ་མི་བྱེད་པ་ནི་སྒྲིབ་པའོ། །གཉེན་པོ་དེས་བྱིང་རྒོད་ཞི་བ་ན་ད་དུང་ཡང་འདུ་བྱེད་ཆེས་ན་དེ་ཉིད་ཆོས་གཡོ་བའི་ཕྱིར། དེ་ལྟར་ན་ཕྱི་མ་འདི་གཉིས་ནི་ཏིང་ངེ་འཛིན་གོང་ནས་གོང་དུ་ཁྱད་པར་དུ་བྱེད་པ་ལ་སྒྲིབ་པ་ཡིན་ནོ། །དེ་ལྟར་ན་ལེ་ལོ་ལ་སོགས་པ་འདི་དག་ནི་ཉེས་པ་ལྔར་འདོད་དོ། །གཉིས་པ། གནས་དང་དེ་ལ་སོགས་ཀྱིས་བསྟན་ཏེ། ལེ་ལོ་སྤང་པའི་གཉེན་པོ་བཞི་ནི། དད་པ་འདུན་པ་རྩོལ་བ་ཤིན་སྦྱང་བཞི་ཡིན་ཏེ། ཤིན་སྦྱང་གྲུབ་ན་ལེ་ལོ་མི་འབྱུང་ལ། ཤིན་
སྦྱང་དེ་ནི་རྩོལ་བས་འགྲུབ་ཅིང༌། རྩོལ་བ་ནི་ཏིང་ངེ་འཛིན་ལ་འདུན་པའི་སྒོ་ནས་འགྲུབ་ལ། འདུན་པ་སྐྱེ་བ་ནི་ཐོག་མར་དེ་ལ་ཡིད་ཆེས་ཤིང་དད་པས་སོ། །དེས་ན་རྩོལ་བའི་གནས་ནི་ཏིང་འཛིན་དེ་མངོན་པར་འདོད་པའི་འདུན་པ་དང༌།འདུན་པ་དེ་ལ་གནས་པ་རྩོལ་བ་དང༌། འདུན་པའི་རྒྱུ་དད་པ་དང༌། རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱང་བ་ཉིད་དུ་གྱུར་པའོ། །དེས་ན་དེ་བཞིས་ལེ་ལོ་སྤོང་ངོ༌། །དེ་བཞིན་དུ་ཉེས་པ་གཞན་བཞིའི་གཉེན་པོ་ནི་གོ་རིམ་བཞིན་དུ་དྲན་པ་ཤེས་བཞིན་སེམས་པ་བཏང་སྙོམས་བཞི་སྟེ། དྲན་པས་གདམས་ངག་གི་དམིགས་པ་བརྗེད་པར་མ་གྱུར་པ་དང༌། ཤེས་བཞིན་གྱིས་བྱིང་པ་དང་རྒོད་པ་བྱུང་བ་ཤེས་ཤིང་རྟོགས་པ་དང༌། སེམས་པས་བྱིང་རྒོད་ཀྱི་ཉེས་པ་དེ་སྤོང་བའི་གཉེན་པོ་མངོན་པར་འདུ་བྱེད་པ་དང༌། བཏང་སྙོམས་ཀྱིས་བྱིང་རྒོད་ཞི་ཚེ་རང་བབ་ཀྱིས་རྣལ་དུ་འཇུག་པའོ། །བཞི་བ། ཐར་བའི་ཆ་དང་སོགས་ཀྱིས་བསྟན་ཏེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སེམས་ལས་སུ་རུང་བ་དང༌། ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པར་བྱས་ནས་དད་པས་བདེན་བཞི་བླང་དོར་ལ་འདུན་པ་ལ་དབང་བྱེད་པ་དང༌། བརྩོན་པས་སྦྱོར་བ་ཉམས་ལེན་ལ་དབང་བྱེད་པ་དང༌། འདིར་དབང་བྱེད་ཅེས་པ་འདི་ཚིགས་བཅད་ཀྱི་དབུས་སུ་བྱུང་བ་ནི་བར་གྱི་གསལ་བྱེད་ཅེས་བྱ་སྟེ། ཐོག་མཐའ་ཀུན་ལའང་དབང་བྱེད་ཅེས་སྦྱར་བར་བྱ་དགོས་པ་ཤེས་པར་བྱའོ། །དྲན་པས་དམིགས་པ་བརྗེད་པར་མ་གྱུར་བ་དང༌། ཏིང་ངེ་འཛིན་གྱིས་སེམས་གཞན་དུ་མི་འཕྲོ
བ་དང༌། ཤེས་རབ་ཀྱིས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་དབང་བྱེད་པ་སྟེ།དེ་ལྟར་དབང་པོ་ལྔས་རྣམ་བྱང་གི་ཆོས་འདྲེན་པར་བྱེད་དོ། །ལྔ་བ་ལ། དངོས་དང་སྦྱོར་ལམ་དང་དབང་སྟོབས་སྦྱར་ཚུལ་གྱིས་མཇུག་བསྡུ་བ་གཉིས། དང་པོ། མི་མཐུན་ཕྱོགས་ནི་སྲ་བ་སོགས་ཀྱིས་བསྟན་ཏེ། དད་པ་སོགས་ལྔ་བོ་དེའི་རང་རང་གི་མི་མཐུན་ཕྱོགས་མ་དད་པ་དང་ལེ་ལོ་དང་བརྗེད་ངེས་དང་རྣམ་གཡེང་དང་རྨོངས་པའམ་ཤེས་འཆལ་རྣམས་ནི་སྲབ་པ་སྟེ་ཉམས་པར་གྱུར་པའི་ཕྱིར་ན། དད་སོགས་ལྔ་བོ་སྟོབས་དང་ལྡན་ཏེ་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པས་ན་དད་པའི་སྟོབས་སོགས་སུ་བརྗོད་དེ། དེ་ལྟར་དབང་སྟོབས་དེ་དག་ཀྱང་སྔ་མ་སྔ་མའི་འབྲས་བུ་ཕྱི་མ་ཕྱི་མ་ཡིན་ཏེ། དད་པའི་དབང་གིས་བརྩོན་པ་དང༌། དེའི་དབང་གིས་དྲན་པ་དང༌། དེ་ལས་ཏིང་ངེ་འཛིན་དང་སེམས་མཉམ་པར་བཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་བར་དུའོ། །གཉིས་པ། དབང་པོ་རྣམས་དང་སོགས་ཀྱིས་བསྟན་ཏེ། དབང་པོ་ལྔ་བོརྣམས་དང་། སྟོབས་ལྔ་བོ་རྣམས་ཀྱི་གནས་སྐབས་ལ་ངེས་འབྱེད་ཆ་མཐུན་ཏེ་སྦྱོར་ལམ་བཞི་བོ་གཉིས་གཉིས་སུ་འཇོག་པར་བྱ་སྟེ། ཇི་ལྟར་ན་དྲོད་དང་རྩེ་མོ་གཉིས་ཀྱི་དུས་ན་དབང་པོ་ལྔ་དང༌། བཟོད་པ་ཆོས་མཆོག་གཉིས་ཀྱི་ཚེ་ན་སྟོབས་ལྔ་ཡོད་པ་ཤེས་པར་བྱའོ། །དྲུག་པ། རང་བཞིན་ཡན་ལག་སོགས་ཀྱིས་བསྟན་ཏེ། བྱང་ཆུབ་ཀྱི་ཡན་ལག་
བདུན་ནི། དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌།དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་དང་བདུན་ནོ། །དེ་ལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ནི་རང་བཞིན་གྱི་ཡན་ལག་ཅེས་བྱ་སྟེ། ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ཤེས་རབ་ནི་མཐོང་ལམ་གྱི་ངོ་བོ་ཡིན་ལ།དེའི་ཕྱིར་བྱང་ཆུབ་ཀྱི་ངོ་བོའམ་རང་བཞིན་ཞེས་བྱའོ། །དྲན་པ་ནི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་སྟེ་ཡོན་ཏན་གྱི་གནས་སུ་གྱུར་པའོ། །གསུམ་པ། བརྩོན་འགྲུས་ནི་མི་མཐུན་ཕྱོགས་ལས་འདའ་བར་བྱེད་པའི་ཕྱིར་ངེས་འབྱུང་གི་ཡན་ལག་དང༌། བཞི་བ།དགའ་བ་ཕན་ཡོན་གྱི་ཡན་ལག་ཡིན་ཏེ་ལམ་དེ་དག་ལས་ཐོབ་པའི་ཡོན་ཏན་ནོ། །ཤིན་སྦྱངས། ཏིང་འཛིན། བཏང་སྙོམས་རྣམ་པ་གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་སྟེ། དེ་ཡང་འདི་གསུམ་ལ་ཤིན་སྦྱངས་ཉོན་མོངས་མེད་པའི་གཞི་དང༌། ཏིང་ངེ་འཛིན་ཉོན་མོངས་མེད་པའི་གནས་དང༌། བཏང་སྙོམས་ཉོན་མོངས་མེད་པའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །བདུན་པ། ཡོངས་སུ་གཅོད་དང་སོགས་ཀྱིས་བསྟན་ཏེ། འདི་ལྟར་ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌།ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌།ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་དུ་གསུངས་པ་དེ་དག་ལས་ཡང་དག་པའི་ལྟ་བ་ནི་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པར་བྱེད་པའི་བདག་ཉིད་དེ་མཐོང་བའི་ལམ་གྱིས་ཆོས་ཉིད་མངོན་སུམ་མཐོང་བའིརྗེས་ལས་ཐོབ་པའི་ཤེས་རབ་དྲི་མ་མེད་པ་ཡིན་པའི་ཕྱིར་ངེས་པར་ཤེས་པའི
ཚུལ་གྱིས་རྟོགས་པའི་དོན་དེ་ཁོ་ན་ཉིད་འཛིན་པའམ་ཡོངས་སུ་གཅོད་པའོ། །ཡང་དག་པའི་རྟོག་པ་དང་ངག་གཉིས་ནི་གཞན་ལ་གོ་བར་བྱེད་པ་སྟེ། རང་ཉིད་ཀྱིས་ཇི་ལྟར་ཁོང་དུ་ཆུད་པའི་དོན་རྣམས་སྟོན་པའི་ཀུན་སློང་ལ་རྟོག་པ་དང༌། དེས་ཀུན་ནས་བསླངས་ཏེ་ངག་ཏུ་བརྗོད་པ་ནི་ངག་ཡིན་ལ། དེ་ཡང་དྲི་མ་མེད་པའི་ཡང་དག་པ་ཅན་ནོ། །ངག་ལས་མཐའ་འཚོ་བ་རྣམ་པ་གསུམ་ནི། གཞན་ཡིད་ཆེས་པར་བྱེད་པ་སྟེ་ཇི་ལྟར་ན་ཡང་དག་པའི་ངག་གིས་ལྟ་བ་རྣམ་པར་དག་པ་གཞན་ལ་རིག་པར་བྱེད་ཅིང་གཞན་ཡིད་ཆེས་པར་བྱེད་པ་དང༌། ཡང་དག་པའི་ལས་ཀྱི་མཐའ་ནི། སྡིག་ཏོ་མི་དགེ་བའི་ཆོས་ཀུན་ཏུ་མི་སྤྱོད་པ་ཆོས་ཉིད་ཀྱིས་ཐོབ་པའི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡིན་པས་དེས་ཚུལ་ཁྲིམས་རྣམ་པར་དག་པ་གཞན་ལ་རེག་པར་བྱེད་ཅིང་ཡིད་ཆེས་པར་བྱེད། ཡང་དག་པའི་འཚོ་བ་ནི་འཕགས་པ་རྣམས་ལོག་པའི་འཚོ་བ་ཁ་གསགས་སོགས་དང་རྣམ་པ་ཐམས་ཅད་དུ་བྲལ་བ་ཡིན་པས། དེས་ཡོ་བྱད་བསྙུང་བ་དང་ལྡན་པ་གཞན་ལ་རིག་པར་བྱེད་ཅིང་ཡིད་ཆེས་པར་བྱེད་པ་ཉིད་དུ་འདོད་དོ། །རྩོལ་བ་དང་ཏིང་ངེ་འཛིན་དང་དྲན་པ་གསུམ་ནི་ལམ་གྱི་མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི་གྱུར་པ་སྟེ། ཇི་ལྟར་ན་རྩོལ་བས་སྒོམ་སྤང་གི་ཉོན་མོངས་པ་རྣམས་སྤོང་བ་དང༌། དྲན་པས་ཉེ་བའི་ཉོན་མོངས་པ་བྱིང་རྒོད་སྤོང་སྟེ། ཞི་གནས་སོགས་ཀྱི་རྒྱུ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་འཇོག་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་དབང་འབྱོར་བའི་མི་
མཐུན་ཕྱོགས་ཀྱི་གཉེན་པོར་གྱུར་པ་ཡིན་ཏེ། བསམ་གཏན་ལ་གནས་ནས་མངོན་ཤེས་སོགས་ཀྱི་ཡོན་ཏན་བསྒྲུབ་པའི་ཕྱིར་རོ། །དེས་ན་འཕགས་པའི་ལམ་གྱི་ཡན་ལག་ནི་ལྟ་བ་སོགས་དེ་རྣམ་པ་བརྒྱད་དོ། །གཉིས་པ་གནས་སྐབས་གསུམ་དུ་དབྱེ་བ་ནི། རྗེས་སུ་མཐུན་པ་སོགས་ཀྱིས་བསྟན་ཏེ། ལམ་ཐམས་ཅད་གནས་སྐབས་རྣམ་པ་གསུམ་གྱིས་བསྡུས་ཏེ། ཚོགས་སྦྱོར་བས་དྲན་ཉེ་སོགས་ཀྱི་སྒོ་ནས་ལམ་བསྒོམ་པ་ནི། ཐོས་བསམ་གྱིས་དེ་ཁོ་ན་ཉིད་དང་རྗེས་སུ་མཐུན་པར་གཞལ་བས་ཕྱིན་ཅི་མ་ལོག་ལ། བདག་མེད་པའི་དོན་སྤྱི་ལ་བདག་མེད་ཀྱི་རང་མཚན་དུ་ཞེན་པས་ཕྱིན་ཅི་ལོག་དང་ལྡན་པའི་གནས་སྐབས་སོ། །མཐོང་སྒོམ་གྱི་སྐབས་སུ་ཕྱིན་ཅི་ལོག་གི་སྒྲིབ་པ་རྗེས་སུ་འབྲེལ་བ་དང་བཅས་པ་ཡིན་ནའང་བདག་མེད་ཀྱི་དོན་མངོན་སུམ་མཐོང་བས་ཕྱིན་ཅི་ལོག་ལས་བཟློག་པའང་ཡིན་ནོ། །སྒོམ་པ་མཐར་ཕྱིན་པ་མི་སློབ་ལམ་ནི་ཆོས་ཉིད་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པར་གཟིགས་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པས་ན། ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་མེད་པར་བསྒོམ་པའོ། །གསུམ་པ། བྱང་ཆུབ་སེམས་དཔའ་སོགས་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་དྲན་ཉེ་སོགས་སྒོམ་པ་ནི། ཁྱད་པར་གསུམ་གྱིས་འཕགས་ཏེ་གང་ཞེ་ན། དམིགས་པ་རང་གཞན་གཉིས་ཀའི་རྒྱུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པར་དམིགས་ནས་བདག་མེད་གཉིས་ཀྱི་རང་བཞིན་དུ་ལྟ་བས་རྒྱ་ཆེ་བ་དང༌། ཉན་རང་གི་ནི་རང་གི་རྒྱུད་ཀྱི་ཆོས་གཙོ་བོར་
བྱས་ནས་གང་ཟག་གི་བདག་མེད་པ་ཙམ་ལ་དམིགས་པས་རྒྱ་ཆུང་བའོ། །ཡིད་ལ་བྱེད་པ་ནི་ཉན་རང་གིས་མི་རྟག་སོགས་ཀྱི་མཚན་མར་ཡིད་ལ་བྱེད་ཅིང༌།བྱང་ཆུབ་སེམས་དཔས་རྟག་མི་རྟག་སོགས་སྒྲོ་སྐུར་ཐམས་ཅད་དང་བྲལ་ཏེ་མི་དམིགས་པའི་ཚུལ་ཀྱིས་ཡིད་ལ་བྱེད་དོ། །འབྲས་བུ་ཐོབ་ཚུལ་ཡང་ཉན་རང་རྣམས་ལུས་མི་གཙང་སོགས་དང་འབྲལ་ཞིང་དམན་པའི་མྱང་འདས་ཐོབ་ལ།བྱང་སེམས་རྣམས་ལུས་སོགས་དང་འབྲལ་མི་འབྲལ་གཉིས་ཀྱི་ཕྱིར་མ་ཡིན་པར་མི་གནས་པའི་མྱང་འདས་ཐོབ་བོའི་ཕྱིར་བསྒོམས་པས་ན་བྱང་སེམས་ཀྱི་སྒོམ་པ་དེ་ནི་དེ་ལྟར་ཁྱད་པར་དུ་འཕགས་སོ། །གཉིས་པ་ལམ་གྱི་གནས་སྐབས་ལ། གནས་སྐབས་དགུར་བཞག་པ་དང༌། གསུམ་དུ་བཞག་པ་གཉིས། དང་པོ་ལ་དངོས་དང༌། དེའི་རྣམ་གཞག་བསྟན་པ་གཉིས།དང་པོ། རྒྱུ་ཡི་གནས་དང་སོགས་ཀྱིས་བསྟན་ཏེ། ལམ་གྱི་གནས་སྐབས་ལ་རྣམ་པ་དགུས་བཤད་དེ། རྒྱུའི་གནས་ནི་རིགས་ལ་གནས་པའི་གང་ཟག་དང༌། ཞུགས་པ་ཐེག་པ་གསུམ་དུ་སེམས་བསྐྱེད་པའི་གནས་སྐབས་དང༌། སྦྱོར་བ་ཞེས་པ་སེམས་བསྐྱེད་ནས་ས་དང་པོ་མ་ཐོབ་བར་དུ་དང༌། འབྲས་བུ་ཉིད་བརྗོད་པ་ས་དང་པོ་ཐོབ་པ་དང༌། ལམ་ལ་འབད་རྩོལ་གྱི་བྱ་བ་དང་བཅས་པ་ས་གཉིས་པ་ནས་ས་བདུན་པའི་བར་དང༌། འབད་རྩོལ་གྱི་བྱ་བ་མེད་པའམ་མི་སློབ་པ་ས་བརྒྱད་པ་དང༌། སོ་སོ་ཡང་དག་རིག་པ་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ས་དགུ་བ་དང༌། དེ་བཞིན་དུ་ནི་སློབ་པའི་ས་ཀུན་ལས་
བླ་མ་ཉིད་དུ་གྱུར་པ་ས་བཅུ་པ་དང༌། བླ་ན་མེད་པ་མི་སློབ་ལམ་སངས་རྒྱས་ཉིད་ཀྱི་ས་ཏེ་དེ་ལྟར་རྣམ་པ་དགུའོ། །གཉིས་པ། མོས་པ་དང་ནི་སོགས་ཀྱིས་བསྟན་ཏེ། དེ་ལ་གོང་དུ་བཤད་པ་དེ་ལས་གཞན་པའི་རྣམ་གྲངས་ཀྱང་རིགས་དང་ཞུགས་པ་དང་སྦྱོར་བས་བསྡུས་པ་ཚོགས་སྤྱོད་ཀྱི་ལམ་ལ་གནས་པ་ནི། མོས་པས་སྤྱོད་པའི་གནས་སྐབས་ཞེས་བྱ་བ་དང༌།འདས་པའི་ལམ་ལ་དངོས་སུ་འཇུག་པ་ས་དང་པོ་དང༌། གཉིས་པ་ནས་བདུན་པའི་བར་དུ་འབད་པའི་སྒོ་ནས་སྤོང་བྱ་ལས་ངེས་པར་འབྱུང་བ་དང༌། ས་བརྒྱད་པར་ལུང་བསྟན་ཐོབ་པ་དང༌། དགུ་བར་ཡང་དག་རིག་པ་བཞིས་གདུལ་བྱ་ལ་ཆོས་བརྗོད་པ་དང༌། ས་བཅུ་བར་འོད་ཟེར་ཆེན་པོས་དབང་བསྐུར་བ་དང༌། སངས་རྒྱས་ཀྱི་ས་ལ་ཕྱིན་པ་ཆོས་ཀྱི་སྐུ་དང༌། ཕན་ཡོན་ཆེན་པོ་དང་ལྡན་པ་ལོངས་སྐུ་དང༌། གདུལ་བྱའི་དོན་གྱི་བྱ་བ་བསྒྲུབ་པ་སྤྲུལ་བའི་སྐུ་དང་གསུམ་གྱི་དབྱེ་བ་བྱས་ནས་དེ་ལྟར་གནས་སྐབས་ཀྱི་རྣམ་གྲངས་དགུར་ཡང་བསྟན་པའོ། །གཉིས་པ།ཆོས་ཀྱི་དབྱིངས་ལ་སོགས་ཀྱིས་བསྟན་ཏེ། ཆོས་ཀྱི་དབྱིངས་ལ་གནས་པའི་གང་ཟག་གི་གནས་སྐབས་རྣམ་པ་གསུམ་སྟེ། དྲི་མས་མ་དག་པ་སེམས་ཅན་གྱི་གནས་སྐབས་དང༌། སྒྲིབ་པ་མཐའ་དག་མ་དག་ལ་ཅི་རིགས་དག་པ་བྱང་ཆུབ་སེམས་དཔའི་གནས་སྐབས་དང༌། ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་གནས་སྐབས་ཏེ་རྣམ་པ་གསུམ་པོ་འདི་ནི་སྣང་ཚུལ་གྱི་ངོས་ནས་ཐ་སྙད་ཇི་ལྟར་རིགས་པར་སྦྱར་བ་སྟེ། ཇི་ལྟར་ན་གོང་དུ་བཤད་པའི་གནས་སྐབས་དགུ་
ཚན་གཉིས་པོ་འདི་ལས་ཇི་ལྟར་འོས་འོས་སུ་གང་ཟག་གསུམ་པོའམ།གནས་སྐབས་གསུམ་པོ་རྣམ་པར་བཞག་པར་འདོད་དེ། རྒྱུ་དང་ཞུགས་པ་སྦྱོར་བ་མོས་པའི་གནས་སྐབས་ལ་གནས་པ་ནི་མ་དག་པ་སེམས་ཅན་གྱི་གནས་སྐབས་སོ། །འབྲས་བུ་ནས་བླ་མའི་བར་ལྔ་དང༌། འཇུག་པ་ནས་དབང་བསྐུར་བའི་བར་གྱི་ལྔ་སྟེ་བཅུ་བོ་དེ་ལ་གནས་པ་ནི་དག་མ་དག་གཉིས་ལྡན་གྱི་གནས་སྐབས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་སས་བསྡུས་པའོ། །དེའི་ལྷག་མ་བླ་མེད་དང་ཕྱིན་པ་ལ་སོགས་པ་གསུམ་སྟེ་བཞི་ནི་མི་སློབ་པ་སངས་རྒྱས་ཀྱི་སས་བསྡུས་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་སོ། །དེ་ལ་བྱ་མེད་ཅེས་པ་འདི་ལ་མི་སློབ་པ་ཞེས་དང༌། བླ་མ་ཞེས་པ་འདི་ལ་ཉན་ཐོས་ལ་སོགས་༼པའི་༽སར་ཞུགས་པའི་བྱང་ཆུབ་སེམས་དཔའོ་ཞེས་དབྱིག་གཉེན་གྱིས་གསུངས་པའི་དོན། བློ་བརྟན་གྱིས་མི་སློབ་པ་སངས་རྒྱས་ཀྱི་ས་དང༌། ཉན་ཐོས་སོགས་ལས་བདག་མེད་གཉིས་ཀ་རྫོགས་པར་རྟོགས་པས་ཐེག་ཆེན་འཕགས་པའི་སར་ཞུགས་པ་ཞེས་འགྲེལ་བར་མཛད་པ་ལྟར་ན། བླ་མེད་སངས་རྒྱས་ཀྱི་སར་ཡར་སྦྱར་བ་དང༌། བླ་མ་ས་བཅུ་བ་ལ་མི་སྦྱར་བར་སྤྱིར་སྤྱར་བར་མཛད་དོ། །དེ་ལྟར་ན་ས་བཅུ་བ་དང་བརྒྱད་པའི་གནས་སྐབས་དམིགས་བསལ་ཏེ་མ་བསྟན་པ་དང༌། མི་སློབ་པ་དང་བླ་ན་མེད་པ་ཟློས་པ་དང༌། དགུ་ཚན་སྔ་ཕྱིའི་ཁྱད་པར་གོ་རིམ་བཞིན་དུ་མི་འབྱོར་བ་དང༌། སར་ཞུགས་པའི་གནས་སྐབས་ཀྱང་གོང་མ་རྣམས་དང་དོན་གྱིས་ཟློས་པ་སོགས་བཤད་ཚུལ་ཅུང་མི་བདེ་འདྲ་བས།
དབྱིག་འགྲེལ་དུ་གསུངས་པའི་མི་སློབ་པ་ནི་ལམ་ལ་སློབ་པའི་འབད་རྩོལ་མེད་པའི་དོན་ཡིན་གྱི་སངས་རྒྱས་ཀྱི་ས་མ་ཡིན་ལ། ཉན་རང་ལས་འཕགས་པའི་སར་ཞུགས་པ་ཞེས་པ་ཉན་རང་སོགས་དང༌། སློབ་པའི་བྱང་སེམས་ས་དགུ་པ་མན་ཆད་ཀྱི་བླ་མར་གྱུར་པའི་ས་བཅུ་བ་ལ་ཞུགས་པ་ཞེས་པའི་དོན་ཡིན་ནའང་འགལ་བ་མེད་པར་མ་ཟད། དགུ་ཚན་སྔ་ཕྱིའི་གོ་རིམ་འབྱོར་བ་དང༌། གོང་འོག་གི་དོན་ཐམས་ཅད་མ་འཁྲུགས་པར་གོ་བའི་གནད་ལེགས་པོ་ཡོད་པའི་ཕྱིར་འདི་ལྟར་བཤད་པ་ནི་རང་ཁོ་ནས་སྨྲས་པ་ལས་གཞན་ལས་དེ་ལྟར་མ་མཐོང་བས་སླར་ཡང་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ། །གསུམ་པ་ལམ་གྱི་འབྲས་བུ་ལ། འབྲས་བུ་ལྔ་སྤྱིར་བསྟན། ལམ་གྱི་ངོས་ནས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། སྣོད་གྱུར་རྣམ་པར་སོགས་ཀྱིས་བསྟན་ཏེ། ལམ་གྱི་འབྲས་བུ་ཐམས་ཅད་སྤྱིར་བསྡོམས་ན་རྣམ་པ་ལྔར་འདུ་སྟེ།དགེ་བ་སྤྱད་པའི་འབྲས་བུ་སྐྱེ་ཞིང་སྐྱེ་བ་རྣམས་སུ་དགེ་བའི་སྣོད་དུ་གྱུར་པའིརྟེན་ཐོབ་པ་ནི་རྣམ་པར་སྨིན་པའི་འབྲས་བུར་བརྗོད་པ་ཡིན་ཏེ། གང་དགེ་བའི་སྣོད་དུ་གྱུར་པ་མི་ཁོམ་པ་བརྒྱད་དང་བྲལ་བའི་ལུས་རྟེན་བཟང་པོ་རྙེད་པ་དང༌།ཡིད་དགེ་བ་ལ་འཇུག་པ་ནི། དགེ་བའི་ཆོས་རྣམས་སྐྱེ་བའི་སྒོ་འམ་སྣོད་ལྟ་བུ་ཡིན་ལ། དེ་དགེ་བ་སྔ་མའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ། །སྣོད་དུ་གྱུར་པ་དེའི་དབང་གིས་དག་པ་སྒྲུབ་པ་ལ་སྟོབས་དང་ལྡན་པ་བདག་པོའི་འབྲས་བུ་དང་ནི། དགེ་བ་ཡང་ནས་ཡང་དུ་བྱེད་པར་འདོད་པ་རྒྱུ་མཐུན་གྱི
འབྲས་བུ་དང༌། ཚེ་འདིར་དགེ་བ་སྔ་མ་གོམས་པའི་མཐུ་ལས་སྔར་མེད་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང༌། མི་མཐུན་ཕྱོགས་རྣམ་པར་དག་པ་བྲལ་བའི་འབྲས་བུ་སྟེ། དེ་ལྟར་བཤད་མ་ཐག་པ་དེ་དག་ནི་ལམ་གྱི་འབྲས་བུ་ཡིན་ལ། དེ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འགྱུར་བའི་ཚུལ་གྱིས་གོ་རིམ་བཞིན་ཡིན་ནོ། །གཉིས་པ་ནི། ཕྱི་མ་ཕྱི་མ་སོགས་ཀྱིས་བསྟན་ཏེ། རིགས་ལ་བརྟེན་ནས་སེམས་བསྐྱེད་པ་སོགས་འབྱུང་བས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུ་ཡིན་པ་དང༌།ཐོག་མ་ནི་མཐོང་ལམ་སྟེ་འཇིག་རྟེན་ལས་འདས་པའི་ལམ་དང་པོར་གྱུར་པ་གང་ཡིན་པ་དེ་དང༌། མཐོང་ཟིན་དེ་གོམས་པར་བྱེད་པ་སྒོམ་ལམ་དང༌། གོམས་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་ལམ་སྟེ། དེ་ལྟར་ན་མོས་སྤྱོད་ཀྱི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གསུམ་སྟེ་དེ་བཞིར་ལམ་གྱི་འབྲས་བུ་ཐམས་ཅད་འདུའོ། །དེ་ཡང་ཕྱི་མ་ཕྱི་མ་ནི་རྗེས་སུ་མཐུན་པའི་འབྲས་བུ་ཞེས་བྱ་སྟེ། སྔ་མ་སྔ་མ་དང་ཆོས་མཐུན་པའམ་དེ་བཞིན་ཉིད་ལ་མཐུན་པར་འཇུག་པའི་ཕྱིར་རོ། །མཐོང་ལམ་ལ་ནི་མི་མཐུན་ཕྱོགས་སུ་གྱུར་པའི་འབྲས་བུ་ཞེས་བྱ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་རྣམས་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་རོ། །གོམས་པར་བྱས་པ་དང་རྫོགས་པ་གཉིས་ལ་བྲལ་བའི་འབྲས་བུ་ཞེས་བྱ་སྟེ་རང་སའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཡང་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ལ་ཁྱད་པར་གྱི་འབྲས་བུ་ཞེས་དང༌། བྱང་ཆུབ་སེམས་དཔའི་ས་ལ་བླ་
མ་ཉིད་དུ་གྱུར་པའི་འབྲས་བུ་ཞེས་བྱ་སྟེ་ཉན་རང་ལས་བླ་མར་གྱུར་པའི་ཕྱིར་རོ། །སངས་རྒྱས་ཀྱི་ས་ལ་བླ་ན་མེད་པའི་འབྲས་བུ་ཞེས་བྱ་སྟེ། དེ་ལྟར་ན་འབྲས་བུའི་རྣམ་གྲངས་བསྟན་པ་འདི་ནི་གོང་དུ་བཤད་པ་སྣོད་དུ་གྱུར་པ་སོགས་ཀྱི་རྣམ་གྲངས་ལས་གཞན་ཏེ། གོང་འོག་ཏུ་བཤད་པའི་འབྲས་བུའི་རྣམ་གྲངས་འདི་དག་གིས་ལམ་མཐའ་དག་གི་འབྲས་བུ་མདོར་བསྡུས་ཏེ་སྤྱི་རིགས་ནས་བསྟན་པ་ཡིན་ལ། རྒྱས་པར་ཐེག་པ་གསུམ་སོ་སོའི་འབྲས་བུའི་དབྱེ་བ་བྱས་ན་ཚད་མེད་པ་ཡོད་དོ། །དབུས་མཐའ་རྣམ་འབྱེད་ཀྱི་གཉེན་པོ་བསྒོམ་པའི་ལེའུའི་འགྲེལ་བའོ།། །།གཉིས་པ་ཐུན་མིན་ཐེག་པ་ཆེན་པོའི་ལམ་བཤད་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། བླ་མེད་ཉིད་ནི་སོགས་ཀྱིས་བསྟན་ཏེ། ཐེག་པ་བླ་ན་མེད་པ་ཉིད་ནི་འདི་ལྟར་སྒྲུབ་པ་བླ་ན་མེད་པ་དང༌། དམིགས་པ་བླ་ན་མེད་པ་དང་ནི། ཡང་དག་པར་འགྲུབ་པ་བླ་ན་མེད་པ་དང་གསུམ་གྱི་སྒོ་ནས་དོན་མདོར་བསྟན་པ་ཡིན་པར་འདོད་པའོ། །གཉིས་པ་ལ། སྒྲུབ་པ་བླ་མེད། དམིགས་པ་བླ་མེད། ཡང་དག་འགྲུབ་པ་བླ་མེད་གསུམ་གྱི་དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། སྒྲུབ་པ་དག་ནི་སོགས་ཀྱིས་བསྟན་ཏེ། སྒྲུབ་པ་བླ་ན་མེད་པ་དག་ནི་རྣམ་པ་དྲུག་སྟེ། དེ་ཡང་བསྒྲུབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་པོ་དེ་དག་ལའོ། །སྒྲུབ་པ་དྲུག་གང་ཞེ་ན། དམ་པའི་སྒྲུབ་པ་དང༌། ཡིད་བྱེད་ཀྱི་སྒྲུབ་པ་དང༌། རྗེས་སུ་མཐུན་པའི་ཆོས་ཀྱི་སྒྲུབ་པ་དང༌།
མཐའ་གཉིས་སྤང་བའི་སྒྲུབ་པ་དང༌། ཁྱད་པར་ཅན་དང་ཁྱད་པར་མེད་པའི་སྒྲུབ་པའོ། །གཉིས་པ་ལ། གོང་གི་རིམ་པ་དང་མཚུངས་པར་ལྔ་ལས། དང་པོ། དམ་པའི་སྒྲུབ་པ་ལ། སྒྲུབ་ཚུལ་དམ་པ་བཅུ་གཉིས། བསྒྲུབ་བྱ་ཕར་ཕྱིན་བཅུའོ། །དང་པོ། དམ་པ་བཅུ་གཉིས་སོགས་ཀྱིས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ལམ་ཕར་ཕྱིན་ལ་འཇུག་ཅིང་སྒྲུབ་པ་ནི་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་ཏེ་དམ་པའི་སྒྲུབ་པ་སོགས་ཀྱི་སྒོ་ནས་སོ། །དེ་ལ་དམ་པ་ཞེས་པ་ཅི་ལྟ་བུ་ཞེ་ན་རྣམ་པ་བཅུ་གཉིས་ཀྱི་བདག་ཉིད་དོ། །གང་ཞེ་ན་རྒྱ་ཆེ་བ་དམ་པ་འཇིག་རྟེན་གྱི་ཕུན་ཚོགས་མི་འདོད་པར་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྒྱ་ཆེ་བ་ལ་འཇུག་པ་དང༌། ཡུན་རིང་བ་དམ་པ་བསྐལ་བ་གྲངས་མེད་གསུམ་དུ་བརྩོན་འགྲུས་རྩོམ་པ་དང༌། ཆེད་དུ་བྱ་བ་དམ་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྒྲུབ་པ་དང༌། མི་ཟད་པ་དམ་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་ཕུང་པོ་ལྷག་མེད་དུ་ཡང་མི་ཟད་པར་བྱེད་པ་དང༌། རྒྱུན་མི་འཆད་པ་དམ་པ་བདག་གཞན་མཉམ་པ་ཉིད་དུ་མོས་པས་དགེ་བ་རྒྱུན་མི་འཆད་པར་རྫོགས་པར་བྱེད་པ་དང༌། ཚེགས་མེད་པ་དམ་པ་ནི་རྗེས་སུ་ཡི་རང་སོགས་ཐབས་མཁས་ཀྱིས་སྦྱིན་སོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌། དབང་འབྱོར་བ་དམ་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་སྒོ་ནས་སྦྱིན་སོགས་ཕར་ཕྱིན་རྣམས་ཇི་ལྟར་འདོད་པར་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཡོངས་སུ་བཟུང་བ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་
ཀྱིས་སྦྱིན་སོགས་དེ་དག་ཡོངས་སུ་བཟུང་བ་དང༌། དེ་བརྒྱད་ཀྱི་སྒོ་ནས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གྱིས་ཕར་ཕྱིན་སྒྲུབ་ཚུལ་ཁྱད་པར་འཕགས་པ་ཡིན་ལ།ཚུལ་དེ་ལྟ་བུ་དང་ལྡན་པའི་སྒྲུབ་པ་དེ་དག་ས་མཚམས་ཀྱིས་དབྱེ་ན་རྩོམ་པ་དམ་པ་ཚོགས་སྦྱོར་དུ་སྟོང་ཉིད་ལ་བཟོད་པ་ཆེར་འཕེལ་བར་བྱེད་པ་དང༌།འཐོབ་པ་དམ་པ་ས་དང་པོར་འཇིག་རྟེན་ལས་འདས་པའི་ལམ་གསར་དུ་ཐོབ་པ་དང༌། རྒྱུ་མཐུན་པ་དམ་པ་ས་གཉིས་པ་ནས་དགུ་བའི་བར་དུ་ཕྱིན་དྲུག་གིརྒྱུ་མཐུན་རིམ་གྱིས་འབྱུང་བ་དང༌། འགྲུབ་པ་དམ་པ་ནི་ས་བཅུ་བ་ལ་བྱང་སེམས་མཐར་ཐུག་པ་དང༌། བཅུ་གཅིག་པ་དེ་བཞིན་གཤེགས་པའི་ས་ལ་སངས་རྒྱས་འགྲུབ་པར་འདོད་པ་ཡིན་ནོ། །གཉིས་པ་བསྒྲུབ་བྱ་ཕར་ཕྱིན་བཤད་པ་ལ་མདོར་བསྟན། རྒྱས་བཤད་གཉིས།དང་པོ། དེ་ཕྱིར་དམ་པའི་སོགས་ཀྱིས་བསྟན་ཏེ། བཤད་མ་ཐག་པའི་དམ་པ་ཅུ་གཉིས་ཀྱི་ཚུལ་དང་ལྡན་པ་དེ་ཕྱིར་དམ་པའམ་མཆོག་གི་དོན་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་བཅུར་འདོད་དེ། ཚུ་རོལ་ཏེ་དམ་པ་མིན་པ་དམན་པའི་ས་ལས་འདས་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དོ། །གཉིས་པ་ལ། ངོ་བོ་དང༌། བྱེད་ལས་གཉིས། དང་པོ། སྦྱིན་དང་ཚུལ་ཁྲིམས་སོགས་ཀྱིས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་བོ་དེ་གང་ཞེ་ན། མ་ཆགས་པར་གཏོང་བའི་སྦྱིན་པ་དང༌། བླང་དོར་ལ་ཚུལ་བཞིན་འཇུག་པ་ལས་མི་འདའ་བའི་ཚུལ་ཁྲིམས་དང༌། ཁོང་ཁྲོ་སོགས་མི་མཐུན་ཕྱོགས་ཀྱིས་མི་ཚུགས་ཤིང་རྒྱུད་ཡོངས་སུ་
འཁྲུགས་པ་མེད་པའི་བཟོད་པ་དང༌། དགེ་བའི་གནས་ལ་སྤྲོ་ཞིང་ཡང་ནས་ཡང་དུ་འཇུག་པའི་བརྩོན་འགྲུས་དང༌། དམིགས་པའི་དངོས་པོ་ལ་སེམས་རྩེ་གཅིག་ཏུ་གནས་ཤིང་མི་གཡོ་བའི་བསམ་གཏན་དང༌། ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང༌། རང་གཞན་གྱི་དོན་ཆེན་པོ་བདེ་བླག་ཏུ་འགྲུབ་པར་བྱེད་པའི་ཐབས་མཁས་པ་དང༌། དགེ་བའི་ཚོགས་རླབས་པོ་ཆེ་རྒྱུན་མི་འཆད་པར་སྡུད་པའི་སྨོམ་ལམ་དང༌། དགེ་རྩ་ཆུད་མི་ཟ་ཞིང་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་སྟོབས་དང༌། ཐེག་པ་ཆེན་པོའི་དགོངས་དོན་རྣམ་པར་བཞག་པ་བཞིན་མཐར་ཐུག་གི་དོན་ཁོང་དུ་ཆུད་པའི་ཡེ་ཤེས་ཏེ། འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །གཉིས་པ། ལས་ནི་རྗེས་སུ་སོགས་ཀྱིས་བསྟན་ཏེ། ཕར་ཕྱིན་བཅུ་བོ་དེའི་ལས་ནི་སྦྱིན་པས་སེམས་ཅན་ཚིམ་པར་བྱས་ཏེ་རྗེས་སུ་འཛིན་པར་བྱེད་པ་དང༌། ཚུལ་ཁྲིམས་ཀྱིས་གཞན་ལ་གནོད་པ་མི་བྱེད་པ་སྟེ་གཞན་གནོད་གཞིར་བཅས་སྤོང་བ་དང༌། བཟོད་པས་གནོད་པའི་ཡུལ་དེ་ལ་བཟོད་པ་དང༌། བརྩོན་འགྲུས་ཀྱིས་ཡོན་ཏན་གོང་དུ་འཕེལ་བ་དང༌། བསམ་གཏན་གྱི་མངོན་ཤེས་དང་རྫུ་འཕྲུལ་བསྟན་པ་སོགས་ཀྱིས་གཞན་བསྟན་པ་ལ་འཛུད་༼ འཇུག༽ ནུས་པ་དང༌།ཤེས་རབ་ཀྱི་ཆོས་བསྟན་པས་གཞན་རྣམ་པར་གྲོལ་བར་བྱེད་པ་དང༌། བསྔོ་བ་སོགས་ཐབས་མཁས་ཀྱིས་དགེ་རྩ་མི་ཟད་པ་ཉིད་དུ་བྱེད་པ་དང༌། སྨོན་ལམ་གྱིས་སྐྱེ་བ་ཡང་དག་པར་འཛིན་པ་དང་རྟེན་དེས་སྦྱིན་སོགས་ལ་རྟག་ཏུ་འཇུག་པར་བྱེད་པ་དང༌། སྟོབས་ཀྱིས་མི་མཐུན་ཕྱོགས་ཟིལ་གྱིས་མནན་ནས་དགེ་
རྩ་བྱང་ཆུབ་ཏུ་ངེས་པར་བྱེད་པ་དང༌། ཡེ་ཤེས་ཀྱིས་སྦྱིན་སོགས་ཐེག་པ་ཆེན་པོའི་ལམ་ལ་རང་ཉིད་མ་ནོར་བར་ལོངས་སྤྱོད་ཅིང་སེམས་ཅན་གཞན་ཚུལ་དེས་སྨིན་པར་བྱེད་པའོ། །གཉིས་པ་ཡིད་བྱེད་ལ་མདོར་བསྡུས་པ་ཤེས་རབ་གསུམ་གྱིས་ཡིད་ལ་བྱེད་ཚུལ་དང༌།རྒྱས་པར་ཆོས་སྤྱོད་བཅུའི་ཚུལ་གྱིས་ཡིད་ལ་བྱེད་ཚུལ་གཉིས། དང་པོ་ལ། དངོས་དང་དེའི་བྱེད་ལས་གཉིས། དང་པོ། ཐེག་པ་ཆེན་པོར་སོགས་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔས་གང་ཞིག་ཡིད་ལ་བྱ་ན། ཐེག་པ་ཆེན་པོར་ཆོས་རྣམས་ཇི་ལྟ་བུར་བཏགས་པར་མཛད་པ་དེ་དག་གོ །དེ་ཡང་མདོ་སྡེ་དང་དབྱངས་ཀྱིས་བསྙད་པ་སོགས་ཐེག་པ་ཆེན་པོའི་གཞུང་ན། ཆོས་རྣམས་རྣམ་པར་བཞག་པའམ་བཏགས་པ་ནི། རྣམ་ཐར་སྒོ་གསུམ་དང༌། ཕར་ཕྱིན་བཅུ་དང༌། ས་བཅུ་ལམ་ལྔ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་པ་མང་པོ་བསྟན་པ་དེ་དག་ཇི་ལྟ་བུར་བསྟན་པ་དེ་བཞིན་དུ་མ་ནོར་བར་ཡིད་ལ་བྱེད་པའོ། །ཚུལ་ཇི་ལྟར་ན་དམིགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དོན་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་དུས་རྟག་པར་ཡང་ཐོས་པ་དང་བསམ་པ་དང་སྒོམ་པའི་ཤེས་རབ་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ། ཁམས་བརྟས་བྱེད་དང་སོགས་ཀྱིས་བསྟན་ཏེ། དེ་ལྟར་ཐེག་པ་ཆེན་པོའི་དོན་དེ་ཉིད་ཐོས་པའི་ཤེས་རབ་ཀྱིས་ཡིད་ལ་བྱས་པས་རིགས་སམ་ཁམས་ཀྱི་ཡོན་ཏན་བརྟས་པ་སྟེ་རྒྱས་པར་བྱེད་པ་དང༌། བསམ་པའི་ཤེས་རབ་ཀྱིས་
དེའི་དོན་ལ་བསམ་པ་ཐག་པས་འཇུག་པར་བྱེད་པ་དང༌། བསྒོམ་པས་ཡིད་ལ་བྱེད་པ་དེ་ནི་རང་ལམ་གྱིས་དོན་དུ་གཉེར་བྱའི་དོན་རྣམས་ཡོངས་སུ་འགྲུབ་པར་འགྱུར་ཏེ། ས་ལ་ཞུགས་ནས་རིམ་གྱིས་མཐར་ཐུག་གི་འབྲས་བུ་འགྲུབ་པར་འགྱུར་རོ། །གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། དེ་ནི་ཆོས་སྤྱོད་སོགས་ཀྱིས་བསྟན་ཏེ། ཐེག་པ་ཆེན་པོའི་ཆོས་ཡིད་ལ་བྱེད་པ་དེ་ནི་རྒྱས་པར་ཕྱེ་ན་ཆོས་སྤྱོད་རྣམ་པ་བཅུ་དང་ཡང་དག་པ་ལྡན་པར་ཤེས་པར་བྱ་སྟེ། ཞེས་སོ། །གཉིས་པ་ལ།ཆོས་སྤྱོད་བཅུའི་ངོ་བོ་ཕན་ཡོན་བཅས་པ་བསྟན་པ་དང༌། ཐེག་པ་ཆེན་པོའི་ཆོས་སྤྱོད་ཀྱི་ཕན་ཡོན་ཁྱད་པར་དུ་བཤད་པ་གཉིས། དང་པོ། ཡི་གེ་འབྲི་མཆོད་སོགས་ཀྱིས་བསྟན་ཏེ། དམ་པའི་ཆོས་ཉམས་སུ་ལེན་པའམ་སྤྱོད་པའི་ཚུལ་མཐའ་དག་བསྡུས་ནས་རྣམ་པ་བཅུར་གོང་དུ་བསྟན་པ་དེ་གང་ཞེ་ན། ཐེག་པ་ཆེ་ཆུང་གིས་བསྡུས་པའི་དམ་པའི་ཆོས་ཀྱི་རྟེན་ཡི་གེ་འབྲི་བ་དང༌། ཆོས་དང་ཆོས་སྨྲ་བ་ལ་མཆོད་པ་དང༌།ཆོས་སྨྲ་བ་དང་ཆོས་ཀྱི་ཆེད་དུ་སྦྱིན་པ་གཏོང་བ་དང༌། ཆོས་ཀྱི་ཚིག་ལ་རྣ་བའི་དབང་པོས་ཉན་པ་དང༌། ཆོས་ཀྱི་གླེགས་བམ་ཀློག་པ་དང༌། རྗོད་བྱེད་ཀྱི་ཚིག་བློ་ལ་ལེན་པ་དང༌། ཚིག་གི་དོན་གཞན་ལ་འཆད་པ་དང༌། བློ་ལ་བླངས་ཟིན་པ་ཁ་ཏོན་དུ་བྱེད་པ་དང༌། ཆོས་ཀྱི་དོན་དེ་ཡིད་ལ་སེམས་པ་དང༌། ཚུལ་བཞིན་དུ་རྩེ་གཅིག་པའི་ཡིད་ཀྱིས་སྒོམ་པར་བྱེད་པ་དང་བཅུ་པོ་འདིར་དམ་པའི་ཆོས་དང་འབྲེལ་བའི་བྱ་བ་མཐའ་དག་འདུ་བས་ན་ཆོས་སྤྱོད་བཅུ་ཞེས་གསུངས་ཤིང༌།
སྤྱོད་པ་དེ་བཅུའི་བདག་ཉིད་ནི་རེ་རེ་ལའང་བསོད་ནམས་ཕུང་པོ་དཔག་ཏུ་མེད་པ་ཡོད་དེ། དམ་པའི་ཆོས་ནི་ཕན་བདེ་མཐའ་དག་གི་འབྱུང་གནས་ཡིན་ཞིང་འཇིག་རྟེན་༼ལས༽འདས་པའི་ལམ་ཡིན་པའི་ཕྱིར་ན་འདི་དང་འབྲེལ་བའི་བྱ་བ་ཐམས་ཅད་ཤིན་ཏུ་དོན་ཆེ་བའི་ཕྱིར། ཚིགས་སུ་བཅད་པ་གཅིག་འབྲི་བ་དང་ཐོས་པའི་ཕན་ཡོན་ཀྱང་འཇིག་རྟེན་པའི་དགེ་རྩ་ཀུན་ལས་འཕགས་པར་རྒྱ་ཆེར་བསྔགས་པ་ནི་མདོ་རྣམས་ལས་འབྱུང་བ་ལྟར་རོ། །གཉིས་པ་ཁྱད་པར་ཕྱིར་དང་སོགས་ཀྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་མདོརྣམས་ལས་ཐེག་པ་ཆེན་པོའི་ཆོས་སྤྱོད་ཁོ་ན་ཁྱད་པར་དུ་བསྔགས་པ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་ཆོས་ཡི་གེར་འབྲི་བ་སོགས་ཐེག་ཆེན་གྱི་ཆོས་སྤྱོད་བཅུ་ནི་ཐེག་དམན་གྱི་དེ་ལས་ཁྱད་པར་འཕགས་ཏེ། གང་གི་ཕྱིར་ན་ཐེག་པ་ཆེན་པོའི་ལམ་ནི་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་པའི་ཕྱིར་དང༌། སྐུ་དང་ཡེ་ཤེས་སོགས་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་ཡང་མི་ཟད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་འབྲས་བུ་དང་ལྡན་པའི་ཕྱིར་ན་ལམ་དང་འབྲས་བུ་དེ་ལྟ་བུ་སྟོན་པའི་ཆོས་ནི་ཁྱད་པར་དུ་འཕགས་པའི་ཕྱིར། དེ་འབྲི་བ་སོགས་ཀྱི་ཕན་ཡོན་ཀྱང་དེ་ལྟར་འཕགས་སོ། །བཤད་མ་ཐག་པ་དེ་ལྟར་ཡང་ཡིན་ཏེ།ཉན་ཐོས་ཀྱི་ལམ་ནི་རང་དོན་ཙམ་སྒྲུབ་པར་བྱེད་པ་ཡིན་ལ། ཐེག་པ་ཆེན་པོའི་ལམ་ནི་གཞན་ལ་ཕན་འདོགས་པ་གཙོ་བོར་སྒྲུབ་ཅིང༌། དེའི་འབྲས་བུ་ཕྲིན་ལས་ཀྱི་འཇུག་པ་སེམས་ཅན་གྱི་ཁམས་ཇི་སྲིད་པ་དེ་སྲིད་དུ་མ་ཞི་བར་རྒྱུན་
མི་འཆད་པའི་ཕྱིར་རོ། །གསུམ་པ་རྗེས་སུ་མཐུན་པའི་སྒྲུབ་པ་ལ། མདོར་བསྟན། རྒྱས་བཤད་གཉིས།དང་པོ་ནི། མི་གཡེང་ཕྱིན་ཅི་སོགས་ཀྱིས་བསྟན་ཏེ། ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་བསྒྲུབ་པ་ཅི་ལྟ་བུ་ཞེ་ན། ཞི་གནས་ཀྱིས་དམིགས་པའི་དོན་ལས་མི་གཡེང་བ་དང༌། ལྷག་མཐོང་གིས་དངོས་པོའི་རང་བཞིན་ཕྱིན་ཅི་མ་ལོག་པར་མཐོང་བར་གྱུར་པ་ནི་རྗེས་སུ་མཐུན་པའི་ཆོས་ཀྱི་སྒྲུབ་པ་ཞེས་བྱ་སྟེ།ཐེག་པ་ཆེན་པོའི་ཆོས་ལས་བསྟན་པ་ཇི་ལྟ་བུར་གཏན་ལ་ཕབ་པའི་དོན་དེ་ཉིད་དང་རྗེས་སུ་མཐུན་པར་སྒྲུབ་པ་ཡིན་པའི་ཕྱིར་རོ། །དེ་ཡང་སེམས་གཞན་དུ་མི་འཕྲོ་བའི་ཏིང་ངེ་འཛིན་ལ་བརྟེན་པའི་ཤེས་རབ་དྲི་མ་མེད་པས་ནི་དངོས་པོའི་རང་བཞིན་མ་ནོར་བར་རྟོགས་ནུས་པས་ན་ཞི་ལྷག་གཉིས་ཀྱིས་ཆོས་ཀྱི་དོན་ཉམས་སུ་ལེན་པའོ། །གཉིས་པ་ལ། མི་གཡེང་བ་ཞི་གནས་དང༌། ཕྱིན་ཅི་མ་ལོག་པ་ལྷག་མཐོང་རྒྱས་པར་བཤད་པ་གཉིས། དང་པོ། ལྡང་དང་ཡུལ་ལ་སོགས་ཀྱིས་བསྟན་ཏེ། མི་གཡེང་བའི་ཞི་གནས་ཇི་ལྟ་བུ་ཞེ་ན། གཡེང་བ་རྣམ་པ་དྲུག་དང་བྲལ་བའི་ཏིང་ངེ་འཛིན་གང་ཡིན་པའོ། །གཡེང་བ་རྣམ་པ་དྲུག་པོ་གང་ཞེ་ན། ངོ་བོ་ཉིད་ཀྱི་གཡེང་བ་མིག་ཤེས་སོགས་སོགས་ལྔ་སྟེ། དེ་དག་རང་བཞིན་གྱིས་ཁ་ཕྱིར་བལྟས་པས་ཏིང་ངེ་འཛིན་ལས་ལྡང་བ་ཡིན་པ་དང༌། ཕྱི་རོལ་དུ་གཡེང་བ་ཡིད་ཤེས་ཡུལ་ལ་འཕྲོ་བའམ་འཇུག་པ་དང༌། དེ་བཞིན་དུ་ནང་གི་གཡེང་བ་ནི་ཏིང་ངེ་འཛིན་གྱི་རོ་མྱང་བ་དང༌།
བྱིང་རྒོད་དང༌། མཚན་མའི་གཡེང་བ་ནི་ཏིང་ངེ་འཛིན་དེ་ཉིད་ལ་ཡིད་ཆེས་པ་ཡི་བསམ་པས་མཚན་མར་བཟུང་ཞིང་ཞེན་པ་དང༌། གནས་ངན་ལེན་གྱི་གཡེང་བ་ངར་འཛིན་དང་བཅས་པའི་སྒོ་ནས་ཡིད་ལ་བྱེད་པ་སྟེ། ང་རྒྱལ་གྱིས་གཞན་ལས་ཁྱད་པར་དུ་འཕགས་པར་ཡིད་ལ་བྱེད་པའམ། ངར་འཛིན་དང་བཅས་པ་ཞེས་བྱའོ། །ཡིད་ལ་བྱེད་པའི་གཡེང་བ་ནི་ཐེག་པ་ཆུང་ངུའི་སེམས་དང་མ་བྲལ་བ་ཐེག་དམན་ཡིད་ལ་བྱེད་པ་དང་ནི་དེ་ལྟར་གཡེང་བ་དྲུག་སྟེ། དེ་དྲུག་པོ་རྣམ་བཅད་ལ་ཁེགས་པའི་ཡོངས་གཅོད་མི་གཡེངས་པའི་ཞི་གནས་ནི་ཐེག་པ་ཆེན་པོའི་ཞི་གནས་ཁྱད་པར་ཅན་ཏ། ནང་དུ་རྩེ་གཅིག་པར་གནས་པའི་ཞི་གནས་སྐྱོན་མེད་པ་ཡིན་པ་དང༌། དེ་ཡང་རང་གི་ནང་གི་ཏིང་ངེ་འཛིན་དེ་ཙམ་ལ་འདག་གྲོལ་དུ་འཛིན་པ་སོགས་མཚན་མར་འཛིན་པ་དང༌། ངར་འཛིན་དང་བཅས་པ་ཕྱི་རོལ་བའི་བསམ་གཏན་ལྟ་བུ་དང༌། དེར་མ་ཟད་དམན་ལམ་གྱི་རྟེན་དུ་བསྒོམ་པ་ལྟ་བུའི་ཡིད་བྱེད་དང་ཡང་བྲལ་བས་ན་ཐེག་པ་ཆེན་པོའི་ཞི་གནས་ཁྱད་པར་ཅན་ཡིན་པར་བློ་ལྡན་རྣམས་ཀྱིས་ཤེས་པར་བྱའོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཡི་གེ་དོན་དང་སོགས་ཀྱིས་བསྟན་ཏེ། ཐེག་པ་ཆེན་པོའི་ལྷག་མཐོང་ནི་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མ་ནོར་བར་རྟོགས་པ་ཡིན་ལ། དེ་ཡང་རྣམ་པ་བཅུས་བསྡུས་ཏེ་བསྟན་ན། ཡི་གེ་དང་དོན་དང་ཡིད་བྱེད་དང་མི་འཕྲོ་བ་དང་རང་མཚན་དང་སྤྱི་མཚན་ཏེ་དེ་གཉིས་དང༌།དག་མ་དག་དག་དང༌། གློ་བུར་བ་དང༌། མི་སྤངས་པ་དང༌། ཁེངས་པ་མེད་
པ་དང་བཅུ་པོ་དེ་ལ་ཕྱིན་ཅི་མ་ལོག་པའོ། །གཉིས་པ་རྒྱས་བཤད་ལ་མདོར་བསྟན་དང་མཚུངས་པར་བཅུ་སྟེ། རྗོད་བྱེད་ཡི་གེ་ལ་ཕྱིན་ཅི་མ་ལོག་པ། བརྗོད་བྱའི་དོན་ཀུན་བཏགས་རང་བཞིན་མེད་པ་ཕྱིན་ཅི་མ་ལོག་པ། གཉིས་སྣང་གིརྒྱུ་གཞན་དབང་གི་རྣམ་རིག་ཙམ་དུ་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་གཉིས་སུ་སྣང་ཡང་མི་བདེན་པ་སྒྱུ་མ་ལྟར་རྟོགས་པས་མཐའ་གཉིས་སུ་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་ཡོངས་གྲུབ་གཟུང་འཛིན་དང་བྲལ་བའི་རང་མཚན་ལ་ཕྱིན་ཅི་མ་ལོག་པ་གཉིས་སྟོང་གི་དེ་ཉིད་ལས་ཆོས་ཀུན་མི་འདའ་བར་ཤེས་པ་ཆོས་སྤྱི་ཡི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ། དེ་ཁོ་ན་ཉིད་རྟོགས་མ་རྟོགས་ལས་དག་མ་དག་ཏུ་འགྱུར་བ་ལ་ཕྱིན་ཅི་མ་ལོག་པ། རང་བཞིན་དག་པར་གནས་པའི་ཕྱིར་དག་མ་དག་ཏུ་སྣང་བ་ཡང་གློ་བུར་བར་ཤེས་པ་ལ་ཕྱིན་ཅི་མ་ལོག་པ། གདོད་ནས་དག་པས་ཀུན་ཉོན་འགྲིབ་པར་བྱེད་པ་ལ་མི་སྡང་བ་ཕྱིན་ཅི་མ་ལོག་པ། རྣམ་བྱང་འཕེལ་བ་མེད་པས་ཡོན་ཏན་ལྷག་པས་ང་རྒྱལ་བ་མེད་པ་ལ་ཕྱིན་ཅི་མ་ལོག་པའོ། །དང་པོ། འབྲེལ་བའི་ཕྱིར་དང་སོགས་ཀྱིས་བསྟན་ཏེ། དང་པོ་རྗོད་བྱེད་ཀྱི་ཡི་གེ་འདི་དག་ནི་གོ་རིམ་མ་ནོར་བར་གཅིག་ལ་གཅིག་རྗེས་སུ་འབྲེལ་བའི་ཕྱིར་དང༌། ཡི་གེ་ལས་བཞག་པའི་བརྡ་དེ་ལ་དོན་གང་གི་བརྡ་ཡིན་པར་བློ་ལ་འདྲིས་པའི་ཕྱིར་དོན་ཡོད་པ་སྟེ། དཔེར་ན། ཀ་བ་ཞེས་པ་ལྟ་བུ་ལ་ཀ་སྔོན་དང་བ་རྗེས་སུ་བྱས་ཏེ་འབྲེལ་བར་བརྗོད་ཚེ་གདུང་འདེགས་ཀྱི་དོན་བྱེད་པའི་དངོས་པོ་དེ་གོ་བར་བྱེད་ཀྱི། བ་622སྔོན་དང་ཀ་རྗེས་སུ་བྱས་པའམ། འབྲེལ་བ་མེད་པར་སོ་སོར་ཕྲལ་ཏེ་བརྗོད་ན་དོན་དེ་གོ་མི་ནུས་ལ། དེར་མ་ཟད་ཡི་གེ་དེ་གཉིས་དེ་ལྟར་བཀོད་པའི་བརྡ་དེ་གདུང་འདེགས་ཀྱི་དོན་བྱེད་པའི་དངོས་པོའི་བརྡ་ཡིན་པར་སྔར་ནས་འདྲིས་པའི་བོད་ཀྱི་མི་རྣམས་ལ་བརྡ་དེས་༼ དེའི༽དོན་དེ་གོ་བར་བྱེད་ཅིང༌། ཡུལ་གཞན་པའི་མིས་དེ་ལྟར་མི་གོ་བ་བཞིན་ནོ། །དེས་ན་འདྲིས་འབྲེལ་གཉིས་ལས་བརྡ་དེ་དོན་ཡོད་པ་དང༌། དེ་ལས་བཟློག་སྟེ་མ་འབྲེལ་བའི་ཕྱིར་དང༌། མ་འདྲིས་པའི་ཕྱིར་ཡི་གེ་དོན་མེད་པའོ། །དེ་ལྟར་ཚུལ་བཞིན་རྟོགས་པ་དེ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པ་སྟེ་ཡི་གེ་རྣམས་ཀྱིས་བརྡ་ལས་དོན་གོ་ཚུལ་ནི་དེ་ལྟར་སྐྱེས་བུའི་རྟོགས་པས་འབྲེལ་བ་གསར་དུ་བྱས་ཤིང་བཏགས་པ་ཙམ་ལས་ཡིན་གྱི། མིང་དོན་རང་གི་ངོ་བོས་འབྲེལ་བ་མེད་པ་དེ་ལྟ་བུ་ནི་ཡི་གེ་ལས་དོན་རྟོགས་ཚུལ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཡིན་ལ། འདི་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་དམ་པའི་དོན་དུ་སྒྲས་བརྗོད་པར་བྱ་བའི་དོན་དང་བྲལ་བའི་རྟོག་པ་སྐྱེའོ། །གཉིས་པ། གཉིས་སུ་སྣང་བར་སོགས་ཀྱིས་བསྟན་དོན། འདི་ལྟར་གཟུང་འཛིན་གཉིས་སུ་སྣང་བར་གྱུར་པ་ནི། ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ་སྣང་ཡང་མི་བདེན་པའོ། །དེ་ལྟར་རྟོགས་པ་ནི་དོན་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱ་སྟེ། གཉིས་སུ་མ་གྲུབ་པས་ཡོད་པའི་མཐའ་སྤངས་ལ་སྣང་ཙམ་དུ་ཡོད་པས་མེད་པའི་མཐའ་རྣམ་པར་སྤངས་པའི་དོན་ནམ་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལས་གཟུང་འཛིན་དང་བྲལ་བའི་རྟོགས་པ་སྐྱེའོ། །
གསུམ་པ། རྟོག་པ་དེ་ཡིས་སོགས་ཀྱིས་བསྟན་ཏེ། གཟུང་འཛིན་གྱི་རྟོག་པ་སྔ་མ་སྔ་མ་དེ་ཡིས་བསྒོམ་པ་ཡི་དབང་གིས་བྱུང་བའི་ཕྱི་མ་ཕྱི་མ་གནས་དོན་ལུས་སུ་སྣང་བའི་རྟོགས་པ་ཡིད་བྱེད་དེའི་གནས་གང་ཡིན་པ་ཚུལ་བཞིན་ཤེས་པ་ནི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱ་སྟེ། ཡིད་བྱེད་དམ་རྣམ་པར་རྟོག་པ་ཙམ་གྱི་རང་བཞིན་དེ་ཇི་ལྟར་རྟོགས་པའོ། །དེ་ལ་དེའི་གནས་སམ་གཞི་གང་ཞེ་ན།གཉིས་སུ་སྣང་བའི་རྒྱུ་ཀུན་གཞིའི་རྣམ་ཤེས་ལ་རྒྱུར་ཤེས་པ་སྟེ་ཀུན་གཞི་ལ་རྟོག་པ་སྣ་ཚོགས་ཀྱིས་བསྒོས་པའི་རྒྱུ་ཡི་ཆ་ནས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང༌། དེའི་མཐུས་ཕྱི་ནང་གི་ཆོས་སྣ་ཚོགས་སུ་སྣང་བ་ནི་རྣམ་པར་སྨིན་པའི་ཀུན་གཞི་སྟེ་དེ་ལྟར་ན་ཀུན་གཞི་ནི་ཐམས་ཅད་ཀྱི་རྒྱུར་ཤེས་པའོ། །བཞི་པ། དོན་གྱིས་མེད་དང་སོགས་ཀྱིས་བསྟན་ཏེ། གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་འདི་དག་ནི། རང་གི་ངོ་བོ་ཉིད་ཀྱིས་སམ་དོན་རང་གི་རང་བཞིན་གྱིས་མེད་པ་དང༌། སྣང་ཙམ་དུ་ཡོད་པ་སྟེ་ཇི་ལྟར་ན་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་དུ་འདོད་ལ། དེ་ལ་ནི་མི་འཕྲོ་བ་ཕྱིན་ཅི་མ་ལོག་པ་ཞེས་བྱ་སྟེ། གང་གིས་ན་མཐའ་གཅིག་ཏུ་ཡོད་པ་དང་མེད་པའི་ཕྱོགས་སུ་མ་ལྷུང་བའམ་མི་འཕྲོ་བར་གྱུར་པའི་ཕྱིར་རོ། །ལྔ་བ། རྟོག་པ་ཐམས་ཅད་སོགས་ཀྱིས་བསྟན་ཏེ། ཡང་དག་པའི་དོན་གྱིས་རང་མཚན་ལ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་མི་འཇུག་སྟེ། སོ་སོ་རང་རིག་པའི་ཡེ་ཤེས་དམ་པའི་ཡུལ་སྤྲོས་པ་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །དེ་
ལྟ་བུའི་དོན་ལ་དབྱེ་བ་སྣ་ཚོགས་མེད་ཅིང༌། རྣམ་པ་ཐ་དད་པའི་ཆོས་སུ་སྣང་བ་གང་ཇི་སྙེད་པ་འདི་ཐམས་ཅད་ནི་ཇི་ལྟར་སྣང་བ་བཞིན་དུ་དེ་དང་དེའི་རང་མཚན་སོ་སོར་གྲུབ་པ་མེད་དེ་ཡང་དག་པར་ན་རང་གི་ངོ་བོ་ཉིད་མེད་པ་ལ་མིང་དུ་བཏགས་པ་ཙམ་ཁོ་ན་སྟེ། དེས་ན་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ནི་སྟོང་པ་ཉིད་དོ། །དེ་ལྟར་ཤེས་ན་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །དེ་ཡང་འཇིག་རྟེན་ཐ་སྙད་དུ་ཀ་བ་དང་བུམ་པ་སོགས་ཀྱི་རང་མཚན་ཞེས་སོ་སོའི་རྣམ་པར་སྣང་བ་ལ་བརྗོད་ཀྱང་འདི་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་རང་གི་མཚན་ཉིད་ལ་རང་མཚན་དུ་བརྗོད་པའོ། །དྲུག་པ། ཆོས་ཀྱི་དབྱིངས་ནི་སོགས་ཀྱིས་བསྟན་ཏེ། གཉིས་སྟོང་གི་རང་བཞིན་ཅན་ཆོས་ཀྱི་དབྱིངས་འབའ་ཞིག་ལས་ནི་མ་གཏོགས་པར་འདི་ལྟར་ཆོས་ཞེས་བྱ་བ་གཞན་ཞིག་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པ་དེ་ཡི་ཕྱིར་ཆོས་དབྱིངས་དེ་ནི་ཆོས་ཐམས་ཅད་ལ་ཁྱབ་པའི་སྤྱི་ཡི་མཚན་ཉིད་ཅེས་བྱ་ལ། དེར་དེ་ལྟར་ཤེས་པ་དེ་ནི་སྤྱི་མཚན་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །བདུན་པ། ཕྱིན་ཅི་ལོག་གི་སོགས་ཀྱིས་བསྟན་ཏེ། འདི་ལྟར་འཁོར་འདས་དང་དག་མ་དག་ཅེས་བྱ་བ་ཡང་དངོས་པོའི་སྟེང་ན་དོན་གཞན་དང་གཞན་དུ་གྲུབ་པ་ནི་ཅི་ཡང་མེད་ཀྱི། རང་གི་ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་བདག་ཏུ་ལྟ་བ་སོགས་མ་སྤངས་པ་དང་སྤངས་པ་ལས་གང་ཟག་དེ་ནི་རིམ་པ་ལྟར་མ་དག་པ་དང་རྣམ་625པར་དག་པ་ཞེས་བྱ་སྟེ། དེ་ལྟར་རྟོག་པ་དེའང་དག་པ་དང་མ་དག་པའི་དོན་དེ་ལ་ཕྱིན་ཅི་མ་ལོག་པའོ། །བརྒྱད་པ། ཆོས་ཀྱི་དབྱིངས་ནི་སོགས་ཀྱིས་བསྟན་ཏེ། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ནམ་མཁའ་བཞིན་དུ་ནམ་ཡང་འགྱུར་བ་མེད་པ་ནི་གནས་ལུགས་གཉུག་མའི་དོན་ནོ། །སྔར་མ་དག་པ་དང་ཕྱིས་དག་པ་གཉིས་ནི་སྣང་ཚུལ་ཙམ་གྱི་ངོར་གློ་བུར་
བྱུང་བ་སྟེ། དེ་ལྟར་ཤེས་པ་དེ་ཡང་གློ་བུར་བ་དེ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །རྩ་བའི་ས་བཅད་དགུ་བ་དང་བཅུ་བ་ལྷན་ཅིག་ཏུ། ཆོས་རྣམས་དང་ནི་སོགས་ཀྱིས་བསྟན་ཏེ། ཆོས་རྣམས་དང་ནི་གང་ཟག་གི་རང་བཞིན་ལ་ཀུན་ནས་ཉོན་མོངས་པར་གྱུར་པ་དང༌། དེ་རྣམ་པར་དག་པར་གྱུར་པ་ཡང་མེད་དེ། ཆོས་དང་གང་ཟག་གི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གང་ངོ་བོ་ཉིད་མེད་པ་དེ་ལ་ཉོན་མོངས་པས་བཅིངས་པ་དང་དེ་ལས་གྲོལ་བ་ཡང་མེད་དེ་ནམ་མཁའ་བཞིན་ནོ། །དེ་ལྟར་གནས་ལུགས་ཀྱི་དོན་དུ་ཆོས་གང་ཡང་ཀུན་ཉོན་དང་རྣམ་བྱང་དུ་གྱུར་པ་མེད་པ་དེ་བས་ན།འདི་ལྟར་ཆགས་སོགས་ཀུན་ཉོན་ཕྱོགས་འཕེལ་བས་སྐྲག་པ་དང༌། དད་སོགས་རྣམ་བྱང་ཕྱོགས་འཕེལ་བས་ང་རྒྱལ་དུ་གྱུར་པ་མེད་དེ། སྐྲག་པར་བྱ་བ་དང་ང་རྒྱལ་དུ་བྱེད་པའི་གཞི་མ་དམིགས་པའི་ཕྱིར་རོ། །དེ་ལྟ་བུ་ནི་སྔངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་དང༌། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །
ཕྱིན་ཅི་མ་ལོག་པ་དེ་བཅུའི་སྡོམ་མམ་ལུས་མདོར་བསྟན་པ་དང༌། དེ་དག་ལ་རྡོ་རྗེའི་ཚིག་བཅུར་བཞག་པ་འགྲེལ་བས་ཁ་བསྐང་བ་ནི། གང་ལ་གང་ཞིག་སོགས་ཀྱིས་བསྟན་ཏེ། ཕྱིན་ཅི་མ་ལོག་པ་བཅུའམ་རྡོ་རྗེའི་ཚིག་བཅུ་བོ་འདི་ལ་ལུས་རྣམ་པར་བཞག་པ་མི་འདྲ་བ་གཉིས་ལས། དང་པོ་ལ།དམིགས་པ་དང༌། རྣམ་པར་མི་རྟོག་པ་ཉིད་དང༌། བརྒལ་བ་དང༌། ལན་ཏེརྣམ་གྲངས་བཞིས་བསྟན་ཏེ། གང་ལ་དམིགས་པའམ་ཤེས་པར་བྱ་བ་ངོ་བོ་ཉིད་གསུམ་གྱི་དབང་དུ་བྱས་ནས་གནས་དང་པོ་གསུམ་བསྟན་ལ། གང་གི་དམིགས་པའི་ཤེས་པ་གཙོ་བོའི་དབང་དུ་བྱས་ཏེ་རྣམ་པར་མི་རྟོག་པ་བསྟན་ཅིང༌།དེ་ལ་གང་གིས་མི་རྟོག་པ་ཡུལ་ཅན་གྱི་ངོས་ནས་རང་མཚན་ལ་མ་ལོག་པ་དང༌།གང་ལ་མི་རྟོག་པ་རང་བཞིན་འོད་གསལ་བ་སྤྱི་མཚན་ལ་མ་ལོག་པ་གཉིས་བཤད་དོ། །དེ་ལྔའི་ལྷག་མ་རྣམས་ནི་བརྒལ་བ་དང་ལན་ཅི་རིགས་པ་སྟེ། དེ་ལ་ཀུན་ཉོན་དང་རྣམ་བྱང་བསྟན་པའི་རྡོ་རྗེའི་ཚིག་གམ། མ་དག་པ་དང་དག་པ་ལ་ཕྱིན་ཅི་མ་ལོག་པ་ནི། ཀུན་ཉོན་མེད་ན་ཅི་ལྟར་དམིགས། ཡོད་ན་རང་བཞིན་གྱིས་དག་པར་མི་རུང་ཞེས་པ་དང༌། སངས་རྒྱས་དུ་མས་སེམས་ཅན་དཔག་མེད་ཀྱི་ཉོན་མོངས་བསལ་ན་འཁོར་བ་རྒྱུན་ཆད་ཅིང་མྱང་འདས་འཕེལ་བར་ཅིས་མི་འགྱུར་སྙམ་པའི་དོགས་པ་ཐམས་ཅད་དག་པ་དང་མ་དག་པའི་གནས་ལས་བརྩམ་སྟེ་འབྱུང་བས་འདི་ནི་བརྒལ་བར་བྱ་བའི་གནས་ལྟ་བུའོ། །དེའི་ལན་ནི་བཞི་སྟེ། གཟུང་འཛིན་དོན་ལ་མེད་ཀྱང་སྣང་བའི་ལན་སྒྱུ་མ་ལྟ་བུ་
དང༌། རང་བཞིན་གྱིས་དག་ན་སྔར་ཉོན་མོངས་དང་བཅས་པར་མི་འཐད་པའི་བརྒལ་ལན་ནམ་མཁའ་ལྟ་བུ་སྟེ། དེ་ཉིད་རང་བཞིན་གྱིས་དག་ཀྱང་གློ་བུར་གྱིས་སྤྲིན་ཡོད་མེད་ལས་སྣང་ཚུལ་དེ་ལྟར་འཐད་པར་བསྟན་པ་དང༌། གལ་ཏེ་སྔར་མ་དག་པ་ཕྱིས་དག་ཏུ་ཆུག་ཀྱང་དག་པ་སླར་མི་ལྡོག་ཅིང་འགྲིབ་པ་ཡོད་པས་ན་འཁོར་བ་རྒྱུན་ཆད་ཅིང་མྱང་འདས་འཕེལ་བར་ཅིས་མི་འགྱུར་ཞེས་པའི་བརྒལ་ལན་འགྲིབ་མེད་དང་ཁེངས་མེད་གཉིས་ཏེ། རང་བཞིན་མ་གྲུབ་པའི་གནད་ཀྱིས་ཀུན་བྱང་ལ་ཚད་མ་མཆིས་པས་ན་༼འདི་ལ༽ འཕེལ་འགྲིབ་ཏུ་མི་མངོན་ཏེ་དཔག་ཏུ་མེད་པར་བསྟན་པའོ། །དེ་ཡང་དང་པོ་དམིགས་པ་ངོ་བོ་ཉིད་གསུམ་ཡོངས་གྲུབ་ཀུན་བཏགས་གཞན་དབང་ཞེས་ཚིག་དང་པོ་གསུམ་དང་གོ་རིམ་བཞིན་ནོ་ཞེས་གསུངས་པས་དང་པོ་ཡོད་མེད་དང་ཡོངས་གྲུབ་སྦྱར་ཚུལ་ནི། འདྲིས་འབྲེལ་དག་ལས་ཡི་གེ་དོན་ཡོད་ཀྱི་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པར་ཤེས་པས། སྒྲས་བརྗོད་དུ་མེད་པ་ཡོངས་གྲུབ་ཀྱི་དོན་ལ་འཇུག་པའམ། རྒྱ་གར་པ་ཁ་ཅིག་གིས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐེག་པ་ཆེན་པོའི་ཆོས་ནི་ཕྱིན་ཅི་ལོག་གི་གཉེན་པོ་སྟེ་ཚུལ་དེ་ལྟ་བུ་དང་ལྡན་པས་ཤིན་ཏུ་ཟབ་མོ་ཡོངས་སུ་གྲུབ་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་ནུས་པའི་ཕྱིར་དེ་ལྟར་འདོད་པ་དང༌། ཡང་ཁ་ཅིག་གིས་སྟོང་པ་ཉིད་ཀྱི་ངོ་བོར་ཡོད་པ་དང༌།གཉིས་ཀྱི་ངོ་བོར་མེད་པའི་རང་བཞིན་ཅན་ཡོངས་སུ་གྲུབ་པ་ཉིད་ན་ཡོད་པ་དང་མེད་པར་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་དེ་ལྟར་ཡོད་མེད་ཅེས་པའི་མིང་
གིས་དོན་གྱིས་བསྟན་པར་ཡང་བཤད་དོ། །གང་ལྟར་ཡང་རུང་གནས་དང་པོ་གཉིས་ཀུན་བཏགས་ལ་ཕྱིན་ཅི་མ་ལོག་པར་འཇུག་པས་ན། ཀུན་བཏགས་ཀྱིས་སྟོང་པ་དེས་ཡོངས་གྲུབ་ཀྱི་ཚུལ་ཤེས་པའི་ཕྱིར་གནད་མཐུན་པར་འཆར་བ་ཡིན་ནོ། །ཕྱིན་ཅི་མ་ལོག་པའམ་དོན་ལ་མ་ལོག་པ་ནི་གནས་གཉིས་པ་སྟེ།དེ་ནི་གཉིས་སུ་སྣང་ཡང་དེ་ལྟར་མ་གྲུབ་པས་ཀུན་ཏུ་བཏགས་པ་ཙམ་དུ་བསྟན་པའོ། །གནས་སམ་ཡིད་བྱེད་ལ་ཕྱིན་ཅི་མ་ལོག་པ་ནི་གཞན་དབང་སྟེ་སྣང་བའི་གཞིའམ་རྒྱུ་ཡིན་པས་གནས་ཡིན་ལ། སྣང་ཟིན་ནམ་འབྲས་བུའི་ཆ་ནས་གཞན་གྱི་དབང་ཞེས་བཏགས་པའོ། །ཡང་ལུས་རྣམ་པར་བཞག་པ་གཅིག་ལྟར་ན། གང་ལ་གང་ཞིག་གང་ལས་འཁྲུལ། །མ་འཁྲུལ་གང་ཞིག་གང་ལ་དང༌། །འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད། །དེ་ཉིད་ཀྱི་ནི་ཐ་མའོ། །ཞེས་གསུངས་པས། གང་ལ་འཁྲུལ་ན་བརྗོད་དུ་མེད་པའི་དོན་ལ་མིང་དོན་གྱི་འབྲེལ་བ་ཅན། མཚན་མའི་སྤྱོད་ཡུལ་དུ་སྣང་བ་ལ་འཁྲུལ། གང་ཞིག་འཁྲུལ་བའི་ངོ་བོ་ནི་གཉིས་སུ་མེད་པ་ལ་གཉིས་སུ་སྣང་བའི་ཕྱིན་ཅི་ལོག་པ་ཉིད་དོ། །རྒྱུའམ་གནས་གང་ལས་འཁྲུལ་ན་རྟོག་པས་བསྒོམ་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལས་སོ། །མ་འཁྲུལ་བའི་ངོ་བོ་གང་ཞིག་ཡིན་པ་ནི།དོན་གྱིས་མེད་ཀྱང་སྣང་བ་སྒྱུ་མ་ལྟ་བུར་ཤེས་པའི་རྗེས་ཐོབ་ཀྱི་ངེས་པ་དང༌།མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་ནི་མ་འཁྲུལ་བའི་ངོ་བོའམ་ཡུལ་ཅན་ནོ། །གང་ལ་མ་འཁྲུལ་ན་རང་བཞིན་གྱིས་འོད་གསལ་
བའམ། སྤྱི་མཚན་ལ་ཕྱིན་ཅི་མ་ལོག་པ་སྟེ་ཡོངས་སུ་གྲུབ་པའི་དོན་ལའོ། །འཁྲུལ་བའི་འབྲས་བུ་ནི་ཀུན་ཉོན་དང༌། མ་འཁྲུལ་བའི་རྒྱུ་མཐུན་པའམ་འབྲས་བུ་ནི་རྣམ་པར་བྱང་བ་ཉིད་དེ། དེ་དག་ནི་ཀུན་བྱང་བསྟན་པ་དང༌།ནམ་མཁའ་ལྟ་བུ་ཉིད་ཀྱིས་བསྟན་ཏེ། སྔ་མ་ཐ་སྙད་དང༌། ཕྱི་མ་དོན་དམ་གྱི་ཆ་ནས་བསྟན་པ་ལྟ་བུའོ། །དེ་ཉིད་ཀྱི་ཐ་མ་ཞེས་པ་ནི། བཤད་མ་ཐག་པའི་འབྲས་བུ་དེ་ཉིད་ཀྱིས་མཐར་ཕྱིན་པའམ་ཐ་མ་གཉིས་བསྟན་ཏེ། དེ་ལ་འཕགས་ཡུལ་གྱི་མཁས་པ་ཁ་ཅིག་གིས་ཀུན་བྱང་གཉིས་ཀའི་མཐའ་མྱང་འདས་ཏེ།དེ་ཡང་འཕེལ་འགྲིབ་མེད་པས་ན། དོན་གྱིས་མཐར་ཐུག་པ་མེད་པ་དང་ལྡན་པ་ཉིད་ཀྱིས་མཐར་ཕྱིན་པའོ་ཞེས་ཟེར་ཞིང༌། ཡང་ཁ་ཅིག་གིས་འཁོར་བ་དཔག་ཏུ་མེད་པའི་ཕྱིར་འགྲིབ་པ་མེད་པ་དང་ལྡན་པ་ཀུན་ཉོན་གྱི་མཐའ་མ་དང༌།མྱང་འདས་དཔག་ཏུ་མེད་པས་ལྷག་པ་མེད་པ་ཉིད་རྣམ་བྱང་གི་ཐ་མ་ཞེས་འདོད་པ་ཡིན་ལ། འདིར་འཁོར་འདས་སྤྱིའི་དབང་དུ་བྱས་ཏེ་ཐ་སྙད་དུ་མཐའ་རྫོགས་པའི་ཚད་དང༌། དོན་དམ་པའི་དབང་དུ་བྱས་ཏེ་བདེན་གྲུབ་ཀྱི་བསལ་བཞག་མེད་པར་མཐར་ཕྱིན་པར་བློ་ལྡན་རྣམས་ཀྱིས་ཤེས་པར་བྱའོ། །རྡོརྗེའི་ཚིག་གི་གནས་འདི་དག་ལ་འཆད་ཚུལ་ཤིན་ཏུ་མང་པོ་ཐོབ་ཀྱང་རེ་ཞིག་སློབ་དཔོན་བློ་བརྟན་གྱི་གཞུང་བཞིན་གསལ་བར་ཕྱེ་སྟེ་བཤད་པ་ཡིན་ནོ། །དེ་ལྟར་དོན་བཅུ་བོ་དེས་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་བསྟན་པས་ཇི་ལྟ་ཇི་
སྙེད་ཀྱི་ལྷག་མཐོང་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཕྱིན་ཅི་མ་ལོག་པ་བཅུ་པོ་དེ་ལ་རྡོ་རྗེའི་ཚིག་བཅུ་ཞེས་བྱ་སྟེ། གང་ཞེ་ན། གོང་དང་གོ་རིམ་བཞིན་དུ་ཡོད་མེད་ཉིད་དང༌། ཕྱིན་ཅི་མ་ལོག་པ་དང༌། གནས་དང་སྒྱུ་མ་ལྟ་བུ་ཉིད་དང༌།རྣམ་པར་མི་རྟོག་པ་དང༌། རང་བཞིན་གྱིས་རྟག་པར་འོད་གསལ་བ་ཉིད་དང༌།ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཉིད་དང༌། དེ་བཞིན་དུ་ནམ་མཁའ་ལྟ་བུ་ཉིད་དང༌། འགྲིབ་པ་མེད་པ་དང༌། ལྷག་པ་མེད་པ་སྟེ་དེ་དག་རྟོག་གེའི་རིག་པས་ཤེས་པར་དཀའ་བའི་ཕྱིར་རྡོ་རྗེའི་ཚིག་ནི་རྣམ་པ་བཅུ་ཞེས་བྱ་བ་ཡིན་ནོ།བཞི་བ། མཐའ་གཉིས་སྤངས་པའི་སྒྲུབ་པ་ལ། བདུན་ཚན་དང་པོ་དང༌།བདུན་ཚན་གཉིས་པའོ། །དང་པོ། ཐ་དད་པ་དང་སོགས་ཀྱིས་བསྟན་ཏེ།གང་གི་ཕྱིར་ཐེག་པ་ཆེན་པོའི་ལམ་ནི་མཐའ་གཉིས་དང་བྲལ་བའི་དབུ་མའི་ཚུལ་ལ་གནས་པ་ཡིན་ལ། དེ་ཡང་མཐའ་ནི་ཇི་ལྟ་བུ་ཞེ་ན། གཟུགས་སོགས་བདག་དང་ཐ་དད་པ་དང་ངོ་བོ་གཅིག་པར་འཛིན་པ་ནི་མཐའ་ཡིན་ལ།དེ་སྤོང་བྱེད་དབུ་མའི་ལམ་ནི་གང་བདག་མེད་པ་ནས་ཤེད་བུ་མེད་པའི་བར་དུ་གསུངས་པ་ལྟ་བུ་སྟེ་ཕུང་པོ་ལ་བརྟེན་ནས་བདག་ཏུ་གདགས་པ་ལས་བདག་རང་གི་ངོ་བོ་མེད་ལ། དེ་མེད་པས་དེའི་མིང་གི་རྣམ་གྲངས་གང་ཟག་ལ་སོགས་པ་དེ་དག་གི་བཏགས་དོན་ཀྱང་མེད་ཅིང༌། དེས་ན་དེ་ཕུང་པོ་དང་གཅིག་ཐ་དད་དུ་ཡང་མེད་དོ། །དེ་བཞིན་དུ་གཟུགས་སོགས་རྟག་པར་འཛིན་པ་མུ་སྟེགས་
ཀྱིས་འདོད་པའི་མཐའ་དང༌། གཟུགས་སོགས་མི་རྟག་པར་འཛིན་པ་ཉན་ཐོས་ཀྱིས་འདོད་པའི་མཐའ་སྟེ། དེ་གཉིས་ཀ་ཡོངས་སུ་སྤངས་བ་དབུ་མའི་ལམ་ནི། གང་གཟུགས་ལ་སོགས་པ་ལ་རྟག་པར་ཡང་མི་རྟོག་མི་རྟག་པར་ཡང་མི་རྟོག་པ་སྤྲོས་བྲལ་དུ་བསྒོམ་པ་སྟེ། མདོ་ལས། གཟུགས་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞེས་གསུངས་པ་ལྟ་བུའོ། །གང་ཟག་དང་ཆོས་ལ་དེའི་ངོ་བོ་ཉིད་ཡོད་པར་སྒྲོ་འདོགས་པ་དང༌། ཐ་སྙད་སྣང་ཙམ་དུ་མེད་པར་སྐུར་པ་འདེབས་པའི་མཐའ་རྣམ་པ་གཉིས་གཉིས་ཏེ་གང་ཟག་ཡོད་པ་དང་སེམས་སོགས་ཆོས་ཡོད་པར་སྒྲོ་འདོགས་པ་གཉིས་དང༌། གང་ཟག་མེད་པ་དང་ཆོས་མེད་པར་སྐུར་འདེབས་གཉིས་སོ། །དེ་ལ་གང་ཟག་ལ་སྒྲོ་སྐུར་དེ་སྤོང་བྱེད་དབུ་མའི་ལམ་ནི་གང་བདག་དང་བདག་མེད་པ་གཉིས་ཀྱི་དབུས་ནིརྣམ་པར་མི་རྟོག་པའོ་ཞེས་གསུངས་པ་ལྟ་བུ་དང༌། སེམས་སོགས་ཆོས་ལ་སྒྲོ་སྐུར་སྤོང་བ་དབུ་མའི་ལམ་ནི་གང་ལ་སེམས་མེད་པ་དང་སེམས་པ་མེད་པ་དང༌། ཡིད་མེད་པ་དང༌། རྣམ་པར་ཤེས་པ་མེད་པའོ། །ཞེས་གསུངས་པ་ལྟ་བུའོ། །མི་དགེ་བ་དང་ཀུན་ཉོན་ལ་མི་མཐུན་ཕྱོགས་དང༌། དགེ་བ་དང་རྣམ་བྱང་ལ་གཉེན་པོའི་ངོ་བོ་ཉིད་དུ་ལྟ་བའི་མཐའ་དེ་དག་སྤོང་བྱེད་དབུ་མའི་ལམ་ནི། གང་མཐའ་དེ་གཉིས་ཁས་མི་ལེན་ཞིང་མི་བརྗོད་མི་སྨྲ་བར་གསུངས་པ་ལྟ་བུའོ། །གང་ཆོས་དང་གང་ཟག་ཡོད་ཅིང་དེ་ཐེར་ཟུག་ཏུ་གནས་པར་འདུ་ཤེས་པ་རྟག་པའི་མཐའ་དང༌། ཆོས་དང་གང་ཟག་མེད་པའམ་རྒྱུན་ཆད་དེ་
མཚམས་མི་སྦྱོར་བར་འདུ་ཤེས་པ་ཆད་པའི་མཐའ་སྟེ། དེ་གཉིས་སྤོང་བྱེད་དབུ་མའི་ལམ་ནི། རྟག་པ་དང་ཆད་པ་མེད་པའི་དབུས་སུ་བསྟེན་པ་གང་ཡིན་པའོ། །ཡང་གཟུང་འཛིན་གཉིས་ཀྱི་མཐའ་དང༌། ཀུན་ཉོན་དང་རྣམ་བྱང་གཉིས་ཀྱི་མཐའ་སྟེ་མཐའ་གཉིས་སུ་སྤྱིར་བསྟན་པ་དང༌། དེ་ཡང་ཅི་ལྟ་བུ་ཞེ་ན། མ་རིག་པ་ནས་རྒ་ཤིའི་བར་ཀུན་ཉོན་ལ་གཟུང་འཛིན་དུ་ཞེན་པ་དང༌།མ་རིག་པ་འགགས་པ་ནས་རྒ་ཤིའི་བར་འགགས་པའི་རྣམ་བྱང་ལ་གཟུང་འཛིན་དུ་ཞེན་པའི་མཐའ་གཉིས་པོ་དེ་སྤོང་བྱེད་དབུ་མའི་ལམ་ནི། རིག་དང་མ་རིག་པ་འདི་ནི་གཉིས་སུ་མེད་དོ་ཞེས་སོགས་རྒྱ་ཆེར་འབྱུང་བ་བཞིན་ནོ། །ཀུན་ནས་ཉོན་མོངས་པ་ལ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེའི་དང་པོ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལ་ལྟ་བ་དང་དུག་གསུམ་གྱི་རྒྱུ་དང༌། ཡང་སྲིད་ལ་སློབ་པ་གསུམ་ཡོད་པ་དེ་དག་གི་གཉེན་པོར་སྟོང་ཉིད་མཚན་མེད་སྨོན་མེད་དུ་ཤེས་པའོ། །གཉིས་པ། ལས་ཀྱི་ཀུན་ཉོན་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པའོ། །དེའི་གཉེན་པོར་མངོན་པར་འདུ་མི་བྱེད་པ་ཤེས་པའོ། །གསུམ་པ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི། ཡང་སྲིད་པར་སྐྱེ་བ་དང༌། སྐྱེས་ནས་མ་ཤི་བར་སེམས་སེམས་བྱུང་རྣམས་སྐད་ཅིག་རེ་རེ་ལ་འབྱུང་བ་དང༌། ཡང་སྲིད་པའི་རྒྱུན་ཏེ་རིམ་པ་ལྟར་འཆི་སྲིད་དང་སྐྱེ་སྲིད་བར་སྲིད་རྣམ་པ་གསུམ་མོ། །དེ་དག་གི་གཉེན་པོར་སྐྱེ
བ་མེད་པར་ཤེས་པ། འབྱུང་བ་མེད་པར་ཤེས་པ། ངོ་བོ་ཉིད་མེད་པར་ཤེས་པའོ། ། དེ་ལྟར་ཀུན་ཉོན་རྣམ་པ་དེ་གསུམ་བྲལ་བ་ནི་རྣམ་བྱང་སྟེ་དེ་ལའང་དེའི་ངོ་བོ་ཉིད་དུ་ཞེན་པ་མེད་པ་དང༌། མདོར་བསྡུ་ན་ཆོས་དབྱིངས་ཉོན་མོངས་པར་གྱུར་པའམ། རྣམ་པར་དག་པར་གྱུར་པའོ་སྙམ་དུ་ཞེན་ཅིང་དེ་ཡང་སྟོང་པ་ཉིད་ལ་སོགས་པ་གཉེན་པོ་དེ་དག་གིས་སྤང་བྱ་དེ་དག་བསལ་ལོ་སྙམ་དུ་ཞེན་ནས་མཐའ་གཉིས་སུ་འཛིན་པའི་གཉེན་པོར་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི་ཆོས་རྣམས་རང་བཞིན་གྱིས་སྟོང་པའོ་ཞེས་གསུངས་པ་ལྟ་བུ་སྟེ། གང་སྤང་བྱ་དང་གཉེན་པོ་དང་སྟོང་པ་དང་མི་སྟོང་པ་ལ་སོགས་པའི་མཐའ་ཡོད་ཀྱི་རིང་ལ་ཀུན་བཏགས་པ་དང་ཀུན་རྫོབ་དང་ཐ་སྙད་ཀྱི་སྤྱོད་ཡུལ་དུ་ལྷུང་བ་ཡིན་ལ། སྟོང་པ་ཉིད་དོན་དམ་པའི་རང་གི་ངོ་བོ་ཉིད་དུ་གདོད་ནས་མཐའ་གང་དུའང་མ་གྲུབ་པ་བརྗོད་དུ་མེད་པ་དེའི་ཕྱིར་དེས་སྟོང་པར་བྱས་པ་མ་ཡིན་གྱི་ཡེ་ནས་མཐའ་ཀུན་དང་བྲལ་བའི་ཚུལ་གྱིས་སྟོང་པ་ཉིད་ཡིན་ནོ། །གཉིས་པ་བདུན་ཚན་ཕྱི་མ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ།རྣམ་པར་རྟོག་པ་སོགས་ཀྱིས་བསྟན་ཏེ། གོང་དུ་བསྟན་པ་དེར་མ་ཟད་གཞན་ཡང་རྣམ་པར་རྟོག་པ་གཉིས་ཀྱི་མཐའ་འམ། མཐའ་གཉིས་ཀྱི་རྣམ་རྟོག་དེ་ནི་རྣམ་པ་བདུན་དུ་འདོད་དོ། །གཉིས་པ། དངོས་ཡོད་དངོས་མེད་སོགས་ཀྱིས་བསྟན་ཏེ། རྣམ་རྟོག་གི་མཐའ་གཉིས་ཟུང་དུ་སྦྱར་བ་བདུན་པོ་དེ་གང་
ཞེ་ན། དངོས་པོ་ཡོད་པར་རྣམ་པར་རྟོག་པ་ཡང་མཐའ་ཡིན་ལ། དངོས་པོ་མེད་པ་རྣམ་པར་རྟོག་པ་ཡང་མཐའ་ཡིན་པས་མཐའ་དེ་གཉིས་ཀྱི་གཉེན་པོར་དབུ་མའི་ལམ་བསྟན་པ་ནི་འདི་ལྟ་སྟེ། གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི་སྟོང་པ་ཉིད་ཀྱིས་སྟོང་སྟེ། སྔོན་གྱི་མཐའ་སྟོང་པ་དང༌། ཕྱི་མའི་མཐའ་སྟོང་པ་ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །ཞི་བར་བྱ་བ་སྤང་བྱ་དང༌། ཞི་བར་བྱེད་པ་གཉེན་པོ་ལ་དེ་དང་དེར་རྣམ་པར་རྟོག་པ་ནི་མཐའ་ཡིན་ལ། དེའི་གཉེན་པོ་དབུ་མའི་ལམ་ནི་སྤང་བྱ་རང་བཞིན་གྱིས་མ་གྲུབ་པས་དེའི་གཉེན་པོ་ཡང་དོན་དམ་པར་མ་གྲུབ་པར་བསྟན་པ་ནི། འོད་སྲུང་འདི་ལྟ་སྟེ། མི་ལ་ལ་ནམ་མཁས་༼ར༽འཇིགས་ཤིང་སྐྲག་ནས་ངུས་ཏེ་ནམ་མཁའ་འདི་སོལ་ཞེས་ཟེར་ན། འོད་སྲུང་འདི་ཅི་སྙམ་དུ་སེམས། ནམ་མཁའ་འདི་བསལ་བར་ནུས་སམ་ཞེས་སོགས་གསུངས་པ་ལྟ་བུའོ། །སྡུག་བསྔལ་གྱི་འབྱུང་གནས་ཁམས་གསུམ་འཁོར་བ་ལ་སྐྲག་བྱ་ཉིད་དུ་རྟོག་པ་དང༌། དེ་ལ་འཇིགས་ཤིང་སྐྲག་པའི་རྟོག་པ་ནི་མཐའ་ཡིན་ལ། མཐའ་དེ་དག་སྤོང་བྱེད་དབུ་མའི་ལམ་ནི། འོད་སྲུང་དཔེར་ན་འདི་ལྟ་སྟེ། རི་མོ་མཁན་ཞིག་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་ནས། དེས་འཇིགས་སྐྲག་སྟེ་ཁ་སྦུབ་ཏུ་འགྱེལ་ནས་བརྒྱལ་བར་གྱུར་པ་དེ་བཞིན་དུ་ཞེས་སོགས་གསུངས་པ་ལྟ་བུ་སྟེ། རང་གི་རྣམ་པར་རྟོག་པས་སྤྲུལ་བའི་འཁོར་བ་དང་དེ་ལ་སྐྲག་པའང་བཤད་མ་ཐག་པའི་དཔེ་དེ་ལྟར་ཤེས་ནས་མཐའ་དེ
གཉིས་སྤོང་བ་ཡིན་ནོ། །དཔེ་སྔ་མ་ནམ་མཁའི་དཔེ་ནི་ཉན་ཐོས་རྣམས་ལས་བརྩམས་ཏེ་བསྟན་པ་ཡིན་ཏེ། ཉན་ཐོས་པས་ཆོས་རྣམས་རང་བཞིན་གྱིས་སྟོང་པར་ཁོང་དུ་མ་ཆུད་ནས། ཆོས་རྣམས་སྤང་བྱ་དང་སྟོང་ཉིད་སྤོང་བྱེད་ལྟ་བུར་བསམ་ཞིང༌། སྟོང་པ་ཉིད་ཀྱི་ཆོས་རྣམས་བཤིག་པར་བྱེད་པའི་དོན་དུ་བཟུང་ནས་སྟོང་པ་ཉིད་ལ་སྐྲག་པ་རྣམས་ལ་སྐྲག་པ་དེ་སྤོང་བའི་དོན་དུ་ནམ་མཁའ་བསལ་བར་མི་ནུས་པ་ལྟར་སྟོང་པ་ཉིད་ཆོས་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡེ་ནས་རྗེས་སུ་སོང་བར་བསྟན་པའོ། །དཔེ་ཕྱི་མ་རི་མོ་མཁན་གྱི་དཔེས་བསྟན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་ཡུན་རིང་དུ་བཞུགས་པ་ལ་མི་སྐྱོ་བར་བྱ་བའི་ཕྱིར་བསྟན་པའོ། །འདི་གཉིས་ལ་རྣམ་པ་གཞན་དང་གཞན་གྱིས་འཆད་ཚུལ་བློ་བརྟན་འགྲེལ་བ་ན་སྣང་ངོ༌། །གཟུགས་སོགས་ལ་གཟུང་བ་དང༌། མིག་སོགས་ལ་འཛིན་པར་རྣམ་པར་རྟོག་པ་ཡང་མཐའ་ཡིན་ལ། དེ་གཉིས་སྤོང་བྱེད་དབུ་མའི་ལམ་ནི་འོད་སྲུང་འདི་ལྟ་སྟེ།དཔེར་ན་སྒྱུ་མ་བྱེད་པའི་མི་ཞིག་གིས་སྒྱུ་མ་སྤྲུལ་བ་དེས་སྒྱུ་མ་བྱེད་པ་ཉིད་ཟོས་པ་དེ་བཞིན་དུ་ཞེས་སོགས་གསུངས་ཏེ། གཟུང་འཛིན་གཉིས་སུ་སྣང་ཡང་ཐ་དད་དུ་མེད་དེ་རྣམ་རིག་ཙམ་དུ་གྲུབ་ལ། དེ་གཉིས་གཅིག་མ་གྲུབ་ན་ཅིག་ཤོས་ཀྱང་མི་གྲུབ་པས་དོན་ལ་གཟུང་འཛིན་དུ་མ་གྲུབ་པ་དཔེ་དེས་བསྟན་ཏོ། །ཟག་མེད་ལ་ཡང་དག་པ་ཉིད་དུ་རྟོག་པ་དང༌། ཟག་བཅས་ལ་ལོག་པ་ཉིད་དུ་རྟོག་པ་ཡང་མཐའ་ཡིན་ལ། དེ་གཉིས་སྤོང་བྱེད་དབུ་མའི་ལམ་བསྟན་པ་ནི།
འོད་སྲུང་འདི་ལྟ་སྟེ་དཔེར་ན་ཤིང་གཉིས་ང་གིས་དྲུད་པ་ལས་མེ་འབྱུང་སྟེ།བྱུང་མ་ཐག་ཏུ་ཤིང་དེ་གཉིས་ཚིག་པར་བྱེད་པ་དེ་བཞིན་དུ་ཞེས་སོགས་གསུངས་ཏེ་ཇི་ལྟར་མེའི་རང་བཞིན་མིན་པའི་ཤིང་ལས་མི་བྱུང་ལ། དེས་ཤིང་དེ་ཉིད་བསྲེགས་པ་བཞིན་དུ་ཡང་དག་མིན་པའམ་ཟག་པ་དང་བཅས་པ་སྦྱོར་ལམ་གྱི་གནས་སྐབས་ན་ཡོད་པའི་སོ་སོར་རྟོག་པ་ཤིང་ལྟ་བུ་ལས། ཡང་དག་པ་ཟག་མེད་འཕགས་པའི་ཤེས་རབ་ཀྱི་མེ་འབྱུང་ལ། མེ་དེས་སོ་སོར་རྟོག་པ་ཉིད་འཚིགས་པ་ལྟར་འཇིག་པར་བྱེད་པ་དེ་དག་ནི་བརྟེན་ནས་འབྱུང་བ་སྒྱུ་མ་ལྟ་བུ་ཡིན་གྱི། ཡང་དག་དང་ལོག་པ་ཞེས་རིས་སུ་མ་ཆད་དེ་རང་གི་ངོ་བོས་མ་གྲུབ་པར་བསྟན་པའོ། །གཉེན་པོ་ཡེ་ཤེས་ཀྱིས་སྤང་བྱ་སྤོང་བའི་བྱ་བ་བྱེད་པ་ལ་བྱེད་པའི་ངོ་བོར་བདེན་པར་འཛིན་པའམ། ཡང་ན་ཡེ་ཤེས་ཀྱིས་སྤང་བྱ་སྤོང་ངོ་སྙམ་དུ་བློ་སྔོན་དུ་བཏང་ནས་བྱེད་པ་ལྟ་བུ་བྱེད་པར་སྒྲོ་འདོགས་པའིརྟོག་པ་དང༌། སྤོང་པའི་བྱ་བ་བྱེད་མི་ནུས་པའམ། བྱེད་པ་མིན་པར་རྟོག་པ་ནི་སྐུར་འདེབས་ཀྱི་མཐའ་ཡིན་ལ། དེ་སེལ་བྱེད་དབུ་མའི་ལམ་ནི་འོད་སྲུང་འདི་ལྟ་སྟེ། དཔེར་ན། མར་མེ་བྱུང་ན་མུན་པ་མུན་ནག་ཐམས་ཅད་མེད་པར་འགྱུར་ཡང༌། འོད་སྲུང་མར་མེ་དེ་འདི་ལྟར་བདག་གིས་མུན་པ་མུན་ནག་གང་དག་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱང༌། མར་མེ་ལ་བརྟེན་ནས་མུན་པ་མུན་ནག་མེད་པར་གྱུར་པ་དེ་བཞིན་དུ་ཞེས་སོགས་ཀྱིས་བསྟན་པར་མཛད་དེ། མར་མེ་ལ་རྟོག་པ་མེད་ཀྱང་མུན་པ་སེལ་བའི་མཐུ་ཡོད་པ་བཞིན་དུ་ཡེ
ཤེས་ཀྱིས་སྒྲིབ་པ་སེལ་བ་ཡང་དེ་དང་འདྲ་བར་བསྟན་པའོ། །སེམས་ཅན་རྣམས་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་ཞུགས་པའི་སྒྲིབ་པ་འདི་དག་སྤོང་དཀའ་ཞིང་ཚན་ཆེ་བས་ན་གཉེན་པོ་ཡེ་ཤེས་སྐྱེ་བའི་གོ་སྐབས་མེད་དོ་སྙམ་དུ་གཉེན་པོ་རྒྱུད་ལ་སྐྱེ་བ་མེད་པར་འཛིན་པའི་རྟོག་པ་དང༌། སྐྱེས་ཀྱང་སྤང་བྱ་དེ་མ་ཐག་ཏུ་འགག་མི་ནུས་པས་སྤོང་གཉེན་གཉིས་དུས་མཉམ་པར་ཡུན་རིང་འགྲོགས་པའམ། མཉམ་པའི་དུས་ཅན་དུ་འགྱུར་སྙམ་པའི་རྣམ་རྟོག་ནི་མཐའ་ཡིན་ལ། དེ་དག་སྦྱོང་བྱེད་དབུ་མའི་ལམ་བསྟན་པ་ནི། འོད་སྲུང་འདི་ལྟ་སྟེ།དཔེར་ན། ཁྱིམ་མམ། ཁང་པའམ། ཁང་ཕྲན་ལོ་བརྒྱ་སྟོང་འདས་པར་སུས་ཀྱང་མར་མེ་མ་བུས་པ་དེར་མི་ལ་ལ་ཞིག་གིས་མར་མེ་དེ་བུས་ན། འོད་སྲུང་འདི་ཅི་སྙམ་དུ་སེམས། མུན་པ་མུན་ནག་དེ་འདི་ལྟར་བདག་ནི་ལོ་བརྒྱ་སྟོང་དུ་བསགས་པ་བདག་ནི་འདི་ནས་མི་འགྲོའོ་སྙམ་དུ་སེམས་སམ། ཞེས་སོགས་གསུངས་ཏེ། སྣང་བ་སྐྱེས་ན་མུན་པ་ངེས་པར་འགག་པ་དང༌། དེ་གཉིས་དུས་མཉམ་པར་མེ་འགྲོགས་པ་དང༌། མུན་པ་ཡུན་ཇི་༼ལྟར༽རིང་ཡང་དེར་མར་མེ་སྤར་བ་མི་སྲིད་པ་མིན་པའི་དཔེ་དེའི་སྒོ་ནས་རྣམ་པར་རྟོག་པའི་མཐའ་དེ་དག་བསལ་བ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་རྣམ་རྟོག་ཟུང་རེ་སྦྱར་བ་བདུན་ཚན་གཅིག་པོ་དེ་ནི་དངོས་པོའི་གནས་ཚོད་དང་མི་མཐུན་པར་འཛིན་པའི་རྟོག་པ་གང་ཞིག་སྒྲོ་སྐུར་གང་རུང་གི་ཕྱོགས་སུ་ལྷུང་བས་ན་རྣམ་རྟོག་གཉིས་ཀྱི་མཐའ་ཞེས་བྱ་ལ། མཐའ་དེ་དག་དང་བྲལ་བ་དབུ་མའི་དོན་ལ་ཇི་
ལྟ་བ་བཞིན་འཇུག་པ་ནི་བྱང་ཆུབ་སེམས་དཔའི་ལམ་མཐའ་གཉིས་སྤོང་བའི་སྒྲུབ་པ་ཞེས་བྱ་བ་ཤེས་པར་བྱའོ། །གོང་གི་ས་བཅད་ལྔ་པ་དང་དྲུག་པ་ལྷན་ཅིག་ཏུ། ཁྱད་པར་ཅན་དང་སོགས་ཀྱིས་བསྟན་ཏེ། ཁྱད་པར་ཅན་གྱི་སྒྲུབ་པ་དང༌། ཁྱད་པར་མེད་པའི་སྒྲུབ་པ་ནི་ས་བཅུ་བོ་དག་ཏུ་ཤེས་པར་བྱ་སྟེ། གང་ཞེ་ན། ས་དང་པོ་ལ་སྦྱིན་པ་ཤས་ཆེར་སྒྲུབ་པ་དང༌།གཉིས་པར་ཚུལ་ཁྲིམས་ལྷག་པར་སྒྲུབ་པ་སོགས་ཀྱི་ཆ་ནས་ཁྱད་པར་ཅན་གྱི་སྒྲུབ་པ་ཞེས་བྱ་ལ། ས་ཐམས་ཅད་དུ་ཡང་ཕར་ཕྱིན་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཆ་ནས་ཁྱད་པར་མེད་པའི་སྒྲུབ་པ་ཞེས་བྱ་སྟེ། དེ་ལྟར་ན་སྒྲུབ་པ་རྣམ་པ་དྲུག་གི་སྒོ་ནས་ལམ་སྒྲུབ་པ་བླ་ན་མེད་པ་བཤད་ཟིན་ཏོ། །ད་ནི་གཉིས་པ་དམིགས་པ་བླ་ན་མེད་པ་ནི། རྣམ་པར་བཞག་དང་སོགས་ཀྱིས་བསྟན་ཏེ། སྒྲུབ་པའི་གཞིར་གྱུར་པ་ཡུལ་གང་ལ་ཇི་ལྟར་དམིགས་ནས་འཇུག་ཅེ་ན།ཉན་ཐོས་ལ་སོགས་པ་ལྟར་དམིགས་པ་ཉི་ཚེ་བ་མ་ཡིན་ཏེ་ཟབ་པ་དང་རྒྱ་ཆེ་བའི་དོན་མཐའ་དག་གཏན་ལ་ཕབ་པའི་ཚུལ་གྱིས་དམིགས་པ་ཡིན་པས་དམིགས་པ་བླ་ན་མེད་པ་ཡིན་ལ། དེ་ཉིད་ནི་ངོ་བོའི་སྒོ་ནས་རྣམ་པ་བཞི་དང༌། ས་མཚམས་ཀྱི་སྒོ་ནས་བརྒྱད་དེ་བཅུ་གཉིས་སུ་ཡོད་དོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་སྣ་ཚོགས་པའི་ཆོས་གང་དག་རྣམ་པར་བཞག་པའི་དོན་ཇི་སྙེད་པའི་གནས་ལ་མ་ནོར་བར་དམིགས་པ་དང༌།གནས་ལུགས་དེ་བཞིན་ཉིད་བདག་གཉིས་ཀྱིས་སྟོང་པའི་དབྱིངས་ཟབ་མོའི
དོན་ལ་ཇི་ལྟ་བ་བཞིན་དུ་དམིགས་པ་དང་གཉིས་ནི་བདེན་པ་གཉིས་ཀྱིས་བསྡུས་པ་རྒྱ་ཆེ་བ་དང་ཟབ་པའི་དོན་གཏན་ལ་དབབ་པའི་ཚུལ་གྱིས་དམིགས་པའོ། །བསྒྲུབ་བྱ་ལ་དམིགས་པ་དང༌། སྒྲུབ་པའི་དམིགས་པ་གཉིས་ནི་སྔ་མ་གཉིས་ཀྱི་དབང་གིས་ཏེ། ཇི་ལྟར་ན་རྒྱ་ཆེ་བའི་ལམ་གྱི་རྣམ་པ་མཐའ་དག་ཕར་ཕྱིན་བཅུར་འདུ་བས་ན་དེ་ཉིད་ཉམས་སུ་ལེན་པ་ནི་བསྒྲུབ་བྱ་ཕར་ཕྱིན་ལ་དམིགས་པ་དང༌། ཟབ་མོ་ཆོས་ཀྱི་དབྱིངས་རྟོགས་པས་ན་ཕར་ཕྱིན་དེ་དག་ཀྱང་འཁོར་གསུམ་དག་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ནས་ཐབས་མཁས་ཀྱི་སྒྲུབ་པ་ཁྱད་པར་ཅན་དུ་གྱུར་པ་ནི་སྒྲུབ་པའི་དམིགས་པ་ཞེས་བྱ་སྟེ། འཁོར་གསུམ་དག་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་ཕར་ཕྱིན་རྣམས་ནི་ཟག་པ་མེད་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་འགྱུར་བའི་ཕྱིར་དེ་ལྟར་བརྗོད་དོ། །ཚུལ་བཞི་པོ་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་དམིགས་པ་བླ་ན་མེད་པ་ཡིན་ལ། དེའང་ལམ་གྱི་གནས་སྐབས་རྣམས་སུ་གོང་ནས་གོང་དུ་འཕེལ་བའི་ཚུལ་གྱིས་དམིགས་པར་འགྱུར་ཏེ། དེ་ཡང་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་དང་སྦྱིན་སོགས་ལ་དམིགས་པ་ནི་འཛིན་པའི་དམིགས་པ་ཞེས་བྱ་བ་དང༌། རིགས་པ་བཞི་དང་ལྡན་པའི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དེ་གཉིས་ལ་དམིགས་ཤིང་དོན་རྟོགས་པ་ནི་ངེས་པར་འཛིན་པའི་དམིགས་པ་དང༌། དེ་བཞིན་དུ་སྒོམ་པ་ལས་བྱུང་བའི་སོ་སོ་རང་གི་རིག་པས་དམིགས་པ་ནི་ཡང་དག་པར་རབ་ཏུ་འཛིན་
པའི་ཚུལ་གྱིས་དམིགས་པ་དང༌། ས་དང་པོར་ཆོས་ཀྱི་དབྱིངས་མངོན་སུམ་རབ་ཏུ་རྟོགས་པའི་དམིགས་པ་དང༌། ས་གཉིས་པ་ནས་བདུན་པའི་བར་གྱིས་ས་དྲུག་པོ་རྟོགས་པ་གོང་ནས་གོང་དུ་རབ་ཏུ་རྒྱས་པའི་དམིགས་པ་དང༌། ས་བདུན་པ་དེ་ཉིད་ལ་མདོ་སྡེ་ལ་སོགས་པའི་ཆོས་ཀུན་ཁོང་དུ་ཆུད་ཅིང་སྲིད་ཞིའི་ཆོས་ལ་མཚན་མ་མེད་པའི་རྣམ་པར་རྟོག་པའི་དམིགས་པ་དང༌། ས་བརྒྱད་པར་འབད་རྩོལ་དང་འདུ་བྱེད་ཐམས་ཅད་དང་བྲལ་ཏེ་རྣལ་དུ་འདུག་པའི་དམིགས་པ་དང༌། ས་དགུ་བ་བཅུ་བ་བཅུ་གཅིག་པ་སངས་རྒྱས་ཀྱི་ས་གསུམ་ལ་ཡེ་ཤེས་ཕུལ་དུ་བྱུང་བ་དང༌། ཕྲིན་ལས་ཕུལ་བྱུང་དང༌། རྣམ་པར་དག་པ་ཕུལ་བྱུང་གསུམ་འབྱུང་བའི་དེ་དག་གི་དམིགས་པ་སྟེ། ས་དགུ་བར་སོ་སོར་ཡང་དག་པ་རིག་པ་བཞིའི་ཡེ་ཤེས་ཕུལ་དུ་བྱུང་བ་ཐོབ་པས་ཡེ་ཤེས་ཕུལ་དུ་བྱུང་བའི་དམིགས་པ་དང༌། ས་བཅུ་བར་ཕྲིན་ལས་ལ་དབང་བ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་ཕྲིན་ལས་ཕུལ་དུ་བྱུང་བའི་དམིགས་པ་དང༌། བཅུ་གཅིག་པ་སངས་རྒྱས་ཀྱི་སར་ནི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་རྣམ་པར་དག་པ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རྣམ་པར་དག་པ་ཕུལ་དུ་བྱུང་པའི་དམིགས་པར་འདོད་དེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དེས་ཇི་ལྟ་ཇི་སྙེད་ཀྱི་ཆོས་མ་ལུས་པ་གཟིགས་པའམ་དམིགས་པའི་ཕྱིར་རོ། །གསུམ་པ། ཡང་དག་པར་འགྲུབ་པ་བླ་ན་མེད་པ་ནི། མ་ཚང་མེད་དང་སོགས་ཀྱིས་བསྟན་ཏེ། ཐེག་པ་ཆེན་པོའི་ལམ་ལ་ཞུགས་པས་གནས་སྐབས་དང་མཐར་ཐུག་གི
འབྲས་བུ་གང་ཞིག་ཉན་རང་གི་ཐོབ་བྱ་ལས་ཁྱད་པར་དུ་འཕགས་པ་འགྲུབ་པ་ནིརྣམ་པ་བཅུས་བསྟན་ཏེ། དེ་ཡང་ཐེག་པ་ཆེན་པོ་མཐའ་དག་གི་དོན་བསྡུ་བ་རྣམ་པ་བཅུར་གསུངས་པ་ནི། མདོ་སྡེ་རྒྱན་ལས། རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་སེམས་ནི་བསྐྱེད་པ་དང༌། །སྦྱིན་ལ་སོགས་པ་སྒྲུབ་པ་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་དང༌། ། སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །ཞིང་ནི་རྣམ་པར་སྦྱོང་བ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་རིགས་སད་པ་དང༌། སད་པའི་རྐྱེན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང༌། བསམ་པ་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྦྱོར་བ་ཕར་ཕྱིན་དྲུག་པ་སྒྲུབ་པ་དང༌། སྐྱོན་མེད་པ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་འཇུག་པ་ནས་འཕགས་པའི་སར་ཚུད་པ་དང༌། ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བ་དང༌། སྲིད་ཞི་མཉམ་ཉིད་དུ་རྟོགས་པས་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་རྫོགས་པར་བྱེད་པ་སྟེ་འདི་གསུམ་ནི་གཙོ་བོར་དག་སས་བསྡུས་པའི་ཡོན་ཏན་ནོ། །མཐར་འབྲས་བླ་ན་མེད་པའི་བྱང་ཆུབ་མཆོག་སངས་རྒྱས་ཐོབ་པ་དང༌།ཐོབ་ནས་སྲིད་པ་ཇི་སྲིད་དུ་བྱང་ཆུབ་ཡང་དག་པར་སྟོན་པའམ་སངས་རྒྱས་ཀྱི་ཚུལ་རྒྱུན་མི་གཅོད་པ་སྟེ། གཟུགས་སྐུ་ཉིད་ཀྱིས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པའི་ཚུལ་རྒྱུན་མི་གཅོད་པའོ། །ཚུལ་དེ་དང་མཐུན་
པར་འདིར་ཡང་ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་སོགས་འཁོར་ལོ་ཆེན་པོ་བཞི་དང་ལྡན་པ་ཐེག་པ་ཆེན་པོའི་རིགས་སད་པའི་རྐྱེན་མ་ཚང་བ་མེད་པ་ནི་རིགས་ཡང་དག་པར་འགྲུབ་པ་སྟེ་རྒྱུ་ཐམས་ཅད་ཀྱི་དང་པོའོ། །དེ་བཞིན་དུ་ཐེག་པ་མཆོག་གི་ལམ་ཡོངས་སུ་མི་སྤོང་བ་ཐེག་ཆེན་ལ་མོས་པ་ཡང་དག་པར་འགྲུབ་པ་དང༌། ཐེག་དམན་ཡིད་བྱེད་ཀྱིས་མི་གཡེང་བ་ཐེག་ཆེན་སེམས་བསྐྱེད་ཡང་དག་པར་འགྲུབ་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་རྫོགས་པར་བྱེད་པ་སྒྲུབ་པ་ཡང་དག་པར་འགྲུབ་པ་དང༌། ས་དང་པོར་འཇིག་རྟེན་ལས་འདས་པ་ཡང་དག་པའི་ཆོས་འཕགས་ལམ་བསྐྱེད་པ་སྐྱོན་མེད་པར་འཇུག་པ་ཡང་དག་པར་འགྲུབ་པ་དང༌། དེ་ནས་ས་བདུན་པའི་བར་དུ་དགེ་བའི་རྩ་བ་གོང་ནས་གོང་དུ་ཡུན་རིང་པོར་འཕེལ་བས་སེམས་ཅན་ཡོངས་སུ་སྨིན་པ་ཡང་དག་པར་འགྲུབ་པ་དང༌། ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སེམས་ལས་སུ་རུང་ཞིང་ཁ་ཕྱིར་བལྟས་སྒོ་ལྔའི་རྣམ་ཤེས་གནས་གྱུར་པས་ཞིང་ཡོངས་སུ་དག་པ་ཡོངས་སུ་འགྲུབ་པ་དང༌། སྲིད་ཞི་མཉམ་པ་ཉིད་དུ་རྟོགས་ཏེ་ཁ་ནང་བལྟས་ཉོན་མོངས་པའི་ཡིད་གནས་གྱུར་པས་འཁོར་འདས་གཉིས་ཀྱི་མཐའ་ལ་མི་གནས་པའི་མྱང་འདས་ཀྱི་དོན་མཐོང་བས་སངས་རྒྱས་རྣམས་ཀྱིས་ཕྱིར་མི་ལྡོག་པའི་ས་ལ་ལུང་སྟོན་པ་ཡང་དག་པར་འགྲུབ་པ་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་ཟད་པས་སྒྲིབ་པ་མེད་པས་བྱང་ཆུབ་མཆོག་སངས་རྒྱས་ཀྱིས་ཡང་དག་པར་འགྲུབ་པ་ཉིད་དང༌། བླ་
ན་མེད་པ་བྱང་ཆུབ་ཆེན་པོ་སྐུ་གསུམ་གྱི་བདག་ཉིད་ཅན་དེ་ཡི་ཚུལ་ནམ་ཡང་རྒྱུན་མི་གཅོད་པ་བྱང་ཆུབ་ཀུན་ཏུ་སྟོན་པ་ཡང་དག་པར་འགྲུབ་པ་ཉིད་དེ། དེ་ལྟར་མཐར་ཐུག་གི་འབྲས་བུའི་བར་དུ་འགྲུབ་ཚུལ་ལེགས་པར་བསྟན་པ་ཡིན་ནོ། །བཞི་བ་མཇུག་གི་དོན་ལ་གཞུང་འདི་རྟོགས་དཀའ་ཞིང་ཡོན་ཏན་ཆེ་བར་བསྟན་པ་དང༌། གཞུང་དེའི་མཛད་བྱང་དང་འགྱུར་བྱང་སྨོས་པའོ། །དང་པོ། དབུས་རྣམ་འབྱེད་པའི་སོགས་ཀྱིས་བསྟན་ཏེ། མཐའ་དང་བྲལ་བའི་དབུས་གང་ཡིན་པ་དབུ་མའི་ལམ་སྟོན་པས་ན། དབུས་རྣམ་པར་འབྱེད་པའི་བསྟན་བཅོས་སམ།དབུས་དང་མཐའ་མ་འདྲེས་པ་རྣམ་པར་འབྱེད་པའི་བསྟན་བཅོས་ཞེས་བྱ་སྟེ།འདི་ནི་ཤིན་ཏུ་ཟབ་པས་རྟོག་གེའི་བློས་རྟོགས་པར་དཀའ་བ་དང༌། ཕས་ཀྱིརྒོལ་བས་མི་ཤིགས་པའི་སྙིང་པོའི་དོན་ནམ། ཐེག་པ་མཐའ་དག་གི་སྙིང་པོའི་དོན་དུ་གྱུར་པ་དང༌། རང་དང་གཞན་གྱི་དོན་ཆེན་པོ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་ཐོབ་པ་དང༌། ཐེག་པ་གསུམ་གྱི་རིགས་ཅན་མཐའ་དག་པ་ཀུན་ཀྱི་དོན་དུ་གྱུར་པ་དང༌། དོན་མེད་པ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་དང༌། ཉོན་ཤེས་ཀྱི་སྒྲིབ་པ་ཐམས་ཅད་སེལ་བ་སྟེ་ཡོན་ཏན་གྱི་ཁྱད་པར་ལྔ་དང་ལྡན་པའི་ཕྱིར་མཆོག་གི་བསྟན་བཅོས་སུ་གྱུར་པ་ཉིད་དོ། །བསྟན་བཅོས་དབུས་མཐའ་རྣམ་འབྱེད་ཀྱི་ཐེག་པ་བླ་ན་མེད་པའི་ལེའུའི་འགྲེལ་བའི་སྐབས་སོ། །
གཉིས་པ་མཛད་བྱང་ནི། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་འཕགས་པ་བྱམས་པས་མཛད་པ་རྫོགས་སོ། །ཞེས་དང༌། འགྱུར་བྱང་ནི། རྒྱ་གར་གྱི་མཁན་པོ་ཛཱི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་སོ། །སླར་ཡང་སྨྲས་པ། མཐར་འཛིན་ལྟ་བ་ངན་པའི་གཡང་ས་ལས། །བདེ་བར་སྒྲོལ་བྱེད་ཡང་དག་དབུ་མའི་ལམ། །རིགས་ཅན་གསུམ་གྱི་གང་ཟག་འཇུག་པའི་སྒོ། །རྒྱལ་ཚབ་སེམས་དཔའ་མཆོག་དེས་ལེགས་པར་བསྟན། །སྣ་ཚོགས་ཆོས་ཀྱི་ཕུང་པོའི་རིན་ཆེན་གཏེར། །གང་དུ་ཆུད་པ་རྒྱ་ཆེའི་ཆོས་ཀྱི་མཛོད། །གསལ་བར་སྟོན་པ་ལེགས་བཤད་འོད་ཕྲེང་འདིས། །འགྲོ་ཀུན་ཆོས་ཀྱི་འབྱོར་བས་ཚིམ་བྱེད་ཤོག །ཆོས་སྡེ་འདིས་མཚོན་འཛམ་གླིང་ཐ་གྲུ་ཀུན། །ཡང་དག་ཆོས་ཀྱི་སྣང་བས་ཁྱབ་གྱུར་ཏེ། །བཤད་སྒྲུབ་པདྨའི་དགའ་ཚལ་རབ་རྒྱས་ཤིང༌། །མི་ཉམས་སྲིད་མཐའི་བར་དུ་གནས་གྱུར་ཅིག །བདག་ཀྱང་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ཅིང༌། །མཁའ་ཁྱབ་ཡིད་ཅན་ཐེག་པ་མཆོག་ལ་འགོད། །བསྟན་དང་འགྲོ་བའི་དཔལ་ཡོན་གོང་དུ་འཕེལ། །འགྲོ་ཀུན་བྱང་ཆུབ་མཆོག་གི་གནས་ཐོབ་ཤོག །ཅེས་པ་འདི་ནི་མཁས་བཙུན་བཟང་པོའི་རྣམ་ཐར་མཚུངས་པ་མེད་པའི་སྤོ་ལ་གནས་ཤིང་སྐུ་ཚེ་ཧྲིལ་བོར་སྒྲུབ་པའི་རྒྱལ་མཚན་ཆེན་པོ་ལེགས་པར་བཙུགས་པའི་རྣམ་ཐར་གྱིས་ས་གསུམ་མངོན་པར་དགའ་བའི་དཔལ་སྟེར་བ་ཀཿཐོག་པ་ལྕམ་ལ་སྤྲུལ་
བའི་སྐུ་པདྨ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རེག་དང༌། རིན་ཆེན་གཉིས་པའི་སྐྱེས་དང་བཅས་བཀའ་ཡིས་བསྐུལ་མ་གནང་བ་སྙིང་ལ་འཆང་ནའང༌། རེ་ཞིག་དེ་གར་ལུས་པ། སླད་ནས་ཀཿཐོག་པ་སི་ཏུ་སྤྲུལ་བའི་སྐུ་རིན་པོ་ཆེར་བྱམས་ཆོས་སྐོར་ཕུལ་བའི་སྐབས་ཤོག་སྣག་སོགས་མཐུན་པའི་རྐྱེན་སྦྱར་བ་ལས། མདོ་ཁམས་འདི་ན་འགྲན་ཟླ་དང་བྲལ་བའི་གདན་ས་ཆེན་པོ་འཕགས་ཡུལ་མ་ག་དྷ་གཉིས་པར་གྲགས་པ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་མི་ཕམ་རྣམ་པར་རྒྱལ་བས་རབ་ཚེས་རྒྱལ་བ་ཤིང་རྟ་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་ཉེར་གསུམ་ལ་དབུ་བརྩམས་ཏེ་བཤད་པ་བྱེད་པའི་ཐུན་གསེང་རྣམས་སུ་ཅུང་ཟད་རེ་བྲིས་ཤིང༌།ཟླ་བ་དེའི་ཕྱི་མའི་ཚེས་ལྔ་གཟའ་སྐར་དགེ་བའི་ལྔ་ཆར་གྲུབ་པར་བགྱིས་པ་འདིས། སྐུལ་བ་པོ་སོགས་བདག་གི་བླ་མ་ཞི་བར་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང༌། མ་འོངས་པའི་གང་ཟག་རྣམས་ལ་ཆོས་ཀྱི་མིག་ཡོངས་སུ་འབྱེད་པ་དང༌། མཁའ་ཁྱབ་ཀྱི་སྐྱེ་དགུ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་དོན་ཡོངས་སུ་གྲུབ་པའི་དགེ་ལེགས་ཀྱི་དཔལ་དམ་པ་སྦྱིན་པར་གྱུར་ཅིག །སརྦ་མངྒ་ལྃ། །༈ ན་མ་ཨཱརྱ་མཻ་ཏྲི་ཡ། བསྐལ་བཟང་རྣམ་འདྲེན་ལྔ་བ་བྱམས༵་པའི༵་མཚན། །གསུང༵་རབ༵་སྡེ་ལྔའི་ནང་ཚན་ཐེག་ཆེན་པོ། །ཟབ་རྒྱས་དོན་སྟོན་དབུས༷་མཐའ༵རྣམ༵་པར་འབྱེད༵། །མཚན་ཉིད་སྒྲིབ་པ་དེ་མཉམ་བླ་མེད་ལྔ། ༡༽ །རྟེན་འབྱུང་
གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི། ། ཡོངས་གྲུབ་དབུ་མའི་ལམ་མཆོག་སྟོན་པའི་གཞུང༌། །མི་ཕམ་མཁས་པའི་དབང་པོས་ལེགས་བཀྲལ་བའི། །འགྲེལ་ཆེན་ཉིན་བྱེད་སྣང་བ་འཆར་འདི་རྨད། ༢༽ །གཞུང་འདི་སྤར་བསྐྲུན་རྣམ་དཀར་དགེ་བའི་མཐུས། །ཐུབ་བསྟན་མདོ་སྔགས་རིགས་ལམ་ཡན་ལག་བཅས། །བཤད་སྒྲུབ་ཕྲིན་ལས་མི་ནུབ་བྱམས་བསྟན་པར། །འཕེལ་བའི་རྒྱུར་བསྔོ་དེ་བཞིན་འགྲུབ་གྱུར་ཅིག༣༽། ཅེས་པ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་རབ་རྣམས་བླ་མ་ཞིང་སྐྱོང་གིས་པར་གྱི་འདུ་བྱེད་བགྱི་སྐབས་དགེ་རྒན་བྱམས་པ་འདས་པོའི་དངོས་རྫས་དགེ་ཕྱོགས་སུ་བཏང་དུས་སྤར་གྱི་ཡོན་ཇི་བབས་ཕུལ་ཏེ་དཔལ་ལྡན་ལྷུན་གྲུབ་སྟེང་དུ་རབ་རྒྱལ་ལྕགས་རྟ་ཟླ༨དུས་ཚེས་དགེ་བའི་ཆར་ཡོངས་སུ་གྲུབ་པ་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ། ། ། །