༄༅། ། སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ་ཞེས་བྱ་བ་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་ཀུ་མཱ་རཱ་ཡ། ཚོགས་གཉིས་ཡོངས་རྫོགས་ཡེ་ཤེས་སྐུ། ། སྒྱུ་འཕྲུལ་དྲ་བར་གུས་བཏུད་ནས། ། ལྷ་ཡི་སྐུ་གཟུགས་ཆ་ཚད་དག། ཤིན་ཏུ་གོ་བདེར་བཤད་པར་བྱ། ། དེ་ཡང་དུས་འཁོར་དང་སྡོམ་འབྱུང་དང་ཤཱ་རིའི་བུས་ཞུས་པ་སོགས་བཀའ་དང༌། དེའི་དགོངས་འགྲེལ་བསྟན་བཅོས་དུ་མ་རྣམས་ཀྱིས་ལེགས་པར་བཤད་པ་བཞིན་སྐུ་གཟུགས་ཀྱི་ཆ་ཚད་ལ་སངས་རྒྱས་མཆོག་གི་སྤྲུལ་སྐུ་དང་ལོངས་སྐུ་ཞི་བ་སོར་ཕྱེད་བཅུ་གསུམ་རེ་ལ་ཞལ་གང་དུ་བརྩིས་པའི་ཞལ་ཚད་བཅུ་པ་དང༌། བྱང་སེམས་ནི་སོར་ཕྱེད་སྤངས་ཏེ་སོར་བཅུ་གཉིས་ལ་ཞལ་གང་དུ་བརྩིས་པའི་ཞལ་ཚད་བཅུ་པ་སྟེ་སངས་རྒྱས་ཀྱི་སྐུ་ལས་སོར་ལྔས་དམན་པ་དང༌། རྒྱལ་ཡུམ་ལྷ་མོ་རྣམས་མཐོ་དགུ་པ། ཁྲོ་བོ་རྣམས་མཐོ་བརྒྱད་པ། མིའུ་ཐུང་མཐོ་དྲུག་པ་སྟེ་སྤྱིར་ཐིག་ཆེན་ལྔའི་ཁོག་དབུབ་ནས་བསྟན་ཏེ་དེ་ལས་གཞན་ཞར་བྱུང་དུ་བཤད་པར་བྱ་བ་ལས། ཐོག་མར་ཞལ་ལམ་མཐོ་ཞེས་པ་དེ་ལ་སོར་བཅུ་གཉིས་སུ་ཆ་བགོ་བ་ནི་སྤྱིར་བཏང་དུ་བྱས་ཏེ་བཤད་ན་བདེ་བས། སྐུ་གཟུགས་རྒྱ་ཁྱོན་ཅི་ཙམ་བྱེད་པ་དེ་ཡི་གཙུག་ཏོར་གྱི་རྩེ་ནས་རྟིང་བའི་བར་དུ་ཆ་བཅུ་མཉམ་པར་བགོས་པའི་ཆ་ཆེན་དེ་ལ། ཞལ་ལམ་གདོང་དང་མཐིལ་དང་ཐལ་མོ་དང་ཆ་ཆེན་དང་མཐོ་གང་གི་ཐ་སྙད་བྱེད་དོ། ། ཆ་ཆེན་རེ་ལ་ཆ་བཅུ་གཉིས་སུ་བགོས་པའི་ཆ་རེ་
ལ་སོར་དང་ཆ་ཆུང་ངམ་ཆ་ཕྲན་ཟེར། སོར་དེའི་བཞི་ཆ་ལ་རྐང་པ་ཟེར། རྐང་པའི་ཕྱེད་ལ་ནས་ཞེས་བརྗོད་པས་ནས་བརྒྱད་སོར་གཅིག་ནས་གཉིས་རྐང་པ་གཅིག་ཡིན་ནོ། ། དེ་ལྟར་ཆ་ཆེན་རེ་ལ་སོར་བཅུ་གཉིས་སུ་བྱས་པའི་མཐོ་བཅུ་པ་འདི་ལ་སྐུའི་སྲིད་དུ་སོར་བརྒྱ་ཉི་ཤུ་འབྱུང་བ་འདི་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུའི་ཚད་དུ་གསུངས་མོད། དང་པོར་འདི་བཤད་ན་གོ་བདེ་བས་བཞེངས་སྐུ་ལ་སྐུའི་དབུས་དྲང་པོར་ཚངས་ཐིག་བཏབ་ནས། སྲིད་དུ་མར་གཙུག་ཏོར་གྱི་དཔངས་ལ་སོར་བཞི། དེ་ནས་སྐྲ་ཡི་ཐོད་ཁྱིམ་སོར་བཞི། དེ་ནས་ཀོས་ཀོའི་བར་ཞལ་ཚད་གཅིགསྐྲ་མཚམས་ནས་མཛོད་སྤུའི་བར་སོར་བཞི་ཡིན་ན་སྐྲ་མཚམས་ནས་ཀོས་ཀོའི་རྩེ་བར་ཞལ་ཚད་དུ་ཐེ་སོང་བ་ཤེས་པར་བྱའོ། ། མཆན་ནོ། ། དེ་ནས་མགྲིན་པའི་དཔངས་སོར་བཞི། དེ་ནས་སོར་བཅུ་གཉིས་ཀྱིས་ཐུགས་ཀ་དེ་བཞིན་ཞལ་ཚད་གཅིག་ལྟེ་བ། དེ་ནས་ཞལ་ཚད་གཅིག་གསང་གནས་ཀྱི་མས་ཐིག་སྟེ་སྐུ་སྟོད་ལ་ཞལ་ཚད་ལྔའོ། ། དེ་ནས་དཔྱི་སོར་བཞི། བརླ་ཞལ་དོ། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་བཞི་སྟེ་སྲིད་དུ་སོར་མོ་བརྒྱ་ཉི་ཤུའོ། ། གཙུག་ཏོར་རྩེའི་ནོར་ཏོག་སོར་གཉིས་པ་ནི་འདིར་མི་བགྲང་ངོ༌། ། ཞེང་དུ་ཐུགས་དབུས་ཚངས་ཐིག་ནས་མཆན་རྩེ་བར་ཞལ་གང༌། དཔུང་པ་སོར་ཉི་ཤུ། ཕྱག་ངར་བཅུ་དྲུགཕྱག་མགོ་བཅུ་གཉིས་ཏེ། གཡས་གཡོན་བསྡོམས་པས། སོར་བརྒྱ་ཉི་ཤུ་པ་སྟེ་ཆུ་ཞེང་གབ་པའོ། ། སྡོམ་འབྱུང་ལྟར་ན། དཔྱི་སོར་ལྔ། པུས་མོ་སོར་གསུམ། ལོང་
བུ་སོར་གཅིག་ཏུ་གསུང་གཞན་འདྲ། དེ་ལྟར་གཙུག་ཏོར་རྩེ་ནས་མཛོད་སྤུའི་བར་དང༌། དེ་ནས་ཐུགས་ལྟེ་གསང་གནས་བཞི་ཞལ་རེ་རེ། བརླ་ཞལ་དོ། རྗེ་ངར་ཞལ་དོ། དཔྱི་དཔུས་མོ་ཞབས་དཔངས་སོར་བཞི་རེ་སྟེ་ཁྱོན་ཞལ་གང་བཅས་སྲིད་དུ་མཐོ་བཅུ། ཞེང་དུ་ཚངས་ཐིག་ནས་མཆན་ཁུང་བར་ཞལ་གང༌། དཔུང་པ་ཞལ་གང་སོར་བརྒྱད། ཕྱག་ངར་ཞལ་གང་སོར་བཞི། ཕྱག་མགོ་ཞལ་གང་སྟེ་གཡས་གཡོན་བསྡོམས་པའི་ཞེང་དུ་མཐོ་བཅུའོ། ། བཞུགས་སྐུ་ལ་གཙུག་ཏོར་རྩེ་ནས་གསང་གནས་བར་ཞལ་ཚད་ལྔ་ཡོད་ཅིང༌། མན་ཆད་གདན་ལ་བཞུགས་སྟབས་ཅན་གྱི་ཐིག་ནི་འོག་ཏུ་འཆད་དོ། ། འདི་དག་གིས་ཆ་ཚད་རགས་པར་རྟོགས་པར་འགྱུར་རོ། ། དེ་ལ་སངས་རྒྱས་ཀྱི་སྐུ་ནི་ཆ་ཆེན་རེ་ལ་སོར་ཕྱེད་བཅུ་གསུམ་རེ་བརྩིས་པས་ཆུ་ཞེང་དུ་སོར་བརྒྱ་ཉེར་ལྔ་པ་ཡིན་པས་གོང་བསྟན་གྱི་ཚད་ལས་སོར་ལྔ་ལྷག་ པ་དེ་ཆ་ཆེན་བཅུ་པོ་རེ་རེར་སོར་ཕྱེད་རེ་ལྷག་པོར་འཕར་དགོས ་ལ། དེ་ཡང་སྐྲ་ཁྱིམ་ལ་སོར་ཕྱེད་འཕར། དེ་བཞིན་ཀོས་ཀོའིརྩ་བ། ཐུགས་ལྟེ་གསང་བའི་མཐར་རེ་རེ་སྟེ་སྐུ་སྟོད་ལ་སོར་ཕྱེད་པ་དང་ལྔ་འཕར། བརླ་ལ་སོར་གཅིགརྗེ་ངར་སོར་གཅིགཞབས་དཔངས་ལ་སོར་ཕྱེད་དེ། དེལྟར་སོར་ཕྱེད་ པ་ལྔ་སྐུ་སྨད་དུ་འཕར་དགོས ་ཤིང་སོར་ཕྱེད་བཅུ་པོ་བསྡོམས་པས་དོན་ལ་སོར་ལྔ་ལྷག་པའོ། ། དེ་བཞིན་ཐད་ཀའི་ཞེང་དུ་ཡང༌། ཐུགས་དབུས་ནས་མཆན་རྩེའི་བར་ལ་སོར་ཕྱེད། གྲུ་མོ་དང་མཁྲིག་མའི་ཚིགས་ལ་སོར་རེ་རེ་འཕར་པའམ། འགའ་ཞིག་གིས། མཁྲིག་ཚིགས་ལ་སོར་ཕྱེད། ཕྱག་
སོར་ལ་སོར་ཕྱེད་འཕར་བ་བྱེད། གང་ལྟར་ཀྱང་གཡས་གཡོན་བསྡོམས་པས་སོར་བརྒྱ་ཉེར་ལྔ་པ་ཆུ་ཞེང་གབ་པར་འགྱུར་ཏེ། ཚུལ་འདི་ནི་དུས་འཁོར་བསྡུས་རྒྱུད་ལས། རྒྱལ་བའི་བདག་པོའི་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པ་ཉི་མའི་སོར་དུ་འགྱུར། ། ཞེས་སོགས་ཀྱིས་ལེགས་པར་བསྟན་པ་ཡིན་ནོ། ། འདི་སྐབས་སུ་དོགས་པ་འདི་ཡོད་དེ། སངས་རྒྱས་ཀྱི་བཞེངས་སྐུ་ལྟ་བུ་ཆེ་ཆུང་གང་བྱེད་ཀྱང༌། དེའི་གཙུག་ཏོར་ནས་ཞབས་མཐིལ་བར་དུ་ཆ་བཅུ་མཉམ་པར་བགོས་པའི་ཆ་ཆེན་རེ་ལ་ཆ་ཆུང་ཕྱེད་བཅུ་གསུམ་དུ་བགོས་པའི་ཆ་ཆུང་དེས་གཞལ་བ་ཡིན་ན། སངས་རྒྱས་ཀྱི་སྐུ་ལ་ཆ་ཆུང་ཕྱེད་འཕར་བ་རྣམས་ནི་རིང་ཞིང༌། དེ་མིན་རྣམས་ཀྱི་སྟེང་ནས་དེ་ཙམ་ཆད་དེ། སོར་བཅུ་གཉིས་རེའི་སྟེང་ནས་བྱང་སེམས་ཀྱི་སྐུ་ཚད་ལྟར་གྱི་སོར་ཕྱེད་རེ་ཆད་པས། མཐར་ཆུ་ཞེང་དུ་བྱང་སེམས་ཀྱི་སྐུ་སོར་བརྒྱ་ཉི་ཤུ་པ་དང་འདྲ་ལ། གནས་སོ་སོའི་རིང་ཐུང་མི་འདྲ་བ་ཙམ་དུ་འགྱུར་བས་འདི་ནི་ནོར་བའམ་སྙམ་དུ་བདག་གིས་རྟོགས་སོ། ། དེས་ན་བཞེངས་སྐུ་ཐལ་མོ་བཅུ་པ་ལ་མཚོན་ན། གཙུག་ཏོར་སྟེང་ནས་ཞབས་ཀྱི་བར་ཆ་བཅུ་མཉམ་པར་བགོས་པའི་ཆ་ཆེན་དེ་ལ་ཆ་ཕྲན་བཅུ་གཉིས་སུ་བགོ་བ་འདི་སྐུ་གཟུགས་ཐམས་ཅད་ལ་རྣམ་ པ་ཀུན་ཏུ་ངེས་པར་དགོས ་ལ། དེའི་ཁར་སངས་རྒྱས་ཀྱི་སྐུ་ལ་ཞལ་ཚད་རེ་ལ་ཆ་ཕྲན་ཕྱེད་རེ་འཕར་བས་ཁྱོན་ཆ་ཕྲན་ལྔས་ལྷག་ པ་དང༌། མ་འཕར་བ་དཀྱུས་མ་བྱང་སེམས་ཀྱི་སྐུའི་ཚད་དུ་འཛིན་དགོས ་ཏེ། དཔེར་ན་མཐོ་གང་དུ་ཚད་
མཉམ་པའི་སངས་རྒྱས་ཀྱི་སྐུ་དང༌། བྱང་སེམས་ཀྱི་སྐུ་གཉིས་ལ་དཔེར་མཚོན་ན། སངས་རྒྱས་མཐོ་གང་པོ་དེའི་ཚབ་ཏུ་བྱང་སེམས་ཀྱི་སྐུ་བྲིས་ན། ཆ་ཕྲན་ལྔས་ཆུང་ཆོག་ལ། བྱང་སེམས་མཐོ་གང་གི་སྐུ་དེའི་ཁྱོན་དུ་སངས་རྒྱས་ཀྱི་སྐུ་བྲིས་ན། གཞི་དེ་ལས་ཆ་ཕྲན་ལྔས་ཆེ་ དགོས་པ ་ལྟ་བུར་ཤེས་དགོས་ཀྱི། ཞལ་གང་ལ་སོར་བཅུ་གཉིས་སུ་བགོ་བ་དང༌། ཕྱེད་བཅུ་གསུམ་དུ་བགོ་ལུགས་ཙམ་གྱི་ཁྱད་པར་དུ་བཟུང་ན་ཤིན་ཏུ་མི་འགྲིག་པས། ཞལ་གང་ལ་ཆ་ཕྲན་བཅུ་གཉིས་སུ་བགོ་བ་འདི་སངས་རྒྱས་བྱང་སེམས་ཐལ་མོ་བཅུ་པ་དང༌། རྒྱལ་ཡུམ་ཐལ་མོ་དགུ་པ་སོགས་ཀུན་ལ་སྤྱིར་ཤེས་པར་བྱའོ་ཞེས་ཁོ་བོས་སྨྲས་པ་འདི་ལ་གངས་ཅན་པའི་ཐིག་རྩ་ཤེས་པ་ཀུན་གྱིས་དཔྱད་འཚལ་ལོ། ། འདིར་བྲིས་འབུར་ཐུན་མོང་གི་ཞལ་སོགས་ཀྱི་ཐིག་རིས་ཞིབ་པར་བྱེད་ན་ནོར་ཏོག་སོར་གཉིས་པའི་མཐའ་སྐོར་སོར་དྲུག་འདིར་སོར་ཟེར་བ་ཐམས་ཅད་སྐུ་ཆེ་ཆུང་གང་ཡིན་གྱི་ཞལ་ཚད་རེ་ཆ་ཕྲན་བཅུ་གཉིས་སུ་བགོས་པའི་ཆ་རེ་རེ་ལ་གོ་དགོས་པས་གོང་དཔྱད་ལྟར་ངེས་པར་བྱས་ནས། ཚད་དེས་གཞལ་བར་བྱ་བ་གོང་འོག་ཀུན་ཏུ་ཤེས་པར་བྱའོ། ། མཆན། གཙུག་ཏོར་རྩ་བའི་རྒྱ་དང་དཔངས་ཀྱང་སོར་བཞི། མཐའ་སྐོར་སོར་བཅུ་གཉིས་པ་ལྷུང་བཟེད་སྦུབས་པའམ། འབྲུ་ཡི་ཕུང་པོ་ལྟར་རྩེ་མོ་རིམ་པས་ཕྲ་བ། སྐྲ་ཞབས་ཐོད་ཁྱིམ་གྱི་དཔངས་སོར་བཞི། སངས་རྒྱས་ལ་སོར་ཕྱེད་ལྔ། སྐྲ་མཚམས་ཐོད་ཁྱིམ་ཟླུམ་པོ་གདུགས་ལྟར་རྒྱས་པའི་མཐའ་སྐོར་སོར་ཞེ་ལྔས་འཁོར་བ། འབུར་ཡིན་ན་ཐོད་ཟུར་གཉིས་ཀྱི་བར་དཔྲལ་ཞེང་གཡས་གཡོན་
དུ་སོར་དགུ་དགུ་རེ་བྱས་ལ་དེའི་མཚམས་སུ་སྐྲ་མཚམས་ཚངས་ཐིག་ནས་རིམ་པས་གཞུ་ལྟར་འགུགས་པར་བྱའོ། ། ནོར་ཏོག་གི་རྩེ་ཡི་ཚངས་ཐིག་ནས་དཔྲལ་ཐིག་དང་སྙན་རྩེའི་ཕྱི་ཐིག་གཉིས་ཕྲད་མཚམས་གཡས་གཡོན་དུ་ཐིག་བཏབ་པས་གཙུག་ཏོར་རྒྱ་ཚད་རྟོགས་སོ། ། ཀོས་ཀོའི་མས་ཐིག་གི་ཚངས་ཐིག་སྟེང་ནས་གཡས་གཡོན་སོར་དོ་རེ་གཞལ་བ་ནས་སྐྲ་མཚམས་འཕྲེད་ཐིག་ཚངས་ཐིག་འདུས་པར་ཐིག་འཐེན་པས་རྩེ་རིམ་པར་ཕྲ་བ་དེས་སྤྱན་གྱི་བར་དང་ཤངས་དང་ཞལ་ཁུག་གི་ཞེང་ཚད་རྟོགས་སོ། ། སྐྲ་མཚམས་ནས་སོར་བཞི་མར་གཞལ་བ་སྨིན་མཚམས་ཀྱི་འཕྲེད་ཐིག་དེས་སྙན་གྱི་རྩེ་དང་སྨིན་མ་རྣམས་ཡོད་པ་རྟོགས། སྐྲ་མཚམས་ཚངས་འཛོམ་ནས་ཤངས་རྩེའི་ཐིག་སྙན་རྩར་ཕྲད་མཚམས་སྦྲེལ་བས་སྤྱན་གྱི་ཕྱི་དབྱིབས་གྲ་ཟུར་རྟོགས། སྨིན་མཚམས་འཕྲེད་ཐིག་སྙན་རྩེའི་ཐིག་ཕྲད་མཚམས་ནས་ཀོས་ཀོའི་ཐིག་རྩེ་སྔ་མ་གཉིས་རྟོགས། གཡས་ནས་གཡོན་དུ་དང་གཡོན་ནས་གཡས་སུ་བསྣོལ་མར་བཏབ་པས་སྔ་ཕྱིའི་ཐིག་བཞི་རྒྱ་གྲམ་ནི་མཆུ་ཡི་དཀྱིལ་ཚད་དང་མཆུའི་ཁྲ་གདོང་བཅས་ཀྱི་ཚད་རྟོགས་སོ། ། སྨིན་ཕྲག་ཚངས་ཐིག་གི་སྟེང་དུ་མཛོད་སྤུ་སོར་མོ་གཅིག་པ་ཟླུམ་དཀར་གཡས་སུ་འཁྱིལ་པ་རྩེ་གྱེན་དུ་ཕྱོགས་པའོ། ། དེ་ནས་ནས་གཉིས་དོར་བའམ། སྨིན་མཚམས་ཚངས་ཐིག་ནས་གཡས་གཡོན་དུ་ནས་དྲུག་རེ་འཕྲེད་དུ་གཞལ་བ་ནས་སྨིན་མ་སྟེ། དཀྱུས་ལ་སོར་བཞི་དབུས་སྦོམ་པའི་ཚད་དུ་རྐང་པ་གཅིག་ཟླ་ཚེས་ལྟར་རིམ་པས་ཕྲ་ཞིང་མཛེས་ལ་གུག་པ། དེའི་དཀྱིལ་
དབུས་གྱེན་དུ་མཐོ་བའི་སྟེང་ནས་སྐྲ་མཚམས་ལ་སོར་གསུམ་མོ། ། མཛོད་སྤུའི་འོག་ཏུ་མར་ལ་སོར་གཉིས་གཞལ་བའི་འཕྲེད་ཐིག་སྤྱན་གྱི་མ་ལྗིབས་ཀྱི་ཐིག་སྟེ། དེ་ཡང་ཚངས་ཐིག་སྟེང་ནས་གཡས་གཡོན་དུ་སོར་མོ་རེ་རེ་དོར་མཚམས་ནས་སྤྱན་གྱི་ནང་གི་གྲ་གཞུག་གི་མཐའ་བྱས་ཏེ། དེ་ལ་བསམ་གཏན་ལ་བཞུགས་པ་སངས་རྒྱས་ཀྱི་སྤྱན་ནི་འཕྲེད་དཀྱུས་ལ་སོར་བཞི། ཞེང་ལ་ནས་གཉིས་པ་སྤྱན་དབྱིབས་གཞུ་འདྲ་སྤྱན་མདུན་རིམ་ཕྲ་སྤྱན་སྨད་སྦོམ་པ་གྱེན་དུ་ཕྱོགས་པའོ། ། དེ་དཀར་ནག་གི་ཆ་ནི། མིག་གི་གྲ་ཁུག་གཉིས་སོར་ཕྱེད་རེ་སྟེ་ཤངས་ངོས་ནང་གྲ་དང༌། སྙན་ངོས་ལ་ཕྱི་ཡི་གྲ་ཁུག་ཟེར། སྤྱན་དཀྱུས་སོར་བཞི་ལས་གྲ་གཉིས་ཀྱི་ཚད་སོར་གཅིག་དོར་ལྷག་སོར་གསུམ་པོ་སྤྱན་འབྲས་སམ་དབུས་ཀྱི་དཀར་ཟླུམ་ཡིན་ལ་དེའི་ཞེང་སོར་གཉིས་སོ། ། དེའི་དབུས་དྲང་པོར་ཀ་ལི་ཏ་ཞེས་པ་ནག་པོ་སོར་གཅིག་པ་ཟླུམ་པོའོ། ། དེའི་དབུས་ན་སུ་ཏ་ལི་ཞེས་མཐོང་མིག་གམ་རྒྱལ་མོ་སོར་གཅིག་གི་ལྔ་ཆ་ཟླུམ་པོ་བྱ་ལ། དེའི་མཐར་སོར་གཅིག་གི་ལྔ་ཆའི་མུ་ཁྱུད་ཟླུམ་པོ། ཞི་བར་གསེར་དང་ཁྲོ་བོ་ལ་དམར་དང་སྔོ་བ་བྱའོ། ། སྤྱན་གྱི་གྲ་གཉིས་ཅུང་དམར་བ་སོགས་སྤྱན་དཀར་ནག་འབྱེས་ཤིང་ཨུཏྤལ་གྱི་འདབ་མ་ལྟར་ཡངས་ལ་མཛེས་པ། སྤྱན་གཞུག་སྙན་གྱི་བུ་གར་གཏོད་པ། སྤྱན་འབུར་ཞེས་སྤྱན་རྡོག་ཀུན་གྱི་རྒྱ་མ་སྨིན་མའི་འོག་ནས་མ་ལྤགས་ཀྱི་རྩ་བ་ཡན་སོར་དོ་སྟེ། སྙན་རྩེའི་འཕྲེད་ཐིག་ནས་མར་སོར་གཅིག་གི་སྤྱན་འབོར། དེ་ནས་སོར་གཅིག་གིས་སྤྱན་དངོས་ཀྱི་སྲིད་ཚད་དུ་ཡང་བཞེད།
མུད་ག་ཞེས་པ་སོགས་སུ་གྲགས་པ་སྤྱན་གྱི་ཡ་ལྕིབ་མ་ལྕིབ་བམ་སྤྱན་ལྤགས་ཕྱིར་འབུར་བའི་ཆ་ནི་ནས་གཉིས་ཀྱིས་མཐོ་བའོ། ། སྤྱན་གཉིས་ཀྱི་བར་དུ་སོར་གཉིས་ཡོད་པ་དེ་ཡི་དབུས་སུ་ཤངས་ཀྱི་རྩ་བ་སྟེ། དེའི་ཞེང་ལ་སོར་གཅིག་ལ་སུམ་ཆས་དམན་པ། ལ་ལས་སོར་གཅིག་ཏུ་བྱེད་པའང་ཡོད། དཔངས་ལ་སོར་གཅིག་པ། རྩ་བ་ནས་རིམ་པས་སྦོམ་པའི་ཤངས་དཀྱུས་སོར་བཞི་པ། མངོན་པར་མཐོ་ཞིང་ལེབ་བག་མེད་པས་ཡིད་ཙམ་གཟོར་ལ་དྲང་ཞིང་མཛེས་པ། ཤངས་ཀྱི་རྩེ་མོའི་རྒྱར་འཕྲེད་དུ་སོར་གཉིས། གྱེན་དུ་དཔངས་ལ་སོར་ཕྱེད་གཉིས། ཤངས་བུག་གཉིས་དང་དབུས་ཀྱི་ཀ་བ་གསུམ་པོ་འཕྲེད་དུ་སོར་ཕྱེད་རེ། དཔངས་སོར་རེ། གཞན་དག་བུག་པ་དང་ཀ་བའི་ཞེང་སོར་རེ་བྱེད་པ་ཡོད་དེ་ལྟ་ན་ཤངས་ཞེང་སོར་གསུམ་དུ་འགྱུར་ཏེ་ཅུང་མི་ལེགས་འདྲ། ཤངས་གཤོག་རྒྱས་པ་ནས་གཉིས། ཤངས་བུག་ཟབས་སུ་སོར་གཅིག་གོ ། ཤངས་རྩེ་ཟླུམ་པོའི་དབུས་ཀྱི་རྒྱ་ལ་སོར་གཅིག་དང་ནས་གཅིག་གོ ། སྙན་རྩེའི་ཐིག་ནས་སོར་བཞིས་ཤངས་རིང་ཚད་ཡིན་ཀྱང༌། ཤངས་ཀྱི་རྩེ་མོ་སོར་ཕྱེད་ཙམ་གྱིས་ཐིག་ལས་ཕྱིར་འབུར་བར་བྱའོ། ། ཤངས་ཀྱི་རྩ་བ་ནས་ཡ་མཆུ་དཔངས་སོར་གཅིག་གཡས་གཡོན་ཞལ་ཁུག་བར་མའམ་ཞལ་དཀྱུས་སོར་བཞི་པའི་དབུས་སུ་ཤངས་ཀྱི་ཀ་བའི་འོག་ན་ཡ་མཆུའི་གཤོང་བུ་མིང་འགུ་རྩེ་ཟེར་སྲིད་དུ་སོར་གཅིག་པ་པད་འདབ་ཀྱི་དབྱིབས་ཅན་ཞེང་ཆེ་སར་ནས་དྲུགཟབས་སུ་ནས་གཅིག་གིས་དམའ་བ། བིམྤ་ལྟར་དམར་བའི་མཆུ་སྒྲོས་ཡས་མན་
ལས་ཡ་མཆུ་དངོས་ཀྱི་སྲབ་འཐུག་སོར་ཕྱེད་དམ། རྐང་པ་གསུམ། ཁ་ཅིག་སོར་གཅིག་བྱེད་པའང་ཡོད། གཡས་གཡོན་དུ་དཀྱུས་ལ་སོར་རེ་སྟེ་ཁྱོན་གཉིས། ནེ་ཙོ་དང་ཁྲ་ཡི་གདོང་འདྲ་བ་བརྒྱད་ཆ་ཙམ་གྱིས་ཅུང་ཟད་དབུས་མཐོ་མཐའ་དམའ་བ། ཚེམས་ཀྱི་འོག་ནས་མ་མཆུ་འཕྱང་ཐབས་ལ་སོར་གཅིག་ཁ་ཅིག་ཡ་མཆུ་དང་འདྲ་བར་བྱེད་པ་ཡོད། ཕན་ཚུན་དུ་སོར་རེ་མཐའ་མཐོ་ཞིང་དབུས་ཆུང་དམའ་བ་ཡ་མཆུ་དང་མ་མཆུ་དངོས་ཀྱི་མཐར་ཞལ་གྱི་གྲ་ཡི་འཛུམ་སྐྱོང་སོར་རེ་རེ། ཁ་ཅིག་ནས་དྲུག་ཏུ་བྱེད་པའང་ཡོད། ཞལ་གྱི་གྲ་ཡི་དཔངས་ནས་གཅིག་གམ་ཕྱེད་དུ་འདོད་པའང་ཡོད། དེ་ལྟར་མཆུ་སྒྲོས་གཉིས་ཀྱི་དཔངས་སོར་ཕྱེད་གཉིས་སམ་གཉིས། གྲ་ནས་གྲ་མཐར་དཀྱུས་སོར་བཞི། ཞལ་གྱི་གྲ་ཅུང་ཟད་གྱེན་དུ་ཕྱོགས་པ་འཛུམ་པའི་རྣམ་པ་ཅན་བྱའོ། ། མ་མཆུའི་འོག་ཏུ་ཀོས་ཀོའི་དཔངས་ལ་སོར་གཉིས། འཕྲེད་དུ་སོར་བཞི་པ་ཟླུམ་ལ་རྒྱས་པའོ། ། འབུར་སྐུ་ལ་མགུལ་ནས་ཚུར་ཀོས་ཀོ་འཕྱར་ཐབས་ཀྱི་ལྐོག་འཕྱང་གི་དཔངས་དང་ཞེང་ལ་སོར་བཞིའོ། ། མན་རྩེའི་དབུས་ཀྱི་འབུར་ལ་སོར་གཉིས་སོ། ། ཀོས་ཀོའི་རྩ་བ་ནས་སྙན་གྱི་རྩ་བའི་བར་གྱི་འགྲམ་པའི་དཀྱུས་ལ་སོར་དྲུགཞེང་སོར་ཕྱེད་གསུམ། སྙན་དང་མཁུར་གོང་གཉིས་ཀྱི་བར་ཞལ་འགྲམ་གྱི་དཔངས་དང་ཞེང་ལ་སོར་བཞི་རེ། འགྲམ་པ་ཟླུམ་ལ་རྒྱས་པ་མེ་ལོང་གི་ངོས་སམ་སེང་གེའི་ཟ་འགྲམ་ལྟ་བུར་བྱའོ། ། ཟ་འགྲམ་གྱི་མཐའ་ནས་ཤངས་ཀྱི་ཟུར་གྱི་བར་དང༌། མིག་ལྤགས་ཀྱི་འོག་ནས་མཁུར་བ་སོར་གསུམ་ཟླུམ་པོའི་
དབུས་ཅུང་ཟད་འབུར་བ་སོར་གཅིག་གི་ཚད་དོ། ། དེ་ལྟར་ཀོས་ཀོ་དང་ཁ་འགྲམ་གྱི་ཕྱི་ཟུར། མིག་འབྲས་ནང་ཟུར་རྣམས་ཐིག་དྲང་པོར་མཉམ་པ་དེ་བཞིན་མིག་གི་ནང་ཟུར། ཤངས་ཀྱི་ཕྱི་མཐའ་ཀོས་ཀོའི་རྩེ་རྣམས་ཐིག་དྲང་པོར་མཉམ། སྨིན་དབུས་མཐོ་བ་དང༌། སྙན་རྩེ་ཐད་ཀར་མཉམ་མོ། ། སྤྱན་གཞུག་ནས་འཕྲེད་ལ་སོར་མོ་ཕྱེད་ལྔ་སོང་མཚམས་ཟ་འགྲམ་རྩ་བ་ནས་སྙན་ཞེང་སོར་གཉིས། དཀྱུས་སོར་བཞི་འམ་ཕྱེད་ལྔ་སྟེ་ཀོས་ཀོའི་མས་ཐིག་འོག་སོར་བཞི་ཙམ་འཕྱང་བའོ། ། སྙན་གྱི་ལྟག་པའི་འཕྱར་ལ་སོར་ཕྱེད་གཉིས། སྤྱན་གཞུག་གི་ཐད་ཀྱི་ཟ་འགྲམ་རྩ་བར་རྣ་བུག་གི་མདུན་དུ་ཤ་འབུར་མེ་ཏོག་གང་བུའི་དབྱིབས་ཅན་རྣ་བའི་འདབ་མའམ་རྣ་འདན་ཞེས་གྲགས་པ། རྒྱ་དཔང་ངམ་ལོགས་འཕྱར་ལ་སོར་ཕྱེད་པ། དཀྱུས་སོར་གཅིག་གོ ། དེའི་འོག་འགྲམ་དུ་རྣ་བའི་བུ་ག་སྲིད་དང་ཞེང་སོར་ཕྱེད་པ། དེའི་ལྷག་མ་སྐོ་མོ་རྡོ་གཞོང་ལྟ་བུ། རྒྱ་དཔང་འཕྱང་ལ་སོར་རེ་རེ། དེའི་སྟེང་དུ་རྣ་བའི་རྩེ་ཕྱོགས་ནས། ཤཀྐུ་ལེ་ཞེས་པ་ཞེང་ནས་གཉིས་པའི་གཤོང་བུས་རྡོ་གཞོང་དབྱིབས་ལ་བསྐོར་བར་གནས། དེའི་ཕ་རོལ་ཏུ་རྣ་བའི་འདབ་མའི་འོག་ཟུར་ནས་བརྩམ་སྟེ། རྩ་བ་ཁུག་པ་ལྟ་བུ་ལ། རྩེ་མོ་ཀངྐ་ནི་སྟེ་སྡིག་པའི་རྭ་ལྟ་བུ་རྩེ་གཉིས་པའི་འབུར་གྱི་སྣ་བུག་གི་རྩེ་མོའི་སྟེང་བར་དུ་འཁོར་བ། ཀ་ནིའི་སྡིག་པའི་རྭ་གཉིས་ཀྱི་བར་དུ་གྱེན་དུ་སོར་གཉིས་ཞེང་དུ་སོར་མོ་གཅིག་པའི་གཤོང་བུ་དང་ལྡན་པ། རྡོ་གཞོང་སྟེང་ནས་གྱེན་དུ་སོར་ཕྱེད་གཉིས་ཀྱི་མཚམས་སུ་ཀ་ནིའི་རྒྱབ་ཏུ། རྒྱ་དཔངས་རྐང་པ་གཅིག་
གི་གཤོང་པུས། ཤ་འབུར་གྱི་འོག་ནས་བརྩམ་སྟེ་རྣ་བའི་རྩེ་མོའི་བར་བསྐོར་ཏེ་མར་སྣེ་རིམ་པར་ཕྲ་ཞིང་ཡར་སྣེ་གཤོང་བུ་འགེབས་ཚུལ་དུ་འཁྱིལ་པའོ། ། དེའིཕྱི་རོལ་ཏུ་རྣ་བའི་འཁྱིལ་བ་ཞེས་བྱ་བ་པགས་པའི་རང་བཞིན་ཞེང་སོར་ཕྱེད་དམ་བཞི་ཆས་ཡར་སྣེ་རྣ་ཀ་ནིའི་སྟེང་ནས་ཞེས་གཡའ་སེལ་ལས་སོ། ། འདན་གྱི་སྟེང་ནས་འགེབས་པ་ལྟར་ནང་དུ་འཁྱིལ་ཞིང༌། མར་སྣེ་རྣ་ཤལ་གྱི་ཟུར་བར་དུ་རྣ་བའི་མཐའ་སྐོར་ཏེ་གནས་པ་དེ་ལ་བེར་ཀ་རེས་ཞེས་ཀྱང་བྱའོ། ། རྣ་བའི་ནང་དུ་གཤོང་བུའི་ཆ་རྣམས་ཕྱི་རྒྱབ་ཏུ་ནང་དུ་འབུར་ཆ་དག་རྒྱབ་ཏུ་གཤོང་བུར་གྱུར་པའོ། ། སྙན་ཤལ་མ་ངེས་གསུངས་ཀྱང་བྲིས་ཆར་སོར་བཞིའམ་ལྔ་ལས་མི་རིང་བར་བྱ། ཞེང་སོར་ཕྱེད་གཉིས་པ་མདུན་དུ་འཕྱང་ཞིང་མཛེས་པར་བྱའོ། ། འབུར་སྐུའི་རྣ་བའི་མདུན་གྱི་ཞལ་ཞེང་སོར་མོ་བཅོ་བརྒྱད་ཡོད་ལ། བྲིས་ཆར་སོར་བཅུ་གཉིས་སུ་བྱེད། རྣ་བ་གཉིས་ཀྱི་རྒྱབ་ཀྱི་བར་ཚད་སོར་བཅུ་བཞིའོ། ། རྣ་བ་གཉིས་ཀྱི་རྩ་བའི་ཚད་སོར་གཉིས་རེ་གཉིས་རེ་སྟེ་དེ་ལྟར་ན་དབུ་ཡི་མཐའ་སྐོར་གྱི་ཐིག་ལ་སོར་མོ་སུམ་ཅུ་རྩ་དྲུག་འདོད་དོ། ། རྣ་བ་གཉིས་རྒྱབ་ལོགས་སུ་སོར་ཕྱེད་གཉིས་འཕྱར་བའོ། ། དེས་དབུ་ཡི་ཐིག་སོང༌། དེ་ནས་ཀོས་ཀོ་འཕྱར་བའི་རྩ་བའི་འོག་ཏུ། མགྲིན་པའི་དཔངས་ཚད་སོར་བཞི། ཞེང་སོར་བརྒྱད་པ། བུམ་པ་ལྟར་ཟླུམ་ཞིང་སྨད་རྒྱས་ལ་མཛེས་པ། རི་མོ་གསུམ་པ་སྟེ། ཀོས་ཀོ་ནས་མར་ལ་སོར་གཅིག་ལ་རྐང་པས་དམན་པར་རི་མོ་དང་པོ། དེ་ནས་སོར་གཅིག་དང་རྐང་པ་གཅིག་གཞལ་བར་གཉིས་པ། དེ་འོག་སོར་གཉིས་
གཞལ་བ་མགྲིན་པའི་རྩ་བ་གསུམ་པ་སྟེ། རི་མོ་དེ་རྣམས་དབུས་ནས་མཐར་རིམ་པས་ཕྲ་ཞིང་རྩེ་མོ་གྱེན་དུ་ཕྱོགས་པ། མགྲིན་པ་ཆོས་ཀྱི་དུང་གསུང་ཚངས་པའི་དབྱངས་འབྱུང་བའི་གནས་སོ། ། མགྲིན་པའི་མཐའ་སྐོར་སོར་མོ་ཉེར་བཞི་སྟེ། ཟླུམ་པོ་རྣམས་ལ་བྲིས་ཐིག་གི་ཞེང་ཚད་སུམ་འགྱུར་དུ་བྱས་པ་མཐའ་སྐོར་གྱི་ཚད་ཡིན་ནོ། ། མགྲིན་པའི་མཐའ་ནས་ཕྲག་པ་འཕྲེད་དུ་སྐུ་དབུས་ཚངས་ཐིག་གི་གཡས་གཡོན་དུ་འཕྲེད་ལ་ཞལ་གང་གི་ཚད་དེ། སངས་རྒྱས་ལ་སོར་ཕྱེད་ལྷག་པ་དྲན་པར་བྱའོ། ། ཕྲག་པ་དེ་ཡང་ཤ་རྒྱས་ལ་ཆུ་བབ་ལྟར་རིམ་གྱིས་དམའ་བའམ། དེ་ནས་ཕར་ལ་དཔུང་མགོ་སོར་བཞི་ཟླུམ་ཞིང་ཕྲག་མགོ་རྒྱས་པ་བྱའོ། ། དཔུང་མགོ་ནས་མཆན་ཁུང་གི་རྩེར་འཕྲེད་ལ་སོར་དྲུག་དང་ནས་གསུམ་མཆན་ཁུང་གི་རྩེ་ནས་ཕྲག་གོང་དུ་སོར་དགུ་བ་ལ། མཐའ་སོར་ཉེར་བཞིས་འཁོར་བའོ། ། མཆན་རྩེའི་ཐད་མན་གྱི་དཔུང་ལྷུ་སོར་མོ་ཉི་ཤུ། ཕྱག་ངར་སོར་མོ་བཅུ་དྲུག་ཡིན་ཞིང༌། འབུར་ལ་དེ་གཉིས་རང་རང་གི་དཀྱུས་ཚད་ཀྱིས་རྩ་བ་འཁོར་བའི་ཚད་ཀྱིས་ཕྲ་སྦོམ་ཤེས་སོ། ། མཁྲིག་མ་ནས་གུང་མོའིརྩེ་བར་ཕྱག་མགོ་སོར་བཅུ་གཉིས་སོ། ། འདིར་སངས་རྒྱས་ཀྱི་སྐུ་ལ་གྲུ་མོ་དང་མཁྲིག་ཚིགས་ལ་སོར་རེ་བསྣན་འཕར་རམ་མཁྲིག་ཚིགས་ཕྱག་སོར་ཕྱེད་བསྣན་ པ་གང་བདེ་ཤེས་དགོས ་སོ། ། རང་རང་གི་སྲིད་ཚད་དམ་མཐའ་འཁོར་བའི་སུམ་ཆ་ནི་བྲིས་ཆ་ལ་ཐད་ཞེང་ངམ་ཕྱག་འགག་སྟེ་སོར་བཞི་ལ་མཐའ་སྐོར་བཅུ་གཉིས་སོ། ། མཁྲིག་མ་ནས་གུང་མོའི་རྩ་བའི་བར་ཕྱག་མཐིལ་སྲིད་དུ་
སོར་བདུན་ཞེང་དུའང་དེ་འདྲའོ། ། འདི་ལ་སོར་བདུན་སྟེང་ནས་བཞི་དང་ནས་གཅིག་གི་དྲུག་ཆ་ཙམ་བསྣན་པ་ཡོད། མཐེ་བོང་ནས་མཐེའུ་ཆུང་གི་བར་དུ་སོར་བདུན་ཏེ། ཕྱག་མཐིལ་འདི་དག་བསྒྲད་པ་དང་བཅུམ་པའི་ཉམས་འགྱུར་བྱས་ན་མ་གཏོགས་རང་བཞིན་ཆུ་ཞེང་མཉམ་པའོ། ། སོར་མོ་བཞི་པོ་སྐྱེས་མཚམས་ཀྱི་ཐད་ཞེང་སོར་ལྔ། མཛུབ་མོའི་རྩ་བ་ནས་མཐེ་བོའི་རྩ་བར་སོར་གསུམ། མཁྲིག་མ་ནས་མཐེའུ་ཆུང་གི་རྩ་བར་སོར་ལྔ། གུང་མོ་རིང་ཐུང་སོར་ལྔ། དཔེ་ལ་ལར་དེ་སྟེང་ནས་གསུམ་དང་ནས་གཅིག་ལ་དྲུག་ཆས་དམན་པ་ཙམ་རིང་བར་མཛད། གུང་མོ་དེ་ལས་སོར་ཕྱེད་ཀྱིས་དམན་པ་མཛུབ་མོ་དང་སྲིན་ལག་དེ་ལས་ཚིགས་གཅིག་གིས་ཐུང་བ་མཐེའུ་ཆུང་ངམ། སོར་མོ་བཞི་པོ་དེ་ཚིགས་གསུམ་པ་ནང་གི་རི་མོའི་བར་གྱི་ཚིགས་བར་ཆ་མཉམ་པ་རང་རང་གི་སྲིད་ཚད་ཆ་གསུམ་དུ་བྱེད་པའོ། ། སོར་མོ་དེ་བཞི་རང་རང་གི་སྲིད་ཚད་ཀྱི་ཚིགས་ཀྱི་རྩ་བ་འཁོར་ཞིང༌། དེ་ལས་སུམ་ཆ་ཕྲི་བས་ཚིགས་དབུས་མ་སུམ་ཉིས་ཕྲི་བས་ཚིགས་སྟེང་མའི་མཐའ་སྐོར་འཁོར་བའི་སྦོམ་ཕྲ་ཅན་ཏེ། དེལྟར་རིམ་བཞིན་ཕྲ་ཞིང་ཟླུམ་ལ་རྒྱས་ཤིང་མཛེས་པའོ། ། མཁྲིག་མ་ནས་མཐེ་བོང་གི་རྩ་བར་གར་ཤ་དཀྱུས་སོར་བཞི་ཞེང་སོར་གསུམ་པའི་མཚམས་སུ་ལེགས་པར་སྐྱེས་པའི་མཐེ་བོང་རིང་ཐུང་སོར་བཞི་པ་ཚིགས་གཉིས་པ། དཀྱུས་ཚད་ཀྱི་རྩ་བ་འཁོར་བ་དེའི་སུམ་ཆ་བྲིས་ཆའི་ཐང་ཞེང་ངོ༌། ། ཕྱག་མཐིལ་ལ་འཁོར་ལོ་སོགས་བཀྲ་ཤིས་པའི་རི་མོས་མཚན་པའོ། ། སོར་མོ་ལྔ་པོ་ཐམས་
ཅད་ཀྱི་རང་རང་གི་ཚིགས་གོང་མའི་ཕྱེད་ཚད་ཀྱི་སེན་མོ་དབུས་མཐོ་ཞིང་ཟངས་ཀྱི་མདོག་ལྟར་དམར་ཞིང་སྣུམ་པའོ། ། མགྲིན་འོག་ནས་ཐུགས་ལྟེ་གསང་བ་ཞལ་ཚད་རེ་གོང་བཤད་ལྟར་དང་སངས་རྒྱས་ལ་སོར་ཕྱེད་དེ་འཕར་བའམ། མཆན་ཁུང་གི་རྩེ་ནས་ཅིག་ཤོས་ཀྱི་རྩེ་ཡི་བར་སོར་ཉེར་བཞི་རེ་རྒྱབ་མདུན་གཉིས་ཀར་ཡོད། སངས་རྒྱས་ལ་སོར་ཉེར་ལྔ་ཡིན་ནོ། ། མཆན་ཁུང་གི་ལོགས་གཡས་གཡོན་གཉིས་ལ་འཐུག་རྔམས་སོར་བརྒྱད་རེ་སྟེ། ཁྱོན་སྐུ་སྟོད་ཀྱི་མཐའ་ལ་སོར་དྲུག་ཅུ་རྩ་དྲུག་གིས་འཁོར་བའོ། ། ཐུགས་ཀའི་ཚངས་ཐིག་སྟེང་ནས་གྱེན་དུ་སོར་ཕྱེད་གསུམ་གཞལ་བའི་ས་ནས་གཡས་དང་གཡོན་དུ་སོར་དྲུག་དང་རྐང་པ་གཅིག་གཞལ་སར་ནུ་རྡོག་ནས་གཅིག་ཟླུམ་སྐོར། དེའི་མཐར་སོར་ཕྱེད་པས་བསྐོར་བའི་ཟླུམ་པོ་ཅན་ནོ། ། ནུ་རྡོག་གི་སྟེང་ནས་མཆན་རྩེའི་བར་སོར་མོ་དྲུགནུ་མ་གཉིས་ཀྱི་བར་དུ་ཞལ་གང༌། ནུ་རྡོག་ནས་གཡས་གཡོན་མཆན་ཟུར་དུ་སོར་ལྔ། ནུ་རྡོག་ནས་ལྟེ་བའི་བར་སོར་བཅུ་བཞི། ནུ་མའི་ཐད་ཀྱི་རྒྱབ་ཞིང་སོར་ཕྱེད་ཉེར་གསུམ་རྩིབ་ལོགས་གཉིས་སུ་སོར་བཅུ་གཉིས་རེ་སྟེ་མཐའ་བསྐོར་སོར་མོ་དྲུག་ཅུ་རྩ་དགུས་འཁོར་བའོ། ། ཐུགས་ཀའི་མདུན་རྒྱབ་ལ་སོར་ཉི་ཤུ། ལོགས་གཉིས་བཅུ་བཅུ་སྟེ་ཁྱོན་དྲུག་ཅུའི་མཐའ་སྐོར་ཅན་ནོ། ། ལྟེ་བའི་གོང་དུ་མདུན་ཞེང་སོར་བཅོ་ལྔ་བསྐོར་བས་སུམ་འགྱུར་ཏེ་བཞི་བཅུ་རྩ་ལྔ། སྐེད་སྐབས་ཕྱེད་ཅིང་ཕྲ་བའི་ཐད་ཀའོ། ། ལྟེ་བུག་གི་ཐད་ཀར་སོར་མོ་བཅུ་དྲུག་བསྐོར་བས་སུམ་འགྱུར་ཏེ་བཞི་བཅུ་ཞེ་བརྒྱད་དོ། ། ལྟ
ཁུང་རྒྱ་དཔངས་སོར་གཅིག་པ། ཟབ་དང་གཡས་སུ་འཁྱིལ་བའོ། ། ལྟེ་འོག་ནས་མར་སོར་བརྒྱད་ཀྱི་མཐར། དཔྱིའི་སྟ་ཟུར་བྲིས་ཆ་ལ་སོར་བཅོ་བརྒྱད་དམ་འབུར་ལ་བཅུ་དགུར་བཞེད། མཐའ་སྐོར་བས་སུམ་འགྱུར་ཏེ་སོར་ང་བདུན་ནོ། ། དེའི་འོག་ཏུ་མར་སོར་ཕྱེད་ལྔ་གཞལ་བར་གསང་གནས་ཏེ། ཆགས་བྲལ་གྱི་སྐུ་དག་གི་གསང་བ་གླང་པོའམ་རྟ་ཅང་ཤེས་བཞིན་དུ་སྦུབས་སུ་ནུབ་པས་ཕྱིར་མངོན་པར་མེད་ཀྱང༌། ཚད་ནི་རྒྱུད་སྡེའི་སྐབས་སུ་འོག་ནས་འཆད་པ་ལྟར་རོ། ། རྒྱབ་ཀྱི་འཕོངས་ཚོས་ཟླུམ་པོ་སོར་བརྒྱད་པ། དཀྱིལ་འབུར་བར་སོར་གསུམ། དཔྱི་སོར་བཞི། བརླ་ཡི་རྩ་བའི་ཞེང་ཞལ་གང་སྟེ་སོར་བཅུ་གཉིས་བསྐོར་བ་སུམ་འགྱུར་ཏེ་སོར་སུམ་ཅུ་རྩ་དྲུག་གོ ། རིང་ཐུང་ཞལ་དོ། བརླའི་དབུས་སུ་ཞེང་སོར་བཅུ། མཐའ་སུམ་འགྱུར་ཏེ་སུམ་ཅུ། པུས་མོའི་ཐད་དུ་སོར་བདུན། མཐའ་སྐོར་ཉེར་གཅིགཔུས་མོའི་དཔངས་སུ་སོར་བཞི། ཐད་ཞེང་སོར་བརྒྱད། རྗེ་ངར་རིང་ཐུང་ཞལ་དོ། རྩ་བའི་ཕྲ་སྦོམ་སོར་དྲུག་དབུས་ཉྭ་སྙིང་སོར་བདུན། ལོང་བུའི་རྩ་བ་ཕྲ་སར་ཞེང་སོར་ལྔ་སྟེ། དེ་རྣམས་རང་རང་གི་སུམ་འགྱུར་གྱིས་མཐའ་འཁོར་བ། ཕྲ་སྦོམ་དེ་དག་གི་བར་གྱི་ཆ་རྣམས་དེའི་ཤུགས་ཀྱིས་རིམ་པས་ཕྲ་བར་ཤེས་སོ། ། བྱིན་པ་འདི་དག་རི་དྭགས་ཨེ་ན་ཡ་ལྟར་ཟླུམ་ལ་རྒྱས་ཤིང་རིམ་པས་ཕྲ་ཞིང་མཛེས་པ་དང༌། པུས་མོའི་ལྷ་ང་དང་ལོང་བུ་སོགས་ཀྱི་འབུར་མི་མངོན་པའོ། ། སངས་རྒྱས་ལ་བརླ་དང་བྱིན་པའི་ཞལ་ཚད་བཞི་པོར་སོར་གཉིས་འཕགས་པ་ཤེས་པར་བྱའོ། ། ཞབས་བོལ་གྱི་དཔངས་སོར་
བཞི། སངས་རྒྱས་ལ་སོར་ཕྱེད་ལྔའོ། ། ཞབས་ཀྱི་མཐིལ་རྟིང་པའི་རྩེ་ནས་སོར་མོའི་རྩ་བའི་བར་སོར་བཅུ་གཉིས། ཞབས་ཀྱི་མཐེ་བོང་གི་སྲིད་དུ་སོར་གཉིས་ཏེ། ཞབས་མཐིལ་སོར་བཅུ་བཞི་པ་དུས་འཁོར་ལྟར་ལ་སྡོམ་འབྱུང་ནས་སོར་བཅོ་བརྒྱད་དུ་བཤད། སོར་མོའི་རྩ་བའི་ཞབས་མཐིལ་གྱི་ཞེང་སོར་དྲུག་དབུས་ཞིང་ལ། རྟིང་པའི་ཞེང་སོར་བཞི། རྟིང་པའི་སོར་གཉིས་ཕྱིར་འབུར་བའོ། ། མཛུབ་མོ་མཐེ་བོང་དང་རིང་ཐུང་མཉམ། དེ་ཡི་སྲིད་ལས་བརྒྱད་དྲུག་ཆས་ཀྱང་ཟེར་བ་དཔྱད་ཆས་ཐུང་བ་གུང་མོ་དེ་ལས་བརྒྱད་ཆས་ཐུང་བ་མིང་མེད་དེ་སྲིན་མཛུབ། དེ་ཡི་བརྒྱད་ཆ་ཐུང་བ་དེ་མཐེའུ་ཆུང་ངོ༌། ། མཐེ་བོང་སྦོམས་སུ་སོར་ལྔས་འཁོར། ལྷག་མ་བཞི་རང་རང་གི་དཀྱུས་ཚད་ཀྱིས་མཐའ་འཁོར་བ། མཐའ་སྐོར་དེ་ཡི་སུམ་ཆ་གཅིག་ནི་བྲིས་ཆར་ཞེང་གི་ཚད་དུ་འགྱུར་རོ། ། སོར་མོ་ལྔ་པོ་ཚིགས་གཉིས་པ། སེན་མོ་རྣམས་ཚིགས་ཀྱི་ཕྱེད་ཆ་ཙམ་པ། མཐེ་བོང་གི་རྩ་བ་ནས་ཞབས་ཀྱི་དཔངས་སོར་གཉིས། མཐེའུ་ཆུང་ནས་རྟིང་པའི་བར་གྱི་དཔངས་མཐུག་རྔམས་སོར་གཅིག་གོ ། ཞབས་གཉིས་ཀྱི་མཐིལ་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་ཤིང་འཁོར་ལོ་སོགས་དགེ་མཚན་གྱི་རི་མོ་དང་ལྡན་པ། ཞབས་ཀྱི་བཞི་ཆ་ཕྱིར་འཕགས་ཞིང་རྟིང་པ་ཡངས་པ། ཕྱག་ཞབས་ཀྱི་སོར་མོརྣམས་ངང་པའི་རྒྱལ་པོ་ལྟར་ཤ་ཡི་དྲ་བས་འབྲེལ་བ་ཡིན་ནོ། ། འདིར་ཁ་ཅིག་སངས་རྒྱས་ཀྱི་སྐུ་ཡང་བྲིས་ཆ་ལ་སོར་བརྒྱ་ཉི་ཤུ་པ་ལྟར་ལ་འབུར་ལ་བརྒྱ་ཉེར་ལྔ་ཡིན་ཞེས་བཞེད་པ་ཡོད། མཆན། འདིར་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་སྐུའི་ཐིག་འདེབས་ན། སྐུ་དབུས་ཀྱི
ཚངས་ཐིག་བཏབ་ལ། དེའི་གཡས་གཡོན་དུ་ཆ་ཆེན་རེ་གཞལ་བའི་གྱེན་ཐིག་ནི་ཕྲག་པའི་ནང་ཐིག་དེ་ནས་ཕྱིར་ལ་སོར་བཞི་གཞལ་བ་ཕྱི་ཐིག་དེ་ནས་སོར་གཉིས་ཀྱིས་དཔུང་པའི་ཕྱི་ཐིག་དེ་ནས་ཕར་སོར་བརྒྱད་བསྐྱེད་པས་པུས་མོའི་ཕྱི་ཐིག་སྟེ། དེ་ལྟར་གཡས་གཡོན་གྱེན་ཐིག་བཞི་རེ་བཞི་རེ་གདབ་བོ། ། འཕྲེད་ཐིག་གི་དབུས་ཀྱི་ཚངས་ཐིག་གི་སྟེང་ནས་ཐུར་དུ་སོར་དོ་ནོར་ཏོག་དེ་ནས་མར་སོར་བཞི་གཙུག་ཏོར་གྱི་དཔངས། དེ་ནས་སོར་བཞི་ཐོད་ཁྱིམ་གྱི་དཔངས་ཏེ་སྐྲ་མཚམས་ཀྱི་ཐིག་གོ ། སྐྲ་མཚམས་ནས་སོར་བཞི་མཛོད་སྤུ། དེ་ནས་སོར་བཞིས་ཤངས་རྩེ། དེ་ནས་སོར་བཞིས་ཀོས་ཀོ་སྟེ། སྐྲ་མཚམས་ནས་ཀོས་ཀོའི་རྩེ་བར་ཞལ་ཚད་གང་ལ། འདིར་སངས་རྒྱས་ཀྱི་སྐུ་ལ་སྐྲ་ཁྱིམ་དང་ཀོས་ཀོའི་རྩ་བར་སོར་ཕྱེད་རེ་འཕར་བ་དྲན་པར་བྱ། ཞལ་གྱི་ཐིག་ཞིབ་པ་གོང་དུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། ། ཀོས་ཀོ་ནས་མགྲིན་དཔངས་སོར་བཞི། དེ་ནས་ཞལ་ཚད་གཅིག་གི་ཐུགས་ཀ་དེ་ནས་ཞལ་ཚད་གཅིག་གིས་ལྟེ་བ་སྟེ། དེ་གཉིས་སུ་སངས་རྒྱས་ཀྱི་སྐུར་སོ་སོའི་མཐར་སོར་ཕྱེད་རེ་འཕར་དགོས་ཤིང༌། ལྟེ་བ་ནས་ཞལ་ཚད་གཅིག་གིས་གསང་བའི་མས་ཀྱི་འཕྲེད་ཐིག་སྟེ། སྐུ་སྟོད་ཞལ་ཚད་ལྔའོ། ། ལྟེ་ཐིག་དང་གསང་བའི་བར་གྱི་ཞལ་ཚད་འདི་ལ་ནང་གསེས་སུ་ཡས་ནས་མར། སྐེད་པའམ་གསུས་པར་སོར་བཞི། སངས་རྒྱས་ལ་སོར་ཕྱེད་ལྔའོ། ། དེ་ནས་སོར་བརྒྱད་ཀྱིས་གསང་བའི་མས་ཐིག་དང་སྐྱིལ་ཀྲུང་བསྣོལ་མཚམས་སོ། །
སྐྱིལ་ཀྲུང་གི་རྟིང་པ་གཉིས་ཀྱི་འཕྲེད་ལ་སོར་བཞི་རྟིང་པའི་དཔངས་གྱེན་དུ་སོར་གསུམ། སྐྱིལ་ཀྲུང་བསྣོལ་མཚམས་ནས་མར་ལ་སོར་བཞིས་ཞབས་ཀྱི་བསྣོལ་མཚམས་མས་ཐིག་དེ་ནས་སོར་བཞིས་པུས་མོའི་མ་མཐའི་ཐིག་སྟེ་སྐུ་སྨད་སྐྱིལ་ཀྲུང་ནི་དཔངས་ལ་སོར་བརྒྱད་ཡིན་ནོ། ། དེ་འོག་ཟླ་གདན་སོར་བཞི། པདྨ་ཞལ་ཚད་གཅིག་བྱའོ། ། དེ་ཡང་བཞུགས་སྐུའི་ཐིག་ལ། པུས་མོའི་མ་མཐའི་གདན་ཐིག་དང༌། དབུས་ཀྱི་ཚང་ཐིག་འབྲེལ་མཚམས་ནས་བཟུང་སྟེ། མགྲིན་པའི་ཡས་ཐིག་ཀོས་ཀོའི་མས་ཀྱི་འཕྲེད་ཐིག་དེ་དང༌། ཕྲག་པའི་ཕྱི་ཡི་གྱེན་ཐིག་འཕྲད་མཚམས་ཏེ། འདི་ཚངས་ཐིག་ནས་གཡས་གཡོན་དུ་སོར་བཅུ་དྲུག་གཞལ་མཚམས་ཡིན་ལ། འདི་སྟེང་ཐིག་འཐེན་པས་ཕུར་དབལ་ཐུར་བསྟན་ལྟ་བུར་འབྱུང༌། ཀོས་ཀོ་དང་མགྲིན་པའི་མཚམས་ཀྱི་ཐིག་དང༌། ཚངས་ཐིག་འཕྲད་མཚམས་ནས་བཟུང་སྟེ། སྐྱིལ་ཀྲུང་མས་ཐིག་སོར་བཞིའི་དབུས་འཐེན་པས་ཟེར་དཔྱད། པུས་མོའི་མ་མཐའི་ཐིག་དང༌། པུས་མཐའི་ཐིག་སྟེང་དུ་དཔུང་པ་སོར་རེ་བཞིའི་ཐིག་བཏབ་ཅེས་གཡའ་སེལ་ལོ། ། གོང་གི་ཕྲག་པའིཕྱི་ཡི་གྱེན་ཐིག་འཕྲད་ས་ནས་མགྲིན་པའི་ཡས་ཐིག་ཚངས་སྟེང་ཐིག་བཏབ་པས་ཕུར་དབལ་གྱེན་བསྟན་ལྟ་བུའོ། ། དེ་ལྟར་ཐིག་བཞི་བསྣོལ་བའི་ཕུར་དབལ་ཐུར་བསྟན་དེ་དང་ཐུགས་ཀའི་འཕྲེད་ཐིག་འཕྲད་མཚམས་ནས། ཕྲག་ཞབས་མཆན་ཁུང་གི་མགོ་བཟུང་ནས་སྐུ་ཡི་ཞེང་དེ་དང་བསྟུན་ཏེ་ལྟེ་བའི་མ་ཐིག་དང་འཕྲད་མཚམས་སུ་ཞེང་ཇེ་ཆུང་དུ་འགྲོ། དེ་ནས་ཕུར་དབལ་གྱེན་
བསྟན་གྱི་ཐིག་བར་གསུས་པའི་ཕྱི་རིས་ཇེ་རྒྱས་སུ་དེ་དང་བསྟུན་ལ་བསྐྱེད་དེ་ཐིག་དང་ཚང་འཛོམ་མཚམས་ནས། པུས་མོའི་ཕྱི་མཐའི་གྱེན་ཐིག་དང༌། གསང་བའི་མས་ཐིག་འཕྲད་མཚམས་སྦྲེལ་བས། ལྟེ་བ་བརླ་དང་པུས་མགོ་གསལ་ལོ། ། དེ་ནས་སྐྱིལ་ཀྲུང་གི་ཚད་བྲི་བར་བྱ་སྟེ། འདི་ལ་ཡང་གདན་ཐིག་དང་ཚངས་ཐིག་འཛོམ་པ་ནས་གཡས་གཡོན་དུ་སོར་བཅུ་བཞི་བར་མཚན་མ་བྱ། གདན་གྱི་འཕྲེད་ཐིག་དང་ཚངས་ཐིག་འཕྲད་པའི་ས་ནས་གྱེན་དུ་སོར་བརྒྱད་གཞལ་ལ་གསང་ཐིག་གི་ཚངས་ཐིག་དེས་བཏབ། དེ་ནས་གཡས་དང་གཡོན་དུ་སོར་མོ་བཅུ་དྲུག་གཞལ་བ་དང༌། ཉེར་དྲུག་གཞལ་བ་གཉིས་སུ་མཚན་མ་རེ་བྱས་ལ། འོག་གི་བཅུ་བཞི་པའི་མཚན་མ་གཉིས་སོ། ། སྟེང་གི་བཅུ་དྲུག་པའི་མཚན་མའི་སྟེང་དུ་གཡས་གཡོན་ཕན་ཚུན་བསྣོལ་མར་འཐེན་པས་སྐྱིལ་ཀྲུང་གི་ཉམས་རགས་པ་དང༌། སྟེང་གི་ཉེར་དྲུག་པའི་མཚན་མ་ནས། ལྟེ་བའི་དབུས་ཀྱི་ཚངས་འཕྲེད་འཛོམས་སུ་འཐེན་པས་སྐྱིལ་ཀྲུང་གི་ཉམས་རྫོགས་པར་སྟོན་ནོ། ། སྐྱིལ་ཀྲུང་གི་པུས་རྩེ་ནས་པུས་རྩེ་བར་ཐད་ཞེང་ཞལ་ཚད་བཞི་དང་སོར་བཞི། ཤངས་ཀྱི་རྩེ་ནས་ཞབས་གདན་བར་ཞལ་ཚད་བཞི་དང་སོར་བཞི་སྟེ་ཆུ་ཞེང་མཉམ་པའོ། ། ཕྱག་ས་གནོན་ཅན་ལ་པུས་མོའི་མ་ཐིག་ནས་སོར་བཞིས་ཕྱག་རྩེ་རིང་བ་སྟེ། སངས་རྒྱས་ཀྱི་བཞེངས་སྐུ་ལ་ཡང་སྐུ་མ་བཏུད་ཀྱང་ཕྱག་གི་པུས་མོའི་ལྷ་ངར་སླེབ་པས་ཕྱག་རིང་ཞིང་རྒྱས་པ་ཅན་ཡིན་པར་ཤེས་པར་བྱའོ། །
༈ འདིར་སངས་རྒྱས་རྡོར་སྐྱིལ་དུ་བཞུགས་པའི་ཐིག་རྩ་རགསཔ་ནི། ཚངས་པའི་ཐིག་ནས་ཐུར་དུ་སྲིད་ལ་ནི་སོར་གཉིས་བཞི་བཞི་ཞལ་གང་སོར་བཞི་དང༌། ཞལ་གང་ཞལ་གང་སོར་བཞི་སོར་བརྒྱད་དང༌། ། སོར་བཞི་སོར་བཞིར་འཕྲེད་ཐིག་བཅུ་གཅིག་བཏབ། ། རིམ་བཞིན་ནོར་ཏོག་གཙུ༢ག་ཏོར་སྐྲ་ཁྱི༣མ་དང༌། ། ཞ༤ལ་ཁྱིམ་མགྲིན་༥པ་ཐུག༦ས་ཀ་ལྟེ་༧བ་དང༌། ། སྟ་ཟུ༨ར་བརླ༩་གསང་སྐྱིལ་ཀྲུང༡་༠བསྣོལ་སོར་རྩེ། ། པུས་མོའི་ལྷ་ངའི་གོ་ས་བཅུ་གཅིག་རྟོགས། ། གྱེན་ཐིག་དག་ལས་ཞལ་ཐིག་རགས་པ་དང༌། ། ཚངས་པའི་གཡས་གཡོན་སོར་གཅིག་སོར་གཅིག་དང༌། ། སོར་བཞི་སོར་གཉིས་ཐིག་བཞིས་ནོར་ཏོག་དང༌། ། གཙུག་ཏོར་ཞལ་ཁྱིམ་སྙན་གྱི་ཞེང་ཚད་རྟོགས། ། མགྲིན་པའི་ཚངས་ཐིག་སྟེང་ནས་གཡས་གཡོན་དུ། ། ཞལ་གང་སོར་བཞི་སོར་དོ་སོར་བརྒྱད་སྟེང༌། ། ཐིག་བཞི་བཏབ་པས་ཕྲག་པའི་ནང་ཐིག་དང༌། ། དེ་ཡི་ཕྱི་ཐིག་དཔུང་བའིཕྱི་ཐིག་དང༌། ། ཞབས་ཀྱི་པུས་མོའི་ཕྱི་ཐིག་ཆ་ཚད་སྟོན། ། གཞན་ཡང་ཐིག་དེས་ཞབས་ཀྱི་སོར་རྩེ་དང༌། ། ཕྱག་གི་མཐེ་བོའི་ནང་ཡང་སྟོན་པ་ཡིན། ། སྐྱིལ་ཀྲུང་འཕྲེད་ཐིག་འཛུད་ན་ལེགས་སམ་སྙམ། ། སངས་རྒྱས་སྐུ་གཟུགས་ཐལ་མོ་བཅུ་པ་ལ། ། སོར་མོ་ཕྱེད་པ་བཅུ་ཡིས་འཕར་བའི་ཚུལ། ། གོང་དུ་བཤད་པ་ཇི་བཞིན་དྲན་པར་བྱ། ། དེ་དག་གིས་སངས་རྒྱས་མཆོག་གི་སྤྲུལ་སྐུའི་ཐིག་བཤད་པ་ཡིན་ལ་ཆགས་བྲལ་རབ་བྱུང་གི་རྣམ་པ་ཅན་རྣམས་ནི་ཆོས་གོས་གསུམ་གསོལ་ཞིང་མཚན་དཔེས་མཛེས་པ་ཡིན་པས། མཚན་དང་དཔེ་བྱད་
ཀྱི་ཚུལ་ཡིད་ལ་ངེས་པར་བྱས་ནས། དེ་དག་གི་རྣམ་པ་བཟོ་པོས་སྒྲུབ་ཏུ་ཡོད་ པ་རྣམས་ཅི་ནུས་སུ་མཛེས་པར་བྱ་དགོས ་ཏེ། མཚན་དཔེ་ནི་སྡོམ་བྱང་ལས། ཕྱག་ཞབས་འཁོར་ལོས་མཚན་དང་ཞབས་མཐིལ་མཉམ། ། རྟིང་པ་འཕགས་པའི་ཞབས་ཡངས་འབུར་མི་མངོན། ། བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། ། ཕྱག་ཞབས་སོར་མོ་རིང་ཞིང་དྲ་བས་འབྲེལ། ། བ་སྤུ་རེ་རེར་གཡས་ཕྱོགས་གྱེན་དུ་སྐྱེས། ། པགས་པ་གསེར་མདོག་སྲབ་ལ་འཇམ་པ་དང༌། ། དཔུང་པའི་མགོ་ཟླུམ་རོ་སྟོད་སེང་གེ་འདྲ། ། ཕྱག་ཞབས་གཞོན་འཇམ་སྐུ་ཡི་གནས་བདུན་མཐོ། ། འགྲམ་པ་ཟླུམ་རྒྱས་ལྗགས་རིང་རོ་མཆོག་སྣང༌། ། ཚེམས་དཀར་ཚད་མཉམ་ཐག་བཟང་བཞི་བཅུར་ལྡན། ། མཐོན་མཐིང་སྤྱན་མཛེས་ཁྱུ་མཆོག་རྫི་འདྲ་བ། ། ཐལ་གོང་རྒྱས་བཅས་སྐུ་ནི་ཆེ་ཞིང་དྲང༌། ། ཆུ་ཞེང་གབ་སྐུ་གསང་བ་སྤུབས་སུ་ནུབ། ། མཛོད་སྤུས་མཛེས་ཤིང་གཙུག་ཏོར་བལྟར་མི་མངོན། ། ཚངས་པའི་དབྱངས་ལྡན་སུམ་ཅུ་རྩ་གཉིས་མཚན། ། གང་མཐོང་དགའ་བསྐྱེད་སྐྱེས་བུ་ཆེན་པོར་མཚོན། ། སེན་མོ་ཟངས་མདོག་མདོག་སྣུམ་མཐོ་བ་དང༌། ། སོར་མོ་ཟླུམ་ལ་རྒྱས་ཤིང་བྱིན་གྱིས་ཕྲ། ། རྩ་རྣམས་མི་མངོན་རྩ་ཡི་མདུད་པ་མེད། ། ལོང་བུ་མི་མངོན་ཞབས་མཉམ་གོམ་པ་སྙོམས། ། སེང་གེ་གླང་ཆེན་ཁྱུ་མཆོག་ངང་པའི་འགྲོས། ། དྲང་དང་གཡས་ཕྱོགས་མཛེས་པར་གཤེགས་པ་དང༌། ། དབུ་ཟླུམ་སྐྲ་མཚམས་ལེགས་འབྱེས་དཔྲལ་དབྱེས་རྒྱས། ། དབུ་སྐྲ་གནག་ཅིང་སྟུག་ལ་འཇམ་པ་དང༌། ། མ་འཛིང་མི་གཤོར་མཆོག་ཏུ་དྲི་ཞིམ་
ལྡན། ། ཨུཏྤལ་འདབ་འདྲ་དཀར་ནག་འབྱེས་པའི་སྤྱན། ། ར་རི་མེད་ཅིང་གཟིགས་པ་རྣམ་པར་དག། རྫི་མ་སྟུག་ཅིང་སྨིན་ཚུགས་རིང་བ་དང༌། ། སྤུ་འཇམ་མདོག་སྣུམ་སྤུ་རྣམས་རིང་ཐུང་མཉམ། ། སྙན་གཉིས་ཚད་མཉམ་ཉམས་པ་རྣམ་པར་སྤང༌། ། ཤངས་ཀྱི་གཟེངས་མཐོ་ཡོངས་སུ་དག་པ་ཉིད། ། ཞལ་དཀྱིལ་འཚམས་མཛེས་བིམྤ་ལྟ་བུའི་མཆུ། ། པདྨ་ལྟར་མཉན་སྲབ་ལ་དམར་བའི་ལྗགས། ། མཆེ་བ་བཞི་ཟླུམ་རྩེ་རྣོ་མདོག་དཀར་ཞིང༌། ། རིང་ཐུང་ཚད་མཉམ་བྱིན་གྱིས་ཕྲ་ཞིང་མཛེས། ། འབྲུག་སྒྲ་ལྟར་བརྗིད་མཉན་འཇམ་ལྡན་པའི་གསུང༌། ། ཕྱག་རིང་རྒྱས་ཤིང་ཤིང་བལ་འདབ་ལྟར་འཇམ། ། ཕྱག་རིས་མདངས་ཡོད་ཟབ་ཅིང་རིང་དུ་དོད། ། འཁྲིལ་བག་ཆགས་པ་རིམ་པར་འཚམ་པའི་སྐུ། ། ཆ་ཤས་ཀུན་རྫོགས་ཁོ་ལག་ཡངས་ཤིང་བཟང༌། ། འཇམ་ཞིང་གཞོན་ཤ་ཅན་གྱུར་ཞུམ་མེད་རྒྱས། ། ཤིན་ཏུ་གྲིམ་ལྡན་ཡན་ལག་རྣམ་པར་འབྱེས། ། སྨེ་བ་གནག་བག་མེད་ཅིང་སྐྱོན་གྱིས་དག། དྲི་མས་གཙང་ཞིང་བྱི་དོར་བྱས་པ་འདྲ། ། དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་ཕྱང་ངེ་པ། ། ལྟེ་བ་གཏིང་ཟབ་རི་མོ་གཡས་སུ་འཁྱིལ། ། ཀུན་སྤྱོད་གཙང་ཞིང་ཀུན་ནས་ལྟ་ན་སྡུག། བཀྲ་ཤིས་རི་མོས་མཚན་ཞིང་ཀུན་ཡིད་འཕྲོག། འདི་དག་ཐུབ་ཆེན་དཔེ་བྱད་བརྒྱད་ཅུ་སྟེ། ། ལྷར་བཅས་འཇིག་རྟེན་ཀུན་གྱིས་བསྔགས་འོས་ཉིད། ། ཅེས་བཤད་པའི་དོན་རྣམས་མཁས་འཇུག་སོགས་ལས་གསལ་པོར་བཀྲལ་བ་ལྟར་ཡིད་ལ་ངེས་པར་བྱའོ། ། དེ་ལྟར་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུའི་ཆ་ཚད་བཤད་པ་དེ་བཞིན།
ལོངས་སྐུ་འཁོར་ལོས་སྒྱུར་བའི་ཆས་ཅན་རྣམས་ཀྱང༌། སྐུ་དངོས་ཀྱི་ཆ་ཚད་དེ་དང་ཁྱད་མེད་ལ། རྒྱན་ཆས་སོགས་མི་འདྲ་བ་ཙམ་གྱི་ཁྱད་པར་རོ། ། ལོངས་སྐུའི་གཙུག་ཏོར་ནི་དབུ་སྐྲ་ཕྱེད་གྱེན་དུ་བཅིང་བའི་ཁོངས་སུ་བསྡོམས་པས་ཚད་ལོགས་སུ་མེད་ལ། གཙུག་ཏོར་གྱི་སྟེང་དུ་ཐོར་ཚུགས་སམ། ཅོད་པན་རིན་པོ་ཆེའི་ཆིངས་ཅན། རྩ་བའི་ཞེང་ནི་གཙུག་ཏོར་གྱི་སྟེང་ནས་ཡིན་པས་སོར་བཞི། རྩེ་མོའི་ཞེང་སོར་དོ་བ། སོ་སོའི་མཐའ་སྐོར་སུམ་འགྱུར་ཅན། གཙུག་ཏོར་གྱི་སྟེང་ནས་གྱེན་དུ་ཐོར་གཙུག་སོར་བརྒྱད་དམ་བཅུ་འཕགས་པ། རིགས་བདག་སོར་དོ་སྐྲ་མཚམས་ནས་དབུ་རྒྱན་རིན་ཆེན་པྲོག་ཞུ་ཞལ་གང་གི་ཚད་ཅན། དབུ་སྐྲ་ཕྱེད་བཅིངས་པའི་ལྷག་མ་ཟུར་ཕུད་དུ་མར་འཕྱང་བའོ། ། ཐོར་ཚུགས་འདི་ལ་སོར་བཅོ་ལྔ་བྱེད་པ་དང༌། གཙུག་ཏོར་གྱི་སྟེང་ནས་ཞལ་གང་གི་ཚད་བྱེད་པའི་ལུགས་ཡོད་ཀྱང༌། རིང་ཆེས་ན་ཅུང་མི་མཛེས་པས་ཐོར་ཚུགས་སོར་བརྒྱད་ནོར་ཏོག་སོར་གསུམ། རིན་ཆེན་པྲོག་ཞུ་སོར་དྲུག་ཏུ་བཟོ་མཁས་པ་དག་བཞེད། སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་ཆས་ཀྱིས་མཛེས་པར་བྱའོ། ། ༈ གཞན་ཡང་ཡིད་ཙམ་ཁྲོས་པ་དུས་འཁོར་བདེ་མཆོག་སོགས་ནི་དྲང་སྲོང་ཁྲོས་པ་ལྟ་བུ་ཞེས་བྱ་ལ། འདི་དག་ཀྱང་སངས་རྒྱས་ཀྱི་སྐུ་ཡིན་པས་ཚད་ནི་སོར་མོ་བརྒྱ་ཉེར་ལྔ་པ་གོང་དུ་བཤད་པ་དང་ཁྱད་མེད་པས་ཐིག་ཁོངས་འདིར་གཏོགས་ཤིང༌། འོན་ཀྱང་གཙུག་ཏོར་གྱི་སྟེང་ནས་ཐོར་ཚུགས་སོར་བཅུ་གྱེན་དུ་འཕགས་པ་དང༌། རིགས་བདག་སོར་དོ་བཅས་ཞལ་གང་དང༌། ཞབས་འོག་གི་གདན་
འཇིགས་བྱེད་དུས་མཚན་གྱི་དཔངས་སོར་བརྒྱད། ཉི་གདན་སོར་གཅིགཔདྨ་སོར་གསུམ་བསྡོམས་པས་ཞལ་གང་སྟེ་ཐལ་མོ་བཅུ་གཉིས་པའི་ཐ་སྙད་མཛད་པ་ཙམ་གྱི་ཁྱད་པར་ཡིན་ནོ། ། དེ་ལྟར་ཡང་སྡོམ་འབྱུང་ལས། མཐིལ་ལམ་ཐལ་མོ་བཅུ་གཉིས་ཀྱི། ། ལྷ་ཡི་སྐུ་གཟུགས་བྲི་བ་ལ། ། ཞེས་དང༌། ཟབ་མོ་རྡོརྗེ་ཅན་གྱི་ལྷ། ། ཆ་ནི་བཅུ་གཉིས་མཚན་ཉིད་དོ། ། ཞེས་གསུངས་པ་བཞིན་ནོ། ། ཐོར་ཚུགས་སོར་བཅུས་འཕགས་པ་ལ། སྐྲ་མཚམས་ནས་རིན་ཆེན་པྲོག་ཞུ་ཞལ་གང་བྱས་པས། དབུ་རྒྱན་གྱི་སྟེང་དུ་ཐོར་ཚུགས་སོར་དྲུག་གིས་མཐོ་བ་ཡིན་ནོ། ། འདི་དག་གི་ཆ་ཚད་ཐམས་ཅད་སྔ་མ་བཞིན་ལས་སྐུ་འགྱིང་སྟབས་ཀྱི་དབང་གིས་བརླ་ཞལ་དོ་ཡོད་པའི་གཅིག་འགྲིབ་ནས་ཞལ་གང་གི་ཚད་དུ་གྱུར། གཞན་དག་ཞལ་དོ་འགྲིབ་པར་ཕྱེད་པའི་ལུགས་ལ་བརླའི་ཞལ་གང་དང་བྱིན་པ་ནས་སོར་བརྒྱད། དཔྱི་ཡི་སོར་བཞི་དོར་བ་ཡིན་ཏེ། དེ་གཉིས་གང་འོས་ཀྱི་ལག་རྗེས་བཟང་པོར་ཞུགས་པས་ཆོག་གོ ། ཞི་མ་ཁྲོའི་རྣམ་པ་འདི་དག་གི་ཞལ་གྱི་རྣམ་འགྱུར་གྱི་ཁྱད་པར་ནི། སྤྱན་ནི་སངས་རྒྱས་ཞི་བའི་སྐབས་དང་མཚུངས་པར་བྱེད་པའང་ཡོད་མོད། དེ་ལ་སོར་གང་གིས་གྱེན་དུ་གདངས་པ། དཀྱུས་སོར་གསུམ་པ་ཅན་དུ་ཕལ་ཆེར་བྱ། སྐྲ་མཚམས་ནས་ཐུར་དུ་སོར་གང་ནས་མཛོད་སྤུའི་ནང་ན་དཔྲལ་བར་གྱེན་བསླང་དུ་ཡེ་ཤེས་ཀྱི་སྤྱན་དཀར་ནག་གི་ཆ་སོགས་གཞན་འདྲ་བ་དང་བཅས་པའི་སྤྱན་གསུམ་པ། དཔྲལ་བར་ཁྲོ་གཉེར་ཅུང་ཟད་བསྡུས་པ། ཞལ་གདངས་ནས་མཆེ་བའི་མྱུ་གུ་
ཅུང་ཟད་གཙིགས་པ་ཅན་ཡིན་པས། གདོང་ཞལ་ལ་སོར་གཅིག་བྱས་པའི་ཚེ། ཀོས་ཀོའི་འོག་གི་མགྲིན་པའི་དཔངས་ཆ་ལས་ཟ་དགོས་ཤིང༌། ཅུང་ཟད་གདངས་པའི་ཞལ་ནས་ལྔ་ཙམ་བྱེད་ན། ཚེམས་ཀྱི་བར་དུ་ནས་གཉིས་བྱེད་དོ། ། འདི་དག་དྲང་སྲོང་ཁྲོས་པ་ཐམས་ཅད་ཀྱི་སྤྱི་ཡི་ཚུལ་ཡིན་པར་རྟོགས་པར་བྱའོ། ། སྤྱིར་ཞལ་གྱི་ཕྱི་དབྱིབས་བཞིར་བཤད་དེ། ། ཨ་འབྲས་ལྟ་བུར་ཟླུམ་པོ། བ་ཡིག་ལྟ་བུ་གྲུ་བཞིའི་ཉམས་ཅན། ཏིལ་དབྱིབས་ལྟ་བུ་ཟླུམ་པོ་སྨད་ཅུང་ཕྲ་བ། ཁྱིམ་བྱའི་སྒོ་ངའི་དབྱིབས་ལྟ་བུ་ཟླུམ་པོ་ནར་སྟབས་ཅན་བཞི་པོ་དེ་ལས། གྲུ་བཞི་དང་ཟླུམ་པོ། ཁྲོ་བོའི་ཞལ་གྱི་ཕྱི་དབྱིབས་ཏེ། ཁྲོ་བོ་རྣམས་དང་ཡི་དྭགས་འབྱུང་པོ་ཤ་ཟ་སོགས་དཔའ་ཞིང་ཁྲོ་ལ་འཇིགས་ཤིང་མི་སྡུག་པའི་ཞལ་རས་ཅན་ལ་བྱའོ། ། ཁྱད་པར་དུ་གྲུ་བཞི་ནི་ཁྲོ་བོ་ལ་མཛེས་སོ། ། ཏིལ་དང་སྒོང་དབྱིབས་གཉིས་ནི་སྐྱེས་བུ་ཆེན་པོ་དང༌། ལྷ་མོ་རྣམས་ཀྱི་ཞལ་དབྱིབས་ཏེ་སྒེག་ཆགས་ཀྱི་ཉམས་ཅན་མཛེས་ཤིང་ལྟ་ན་སྡུག་པའི་ཞལ་ཅན་ལ་སྦྱར་བར་བྱ་བ་ཡིན་ཏེ། ཁྱད་པར་དུ་སྒེག་ཉམས་ནི་ཏིལ་དབྱིབས་ལ་བྱའོ། ། ཞལ་ཚད་ཀྱི་ཐིག་གྲུ་བཞི་ལས། དེའི་ཞལ་སྟོད་དཔྲལ་བའི་ཆ་སོར་བརྒྱད་དམ་བྲིས་ལ་བཅུ། འབུར་ལ་ཕྱེད་བཅུ་བྱེད་པ་ཡོད། བཅུའི་མཚམས་ནས་གཞུ་ལྟར་བཀུག་ལ། ཞལ་སྨད་འགྲམ་ཟུར་ཁུག་གི་གྲུ་བཞིའི་གྲ་ལས། ནང་དུ་སོར་གཅིག་ཕྲི་བས་གྲུ་བཞི། གཉིས་ཕྲི་བས་ཟླུམ་པོ། གསུམ་ཕྲི་བས་ཏིལ་དབྱིབས། ཕྱེད་བཞི་ཕྲི་བས་སྒོང་དབྱིབས་འབྱུང་བར་ལྷ་བཟོའི་ཁྱུ་མཆོག་སྨན་ཐང་བས་
བཞེད། སྤྲུལ་སྐུ་རིང་མཁར་བ་སོགས་འདི་སངས་རྒྱས་ཀྱི་ཞལ་ཚད་ལ་མི་འོང་གི ཁྲོ་བོའི་ཞལ་ཚད་སྲིད་དུ་སོར་བརྒྱད་ལ་གྲུ་བཞིར་བཏབ་ལ་དེ་ལྟར་བྱས་ན་ཅུང་ཞལ་དཔང་མཐོ་སྐྱོན་ཡོད། དེས་ན་སྲིད་དུ་སོར་བརྒྱད། ཞེང་དུ་སོར་ལྔ་ནས་གང་གིས་དམན་པའི་ཐིག་བཏབ་པས་གྲུ་བཞི་ནར་སྟབས་ཅན་དེའི་ཐིག་གི་སྨད་དང་ཟུར་ཁུག་ནས་ཕྲི་བར་གཡའ་སེལ་བཤད་དཔྱད། འདི་ལ་ཞལ་ཚད་སྔ་མ་ལས་ཞེང་དུ་ནས་གང་ཙམ་ཕྲི་ཞིང་སྨད་གྲ་ནས་གོང་ལྟར་བསྐུམ་པའི་མཛེས་ཆོས་བཏོད་པ་ཡོད། ཞལ་དབྱིབས་བཞི་པོ་དེ་བདེ་མཆོག་གི་ཞལ་བཞི་དང་སྦྱར་ཏེ། རྩ་ཞལ་ཟླུམ་པོ་ཁྲོས་པའི་ཉམས་ཅན། གཡོན་ཞལ་གྲུ་བཞི་དཔའ་ཉམས། གཡས་ཞལ་ཁྱིམ་བྱའི་སྒོ་ང་ལྟ་བུ་ཆགས་པའི་ཉམས་ཅན། རྒྱབ་ཞལ་ཏིལ་དབྱིབས་སྒེག་པའི་ཉམས་ཅན་དུ་བྱ་ དགོས་པ ་ཡིན་ལ། སྡོམ་འབྱུང་གི་འགྲེལ་གཡས་སེལ་ལས། ཞལ་བཞི་འདི་བཤད། ཐིག་ཡིག་འགར། གཡས་གཡོན་ཞལ་དབྱིབས་བསྣོལ་འདུག་དཔྱད། པ་ལྟར་ན་སོར་ཕྱེད་སྤང་བའི་སོར་བཅུ་གཉིས་ཀྱི་ཞལ་ཚད་དེ་ལས་ཀྱང་ཞལ་སྨད་སོར་གཅིག་གིས་ཆུང་བར་བཞེད་དེ། སངས་རྒྱས་ལ་ཀོས་ཀོ་སོར་བཞིའི་གཡས་གཡོན་སྙན་ལ་ཐུག་པའི་བར་སོར་དྲུག་རེ་དྲུག་རེ་སྟེ། ཞལ་སྨད་ཞེང་སོར་བཅུ་དྲུག་ཡོད་པ་ལས། བདེ་མཆོག་གི་ཞལ་སྨད་སོར་གཅིག་དོར་བས་སོར་བཅོ་ལྔ་པར་བྱེད། དེ་བཞིན་གཡོན་ཞལ་གྱི་སྨད་ཕྱེད་བཅོ་ལྔ། གཡས་ཞལ་གྱི་བཅུ་བཞི། རྒྱབ་ཞལ་གྱི་སྨད་ཕྱེད་བཅུ་བཞི་བར་བྱེད་ཅེས་བཤད། ཡང་རྩ་ཞལ་སངས་རྒྱས་ཀྱི་ཞལ་ཚད་སོར་བཞག་གཡོན་ཞལ་གྱི་སྨད་ནས་སོར་གཅིགརྒྱབ་ཞལ་ལས་སོར་གཉིས། གཡས་ཞལ་ལས་སོར་ཕྱེད་གསུམ་ཕྲི་བར་མཛད་པ་ལེགས། རྩ་ཞལ་གྱི་སྤྱན་ཞེང་
ནས་བཅུ། སྤྱན་དཀྱུས་སོར་གསུམ་པའོ། ། སོར་གཉིས་དང་བཞི་ཆ་ཙམ་པ། དམར་ཞིང་ཟླུམ་པའོ། ། ཚེམས་བར་ནས་གཉིས་ཙམ་གྱི་ཞལ་གདངས་པ། དཔྲལ་བར་ཁྲོ་གཉེར་ཅུང་ཟད་ལྡན་པ་སྟེ། དྲང་སྲོང་ཁྲོས་པ་ཐམས་ཅད་འདི་བཞིན་དུ་བྱའོ། ། གཡས་ཞལ་གྱི་སྤྱན་ཞེང་སོར་གཅིག་དཀྱུས་སོར་གསུམ་པ་པདྨའི་འདབ་མ་འདྲ་བ། འདི་དག་ཆགས་པའི་ཉམས་ཅན་གྱི་ལྷ་མོ་སོགས་ལའང་ཤེས་པར་བྱའོ། ། གཡོན་ཞལ་གྱི་སྤྱན་དཀྱུས་སོར་ཕྱེད་བཞི། སོར་གཉིས་མཛད་པའང་ཡོད། ཞེང་ནས་དགུའམ་སོར་གཅིག་བྱེད་པའང་ཡོད། འདིའང་པད་འདབ་འདྲའོ། ། འདི་དག་ཤ་ཟ་ཡི་དྭགས་སོགས་ཁྲོ་བོ་སོགས་ལ་སྦྱར། རྒྱབ་ཞལ་གྱི་སྤྱན་དཀྱུས་སོར་ཕྱེད་གསུམ་མམ། སོར་གཉིས་དང་ནས་གཉིས་བྱེད་པ་ཡོད། ཞེང་ནས་དྲུག་པ་ཉ་ཡི་ལྟོ་བ་འདྲ་བ། སྒྲོལ་མ་སོགས་ལྷ་མོ་རྣམས་ཀྱི་ཞལ་ཡང་འདི་བཞིན་ནོ། ། ཞལ་ཁྱིམ་སྙན་ཞེང་གི་རྒྱབ་ནས་སོར་དྲུག་རེ་གཡས་གཡོན་གྱི་ཞལ་སོར་དོའི་རྒྱབ་ཞལ་བྱེད་པའམ། གཡས་གཡོན་གྱི་ཞལ་བྲིས་ཆ་ལ་སོར་བཞི་རེ། རྒྱབ་ཞལ་སོར་གཅིག་བྱེད་པ་མཛེས་ཆ་ཆེ། འབུར་ལ་རྩ་ཞལ་མ་གཏོགས་སྤྲུལ་ཞལ་རྣམས་ཞལ་ཞེང་སོར་མོ་བཅུ་པར་འདོད། ༈ སྤྲུལ་ཞལ་བརྩེགས་མ་ཡོད་པའི་རིགས་ལ་རྩ་ཞལ་ནས་ཀུན་གྱི་སྟེང་མའི་བར་རིམ་བཞིན་རང་རང་གི་འོག་མ་དེའི་ཞལ་ཚད་ཀྱི་སུམ་ཆ་རེ་ཕྲི་བ་སྟེང་མ་དེའི་ཞལ་ཚད་དུ་ཤེས་པར་བྱ་སྟེ། དཔེར་ན་རྩ་ཞལ་སོར་བཅུ་གཉིས་ཀྱི་ཚད་ལས་སོར་བཞི་ཕྲི་བ་དེ་རྩ་ཞལ་གྱི་སྟེང་གི་ཞལ་གྱི་ཚད་
ཡིན་པ་བཞིན་ནོ། ། བདེ་མཆོག་གི་སྐུ་ལུས་ལ་འཁྱོགས་གསུམ་འབྱུང་བས་ཆ་གསུམ་པ་ཞེས་གསུངས་ཏེ། མགྲིན་པར་འཁྱོགས་གཅིག་སྐེད་པར་གཅིག་ཞབས་གཡས་བརྐྱང་གཡོན་བསྐུམ་ལ་གཅིག་སྟེ། ཕྱི་མ་འདི་ལ་གདན་གྱི་འཁྱོགས་ཀྱང་ཟེར་རོ། ། སྤྲུལ་ཕྱག་མང་བ་རྣམས་ལ་ནང་མ་རྣམས་རྩ་ཕྱག་བཞིན་ཚད་ལྡན་དུ་བྱ། ། དེ་ནས་མི་མངོན་པའི་ཚུལ་གྱིས་ཇེ་ཕྲར་སོང་བའི་ཚུལ་དུ་ཕྱག་ལྷག་མ་གཞན་དག་ཇི་ལྟར་འོས་པར་རིགས་པས་དཔྱད་དེ་བྱ་གསུངས། ཕྱག་མང་རྣམས་ལ་ཕྲག་པ་གཅིག་བྱེད་པ་དང༌། ཕྱག་གི་གྲངས་བཞིན་ཕྲག་པ་བྱེད་པའི་ལུགས་གཉིས་ཡོད་ལ། ཕྲག་པ་གཅིག་བྱེད་ན་ཡང་ཕྱག་གི་གྲངས་ཇི་ཙམ་མང་བ་བཞིན་ཕྲག་པ་ཇེ་སྦོམ་འགྲོ་བ་ཡིན་ནོ། ། དུས་འཁོར་ལ་ཕྲག་པ་དྲུག་དང་དཔུང་པ་བཅུ་གཉིས་སུ་བཤད་དོ། ། གསང་བའི་རྡོ་རྗེའི་ཡུ་བ་རིང་ཐུང་སོར་བཞི་རྩེའི་ནོར་ཏོག་སོར་གཉིས། སོར་དྲུག་པའི་སྲིད་ཚད་དེས་མཐའ་འཁོར་བ་ཞེང་སོར་གཉིས་པ། གཞན་ཡང་ཅུང་ཟད་འགྲེང་སྟབས་ཀྱིས་སོར་བརྒྱད་དམ་དགུ་པའང་ཡོད་ལ། ལེགས་པར་འགྲེང་ཚེ་སོར་བཅུ་པ་དང༌། ཁྲོ་བོ་འགའ་ལ་བཅུ་གཉིས་སུ་ཡང་གསུངས་སོ། ། འབྲས་བུའི་ལྤགས་པ་འོག་ཏུ་འཕྱང་བའི་དཀྱུས་སོར་ལྔ། ཞེང་དུ་སོར་བཞིའོ། ། གཞན་སྐུ་གཟུགས་ཀྱི་སྟོད་སྨད་ཀྱི་དཔངས་དང་ཞེང་གི་ཆ་ཚད་རྣམས་བཞུགས་སྟངས་རྣམ་འགྱུར་གྱི་ཁྱད་མ་གཏོགས་སྔར་བཤད་པ་བཞིན་ནོ། ། གདན་གྱི་དཔངས་ཚད་གོང་དུ་བཤད་པ་ལྟར་ལ། འཕྲེད་དུ་ཞལ་
ཚད་ལྔར་གསུངས་ཏེ། འཁོར་ལོ་སྡོམ་པ་ལྟ་བུའི་ཞབས་གཡས་བརྐྱང་གི་རྟིང་པའི་མཚམས་ནས། གཡོན་པའི་མཐེ་བོང་གི་རྩེ་བར་ཞལ་ལྔར་བྱེད། ཁ་ཅིག་གཡས་གཡོན་གྱི་མཐེ་བོང་གི་རྩེའི་བར་དུ་ཞལ་ལྔར་བྱེད། ཞབས་དཀྱུས་སོར་བཅོ་བརྒྱད་བྱས་ན་རྟིང་བ་གཉིས་ཀྱི་བར་དུ་ཞལ་ཚད་གསུམ་དང་སོར་ལྔ། ཞབས་སོར་མོ་བཅུ་བཞི་པར་བྱེད་ཚེ། རྟིང་བར་ཞལ་ཚད་གསུམ་དང་སོར་བཅུ་འབྱུང་ངོ༌། ། དེ་གཉིས་གང་བདེར་བྱ། གར་གྱི་སྐབས་འགར་རྟིང་བ་གཉིས་ཀྱི་བར་དུ་མཐོ་ལྔ་བྱེད་པ་ཡོད་ཀྱང་འདིར་དེ་ལྟར་མིབྱ་གསུང༌། བརྐྱང་བསྐུམ་གྱི་ཚད་འདི་ནི་བདེ་མཆོག་ལྟ་བུའི་དབང་དུ་བྱས་ཀྱི་ཐམས་ཅད་དུ་དེ་ཁོ་ནར་ངེས་པས་ཁྱབ་པ་མེད་ཅེས་བཤད། གདན་གྱི་ཁྱད་པར་ཟླ་ཉི་སྒྲ་གཅན་སུམ་བརྩེགས་ལ་སོར་རེ་རེ། དེའི་ལྷག་སོར་དགུ་པདྨའི་ཆར་བྱེད་པ་དང༌། འཇིགས་དུས་སོགས་རོ་གདན་མེད་པར་པད་ཉི་རྐྱང་པ་ལ་ཉི་མ་སོར་གསུམ་པདྨ་སོར་དགུ་སྟེ་ཞལ་ཚད་གཅིག་ཏུ་བྱའོ། ། གཞན་བདུད་བཞི་རིམ་བརྩེགས་ལྟ་བུ་ལ་བདུད་རེ་རེ་སོར་བརྒྱད་རེ་སྟེ་ཁྱོན་སོར་སུམ་ཅུ་རྩ་གཉིས་བྱེད་པ་སོགས་ཤེས་པར་བྱའོ། ། གདན་གྱི་ཆ་ཚད་དངོས་བསྟན་འདི་ལས་ཅུང་ཆེ་ཡང་རུང་སྟེ། རྒྱུད་ལས་གདུགས་དང་རྒྱབ་ཡོལ་གདན་གསུམ་ཆུང་ཞིང་དོག་ན་སྐྱོན་ཆེ་བར་གསུངས་པ་ལྟར་མཁས་པའི་བྲིས་རྒྱུན་བཞིན་རན་ཞིང་མཛེས་པར་བྱའོ། ། སྐབས་འདིར་བདེ་མཆོག་སོགས་ཀྱི་འགྱིང་འཁྱོགས་དང་ཕྱག་མང་དང་བརྐྱང་བསྐུམ་གྱི་ཐིག་འདེབས་ན། འཕྲེད་ཐིག་
གོང་བཤད་ལྟར་ནོར་ཏོག་ནས་གསང་བའི་བར་འགྱིང་སྟབས་ཀྱི་འགྲིབ་ཆ་ཅན་ལྟར་བྱས་པའི་དོན་ལ་སངས་རྒྱས་བཞེངས་སྐུའི་འཕྲེད་ཐིག་ལྟར་འདེབས་དགོས་པས་དང་པོ་ཚངས་ཐིག་བཏབ་ནས། གདན་གྱི་ཐིག་གི་སྟེང་ནས་ཡར་ལ། ཞབས་དཔངས་སོར་ཕྱེད་ལྔ། བྱིན་པ་ཉེར་ལྔ། པུས་མོ་སོར་བཞི། བརླ་ཞལ་ཚད་གཅིག་དཔྱི་སོར་བཞི། གསང་བ་ལྟེ་བ་ཐུགས་ཀ་རྣམས་ཞལ་རེ། མགྲིན་པ་སོར་བཞི། ཞལ་ཕྱེད་བཅུ་གསུམ་པ། ཐོད་དཔངས་ཕྱེད་ལྔ། གཙུག་ཏོར་སོར་བཞི། ཐོར་ཚུགས་སོར་བཅུ། ནོར་ཏོག་སོར་གཉིས་ཏེ་འཕྲེད་ཐིག་བཅུ་བཞི་གདབ་པར་བྱའོ། ། ཚངས་ཐིག་གི་གཡས་དང་གཡོན་དུ་ཆ་ཆེན་རེའི་ཚད་ཀྱི་གྱེན་ཐིག་ལྔ་རེ་བཏབ་ཅིང༌། གཡས་ཀྱི་གྱེན་ཐིག་གི་ནང་ནས་ཕར་རིམ་བཞིན་བརྩིས་པའི་ཐིག་ཁང་དང་པོ་དང༌། གཡོན་གྱི་ཐིག་ཁང་གཉིས་པ་ཕྱེད་དུ་བགོ་བར་བྱས་པས་གཡས་གཡོན་དུ་གྱེན་ཐིག་བཅུ་གཉིས་སོ། ། དེ་ལས་སྐུའི་འགྱིང་འཁྱོགས་ནི། སྐྲ་མཚམས་འཕྲེད་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་བཟུང་སྟེ། ཡར་སྣེ་ཐོར་ཚུགས་ཀྱི་རྩེ་ཐིག་དང༌། མར་སྣེ་ཐུགས་ཀའི་ཞལ་ཚད་ཀྱི་དབུས། མགྲིན་འོག་ནས་མར་སོར་ཕྱེད་བདུན་གཞལ་བ་དང་དོན་གཅིག་ཚངས་སྟེང་ནས་གཡས་སུ་སོར་ལྔའམ་དྲུག་གི་སར་མཚན་མ་གཉིས་བྱས་པ་དེ་གཉིས་གང་རུང་དུ་ཐིག་འཐེན། ཐུགས་ཀའི་དབུས་ཀྱི་གཡས་ཀྱི་མཚན་མ་དེ་ནས་གསང་བའི་མས་ཐིག་དང་ཚངས་ཐིག་འཕྲད་མཚམས་སྦྲེལ་བས་གཡས་འགྱིང་གི
ཚད་འབྱུང༌། གཡོན་འགྱིང་དེ་ལས་བཟློག་སྟེ་གོང་གི་མཚན་མ་གཉིས་གཡོན་དུ་བྱས་ནས་སྦྲེལ་དགོས་སོ། ། འཛུད་པོ་རྟགས་ཙམ་ལས་ད་ལྟ་འཛུད་རྒྱུ་མེད། ཕྱག་གི་སྐོར་ཐིག་ཐུགས་ཀའི་མས་ཐིག་དང་ཚངས་ཐིག་འཛོམས་ནས་གཡས་སུ་སོར་དྲུག་གཞལ་ལ། དེ་ནས་མཆན་རྩེར་གྱེན་དུ་སོར་བཞི་གཞལ་བ་དེ་ཡི་སྟེང་དུ་མཐོང༌། ལྡེའུ་མིག་ཀྱང་ཟེར་མཆན། སྐོར་བཟུང་སྟེ་སོར་མོ་ཉི་ཤུ་བསྐོར་བ་ཕྱག་རྣམས་ཀྱི་གྲུ་མོའི་ཚིགས་དེ་སྟེང་ནས་སོར་བཅུ་དྲུག་བསྐྱེད་དེ་བསྐོར་བ་མཁྲིག་མའི་མཚམས་ཐིག་དེའི་སྟེང་ཕྱི་རོལ་ཏུ་སོར་དྲུག་བསྐྱེད་པ་ཕྱག་སོར་རྣམས་ཀྱི་ཕྱི་ཐིག་གོ ། འདི་ཕྱག་སོར་བཀུག་ཅིང་ཕྱག་མཚན་བཟུང་བའི་ཚད་ཡིན་གྱི་བརྐྱང་ན་མཐོ་གང་ངོ༌། ། ཡང་ཐུགས་ཚངས་ཕྲད་ས་ནས་གཡོན་དུ་ཞལ་ཚད་ཕྱེད་གཉིས་གཞལ་ལ་དེ་ནས་ཡར་མཆན་རྩེར་སོར་དྲུག་གམ་གཅིག་ཕྱེད་དྲུག་ཀྱང་ཟེར་ཏེ་དེ་ལྟར་གཞལ་བའི་སྟེང་ནས་གཡས་པ་ཇི་བཞིན་དུ་བསྐོར་བ་བྱའོ། ། འདི་སྐུ་འགྱིང་སྟབས་ཀྱིས་ཚངས་ཐིག་ལས་གཡོན་དུ་སོར་དྲུག་ཡོ་བའི་དབང་གིས་བྱུང་བ་ཤེས་པར་བྱའོ། ། ཞབས་བརྐྱང་བསྐུམ་གྱི་ཚད་ནི་གསང་བའི་མས་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས། གཡས་ཕྱོགས་སུ་ཞབས་དཔངས་ཀྱི་ཡས་ཐིག་དང༌། གྱེན་ཐིག་བཞི་པ་ཕྲད་མཚམས་སྦྲེལ། དེའི་ཕྱི་ལ་སོར་བཞི་གཞལ་མཚམས་ནས། ཐུགས་ཚངས་འཕྲད་མཚམས་ཐིག་གིས་སྦྲེལ་བས། ཞབས་གཡས་བརྐྱང་གི་ཚད་རྟོགས་སོ། ། ཆུ་ཞེང་མཚུངས་པར་བརྐྱངས་
ཚེ་སངས་རྒྱས་བཞེངས་སྐུ་ལྟར་སོར་བརྒྱ་ཉེར་ལྔ་ཡིན་ནོ་ཟེར། ལྟེ་ལྟེ་བ་ནས་ཟེར། ཐིག་ཚངས་འདུས་ནས་གཡོན་དུ་ཞལ་གང་པ་ནས་ཐུར་དུ་སོར་བཞི་གཞལ་མཚམས་སུ་མཚན་མ་བྱས་ལ་དེ་དང༌། ཚངས་ཐིག་ནས་གཡོན་དུ་ཆ་ཆེན་གཉིས་ཀྱི་གྱེན་ཐིག་བཞི་པ་པུས་མོའི་ཡས་ཐིག་དང་འཕྲད་མཚམས་སྦྲེལ་བ་བརླ་གཡོན་པའི་ཕྱི་ཐིག་གོ ། དེ་ནས་པུས་མོའི་མས་ཐིག་ནས་ཞབས་དཔངས་ཡས་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་ཞལ་གང་དང་གྱེན་ཐིག་མཐོ་ཕྱེད་དོ་ལ་ཕྲིད་པར་ཟེར་དཔྱད། སོར་བཞི་གཞལ་བའི་མཚམས་སུ་སྦྲེལ། ཡང་གསང་མཚམས་ཚངས་ཐིག་ནས་གཡོན་དུ་སོར་དྲུག་གཞལ་བ་དང༌། གཡོན་གྱི་པུས་མོའི་མས་ཐིག་དང་གཞུང་ཐིག་གཉིས་པ་ཕྲད་མཚམས་སྦྲེལ། དེ་ནས་ཞབས་དཔངས་ཡས་གཞུང་ཐིག་གམ་ཐིག་དང༌། གྱེན་ཐིག་དང་པོ་འཕྲད་མཚམས་སྦྲེལ་བས་ཞབས་གཡོན་པའི་བསྐུམ་ཚད་རྟོགས་སོ། ། ཞབས་བརྐྱང་བསྐུམ་གྱི་དབང་གིས་གཡས་བརྐྱང་པའི་རྟིང་པའི་བར་ཞལ་བཞི་དང༌། གཡས་པའི་མཐིལ་དང་མཐོ་ལྔ་སྟེ། གཡོན་བརྐྱང་དེ་ལས་ལྡོག་པར་བྱ། དེ་ལྟར་འགྱིང་འཁྱོགས་བརྐྱང་བསྐུམ་གྱི་ཚུལ་འདིས་མཚོན་ནས། རྡོར་སྐྱིལ་སོགས་གདན་བཞུགས་ཀྱི་ཉམས་དུ་མ་དང་བཞེངས་ཐབས་ལའང༌། བསྐུམ་བརྐྱང་གི་ཞབས་གཅིག་གདན་ལ་རེག་པ་གར་ཐབས་དང༌། ཞབས་གཉིས་གདན་ལ་རེག་ཀྱང་གཡས་སམ་གཡོན་བརྐྱང་བསྐུམ་གྱི་དོར་སྟབས་དང༌། མཉམ་པའི་སྟབས་དང༌། གཞན་ཡང་ས་ག་སོགས་ཀྱི་ཞབས་སྟབས་
དུ་མ། ཕྱག་རྒྱ་དང་ཕྱག་བསྣོལ་བ་སོགས་ཀྱི་ཕྱག་གི་སྟབས་དུ་མ་སྟེ། ཕྱག་ཞབས་འདི་དག་གི་བརྐྱང་བསྐུམ་སྣ་ཚོགས་ཚིགས་ཀྱི་གནས་ནས་བྱེད་པས་དེ་དག་གི་སྟབས་སྣ་ཚོགས་ལ་མ་རྨོངས་པར་བྱ་སྟེ་ཐམས་ཅད་ཐིག་གིས་བརྗོད་པར་དཀའོ། ། དེ་ལྟར་དྲང་སྲོང་ཁྲོས་པའི་ཚུལ་ཅན། བདེ་མཆོག་དུས་འཁོར་ཀྱེ་རྡོར་གསང་འདུས་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་མགོན་པོ་རྣམས་ཀྱི་ཚད་བཤད་པ་སྟེ། དེ་ཡན་ཆད་ཀྱིས་སངས་རྒྱས་ཞི་བ་དང་ཞི་མ་ཁྲོའི་ཆ་ཚད་བསྟན་ཟིན་ཏོ། ། ༈ ད་ནི་ཐིག་ཆེན་གཉིས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚད་ནི། བསླབ་བཏུས་ལས་བྱང་སེམས་རྣམས་ཀྱི་ཡང་སོར་བཅུ་གཉིས་པའི་མཐོ་བཅུ་པ་ཉིད་དོ། ། ཞེས་བཤད་པ་ལྟར་སོར་བརྒྱ་ཉེར་ལྔ་པའི་ཚད་གོང་བཤད་ལས་སོར་ཕྱེད་ཀྱི་རྣམ་པ་བཅུ་སོང་སྲིད་དང་ཞེང་དུ་ཡང་ཕྲི་བ་ཆུ་ཞེང་སོར་བརྒྱ་ཉི་ཤུ་པ་ཐོག་མར་བཤད་པ་དེ་ཁོ་ན་ཡིན། ཐོར་ཚུགས་སོར་བརྒྱད་དམ་བཅུ་གང་བདེ། སྤྱན་དཀྱུས་ཆ་ཕྲན་ཕྱེད་བཞི་ཞེང་སོར་ཕྱེད་དོ་བྱེད་པའམ། ལ་ལས་སྤྱན་ཞེང་སོར་ཕྱེད། དཀྱུས་སོར་ཕྱེད་གསུམ་མཛད་པ་ལས་གཞན་སངས་རྒྱས་ཀྱི་སྐབས་དང་མཚུངས་ཤིང༌། གཞོན་མཛེས་ཞི་ཞིང་དྭངས་པའི་ངང་ཚུལ་ཅན་དུ་བྱའོ། ། བྱེ་བྲག་འཇམ་དཔལ་གྱི་རལ་པའི་ཟུར་ཕུད་ལྔ་ནི་སྐྲ་པངས་ཀྱི་སྙན་ལྟག་གཡས་གཡོན་དང༌། གཙུག་ཏོར་གྱི་མདུན་རྒྱབ་དབུས་ལྔར་སོར་བཞི་པའི་ཟུར་ཕུད་ལྔ་བཅིངས་པར་བཤད། བྱང་
སེམས་རྣམས་གཞོན་ཤ་རྒྱས་ཤིང་གཞོན་ནུའི་ཆ་བྱད་རིན་པོ་ཆེ་དང་མེ་ཏོག་གིས་སྤྲས་པ་ཡིན་ལ། གཞན་དྲང་སྲོང་གི་ཆ་བྱད་ནི་ཅུང་སྐེམ་པའོ། ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཐིག་ནི། ཞལ་ཐམས་ཅད་ཀྱི་སྟེང་མ། འོད་དཔག་མེད་ཀྱི་ཞལ་གྱི་ནོར་བུ་སོར་ཕྱེད། གཙུག་ཏོར་སོར་གང༌། ཐོད་ཁྱིམ་སོར་ཕྱེད་དོ། ། ཞལ་སོར་བཞི། གཉིས་པའི་ཐོད་ཁྱིམ་སོར་གཉིས། ཞལ་སོར་དྲུག་གསུམ་པའི་ཐོད་ཁྱིམ་སོར་བཞི། ཞལ་སོར་བརྒྱད། བཞི་པའི་ཐོད་ཁྱིམ་ཞལ་ཀྱང་དེ་འདྲ། ལྔ་པ་རྩ་ཞལ་གྱི་སྐྲ་དཔང་སོར་བཞི། ཞལ་ཐལ་མོ་གཅིག་དེ་ནས་སོར་བཞི་མགྲིན་པ། ཐུགས་ལྟེ་ཞལ་ཚད། ད་ལྟའིབྲིས་དཔེར་སོར་བཞི་བསྣན་པ་འདུག་དེ་ནས་གསང་བ་ཞལ་གང༌། བརླ་ཞལ་དོ། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་བཞིའོ། ། ཞེང་ལ་ཚངས་ཐིག་གི་གཡས་གཡོན་སོར་རེ་གཞལ་བ་འོད་དཔག་མེད་ཀྱི་ཞལ་ཞེང༌། སོར་གསུམ་སྤྲུལ་སྐུའི་རྩ་ཞལ་ཞེང༌། ཕྱེད་བཞི་ལོངས་སྐུའི་རྩ་ཞལ། དེའི་གཡས་གཡོན་སོར་ཕྱེད་བཞི་རེ་བསྐྱེད་པ་ཟུར་ཞལ། སོར་བཞི་རྒྱས་པའི་རྩ་ཞལ། དེའི་གཡས་གཡོན་སོར་བཞི་བསྐྱེད་པ་ཟུར་ཞལ། དེ་འོག་ཆོས་སྐུའི་རྩ་ཞལ་གཡས་གཡོན་དུ་སོར་དྲུག་གཡས་གཡོན་དུ་སོར་བཞི་བསྐྱེད་པ་ཟུར་ཞལ། དེ་དང་མཆན་ཁུང་བར་ཚད་མཉམ། དེ་ནས་དཔུས་མགོ་སོར་བཞི། དེ་ནས་རྩ་ཕྱག་གི་འབྲེལ་མཚམས་བཅས། མཐའ་ཕྱག་ཚུན་ལ་སོར་མོ་བརྒྱད་བྱ་བའམ། ཡང་ན་ཆོས་སྐུའི་ཞལ་གཡས་གཡོན་གྱི
ཐིག་དང༌། ཐུགས་ཐིག་འཕྲད་མཚམས་ནས་མཆན་འོག་ནས་གྱེན་དུ་སོར་དོ་གཞལ་བའི་ས་ནས་ལྡེའུ་མིག་བཟུང་སྟེ། རྒྱས་པའི་རྩ་ཞལ་ཐོད་ཁྱིམ་གྱི་ཡས་ཐིག་གི་ཕྱི་ཐིག་དང་འཕྲད་མཚམས་ནས་སོར་ཕྱེད་ཐུར་དུ་གཞལ་བའི་ས་ནས་ཚད་དེས་བསྐོར་ལ་ནང་ཐིག་དང༌། དེའི་ཕྱི་རུ་སོར་མོ་བཞི་རེ་བསྐྱེད་དེ་ཐིག་བསྐོར་ལྔ་བཏབ་པ་སྤྲུལ་ཕྱག་གི་ཐིག་སྟེ། དེ་ལྟར་རྩ་ཕྱག་བཞི་བཅུ་དང་ལྡན་པ། སྤྲུལ་ཕྱག་རིམ་པ་ལྔ་པོ་ལས་གཡས་གཡོན་གཉིས་ཀར་ཡང༌། སོ་སོར་ཆ་དྲུག་ཏུ་བགོས་ནས། དང་པོར་བཅུ་གཉིས། གཉིས་པར་བཅུ་བཞི། གསུམ་པར་བཅུ་དྲུག་བཞི་པར་བཅོ་བརྒྱད། ལྔ་པར་ཉི་ཤུ་རེ་བགོས་པས་ཕྱག་སྟོང་དང་བརྒྱད་དུ་འགྲིགས། ཕྱག་ཐམས་ཅད་ཀྱི་མཐིལ་དུ་སྤྱན་རེབྲིའོ། ། ཡང་ན་ཐུགས་ཐིག་ཚངས་འདུས་ནས་གཡས་གཡོན་ཞལ་རེ་གཞལ་བ་མཚན་རྩེའི་སྟེང་དེ་ནས་གྱེན་དུ་སོར་བཞི་གཞལ་སྟེང་ལྡེའུ་མིག་གིས། པུས་ཐིག་ལ་སོར་གཉིས་ཀྱིས་མ་རེག་པ་ཙམ་གྱི་བར་ཚད་ཀྱིས་བསྐོར་ལ་དེའི་ནང་དུ་སོར་བཞི་རེ་བཞི་རེ། རིམ་སྐུམ་རིམ་པ་ལྔ་བྱས་ཀྱང་དོན་གཅིག་སྟེ། ཕྱག་ཐམས་ཅད་དབུ་ཡི་གཙུག་ཏོར་དང༌། པུས་མོའི་ལྷ་ང་ལས་མི་འདའ་བར་མཛེས་པའོ། ། རྩ་ཞལ་སྤྱན་དཀྱུས་ནས་བཞི་ལྷག་པའི་ཆ་ཆུང་གསུམ་དང༌། སྲིད་ཞེང་སོར་ཕྱེད་དོ་བྱ། འདིར་ཆོས་སྐུའི་ཞལ་གྱི་དབུ་སྐྲ་མན། ཞབས་མཐིལ་ཡན་སོར་མོ་བརྒྱ་ཉི་ཤུ་འབྱུང་ངོ༌། ། ༈ ཐིག་ཆེན་གསུམ་པ། རྒྱལ་ཡུམ་མཐོ་དགུ་པར་བཤད་པ་ནི། སྡོམ་འབྱུང་
ལས། ཡིད་དུ་འོང་བའི་རང་གཟུགས་ནི། ། ཐལ་མོ་དགུ་པར་མངོན་པར་བྲི། ། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་འཁོར་གྱི་ལྷ་མོ་ཡིད་འཕྲོག་པར་བྱེད་པ་རྣམས་ནི་ཐལ་མོ་དགུ་པ་སྟེ། རྡོ་རྗེ་ཕག་མོ་སོགས་དཀྱིལ་འཁོར་གྱི་གཙོ་མོ་རྣམས་ནི་དེ་ལྟར་བྱ་ཞིང༌། དུས་འཁོར་གྱི་སྣ་ཚོགས་ཡུམ། ཀྱེརྡོར་གྱི་བདག་མེད་མ། གཞན་ཡང་སྒྲོལ་མ། མཁའ་སྤྱོད་མ། རིགས་བྱེད་མ། དབྱངས་ཅན། གདུགས་དཀར། སོར་འབྲང༌། རྣམ་རྒྱལ། སེང་གདོང་མ། ལོ་གྱོན་མ། འོད་ཟེར་ཅན་མ་སོགས་ལྷ་མོ་ཐམས་ཅད་ཀྱི་ཚད་དེ་ཡིན་ལ། གཞན་དབང་པོ་ཉེ་དབང་དབང་ཕྱུག་ཆེན་པོ་སོགས་ལྷ་དང༌། ཆུ་ལྷ་མེ་ལྷ་ང་ལྷ་སོགས་དང༌། ཀླུ་དང་ཞི་གཟའ་སོགས་ཀྱང་དེ་ལྟར་བྱ་བར་ཡང་སྡོམ་འབྱུང་གི་འགྲེལ་བར་བཤད་པ་ལས། ཨུ་མ་སོགས་ལྷ་མོ་རྣམས་ནི་འདིར་བསྟན་ལྷ་མོའི་ཚད་ཁོ་ནར་བྱ་ལ། དབང་ཕྱུག་ཆེན་པོ་སོགས་ཕོརྣམས་ལ་ནི་ལྷ་མོའི་ཁྱད་ཆོས་རྣམས་སྤང་ དགོས་ཏེ། གང་ཞེ་ན་མོ་རྣམས་སྟོད་ཞུམ་སྨད་རྒྱས་ལ་ཕོ་རྣམས་དེ་ལས་ལྡོག་པ ་དང༌། གཞན་ཡང་ལྷ་མོརྣམས་དཔྲལ་ཞེང་ཆུང་བ། ཕྲག་པ་མཐོ་བ། ཕྱག་འགག་དང༌། སྐེད་སྐབས་ཕྲ་བ། ནུ་མ་འབུར་བ། མིག་བར་ཡངས་པ་ཟུར་མིག་དང་ལྡན་པ་སོགས་ཡིན་ཀྱང༌། ཕོ་ལ་དེ་རྣམས་སྤང་བར་བྱ་ དགོས་ལ། དེར་མ་ཟད་ཐོད་ཁྱིམ་མགྲིན་པ ་པུས་མོ་ཞབས་དཔངས་སོར་གསུམ་དུ་བྱེད་པ་ལྷ་མོ་ལ་མཛེས་ཀྱིལྷ་ཕོ་རིགས་ལ་སོར་བཞི་རེ་བཞི་རེ་བྱ་ཞིང༌། དེའི་ཆ་ཙམ། དཔྱི་དང་བརླ་
ལྷན་ཅིག་ཞལ་དོ། རྗེ་ངར་ཞལ་དོ་ལས་ཕྲི་ནས་སོ་སོར་སོར་ཉེར་གཉིས་རེ་བྱས་ནས་མཛེས་ཆོས་བྱས་ཀྱང་མི་རུང་བ་མེད་དམ་སྙམ་དུ་སྔར་གཞན་གྱི་བཤད་པ་མ་མཐོང་ཡང་རང་ཉིད་ཀྱིས་དེ་ལྟར་སེམས་ཏེ། སྡོམ་འབྱུང་འགྲེལ་ པ་ལས་ལྷ་དང་གཟའ་སོགས་ཐལ་མོ་དགུ་པར་བཞེད་ཀྱིས་ལྷ་མོའི་ཚད་ཁོ་ནར་ངེས་དགོས ་པར་མ་བསྟན་པས་སོ་སྙམ་མོ། ། ཚད་དེ་ཇི་ལྟར་ཞེ་ན་ཞལ་རས་ཐུགས་ལྟེ་གསང་བ་བཞི་ཆ་ཆེན་ནམ་མཐིལ་རེ་རེ་སྟེ་སོར་བཅུ་གཉིས་སོ། ། ཐོད་དཔངས་མགྲིན་པ་པུས་མོ་བོལ་གོང་ངམ་ཞབས་དཔངས་བཞི་སོར་གསུམ་རེ་བརླ་དང་བྱིན་པ་ཞལ་དོ་རེ་སྟེ། གསང་ཐིག་བར་གྱི་སྐུ་སྟོད་ལ་སོར་ང་བཞི་དང༌། དེ་མན་སྐུ་སྨད་ལ་ང་བཞི་སྟེ། ཁྱོན་སྲིད་ཚད་དུ་སོར་བརྒྱ་དང་བརྒྱད་པ། ཞལ་ཚད་དགུ་པའོ། ། འདིར་ཁ་ཅིག་གིས་དཔྱི་སོར་བཞི་བྱས་ཏེ་བརླ་དང་རྗེ་ངར་ལས་སོར་དོ་ཕྲི་བས་སོར་ཉེར་གཉིས། རྟིང་པ་སོར་གསུམ། པུས་མོ་སོར་གསུམ། ལོང་བུ་སོར་གཅིགཞབས་དཔངས་བོར་ཟེར་བའང་དོན་འདི་འདྲ། སོར་གསུམ་བྱེད་པ་དང༌། ཡང་ཕྲག་པ་གཉིས་ཀྱི་ཞལ་ཚད་ལས་སོར་གཉིས་ཕྲི་ཞིང༌། དཔུང་པ་ལག་ངར་ཕྱག་མགོ་རྣམས་ལ་དེའི་ཆ་བསྐྱེད་པའང་ཡོད་དོ། ། བཞེངས་སྐུ་ལ་གོང་བཤད་ལྟར་སྐྲ་མཚམས་ནས་ཞབས་ཀྱི་བར་འཕྲེད་ཐིག་བཏབ་ནས། ཐད་ཀར་ཐུགས་ཀའི་ཚངས་ཐིག་ནས་མཆན་ཁུ ང་གི་རྩེ་བར་སོར་བཅུ། དཔུང་ལྷུ་ཆ་ཕྲན་བཅོ་བརྒྱད། ཕྱག་ངར་བཅུ་བཞི། ཕྱག་མགོ་བཅུ་གཉིས་ཏེ་སོར་
ང་བཞི། གཡས་གཡོན་བསྡོམས་པས་སོར་བརྒྱ་དང་བརྒྱད་དེ་ཞལ་ཚད་དགུ་པར་ཆུ་ཞེང་མཉམ་པའོ། ། ལྷ་མོ་འདི་དག་གི་ཞལ་ཐོད་པའི་ཟུར་ཞུམ་པའི་དཔྲལ་ཞེང་སོར་དྲུག་པ། སྙན་གཉིས་ཀྱི་རྩ་བའི་ཐད་དུ་ཕར་ཅུང་རྒྱས་པ་སོར་བཅུ་པ། ཟ་འགྲམ་གྱི་སྨད་ཅུང་ཕྲ་བ་སྒོ་ངའི་དབྱིབས་ཅན་མཛེས་པ་དཔྲལ་བ་དང་ཤངས་དཀྱུས་ཀོས་ཀོ་སོར་བཞི་པ་རལ་པ་ཕྱེད་བཅིངས་པའི་སྲིད་ཚད་སོར་དྲུག་པ། ཁ་ཅིག་གིས་བརྒྱད་དུ་བྱེད། སྒྲོལ་མ་སོགས་ལྷ་མོ་ཞི་བ་རྣམས་ཀྱི་ཞལ་དང་སྤྱན་ནི་བདེ་མཆོག་གི་རྒྱབ་ཞལ་དང་མཚུངས་ཏེ་སྒེག་ཅིང་ཞི་བ། རྡོ་རྗེ་ཕག་མོ་སོགས་ཅུང་ཟད་ཁྲོས་པའི་ཉམས་ཅན་དུ་བྱ་ཞིང༌། སྤྱན་སྲིད་སོར་གཅིག་གམ་ཕྱེད་གཉིས་པ་དཀྱུས་སོར་གསུམ་པ་བྱའོ། ། ལྷ་མོ་རྣམས་ཀྱི་མཁུར་ཚོས་སོར་གསུམ་པའི་དབུས་ཀྱི་ཆ་ཅུང་ཟད་མཐོ་བ། སྙན་དང་སྙན་ཤལ་གྱི་སྲིད་དུ་སོར་གསུམ་པ། སྙན་ཞེང་སོར་ཕྱེད་གཉིས་སམ་གཉིས་སུ་བཞེད། མགྲིན་པའི་ཞེང་སོར་དྲུགམཐའ་སུམ་འགྱུར་ཏེ་སོར་བཅོ་བརྒྱད། མགྲིན་པའི་མཚམས་ནས་ཕྲག་པའི་མཐར་སོར་བཅུ་པ། ཕྲག་པའི་སྟེང་ཅུང་ཟད་མཐོ་བ་སྟེ་ཆ་ཕྲན་གཉིས་ཀྱིས་འབུར་ལ་གྲིམ་པ། དཔུང་མགོ་ལ་ཕྲག་པའི་ཆ་ཕྲན་གཉིས་མཐོ་བ་དེ་མེད་པས་ཕྲག་པ་ལས་ཅུང་དམའ་བ། དཔུང་མགོ་ཟླུམ་པ། མཆན་ཁུང་ནས་ཚུར་སོར་དོ་ནས། ནུ་མའི་རྒྱར་སོར་བརྒྱད་དམ་སོར་དགུ་དང་ནས་གསུམ་ཅུང་མེད་ཙམ་བྱེད་པའང་ཡོད་དེ། དེ་དག་གི་སུམ་འགྱུར་མཐའ་སྐོར་ཟླུམ་པོ་ནུ་ཏོག་དང་བཅས་པ་
བྱ། འབུར་ལ་དཔངས་སུ་སོར་བཞི་མཁྲེགས་ཤིང་ཟླུམ་ལ་རྒྱས་པ་ནུ་ཏོག་དང་བཅས་པ་བྱའོ། ། ལྷ་མོ་འདི་དག་སྐུ་སྨད་འཕེལ་ཀ་ཡངས་པ་དང༌། ཚང་ར་ཤིན་ཏུ་རྒྱས་པ། རྐེད་སྐབས་དང་མཁྲིག་མ་སོགས་ཀྱི་སྐབས་ཕྱེད་ཅིང་གྲིམ་པར་བྱ་དགོས་ཏེ་ལྟེ་གོང་སྐེད་སྐབས་ཕྲ་སར་སོར་བཅུ་བཞི་དང༌། བཅུ་གསུམ་བཅུ་གཉིས་བྱེད་པའི་ལུགས་གསུམ་ཡོད་དེ། རྒྱུད་ལས་གསལ་ཁ་མེད་པས་མཛེས་ཆོས་བྱ། ལྟེ་བའི་ཐད་དུ་སོར་ཕྱེད་སུམ་ཆས་འདྲ། ཀྱིས་ལྷག་པའི་བཅོ་ལྔ། མཐའ་སྐོར་སུམ་འགྱུར་ཏེ་སོར་ཞེ་དྲུག་ཡོད་པས་སྐུ་སྨད་དེ་ཙམ་འཕེལ་ཀ་ཆེ་བར་བྱ། གསང་བའི་པདྨ་དཀྱུས་སུ་སོར་དྲུགསྟེང་གིཕྱེད་དུ་དབང་རྟེན་ཟེའུ་འབྲུ་སོར་གསུམ་ཅན་ནོ། ། འཕོངས་ཚོས་ཀྱི་རྒྱར་སོར་བཞི་ཟླུམ་པོ་རྒྱས་པ། ཕྱག་མཐིལ་སོར་བདུན། གུང་མོ་སྲིད་དུ་སོར་ལྔ། ཕྱག་ངར་དང་དཔུང་པ་རང་རང་གི་དཀྱུས་ཚད་ཀྱིས་རྩ་བའི་མཐའ་འཁོར་བ། དཔུང་པ་ལག་ངར་མཆན་ཁུང་བརླ་བྱིན་པ་རྣམས། དབུས་སྦོམ་ལ་རྩ་བ་ཅུང་ཟད་ཕྲ་བ། སྤྱན་བར་ཡངས་ཤིང༌། མཆུ་བིམྤ་ལྟར་དམར་ལ་ཡིད་འཕྲོག་པ་སོགས་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པར་བྱའོ། ། གཞན་སྐུ་ལུས་ཀྱི་ཆ་ཤས་ཀྱི་མཐའ་སྐོར་སོགས་འདིར་མ་བཤད་པ་རྣམས་ནི་སྔར་བཤད་པ་རྣམས་ཀྱིས་མཚོན་ནས་རིགས་པས་དཔྱད་དེ་ཤེས་པར་བྱའོ། ། གཞན་ཡང་རྒྱལ་བའི་འཁོར་གྱི་དཔའ་བོ་རྣམས་ཀྱི་སྐུ་ཚད་བྱང་སེམས་དང་འདྲ་ལ། ཁྱད་པར་ནི་དཔའ་བ་དང་སྒེག་ཉམས་གཙོ་ཆེ་ཞིང༌། ཞལ་དང་སྤྱན་དང་ཤངས་
སོགས་ཀྱི་རྣམ་པའང་གཙོ་བོ་གང་ཡིན་པ་དང་འདྲ་ཞིང༌། འཁོར་གྱི་ལྷ་མོརྣམས་ནི། རྡོ་རྗེ་ཕག་མོ་སོགས་གཙོ་མོ་དང་འདྲ་བར་བྱའོ། ། འདིར་རྡོ་རྗེ་ཕག་མོའི་བཞུགས་སྟབས་ཀྱི་ཐིག་འདེབས་པ་ལ། ཚངས་ཐིག་གདབ་ནས་འཕྲེད་ཐིག་གི་ཐོག་མར་ཐོད་ཁྱིམ་སོར་གསུམ། ཞལ་སོར་བཅུ་གཉིས། མགྲིན་པ་སོར་གསུམ། ཞལ་གང་ཐུགས་ཀ་དེ་ནས་སོར་བརྒྱད་ལྟེ་བའི་གོང༌། དེ་ནས་སོར་གསུམ་ལྟེ་འོག་དེ་ནས་ཞལ་གང་གསང་བ་སྟེ་དེ་ཡན་ཆད་སྐུ་སྟོད་དོ། ། དེ་ནས་སོར་གཉིས་ཀྱི་ཞབས་གཡས་བསྐུམ་གྱི་པུས་མོའི་ཡས་མན་གྱི་དཀྱིལ་དྲང་པོ་དང༌། དེ་ནས་སོར་གསུམ་གྱིས་གཡོན་ཞབས་བརྐྱང་བའང་ཅུང་ཟད་བསྐུམ་སྟབས་ཀྱིས་བརླ་ཞལ་ཚད་དོ་ལས་སོར་བདུན་ལྟེ་བར་གབ་འཕྲོས་སོར་ལྔ་པོ་དང༌། དེ་ནས་ཞལ་གང་གི་བརླའི་མ་མཐའ་དེ་ནས་འགྱིང་སྟབས་ཀྱིས་བྱིན་པའི་ཞལ་དོའི་ཁོངས་སུ་པུས་མོའི་སོར་གསུམ་བསྡོམས་ནས་ལོགས་སུ་མེད། དེ་ནས་ཞབས་དཔངས་སོར་གསུམ་སྟེ་སྐུ་སྨད་སོར་བཞི་བཅུ་རྩ་བཞིའོ། ། དོན་ལ་སྐུ་ཚད་ཐལ་མོ་དགུ་པ་སོར་བརྒྱ་དང་བརྒྱད་པ་ཡིན་ཡང་འགྱིངས་སྟབས་ཀྱི་དབང་གིས་ལྟེ་བའི་སོར་གཅིག་བརླ་ཡི་སོར་བདུན། པུས་མོའི་སོར་གསུམ་སྟེ་སོར་བཅུ་གཅིག་གབ་པས། སྐྲ་མཚམས་ཚངས་ཐིག་ནས་གདན་གྱི་བར་སོར་མོ་གོ་བདུན་པའི་སྲིད་ཚད་ཅན་ཡིན་མོད། འགྱིང་སྟབས་ཀྱི་དབང་གིས་སྐུ་ཚད་བསྣོལ་བས་གབ་པ་ཡིན་གྱི་དོན་ལ་སོར་མོའི་ཚད་བརྒྱ་དང་བརྒྱད་པ་ལས་ཉམས་པ་མེད་དོ། ། ཞབས་གཉིས་ཀའི
མཐིལ་ནི་རྟིང་པའི་རྩེ་ནས་མཐེབ་རྩེའི་བར་ཞལ་དོ། ཕག་མོའི་ཞེང་ཚད་འགྱིང་ཐིགསྒྲོལ་མའི་སྲིད་ཞེང་འགྱིང་ཐིག་སླར་ཞིབ་བྲི། དེ་ལྟར་སྒྲོལ་མ་དང་ཕག་མོའི་སྐུ་ཡི་བཞུགས་སྟངས་ཀྱིས་མཚོན་ནས་ལྷ་མོ་ཞི་དྲག་རྣམས་ཀྱི་ཞབས་གཡས་གཡོན་གང་རུང་བསྐུམ་པ་དང་བརྐྱང་བ་བཞེངས་བཞུགས་རྣམས་ཀྱང་རིགས་བསྒྲེས་ནས་ཇི་ལྟར་རིགས་པ་ཤེས་པར་བྱའོ། ། ༈ ཐིག་ཆེན་བཞི་པ་གནོད་སྦྱིན་དང་གཤིན་རྗེ་ཁྲོས་པ་ལྟ་བུའི་ཁྲོ་བོ་རྣམས་ཀྱི་ཚད་ནི་ཞལ་ཚད་བརྒྱད་པ་སྟེ། སྡོམ་འབྱུང་ལས། ཁྲོ་བོ་ཁྲོ་མོ་དབང་ཕྱུག་མ། ། བྲན་ཕོ་བྲན་མོ་ཅི་བགྱིས་པ། ། དྲག་ཅིང་འཇིགས་པའི་གཟུགས་རྣམས་ནི། ། ཐལ་མོ་བརྒྱད་པ་རྣམ་པར་བྲི། ། ཞེས་གསུངས་པ་ལྟར་ལ། གཤིན་རྗེ་ནག་པོའི་རྒྱུད་ལས་ཀྱང༌། ཁྲོ་བོ་ཐུང་ལ་སྦོམ་པར་བཤད། ། སྣ་ནི་སོར་བཞི་བྱ་བ་སྟེ། ། ཞེས་སོགས་གསུང་པའི་དོན་ནག་པོ་སྤྱོད་པས་བཀྲལ་བ་ལྟར་གཤིན་རྗེ་ཁྲོས་པ་ལྟ་བུའི་ཁྲོ་བོ་རྣམས་ཀྱི་ཚད་ལ། ཚངས་པའི་ཐིག་བཏབ་ནས་སྲིད་ཚད་མས་ནས་ཡར་བརྩིས་ན། གདན་ཞལ་གང༌། ཞབས་དཔངས་སོར་བཞི། བྱིན་པ་སོར་བཅོ་བརྒྱད། པུས་མོ་ཆ་ཆུང་བཞི། རང་བཞིན་དུ་བརྐྱང་ན་བརླ་སོར་བཅོ་བརྒྱད་ཡིན་ཀྱང་འགྱིང་ཐབས་ཀྱིས་གབ་ཚུལ་སྣ་ཚོགས་འོང༌། གསང་བ་ལྟེ་བ་ཐུགས་ཀ་རྣམས་ཞལ་ཚད་རེ། མགྲིན་པ་བཞི། ཀོས་ཀོའི་ཞབས་ནས་སྐྲ་མཚམས་བར་ཞལ་མཐོ་གང་སྟེ་སྤྱིར་མཐོ་བརྒྱད་པ་ཡིན་ལ། དེ་ནས་ཐོད་ཁྱིམ་རྩ་བ་ནས་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་
པའི་རྩེ་བར་ཞལ་ཚད་གང་དང་གདན་བསྡོམས་པས་ཐལ་མོ་བཅུ་པའི་ཐ་སྙད་ཀྱང་མཛད་དོ། ། རང་བཞིན་སྲིད་དུ་ཞལ་ཚད་བརྒྱད་པ་ཡིན་ཀྱང་འགྱིང་སྟབས་ཀྱིས་བརླ་ཡི་སུམ་ཆ་གཉིས་ཏེ་ཞལ་ཚད་གཅིག་གསུམས་པས་ནོན་ཅིང་གབ་པས་བརླ་སོར་དྲུག་ལས་མི་མངོན་པས་སྲིད་དུ་ཚངས་ཐིག་ལ་མཐོ་བདུན་པ་ཡིན་ནོ། ། ཡང་འགྱིང་སྟབས་ཀྱིས་བརླའི་སོར་བཅོ་བརྒྱད་གབ་པ་དང༌། བརླའི་སུམ་གཉིས་དང་རྗེ་ངར་གྱི་སུམ་གཅིག་གབ་པའང་བྱེད་དེ་འགྱིང་སྟབས་ཀྱིས་ངེས་མེད་དུ་འོང་ངོ༌། ། ཞེང་དུ་མཆན་ཞེང་གཡས་གཡོན་དུ་ཞལ་ཚད་རེ། དཔུང་པ་སོར་ཉི་ཤུ། ཕྱག་ངར་དང་ཕྱག་མགོ་ཞལ་རེ་རེ་སྟེ་ཐད་ཞེང་དུ་ཞལ་ཚད་བརྒྱད་ལས་སོར་བཅུ་དྲུག་ལྷག་པས་སོར་གོ་དྲུག་པའི་བཞི་ཆ་ཙམ་གྱིས་ཞེང་ཚད་ལྷག་པ་ཡིན་ཏེ་ཁྲོ་བོ་རྣམས་འཇིགས་ཤིང་མི་སྡུག་གཟུགས་ཅན་ཡིན་པས་ཆུ་ཞེང་མཉམ་པ་སོགས་ཞི་བའི་མཚན་དཔེ་དང་བསྟུན་མི་ དགོས་པར་ཐུང་ལ་སྦོམ་པར་བཤད་པ ་བཞིན་ནོ། ། ལུགས་འགའ་ཞིག་ཏུ་སྲིད་ཞེང་ཐལ་མོ་བརྒྱད་པ་དེའི་བྲང་ཞེང་ཕྱེད་ལ་སོར་བཅུ། དཔུང་པ་སོར་བཅུ་བཞི་བྱས་ཏེ་ཆུ་ཞེང་མཉམ་པར་བྱེད་པ་ཡོད་ཀྱང་ཞི་བའི་སྟོད་ཞེང་ལས་ཀྱང་ཆུང་བས་མི་མཛེས་པ། ཚངས་ཐིག་ནས་མཆན་རྩེ་བར་ཞལ་གང༌། དཔུང་པ་སོར་བཅོ་ལྔ་བྱས་ནས་ཞེང་དུ་ཐལ་མོ་ཕྱེད་དགུར་ལྷ་བཟོ་མཁས་པ་དག་གིས་བཞེད་པ་མིག་སྔར་མཛེས་ཤིང་ཁྲོ་བོ་སྦོམ་ལ་ཐུང་བར་གསུངས་པ་ལྟར་སྲིད་ཚད་ལས་ཞེང་ཚད་ཆེ་བ་ལེགས་སོ། ། ཁྲོ་བོ་ཐལ་མོ་བརྒྱད་པ་
དེ་དག་གི་ཞལ་དོ་གབ་པ་ལྟ་བུ་བྱས་ན་གནོད་སྦྱིན་ཁྲོས་པ་རྣམས་ཤ་ཉམས་གསུས་ཁྱིམ་ཆེ་བར་བཤད་པ་དང་ཡང་མཐུན་ནོ། ། སྐབས་འདིར་ལུགས་གཞན་ན་གནོད་སྦྱིན་ཁྲོས་པ་ལྟ་བུའི་ཁྲོ་བོ་རྣམས་ལ་རྗེ་ངར་དང་བརླ་ཞལ་འདི་དཔྱད་གང་བྱས་པའི་བརླ་ནི་འགྱིང་སྟབས་ཀྱིས་ལྟོ་བར་གབ་པ་ལས་སྲིད་ཚད་གཞན་གོང་བཞིན་དང༌། དེ་སྟེང་དབུ་སྐྲའི་ཞལ་གང་བསྣན་ཏེ་སྲིད་ཚད་མཐོ་བརྒྱད་པར་བྱེད་ཀྱང་དོན་ལ་མཐོ་བདུན་པར་གྲུབ། ཞེང་དུ་ཚངས་ཐིག་ནས་མཆན་ཁུང་བར་སོར་བཅུ། དཔུང་པ་སོར་བཅུ་བཞི་ལས་གཞན་གོང་ལྟར་བྱེད་པའི་ཆ་ཚད་འདི་ནི་ཁྲོ་བོ་ལ་ཅུང་མི་མཛེས་ཤིང་སྟོད་ཞུམ་པ་སོགས་ཀྱིས་ཁྲོ་བོ་ཐལ་མོ་བརྒྱད་པའི་ཡུམ་གྱི་ཚད་དུ་འགབ་བམ་སྙམ་མོ། ། གོང་བསྟན་ཞལ་ཚད་བརྒྱད་པ་ཞེང་དུ་དེ་ལས་ལྷག་པ་འདི་ནི་གནོད་སྦྱིན་དང་སྲིན་པོ་གཤིན་རྗེ་ཁྲོས་པ་ལྟ་བུའི་ཁྲོ་བོ་སྤྱི་ཡི་ཐིག་ཁོག་བྱེད་པ་ལེགས་པར་མངོན་ཏེ། ནང་གི་རྣམ་འགྱུར་ཕྲ་མོ་ནི་རྒྱུད་དང་མཁས་པའི་བྲིས་རྒྱུན་བཞིན་གང་ལྟར་བྱས་ཀྱང་མི་འགལ་ལོ། ། དེ་ཡང་ནང་གསེས་སུ་དཔྲལ་བ་ཤངས་དང་ཀོས་ཀོ་རྣམས་སོར་བཞི་རེ། ཞལ་སོར་བཅུ་གཉིས་ཡིན་ཀྱང་གདངས་པའི་ཚེམས་གཉིས་ཀྱི་བར་དུ་སྲིད་ལ་སོར་མོ་གཉིས་ཡོད་པར་བྱས་པས་སོར་བཅུ་བཞི་པར་གྱུར་པ་དེའི་ཚོད་ཀྱི་ཞལ་སྨད་རིང་ཕྱིར་མགུལ་པའི་ཚད་ལས་སོར་གཉིས་ཕྲི་སྟེ་གབ་པ་དང༌། ཞལ་དབྱིབས་ཁྲོ་བོ་ལ་གྲུ་བཞི། ཁྲོ་མོ་ལ་ཟླུམ་པོ་དེ་གཉིས་ཞལ་སྨད་རྒྱས་པ། ཞལ་རས་ཁྲོས་ཤིང་ཁྲོ་གཉེར་
བསྡུ་བ། ཤངས་བརྫེས་པ་ཞལ་གདངས་ཤིང་མཆེ་བ་གཙིགས་ལ་ལྗགས་འདྲིལ་བ་སྟེ་དེ་ཡང༌། ཞལ་དང་ཤངས་བར་གྱི་ཆ་སོར་ཕྱེད་རེ། ། ཡ་མཆུ་མ་མཆུའི་ཆ་ལ་སོར་ཕྱེད་རེ། གོང་འོག་ཚེམས་གཉིས་ཀྱི་ཆ་ལ་སོར་ཕྱེད་རེ། ཚེམས་གཉིས་ཀྱི་བར་དུ་སོར་གཉིས་པ་ལ་ལྗགས་འདྲིལ་བ། མཆེ་བ་བཞི་སོར་མོ་རེ་རེ་སྟེ་རྩ་བའི་ཞེང་ལ་སོར་ཕྱེད་དང༌། རྐང་བ་གཅིག་དེ་ལྟར་ཞལ་གདངས་པའི་སྲིད་དུ་སོར་བཞི། ཞལ་དཀྱུས་སོར་མོ་ཕྱེད་བདུན་ལས་མཆེ་བ་གཡས་གཡོན་བར་དུ་སོར་མོ་ཕྱེད་གསུམ་རེ། གཡས་གཡོན་ཞལ་ཁུག་སོར་ཕྱེད་གཉིས། ཞལ་གྱི་རྒྱའི་དཔངས་ལ་སོར་གཅིག་ནས་གཅིགསྨིན་མའི་དཔངས་སོར་གཉིས། སྨིན་དཀྱུས་སོར་བཞི། སྨ་རའི་སྟོད་ཆ་སོར་གཉིས། སྨ་ར་དཀྱུས་སོར་ཕྱེད་བཞི། སོ་གདན་དཔངས་སོར་གཅིག་དཀྱུས་སོར་གཉིས་སུ་བྱེད་དོ། ། སྤྱན་དམར་ལ་ཟླུམ་པ་མཐེ་བོང་གི་དཀྱུས་སམ་སོར་གསུམ་པའི་ཞེང་ཅན། ཅུང་ཟད་གྲུ་གསུམ་པའི་རྣམ་པ་ཅན། མཆུ་སོར་རེ་གྲ་ཁུག་གཉིས་ཅི་མཛེས་བྱ་གསུངས། ཡང་ན་བདེ་མཆོག་རྩ་ཞལ་ལྟར་བྱ་གསུངས། མཁུར་སྒོང་སོར་གཉིས་སམ་བཞི་གང་མཛེས། འགྲམ་ཞེང་སོར་བཞི། རྣ་བའི་ཞེང་སོར་གཉིས། དཀྱུས་དང་སྙན་ཞལ་གྱི་ཚད་རྒྱུད་ནས་གསལ་ཆ་ཆེར་མེད་མཁས་པའི་བྲིས་རྒྱུན་བཞིན་བྱ། སྙན་གཉིས་བར་གྱི་གདོང་ཞེང་བྲིས་ཆར་སོར་བཅུ་གཉིས། མགྲིན་ཞེང་སོར་བཅུ། ནུ་དཀྱིལ་སོར་བཞི་ཟླུམ་ཞིང་འབུར་ལ། ། དཔུང་རྩེའི་ཞེང་བྲིས་ཆར་སོར་བརྒྱད་དང་གཅིག་གི་སུམ་ཆ་ཙམ་པ། ཕྱག་ངར་གྱི
ཞེང་བྲིས་ཆར་སོར་དྲུག་དང་སོར་གཅིག་གི་སུམ་ཆ་གཉིས། ཕྱག་འགག་ཞེང་ལ་བྲིས་ཆར་སོར་བཞི། དེ་རྣམས་རང་རང་གི་ཞེང་ཚད་སུམ་འགྱུར་གྱིས་མཐའ་འཁོར་བ། དཔུང་རྩ་གསུས་པ་བརླ་བྱིན་པ་རྣམས་ལ་ཞི་བའི་སྐབས་ཀྱི་མཐའ་སྐོར་གྱི་ཚད་རྣམས་ལས་སུམ་ཆ་རེས་ལྷག་པས་སྦོམ་པར་བྱེད། ལྟེ་བའི་ཐད་ཁར་སོར་མོ་ཉི་ཤུ་བསྐོར་བས་དྲུག་ཅུ། ལྟེ་ཁུང་རྒྱ་དང་ཟབས་སུ་སོར་རེ། གསུས་པ་སྦོམ་ཞིང་འཕྱང་བ། མཚན་མའི་སྲིད་དུ་སོར་བཞི། འབྲས་བུ་འཕྱང་བ་སོར་བཞི། བརླའིརྩ་བའི་ཞེང་བྲིས་ཆར་སོར་བཅོ་ལྔ། དཔུས་མོའི་མཚམས་སུ་སོར་བཅུ། བྱིན་དབུས་སོར་བརྒྱད་དང་སོར་བཞི་ཆ་གསུམ། ལོང་བུའི་ཐད་ཀར་སོར་ལྔ་དང་སོར་གྱི་བཞི་ཆ་གཅིག་དེ་ཀུན་ཞེང་ཚད་སུམ་འགྱུར་གྱི་མཐའ་སྐོར་རོ། ། ཞབས་མགོ་རྟིང་པ་ནས་མཐེབ་རྩེ་བར་སོར་བཅུ་བཞི། བརྐྱང་བསྐུམ་གྱི་རྟིང་པ་གཉིས་ཀྱི་བར་དུ་ཐལ་མོ་གསུམ་པ། དབུ་སྐྲའི་དབུས་ན་རིན་པོ་ཆེའི་ཅོད་པཎ་སོར་དྲུག་པ། དབུ་སྐྲའི་སྟེང་དུ་རིགས་བདག་སོར་བཞི་བྱ་བ་ཡིན་ནོ། ། གནོད་སྦྱིན་ཁྲོས་པ་རྣམས་ཤ་ཉམས་གསུས་ཁྱིམ་ཆེ་བ་དང༌། སྲིན་པོ་ཁྲོས་པའི་ཉམས་ཅན་རྣམས་ཡན་ལག་སྦོམ་ལ་རགས་པ་དང་ཤ་རྒྱགས་པས་གྲིམ་པར་བྱ་ཞིང་སྤྱིར་རོལ་པའི་སྟབས་དང་གར་གྱི་ཉམས་དགུ་དང་ལྡན་པ། གསུས་པ་འཕྱང་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སོགས་འཇིགས་ལ་རྔམས་པར་བྱའོ། ། དེ་ལྟར་ཐུང་ཞིང་གསུས་པ་འཕྱང་བའི་ལྷ་ནི་ཐལ་མོ་བརྒྱད་པའོ་ཞེས་བཤད་པ་ལྟར། གསང་བདག་གཏུམ་ཆེན། རྡོ་
རྗེ་ཧཱུཾ་མཛད། ཕུར་པ། ཆེ་མཆོག་གཤེད་དམར། རྡོ་རྗེ་གཙུག་ཏོར། རྟ་མགྲིན་སོགས་ཁྲོ་བཅུ། གྲོ་ལོད། གུར་དྲགཆོས་རྒྱལ། བེག་རྩེ་གཤིན་རྗེ་གཤེད་སོགས་ཁྲོ་བོ་གང་ཞིག་གཤིན་རྗེ་དང་གནོད་སྦྱིན་དང་སྲིན་པོ་ཁྲོས་པའི་ཚུལ་ཅན་གྱི་ཁྲོ་བོ་ཕལ་ཆེར་བ་རྣམས་ཐིག་འདིའི་ཁོངས་ཡིན་ལ། གཤིན་རྗེ་དང༌། ཐག་བཟང་རིས་དང༌། དྲག་གཟའ་དང༌། མེ་ལྷ་སྲིན་པོ་སོགས་ཀྱང་དེ་བཞིན་ནོ། ། ཕྱག་རྡོར་ཞི་བ་སོགས་སྐེམ་ལ་མཛེས་ཤིང་རོལ་པའི་ཁྲོ་བོ་རྣམས་ནི་བྱང་ཆུབ་སེམས་དཔའི་ཚད་ལྟར་ཐལ་མོ་བཅུ་པ་དང་དབུ་སྐྲ་ཡང་ནག་པོར་བྱ་བར་གསུངས་སོ། ། འདིར་ཁྲོ་བོའི་འགྱིང་བག་དང་སྟངས་སྟབས་ཀྱི་ཐིག་འདེབས་ན་ཚངས་ཐིག་བཏབ་ནས་དེའི་གཡས་སུ་ཞལ་གང༌། ཞལ་ཕྱེད། ཞལ་ཕྱེད། ཞལ་གང་གི་གྱེན་ཐིག་བཞི་དང༌། གཡོན་དུ། ཞལ་ཕྱེད། ཞལ་ཕྱེད། ཞལ་གང༌། ཞལ་གང་གི་གྱེན་ཐིག་བཞི་བཏབ། སྲིད་དུ་འཕྲེད་ཐིག་ནི་ཚངས་ཐིག་གི་སྟེང་ནས་ཐུར་དུ། ཞལ་གང་དབུ་སྐྲ། མཐོ་གང་ཞལ་རས། སོར་བཞི་མགྲིན་པ། དེ་ནས་ཞལ་གང་ཐུགས་ཀཞལ་གང་ལྟེ་བ། ཞལ་གང་གསང་གནས། སོར་བཞི་པུས་མོ། ཞལ་གང་རྗེ་ངར། སོར་བཞི་ཞབས་དཔངས། ཞལ་གང་གདན་ཐིག་བཏབ་ལ། དེའི་སྟེང་ནས་འགྱིང་ཐིག་བཙལ་བ་ཉིད། མགྲིན་འོག་ཐུགས་ཀའི་གཡས་སུ་སྟོད་ཞེང་ཞལ་ཕྱེད་ཡོད་པ་དེའི་དབུས་ནས། འདིར་འགྱིང་ཐིག་སོགས་དང༌། ཕྱག་རྡོར་སྔགས་བདག་ཐིག་སླར་འཛུད། ཐིག་ཆེན་ལྔ་པ་མིའུ་ཐུང་གི་ཚད་ནི། ཞལ་ཐུགས་ལྟེ་གསང་བྱིན་པ་བཞི་ཞལ་
རེ། བརླ་ཞལ་གང་ཡིན་ཀྱང་ལྟོ་བར་གབ། སྐྲ་དཔངས་མགྲིན་པ། པུས་མོ་ཞབས་དཔངས་རྣམས་སོར་གསུམ་རེ་བསྡོམས་པའི་ཞལ་གང་སྟེ་སྤྱིར་ཞལ་ཚད་དྲུག་པ་ཡིན་ཀྱང༌། ལྟེ་བའི་མཐར་ཆུ་སོ་སོར་གསུམ་གྱིས་པུས་མོ་ཡན་ཆད་ཁྱབ་པར་ནོན་པས་བརླའི་ཞལ་གང་གབ་ནས་སྲིད་དུ་མཐོ་ལྔའོ། ། ཞེང་དུ་བྲང་ཕྱེད་ཞལ་གང༌། དཔུང་པ་ལག་ངར། ཕྱག་མགོའི་སྲིད་དུ་ཞལ་རེབྱས་པས། ཞལ་བརྒྱད་འབྱུང་བ་དང༌། སྦོམས་སུ་མགྲིན་ཞེང་སོར་བཅུ། དཔུང་རྩར་སོར་དགུའམ་བཅུ། བརླའི་རྩ་བར་སོར་བཅུ་དྲུག་གམ་བཅུ་བདུན་ཏེ། དེ་རྣམས་སུམ་འགྱུར་གྱི་རང་རང་གི་རྩ་བ་འཁོར་བའོ། ། གཞན་སྟོད་སྨད་རང་རང་གི་ཚད་ཀྱི་སུམ་འགྱུར་བསྐོར་བ་སྔར་ལྟར་རོ། ། ཐིག་ཁོངས་འདིར་གཏོགས་པ་གུར་མགོན་སོགས་ཡིན་ཏེ་མིའུ་ཐུང་གེལ་པའི་ཆ་བྱད་ཅན་ཞེས་གསུངས་པ་བཞིན་ནོ། ། གཞན་ཕྱག་དྲུགབིང་བེར་ནག་སོགས་ཀྱང༌། འདིར་གཏོགས་པར་བཞེད་པ་ཡོད། དེ་ལྟར་ཐིག་ཆེན་ལྔ་པོས་ཁོག་དབུབ་ནས་གཞན་དེས་མཚོན་པ་ཞར་བྱུང་དུ་བསྟན་པ་ལ། མགོན་པོ་ལེགས་ལྡན་སྲིན་པོ་ཁྲོས་པའི་ཆ་བྱད་ཅན་ནི། ཞལ་ཚད་བརྒྱད་དང་དྲུག་དང་ལྔ་དང་གསུམ་དུ་འདོད་པ་ཅི་རིགས་སྣང་ལ། ཁྲོ་བོ་གཤིན་རྗེ་གཤེད་སོགས་ཐལ་མོ་དགུ་པ་དང༌། བརྒྱད་པ་དང༌། དྲུག་པ་དང༌། ལྔར་བྱེད་པ་ཡང་ཡོད་ཅིང༌། རོ་ལངས་ནི་ཐལ་མོ་བཅུ་གཉིས་པ་སྟེ། མཐོ་གཉིས་ལྷག་པའི་སོར་ཉེར་བཞི་དེ་ཉིད། བཅུས་བགོས་པས་སོར་དོ་ནས་གསུམ་ནས་གཅིག་གི་
ལྔ་ཆ་རེ་ཐོབ་པ་དེ་མཐོ་བཅུ་སོ་སོར་བསྣན་པས་བཅུ་གཉིས་སུ་འགྱུར་ཞེས་བཤད། གོང་དུ་ལུས་ཚད་མཐོ་ཉུང་ངུ་སོང་བ་རྣམས་ཀྱི་ཡང༌། ཕྱག་ཞབས་ཀྱི་མཐིལ་དང༌། ཞལ་ཉིད་ལ་ནི་ཐུང་ངུ་སོང་བ་མེད། གཞན་དག་ལས་ཉུང་བའི་ཆས་དེ་ལྟར་འགྱུར་བའོ། ། གཞན་བརླ་སོགས་ཀྱི་ཚད་དམིགས་བསལ་མ་བཤད་པ་ལ་ནི་ནང་གི་ཆ་ཅི་རིགས་སུ་བགོ་བར་བྱའོ། ། བྱ་བ་ཀུན་ལས་བཏུས་པར། བ་ཊུ་དང་མིའུ་ཐུང་ཚོགས་བདག་རྣམས་ནི་མཐོ་ལྔ་པར་བྱའོ། ། དེ་ལ་ཞལ་མཐོ་གཅིགམགྲིན་པ་ནས་གསང་བའི་བར་མཐོ་གཉིས། གསང་བ་ནས་རྐང་མཐིལ་བར་མཐོ་གཉིས་དེ་ལྟར་བཤད་དོ། ། གཞན་ཡང་གཞུང་སོ་སོའི་ཚད་སྣ་ཚོགས་སུ་གསུངས་ཏེ། འབྱུང་པོ་འདུལ་བྱེད་མཐོ་གསུམ་པར་ཡང་བཤད། རོ་ལངས་བརྒྱད་བསྐོར་གྱི་ཁྲོ་བོ་ལྟ་བུ་མཐོ་བཅུ་གཅིག་པ། རལ་པ་ཐུགས་ལྟེ་གསང་བ་བརླ་རྣམས་ཞལ་ཚད་རེ་མགྲིན་པ་པུས་མོ་ཞབས་དཔངས་སོར་བཞི་རེ། རྗེ་ངར་གདན་བཅས་ཞལ་དོ་རེའོ། ། གཞན་ཡང་སྨན་ཐང་པས་ཤིན་ཏུ་ཁྲོས་ན་གདོང་པ་དྲུག་ཅེས་བཤད་པ་ལ་འགའ་ཞིག་དགག་པ་བྱེད་ཀྱང༌། ཐིག་དངོས་ཤིན་ཏུ་ལེགས་ཤིང་དེལྟར་སྲིད་པ་ལ་འགལ་བ་མེད་པར་མངོན་ནོ། ། ཡང་ཤིན་ཏུ་ཁྲོས་པ་ཞལ་ཚད་གསུམ་པ་ནི། ཞལ་ཁྱིམ་མཐོ་གང༌། དེ་ནས་ཞབས་དཔངས་ཡན་མཐོ་དོ་སྟེ་སྲིད་དུ་མཐོ་གསུམ། ཚངས་ཐིག་གཡས་གཡོན་དུ་སོར་མོ་དྲུག་པ་གསུམ་བཏབ་པས་བྲང་ཞེང་དཔུང་པ་ཕྱག་ངར་གྱི་ཚད་དེ། སྲིད་ཞེང་གི་ཚད་རྣམས་
ཁྲོ་བོ་གཞན་ལས་ཐུང་ཞིང་སྦོམ་པར་གསུངས་ལ། བྱིན་པའི་ཕྱེད་ཙམ་གསུས་པས་ནོན་པ། ཕྱག་ཞབས་ཀྱི་སྲིད་དུ་མཐོ་རེ། དབུ་སྐྲ་གྱེན་བརྫེས་ཀྱི་དཔུང་མཐོ་གང༌། རོ་གདན་སོར་བརྒྱད་དང་དྲུག་གང་འོས། ཉི་གདན་པདྨའི་དཔངས་སོར་བརྒྱད་ཙམ་མམ། མཐོ་རེ་བྱས་ཀྱང་མི་འགལ་བས་གང་མཛེས་དང༌། མི་སྡུག་པར་གར་དགུའི་ཉམས་ལྡན་བྱའོ། ། གཞན་ཡང་ཤིན་ཏུ་ཁྲོས་ན་ལུས་ཕྱེད་དབུ། དབུ་ཕྱེད་ཞལ་ཚད་དུ་གྲགས་པ་ཡོད། སངས་རྒྱས་སུམ་ཅུ་རྩ་གསུམ་དུ་བཞུགས་དུས་ཤཱ་རིའི་བུས་ཞུས་པའི་སྐུ་གཟུགས་ཀྱི་ཆ་ཚད་སྟོན་པའི་མདོ་ཡི་དོན་བསྡུས་པའི་བསྟན་བཅོས་ཚད་ལྡན་དེའི་ལུགས་ཀྱིས་ཆ་ཚད་བྱས་ཀྱང་འགལ་བ་མེད་དེ་རྒྱུད་སྡེ་ནས་གསུངས་པའི་ཆ་ཚད་ལས་ཅུང་ཟད་འདྲ་མིན་བྱུང་བ་གང་གི་ལུགས་ལྟར་བྱས་ཀྱང་མི་འགལ་བ་བཞིན་ནོ་ཞེས་སྔ་མ་དག་གིས་གསུངས། ཞར་བྱུང་མི་རྣམས་ཀྱི་ཚད་ནི་སྲིད་དཔངས་མཐོ་ཕྱེད་བདུན་པ་ལྟར་ན། གདོང་པ་མཐོ་གང༌། མགྲིན་པ་སོར་གསུམ། དེ་ནས་གསང་བའི་མཐའ་བར་མཐོ་གཉིས་དང་སོར་གསུམ་སྟེ་དོན་ལ་སོར་ཉེར་བདུན་པ། དཔྱི་སོར་བཞི། བརླ་དང་བྱིན་པ་སོར་བཅོ་ལྔ། པུས་མོ་དང་རྟིང་པའི་དཔངས་སོར་བཞི་རེ་སྟེ། སྲིད་ཚད་མཐོ་བདུན་པ། ཞེང་དུ་བྲང་ཕྱེད་སོར་བཅུ། དཔུང་པ་བཅུ་བཞི། ལག་དང་ལག་མགོ་སོར་བཅུ་གཉིས་རེ་སྟེ། ཞེང་དུ་མཐོ་བརྒྱད་པ་སྟེ་ཆུ་ཞེང་མི་སྙོམ་པའོ། ། ལུགས་འགའ་ཞིག་ཏུ་མི་གཟུགས་ངན་རྣམས་ལ་སྲིད་དུ་རང་ཁྲུ་ཕྱེད་
བཞིར་བཤད་པ་འདིས་དཔེར་མཚོན་ནས་མི་རྣམས་ནི་མཚན་ཉིད་དང་མིལྡན་པས་ཆུ་ཞེང་མི་མཉམ་པ་དང༌། སྦོམ་ཕྲ་རིང་ཐུང་སོགས་ངེས་མེད་འབྱུང་བ་ཤེས་པར་བྱ་སྟེ། ཡང་གདོང་ལ་མཐོ་གང༌། མགྲིན་པ་སོར་གསུམ། མགྲིན་འོག་ནས་གསང་བའི་བར་སོར་སུམ་ཅུ། བརླ་དང་བྱིན་པ་བཅུ་བདུན། པུས་མོ་དང་རྟིང་པ་སོར་གསུམ་རེ་སྟེ། སོར་གཅིག་ལྷག་འདུག་དཔྱད། སོར་གྱ་བཞིཁྲུ་བདུན་པ་སྲིད་ཚད་དང༌། ཞེང་དུ་བྲང་ཕྱེད་ནས་དཔུང་པའི་མཐར་ཐུག་པར་སོར་ཉེར་བཞི། ཉེ་བའི་དཔུང་པ་ནས་གུང་མོའི་རྩེ་བར་ཉེར་བཞི་སྟེ་སོར་གོ་དྲུག་མཐོ་བརྒྱད་པའོ། ། ཡང་མི་རྣམས་ལ་ཆུ་ཞེང་གབ་པའི་ཚད་ཀྱང་ཡོད་དེ། སྐྲ་དཔངས་སོར་བཞི། གདོང་མཐོ་གང༌། མགྲིན་པ་སོར་དོ། སོར་དོ་བྱས་འདུག་པ་གཡའ་སེལ་ལས། དཔྱད། སྙིང་སྟེ་གསང་བ་གསུམ་མཐོ་རེ། བརླ་དང་རྗེ་ངར་མཐོ་ཕྱེད་དོ་རེ། པུས་མོ་དང་རྐང་ཞབས་སོར་གསུམ་རེ། དཔྱི་ནི་བརླའི་ཁོངས་སུ་བརྩིས་པའོ། ། དེ་ལྟར་སྲིད་དུ་སོར་གོ་བདུན་མཐོ་བརྒྱད་པ་བྱས་ན་ཁྲུ་བཞིར་ཆུ་ཞེང་མཉམ་པ། འཛམ་གླིང་རང་ལུས་གྲུ་བཞི་འདོམ་གང་དུ་གྲགས་པའོ། ། གླིང་འདིའི་མིའི་རྟེན་ཅན་གྱི་ཉན་རང་རྣམས་ཀྱང་མིའི་ཚད་བཞིན་ནོ། ། རང་རྒྱལ་ལ་ནོར་ཏོག་གི་རྒྱན་དང་ཕྲལ་བའི་གཙུག་ཏོར་ཅུང་ཟད་ལྷག་པའི་ཕྱོགས་སུ་ཉེ་བ་ཡོད་པའོ། ། ཚད་ནི་མི་རྣམས་བཞིན་ནོ། ། སྙམ། གླིང་གཞན་གྱི་མིའི་རྟེན་ཅན་གྱི་ཉན་རང་རྣམས་ཀྱང་སོ་སོའི་གླིང་དེའི་ལུས་ཚད་དུ་བྱའོ། ། རང་སེམས་
ལྷན་སྐྱེས་འོད་གསལ་ངོ་སྤྲོད་པ་སོགས་རྡོ་རྗེ་ཐེག་པ་སྟོན་པའི་མིའི་རྟེན་ཅན་གྱི་བླ་མ་རྣམས་ཀྱི་སྐུ་ཚད་སངས་རྒྱས་ལྟར་བྱ་ཞེས་སྔོན་འབྲི་གུང་སྐྱོབ་པ། གྱི་དམ་པ་དག་གསུངས་སོ། ། སྐུ་གཟུགས་དེ་དག་བཞེངས་བཞུགས་སོགས་ཀྱི་དབང་གིས་ཁྱད་པར་དུ་མར་གྱུར་ཏེ། སྐུ་གཟུགས་ཐིག་རྩ་འདི་ད་དུང་མཇུག་རྩོམ་རྒྱུ་མ་གྲུབ་པ་དང༌། གྲུབ་ཟིན་ཀྱང་ནོར་ཡོད་མེད་ཞིབ་ཆ་མ་གྲུབ། མ་དཔེ་དང་ཡང་ཕྱོགས་བསྡུར་མ་གྲུབ་ལ། མིག་བལྟས་ཙམ་གྱིས་བཅོས་ཀྱང་ཡི་གེ་མ་དག་ པ་མང་བས་ཞིབ་དཔྱད་དགོས ་ཞེས་མི་ཕམ་པས་སོ། །