༄༅། ། རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་མཆོག་གྲུབ་ཅེས་བྱ་བ་བཞུགས་སོ། །
དྷཱི། ༔ ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ འཇམ་དཔལ་བློ་ལྡན་མཆོག་སྲེད་རྩལ༔ དེ་ལ་གུས་པས་ཕྱག་བྱས་ནས༔ འཇམ་དཔལ་བསྒྲུབ་པའི་རིམ་པ་ནི༔ རྣལ་འབྱོར་ལམ་གྱི་ཉི་མ་རུ༔ གྲུབ་པའི་རིག་འཛིན་རྣམས་ཀྱིས་ནི༔ བསྡེབས་པ་ཆོ་གའི་འགྲོས་སུ་སྤེལ༔ ཡང་རབ་བློ་ལྡན་སྐལ་བཟང་གིས༔དབེན་པའི་གནས་སུ་མཎྜལ་བཅས༔ ཚོན་ནམ་རས་བྲིས་ཚོམ་བུ་འགོད༔ གཏོར་མ་སྨན་རག་མཆོད་ཚོགས་བཤམས༔ བདེ་བའི་སྟན་ལ་འཁོད་བྱས་ནས༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ ཐོག་མར་མདུན་དུ་སྐྱབས་ཡུལ་གསལ༔ དེ་ལ་སྐྱབས་སུ་འགྲོ་བ་ནི༔ ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི༔བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ༔ བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི༔ ལན་ གསུམ་བརྗོད་རྗེས་སེམས་བསྐྱེད་པ། ། བདག་དང་མཐའ་ཡས་སེམས་ཅན་རྣམསཿ ཡེ་ནས་སངས་རྒྱས་ཡིན་པ ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ནས་ཚད་མེད་བཞི་བསྒོམ་པ། ། སེམས་ཅན་ཐམས་ཅད་རྡོ་རྗེ་སྡོམ་པས་རྗེས་སུ་སྡོམ་པར་གྱུར་ཅིགསེམས་ཅན་ཐམས་ཅད་རྡོ་རྗེ་ཆགས་པས་རྗེས་སུ་ཆགས་པར་གྱུར་ཅིགསེམས་ཅན་ཐམས་ཅད་རྡོ་རྗེ་བདེ་བ་ཆེན་པོས་ཡང་དག་པར་མྱོས་པར་གྱུར་ཅིགསེམས་ཅན་ཐམས་ཅད་རྡོ་རྗེ་
རྣལ་འབྱོར་སྦྱོར་བས་རྗེས་སུ་གྲོལ་བར་གྱུར་ཅིག་དེ་ནས་ཚོགས་བསགས་བྱ་བ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ སྒྲུབ་པ་སོགས་ཀྱི་ཚེ་ཡིན་ན་སྐབས་འདིར་རང་མཚམས་ཀྱི་ལྷ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་བགེགས་གཏོར་བསྔོ་ཞིང་བགེགས་རྣམས་རྒྱང་རིང་དུ་བསྐྲད་ལ་སྲུང་བའི་འཁོར་ལོ་བསྒོམ། དེ་ནས་བྱིན་ཆེན་དབབ་པ་ནི། གསང་རྫས་གུ་གུལ་བཅས་པས་བདུག༔ དར་སྣ་གཡབ་ཅིང་རོལ་མོ་སྦིར༔ དམིགས་པ་དྲག་ཏུ་གཟིར་བཞིན་དུ༔ ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབས༔ ཁྱད་པར་བསྟན་པའི་དུས་ལ་བབས༔ མཐུ་རྩལ་དབྱུང་བའི་དུས་ལ་བབས༔ བྱིན་གྱིས་རློབ་པའི་དུས་ལ་བབས༔དབང་མཆོག་བསྐུར་བའི་དུས་ལ་བབས༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས༔བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་བསྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ མ་གཡེལ་ཐུགས་རྗེའི་སྟོབས་བསྐྱེད་ལ༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨེ་ཨ་རལླི་ཕེཾ་ཛ༔ ཧཱུྃ་ཧ་ཨ་ཛྷཻ༔ བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་བརྗོད་བྱིན་ཆེན་དངོས་སུ་ཕེབས། ། དེ་ནས་མཆོད་ཚོགས་བྱིན་བརླབས་ནི། ། ཧཱུྃ༔ བདེ་སྟོང་ཡེ་ཤེས་མཆོག་གི་རོལ་པ་ལས༔ གང་སྣང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ ཆོས་ཀྱི་དབྱིངས་ཀུན་ཡོངས་སུ་འགེངས་པ་ཡི༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྟ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ དེ་དག་
སྔོན་དུ་འགྲོ་བའོ། ། དངོས་གཞི་ལྷ་བསྐྱེད་རིམ་པ་ནི། ། ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས། ཧཱུྃ༔ ཆོས་ཀུན་འོད་གསལ་སྟོང་པ་ཆེན་པོ་ཉིད༔ རང་བཞིན་མ་བཅོས་ཆོས་ཉིད་རྣལ་མའི་ངང༔ རང་བྱུང་ཡེ་ཤེས་ཀུན་ཏུ་རང་སྣང་བ༔ མཐའ་བྲལ་མ་འགགས་སྙིང་རྗེ་ཆེན་པོའི་གདངས༔ དབྱེར་མེད་ཡིག་འབྲུ་བདེ་བ་ཆེན་པོ་ནི༔ དྷཱིཿཡིག་དམར་སེར་འོད་ཀྱི་ཕུང་པོར་ཤར༔ འོད་འཕྲོས་སྣང་སྲིད་ཀུན་སྦྱངས་གཉུག་མའི་ངང༔ མི་ཤིགས་རྡོ་རྗེ་སྲུང་བའི་འཁོར་ལོའི་དབུས༔ དྭངས་མའི་ས་བོན་དྷཱིཿལས་འོད་ལྔ་འཕྲོས༔ རྣམ་དག་ཡེ་ཤེས་ལྔ་ཡི་རང་བཞིན་གྱི༔ འབྱུང་ལྔ་རིམ་བརྩེགས་རིན་ཆེན་ལྷུན་པོའི་སྟེང༔ མ་ཆགས་པདྨ་འབར་བའི་གདན་གྱི་དབུས༔ འོད་ཟེར་འདུས་པས་ཡེ་ཤེས་གཞལ་ཡས་ཁང༔ རང་བཞིན་སྣང་སྟོང་མཐའ་དབུས་རྒྱ་ཁྱོན་བྲལ༔ གསལ་འཚེར་འོད་ཀྱི་རང་བཞིན་མཚན་ཉིད་རྫོགས༔ ལྷུན་གྲུབ་བཀོད་པའི་ཁྱད་པར་ཀུན་ནས་མཛེས༔ ཨེ་ཡྃ་རྃ་སུྃ་ཀེཾཿ སྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུྃ༔ པདྨ་མ་དྷ་ལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་པྲ་སཱའ་ད་ཨཱ༔ ཧཱུྃ༔ དེ་ཡི་དབུས་སུ་སྣ་ཚོགས་རིན་ཆེན་ཁྲི༔ མི་འཇིགས་སེང་གེ་ཆེན་པོ་བརྒྱད་ཀྱིས་མཛེས༔འདབ་སྟོང་ཆུ་སྐྱེས་བཞད་པའི་གེ་སར་དབུས༔ཐབས་ཤེས་ཉི་མ་ཟླ་བ་འོད་དུ་འབར༔ སིང་ཧ་མ་ཧཱ་པ་ལ་རཏྣ་ཏ་ར་ཧྲཱི༔ པཾ་པདྨ་མཎྜ་ལ༔ མ་སུརྱཱ་མཎྜ་ལ༔ཨ་ཙནྡྲཱ་མཎྜ་ལ་ཨཱཿ དེ་ལྟར་རྟེན་རྣམས་གསལ་བཏབ་ནས། ། བརྟེན་པ་ལྷ་ཉིད་བསྒོམ་པ་ནི། ། ཧཱུྃ༔རང་བཞིན་ལྷུན་གྲུབ་འོད་ལྔའི་ཕོ་བྲང་དབུས༔ ཟླ་བའི་གདན་ལ་དྷཱིཿཡིག་ཡོངས་གྱུར་ལས༔ འཇམ་དཔལ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ༔ རང་བྱུང་ཡེ་ཤེས་
ཞི་བའི་ཆ་ལུགས་ཅན༔ གསེར་གྱི་མདོག་ཅན་མཚན་དཔེའི་གཟི་མདངས་འབར༔དགྱེས་པའི་སྤྱན་ཟུང་འཁོར་འདས་ཡོངས་ལ་གཟིགས༔ གནག་སྣུམ་དབུ་སྐྲ་ཟུར་ཕུད་ལྔ་དང་ལྡན༔ གཡས་ཀྱི་དང་པོས་ཤེས་རབ་རལ་གྲི་ཕྱར༔ གཡོན་གྱི་དང་པོས་ཨུཏྤལ་སྡོང་བུའི་དབུས༔ བསྟོད་པ་གླུར་བླང་ལེའུའི་གླེགས་བམ་བསྣམས༔ འོག་མ་གཉིས་ཀྱིས་ཐབས་ཤེས་མདའ་གཞུ་འཛིན༔ དར་དང་རིན་ཆེན་མེ་ཏོག་རྒྱན་གྱིས་སྤྲས༔ དྲན་པས་ཟག་མེད་བདེ་སྟེར་གཞོན་ནུའི་གཟུགས༔མཛེས་པའི་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད༔ གཉིས་མེད་བདེ་བའི་རང་འོད་དབྱངས་ཅན་མ༔ ཆ་ལུགས་ཡབ་མཚུངས་ཕྱག་གཉིས་ཡབ་ལ་འཁྱུད༔པི་ཝཾ་བསྒྲེངས་ཤིང་བདེ་ཆེན་མཉམ་པར་སྦྱོར༔ ཏིལ་གྱི་གང་བུ་ཕྱེ་བ་ལྟ་བུ་ཡི༔ རབ་འབྱམས་རྩ་གསུམ་རྒྱལ་བའི་ཚོགས་དབུས་ན༔ སྣ་ཚོགས་འོད་ཟེར་མུ་མཐའ་མེད་པར་འཕྲོ༔ སྐུ་ཡི་བ་སྤུའི་ཁུང་བུ་རེ་རེར་ཡང༔ མ་ལུས་ཞིང་གི་བཀོད་པ་སྟོན་མཛད་པའི༔ སྣང་སྟོང་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ༔ སྒྱུ་མ་ཆུ་ཟླ་འཇའ་ཡི་ཚུལ་དུ་གསལ༔ ཨོཾ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་ཧཱུྃ༔ དྷཱརྨ་དེ་ཝིདྷཱ་ཏུ་ཤྭ་རི་སྟྭཾ༔ དེ་ནས་རྒྱས་གདབ་དབང་བསྐུར་ནི། ཧཱུྃ༔ དེ་ལྟར་གསལ་བའི་སྤྱི་མགྲིན་སྙིང་ག་རུ༔ མ་ལུས་བདེ་བར་གཤེགས་ པ་ཐམས་ཅད་ཀྱི༔ རྡོ་རྗེ་གསུམ ་དངོས་ཨོཾ་ཨཱ༔ཧཱུྃ་གིས་ནི༔ རྒྱས་བཏབ་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར༔ རྩེ་ལྔ་རྩེ་གསུམ་རྩེ་གཅིག་པའི། ། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་བཞག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ དེ་བཞིན། ཝཀཱ་ཙིཏྟ་སྦྱར།
ཧཱུྃ༔ སྤྱི་བོར་འབྲུ་ལྔའི་ཡི་གེའི་འོད་ཀྱིས་ནི༔ རྒྱལ་ཀུན་སྤྱན་དྲངས་རིགས་ལྔས་དབང་བསྐུར་ཞིང༔ ཡེ་ཤེས་ལྔ་ལྡན་བདུད་རྩིས་ལུས་གང་ནས༔ མི་བསྐྱོད་རིགས་ཀྱི་བདག་པོས་དབུར་བརྒྱན་གྱུར༔ ཨོཾ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ༔ མ་ཧཱ་ཨ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ས་མ་ཏ༴ པྲ་ཏི་བི་ཤ་ན༴ ཀྲིཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ དེ་ནས་ཡེ་ཤེས་སྤྱན་དྲངས་པ། ། གནས་གསུམ་ཡི་གེ་ཐུགས་སྲོག་འོད་ཟེར་གྱིས༔ ཕྱོགས་དུས་སྲས་བཅས་རྒྱལ་བའི་མཁྱེན་རབ་ནི༔ བཅོམ་ལྡན་འཇམ་དཔལ་རྡོ་རྗེའི་རྣམ་པ་རུ༔ མཁའ་ལ་སྤྲིན་བཞིན་མདུན་མཁར་སྤྱན་དྲངས་གྱུར༔ རྡོ་རྗེ་གླུ་འདིས་སྙན་གསན་དབབ། ། ཨོཾཿ ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས༔ ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གནས༔ བདེ་མཆོག་བདེ་བར་གཤེགས་པ་དགོངས་སུ་གསོལ༔ མཉྫུ་ཤྲཱི་སྐལ་བཟང་དཔལ་ཁྱོད་བདག༔ རང་བཞིན་སྤྲོས་བྲལ་ཆོས་ཉིད་ཕོ་བྲང་ནས༔ རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས༔ མ་རིག་ཀུན་རྟོག་མུན་པ་སེལ་བའི་ཕྱིར༔ རང་བྱུང་ཡེ་ཤེས་སྤྱན་འདྲེན་གཤེགས་སུ་གསོལ༔ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས། ། ཨོཾ་ཨེ་ཧྱ་ཧི་བྷ་ག་ཝན་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དེ་ནས་བཞུགས་སུ་གསོལ་བ་ནི། ། ཧཱུྃཿ ཡེ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད༔ འཁོར་འདས་དབྱེར་མེད་བདེ་བ་ཆེན་པོའི་ངང༔ མ་རྟོག་བློ་ཡི་ཞེན་པ་དགྲོལ་བའི་ཕྱིར༔ རང་བྱུང་ཡེ་ཤེས་འཕོ་འགྱུར་མེད་པར་བཞུགས༔ ཨོཾ་མཉྫུ་ཤྲཱི་ཛྙཱ་ན་སརྦ་དྷརྨཱ་དྷཱ་ཏུ་མ་ཧཱ་སུ་ཁ་ཧཱུྃ་
ཨ་ཨ༔ ལྷ་ལ་གུས་པས་ཕྱག་འཚལ་བ། ། ཧཱུྃ༔ མི་གནས་མ་བཅོས་དག་པ་ཆོས་སྐུ་ལས༔ རང་སྣང་ཡེ་ཤེས་དཔལ་གྱི་སྐུར་གསལ་ཏེ༔ གང་ལ་གང་འདུལ་སྤྲུལ་སྐུའི་འབྱུང་གནས་མཆོག༔ འཇམ་དཔལ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ དེ་ནས་མཆོད་པའི་རིམ་པ་ནི། ། ཧཱུྃ༔ མཁའ་དབྱིངས་ཀློང་ཡངས་ཀུན་ཏུ་བཟང་མོའི་ངང༔ རང་འོད་རང་སྣང་ཀུན་བཟང་རོལ་པའི་སྤྲིན༔ ཕྱི་ནང་གསང་བའི་མཆོད་སྤྲིན་མ་ལུས་པ༔ གཉིས་མེད་རང་སྣང་ངང་ལ་ཐིམ་པར་འབུལ༔ ཨོཾ་མཉྫུ་ཤྲཱི་བཛྲ་ཨརྒྷཾ་སོགས། ཤཔྟ་པྲ་ཏིཙྪ་ཧོཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ཁཾ་སྭཱ་ཧཱཿ སྨན་གཏོར་རཀྟའི་མཆོད་པ་ནི༔ ཧཱུྃ༔ རང་བྱུང་གདོན་ནས་དག་པའི་བཅུད༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བ༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ བླ་མ་ཡི་དམ་རྣམས་ལ་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ སྤྲོ་ན། ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང༔ སྤྲུལ་སྐུ་རིགས་གསུམ་རིགས་ཅན་དྲ་མ་ལྔ༔ དགའ་རབ་ཤྲཱི་སིང་ཧ་རྒྱལ་པོ་ཛ༔ རིག་འཛིན་རྣམ་བརྒྱད་པདྨ་ཐོད་ཕྲེང་རྩལ༔ ཆོས་རྒྱལ་རྗེ་འབངས་གཏེར་སྟོན་བརྒྱ་རྩ་སོགས༔ བརྒྱུད་ལྡན་བཀའ་གཏེར་བླ་མའི་ཚོགས་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ དུག་ལྔ་རང་གྲོལ་ཡེ་ཤེས་ལྔ་ཡི་བདག༔ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་
དཔའ་དང༔ ཆོས་ཉིད་རང་བྱུང་ཡེ་ཤེས་དབྱེར་མེད་པས༔ སངས་རྒྱས་ཀུན་བསྐྱེད་དབྱིངས་ཕྱུག་ཡུམ་མཆོག་མ༔ ཕྱོགས་དུས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ནི༔ གང་འདུལ་ཞི་ཁྲོའི་རྣམ་རོལ་ཡི་དམ་ལྷར༔ རྣམ་དག༴ཐུགས་རྗེས༴ སརྦ་པཉྩ༴ བར་ཆད་ཀུན་སེལ་ཐོགས་མེད་ཕྲིན་ལས་བདག༔གནས་ གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་བསྟན་པ ་ཀུན་ནས་ལེགས་སྐྱོངས་པའི༔ མ་མགོན་དམ་ཅན་གཟའ་བདུད་ལས་གཤིན་སོགས༔ རྡོ་རྗེའི་ཆོས་སྐྱོང་གནས་གཞི་གཏེར་གྱི་བདག༔ རྒྱུད་གསུམ་སྲུང་མ་དྲེགས་པའི་ཚོགས་ཀུན་ལ༔ རྣམ་དག༴ ཐུགས་རྗེས༴ སརྦ་པཉྩ༴ བདུད་རྩིའི་དངོས་གྲུབ་བླང་བ་ནི། ། འཁོར་འདས་བདུད་རྩིའི་དྭངས་བཅུད་ནི༔ འབྲུ་ གསུམ་ཡི་གེའི་རྣམ་པ ་རུ༔ མཐེབ་སྲིན་ཉི་ཟླའི་ག་འུས་བླངས༔ རྡོ་རྗེའི་ལྕེ་ཡིས་མྱོང་བར་བྱ༔ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཧཱུྃ༔སྟོང་པ་ཆོས་ཀྱི་དབྱིངས་ཀྱི་གཏོར་གཞོང་དུ༔ སྣང་བ་ཐབས་ཀྱི་རྣམ་རོལ་གཏོར་མའི་ཚོགས༔ ཞེན་མེད་རང་གྲོལ་འོད་ལྔའི་ཟེར་ཕྲེང་འཁྲུགས༔ འདོད་ཡོན་ལྷ་མོའི་ཚོགས་དང་བཅས་ཏེ་འབུལ༔ ཨོཾ་མ་ཧཱ་བ་ལིངྟ་པཱུ་ཛ་ཁཱ་ཧིཿ ཧཱུྃ༔ སྲིད་ གསུམ་ཆགས་པ ་དབྱིངས་སུ་བསྒྲལ་བའི་ཁྲག༔ དམར་གསལ་བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ༔ རྦ་རླབས་བསྐྱོད་ཅིང་འདོད་ཡོན་ལྷ་མོ་འཕྲོ༔ གསང་བའི་རྫས་མཆོག་རཀྟའི་མཆོད་པ་བཞེས༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ བདེ་ཆེན་སྦྱོར་བའི་མཆོད་པ་ནི། ། ཧཱུྃ༔ རང་བཞིན་སྤྲོས་བྲལ་ཆོས་ཉིད་དག་པ་ལས༔ འགྲོ་བའི་མགོན་དུ་རང་བྱུང་འཇམ་པའི་
དབྱངས༔ ཐུགས་རྗེའི་བདག་ཉིད་ཡེ་ཤེས་སེམས་དཔའ་ལ༔ རང་རྒྱུད་བཅིངས་པའི་བདག་འཛིན་མཚན་མའི་ཆོས༔ བདག་མེད་རྒྱལ་བའི་ཞིང་དུ་སྦྱོར་བའི་ཕྱིར༔ རང་སྣང་ཞེན་བྲལ་འདོད་ཡོན་ལྷ་མོས་མཆོད༔ ལྷན་སྐྱེས་བདེ་ཆེན་དགའ་བའི་རོལ་པ་ལས༔ དཀར་དམར་ཐབས་ཤེས་འདྲེས་པའི་བྱང་ཆུབ་སེམས༔ རྣམ་དག་དོན་བཅུད་རྫོགས་པའི་བདུད་རྩི་སྨན༔ ཡབ་ཡུམ་དབྱེར་མེད་ཀློང་དུ་འབུལ་ལགས་ན༔ གཉིས་སུ་མེད་པའི་དོན་གྱིས་བཞེས་ནས་ཀྱང༔མཚན་མའི་རྣམ་རྟོག་བག་ཆགས་ཞི་བར་མཛོད༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་པཉྩཨམྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ དེ་ནས་གསོལ་བ་གདབ་པ་ནི། ། ཧོཿ རང་བཞིན་རྣམ་པར་དག་པའི་གཞལ་ཡས་ན་རང་བྱུང་ཡེ་ཤེས་ཆེན་པོའི་སྐུ་མཚན་ལྡན་ཞི་བའི་ཆ་ལུགས་སུ་བཞུགས་པ༔ བཅོམ་ལྡན་འདས་འཇམ་དཔལ་ཡབ་ཡུམ་མཁྱེན་པར་མཛད་ཅིང་དགོངས་སུ་གསོལ༔ རང་བཞིན་རྣམ་པར་དག་པའི་མཆོད་པ་ཡེ་ཤེས་རོལ་པ་འདོད་པའི་ཡོན་ཏན་དང་བདུད་རྩིའི་ཆུ་རྒྱུན་དུ་བྱིན་གྱིས་བརླབས་ཏེ་འབུལ་ན་ཐུགས་རྗེ་ཆེན་པོས་བཞེས་ཤིང་ལོངས་སྤྱད་དུ་གསོལ༔ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཡིན་པ་ལ་ཡིན་པར་མ་ཤེས་པས་དངོས་པོ་ལ་མངོན་པར་ཞེན་ཏེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ་མཐོལ་ཞིང་བཤགས་སོ༔ རང་བྱུང་ཡེ་ཤེས་ཀྱི་དོན་མཆོག་དང་ཐུན་མོང་གིས་བསྡུས་པའི་དངོས་གྲུབ་ཐམས་ཅད་དུས་དང་ལས་ལ་རག་མ་ལས་པར་ད་ལྟ་ཉིད་དུ་སྩལ་དུ་གསོལ་ལོ༔ འདུ་བའི་ནད་དང་བར་ཆད་ཀྱི་གདོན་སོགས་ཞི་བ་དང༔ ཚེ་དང་བསོད་ནམས་དང་ཡེ་ཤེས་སོགས་རྒྱས་པ་དང༔སེམས་ཀྱི་ཆོས་ཉིད་ལ་རང་དབང་བསྒྱུར་ཏེ་རྟོག་པའི་མཚན་མ་ཐམས་ཅད་དབྱིངས་སུ་གཞོམ་དུ་གསོལ་ལོ༔ དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ༔ མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད༔ ཡང་དག་མཐར་གྱུར་ཁྱོད་ལ་འདུད༔ སྟོང་ཉིད་སྙིང་པོཁྱོད་ལ་འདུད༔སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད༔ སངས་རྒྱས་ཆགས་པ་ཁྱོད་ལ་འདུད༔ སངས་རྒྱས་འདོད་ལ་ཕྱག་འཚལ་འདུད༔ སངས་རྒྱས་དགྱེས་པ་ཁྱོད་ལ་འདུད༔ སངས་རྒྱས་རོལ་ལ་ཕྱག་འཚལ་འདུད༔ སངས་རྒྱས་འཛུམ་པ་ཁྱོད་ལ་འདུད༔ སངས་རྒྱས་བཞད་ལ་ཕྱག་འཚལ་འདུད༔སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད༔ སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད༔ མེད་པ་ལས་བྱུང་ཁྱོད་ལ་འདུད༔ སངས་རྒྱས་འབྱུང་བ་ཁྱོད་ལ་འདུད༔ ནམ་མཁའ་ལས་བྱུང་ཁྱོད་ལ་འདུད༔ ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད༔ སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད༔ སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད༔ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ དེ་ནས་བཟླས་པ་བྱ་བ་ལ། ཐུགས་ཀར་ཟླ་སྟེང་དྷཱི་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཆོས་ཀུན་དབྱེར་མེད་མཉམ་ པ་ཉིད༔ རང་བྱུང་ཡེ་ཤེས་གཅིག་གི་ངང༔ སྐུ་གསུང་ཐུགས་གསུམ ་མི་ཕྱེད་པ༔ བདེ་ཆེན་སྔགས་ཀྱི་སྒྲ་གདངས་སུཿ མ་བཅོས་རང་ཤར་ཉིད་དུ་གྱུར༔ ཅེས་པའི་དོན་ལས་མ་ཡེངས་པར། ། ཨོཾ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་ཧཱུྃ༔ མཚན་སྔགས་ཡི་གེ་འབྲུ་དགུ་པ༔ འབུམ་ཕྲག་གཅིག་
བཟླས་བསྙེན་པའོ༔ གཉིས་པ་ཉེ་བར་བསྙེན་པ་ནི༔ ཨོཾ་བཛྲ་མཉྫུ་ཤྲཱི་ཨཱཿ ཨོཾ་ཝཱ་གཱི་ཤྭ་རི་མུྃ༔དྷརྨཱ་དྷཱ་ཏུ་སང་གྷ༔ ཛྙཱ་ན་གརྦྷ་ཨ་ཧྲཱི༔ ཨ་ཨི་ཨེ་ཨོ་ཨཾ་ཨཿ ར་རི་ལ་ལི་ཡེ་ཧཱུྃཿཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ༔ སྔགས་འདི་སྟོང་ཕྲག་དྲུག་གིས་ནི༔ མཚན་མའི་བག་ཆགས་སྒྲིབ་པ་དག༔ འོད་ལྔ་ཁ་དོག་འཇའ་འོད་འབྱུང༔ ཞེས་གསུང་འབུམ་ཕྲག་གཅིག་ཏུ་བཟླ༔ཡང་ན་ཐུགས་སྲོག་ཨ་རུ་བསྒྱུར༔ ཡི་གེའི་རྒྱལ་པོ་བཟླ་བར་བྱ། ། དེ་ནས་བསྒྲུབ་པའི་སྙིང་པོ་ནི༔ ཨོཾ་བཛྲ་ཏཱིཀྵྞཱ་དུ༔ ཁཙྪེ་ད་པྲ་ཛྙཱ་ཛྙཱ་ན་མཱུརྟྟ་ཡེ༔ ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ འཇམ་དཔལ་རིགས་དྲུག་སྙིང་པོ་དེ༔ འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ༔ དེ་ནས་སྒྲུབ་པ་ཆེན་པོའི་ཚུལ། ། ཤིན་ཏུ་གསང་བའི་ཡང་སྙིང་མཆོག༔ འཇམ་དཔལ་སྔགས་ཀྱི་རྒྱལ་པོ་ནི༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿ འབྲུ་བདུན་འབུམ་ཕྲག་བཅུ་བཟླས་པའི༔ དུས་སུ་གྲངས་ཀྱི་བསྙེན་པ་རྫོགས༔ གྲུབ་པའི་རྟགས་མཚན་འབྱུང་བར་འགྱུར༔ རྒྱས་པར་སྔགས་ཀྱི་ལས་དྲུག་སོགས༔ སྦྱར་བ་མན་ངག་བཞིན་དུ་ཤེས༔ རྗེས་ཀྱི་བྱ་བར་ཚོགས་མཆོད་ནི༔ མན་ངག་དག་གིས་འབུལ་གསུངས་པ༔ ཟུར་དུ་ཤེས་པར་བྱ་བ་ཡིན༔ ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླངས༔ ཡིག་བརྒྱ་བཟླ་ཞིང་བཟོད་པར་གསོལ༔ རྟེན་ལ་བཞུགས་སམ་གཤེགས་གསོལ་བྱ༔ དེ་ནས་བསྡུ་ལྡང་རིམ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ༔ དེ་ཡབ་ཡུམ་གཉིས་ལ་ཐིམ༔ ཡུམ་ཡབ་ལ་ཐིམ༔ ཡབ་ཐུགས་སྲོག་ལ་ཐིམ༔ ཐུགས་སྲོག་ནཱ་དར་ཡལ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཆེན་པོའི་ངང་དུ་མཉམ་པར་བཞག༔ཕཊཿ སླར་ཡང་འོད་གསལ་གྱི་ངང་ནས་སྐད་ཅིག་གིས་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་རང་ཉིད་འཇམ་དཔལ་རྡོ་རྗེའི་སྐུ་སྒྱུ་མ་ལྟ་བུར་ལམ་གྱིས་གསལ་བར་གྱུར༔ དགེ་བསྔོ་བཀྲ་ཤིས་བརྗོད་ པ་ནི། ། ཧོཿ དགེ་བ་འདིས་མཚོན་དུས་
གསུམ ་ལེགས་བྱས་མཐུས༔ མཁའ་ཁྱབ་འགྲོ་བའི་དོན་དུ་བདག་ཉིད་ཀྱི༔རིག་སྟོང་གདོད་མའི་མགོན་པོ་འཇམ་པའི་དབྱངས༔ རང་ཞལ་མཇལ་ནས་ཚེ་འདིར་བྱང་ཆུབ་ཤོག༔ ཆོས་ཚུལ་འདིས་ཀྱང་ཕྱོགས་ཀྱི་ཐ་གྲུ་ཀུན༔ རབ་ཁྱབ་སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་སྒོ༔ འབྱེད་ཅིང་མཆོག་ཐུན་ཕྲིན་ལས་མཐའ་དག་ཀུན༔ ཡིད་བཞིན་གྲུབ་པའི་དགེ་མཚན་རྒྱས་གྱུར་ཅིག༔ མེ་ཏོག་འཐོར་ཞིང་དབྱངས་རོལ་བཅས༔ཨོཾ༔ ཀ་དག་གདོད་མའི་དབྱིངས་ལས་ལྷུན་གྲུབ་ཀྱི༔ རྣམ་རོལ་མི་འགག་ཕན་བདེའི་སྒྱུ་འཕྲུལ་གར༔ ཅིར་ཡང་འཆར་མཛད་རྟག་ཁྱབ་ཡེ་ཤེས་སྐུ༔ འཇམ་དཔལ་ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག༔ ཤེས་རབ་དབྱིངས་མ་ཡུམ་གྱི་བཀྲ་ཤིས་ཤོག༔ འགྱུར་མེད་རྡོ་རྗེ་སྐུ་ཡི་བཀྲ་ཤིས་ཤོག༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ མཁྱེན་བརྩེ་མི་ཟད་ཐུགས་ཀྱི་བཀྲ་ཤིས་ཤོག༔ དགོས་འདོད་ལྷུན་གྲུབ་ཡོན་ཏན་བཀྲ་ཤིས་ཤོག༔ གང་བརྩམས་ཐོགས་མེད་ཕྲིན་ལས་བཀྲ་ཤིས་ཤོག༔ ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག༔ མཆོག་ཐུན་དངོས་གྲུབ་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བྱའོ༔ རབ་ཟབ་རྒྱུད་ཀྱི་ཆུ་གཏེར་ཆེན་པོ་ནས། ། མཁས་གྲུབ་ཀླུ་ཡི་དབང་པོའི་མན་ངག་གིས། ། དོན་གཉིས་ཕུན་ཚོགས་སྒྲུབ་ཐབས་ཡིད་བཞིན་གཏེར། ། འདི་ན་སྐལ་བཟང་སྐྱེ་རྒུའི་གཉེན་དུ་བླང༌། ། དད་པས་འདི་ལ་ཞུགས་ན་མཆོག་ཐུན་གྱི། ། དངོས་གྲུབ་འགྲུབ་ལ་སོམ་ཉིའི་སྐབས་བྲལ་ཕྱིར། ། འབད་པས་ཚུལ་འདི་གསལ་པོར་ཕྱེ་བ་ཡི། ། དགེ་བས་འགྲོ་ཀུན་འཇམ་དབྱངས་ཉིད་གྱུར་ཅིག། ཅེས་པའང་རྡོ་རྗེ་འཆང་གི་སྔགས་རྒྱུད་སྤྱི་དང་ཁྱད་པར་གྲུབ་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་གསུང་འཇམ་དཔལ་ཞི་སྒྲུབ་བདུད་རྩི་ཐིགས་པ་སོགས་གསང་སྔགས་རྙིང་མའི་བཀའ་གཏེར་གྱི་གདམས་པ་ཟབ་མོ་མཁའ་འགྲོའི་ཁ་རླངས་ཐོ་ལེ་བ། མུ་སྟེགས་དང་རྟོག་གེས་བསྲེ་བསླད་མ་ཞུགས་པའི་རང་ཆོས་གཙང་མ་ལས་ལག་ལེན་ཆོག་འགྲིག་ཏུ་གསལ་པོར་
ཕྱེ་བ་འདི་ནི། གནམ་ལྕགས་སྡིག་པའི་ཆོས་སྐོར་ཚེ་བདག་སོགས་གཤེད་སྐོར་གྱི་དྲག་སྒྲུབ་མང་པོའི་ཞི་བསྙེན་དུ་འགྲོ་བ་དང༌། འཇམ་དཔལ་ཞི་བ་བླ་མེད་ལུགས་ཉིད་ཡི་དམ་དུ་འཛིན་པ་རྣམས་ཀྱི་དོན་གཉིས་ཡིད་བཞིན་འགྲུབ་པའི་རྒྱུར་དམིགས་ནས་དད་པ་དང་བློ་གྲོས་ཡང་དག་པའི་འཇུག་པས་འཇམ་དཔལ་རྡོ་རྗེའི་རིག་སྔགས་འཛིན་པ་ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་༧ཁྱབ་བདག་རིག་འཛིན་བླ་མའི་ཉེ་ཆར་རང་གནས་ཀྱི་ཁང་བུར་རབ་ཚེས་ལྕགས་སྦྲུལ་ཆོ་འཕྲུལ་ཟླ་བའི་ཉ་ལ་གྲུབ་པར་བགྱིས་ཤིང་དགེ་མཚན་གྱི་རྟེན་འབྲེལ་རབ་ཏུ་གྱུར་པ་ལགས་སོ། ། དབྱིངས་ཀྱི་མཁའ་འགྲོའི་སྙིང་ཁྲག་དྭངས་མ་ལྟ་བུའི་ཆོས་སྡེ་ཤིན་ཏུ་གསལ་པོར་བསྟན་པ་ཡིན་པས་གསང་ཞིང་གཅེས་སྤྲས་སུ་བྱའོ། ། བཀའ་སྲུང་རྣམས་ཀྱིས་བྱ་ར་གྱིས། ཨི་ཐི་རྒྱ། མངྒ་ལཾ། ། ། ། བཟླས་དམིགས་ལ། དང་པོ་བསྙེན་པའི་དུས་རང་ཉིད་ཀྱི་ཐུགས་པདྨ་དཀར་པོ་ཅུང་ཟད་ནང་དུ་ཟུམ་པའི་ཚུལ་གྱིས་ཁ་འབྱེད་པའི་དབུས་སུ་ཟླ་བའི་གདན་ལ་དབུས་སུ་དྷཱིཿདམར་སེར་ལ། མཚན་སྔགས་དགུ་པ་སྤྲིན་སྔོན་ལས་གློག་གི་ཐག་པ་ཀྱ་ཀྱུར་འཁྱུག་པ་ལྟ་བུའི་ཁ་དོག་གསལ་ཞིང་གཙང་ལ་སྒྲོས་དོད་པས་བསྐོར་བའི་ས་བོན་དང་སྔགས་ཕྲེང་གཡོ་མེད་དུ་ལྷམ་མེར་གསལ་བ་སྣང་སྟོང་ཆུ་ཟླའི་ངང་ཚུལ་ཅན་དུ་བསྒོམ། དེའི་འོད་ཀྱིས་ཞིང་རབ་འབྱམས་ཁྱབ་འཕགས་པ་མཆོད་བྱིན་རླབས་བདག་ལ་བསྡུས། སེམས་ཅན་གྱི་སྒྲིབ་པ་སྦྱངས། སྣང་སྲིད་ཐམས་ཅད་འཇམ་དཔལ་གྱི་སྐུར་གྱུར་པའི་ཞལ་ནས་སྔགས་སྒྲ་དི་རི་རི་སྒྲོགས་ཤིང༌། འོད་ཚུར་འདུས་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་འདྲའི་སྤྲོ་བསྡུ་ཡང་ནས་ཡང་དུ་བྱས་ཀྱང་ས་བོན་དང་སྔགས་ཕྲེང་འཕེལ་འགྲིབ་མེད་པར་གསལ་བ་ན་སྣང་སྟོང་སྐུ་རྡོ་རྗེ་བསྙེན་པའི་དམིགས་པའོ། ། འདི་དུས་སྣོད་བཅུད་ཐམས་ཅད་འཇམ་དཔལ་དུ་གྱུར་པའི་སྐུ་ཡི་གསལ་སྣང་ལ་གཙོ་བོར་སེམས་འཛིན་པར་བྱའོ། ། གཉིས་པ་ཉེར་བསྙེན་དུས་རང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་དྷཱིཿམཐར་ཨོཾ་དང་བཅས་པའི་གསང་སྔགས་སོ་དྲུག་པ་རང་མདོག་སྔ་མ་ལྟ་བུ་ལ་འོད་ལྔ་འབར་ཞིང་འཕྲོ་བས་བསྐོར་བའི་འོད་ཀྱིས་སྣང་སྲིད་ཐམས་ཅད་ཡེ་ཤེས་འོད་ལྔའི་རང་བཞིན་དུ་ཤིག་ཤིག་བུན་བུན་གྱུར་ཏེ་དྭངས་མ་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་རིགས་ལྔའི་ལྷ་ཚོགས་ཏིལ་གྱི་གང་བུ་ཁ་ཕྱེ་བ་བཞིན་དུ་བཞུགས་པའི་ཞལ་དང་སྐུ་ཡི་ཆ་ཐམས་ཅད་ནས་རང་བྱུང་ཡེ་ཤེས་ཀྱི་རང་སྒྲ་གཞོམ་མེད་སྔགས་ཀྱི་རྒྱལ་པོ་སོ་དྲུག་པའི་སྒྲ་དབྱངས་འུ་རུ་རུ་སྒྲོགས་པར་བསམ། ཡེ་ཤེས་ཀྱི་རང་འོད་རྣམས་ཤིན་ཏུ་གསལ་ཞིང་འཚེར་ལ་སྟོང་པའི་རང་བཞིན་རྡུལ་བྲལ་རང་སྣང་གི་རྣམ་པར་བསྒོམ་པ་ནི་གསལ་སྟོང་གསུང་རྡོ་རྗེ་ཉེ་བར་བསྙེན་པའི་དམིགས་པའོ། ། འདི་ནས་གསུང་གྲགས་སྟོང་གི་སྒྲ་ལ་གཙོ་བོར་སེམས་འཛིན་པར་བྱའོ། ། གསུམ་པ ་སྒྲུབ་པའི་དུས་ཐུགས་ཀའི་དྷཱིཿལ་བཛྲ་ཏིཀྵྞ་སོགས་ཀྱི་
སྔགས་ཕྲེང་ཁ་དོག་སྔ་མ་ལྟ་བུ་ལ་འོད་དཀར་དམར་འདྲེས་པའི་རྣམ་ཅན་དྲན་པ་ཙམ་གྱིས་ཟག་མེད་བདེ་བ་ཆེན་པོ་བསྐྱེད་པས་བསྐོར། དེ་ནས་སྔགས་ལས་སྔགས་ཀྱི་ཕྲེང་བ་རང་སྒྲ་བཅས་རྒྱུད་མར་བྱུང་བ་ཡབ་ཀྱི་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས་ཐུགས་ཀར་པད་ཟླའི་དབུས་ཀྱི་ཧྲཱིཿལ་གཡོན་དུ་བསྐོར་ཞིང་ཡུམ་གྱི་པདྨ་ནས་ཡབ་ཀྱི་རྡོ་རྗེའི་ལམ་བརྒྱུད་དེ་སྔགས་ཕྲེང་ལ་ཐིམ་པ་དེ་ལྟར་ལུ་གུ་རྒྱུད་དུ་འཁོར་བས་ཡབ་ཡུམ་ལ་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཅིང༌། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་སྣང་སྲིད་ཐམས་ཅད་བདེ་སྟོང་འདུ་འབྲལ་མེད་པའི་ངང་དུ་འོད་དུ་ཞུ་ཞིང་སྔགས་ཀྱི་རང་སྒྲ་དང་བཅས་པར་ཁོལ་བའི་དང་བཅུད་རང་གི་སྔགས་ཕྲེང་ལ་ཐིམ་པར་བསམ་པ་ནི་བདེ་སྟོང་ཐུགས་རྡོ་རྗེ་སྒྲུབ་པའི་དམིགས་པའོ། ། འདི་དུས་བདེ་སྟོང་གི་ཏིང་འཛིན་ལ་གཙོ་བོར་དམིགས་པ་གཏད་དོ། ། བཞི་པ་སྒྲུབ་པ་ཆེན་པོ་ནི། ས་བོན་གྱི་མཐར་འབྲུ་བདུན་པའི་སྔགས་དམར་སེར་གློག་གི་འོད་མདངས་ཅན་གྱིས་བསྐོར་བའི་འོད་ཀྱིས་སྣང་སྲིད་ཐམས་ཅད་ཁྱབ་པས་རང་བྱུང་གཞིར་གནས་ཀྱི་ཡེ་ཤེས་ཆེན་པོར་ཆོས་ཐམས་ཅད་འབྱམས་སུ་ཀླས་པར་སད་ཅིང༌། འཁོར་འདས་སྣང་སྲིད་ཐམས་ཅད་རང་བྱུང་གི་ཡེ་ཤེས་འཇམ་དཔལ་ཀུན་ཏུ་བཟང་པོའི་ངང་ཚུལ་གཅིག་གི་བདག་ཉིད་མངོན་དུ་གྱུར་བར་བསམ་ལ། རིག་སྟོང་གཉུག་མའི་ངང་ནས་སྐུ་གསུང་ཐུགས་ གསུམ་མི་ཕྱེད་པ ་གཞོམ་མེད་རྡོ་རྗེའི་རང་སྒྲ་རྩོལ་མེད་དུ་ཤར་བའི་ཚུལ་གྱིས་བཟླས་པ་ནི་རིག་སྟོང་ཡེ་ཤེས་རྡོ་རྗེ་སྒྲུབ་པ་ཆེན་པོའི་བཟླས་དམིགས་སོ། ། འདི་དུས་མཉམ་ཉིད་ཀྱི་ཡེ་ཤེས་ལ་རྩོལ་མེད་དུ་མཉམ་པར་བཞག་པ་གཙོ་བོར་བྱའོ། ། ཚུལ་འདི་ལྟ་བུ་རང་བཟོ་མ་ཡིན་ཏེ་རྒྱུད་སྡེའི་གནད་གསང་ཤིན་ཏུ་ཟབ་པའི་རྩ་གསུམ་དགོངས་པའི་སྲོག་བཅུད་ཡིན་ནོ། ། ས་མ་ཡ་རྒྱ༔ སྣོད་མིན་ལ་གསང་རྒྱ༔ གསང་རྒྱ༔ གསང་རྒྱ༔ ཟླ་༥ཚེས་༢༨ལ་ལྷག་པའི་ལྷ་འདི་ཉིད་ཀྱི་བསྙེན་མཚམས་ལ་གནས་པའི་ཐུན་གསིང་དུ་ཡི་གེར་བྲིས་སོ། ། དགེ་ལེགས་འཕེལ་ལོ། ། ཨོཾ་ཨཱཿཧཱུྃ། ཀཱ་ཡ་ཝཱའ་ཀཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཨཱ༔ དངོས་གྲུབ་ལེན་པའི་སྔགས་ཀུན་གྱི་རྒྱལ་པོ་བཟླས་པས་མཆོག་ཐུན་དངོས་གྲུབ་ཐོགས་མེད་ཐོབ་པའོ། ། བཀྲ་ཤིས་ཤེས་རབ་འཕེལ་བྱེད་ཀྱི་རྗེས་ལ་ཤིས། ཨོཾ་ཨཱཿར་པཱ་ཙ་ན་དྷཱིཿ མ་མ་པྲ་ཛྙཱ་ཛྙཱ་ན་པུཥྟིཾ་ཀུ་རུ་ཨོཾ༔ ཞེས་སོ་དགེའོ། ། ། །