༄༅། །ཤོག་དྲིལ་སྐོར་གསུམ་ལས་ངོས་འཛིན་མན་ངག་གསེར་གྱི་ལྡེའུ་མིག་ཅེས་བྱ་བ་བཞུགས།
རྗེ་གཡུ་ཐོག་པ་ཆེན་པོས་མཛད་པའི་ངོས་འཛིན་མན་ངག་གསེར་གྱི་ལྡེའུ་མིག་གི་དོན་མདོར་བསྡུས་པ། མ་ཧཱ་གུ་ཎ་ནཱ་ཐཱ་ཡ། རྗེ་ཉིད་ཀྱི་གསུང་ལས། རྒྱལ་སྲས་རྒྱན་མཛེས་ཡིད་འོང་གཞོན་ནུའི་གཟུགས། །ཚངས་དབྱངས་གསུང་གིས་ཆོས་སྒྲ་སྒྲོགས་པ་པོ། །འགྱུར་མེད་དོན་གྱིས་སེམས་ཅན་འདྲེན་མཛད་པ། །ཡི་དམ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རླུང་གི་ནད་ལ་རྩ་ཆུ་ཕྱི་ཡུལ་གསུམ། །ཞེས་གསུངས་ཏེ། ནད་ཀུན་ལ་རྩ་དང་ཆུ་དང་ཕྱི་ཡུལ་གྱི་རྟགས་གསུམ་རེས་བསྟན་ཅིང་གཞུང་ཚིགས་བཅད་དུ་བཞུགས་པ་འདིར་འཇུག་པ་བདེ་ཕྱིར་སྙིང་པོར་དྲིལ་ན། རླུང་གི་རྩ་ནི་རྐྱལ་སྟོང་འཆོལ་ལ་རྒོད། མནན་ན་མི་བཟོད་གཏིང་ན་འབོལ། ཡུན་དུ་མནན་ན་མྱུར་དུ་འཕར་མི་ནུས། དབུགས་བཞིན་འཕར་ཡང་གྲངས་ལ་ཡོངས་མི་སྡོད། དཔེ་ནི་གླ་རྒྱུན་སྒྲིལ་མ་མནན་པ་འདྲ། ཐོར་བུའི་ང་རྩ་དྲག་སྟོང་འཆོལ་ལ་རྒོད། ཐོག་བབ་ང་རྩ་གར་མཁན་ལག་པ་འདྲ། རླུང་ཆུ་དཀར་ཞིང་ཀུ་ཡ་མེད། གཏིང་དཀར་ངས་མེད་དབུ་བ་སངས་སྐྱེན། གར་བླུག་སའི་སྣོད་ཀྱི་མདོག་ཏུ་འགྱུར། དཔེ་སྤྱི་བཞུར་ཁུ་བ་སླ་མོ་ལྟར་སྔོ། རྩ་ཆུ་གཉིས་ཀ་ང་དུ་མཐུན་པ་ང་ནད་དོ། །
རླུང་གི་ཕྱི་ཡུལ་ནི་ང་གསང་རྣམས་སུ་གཟེར། གྲང་ཤུམ་བྱེད། སྦྲིད་པ་མང༌། བ་སྤུ་ལོག་མགོ་འཁོར། ཁ་སྐྱུར་ཞིང་ཆུ་སྐྱུར་འཐོར། སྒྱིད་སྐྱུར་མགོ་སྤུ་གཙེ། མིག་མཐིལ་ན། སོ་རྩ་གཙེ། ཡང་ཡང་ཚིགས་བཞི་ན། དེ་ལྟར་ང་རྟགས་ཐམས་ཅད་ཚང་ན་ཛཱ་ཏི་སོགས་ཀྱི་ཐང་གིས་བསྡུ་བའམ། བསྐུ་མཉེའི་སྦྱོར་སྡེ་བྱའོ། །རླུང་ཕྲན་ཕལ་པ་རང་གར་བཞག་ཀྱང་ཆོག་མཁྲིས་ནད་རྩ་ནི་མཁྲངས་རྒྱས་འབུར་ལ་དྲག་རྒོད་ཅིང་འཕྲིག་ལ་འགྱུར་བར་དཀའ། སྟེང་ན་འབོལ་ལ་འོག་ན་གྲིམ་ཆུང་བྱེད། སྔ་འཐེན་ཕྱི་འཐེན་ཞར་ལ་འདྲིལ། མཁྲིས་ཆུ་རླངས་ཆེ་གཏིང་སེར་ཀུ་ཡ་ཆུང་ལ་ཡང༌།འོག་ཏུ་མི་འགྲོ་སྟེང་དུ་འོང༌། སྟེང་ན་སྤྲིས་མ་སྐྱ་འོད་ཆགས། སྣོད་ཀྱི་ཐ་མར་ཅུང་ཞིག་སྐྱ། དབུ་བ་སངས་སྐྱེན་སེར་གོར་སྣ་ཚོགས་བྱེད། འཁྱགས་པའི་དུས་སུ་འབྲི་མར་བཞུས་པ་ལྟ་བུའོ། །དེ་ལ་མེ་འོད་ལྟ་བུ་བྱུང་ན་མཁྲིས་ཁ་ཤོར། སྤྲིས་མ་སྔོ་ལྗང་བྱུང་ན་མཁྲིས་པ་འཁྲུགས་པ་ཡིན། ཀོ་ལེར་རླངས་པ་འཁོར་ན་གྲང་མཁྲིས་ཡིན། རླངས་པ་ཐལ་གྱིས་འཐུལ་ན་ཚ་མཁྲིས་ཡིན། མཁྲིས་པའི་ཕྱི་ཡུལ་ནི། མིག་ལ་བབ་ན་འུག་པའི་མིག་ལྟར་སེར། ལྕེ་སེར་མཆུ་ཡང་རིམ་བཞིན་སེར། སྐབས་སུ་མགོ་ན་སྟོང་གླལ་སྒྱིད་པ་སྐྱུར། ལས་བྱས་འཁྲུགས་ན་ན་ཞིང་དལ་ན་བདེ། ཁ་ཁ་བ་དང་སྐོམ་དད་ཆེ་ཆུང་གིས་གསར་དང་རྙིང་པའི་ཁྱད་པར་ཤེས་པར་བྱ། མཆིལ་མ་དཀར་ན་ལོ་རུ་རྙིང་པའི་རྟགས། །མཁྲིས་རྩ་སེན་མོ་སེར་ན་མཁྲིས་བྱེར་ཡིན། །མགོ་ལུས་ཁྱབ་པར་སེར་ན་ཚ་འགྲམས་ཡིན། །དང་ག་ཐམས་ཅད་འགགས་ན་ཁ་
ཤོར་ཡིན། །མགོ་སྤུ་སེར་ན་རུས་ལ་བབ་པ་ཡིན། །སྙིང་མི་དགའ་ཞིང་རྨི་ལམ་སྣ་ཚོགས་འོང༌། །མཁྲིས་པ་མིག་སེར་ཙམ་ནི་སྤྱོད་ལམ་དང་ཟས་ཀྱིས་འཚོ། །ཤ་སེར་དཔྱིད་དང་དགུན་དུས་བདེ་སྙམ་བྱེད་ཅིང་དབྱར་དང་སྟོན་དུས་སུ་ན། ཁ་ཤོར་དང་ག་འགགས་པ་དང་ལུས་སྐམ་སྟེ་སེར་པོར་འགྲོ ། རྟགས་དེ་རྣམས་ཕལ་ཆེར་ཚང་ན་མཁྲིས་པ་ཡིན། དེ་ལ་ཟས་བསིལ་བཅུད་ཡང་ལ་དྭངས་པ་བཏང༌། སྤྱོད་ལམ་དལ་བསིལ་སྙོམ་པ་བསྟེན། སྨན་ཁ་བ་དང་བསྐ་བས་མཁྲིས་པ་སེལ་ཞེས། ཙ་ར་ཀ་དང་ཀླུ་སྒྲུབ་སྙིང་པོས་གསུངས། བད་ཀན་ནད་ཀྱི་རྩ་ནི་དལ་གཡུང་བྱིང་གུད་ཅན་ལ། སྐབས་སུ་ཕོ་མོ་མ་ནིང་གི་རྩ་ལྟར་འོང༌། རེས་འགའ་བདེ་སྙམ་རྩ་མགོ་དང་རྩ་གཞུག་ཞར། ཁྱད་པར་དུ་མི་ནོར་བའི་རྟགས་པ། བད་ཀན་སྐྱ་བོ་དལ་ལ་གཏིང་ན་ལྷོད། ཡང་ན་བྱིང་ཞིང་གུད་ལ་དལ། བད་ཀན་སེར་པོ་ཁ་འབོལ་གཏིང་ན་མཁྲང༌། སྨུག་པོའི་རྩ་ནི་གྱོང་ལ་ཐུང་བ་འོང༌། ཁྲག་རྩ་བཞིན་དུ་མཁྲང་ཞིང་སྐབས་སུ་མ་ངེས་སྣ་ཚོགས་འོང༌། བད་མཁྲིས་འདྲེས་ན་ཚ་གྲང་གོ་བཟློག་གི་རྩ་ཡང་འབྱུང༌། གདོན་ལས་གྱུར་པ་བྱིང་རྒོད་གཉིས་ལྡན་དུ་འབྱུང་ངོ༌། །བད་ཀན་ཆུ་ནི་མཆིན་ཆུ་གུར་གུམ་མདོག་སྣ་ཚོགས་འཁྲུགས་པ་འདམ་ཁུ་དུད་ཁུ་འདྲ། གཏིང་དུ་ཀུ་ཡ་མེད་པར་བསིལ་བ་དང་སླ་བ་སྤྱི་ཡི་རྟགས་སོ། །ཁྱད་པར་གྱི་རྟགས་བད་ཀན་སྐྱ་བོའི་རྩ་ནི་བྱིང་གུད་དལ་ལ་རབ་ཏུ་འདེགས། སེར་པོ་དེ་ལས་ཅུང་ཞིག་མཁྲང༌། སྨུག་པོར་གྱོང་ལ་ཐུང་བའི་རྩ་འོང༌། གདོན་ལས་གྱུར་པ་བྱིང་རྒོད་གཉིས་ལྡན་དུ་འབྱུང་ངོ༌། །བད་ཀན་དེ་རྣམས་ལ་ཆུ་འཁྲུགས་ནས་ལྡན་ཆུའམ་མངལ་ཆུ་ལ་ཁྲག་རིས་དང༌། རྟ་བོང་གི་ཆུ་དང་འདྲ་བར་དཀར་བ་དང༌། ཚིག་ཁུ་འདྲ་ཞིང་དམར་བ་དང་རྙོགས་མ་མང་ལ་ཁུ་རྩིགས་ཆགས་པ་དང༌། ལོང་ཆུ་དང་མཁྲིས་ཆུ་ལྟ་བུའི་སྦུ་བ་ཆགས་པ་འབྱུང་ངོ༌། །བད་ཀན་གྱི་ཕྱི་ཡུལ་ནི་མ་ཞུ་བ་ལས་སྐྱེས་པའི་ཕྱིར་དང་ག་མི་བདེ་སྔ་དྲོ་ཟས་ལེན་པར་མི་འདོད། ཉལ་སྙིང་འདོད་སྐྱུར་ལ་རབ་ཏུ་དགའ། ཤ་མར་དང་ཕྱེ་རྙིང་པས་གནོད་ཅིང་སློང༌། གཤེར་པའི་ཟས་ཀྱིས་ཀྱང་སློང༌། ལུས་ཉམས་ཆུང་བ་དེ་རྣམས་བད་ཀན་སྐྱ་བོའི་མཚན་ཉིད་དོ། །ཡར་སྐྱུག་མར་བཤལ་ཟས་མི་ལེན། ཚིག་པ་ཟ། ཡུན་རིང་དུ་ལབ་མི་འདོད། མགོ་འཁོར་ཞིང་མྱོས་པ་དང་རྨི་ལམ་སྣ་ཚོགས་མང་བ་བད་ཀན་སེར་པོའོ། །ཤ་དང་ཇ་དང་ལྕི་བའི་ཟས་ཀྱིས་སློང༌། འཁྱག་དང་བང་དང་ཆང་སྐྱུར་དང་གྲོས་གནོད། ལུས་སྐམ། གཉིད་ལ་རེས་འཇོག་བྱེད། སོ་གཙེ། དོན་སྣོད་རྣམས་སྐབས་སུ་གཟེར། སྙིང་མི་དགའ་ཁ་ནས་ཆུ་མང་འཛག་པ་རྣམས་ཚང་ན་བད་ཀན་སྨུག་པོའོ། །ཆང་གིས་རྐྱེན་བྱས་ཁྲག་རྣམས་ཡར་སྐྱུགས་པ་དང༌། འགྲུལ་གྱིས་རྐྱེན་བྱས་ཁྲག་ཐུར་དུ་འབྱམས་པ་དེ་ནི་བད་སྨུག་ནག་པོ་བྱ་བ་ཡིན། མིག་སྐྱ་ཟས་ཡི་གར་འདོད་ཀྱང་ཟོས་ན་སྐྱུགས་ཕོ་བ་ལ་དྲེག་པ་ནག་པོ་ཆགས་པ་དང༌། རྐང་ལག་ཀུན་སྐམ་པ་དང༌། བློ་ཆུང་འགའ་ཙམ་འབུད། མིད་པ་འཆུས་པ་རྣམས་བད་ཀན་འཁྲེན་པའི་རྟགས་ཡིན་ནོ། །བད་སྐྱ་སྤྱོད་ལམ་དང་ཟས་ཀྱིས་བཅོས།
བད་ཀན་སེར་པོ་སྨན་གྱིས་བཅོས། སྨུག་པོ་ཕྱེད་ཤི་ཕྱེད་སོས་ཏེ། དམུ་རྡོ་སྨུག་པོ་ཕལ་ཆེར་ཤི་བ་མང་ངོ༌། །དེ་ལྟར་རྩ་བ་ཉེས་པ་གསུམ་གྱི་རྟགས་བཤད་ནས་ནད་སྣ་ཚོགས་སོ་སོའི་རྟགས་ལ། རིམས་ཀྱི་རྩ་ནི་མ་ངེས་པ་འདི་ལྟར། རེས་འགའ་དར་ལྕེ་བཞིན་དུ་སྦྱར། །ངེས་མེད་སྡོད་ཆུང་འཐེན་ཆུང་བྱེད། །ཆེ་ཆུང་རིང་ཐུང་སྣ་ཚོགས་བྱེད། །ཚ་བའི་རྟ་ལ་གྲང་བ་ཞོན་པ་དང༌། །གྲང་བའི་རྟ་ལ་ཚ་བ་ཞོན་པ་གཉིས། །ཉིས་ལེན་རེས་འཇོག་སྣ་ཚོགས་ཚུལ་དུ་སྟོན། །ངེས་བཟུང་མེད་ལ་ཡང་ཡང་གདོན་གྱིས་བསྐྱོད། །རིམས་རྙིངས་པ་དེ་ཚད་པའི་རྩ་རུ་སྟོན། །རིམས་བྱེར་བ་དེ་ང་དང་ནོར་ར་རེ། །མི་ནོར་རྟགས་སུ་རིམས་རྩ་ཆུང་ལ་ཐུང༌། །རིམས་སྨིན་པ་དེ་ཚ་བ་གསར་པ་འདྲ། །རིམས་ཀྱི་ཆུ་ནི་འཁྲུགས་ལ་ངས་པ་ཆེ། །དྲི་མ་མི་ཞིམ་དྭངས་ཞིང་གཏིང་ན་འཁྲུགས། །རིམས་རྙིང་པ་ནི་རྟ་བོང་ཆུ་དང་འདྲ། །རིམས་འཁྲུགས་པ་ནི་དམར་ནག་འཇའ་ཚོན་ཁ། །རྒྱུ་མར་བབ་ན་ནག་པོ་སོལ་ཁུ་འདྲ། །ལོང་ལ་བབ་ན་ལོང་ཆུ་དམར་འོད་ཆགས། །དོན་ལ་བབ་ན་སྣ་ཚོགས་མདོག་ཚུལ་སྟོན། །རིམས་ཀྱི་ཕྱི་ཡུལ་སྲོ་མ་རཱ་ཙ་ལས། །ཉིན་གཅིག་པ་ནས་བདུན་པའི་བར་དང༌། རྟགས་པའི་རིམས་དང༌། ལྡང་དུབ་ཅན་དང༌། བད་ཀན་དང༌།མཁྲིས་རིམས་ཞེས་གསུངས་ཞིང༌། རིམ་གྱིས་འཇུག་རིམ་གྱིས་སྨིན། རིམ་གྱིས་འགོ་བའི་ཕྱིར་རིམས་ཞེས་བྱའོ། །དེ་ཡང་མགོ་འཁོར་ཁ་མངལ་སྒྱིད་སྐྱུར་གྲང་ཤུམ་བྱེད། ཚིགས་བཞི་བྱེ་བ་ལྟར་སྙམ་མེ་དང་ཉི་མར་མོས། མཇིང་པ་བསྒྱུར་དཀའ་མིག་མཐིལ་ན་བ་དང༌། སོ་གཙེ་སྐྱུར་དང་ཤ་ལ་འདོད་པའོ། །རིམས་ཀྱི་རིགས་ལ་དྭངས་ལ་ཡང་བ་བཏང༌། །མངར་དང་སྐྱུར་བ་དཀར་དམར་བཅུད་ཅན་སྤང༌། །རིམས་སྨན་སྤྱི་བཞུར་ཏིག་ཏ་བ་ལེ་ཀ ། སྲོ་ལོ་སྤང་རྒྱན་འབྲས་བུ་གསུམ་བཏང་འཚོ། །སྤྱོད་ལམ་སོས་དལ་ཡིད་འོང་བསིལ་བར་བྱ། །མེ་ཉིར་བསྲོ་དང་ཉིན་གཉིད་སྤང་བར་བྱ། །ཚད་པ་གསར་པའིརྩ་ནི་རིམས་ལས་ཅུང་ཞིག་མྱུར། །གྲིམ་འབུར་མཁྲང་རྒྱས་རྒོད་ལ་གཏིང་དུ་འཆོལ། །ཚད་པ་ཆེ་བའི་སྟོབས་ཀྱིས་མེ་ལྟར་འབར། །མི་ནོར་རྟགས་སུ་རླུང་ལས་དྲག་ཤུགས་ཆེ། །ཚད་པའི་ཆུ་ནི་དམར་ལ་འཁྲུགས། །ལྦུ་བ་སྔོ་དམར་ཁ་འཇའ་ཆགས། །རླངས་ཆེ་འཁྲུག་ཅིང་འཁྱག་དུས་ལྡོག །རླུང་ཚད་འོ་མ་ཁྲག་ཚད་རྟ་བོང་ཆུ། །བད་མཁྲིས་གཉིས་ནི་སེར་པོ་གུར་གུམ་མདོག །དེ་ལྟར་ལོག་ན་བསྐྱར་ལ་ཁོལ་གྲང་བྱ། །སྔར་དང་མཐུན་ན་སོ་སོའི་སྨན་དཔྱད་བྱ། །ཚད་པའི་ཕྱི་ཡུལ་གྲང་ཤུམ་བ་སྤུ་གཙེ། །ཁ་ཁ་སྐོམ་དད་ཆེ་ཞིང་གུང་གཉིས་ན། །གློ་མཆིན་དོན་ལ་གཟེར་བ་སྙམ་དུ་བྱེད། །ཉིན་གཉིད་མཚན་གཡེལ་ཅི་ཟོས་ཁ་བའོ། །དེ་ལ་ཁ་ཟས་བཅུད་སྤངས་ཉིན་གཉིད་སྲུང༌། །སྒོ་གསུམ་དལ་དང་བསིལ་སར་བསྡད། །སྨན་ནི་ཤོག་དྲིལ་བཞིན་དུ་བྱ། །གཟེར་གྱི་རིགས་ལ་གཟེར་རྩ་ཙམ་ནི་དྲག་ལ་རྒོད། །ལེགས་པར་བརྟགས་ན་ཚད་པ་གསར་པ་འདྲ། །དུམ་ཆད་བྱེད་ཅིང་འཕྲལ་གྱིས་བསླད་པར་བྱེད། །སོ་སོ་མི་ནོར་རྟགས་སུ་འདི་ལྟར་འདོད། །རླུང་གཟེར་རྩ་ནི་སྟོང་ལ་ཡུན་གཅིག་
འཕྲིག་ལ་རིམས་དང་མཐུན་ཆ་ཆེ། གཉན་གཟེར་རྩ་ནི་ཐུང་ལ་རིང་སྡོད་བྱེད་ཅིང་རྒྱུན་དུ་འཐེན་འཕྲིག་ཆུང་ངུ་བྱེད། མཁྲིས་པ་དང་ནི་ཁྲག་གཟེར་གཉིས་ནི་གཉན་པས་ཅུང་ཟད་མཁྲང༌། མནན་ན་མཁྲང་ལ་འབུར་རྒྱས་གྲིམས་པའོ། །བད་ཀན་ལྷེན་གཟེར་རྩ་རྒྱུད་ཅུང་ཟད་རིང༌། སྐབས་སུ་འཕྲིག་ཆུང་བྱེད་ཅིང་འཐེན་པས་གསལ། །སྨན་པ་བླུན་པོས་འདི་ལ་གདོན་རྩར་འདོགས། །ལེགས་པར་བརྟགས་ན་གཞན་བས་རྩ་སྣ་ཐུང༌། །ངོ་བོ་གཟེར་ཡིན་འདི་ལ་རྩ་དྲག་ཕྱིར། །དྲག་པ་ཐམས་ཅད་གཟེར་གྱི་རྩ་རྒྱུད་དཔྱོད། །ཆུ་ནི་དཔེ་མི་འདུག་ཆད་དམ་མེད་པ་དཔྱོད། གཟེར་གྱི་ཕྱི་ཡུལ་ཞག་གསུམ་ལྔའི་གོང་ནས། མགོ་འཁོར་དང་ག་འགགས་ལ་རྨི་ལམ་སྤུན་འཚུབ་འདྲ་ལུས་ཀྱི་ཡན་ལག་ཉྭ་རེངས་གྲང་ཤུམ་བྱེད། །སྤྲོ་ཐུང་ཁ་བསླ་ལུས་ལ་ཀོ་ཙེར་གཟེར། །མགོ་ལུས་ཐམས་ཅད་བརྟགས་ན་མཆོད་རྟེན་རིས། །དེ་རྣམས་གཟེར་སྤྱིའི་རྟགས་ཡིན་ནོ། །བྱེ་བྲག་རླུང་གཟེར་ང་གསང་རྣམས་སུ་གཟེར་ཞིང་ང་རྟགས་འོང༌། །ཚ་གཟེར་ཁྲག་ཡིན་སྐོམ་དད་མེ་ལྟར་འབར། །མིག་རྩ་དམར་ལ་ལྕེ་རྩེ་ར་ལུག་འདྲ། །ལྕེ་གཞུང་སེར་ལ་ཁ་སོར་དྲེག་པ་ཆགས། །ལུས་ཀྱི་རྩ་རྣམས་གྲང་ཤུམ་ཚུལ་དུ་གང་སྟོང་ཆེ། །གཉན་གཟེར་ཤ་ལ་རྒྱུག་ཅིང་ཡང་ཡང་གཟེར་ལ་མངར་སྐྱུར་ཟས་ཀྱིས་སློང༌། །གྲང་ཤུམ་བྱེད་ཅིང་སྔངས་སྐྲག་དྲག་པོ་བྱེད་ཅིང་ཁ་སོ་ན་བ་དང༌། །རླུང་བཞིན་གཟེར་ཀྱང་ལེགས་པར་བརྟགས་ན་ང་ལྟར་གཟེར་མི་འཕོ། །ངོ་བོ་གདོན་ཡིན་འགྲུལ་དང་ཟས་ཀྱིས་སློང༌། །བད་ཀན་
ལྷེན་གཟེར་མཆིན་པའི་སྟེང་དུ་གཟེར། །དལ་དང་རྔུལ་གྲང་ས་ན་ཉལ་བས་ན། །ཤ་རུལ་ཆང་རུལ་ཡུངས་མ་གྲོ་ཡིས་གནོད། །བར་སྐབས་དག་ཏུ་སྲིན་གཟེར་བཞིན་དུ་ན་ཞིང་རྒྱུ་མར་བབ་ན་སྐྱུག་བཤལ་འོང༌། །ལོང་བབ་ལོང་ཆུ་གྱེན་དུ་སྐྱུགས། །ཕོ་བར་བབ་ན་ཟས་ལ་འཁྲེན། །དོན་བབ་ན་ལུགས་དོན་དང་མཐུན། །སྲིན་གཟེར་རྩ་ནི་རེས་སྡོད་རེས་འཐེན་བྱེད། །ན་ལུགས་བཞིན་དུ་རྩ་ཡང་ངོ་མི་རྟག །འགྱུར་ལྡོག་བྱེད་པས་སྲིན་རྩར་གསལ། །སྲིན་ཆུ་མཚལ་དང་བཙོད་ཁུ་འདྲ། །དམར་ལ་མེ་འོད་ཆགས་ཤིང་དྭངས་བ་སྐྱེན། །སྲིན་གཟེར་ཕྱི་ཡུལ་ཕོ་བ་སྐམ་འདྲིལ་བྱེད། །ལྡང་དུབ་མནན་པས་མི་ནོན་དུབ་ཀྱིས་འགྲུལ་ཀྱང་དཔྱད། གནོད། །ལུས་ཀྱི་དྲོད་བཟློག་ཁ་མིག་ཐམས་ཅད་གཟེར། །ཤ་རུས་རྩ་རྒྱུས་རྣམས་ལ་གྲངས་མི་ནུས། །དེ་ལ་དབྱེ་ན་ཚ་སྲིན་གྲང་སྲིན་གཉིས། །ཚ་སྲིན་རྩ་ལ་རྒྱུག་ཅིང་ཚད་རྟགས་ཚང༌། །གྲང་སྲིན་གྲང་ལ་བཞུར་ཞིང་གྲང་རྟགས་སྟོན། །ཚ་སྲིན་དམར་ལ་གྲང་སྲིན་སྔོ་ལ་དྭངས། །སྙོལ་དང་སློང་བ་སྲིན་གྱི་ཉམས་ལྟས་ཏེ། །གསོ་བཤལ་གཉིས་ཀྱིས་སྲིན་གྱིགྲོང་ཁྱེར་འཇོམས། །ཡ་མའི་ནད་ཀྱི་རྩ་ནི་དལ་འཇམ་འཁྱོགས་དང་ཁ་མཁྲང་གཏིང་ན་འབོལ། །འཇོག་མནན་བྱས་ན་ལན་རེ་སྔོ་མི་བཏུབ། །དཀར་པོ་ང་ལ་ང་རྟགས་རྩ་རུ་སྟོན། །ནག་པོ་ཅུང་ཞིག་མཁྲང་ཞིང་ཐུང་ལ་མཁྲེག །དེ་ལས་འགྱུར་བར་དཀར་ན་ཆུ་སེར་ཡིན། །ཆུ་ནི་ཀུ་ཡ་ནག་ལ་སྔ་ཕྱི་རིམ་གྱིས་འོད་མདངས་འགྱུར། །ཡ་མའི་ཁྲག་གི་ཡ་མ་འདྲ། ཆུ་ནི་ཚད་པའི་ཆུ་དང་
མཚུངས། །གཉན་གྱི་ཡ་མའི། ཆུ་ནི་ངོས་བཟུང་མེད་པར་འགྱུར། །ཡ་མའི་ཕྱི་ཡུལ་རྔམ་དབྱུང་ལའང་རྟགལ་མགོ་འཕང་དམའ། །རྩ་ལ་ཁྲེན་ན་རུས་པའི་གཏིང་སྟེང་འང༌། དུ་ན། །མིག་མི་ཁྱོགས་ལ་ཁ་སོ་ཐམས་ཅད་ན། །ཁྱད་པར་མགོ་བོ་ཁབ་ཀྱིས་བཙག་པ་འདྲ། །གཉིད་ཆེ་གཉིད་ཆུང་དང་ག་རེས་འཇོག་བྱེད། །གླ་རྩི་སྒོག་པ་སྨན་དྲི་ཐམས་ཅད་དང༌། །འབྲུ་མར་ར་ཕག་རི་དྭགས་ཤ་ཡིས་སློང༌། །ཁ་གླལ་སྒྱིད་སྐྱུར་ན་སོའི་ཚུལ་དུ་ན། །འདི་ལ་དབྱེ་བ་དཀར་ནག་ཁྲ་བོ་གསུམ། །དཀར་པོ་མི་འདོད་ཡུལ་ནི་མགོ་ལ་གནས། །ཆུ་སེར་ནད་ཡིན་ཤ་རྩ་མཁྲིས་པ་འདྲ། །འདི་ལ་རྟགས་ནི་རྩེ་མགོ་ཡན་ཆད་ན། །ཐོར་པ་འབྲུམ་བུ་དཀར་པོ་འོང་བར་ངེས། །མཆིན་རྩ་རྒྱས་ལ་ཅུང་ཞིག་རྩ་སྐམ་འདྲ་བ་དཀར་པོའི་རྟགས། །ཡ་མ་ནག་པོ་ཕྱི་ཡུལ་གཞན་དང་འདྲ་ཞིང་མི་ནོར་རྟགས། །ལྕེ་ཡི་ར་མ་ལུག་གཉིས་ཐ་དད་མེད་ཅིང་ནག་པོར་འགྲོ། །ཁྱད་པར་མིག་རྩ་ཁྲག་གིས་རྒྱས་པའོ། །ཡ་མ་ཁྲ་བོ་ལ་ནི་དེ་གཉིས་རྟགས་རྣམས་ཕལ་ཆེར་ཚང༌། །གཉན་སྲིན་མཚན་ཉིད་ལྷག་པར་སྐམ་ཁོལ་ཕྱེད། །བྱི་ནུའི་རིགས་ཐམས་ཅད་ལ་སྐྲངས་པ་ཡོང་དེ་སྦྱོངས་ཀྱིས་སྦྱངས་ན་འདིའི་གནོད་པ་སེལ། ཡ་མའི་རིགས་ལ་ཟས་ནི་སྣུམ་ལྕི་བཅུད་ཅན་སྤང༌། །སྤྱོད་ལམ་ཚིག་སྙན་པ་དང་ཡིད་འོང་ལྡན་པར་བྱ། །སྣ་ནས་དུ་བས་བདུག་དང་བྱུག་པ་བྱ་ཞིང་ནང་དུ་ཁོང་སྨན་བཏང༌། ཡ་མ་ནག་པོ་ངོས་ཟིན་ནས། །སྨན་ནི་ཤོག་དྲིལ་ནང་བཞིན་བྱ། །གག་པའི་རྩ་ནི་ཐུང་ལ་སྦོམ། །འཁྱིག་རེས་
བྱེད་ལ་ཕྱོགས་སུ་འཐོར་བ་འདྲ། །ཆུ་ནི་ཕལ་ཆེར་ཁྲག་གི་ཆུ་དང་མཐུན། །མི་ནོར་རྟགས་སུ་ཆུ་ལ་ཁྲག་རིས་འོང༌། །ཕྱི་རྟགས་གདོན་གྱིས་བསླང་ནས་བཟའ་བཏུང་ཉེས་པས་གྲེ་བར་ཐོར་བ་འབྱུང༌། །གཉིད་ལོག་པ་དང་དཀར་མངར་ཟས་གྲིབ་དག་གིས་སློང༌། །གྲེ་བར་འབྲུམ་པ་དཀར་དམར་སྔོན་པོར་འགྲོ། །འབྲུམ་པ་དཀར་ན་ང་ཡིན་དམར་ན་ཁྲག་སྟེ་སྔོ་བ་ང༌། །དེ་དག་ལྡན་ན་ནག་པོའི་ཁ་དོག་ཁོ་ན་ཡིན། །དཀར་མངར་སྐྱུར་དང་ཉིན་གཉིད་དྲག་དལ་སྤང༌། །ཁོང་སྨན་འདེབས་སྨན་ཤོག་དྲིལ་བཞིན་དུ་བྱ། །གཉན་གྱི་ནད་ཀྱི་རྩ་ནི་གདོན་བཞིན་སྤུན། །ལེགས་པར་བརྟགས་ན་དུམ་བུར་ཆད་ཅིང་འོག་ཏུ་འཕྲིག །སྣ་ཚོགས་མི་འདྲ་སྤུན་འདྲ་ལྡང་བར་བྱེད། །ཆུ་དང་རྩ་མི་ཤེས་ཤིང་འགལ་བ་ལྟ་བུ་བྱུང་ན་ལྷོག་པ་ཡིན། །མི་ནོར་རྟགས་སུ་ས་ལྷོག་ནག་པོ་མནན་ན་གཏིང་དུ་མཁྲང༌། །ཆུ་ལྷོག་ཆུ་སེར་རྩ་འདྲ་འཁྱིག་སྡོད་བྱེད། །རླུང་ལྷོག་ང་ལྟར་གཡོ་ཞིང་མི་ངེས་སོ། །མེ་ལྷོག་རྩ་ནི་སྣ་ཚོགས་ཚད་ནད་འདྲ། །ལྷོག་ཆུ་ཁ་དྭངས་གཏིང་རྙོགས་དྲི་ཆེ་དབུ་བ་མེད། །དཀར་དམར་སེར་སྔོ་འཇའ་ཚོན་འབྱུང་བས་ཤེས། །ལྷོག་པའི་ཕྱི་ཡུལ་གབ་ཟིན་གནས་སོགས་སྐྲངས་པ་འབར་འབུར་མང་བ་ལྷོག་པ་ཁྲ་བོ་མགོ་དགུ་འདི། གཉན་གྱི་ཕ་མྱེས་ཡིན་པས་གཉན་གཟེར་སྤྱི་ཡི་སྐབས་སུ་མདོར་བསྟན་ཡང༌། ལྷོག་པའི་རིགས་རྣམས་མྱུར་དུ་སྲོག་ལ་རྒོལ་བས་ཕྱི་ཡུལ་བརྟགས་པ་གལ་ཆེའོ། །ལུས་ལ་ཞུགས་ན་འབྲུམ་པ་མེ་དབལ་ཟེར། །ཉྭ་ལ་ཞུགས་ན་ཉྭ་རེངས་བྱིན་
ལྷོག་ཟེར། །ཤ་ལ་རྒྱས་པ་ཚད་པ་གསར་པ་འདྲ། །པགས་ལ་བབ་ན་མེ་ལྕེ་འཁོར་བར་འོང༌། །གྲེ་བར་བབ་ན་ཡ་མ་གག་པར་འཛིན། །མགོ་ལ་བབ་ན་མགོ་གཟེར་ཐོག་བབ་ཡིན། །རུས་ལ་ཞུགས་ན་མགོ་འཁོར་སྟོང་སྐྱུགས་བྱེད། །སྐྱི་གཡའ་སོ་གཙེ་མགོ་འཁོར་གྲང་ཤུམ་བྱེད། མན་ངག་ཏུ་ཞག་གསུམ་བཞི་ནས་དྲོ་སར་ཐོར་པ་བཏོལ་ན་དེ་དུས་ནང་དུ་ཚ་ཚེག་ཅིག་འོང་ངོ༌། །དེ་ཡང་རིགས་གསུམ་མི་ནོར་རྟགས་སུ་འབྲུམ་པ་དཀར་ཞིང་སྒང་ལ་འདྲིལ། དྲོ་སར་ཉུང༌། གྲང་སར་མང་བ་འབྲུམ་པ་དཀར་པོའི་མཚན་ཉིད་དེ། འབྲུམ་ནད་སྐམ་ནད་ན་ལུགས་དཀར་པོ་དང་འདྲ་ལ། སྒེར་རྟགས་མགོ་ལུས་ཀུན་སྐྲངས། །སྔོན་རྒྱབ་བརླ་དང་ཕྲག་པ་སྒྱིད་ཁུག་རྣམས་སུ་རྡོལ། །ནད་འདི་ཁོང་དུ་བྱུང་ན་ཤ་རྩ་དམར་ཞིང་མིག་རྩ་ཁྲག་ཏུ་འོང༌། །ཐོར་དབྱིབས་སྤྲ་མེ་མཆེད་པ་འདྲ། ། དབང་པོ་མི་གསལ་ཁ་སྐོམ་སོ་སེར་བ། །དེ་དུས་ནང་དུ་ཁོང་སྨན་བཏང༌། །དེ་ལ་གསང་བའི་སྨན་གཅིག་བཀོལ་ལུགས་ལྟོས། །འབྲུམ་པ་མེ་དབལ་ནག་པོ་སྲོག་ལ་མྱུར་དུ་རྒོལ། །རྒྱུ་མར་བབ་ན་ཁྲག་ཏུ་བཤལ་བ་ཡོད། །དོན་ལ་བབ་ན་འབྲུམ་དང་བཅས་ཏེ་འཆི། །འབྲུམ་བུ་མི་ཐོན་སྐམ་ནད་ཤི་ལ་ཁད། །དེ་ནི་གཉན་ལྷོག་རུས་ལ་བཟུང་བའམ། །འབྲུམ་པ་མེ་དབལ་ནག་པོའི་མཚན་ཉིད་ཡིན། །ཉྭ་རེངས་བྱིན་ལྷོག་ཁ་མངར་སྐྱུར་གྱིས་སློང༌། །སྐད་ལོག་ངུ་བ་ཐོས་ཤིང་ངུ་དང་དགོད། །དེ་དུས་ལྡེའུ་མིག་བཞིན་དུ་བཅོས། །ཤར་རྒྱས་ག་བུར་སྦྱོར་སྡེས་བསད། །མེ་ལྕེ་འཁོར་བ་ལུས་རྒྱས་
པར་འཁོར། །ལུས་ཀྱི་སྐེད་པ་འཁོར་བ་རེ་རེ་ཙམ། །ཕལ་ཆེར་ནད་འདི་རྐང་ལག་ལྕེ་ལ་འཕོག །མེ་ལྕེ་ཚོམ་བུ་ཉ་བཞིན་བརྒལ་ལ་འཚོམ། །འབྲུམ་བུ་དཀར་ནག་མཆོད་རྟེན་རིས་སུ་འོང༌། །གྲང་ཤུམ་བྱེད་ཅིང་དཀར་མངར་སྐྱུར་གྱིས་གནོད། །དེ་གཉིས་ནང་དུ་ཁོང་སྨན་གཉན་དང་མཐུན། །ཕྱི་ནས་ཁྲག་སྣ་དུག་སྣས་བྱུག་པ་བྱ། །མེ་ལྕེ་འཁོར་ལོ་མེ་མདོག་དག་ཏུ་འོངས། །དེ་ལ་བྱུག་པས་ཐུབ་པར་འདོད་པ་ཡིན། །གཅོད་ཟུང་བཞི་ཡ་བརྒྱད་པོ་རྣམས་རྩ་བ་མ་ཞུ་བ་ལས་སྐྱེས་ཤིང་ས་འདྲ་ལྕི་ཞིང་གསོ་དཀའ་བར་གསོ་དཔྱད་ཀྱི་གཞུང་ལུགས་ཆེན་མོ་རྣམས་སུ་གསུངས། དེ་ཡང་འོར་དང་སྐྱ་རྦབ་གཉིས་པོ་ཟུང་དུ་འབྲེལ་བའི། འོར་ནད་རྩ་ནི་འགྱུར་དཀའ་དུམ་ཆད་བྱེད། །གཏིང་དུ་འགྱུར་དཀའ་བ་དང་མི་དཀའ་བ། །སྨིན་དང་མ་སྨིན་གཉིས་སུ་ཤེས་པར་བྱ། །འོར་གྱི་ཆུ་ནི་རྒྱས་ཚད་བཞིན་དུ་དམར། །དོན་སྣོད་གང་བབ་དབང་གིས་སྣ་ཚོགས་འོང༌། །བརྟགས་ན་ཅུང་ཞིག་ཁྲ་བོ་ལོང་ལོང་པོ། །ཟས་ཆུ་འདྲ་བཞིན་སྒང་དུ་རྩིག་མ་ཆགས། །ཕྱི་ཡུལ་དང་པོར་མིག་ཕུག་སྐྲངས་ལ་ཁ་སོ་འགུལ། །མགོ་སྤུ་བཙུགས་པ་འདྲ་བར་གཟིངས། །གཉིད་དང་དང་ག་རེས་འཇོག་བྱེད། །མི་ནོར་རྟགས་སུ་མིག་རྩ་ཁྲ་བོར་འགྲོ། །དེ་རྣམས་ཚང་ན་འོར་དུ་ངེས། །སྐྱ་རྦབ་རྩ་ཐུང་གཏིང་གྱོང༌། །འགྱུར་དཀའ་མི་དཀའ་ནད་ཡུན་རིང་ཐུང་ཡིན། །ཕལ་ཆེར་མ་ཞུ་བ་དང་མཐུན་ཆ་ཆེ། །ཆུ་ནི་དཀར་ཞིང་རྩིག་མ་འཐུག །སྤྲིས་མ་སྐྱ་བོ་ཚོམ་བུ་རིས་སུ་འོངས། །ཕྱི་ཡུལ་ངར་གདོང་
མིག་ཕུག་སྐྲངས། །དང་ག་མི་བདེ་སྤྲོ་ཐུང་ཚིག་པ་ཟ། །ཕལ་ཆེར་ང་བཅོས་བྱས་ན་ཕན་སྙམ་བྱེད། །མི་ནོར་རྟགས་སུ་མགོ་འདར་མིད་པ་འཆུས། །མ་ཞུ་བ་ལས་འོར་སྐྱེད་དེ་ལས་སྐྱ་རྦབ་འགྱུར། །སྐྱ་རྦབ་གཅོང་གི་ཕོ་བྲང་ཡིན་པས་བཅོས། །དྲེག་དང་གྲུམ་བུ་གཉིས་པོ་ཡ་ཟུང་གཅིག །ནད་གཞི་ཕལ་ཆེར་སྔར་ནད་གཞི་ལས་གྱུར། །དྲེག་རྩ་ཐུང་མཁྲང་གྲིམ། ཁྲག་ཚད་རྩ་འདྲཁྱད་པར་ཅུང་ཞིག་གཡུང༌། ཆུ་ནི་ངེས་མེད་ཚད་པ་འདྲ། །མི་ནོར་རྟགས་སུ་རྭ་གཞོབ་བྲོ། །ཕྱི་ཡུལ་རྐང་ལག་སྐམ་ཁོལ་བྱེད། །ལྡང་དུབ་བྱེད་ཅིང་ཡང་ཡང་མེ་ལྟར་འབར། །དེ་ལ་ཚ་དྲེག་གྲང་དྲེག་གཉིས་སུ་འདོད། །ཚ་དྲེག་ལྤགས་མདོག་དམར་ལ་ངས་པ་ཆེ། །མི་ནོར་རྟགས་སུ་སྐྲངས་མདོག་མེ་འོད་ཆགས། །འདི་ལ་བསིལ་སྨན་གཏར་ཁ་ཁོ་ནས་བཅོས། །གྲང་དྲེག་རྐང་ལག་འཁུམ་ནས་འགུལ་མི་ནུས། །དེ་ལ་གཙོད་དང་བཅུད་ཀྱིས་བཅོས་པར་བྱ། །གྲུམ་བུའི་རྩ་ནི་ཁ་དྲག་གཏིང་ན་འགྱུར། །གདོན་རྩ་བཞིན་དུ་སྔོར་མི་བཏུབ། །ཆུ་ནི་སེར་ལ་ངས་པ་འོང༌། །མི་ནོར་རྟགས་སུ་ངང་པའི་རྒྱབ་དང་འདྲ། །ཕྱི་ཡུལ་རྐང་ལག་བཞི་བོ་ན་རེས་བྱེད། །སྐམ་ཁོལ་བྱེད་པ་ཚིགས་པ་ཉྭ་བཞི་ཡིན། །ལྡང་རེས་བྱེད་པ་དཔྱི་མགོ་གཉིས་པོ་ཡིན། །གུམ་གྱིས་འཁུམ་པ་སྐེད་པ་ཉྭ་བཞི་ཡིན། །ནུབ་མོ་ན་ཞིང་མགོ་སྤུ་བྱི་བའོ། །དེ་ལ་བཅོས་དང་བྱེར་སྡུད་ཐང་གིས་བཅོས། །ནད་འདི་གཏར་སྲེག་གཉིས་ཀྱིས་སེལ་བར་ནུས། །གྲང་བའི་རྟགས་སུ་སྐྲངས་པ་ཡོད་པ་ཡིན། །ཚ་བའི་རྟགས་སུ་སྐམ་
ཁོལ་སྣ་ཚོགས་བྱེད། །བཅུད་བཏང་མི་བཏང་བྱེ་བྲག་གཉིས་ཤེས་བྱ། །གློ་དང་སུར་ཡ་གཉིས་པོ་ཡ་ཟུང་གཅིག །གློ་ནད་འདིའི་གཞི་ཁྲག་ངན་ལུས་པ་ལ། །ནད་དང་མ་འཚམས་སྤྱོད་ལམ་སྔས་པས་འབྱུང༌། །གློ་བའི་རྩ་ནི་ཐུང་ལ་རྩ་སྟོད་ཞན། །བརྟགས་ན་འོག་གཞི་འབུར་བ་འདྲ། །གློ་ཆུ་ངེས་མེད་སྣ་ཚོགས་ཀྱང༌། །མི་ནོར་རྟགས་སུ་འོ་མདངས་དཀར་པོ་ཆགས། །ཕྱི་ཡུལ་གློ་ལུ་ལུད་པ་འབུད། །ཚད་གློ་སྤྱོད་ལམ་ཟས་ཀྱིས་སློང༌། །དེར་ཡང་སོ་སོའི་མི་ནོར་རྟགས། །རླུང་གློ་གཟེར་འཕོ་ང་གསང་གཟེར། །ཐོ་རེངས་ལུད་པ་ལུ་ན་སྐྱ་སོབ་མང༌། །ཚད་པ་དེ་ལྡོག་སྒེར་རྟགས་སོ་དྲེག་ཆགས། །ཟས་སུ་དཀར་གསུམ་མཛོ་མོའི་ཞོ་དང་ནི། །མཆོག་ཏུ་བསྔགས་པ་གྲོ་ཆང་བཏང༌། །སྤྱོད་ལམ་དྲག་ཤུལ་མེ་དང་ཉི་མ་སྤང༌། །སྨན་ནི་དཀར་པོ་དྲུག་སྦྱོར་ཤོག་དྲིལ་ནང་བཞིན་བྱ། །སུར་ཡ་གར་བབ་གནས་དེའི་མིང་གིས་ཕྱེ། །ནད་སྣ་ཚོགས་ལ་སྦྱོང་སྐྱུགས་ལོག་པ་སོགས། །གློ་བར་བབ་པ་གློ་ནད་སུར་ཡ་ཟེར། །ལུད་པ་སྐྱ་སོབ་སྦུ་ཆུང་ཅན་དུ་འབྱུང༌། །རྩ་ལ་གདགས་སྲིབ་བྱེད་པ་ལྟ་བུ་འབྱུང༌། །དེ་ཡང་ང་གྱུར་དགང་དང་ཐོ་རེངས་ན། །ཁྲག་གྱུར་ནམ་ཕྱེད་དུས་སུ་ལྷག་པར་ན། །མཁྲིས་གྱུར་ཤ་སེར་སྐོམ་དད་ཆེ། །མཆིན་པ་སུར་ཡ་ཕལ་ཆེར་མཆིན་གནས་དེ་རུ་ན་ཞིང་གཟེར། །མཁལ་མ་སུར་ཡ་གྲང་ཤུམ་ཆུ་ངན་སྲི། །ཆུ་རྒྱུས་སུར་ཡ་ལུས་སྐམ་སེར། །འདི་ལ་རྩ་ཆུའི་བརྟགས་པ་དོན་ནད་སོ་སོར་མཐུན། །གར་བབ་པ་ཡི་དོན་སྣོད་གནས་སུ་བཅོས། །ཁྱད་པར་གདམས་
པ་ཤོག་དྲིལ་ནང་བཞིན་ལ། །གསང་སྨན་རྣམས་ཀྱང་ལྡེའུ་མིག་ལས་བསྟན་པ་ལྟར་བྱའོ། །སྐྲན་དང་དམུ་ཆུ་གཉིས་པོ་ཡ་ཟུང་གཅིག །སྐྲན་ཞེས་བྱ་བ་མཆིན་རྩར་ང་ཞུགས་དུས། དུབ་ནས་ཟས་སྐོམ་བསྟེན་པས་སྐོམ་དང་ང་འདྲེས་ན་ཆུ་སྐྲན་ཆུ་དང་འདྲ་ལ་ཟས་དང་ཁྲག་འདྲེས་པས་ཚ་སྐྲན་མེ་ལྟར་འབར་བ་འབྱུང༌། རྐྱེན་བཞི་འདྲེས་པ་ལས་རྒྱས་གདོན་སྐྲན་མེས་མི་ནོན།ཁ་ཅིག་གདོན་སྐྲན་ལ་གྲང་སྐྲན་ཟེར། ཚ་སྐྲན་ལ་མཆིན་གླང་ཟེར། དེ་ལྟར་ངོ་མ་ཤེས་ན་སྨན་བཅོས་ལོག་པར་འགྱུར། གྲང་སྐྲན་ཕལ་ཆེར་ཕོ་བའི་གནས་སུ་འབབ། །གྲང་སྐྲན་རྩ་ནི་འདར་དང་རྒོད་མེད་འཁྲིལ་ཞིང་འཐོགས། །མི་ནོར་རྟགས་སུ་ཚ་འབྲུམ་ཉིལ་བ་འདྲ། །དེ་ཡང་ཅུང་ཟད་བདེ་སྙམ་འཁྱག་ནས་ན། །དེ་ནི་ང་སྐྲན་ཆུའི་མཚན་ཉིད་ཡིན། །གྲང་སྐྲན་ཆུ་ནི་དཀར་ཞིང་སྤུ་འདྲ་མང༌། །སྦུ་བ་མེད་ལ་སྟེང་ན་ལིང་ཚེ་འོང༌། །ཀུ་ཡ་དམར་པོ་རྣ་སྤབ་སྐམ་པོ་འདྲ། །བསྐོལ་ན་ཅུང་སེར་སླ་བ་དང༌། །གྲང་རྗེས་ཅུང་ཞིག་དམར་བ་ཡིན། །མི་ནོར་རྟགས་སུ་ཆུ་ལ་དྲི་མ་མེད། །གྲང་སྐྲན་ཕྱི་ཡུལ་ལུས་ལ་དྲེག་པས་ཁྱབ། །ཁ་སོ་ནག་ལ་སྔོ་མདངས་ལྡན། །ལེགས་པར་བརྟགས་ན་མིག་ལ་འཇའ་འོད་འཚེར། །མི་ནོར་རྟགས་སུ་གྲོད་པ་ཡུལ་གྲུ་འདྲ། །དོན་སྣོད་གར་བབས་སྟེང་དུ་དགུན་དཔྱིད་ན། །རྟགས་ནི་དེ་རྣམས་ཚང་བའི་གྲང་སྐྲན་ལ། །ཟས་གསར་བཅུད་དང་དང་ག་གང་བདེ་བཏང༌། །སྤྱོད་ལམ་དྲོ་སྐམ་གཅན་གཟན་ལྤགས་པ་བསྟེན། །སྨན་ནི་རྡོ་སྨན་ཤོག་དྲིལ་བཞིན་དུ་
སྦྱར། །ཚ་སྐྲན་རྩ་ནི་མནན་ན་མཁྲང་དང་སྤུན། །སྐབས་སུ་ཚ་བ་ཐོག་བབ་ལྟ་བུར་རྒོད། །མི་ནོར་རྟགས་སུ་གཞན་པས་འགྱུར་བ་དཀའ། །དཔེ་ནི་རེ་བ་ཆུ་ལ་བཅུག་ལྟར་གྱོང༌། །ཆུ་ནི་དམར་ལ་མེ་འོད་ཆགས། །སྟེང་ན་དྭངས་མ་ཆགས་ལ་རྩིགས་མ་མེད། །ཆུང་ངུ་ཡང་ཡང་གཏོང་སྙིང་འདོད་ལ་ཚ། །མི་ནོར་རྟགས་སུ་ཁྲག་རུལ་རྭ་གཞོབ་བྲོ། །ཕྱི་ཡུལ་ལུས་ནི་ཉམས་ཆུང་སྐོམ་ལ་དད། །ལེགས་པར་བརྟགས་ན་དྲོད་རྟགས་ཐམས་ཅད་ཚང༌། །ནད་གཞི་ཕལ་ཆེར་མཆིན་པའི་སྟེང་དུ་འབབ། །ཕྱི་བལྟས་རུས་སྦལ་བཞིན་དུ་ཐག་ཐུག་མང༌། །མི་འགྱུར་རྟགས་སུ་དང་ག་འགགས་པ་དང༌། །སྐབས་སུ་ཚ་དྲོད་འཆུས་པས་ཟས་མི་ལེན། །གང་ནའི་སྟེང་དུ་དྲོད་མི་འཕྲོད་པ་འོང༌། །ཟས་ནི་གསར་དང་ཡང་བ་བཏང༌། །སྤྱོད་ལམ་སོས་དལ་ཡིད་འོང་བྱ། །སྨན་ནི་བསིལ་དང་ཁྲག་སྨན་གཏོང༌། །གདོན་སྐྲན་རྩ་ནི་རེས་འཇོག་འཐེན་སྡོད་བྱེད། །ཆེ་ཆུང་རིང་ཐུང་གཡས་གཡོན་མི་མཉམ་གདོན་དུ་ཤེས། །ངོ་མི་རྟག་ལ་སྐབས་སུ་སྔོར་མི་བཏུབ། །ཆུ་ནི་ངེས་པ་མེད་ན་ཡང༌། །མི་ནོར་རྟགས་སུ་སྲན་མའི་ཁུ་བ་འདྲ། །སྣོད་ལ་དྲེག་པ་ནག་པོ་ཆགས་པ་འོང༌། །ཕྱི་ཡུལ་སྐྲངས་དང་ལུས་ཀྱི་ཁ་དོག་ནག །ཁ་ལ་དྲེག་པ་ནག་པོ་ཡང་ཡང་ཆགས། །མིག་རྩ་ཐམས་ཅད་རྟ་རྔ་ནག་པོ་འདྲ། །ལྡང་ཀྱོག་བྱེད་ཅིང་ཚ་གྲང་གཉིས་ཀ་གནོད། །སྨན་པ་གསར་བུས་སྨན་དཔྱད་ཆིག་འདེད་བྱེད། །ནད་དེ་མཛེ་འདྲ་ལ་ལས་གདོན་དུ་འཛིན། །སྦྱོར་བ་ལོག་ན་ཐམས་ཅད་འཆི་བར་འགྱུར། །
སྦྱོར་བ་ལེགས་ན་སོས་པར་འགྱུར་བ་སྲིད། །བད་ཀན་སྨུག་པོ་མཁྲིས་པ་ཁ་ཤོར་དང༌། །གདོན་སྐྲན་ལོ་དང་ཟླ་བར་རྙིང་པ་རྣམས། །འཚོ་བར་མཐའ་གཅིག་ཁས་ལེན་མི་བྱ་སྟེ། །ཕལ་ཆེར་འཆི་དུས་བཏབ་ན་མཁས་པར་ཤེས། །དམུ་ཆུ་ཕལ་ཆེར་མ་ཞུ་ལས་བྱུང་ཞིང༌། །ངལ་དུབ་དྲག་རྗེས་ཆུ་འཐུང་ལ་སོགས་པ། །མ་ལེགས་གྱུར་ཏེ་དོན་སྣོད་ཆུ་ཤོར་ཞིང༌། །དེ་སྟེང་མ་ཞུའི་ཞག་ཆགས་ནས། །ཚ་གྲང་འདོམ་པའི་ནད་དུ་འགྱུར། །འདི་ལ་ཕྱི་ཆུ་ནང་ཆུ་བར་ཆུ་དང༌། །རླུང་དང་བསྡོང་བ་བཞི་རུ་ཡོད་ལ་སྤྱིར། །དམུ་ཆུའི་རྩ་ནི་ནར་བ་སྟེ། །དཔེར་ན་གླང་རྒན་ཁ་ཆུ་འདྲ། །ཕྱི་ཡུལ་གཏིང་ན་མི་བདེ་མནན་ན་གསལ། །སྨན་པ་གཞོན་པས་ཚ་བ་དག་དང་ནོར། །མི་ནོར་རྟགས་སུ་ཅུང་ཞིག་དྲག་ཤུགས་ཆུང༌། །ཕྱི་ཡི་ཆུ་ནི་གཉིད་དང་ཉི་མས་སྒྱུར། །མི་ནོར་རྟགས་སུ་ངས་པ་དུམ་ཆད་བྱེད། །ཕྱི་ཡུལ་དང་པར་མིག་ཕུག་རྐང་བོལ་སྐྲངས། །བ་སྤུ་ལོག་ནས་སྟེང་དུ་འོད་ཟེར་འོང༌། །ས་ན་ལ་སོགས་མི་འཕྲོད་པ་ཡིས་སློང༌། །མགོ་ལུས་སྤུར་ཏེ་སྐྲངས་པ་འོངས། །སྐྲངས་པ་མནན་ན་ཆུང་དམའ་སླར་ཡང་ཤུལ་དུ་ལྡོག །མི་ནོར་རྟགས་སུ་སྐྲངས་པ་སྙི་བ་ཡིན། །དེ་ལ་ཟས་ནི་བཅུད་ལ་ཡང་བ་བཏང༌། །སྤྱོད་ལམ་ཡིད་འོང་གོས་དྲོ་སྐམ་ས་ཁང་སྟེང་རླན་མེད་བསྟེན། །སྨན་ནི་ཤོག་དྲིལ་དང་ནི་ལྡེའུ་མིག་བཞིན་དུ་བྱ། །ཕྱི་ནས་ལུམས་དང་བྱུག་པ་བསྐུ་མཉེ་བྱ། །དེ་ལྟར་བྱས་ན་བར་ཆད་ནད་ལས་གྲོལ། །ནང་ཆུའི་རྩ་ནི་ཕྲ་ལ་ཅུང་ཞིག་ནར། །མ་ཞུ་བ་བཞིན་གཏིང་ན་མཁྲང་སྙམ་
བྱེད། །འབོལ་བ་གསར་བ་ཅུང་ཙམ་ཧྲོད་ཧྲོད་བྱེད་རྣམས་སོ། །ཆུ་ནི་ཞོ་བཤལ་བཞིན་དུ་དཀར། །ལེགས་པར་མ་བརྟགས་ང་དང་ནོར་ར་རེ། །འཁྱགས་ན་འོད་ཆགས་མི་ནོར་རྟགས་སུ་འདོད། །ལ་ལར་གདོན་འདྲ་ངས་བ་ཆུང་བ་འོངས། །ཕྱི་ཡུལ་སྣོད་དུ་ཆུ་བླུག་ལྟར་ལུས་ནང་ཆུས་གང༌། །གྲོད་པ་རྒྱརྫ་བཞིན་དུ་ཆེ། །རྐང་ལག་ཞགས་པ་བཞིན་དུ་ཕྲ། །ལྟེ་བ་གཟི་མིག་བཞིན་དུ་ཟླུམ། །ལུས་མདོག་སླ་ང་བཞིན་དུ་ནག །དང་ག་ཚད་རྙིང་བཞིན་དུ་འགགས། །དེ་རྣམས་ཚང་ན་ཚ་ཆུའི་རྟགས། །ཟས་ནི་དང་ག་མི་བདེ་བ། །སྤང་ལ་གང་བདེས་ལུས་ཟུངས་བསྐྱེད། །སྤྱོད་ལམ་དལ་དང་སྐམ་སར་བསྡད། །སྨན་ནི་འོལ་ཁ་སྒྱུར་བ་དང༌། །ཚ་ཆུ་གྲང་ཆུར་བསྒྱུར་བ་དང༌། །མང་བསྐུལ་ཉུང་ངུ་དབྱུང་བ་དང༌། །རྒྱུས་པས་བསྐུ་དང་ཅོང་ཞིས་བཤིག་པ་སོགས། །ཤོག་དྲིལ་མན་ངག་བཞིན་དུ་བྱ། །བར་ཆུའི་རྩ་ནི་འབུར་ནར་གཉིས་དང་ལྡན། །བར་ཆུ་འདྲིལ་བ་ཅུང་ཙམ་མཁལ་མི་བདེ། །ལེགས་པར་མ་བརྟག་མ་ཞུ་བ་དང་ནོར། །མི་ནོར་རྟགས་ལ་མ་ཞུ་བ་ལས་ཞན། །ཆུ་ནི་དམར་སྨུག་ཙན་དམར་ཁ། །གཏིང་ནས་དམར་ལ་འཁྲུགས་མདངས་ལྡན། །འོག་ཏུ་རྩིགས་མ་སྔོ་དམར་ཆགས། །ཕྱི་ཡུལ་དང་ག་བདེ་ལ་སྐྲངས། །སྐྲངས་པ་ཆེ་ཡང་བབ་གཞིར་ལྟུང་མི་སྲིད། །མི་ནོར་རྟགས་སུ་ལུས་ལ་འོད་ཟེར་ཆེ། །ཤེས་པ་ཡང་ལ་ལུས་པོ་ལྕི་བའོ། །དེ་ལ་ཟས་ནི་སྐམ་ལ་བཅུད་པ་བཏང༌། །སྤྱོད་ལམ་སྐམ་སར་དལ་བར་བསྡད། །སྨན་ནི་ཤོག་དྲིལ་བཞིན་དུ་བཏང༌། །
བར་ང་རྩ་ནི་བད་ང་རྩ་དང་ནོར། །མི་ནོར་རྟགས་སུ་ཁོང་འདར་སྤུན་པ་འདྲ། །ཁ་ཅིག་ང་རྩ་འདྲ་བར་སྡོད་པ་སྟེ། །མི་ནོར་རྟགས་སུ་མ་ཞུ་བ་བཞིན་མཁྲང༌། །ཆུ་ནི་དཀར་ལ་རླངས་པ་སྔོ། །སྦུ་བ་དཀར་པོ་ལྷོ་ཡི་ཕྱོགས་སུ་བལྟ། །མི་ནོར་རྟགས་སུ་འོད་མདངས་ཀོ་ལེར་ཁྱབ། །ཕྱི་ཡུལ་ང་གསང་རྣམས་ནས་བཟུང༌། །མགོ་ལུས་ནད་རྣམས་ཀུན་དང་བསྡང་སྟེ་སྐྲངས། །སྐྲངས་ཚུལ་བར་ཆུའི་ནད་དང་འདྲ་བ་ལ། །མི་ནོར་རྟགས་སུ་ཚིགས་བཞི་ཁོ་ནར་སྐྲངས། །སྐྲངས་པ་སྙི་ལ་མནན་ན་ཀོ་ལེར་སྡོད། །སྐབས་སུ་ཟས་དང་བསྐུ་མཉེས་འཕྲོད་སྙམ་བྱེད། །དེ་ལ་ཟས་སྐམ་བཅུད་ཅན་ཁོ་ནར་བཏང༌། །སྤྱོད་ལམ་གོང་བཞིན་ཛཱ་ཏིའི་སྦྱོར་བ་སོགས། །ཤོག་དྲིལ་བཞིན་དུ་སྦྱར་བར་བྱ། །ནད་འདི་ཤ་སྐྱིའི་བར་དུ་ང་ཞུགས་པ་ཡིན་པས་མན་ངག་ཏུ་ཐུར་མ་བསྔགས་སོ། །ཁ་ཅིག་ཏུ་བ་སྤུའི་སྐྱི་ཁྲུས་ཀྱི་སྦྱོང་ཡང་བྱའོ། །མདོར་ན་དམུ་ཆུའི་ནད་འདི་ལ་ཚ་ཆུ་དང་གྲང་ཆུ་གཉིས་སུ་ཡོད་པས། ཚ་ཆུའི་རྟགས་སུ་སོ་དྲེག་ཆགས་ཁ་སྐམ་ལུས་དྲོད་ཚ། ཆུ་དམར་སྐོམ་དད་ཆེ། མིག་མདངས་སེར་མིག་རྩ་དམར་བ་རྣམས་འབྱུང༌། །གྲང་ཆུ་ལ་རྟགས་སྐྲངས་པ་ང་གསང་མཐོ། མཆུ་དཀར། སོ་གཙེ། གཉིད་མི་ཕེབ། ལོང་ཀ་འཁྲོག་པ་འོང༌། ཚ་ཆུ་གྲང་ཆུར་བསྒྱུར་བ་ལ། །སྨན་ནི་བུལ་ཏོག་དྲུག་སྦྱོར་སྟེང༌། །ཚ་ལའི་ཁ་ཚར་བཏབ་པ་བསྟེན། །སྤྱོད་ལམ་གང་མི་འཕྲོད་པས་བསླང༌། །དེ་ནས་འགྱུར་རྟགས་ཚང་བ་ན། །བཅོས་ཀ་སྨན་དང་ལོག་ནོན་རྣམས། །ཤོག་དྲིལ་ལྡེའུ་
མིག་ནང་བཞིན་བྱ། །དེ་རྣམས་མ་ཞུ་བ་ལས་གྱུར་པ་ཡིན། །སྡེ་བཞི་ཡ་བརྒྱད་ཐམས་ཅད་ལེགས་བསྟན་པ། །ཁོ་བོའི་ཉམས་མྱོང་འབའ་ཞིག་བཀོད་པ་ཡིན། །མ་ཞུ་བ་ལ་རིགས་ནི་གསུམ་ཡོད་དེ། །དྭངས་མ་མ་ཞུའི་རྩ་ནི་མཁྲང་ལ་ཐུང༌། །གློ་དང་མི་མཐུན་བརྟགས་ན་གྲང་རྟགས་ཚང༌། །ཆུ་ནི་དམར་རམ་སེར་བ་འོང༌། །མི་ནོར་རྟགས་སུ་ལིང་ཚེ་འཇའ་ཚོན་ཁ། །ཕྱི་ཡུལ་ལྷན་འོག་སོར་བཞིའི་འོག་ཏུ་གྲང༌། །སྐྱུགས་བྲོ་ཁ་ནས་ཆུ་སྔོན་འོང༌། །རེས་འགའ་རླུང་གསང་དང་རྒྱབ་ན་སྙམ་བྱེད། །ཟས་ནི་གང་ཟོས་དེ་སྟེང་ཕོག །མི་ནོར་རྟགས་སུ་སྒྲེགས་རུལ་སྣ་ཚོགས་འོང༌། །དེ་ལ་ཟས་ནི་དར་བ་བསྐོལ་བ་བསྔགས། །སྨན་ནི་རྒྱ་ཚྭ་ཐལ་བ་གསུམ་བཏང་བྱ། །སྤྱོད་ལམ་དྲོ་ཞིང་དལ་བ་བྱ། །རྩིགས་མའམ་ནི་སྙིགས་མ་མ་ཞུ་བའི། །རྩ་ནི་སྦོམ་དྲག་མཁྲང་རྒྱས་ཚད་རྩ་འདྲ། །ཁྱད་པར་ཅུང་མནན་གཏིང་དུ་འཆོར་ལ་རྒོད། །ལེགས་པར་བརྟགས་ན་དེ་ལས་ཅུང་ཞིག་སྦོམ། །ཆུ་ནི་སྐྱ་སེར་བོང་བུའི་ཆུ་དང་འདྲ། །ཁ་ཅིག་ཚད་པའི་ཆུ་དང་ནོར། །མི་ནོར་རྟགས་སུ་དཀར་སླ་དུམ་ཆད་བྱེད། །ཚགས་ཀྱིས་བཙགས་ན་ཆུ་རྩའི་ཁུ་བ་འདྲ། །ཕྱི་ཡུལ་ཕོ་བ་སྦོས་དང་དང་ག་འགགས། །ཁམ་སྐྱུགས་འཐོར་དང་ཕོ་མཚན་སྟེང་དུ་སྐྲངས། །མི་ནོར་རྟགས་སུ་ཁ་ཟས་རུལ་བས་གནོད། །ལྟོགས་འགྲང་གཉིས་ཀའི་དུས་ན་ན་བའོ། །དེ་ལ་ཆུ་བསྐོལ་ཆང་བསྐོལ་བུལ་ཏོག་བཏང༌། །སྤྱོད་ལམ་ན་ས་སྤང་ཞིང་སྐམ་ས་བསྟེན། །སྨན་ནི་ཅོང་ཞི་ཐལ་སྡེ་བསྟེན། །གོ་ཐལ་ཚྭ་སྣས་
གསར་པ་འཇུ་བར་འགྱུར། །དེས་ནི་བར་ཆད་ནད་ལས་རྣམ་པར་གྲོལ། །དྲང་སྲོང་ལུང་དང་དཔལ་ལྡན་ཕ་ཁོལ་གསུངས། །དྲང་སྲོང་ནད་ལ་བརྟགས་པ་ཕྱི་ཡུལ་གསུམ། །དགོད་ངུ་ཤ་རྩ་གཙེ་ཞིང་ཁ་སོ་འདལ། །རྐང་ལག་བཤལ་ཞིང་དུས་ཆེན་བརྒྱད་ལ་ན། །གཡས་འཁྱོགས་གཡོན་འཁུམ་དཀར་ནག་རྩ་རུ་འགྲེལ། །ལྟག་རྩ་དཔྲལ་བའི་མིག་འབྲས་གཉིས་ལ་འཁོར། །རླུང་གཟའ་ང་འདྲ་ང་གསང་རྣམས་ན་རྒྱས། །ཁྲག་ལ་ཁྲག་གཟའ་ཁྲག་གཏིང་ཁྲག་རྩ་རྒྱས། །རླུང་དང་བསྡོངས་ན་འཕྲིག་ཅིང་འགུལ་བ་དང༌། །ཆུ་གཟའ་ཆུ་ལྟར་འབྲུབ་ཅིང་ཆུ་ལྟར་ཁོལ། །བད་ཀན་ལྡན་ན་ཆུ་དྭངས་བྱིང་ཞིང་འཐིབ། །ས་དང་ཆུ་འདྲེས་མི་གཙང་འཁྲུ་ཞིང་གཡུལ་འཐབ་འདྲ། །ཆུ་དང་མེ་འདྲེས་དར་སླེ་ཁྲ་མོ་འདྲ། །ར་མ་ལུག་འདྲེས་མཚེར་དང་མཆིན་པའི་ནད། །དོན་ལ་བབ་ན་བཅོས་ལོང་མེད་པར་འཆི། །རྐུན་བུའི་གཟའ་ནི་མང་པོའི་གདོང་ན་ན། །ནད་གཞི་གང་ཡིན་འོག་ཏུ་གབ་པར་བྱེད། །ཁ་ཅིག་འདི་ལས་ནད་ངན་མཛེ་རུ་འཆི། །སྤྱི་བཅོས་སྒོས་བཅོས་གདམས་ངག་བཞིན་དུ་བྱ། །གསང་བའི་སྨན་ལྔ་རང་རང་དོན་དང་སྦྱར། །སྲུང་བའི་འཁོར་ལོ་ཁྲོ་བོ་སོ་སོར་བསྒོམ། །མི་འགྱུར་སླད་དུ་དུག་ཁྲག་འཁོར་ལོ་བཏགས། ། ༈ མཆེ་ཅན་དུག་གཟེར་ནད་འདི་ལ། །སློང་སྨན་བཏང་ནས་བརྟག་པས་སོ་སོར་བརྟག །བཟུང་བའི་དུས་དང་ཁྱི་ཡི་ཁ་དོག་དང༌། །བྱེ་བྲག་སྨན་རྣམས་གསེར་གྱི་ཐུར་མར་ལྟོས། །མང་གིས་དོགས་ནས་འདི་རུ་མ་བཀོད་དོ། །མོ་ནད་རྩ་ནི་
ཆུ་སེར་རྩ་ཡིན་པས། །དལ་དང་མཁྲང་འབུར་རྒྱུ་བ་དཀའ་བ་སྟེ། །ལེགས་པར་བརྟགས་ན་རྩ་སྨད་ཞར་ཞིང་ནར་བ་འོང༌། །མངལ་ཚད་སྐྱེས་ན་ཁྲག་ཚད་མེ་ལྟར་འབར། །མངལ་སྐྲན་ཞུགས་ན་མ་ཞུ་བ་དང་འདྲ། །ལེགས་པར་བརྟགས་ན་རྩ་དབང་གཞན་ལས་དམའ། །མོ་ནད་ཆུ་ནི་ངེས་མེད་བུ་སྣོད་ལ། །རུལ་དང་སྦོས་རྙོགས་ཁ་དོག་སྣ་ཚོགས་འོང༌། །མོ་ནད་ཕྱི་ཡུལ་ཁ་སྐམ་ལུས་ཉམས་ཆུང༌། །མངལ་ནས་ཁྲག་དང་སྦུ་བ་ཆུ་སེར་ང་སྒྲ་འབྱུང༌། །ཆུ་སྔོ་ལུས་ལ་ཚ་ཙེག་དང་ནི་རྩ་སྦྲིད་དང༌། །ཁ་སྐམ་བརླ་དང་སྐེད་པ་མཁལ་མ་ན། །གཏིང་དུ་བྱེར་ན་ཁ་སྐམ་ལུས་པོ་སྐྲངས་དབྱིབས་སོ་དྲེག་ཆགས། །མངལ་དུ་ང་སྐྱེས་ཁ་རུ་གཅིན་དྲི་བྲོ། །ཁ་ཅིག་ཆུ་ཁ་སྲིའམ་སྙི་ལས་དེ་ལྟར་འགྱུར། །དེ་རྣམས་མོ་ནད་སྤྱི་ཡི་རྟགས་སུ་འདོད། །མོ་ནད་རྗེས་ལ་ཚབ་དང་ཁྲག་ནད་གཞི། །མངལ་ནད་སྦྲུམ་ནད་བུད་མེད་སྦྱར་ནད་བཞི། །མངལ་འཁྱིམ་མངལ་ཁྲག་མངལ་ང་བུ་སྣོད་རུལ། །མདས་མ་བརྒྱབ་དང་རྣམ་པ་བཅུ་གསུམ་འདོད། །འདི་ཡི་ནད་ཚུལ་སོ་སོ་མ་ལུས་པ། །མ་བུ་ཆེ་ཆུང་ན་ཚུལ་རིང་བུ་གཉིས་ཀྱིས་བཅོས། །ཞེས་དང༌། གཞན་ཡང་ལྡན་འདུས་ཀྱི་ནད་རྣམས་ཀྱི་རྟགས་དང་དེའི་བཅོས་དག་ཤོག་ དྲིལ་མ་བུ ་བསྡེབས་པར་བཀོད་ཟིན་ཏོ། །ངོས་འཛིན་མེད་ན་བཅོས་ཐབས་མི་ཤེས་པས། །ལེགས་པར་བརྟགས་ནས་ངོ་བོ་གསལ་བ་ན། །ནད་རྣམས་སོ་སོའི་བཅོས་ཀ་ལེགས་པར་བྱ། །ངོ་མ་ཤེས་པར་རྟོལ་བཅོས་བྱས་པ་ན། །རང་དང་མི་ཕུང་མི་འདོད་
སྣ་ཚོགས་འོང༌། །དེ་བས་འཆི་དུས་བཏབ་ལ་སྤང་བར་བྱ། །འཆི་དུས་བརྟགས་པ་རྩ་ཆུ་ཕྱི་ཡུལ་གསུམ། །རྩ་ལ་འཆི་སྡོད་གྲངས་ནི་ངེས་ཅན་སྡོད། །ལག་སོར་གསུམ་ཆས་རེས་འཇོག་ཚུལ་དུ་མནན། །ལེགས་པར་བརྟགས་ན་བདུན་གྱི་གྲངས་ཀ་རུ། །ལན་གསུམ་བསྡད་ན་འཆི་རྩ་གཅིག་ཏུ་འདོད། །སླར་ཡང་མནན་པས་བཅུ་གསུམ་སྟེང་དུ་ལན་གསུམ་བསྡད། །དེ་ཡང་མོད་ལ་འཆི་རྩ་བར་མར་བཤད། །ཉེར་གཅིག་སྟེང་དུ་ལན་གསུམ་གསུམ་སྡོད་ན། །ལེན་པའི་འཆི་རྩ་ཞེས་སུ་བཤད། །ཚད་པའི་འཆི་རྩ་འོག་ཤ་ཆད་པ་འདྲ། །རླུང་གི་འཆི་རྩ་བཅུ་ཐིག་ཁ་བུན་འདྲ། །ཁྲག་གི་འཆི་རྩ་གླང་པོའི་ཁ་ཆུ་འདྲ། །བད་ཀན་འཆི་རྩ་རེ་བ་ཆུར་བཅུག་འདྲ། །དམུ་ཆུའི་འཆི་རྩ་རྟ་རྔ་སྒྲིམ་པ་འདྲ། །སྐྲན་གྱི་འཆི་རྩ་དར་པོ་ང་བསྐྱོད་འདྲ། །ལྷོག་པའི་འཆི་རྩ་གཏོར་བ་ལྟ་བུའོ། །མཆིལ་པས་རྒུན་བུ་ཐུ་བ་ལྟ་བུ་དང༌། །དགོ་བ་གྱེན་ལ་འཛེགས་པ་ལྟ་བུ་དང༌། །དེ་རྣམས་སྤྱི་ཡི་འཆི་ལྟས་རྩ་ཡིན་ནོ། །ཁྱད་པར་མི་ནོར་རྩ་ལ་འདི་ལྟར་བརྟགས། །བླ་རྩ་མེད་ན་ནད་མེད་ཡིན་ཡང་འཆི། །སྡོད་གསུམ་ཕྱུང་ན་ནོར་ལ་གོད་ཁ་འོངས། །རེས་འཇོག་བྱུང་ན་བུ་དང་ཆུང་མ་འཆི། །སྙི ང་རྩ་མེད་ན་ཞག་བཞི་དག་ན་ངན། །གློ་རྩ་མེད་ན་བཅུ་གསུམ་དག་ན་ངན། །མཁལ་རྩ་མེད་ན་ཁང་པ་མེ་ཡིས་འཚིག །མཚེར་རྩ་མེད་ན་ཉེ་དུ་བརླག་སྟེ་འགྲོ། །གདོན་གྱིས་བསྒྲིབས་པའི་རྩ་ནི་ངོ་མི་རྟག །དེ་རྣམས་བྱེབྲག་ནད་ཅན་ནད་མེད་དང༌། །གང་ལས་གྱུར་པའི་ཚུལ་ནི་ཞལ་ལས་དྲིས། །
མི་ཡི་ཚེ་རྩ་མཁལ་མ་ཁྲག་འདྲེས་རྩ། །ལོ་གསུམ་དག་ན་འཆི་བའི་རྟགས་སུ་འདོད། །མཁལ་རྩ་སྟོར་ལ་སྙིང་རྩ་ལན་གསུམ་འཕར། །གླིང་བཞི་པོ ར་ལ་རྟགས་སུ་འདོད་པའོ། །སྙིང་རྩ་སྟོར་ནས་ང་རྩའི་སྡོད་བཞིན་དུ། །ངེས་མེད་འཇོག་པས་ཡང་ཡང་འཕར་བ་ནི། །ཡུལ་ལ་འཕོ་འཆུག་སྐྱས་ཀྱི་རྩ་རུ་འདོད། །རླུང་དང་ཆུ་བའི་འོག་ཏུ་སྟོར་ཏེ་འཆོལ། །རྟོག་དཔྱོད་བྱས་ན་གྲངས་ལ་ངེས་མེད་འཁྲུལ། །ཞང་པོ་ཞང་ཉེ་ལོ་གཅིག་ཚུན་དུ་འཕུང༌། །དེ་སོགས་རྩ་མདོ་མེ་ལོང་ནང་དུ་བལྟ། །གློ་ནད་ཅན་ལ་མཚེར་རྩ་མེད་ན་འཆི། །བད་ཀན་ཅན་ལ་ང་རྩ་སྡོད་ན་འཆི། །རྒྱལ་པོ་ཕོ་བྲང་གནས་ནས་བསྐྱོད་ན་འཆི། །ནད་མ་གྲོལ་བར་ནད་རྩ་གྲོལ་ན་འཆི། །གདགས་སྲིབ་ལོག་ན་ཉི་མ་གསུམ་ན་འཆི། །ཆད་ནས་འདྲིང་ན་ཉི་མ་གསུམ་ན་འཆི། །འཁྱིག་ཅིང་སྡོད་ན་ཞག་གཅིག་དག་ན་འཆི། །རྩ་མགོ་སངས་ནས་ནད་མེད་རྩ་འདྲ་ལ། །སྐབས་སུ་རེས་འཇོག་བྱེད་ན་གཉེན་ལ་སྡོད། །སྙིང་རྩ་མི་བདེ་གཞན་རྣམས་སངས་པ་ན། །ནོར་ལ་ཆགས་པའི་རྩ་རུ་ཤེས་པར་བྱ། །འཆི་ཆུའི་འགྱུར་ལྡོག་རྣམས་ནི་འདི་ལྟར་རོ། །རླུང་ཅན་ཆུ་ལ་མེ་འོད་ཆགས་ན་འཆི། །བད་ཀན་ཆུ་ལ་ཁྲག་ཏུ་བྱུང་ན་འཆི། །ཁྲག་ཅན་ཆུ་ནི་སོལ་ཁུ་འདྲ་ན་འཆི། །དམུ་ཆུའི་ཆུ་ནི་སྐྲན་ཆུ་འདྲ་ན་འཆི། །ཚ་བ་གྲང་བར་ལོག་ན་མྱུར་དུ་འཆི། །གྲང་བ་ཚ་བར་མྱུར་དུ་ལོག་ན་འཆི། །རྩ་ཆུ་གཉིས་པོ་གདགས་སྲིབ་ལོག་ན་འཆི། །ལོ་འདབ་མར་ནག་ལྟ་བུ་དེ་བྱུང་ན། །ནད་རིགས་གང་མ་བྱུང་ཡང་འཆི་བར་
འགྱུར། །འཁྲུགས་པའི་ཆུ་ནི་དྲི་མ་སངས་ན་འཆི། །གསལ་དང་མདངས་ལྡན་ངས་མེད་དོན་དང་སྣོད། །ཡང་འགྱུར་ཡང་མི་འགྱུར་བས་དོན་ཁྲག་གསལ། །དེ་དག་རྣམས་ནི་ཁྲག་གི་འཆི་ལྟས་ཡིན། །ཕྱི་ཡུལ་མིག་ཉམས་དང་གར་ཡང་མི་འོང༌། །སྐོམ་དང་དབང་པོ་འགྲིབ་དེ་སྤྱི་རུ་འདོད། །ཚད་པའི་རྟགས་སུ་སོ་དམར་མགོ་མིག་འཁྱོགས། །ཁ་སྐམ་ཕྱི་བལྟས་ང་རྒོད་ཡང་ཡང་སྐྱེ། །མིག་དམར་མཆུ་དང་གདོང་དམར་རྡུལ་དྲེག་ཆགས། །རླུང་ལ་འཆི་རྐྱེན་གསོ་རྐྱེན་བརྟག་པ་བདེ། །མི་ནོར་རྟགས་སུ་དར་རྩ་ཆེན་བསྐྱོད་པ་འདྲ། །མཁྲིས་པའི་འཆི་ལྟས་དང་ག་འགགས་པ་དང༌། །སུར་ཡར་གྱུར་ནས་ལུད་པ་དབུགས་མི་བདེ། །ཁྲག་དང་གཉན་ནི་བཅོས་མ་ཚུད་ན་འཆི། །ཚད་རྙིང་གཏིང་དུ་བྱིང་ཞིང་འཐིབས་པ་དང༌། །བྱང་ཁོག་ནང་ནས་བྱིའུ་སྐད་འདོན་ན་འཆི། །སྐྲན་ནད་ཟུག་གཟེར་ཡང་ཡང་སྐྱེས་ན་འཆི། །དམུ་ཆུའི་འཆི་ལྟས་རྫོང་དྲུག་ཤོར་ན་འཆི། །བད་ཀན་འཆི་ལྟས་ཁྲག་མཚོ་རྡོལ་ན་འཆི། །འཆི་བའི་ཁྲག་ནི་ཁུ་བ་དང་ནི་མཁྲིས་ཁུ་འདྲ། །སྐྲན་ནི་གཏར་ཀ་མ་ཐེབས་སྨན་མི་ལེན། །འགྲུལ་གྱིས་སློང་ན་འཆི་བར་འགྱུར་བ་ཡིན། །རྩ་ཆུ་ཕྱི་ཡུལ་ཁྲག་དང་རྣམ་བཞི་ལ། །མི་འདོད་རྟགས་རྣམས་ཤར་བར་གྱུར་པ་ན། །འཆི་དུས་བཏབ་ལ་ནད་འདི་དོར་བ་གཅེས། །དེ་ལྟར་མི་འདོད་རྟགས་རྣམས་མ་ཤར་ཞིང༌། །རྩ་དང་ཆུ་ལ་སྐྱེད་ཐོན་ཕྱི་ཡུལ་དུ། །ནད་དང་བྲལ་བའི་མངོན་རྟགས་རིམ་གསལ་ན། །བཅོས་ཀྱིས་ནད་སེལ་རང་གཞན་དོན་
འགྲུབ་འགྱུར། །བདག་གིས་ངོས་འཛིན་འཕྲུལ་གྱི་མེ་ལོང་འདི་བརྩམས་པས། །སྲིད་པར་གནས་པའི་འགྲོ་བ་རིགས་དྲུག་པོ། །མི་མཐུན་ཉོན་མོངས་ནད་ལས་ཐར་བ་དང༌། །བླ་མེད་བདེ་བ་ཆོས་སྐུ་ཐོབ་གྱུར་ཅིག །ངོས་འཛིན་རྟགས་ཀྱི་མེ་ལོང་ཞེས་ནད་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་ལུང་དང་རིགས་པའི་བདག་ཉིད་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་བྱ་བས་མཛད་པ་དེ་ལས་ཕལ་ཆེར་ཚིག་སྣ་བསྡུས་ཤིང༌། ཕལ་ཆེར་གཞུང་ཇི་བཞིན་དུ་མི་ཕམ་པས་བཀོད་པ་མགོན་པོ་དེའི་དགོངས་པ་དྲི་མེད་གསོ་རིག་གི་བསྟན་པ་རིན་པོ་ཆེ་མཆོག་ཏུ་རྒྱལ་ཞིང་རྒྱས་པར་གྱུར་ཅིག །རབ་ཚེས་མཛེས་བྱེད་ཆུ་ཡོས་ཟླ་བ་གཅིག་པའི་ཚེས་གཉིས་ལ་ནགས་ཆུང་མའི་རི་ཁྲོད་དུ་ཤོག་དྲིལ་སྐོར་ལས་དཔེ་བཤུ་བྱས། སླར་ཐུན་མོང་ལྕགས་ཁྱི་ཟླ་བ་དྲུག་པའི་ཚེས་བཅུ་དགུ་སྐོར་གཉིས་ཀ་དཔེ་བཤུ་གྲུབ་པ་འདི་རང་ལ་མཁོ་སྤྱད་ཡིན་གྱི་གཞན་ལ་ང་ཕྱོགས་ཙམ་མི་སྤེལ་མི་སྟོན་ཏེ་གཞུང་གི་བཀའ་འདྲ་མིན་དུ་བསླད་དོགས་པས་རེ་ཤིག་རང་དོན་བྱ། སླར་དབྱིངས་སུ་བསྟིམས་ཤིག །མངྒ་ལཾ༔ མ་དཔེ་དང་ལེགས་པར་བསྡུར་ཡོད། སླར་དཔེ་གཞན་བསྡུར་དགོས་འདུག་དགེ། མ་དཔེ་དང་བསྟུན་ནས་ལེགས་པར་ཞུ་བཅོས་གང་ཤེས་བགྱིས། དོན་གོ་རྒྱུ་མེད་པ་དང༌། ཚིག་མི་ཚང་བ་འགའ་སྣང་བ་བཅོས་མ་ཤེས། སླད་ནས་དཔྱོད་མཛོད། །༈ བྱུག་པའི་སྐོར། མེས་ཚིག་ལ། རྟའམ་བོང་བུའི་མཚེར་བ། སྲམ་བྲུན།དབྱི་ཆུང༌། སྒོང་ཐོག་འབྲུ། བུལ་ཏོགསུག་པ། སྐྱེར་པ། མཁར་གོང་དཀར་པོ།དུར་རུས། ཤ་རུ་བཙའ་མ། ཆུ་བལ། ཆུ་རྩའི་ཕྱེ་མ་རྣམས་མར་ནག་གམ་རྐང་མར་དུ་བསྐོལ་བ་ཞོ་ཙམ་བྱུགས་སྟེང་ན་འདི་ཟབ་གསུངས་སོ། །ཆུ་ཚན་གྱིས་ཚིག་པ་ལ། ས་མྱགཆུ་བལ། མ་གི་ཏ། མཁྲིས་སྣ་ལོ་བརྒྱད་ཆུ་
སྦྱར་བྱུགརེག་པ་ཙམ་གྱིས་ཕན་པས་གསུངས། ། ༈ ཅོང་ཞི་བྲག་ཞུན་སིནྡྷུ་ར། སྟར་ཞུན། བཙན་དུག་བསྲེགས་ཐལ་རྣམས་བའམ་རའི་ཀླད་པས་སྦྲུས་ལ་བྱུགས་པས་སྐྲང་པ་ཚ་གྲང་གང་ཡིན་ཡང་འདི་མེད་གསོ་མི་ནུས་འདི་ལ་རེག་པས་ཟུག་ཞི་ཟེར། ཡང་སྐྲང་ཚ་གྲང་གང་ལ་ཡང་རི་ཤོ་སྤྱང་ཚེར་ལྕ་བ། མཁན་དམར། སྤྲུ་ནགབོང་ང༌། རྟ་གསེབ་སྔོན་པོའི་སྦང་རྣམས་ཞིབ་བཏགས་ཨེ་ཀྲོ་ཏ་སྦྱར་གླ་རྩི་དྲི་ཐོན་བསྲེས་ཏེ་བྱུགས་པས་གཉན་སྐྲངས་སྐྲན་ཀུན་ཀུན་ལ་ཐེང་ཆོག་བདུད་རྩིའོ། །ཡང་གཉན་སྤྱི་འཇོམས་འབྱར་ནི། བྲག་ཞུན། བཙན་དུག་སྤྱང་བྲུན། ཆང་ཕབ། དུད་པ་རེ་ལྕགལྕགས་ཀྱུ་བ། ཐར་ནུ།ཆུ་རྩ། མུ་ཟི། སྤྲུ་ནགསྟག་ཤཤུ་དག་རྣམས་བྱིས་པའི་ཆུར་སྦྱར་ལ་བྱུགརླན་མ་བསྐམ་འབྱར་གྱི་གནད་དོ་ཞེས་གསུངས། འདི་རྣམས་ཟུར་མཁར་ཆོས་རྗེའི་ཁྱད་ཆོས་སོ། །བྱུག་སྨན་རེག་པ་འབུར་འཇོམས། གུ་གུལ་འཛིན་པ།དྲི་ཆེན་དགེ་སློང་སྔགས་པའི། མུ་ཟི། རི་བོང་བྱ་ཁྱི་སྤྱང་བྲུན། ཐར་ནུ་རེ་ལྕག་བྲག་ཞུན་སྟག་ཤཡུང་བ་ལྡོང་རོས་བ་བླ་སྤྲུ་ནག་རྩ་བ་ཆུ་རྩ་དུད་པ་སྨན་ཆེན་བཅས་ཞིབ་བཏགས། རང་ངམ་ཡོན་ཏན་ཅན་གྱི་དྲི་ཆུར་སྦྱར། གར་སླ་འོ་མ་ཙམ་བྱས་ལ། སྦྱར་ཚད་ལག་ལེན་ཞིབ་པར་ཞལ་ཤེས། སྐྲང་མགོ་མ་འབུར་བའི་རིགས་ལ་ཕྱི་ནས་བྱུགས་པས་རང་སྐོམ་ལ་འགྲོ། སྐྲང་མགོ་འབུར་ན་རྡོལ་མིག་འབུར་ཏེ་བཞག་མཐའ་ནས་བྱུགསྐྲང་པའི་འགྲོས་སྣ་ནོན་པ་གལ་ཆེ།རིམ་པས་གཅིག་སྐོམ་རྗེས་གཅིག་བྱུག་ནས་ཤོག་བུའི་སྲབ་མཐུག་ཙམ་དུ་
བྱུག་རྗེས་འཇམ་ལ་མཉེན་པའི་ཤོག་དེབ་བཏགས། ནང་མ་རེ་བཞིན་རྙིང་པ་རོལ་མེད་བཀྲུས་ནས་གསར་པ་བྱུག་པས་ལྷོག་སྐྲང་དང་གཉན་སྐྲངས་སོགས་སྐྲངས་པ་ཐམས་ཅད་འདི་ཡིས་འཇོམས་པར་བྱེད་དེ་རྫ་མ་ལ་ཐོ་བ་བསྣུན་པ་དང་འདྲའོ། །སྨན་ཆེན་ཨ་རུ་ཤུ་དག་ཕུར་ནག་སྤྲུ་ནག་རྩ་བ་བྱ་ཟེ་སྦྲུལ་ཚིལ་ཕག་སྣ་ངུར་མཁྲིས་རྟ་བོན་ཐལ་བ་གུ་གུལ་བྲག་དྲེག་གླ་རྩི་རྣམས་ཞིབ་བཏགས་ཆུར་སྦྱར་བ་ཕྱིར་བྱུག་ཁོང་དུའང་བཏང་ན་ཉྭ་ལོག་འཁྲུ་སྐྱུགས་གདུག་པའི་ནད་རིགས་ཀུན་འཇོམས་དཔལ་ལྡན་རྒྱུད་ཆེན་ལས་སོ། །སྨན་ཆེན་ཤུ་དག་ཐར་ནུ་མཚུར་ནག་རེ་ལྕག་རྩ་བ་མུ་ཟི་སེར་པོ་དྲུག་ཆ་མཉམ་ཞིབ་བཏགས། འཕྱི་བའམ་ར་ཡི་ཚིལ་ཞུན་ལ་སྦྱར་བ་བྱུག་ནས་ཉི་མར་བསྲེགས་ན་ཤུ་བ་གསར་རྙིང་ཐམས་ཅད་དང་རྨེན་འབྲས་གླང་ཤུ་མེ་དབལ་འཇོམས་ཞིང༌། ས་ནད་དང་གཉན་གཟེར་གནོན་ཚབས་ཆེ་ན་ཟབ་ལག་ཅན།ཆུ་རྩ། གྲང་བ་ཆེ་ན་སྤྲུ་ནག་བསྣན། སྒ་དང་ཤ་རླུང་ཤས་ཆེན། ཆེན་བཏང་བར་བྱ།ཤེའུ་སྔོན་མོའི་ཁྱད་ཆོས་སོ། །ཤུ་བ་ལ། ཆུ་རྩ། བུལ་ཏོགགྲི་རུས། ལྡོང་རོས། ཤུ་དག་རྣམས་བྱུགཡང་མུ་ཟི་རུ་རྟ། རི་བོང་རིལ་མ་བསྲེགས་ཐལ།སྲད་སེར། ཕ་ཝང་དྲེག་པ་ལི་ག་དུར་རྣམས་མར་ཁུས་བྱུག་ཉི་མར་བསྲེགཡང་ཤ་བ་གནའ་བ་མི་རྟ་ཁྱི་རྣམས་ཀྱི་རུས་པ་བསྲེགས་པ་དང་ཧོང་ལེན་སྤང་སྤོས་བཅས་ཆང་སྦྱར་བྱུག་པ་ཉི་མར་བསྲེག་པས་ཤུ་བ་འབྱང་བ་སེལ་ཞེས་ཤོག་དྲིལ་ལས་སོ། །རྒྱུད་ལས། དཱུའུ་རཱ་ཡུང་བ་བཏགས་ཏེ་བྱུག་པས་རྔོ་དང་
ཤུ་བ་སེལ། གཞན་ཡང་མེ་དབལ་ཕོལ་མིག་ཁྱི་རྨ་སོགས་སེལ་བར་གསུངས་སོ། །ཤུ་ཐབས་བྱུང་བ་དང་ཤ་བཀྲ་ལ་བྱང་བ་ཅུ་གང་གུ་གུལ་ནག་པོ་མི་ཞུན་སྦྱར་ཏེ་བྱུག་པས་ཕན་ནོ། །ཡང་ཆུ་རྩ་མུ་ཟི་སྟག་ཤ་དོམ་མཁྲིས་བྲག་ཞུན་གླ་རྩི་ཁྱི་ལ་ཝ་རི་ནི་ལ་ཐོ་ཋར་བཅས་པ་བ་ཆུས་བྲན་པ་བྱུགས་པས་པགས་ནད་ཤུ་ཐོར་ཟ་ཀོང་མེ་དབལ་སོགས་སེལ། གློ་བུར་རམ་རྨ་རྒན་གྱི་ཤའུ་གསོ། ཁྱད་པར་རེག་དུག་གི་ཚ་བའི་ཟུག་གཟེར་བཟོད་མེད་ལ་བདུད་རྩིར་འགྱུར། རྣག་ཆུ་ཅན་ལ་སྐམ་འདེབས། པགས་ནད་གཞན་ལ་འདེ་གུ་བྱུགརེག་དུག་གི་རྨ་ལ་ར་ཁྲག་སྦྱར་ཏེ་བྱུགཁོང་དུ་ར་ཁྲག་དང་ག་བུར་བཏང་བར་བྱའོ། །བུད་མེད་ཀྱི་ནུ་མ་སྐྲངས་པར་འབེན་ཐོག་གི་སྣུམ་བྱུག་ན་ཕན་ཟེར། འདིའི་སྣུམ་བྱུག་པས་སྐྲ་སྨིན་རྣམས་མདངས་ལེགས་ཞེས་ཟེར། བུད་མེད་བུ་བཙས་སམ་མ་བཙས་ཀྱང་རུང་སྟེ་ནུ་སྐྲང་ལ་ར་རིལ་ཁྱོར་ཕྱེད་ར་གཅིན་གྱིས་འདག་པ་བྱས་པ་འཐུག་པོར་བྱས་པ་ཞག་གཉིས་གཡོགས་པས་རྣག་རྡོལ་བའམ་རང་ཞིར་འགྱུར། རྣག་ཡོད་ཀྱང་མ་རྡོལ་ན། སྤང་རྩི་ཤིང་མངར་འོམ་བུ་གསུམ་བརྡུང་བའི་ཁུ་བ་དྲོ་འཇམ་གྱིས་བཀྲུ། རྣག་འབྱམ་ཤུ་དག་དཀར་པོ་འཇམ་པོར་བཞོག་པ་གར་རྡོལ་བའི་བུ་གར་མར་གྱིས་སྦྲུས་ལ་གཞུགཕྱིར་མི་འབུད་པར་བྱ། དམ་པར་བཅིང་ནུ་འདབ་ཡི་གེ་འདྲེ། ཞེས་པའམ་ཡང་ན་ཉ། ཞེས་པ་མཚལ་གྱིས་བྲིས་པས་འཁོར་བར་བྱ། ཉིན་གཅིག་ཤུ་དག་ལན་གཉིས་བྱུག་སླར་མར་གྱིས་བྱུག་པ་སེར་བུ་མ་ཤོར་བར་བྱས་
པས་སོས་ངེས་ཡིད་ཆེས་ཅན་ནོ། །ཡང་བུ་བྱུང་ནས་སྐྲངས་ན། གནའ་བའི་སྤུ་གྲ་མ་ཉམས་པ་དང༌། ཤིང་སྤེན་མའི་མགོ་གྲ་མ་ཉམས་པ། སེང་གེའི་རུས་པ་གསུམ་སླ་ངར་དུ་བ་མ་ཤོར་བསྲེགས་པའི་ཐལ་སྨན་གྱི་ཕྱེད་རུ་རྟ་དང་བསྲེས་པའི་རིལ་བུ་སེང་རུས་ཐང་གི་རྟ་བྱས་ཁོང་དུ་བཏང༌། ཕྱེད་ཕག་ཚིལ་དང་སྦྱར་ཏེ་ཕྱི་ནས་བྱུགཕོལ་དུ་གྱུར་ཏེ་རྣག་གིས་ཟོས་ན། ཁྱུང་ལྔའི་སྟེང་གུ་གུལ་དཀར་ནག་བྱ་ཁྲ། རྒྱ་ཚྭ། མཚལ་དཀར་རྣམས་ཀྱིས་རྩ་བཤལ་བཏང༌། འབྲས་གསུམ་སྐག་བཙོད་ཞུ་མཁན་སོ་ཐོག་རྨ་བྱའི་མདོངས་གླང་རོག་པོའི་རྭ། གུ་གུལ་ནག་པོ། དཀྱིལ་འཁོར་གྱིས་ཚོན་རྣམས་ར་འོར་སྦྱར་ལ་བྱུག་ས་འོག་ནས་བྱུང་རུས་པ་དཀར་པོ། ས་ཡི་དུང་ནི་འོད་ལྡན་དང༌། །སེང་གེའི་རུས་པ་འདི་གཉིས་པོ། །ཆུར་གདུས་ཁུ་བ་ཁོང་དུ་སྐབས་སུ་བཏང༌། ཁ་ཟས་གླ་བ་དགོ་བ་གནའ་བ་གསུམ་གྱི་ཤ་བཏང་བ་མཆོག་གོ །རུས་འདུལ་ཟབ་མོའི་མན་ངག་ནི། རུས་པ་མི་རྟ་ཁྱི་ཕག་ཤ་རུ་བཙའ་མ་ལྔ་དང༌། ཉ་ཕྱིས་དུང་འགྲོན་ཉ་རུས། འབྲུག་རུས་ཏེ་ཆུ་རུས་ལྔ་སྟེ་བཅུ་དང༌། ཆུ་སེར་སྨན་སོ་ཐ༢ལ། ཏིལ་དཀར་ན༢གཟི་༢ར།གུར་གུམ་དཀར་ན༢གབརྒྱད་པོ། ཆ་མཉམ་ཞིབ་བཏགས་ལོགས་སུ་བཞག་བྱས་ཏེ། སྤོས་དཀར་ཆ་གསུམ་ཚ་ལ་ཆ་གཅིག་དང༌། གར་ཆང་ཆ་གཉིས་དེ་ལ་བསྲེ་སྨན་གྱི། ཚོད་དང་སྦྱར་བའི་འབྲུ་མར་རྙིང་པ་བླུགདབེན་སར་རྫ་སྣོད་ནང་དུ་སོལ་མེ་ལ་བསྐོལ། གདོན་གྱིས་ལུད་ཕྱིར་འགྲུལ་བསྲུང་འདྲེས་པར་དཀྲུགདེ་ལ་གོང་གི་ཕྱེ་བཏབ་མ་འདྲེག་དཀྲུགས། དྲོ་འཇམ་དྲིལ་བཏུབ་
དུས་སུ་རྡོ་སྟེང་བྱོ། །གཏུན་བརྡུང་འཐེམ་བྱས་སྤུ་རྡུལ་མི་ཤོར་བའི། །སྣོད་དུ་བཅངས་ལ་རྨ་དཀྲིས་ནམ་ཕྱེད་ཚེ། །མེ་ཉིར་བསྲོས་ཏེ་རྨ་སྟེང་དར་གྱིས་བཀབ། །དེ་སྟེང་རུས་འདུལ་བསླན་ལ་སྐྱི་དཀར་དཀྲི། །དཀྲིས་མ་བརྗེ་དུས་རྣག་དང་ཆུ་སེར་རྣམས། །ཆུ་དྲོན་གྱིས་བཀྲུ་འདི་ཡི་ཕན་ཡོན་ནི། །ཆུ་སེར་གྲང་བས་རྨ་གསར་རྨ་རྙིང་དང༌། །འབྲས་ཆུ་སྐྲངས་པ་རྣག་རུ་མ་ཁུག་དང༌། །རྩ་ཆད་རུས་ཆག་རྨ་ཡི་ཐབས་སོགས་ལ། །གཉེན་པོ་འདི་མཚུངས་མེད་དེ་ཀུན་ལ་གསང༌། །པགས་ནད་ཤ་བཀྲ་ཞེས་པའི་ཤ་མདོག་ཁྲ་བོ་ལ།ཕག་ཚིལ་མུ་ཟི་རྒྱ་སྣག་སྦྲུལ་ཤ་བྱུགས་ན་ཕན། གཉན་མེ་ལྕེ་འཁོར་ལོ་ལ།མི་ཁྱི་ཕག་གསུམ་བྲུན་ནུས་བསྲེག་བྱུགས་ན་ཕན། དུང་དང་མགྲོན་བུ་ཆེ་བ་སོལ་མེར་དུ་བ་མ་ཤོར་བར་བསྲེགས་པའི་ཕྱེ་ཞིབ་མཆིལ་མས་སྦྱར་ཏེ།རྣག་འབུར་ཡོད་སར་རྨ་ཆེ་ཆུང་ཅིག་གོས་ཚད་དུ། ཤིང་བུའི་སྣེ་ལ་གར་སླ་ཞོ་ཙམ་བྱས་ཏེ། ཞག་གཅིག་ཐང་གསུམ་བཞིར་བྱུགས་ན། ལྕགས་སྲེག་གིས་ཕུག་མི་དགོས་པར་རང་རྡོལ་འོང་ངོ༌། །ཤུ་བ་སྤྱི་འཇོམས་སྨན་ནི། གྲེས་མ། ཆུ་རྩ། ར་རུ། ཕབས། ལྷམ་སྐྲད་ལྔ་པོ་བསྲེག་ཐལ་ནག་པོའི་ཕྱེ་ཞིབ་མར་དཀར་སྦྱར་ནས་ཤུ་བའི་སྟེང་དུ་བྱུག་སྟེ་ཉི་མར་བསྲེགས་པས་ཆོམ་གྱིས་འགྲོ། དེ་རྗེས་ལུག་རྭ་བསྲེགས། ཐལ་ནག་ཞིབ་བོ་དང་བཅས་འོ་མར་སྦྱར་ཏེ་བྱུགས་པས་གཏིང་འདོན་ཟབ། འདིས་ཤུ་བ་ཀུན་འཇོམས། ཁྱད་པར་རྟ་བོང་གི་འཕོང་ཤུལ་ཐེང་ཆོག་གོ །འབྲས་བུ་སྐྲངས་པར་བཙན་དུག་པི་
ལིང་མར་རྙིང་སྦྱར་བྱུག་ཉི་མར་བསྲེགས་པས་ཕན་ནོ། །བ་བླ་སྡོང་རོས་མུ་ཟི་མུ་ཚལ་གུ་གུལ་ནག་པོ་རྣམས་བྱིས་པའི་ཆུ་ལ་སྦྱངས་ཏེ་བྱུགས་པའི་སྟེང་ཤོག་སྤྱིན་གླན་ལ་བཞག་ཞག་གཉིས་ནས་བླངས་ཏེ་བལྟས་པས་སྔར་ལྟར་མ་འགྱུར་བར་འདུག་ན་འབྲས་ཡིན། འགྱུར་ན་སྐྲངས་འབུར་གཞན་ཡིན།འབྲས་བརྟག་པའི་བྱུག་པའོ། །གསེར་མུ་ཟི། གཡེར་མ་སྦྲང་སྨྱོན་རྣམས་བྱིས་པའི་ཆུས་སྦྲུས་ལ་སྤར་བུའི་ནང་དུ་བཅུག་ཁ་ཤོག་བུས་བཅད་སྟེང་དུ་ས་སོར་བཞིས་བཀབ། དེ་སྟེང་ལྕི་མེ་སུམ་ཡར་དུ་བཏང༌། དེ་ནས་བླང་སྟེ་སྨན་དེ་བསྐུས་པས་རུས་རོ་རྒྱུས་སྐྱོན་འགོག་ཅིང་ལེན་པའི་ཐབས་ཡིན་ནོ། །འཛེར་པ་ལ་སྤང་སྤོས་ཞིབ་བཏགས་བ་དམར་འོ་མ་དང་དེའི་ཆུའི་ལྡེ་གུ་བྱས་ལ། སྲོད་ཉལ་ཁར་ལག་པ་བཀྲུས་ལ་སྨན་དེ་འཛེར་པ་གར་ཡོད་དུ་བསྐུ་ཞིང་ལག་པས་འཛེར་པ་ཕུར། ནང་པར་ལག་པ་མི་བཀྲུ། དེའི་ནུབ་མོ་ཡང་སྔར་བཞིན་བྱ། དེའི་ནང་པར་ལག་པ་དག་པར་བཀྲུས་ལ། དེ་ལ་ཚྭ་བསྐུས་ནས་བ་ལང་ལ་ལྡག་ཏུ་གཞུགདེ་ལྟར་ལན་གསུམ་བྱས་ན་འཛེར་པ་ཐམས་ཅད་ལ་ཕན་ནོ། །འདི་གསུམ་རྒྱལ་པོའི་དཀོར་མཛོད་ལས་སོ། །བད་མཆུ་ལ། ཨ་རུ་བུར་མ་ཐར་ནུ་རྣམས་ཞོ་སྦྱར་བྱུགདར་དམར་བཀབ་སྟེ་བཞགཞག་གསུམ་ནས་བསྡུ་དེས་འཚོའོ། །སྦང་མ་སེང་ཕྲོམ་རུ་རྟ་པི་ལིང་འབྲས་གསུམ་བཙོད་རྣམས་ཆ་མཉམ་སྦྲང་སྦྱར་ལྟོ་སྟོངས་རྙིལ་ལ་བྱུག་ན་སོ་སྲ། ཆུ་སེར་ཀོ་ལའི་སྤྱིཁྲུས་ནི། རུ་རྟ་བྱང་བ་སྦོད་ཕོ་རིས་པི་ལིང་སྤོས་དཀར་རྒྱ་ཚྭ་རྣམས་ཞིབ་
བཏགས་ཟོ་མར་སྦྱར་ནས་བསྐུས། ཡང་ན་ཆང་ལ་བསྣུར་ཏེ་བྱུགས་ནས་ཉི་མར་བསྡད་པས་ཕྲལ་དུ་ཕན། གླ་རྩི་དང་ནག་མཚུར་གྱི་གྲུང་ཆུ་ཁ་ནང་བཟུང་བས་མཁུར་བཀང་བྱས། ཡུན་ཙམ་ནས་ཕྱིར་ཕོ་ཁོང་དུ་མི་རྨིད། དེ་འདྲ་ལན་གསུམ་བྱས་པས་ཞག་རེ་གཉིས་ནས། ཁ་རུལ་དྲི་ངན་སེལ། རྙིལ་ཆད་པ་གསོ་བྱེད་ཛོ་ཀིའི་མན་ངག་གོ །གོང་མོའི་རིལ་མ། ཕ་བ་དགོ་དགོརེ་ལྗག་ཆུ་རྩ་ཐར་ནུ་ལྔ་པོ་ཆམ་བརྡུང་བྱས་པ་ལྕགས་སྣོད་དུ་ཅུང་ཞིག་བརྔོ།སླར་ཞིབ་བཏགས་མར་སྦྱར་བྱུགས་ནས་ཉི་མར་བསྟན་པས་རྒྱ་ཐོར་ཞི་བར་འགྱུར་རོ། །ཁྲག་གཅོད་ཐབས་རུས་པ་གང་རུང་བསྲེགས་ཐལ། ནས་བསྲེགས་ཐལ། རྫས་བསྲེགས་པའི་གྱོ་མོ་ཞིབ་བརྡུང་གསུམ་རྨ་ཁར་བཏབ་པས་ཆོད་དོ་ཞེས་རིག་པ་འབུམ་ཆེན་ལས་སོ། །གོ་སྙོད་གླ་རྩིའི་ཆུས་དགོང་མོ་ལྟེ་ཁུང་བྱུགས་ན་མིག་གསལ་གངས་ཀྱིས་མིག་མི་ཕྱིད་ཅེས་བི་མ་སྙིང་ཐིག་ལས་སོ། །རླུང་གིས་དཔུང་ཚིགས་གཟེར་ཞིང་ལག་པ་ཞ་བར་ལུག་རིལ་ཆང་བཙོས་ལུམས་ཀྱིས་ཕན། ཡང་ན་རྩ་བ་ལྔ་སྟེང་ལུག་རིལ་བསྣན་པས་ལུམས་མཆོག་གོ །ནི་ལ་ཀ་ཁང་རྩ་ལོ་རྐང་ཞིབ་བཏགས་ཆ་གཅིགཤིང་ཀུན་དང་སྣུམ་ཆ་བཞི་བསྲེས་པས་ལྟེ་བར་བྱུགས་ན་སྦོ་འཁྲོག་གི་ང་རིགས་ཀུན་ལ་ཕན། ། ༈ གཟི་མདངས་གཙོ་བོ་མུ་ཟི་མདངས་མེད་སྲད་མ་སྟེ་ཆ་བརྒྱད། དུར་བྱིད་ཐར་ནུ་ཤུ་དག་སྨན་ཆེན་སྔོའི་ཚ་བ་གསུམ། ཆུ་རྩ་བུལ་ཏོག་ཀྱི་ལྕེ་དཀར་པོ། སྟག་ཤ་བྲག་ཞུན་རེ་ལྕག་དུད་པ་
རྒྱ་ཞུན་ཆ་རེ་བྱུག་པ་དང་ལུམས་བྱས་པས་འོར་སྐྱ་རྦབ་དྲེག་གྲུམ་ཆུ་སེར་རྩ་དཀར་གཟའ་ནད་ཀྱི་ཡན་ལག་རེང་འཁུམ་དང་ལུས་ཞུགས་སེལ། ༈ མུ་ཟི་སེར་པོ། བོང་ང༌། བྱང་བུལ། པི་ལིང༌། ཚྭ་རྙིང༌། གྲེས་ཐལ་ཐུན་ཚད་མཉམ་རྟ་རྨིག་བཙའ་མ་མེར་བསྲེགས་ཐལ་བ་དང་ཆུ་རྩ་གཉིས་པོ་ཐུན་བལྡབ་མར་རྙིང་སྦྱར་བྱུག་ཟ་འཕྲུག་ཟ་ཀོང་སེལ་བའི་སྨན་མཆོག་གོ ། ༈ སྲིན་ཐོར་ལ། དྭ་རྩ། བྱི་ཏང་ཀཙི་ཏྲ་ཀབཙན་དུག་སྦྱར་བ་བྱུགས་པས་སེལ། མར་ཞུན་ནང་དུ་དུ་བ་སུམ་གཉིས་ཚྭ་སུམ་ཆ་བཏབ། རྣམ་སྣང་ཅུང་ཟད་བསྲེ། མི་བསྐྱོད་པས་ཁ་སབ་སྟེ་བསྐོལ་ཞོ་ཙམ་སོང་དུས་བྱུགས་ན་ཤུ་བའི་སྨན་མཆོག་གོ །མུ་ཟི་སེར་པོ་ཐར་ནུ་རེ་ལྕག་རྩ་བའི་ཐལ་བ་མར་སྦྱར་བྱུགས་པས་ཟ་འཕྲུག་སེལ། ཤ་བཀྲ་ལ་མེ་ཏོག་ལྕེ་ཚའི་ཕྱེ་མ་ཕག་ཚིལ་སྦྱར་བྱུག་ཉི་མར་བསྲེགས་པས་དང་པོར་དཀར་པོར་འགྱུར་ཞིང་དེ་ནས་རིམ་གྱིས་སེལ་ལོ། །༈ ཡུངས་ཀར། ཤུ་དགཤིང་ཚྭ། སེང་ལྡེང༌། མཚུར་རྣམས་བཏགས་ཏེ་དར་བས་བྱུགས་ན། གདོང་གི་ཤ་བཀྲ་ཤུ་བ་སྨེ་བ་སོགས་སེལ་ཞིང་གདོང་གི་མདངས་ལེགས་པར་འགྱུར། ཁྱི་ལུད། ཚྭ་སྣ་གསུམ། རྟ་ཡི་ཆུས་སྦྱར་བྱུགས་ངོ་མདོག་འགྱུར་བ་སེལ། ཡུངས་ཀར་ཤུ་དག་སེ་འབྲུ་ཞུ་མཁན་རྒྱ་ཚྭ་རྣམས་ཀྱི་ལྡེ་གུ་བྱུགས་པས་འབྲུམ་པ་ཁྱེ་མ་ངོ་ཤིག་སེལ་ཞིང་མདངས་ལེགས་སོ། །ཆུ་སེར་སོགས་བྱུག་པ་སྤྱི་སྨན་མང་སྦྱོར། ཨ་རུ། ཤུ་དགབོང་ང་ཆུ་སེར་སྨན་གསུམ། སྒ་སྐྱ། གོ་སྙོད། རུ་རྟ། ཐར་ནུ། ཆུ་རྩ། བུལ་ཏོག
ཚྭ། ཕབས། མུ་ཟི། སེང་ལྡེང་ཁཎྜ། ཁང་རྒན་དུད་པ། རྟ་རྨིག་བཙའ་མ་དང༌། རེ་ལྕག་བསྲེགས་ཐལ། རྭ་གཞོབ་རྣམས་དང༌། སྔོ་ཡི་ཚ་བ་གསུམ།སྟག་ཤབྲག་ཞུན། ཀྱི་ལྕེ་དཀར་པོ་རྣམས་བྱུགས་པས། ཆུ་སེར་དྲེག་གྲུམ་སོགས་དང་ལྤགས་ནད་རིགས་དྲུངས་ནས་འབྱིན། འདི་མར་རྙིང་ངམ་ཕག་ཚིལ་སྦྱར་ཏེ་བྱུགཡང་ན་ཕག་ཚིལ་སྦྱར་བྱུག་གང་ཡང་ཉི་མའམ་མེར་བསྲོ་ཡང་ཡང་བསྐུ་མཉེ་བྱ། ཟ་འཕྲུག་ལ་སྔོན་བུ་བུང་ཆེར་བསྣན། ཞོ་སྦྱར་བྱུགའདི་སྟེང་བ་བླ་ལྡོང་རོས་མཚུར་ནགསྤྲུ་ནགགུ་གུལ་སྦྱར། འཕྱི་བའམ་ར་ཚིལ་ཞུན་མས་བྱུག་སྟེ་མེའམ་ཉི་མར་བསྲེགས་ན་ཤུ་བ་རྨ་རོ་ཐོན། སྐྲངས་རིགས་ལ་ཆུར་སྦྱར་བྱུགས་པས་སེལ་ལོ། །མི་ཕམ་པས་ཕྱོགས་བསྡུས་སོ། །དེ་སྟེང་དུང་འགྲོན་ཐལ་མི་རྟ་ཁྱི་རུས་བསྲེག་པ། ར་དུག་པ་བཅས་བསྣན་ན་བཟང༌། ཙན་དན་མར་ཁུར་སྦྱར་བྱུག་བཟང༌། རྐང་པ་དྲེག་གྲུམ་ཆུ་སེར་གྱིས་སྐྲངས་པ་ལ། ཙི་སྟག་མོ་ཆུ་མ་རྩི་ཀྱི་ལྕེ། རྒྱ་ཚྭ། བྱང་བ། གཡེར་མ། སྤོས་དཀར། ཆིག་སྐྱེས། ཐལ་རྡོར། སོ་མ་ར་ཙ་དང་དགུ་སྦྱར་ནས་ན་སར་བཀྲུས་ནས་སྨན་དེ་བསྐུས་པས་ཆུ་སེར་ཆུ་བུར་འོང༌། དེས་མ་བྱུང་ན་སྔོ་ཚ་བ་གསུམ་བསྣན་པས་ཐེ་ཚོམ་མེད། སྨན་གྱི་མཐའ་ལ་སྦྲང་རྩི་བུ་རམ་མ་བྱུག་ན་ཆུ་བུར་རྒྱ་ཆེན་པོར་མཆེད་པར་འགྱུར། ཟབ་བོ། །དངུལ་ཆུ་བཤིག་དང་ཟངས་ཐལ་ཕྱེ། དངུལ་ཐལ། སྨན་ཆེན་བསྲེགས་ཐལ། ནག་མཚུར། ཕུག་རོན་ནས་ཟན་བྲུན་རྣམས་སྦྲང་རྒོད་སྦྱར་ཏེ་མར་རྙིང་བྱུག་ནས་འབྲས་ལ་རེང་བུ་
རྨ་གཏིང་དུ་བསྐྱལ། ཤོག་བུས་ཁ་བཀབ་ལ་བཞག་པས་ཅུར་འདོན་བྱེད་དོ་ཟབ། ཁ་ལྷོར་བསྟན་གྱི་ཉི་མའི་ལྡན་གྱི་མོ་དབྱི་མང་ས་འབྱར་ཐུང་བ་དེ་ཡིན་ནམ་དཔྱད། གཡི་ར་མེད་སྔོན་པོ་དེ་ཞིབ་བཏགས་སླ་ངའི་ནང་དུ་ནས་བདུན་ཚིག་པའི་བར་དུ་བསྲེགདེ་ནས་མར་བླུགས་ལ་ལེགས་དཀྲུག་སྐ་སླ་རན་པའིལྡེ་གུ་འབྲས་དང་རྨ་རྒན་གཉན་མེད་པ་དང་རྟ་བོང་གི་རྒལ་རྨ་སོགས་ལ་གླན་པས་ཕན། རྐང་འབམ་དང་ཤ་བཀྲལ། སླེ་ཏྲེས། སྦང་རྩི་དོ་བོ། བཙོད་མདུད། བྲག་ཞུན། ཨ་རུ་ར། སེང་ལྡེང་དྲུག་གི་ཐང་བཏང་བས་ཆུ་སེར་གྱི་ཚ་བ་ཆོགརྐང་ལག་སྐྲངས་པ་དང་ཚ་འཁྱུག་ལ། སྨན་ཆེན། བྲག་ཞུན། ཀོབྱི་ལ། སྤོས་དཀར། སེང་ལྡེང༌། བུལ་ཏོག་དྲུག་ཞིབ་བཏགས་རང་གི་དྲི་ཆུ་སྦྱར་བ་ཡང་ཡང་བྱུགས་པས་སྐྲངས་པ་གཞིལ་ཟུག་ཆོགཐང་མི་འཐུང་ན་རྩ་ནད་ཁོང་སྲུང་ལ་དངུལ་ཆུ་རིལ་བུ་དང༌། ཁྱུང་ལྔའི་རིལ་བུ་བདུན་ཙམ་རེ་ཟའོ། །བྱད་ལ་ངོ་ཤིག་དང་སྲིན་བུ་བྱུང་ན་ཡུང་བ། ལྒ། ཞུ་མཁན་གསུམ་ཞིབ་བཏགས་ཆུར་སྦྱར་བྱུགས་པས་སེལ། སོལ་ཐལ། བྱ་བལ། རྡོ་ཞོ། བུལ་ཏོགཡུང་བ། སྒ་སྐྱ། རྒྱ་ཚྭ། སེང་ཕྲོམ། ཆུ་མ་རྩི་རྣམས་ཞིབ་བཏགས་ཆང་སྐྱུར་སྦྱར་ནས་བྱུགས་པས་འཛེར་བ་དང་སྨེ་བ་ངོ་ཤིག་སེལ་བར་ཚེགས་མེད་དོ། །༈ ཁྱེའུ་འཐུངས་ནུ་ཞོ་གུར་གུམ་སྦྱར་ཏེ་རྨ་ལ་བྱུགས་ན་ཤའུ་མི་ལྡོག་གསང་སྨན་ཡིན། རྨ་རྙིང་འཚོ་མི་འདོད་པ་དང༌། སྙད་འདོགས་ཡོད་པ་ལ། བྲག་སྤོས། ཆུ་རྩ། ནུས་པ་ཅན་གྱི་དྲི་ཆེན་སྐམ་པོ་གསུམ་གྱི་ཕྱེ་མ་བཏབ་པས་
སེལ་ལོ། །རྨ་འཚོ་སྨན་ལ། སོས་ཀའི་ཐར་ནུའི་ལོ་མའམ་མྱུ་གུ་སུམ་ཆ། དེའི་དུག་གསོད་དཔའ་སེར་དང་ཨ་རུ་རྒྱ་གར་མ་སུམ་གཉིས་དོམ་མཁྲིས་ཐུན་ཆེ་བ་གཅིག་བཅས་དེ་བཞི་སྦྱར་བ་རྨ་གང་ལ་བཏབ་ཀྱང་འཚོ་སྨན་སོས་སྟོབས་འདི་ལས་ཆེ་བ་མེད། ཐར་ནུའི་ལོ་མ་ཆེས་ན་སྐྲངས་འོང་བས་ཚོད་ཟིན་པར་བྱ། ནན་གྱིས་བསད། ལོག་ནོན་དུ་མགོ་མཇུག་བཟློག་བཟླས་བཏབ། རྨ་ཁ་ཆེ་དྲགས་པ་ལ། མཛེ་ཚྭ། དོམ་མཁྲིས། བྲག་སྤོས་ལྡུམ་བུ་རེ་རལ། བོང་ང་དཀར་པོ་ལྔ་མཚལ་གྱིས་མདོག་འགྱུར་ཙམ་བྱས་པ་ཞིབ་བཏགས། རྨ་ཁ་གུར་གྱིས་ཆུས་བཀྲུས་ལ་སྨན་སྐམ་འདེབས་བྱ་ཟབ་བོ། །སྐྲངས་འབུར་ལ་ཀོ་བྱི་ལ་དང༌། མ་རྡ་ཕ་ལ་གཉིས་པོ་ཞིབ་བཏགས་བུ་རམ་བསྲེས་ཏེ་བསྐུས་པས་ཕན། ཁྱི་སྨྱོན་གྱིས་རྨུགས་པར། ཀོ་བྱི་ལ་དང༌། ཤ་ཕོ་རུ་རྟ་གཉིས་ཞིབ་བཏགས་སྣུམ་བསྲེས་རྨར་བསྐུས་ཤིན་ཏུ་ཕན། །བྱང་བུལ་བཟང་པོ་ནུ་ཞོ་སྦྱར་བྱུག་མེས་ཚིག་རྨ་ལ་ཕན། ལུས་ལ་ཕོལ་མིག་བྱུང་ན་ཡུ་མོ་མདེའུ་ཞིབ་བཏགས་བཏབ་པས་ཕན། སྤྱང་ཀིའི་བྲུན་དཀར་པོ་ཁྱི་ལུད་བཅས་ཞོ་ལ་སྦྱར་བའི་ལྡེ་གུ་བྱས་པ་ཚན་ཆེར་བྱུག་རྨ་ལ་སྐྱོན་མི་འཆོར་རོ། །རྨ་རེད་ཅིས་ཀྱང་མ་ཕན་པ་ལ་བྱུགས་པས་ཐུབ་བོ། །མེས་ཚིག་རྨ་ལ་ཁྱི་ཁྲག་སླེབས་ཆོག་ཡིན། སིནྡྷུ་རས་བྱུགས་ཀྱང་ཕན། ཐབ་རྒོད་ལ་སྲོ་མ་ར་ཙ་བ་ལང་གི་ཆུར་སྦྱར་ནས་བྱུག་པས་ཕན། རྟ་སྤུ་བསྲེགས་ཐལ་རྨ་ཁར་བཏབ་པས་ཁྲག་ཆོད། སྣ་ནང་བཏབ་ན་སྣ་ཁྲག་ཆོད། བྱིས་པ་ཁ་ལང་མཚལ་ཆེན་ར་འོའི་
ནང་དུ་བརྡུངས་ལ། ཁ་ནང་རྙིལ་སོགས་ལ་བྱུགས་པས་ཐུབ་པ་ལག་བླང་མའོ། །རྐང་པའི་སེར་ཁ་མ་སོས་སྤྱིན་བཟང་བྱུག སྐྲད་དུམ་ཞིག་གླན་ན་སོས། ཀོ་བྱི་ལ་བརྡར་བའི་ཁུ་བ་བྱུགས་པས་རྒྱ་ཤུ་སོགས་སེལ། ཁྱི་རྔོ་ལ་ཤོ་མང་གི་རྩ་བ་བརྡུང་ལ་མར་དང་སྦྱར་ཏེ་བྱུགས་ནས་ཉི་མར་བསྲེགས་པ་ལན་གཉིས་སམ་གསུམ་གྱིས་སེལ། རྐེད་པ་སོགས་ཆུ་སེར་གྱིས་ན་བར་རང་གི་དྲི་ཆུས་བཀྲུས་ནས་གཡེར་ཕྱེ་སྣུམ་བསྲེས་བྱུགས་ནས་མེར་བསྲོས་པས་ཕན། རླིག་འབྲས་སྐྲངས་པར་མིའི་ཐོད་པའི་རུས་པ་ཞིབ་བཏགས་ཆུར་སྦྱར་བྱུག་པས་ཕན། མཆུ་གས་པར་སྤྱི་བོར་མར་བྱུག་པས་ཕན། སེན་སྐྱི་གས་པར་ལྟེ་ཁུང་དུ་མར་བྱུག་པས་ཕན། ཉལ་སྟབས་སོགས་ཀྱིས་གཉའ་བ་རེངས་ཏེ་སྐེ་བསྒྱུར་མི་ཤེས་པ་ལ། སྐེ་དང་གཉའ་ལྟག་ཏུ་ཚྭ་དང་མར་སྦྱར་ཏེ་བྱུགས་ལ་ལག་པས་མཉེས་ན་ཕན། །བྱ་ཐི་བའི་སྒོ་ངའི་ནང་ཆུ་རྐང་བ་ལ་བྱུགས་ན་སེར་ཀ་མི་འོང༌། ཕུག་རོན་གྱི་སྒོང་ཆུ་བརླ་གཉིས་དང་རྐང་ཞབས་སུ་བསྐུས་ནའང་དེ་བཞིན་ནོ། །མ་ནུ་ཁྲག་ཅན་ནམ། ཡང་ན་སྤོས་དཀར་ཕྱེ་མ་བྱུག་ཀྱང་སེར་ཀ་ལ་ཕན། །གཉན་འབར་འབུར་ལ་སྦྲུལ་གྱིཁྲག་བྱུག་པས་ཕན། །གདོང་ལ་གྲོ་ཐིག་ཡོད་པ་ལ། ཁང་བྱིལ་གྱི་བྲུན་ཆུར་སྦྱར་ཉིན་བདུན་བྱུག་པས་སེལ། ལྡུམ་ཟངས་རྩིའམ་འཛེར་སྡུམ་མམ། ཡང་ན་རྒྱ་ཚྭ་དང་གླུམ་ཁུ་སྦྱར་བྱུགས་འཛེར་པ་ཞི། ཟླ་བ་ཉ་ཡི་དུས་སུ་ལམ་རྒྱ་གྲམ་གྱི་སས་འཛེར་པ་ཕྱིས་ནས་རང་གི་དྲི་ཆུས་བཀྲུས་པས་སེལ། བོང་
བུའི་འོ་མ་བྱུགས་ན་འཛེར་པ་རང་སྐམ་ལ་འགྲོ། སྤྱི་ཐེར་ལ་རྟ་ཡི་ཀླད་པ་ཉིན་བདུན་བར་བྱུགས་ན་སྐྲ་སྐྱེ་ཞེས་བཤད། མཚན་གཉིད་བསང་འདོད་ན་ཙན་དན་དཀར་པོ་ཆུ་གྲང་ལ་སྦྱར་བས་མིག་ལ་བྱུག་ན་ཕན། སྤྱང་ཀིའི་སྙིང་བུད་མེད་ཀྱི་འོ་མར་བརྡར་ནས་མིག་ལ་བྱུགས་པས་ཞག་རེ་ལ་གཉིད་གཏན་མི་འོང༌། མུ་ཟི་རང་གི་དྲི་ཆུས་བསྒྱུར་ལ་སོ་ཡི་ཕྱི་ནང་དང་རྙིལ་ཀུན་ལ་བྱུགས་ནས་མཉེས་ན་སོ་སྲ་བར་ངེས། ནག་མཚུར་ཏིལ་མར་དུ་བསྐོལ་བ་སོ་རྩར་བྱུགས་ན་སོ་ཡི་ཟུག་གཟེར་ཞི་ཞིང་སོ་སྲ། ཧོང་ལེན་ཆ་གཉིས།ཕོ་རིས་ཆ་གཅིགཚྭ་ལ་ཆ་ཕྱེད་རྣམས་ཞིབ་བཏགས་བ་ཆུར་སྦྱར་ཏེ་བྱུགས་ན་སོ་རྩ་སྲ་ལ་དམ་པར་འགྱུར་རོ། །འབྲི་མོག་དང་དྲེའུའི་ཚིལ་རྨ་ཤུ་ལ་བྱུགས་པས་འབྲུམ་ནག་གིས་འབྲུམ་རྗེས་མི་འོང༌། རང་གི་དྲི་ཆུ་དྲོན་མོས་ཁ་བཤལ་ན་ཁ་ནད་སོ་ནད་ཀུན་ལ་ཕན། སྐྱེས་པ་གྲིར་ཤིའི་རུས་པ་བདར་བའི་ཕྱེ་མ་ལྟེ་བར་བྱུགས་ན་ཐིག་ལེ་འཛག་པ་ཆོད། རྐང་པ་སོགས་ཕྱིད་པར་ཡུངས་རྙིང་བསྲེགས་ཐལ་མར་དཀར་བསྲེས་ཏེ་བྱུགས་པས་ཕན་ནོ། །གྲི་རྨ་ལ་ཐིག་ཤོར་བ་ལ། དུད་པ་རལ་པ། ཆུ་རའི་སྟེང་གིས། སཱཙྪའི་འདབས། ལུག་གི་སོག་པའི་ཁྲུང་ཁྲུང༌། སྒོའི་སྤྱི་འདི་ལ་ཤིང་དུར་ཁའི་ས་ཟེར། འཁོར་ནང་གི་ས་རྣམས་ཆུ་གཙང་གིས་སྦྲུས་པའི་འདགཀོ་མོག་གི་སྤྲིས་མ་ཙམ་དུ་བྱུགཁོང་དུ་ཤར་སོ་སོགས་སྨན་བཏང་བས་ཐུབ། སྦྲང་མའི་མདུང་བརྡེགས་པའི་དུག་ལ་ཚྭ་ཆུ་བྱུགས་པས་ཕན། མགོ ་ལ་རྩ་འབུར་རྩ་འཁྱིག་བྱུང་ན། ཚྭ་བུལ་ཏོག་མེད་པ།
གཡེར་མ། ཀྱི་ལྕེ་བ། ཞུ་མཁན། དཔལ་ཁ་བ། པི་ལིང་དྲུག་ཆོམ་བརྡུང་རས་ཐུམ་བྱས། ཆུ་དང་མར་ནག་བསྲེས་པའི་ནང་དུ་བསྐོལ་བའི་ཐུམ་པོ་གཉིས་ཙམ་གྱིས། རྩ་འབུར་དང་རྩ་འཁྱུག་སར་མནན་ཚན་དེས་དུག་བྱས་པས་ཞིའོ། །ཟབ། གཡུ་ཐོག་ཤོག་དྲིལ། སྤང་སྤོས། ཕ་ཝང་དྲེག་པ། ལི་ག་དུར། གོ་སྙོད་ཐུན་བསྐྱེད་བྱས་པ། འབའ་ཆ་ལ་གཞི་བྱས་ཏེ། མར་ནག་རབ། མེད་ན་མར་རྙིང་པར་བསྐོལ། སྨན་རྣམས་རས་ཐུམ་བྱས་པ་མར་ཁུའི་ནང་བཅུག་སྟེ་ཚ་མོ་བྱས་པ་རྩ་འབྲུམ་གར་ཡོད་སྟེང་དུ་གླན་པས་རྩ་གཏོའི་འཁྲུལ་འཁོར་ཞེས་རྩ་འབྲུམ་ལ་རྒོལ་བའོ། །བྱང་ཁོག་ཡན་ལག་གི་ཤ་གཉན་ཆོད་ནས་སྐྲངས་ན། དཀར་གོང་མཐེ་བོང་ཙམ་བསྲེགས་པ་འཁར་སྡེར་ནང་དུ་བཞགནད་པ་རང་ངམ་ལོ་བརྒྱད་དྲི་ཆུས་དེ་སྟེང་བྲན་པའི་ངས་པ་དྲོན་མོས་རྨ་ལ་བདུག་པས་ཤ་སྐྲངས་འདུལ་ཞིང༌། ཁྲག་རོ་འཇུ་གཉན་སྐྲངས་གསོད་ཅིང་འཚོ་སླ་ཞེས་མི་ཉག་རྣམས་ཀྱི་རྨ་བཅོས་ཡིན། དེ་ཡང་རྨ་གསར་པའི་དུས་སུ་གཅེས། ཟབ་བོ། །ལུས་ཀྱི་རྫེམས་ལ་མཚོན་ཕོག་ནས་ཁྲག་ཕྱིར་མ་ལོན་ན། ཡོས་དྲོན་མོ་རས་ཁུག་ནང་དུ་བླུགས་པ་མདུན་བརྒྱབ་གཉིས་སུ་བསྡམ་ནས། ཁའི་ཕྱོགས་དམའ་བར་བྱས་ཏེ་བསྡད་ན་ཁྲག་འཁྱག་ཞུ་ནས་ཁྲག་རོ་དང་ཁྲག་གཉིས་ཀ་འབྱུང༌། ཁྲག་བཤལ་བཏང་བ་འགྱང་ན་འདི་བྱས་པ་ཁྲག་སྦྱོང་སྟེ་ཟབ་བོ། །རྨ་འབྲས་སྐྲངས་རིགས་ཐམས་ཅད་ལ་བལ་དཀར་དྲི་མེད་མར་དཀར་ཞུན་མའི་ནང་དུ་བཙོས་པས་
འབྱར་བྱས་ན་ཕན། རྨ་ཡི་ཁྲག་མ་ཆོད་ན། རྟ་བོང་གི་ཕྱེ་མ་རྨ་ཁར་གླན་ཏེ་བསྡམས་ན་ཕན། ཡང་མིའི་དྲི་ཆེན་སླ་ངར་བསྲེགས་ཐལ་ཞིབ་བཏགས་ལྡེ་གུ་རྨ་ཁར་གླན་ཏེ་བསྡམས་ནས་བཞག་པས་ཕན། གཞང་ཁ་ལྷོད་པར་ཤ་མང་ལ་ཆང་བྲན་པའི་དྲོད་དུག་བྱས་ན་ཕན། མཁར་གོང་སྲིན་ཅན་ཆོ་ལོ་ཙམ་དུ་བརྡུངས་པ་སླ་ངར་བརྔོ་ཞིང་ཆང་ཕྲུས་བཏབ་ཆང་རྡོ་ལ་ཐིམ་ཚེ་སྒྱེ་མོར་བླུགས་ནས་མཁལ་མའི་ཐད་དུ་དྲོད་དུགས་བྱས་པས་ཕོ་བ་སྦོས་པ་ཞི་བར་འགྱུར། དེ་བཞིན་དུ་གླ་རིལ་ཆང་བྲན་དྲོད་དུགས་ཀྱིས་རྩ་དཀར་གྱིས་རྩ་རྒྱུས་ན་བར་ཕན། མཁན་པའི་དྲོད་དུགས་ཀྱིས་ཕོ་ལོང་འཁྲོག་པར་མྱུར་དུ་ཞི། ལྕུམ་རྩ་བུལ་ཏོག་དུད་པ་སོ་སོ་ཆ། ཨ་རུ་པི་ལིང་རྒྱམ་ཚྭ་རྣམས་ཞིབ་བཏགས་མར་དང་བསྲེས་པའི་རིལ་བུ་མཐེ་བོང་གི་དབྱིབས་འདྲ་བ་བཤང་ལམ་དུ་མས་ནས་བཅུག་པས་ལྟོ་སྦོས། ཕྱི་ས་འགག་པ། ཆུ་སྲི་བ། བད་ཀན་གྱི་སྐྲན། རླུང་ཁྲག་དང་བེ་སྣབས་འཁྱག་པ། རླུང་ནད་ཐམས་ཅད་དང༌།ཁྲོང་སྲིན། གྲང་ནད་ཐམས་ཅད་སེལ། དྲི་མ་དང་ང་ལེགས་པར་རྒྱུ་ཞིང་རང་གནས་འཇོགདེ་ལྟར་རེང་བུ་བཏང་ནས་སྨད་དུ་དྲེག་དུགས་བྱའོ། །ཕྱི་ས་འགགས་ན་སུག་པའི་ཕྱེ་མ་མར་བསྲེས་རེང་བུ་འཕོངས་སུ་བཅུག་ན་ད་ལྟ་ཉིད་དུ་སངས་ཀྱིས་ཞི་འགྲོའོ། །༈ འདྲེན་དང་སྐྱུགས་ཀྱི་སྐོར་ལ། གློ་རྣག་འདྲེན་སྐེམ་ཐུན་མོང་མིན་པ་ནི།ཀྱི་ལྕེ་དཀར་པོ། པ་ཡག་པ། བེར་སྔ། ཟངས་རྩི་དཀར་པོ། མཚེ་དང་སྨན་སྣ་
བཞི་པོ་དེ་ཞོ་རེ་རེ་མཉམ་པ་དང༌། རུ་རྟ་ནམ་ཆ་གཉིས། བྲ་རྒོད་འཕྲལ་ཕྱེད།སྟར་བུ་དང་སྨན་རྟ་ཀ་ར་ཞོ་གསུམ་གསུམ་རྣམས་ཞིབ་བཏགས་རྟ་དང་བོང་བུའི་འོ་དྲོན་ཕུལ་རེས་ཕུལ་ཏེ་བཏང་བས། སྐྱི་ཕུར་སོགས་གློ་རྣག་གི་ནད་རིགས་ཀུན་ལ་ཕན་ཏེ་འདྲེན་པར་བྱེད། རྣག་ཆད་ནས་སྨན་མི་བཏང༌། རྣག་དང་གློ་ཁྲག་སྐྱོན་མེད་འདྲེས་ནས་བྱུང་ན་གོང་གི་སྨན་སྟེང་མཚལ་དཀར་དང་དོམ་མཁྲིས་ཐུན་ཆེ་ཙམ་རེ་བསྣན་ནས་བུ་རམ་དང་ཆང་སྦྱར་བས་འཕུལ་ཏེ་བཏང་ཟབ་བོ། །སུག་པ་དཀར་པོ་བསྲེགས་ཐལ་དང༌། །ཀྱི་ལྕེ་དཀར་པོ་སྟར་བུ་དང༌། །ཚྭ་ལ་མཛེ་ཚྭ་སྦྲང་སྦྱར་བཏང༌། །གློ་སྦུབས་རྣག་རྣམས་རང་སར་སྐྱུག །འདི་ཡང་ཤིན་ཏུ་ཟབ་པ་ཡིན། །དུར་བྱིད་ཧོང་ལེན་མི་རུས་དང༌། །སྦྲུལ་ཤ་སྦྱར་བའི་རིལ་བུ་ནི། །སྲན་མ་ཙམ་ཞིག་ཐོ་རངས་བཏང༌། །དེ་ནས་བྱ་སྐད་རྟིང་མའི་དུས། །ག་བུར་ཅུ་གང་སྦྱར་བ་ཡིས། །རིལ་བུ་སྲན་མ་ཙམ་ཞིག་བཏང༌། །ལྕག་འདེད་རྗེས་སོགས་སྤྱི་དང་མཐུན། །བྱང་ཁོག་སྟོད་ཀྱིརྣག་ཆུ་ལ། །རྒྱ་མཚོ་ཡུར་བར་འདྲེན་པ་ལྟར། །མན་ངག་སྦྲུལ་གྱིས་འདྲེན་བཤལ་ཡིན། །རྣག་སྐྱུགས་ནས་ནི་མ་ཆོད་ན། །བ་ཡི་འོ་མ་བསྐོལ་གྲང་ལ། །ཤིང་མངར་བཏབ་ནས་བཏང་བས་ཆོད། །གལ་ཏེ་དེས་ཀྱང་ཆོད་དཀའ་ན། །གོང་གི་སྟེང་དུ་དོམ་མཁྲིས་ནི། །ཐུན་གཅིག་བཏབ་པས་ངེས་པར་འཆད། །ཤིན་ཏུ་ཟབ་བོ། ། གློ་བའི་རྣག་སྐྱུག་ལ། ཤིང་མངར། ཤིང་ཚ། རུ་རྟ། སྟར་བུ། ལི་ག་དུར། པི་ལིང་རྣམས་ཆ་མཉམ་ཞིབ་བཏགས་རྟ་ཡི་འོ་མར་སྦྱར་
བ་ལྟོ་སྟོངས་བཏང༌། སྨན་མང་ཉུང་ནད་བབ་དང་སྦྱར། དཀར་པོ་གྱེན་འདྲེན་ཞེས་པའི་རྣག་སྐྱུག་ཤིན་ཏུ་ཟབ་པའོ། །༈ བདུག་པའི་སྐོར་ནི། གུ་གུལ་ནག་པོ་ལ་ཆ་རྟ་བོན་སྤྱང་དང་ཁྱིའི་བྲུན་བོང་ནག་ཤུ་དག་སྒོག་སྐྱ་རྣམས་ཀྱི་དུད་པ། དྲི་ཚོར་ཙམ་གྱིས་གཟའ་རིགས་གང་ཡང་སོས་ཞེས་གྲགས། ཡང་ཤིང་ཀུན་མུ་ཟི་ནག་པོ་གུ་གུལ་ནག་པོ།བོང་ང་ནག་པོ། རྒྱ་སྐགཐང་ཕྲོམ་འབྲས་བུ། ར་དུག་མཚལ་དང་དགུ་པོ་ཞིབ་བཏགས་བདུག་པས་གཟའ་ལ་ཕན། གསེར་མདོག་གུ་གུལ་སྤོས་དཀར་གསུམ་ཆ་མཉམ་ཞིབ་བཏགས་མེ་ལ་བསྲེགས་པའི་དུ་བ་སྣར་བདུག་ན་གྲིབ་ཆམ་ཐོག་མཐའ་གཉིས་ལ་ཕན་ངེས་སོ། །ཐང་ཆུ་ཐང་ཤིང་པྲི་ཡང་ཀུ། །རུ་རྟ་བྱི་བའི་བྲུན་དང་ནི། །ཕྱུགས་ཀྱི་རྭ་དང་སྨྱུག་མའི་ཤུན། །ལ་ཆ་རྣམས་ནི་རའི་ཆུ་ངན། །གཞིབ་ལ་གྲིབ་སྐམ་བྱས་པ་ཡི། །བདུག་པ་འདི་ནི་མཆོག་གི་གཙོ། །གཟའ་རྣམས་ཀུན་ལས་རྣམ་པར་གྲོལ། །དེ་རུ་སྦྲུལ་ནི་མི་གནས་ཤིང༌། །གང་གཞན་གདུག་ཅན་གཟའ་སོགས་ཀྱི། །ནད་ཀུན་མ་ལུས་འཇོམས་པར་བྱེད། །རིམས་དང་རྗེད་བྱེད་ཀྱང་ཉམས་བྱེད། །བུད་མེད་སྐལ་བ་ངན་པ་གང༌། །རང་བྱུང་མེ་ཏོག་མེད་གྱུར་ཅིང༌། །ཁྱིམ་ཐབས་དག་དང་ཕྱེ་བ་ཡང༌། །འདི་ཡིས་མྱོས་ནས་སྐལ་བཟང་བྱེད། །བདུག་སྤོས་ལས་ཀུན་བྱེད་པ་སྟེ། །བྲམ་ཟེ་རྣམས་ཀྱི་གསང་བའོ། །བདུག་པ་དེ་ཡིས་སྔགས་ནི་འདི། །ཨོཾ་སུ་བྷི་ར་ཎ་ཏཱ་ཡེ་སྭཱ་ཧཱ༔ ཞེས་ནོར་བུ་བཟང་པོའི་རྟོགས་པ་ལས་གསུངས་སོ། །
༈ རྨ་ཡི་དྭགས་ཀྱིས་འཚོར་མི་སྟེར་བས་སྨན་གང་གིས་མ་ཕན་པ་ལ་བྱ་རོག་གི་བྲུན་ཞིབ་བཏགས་དུ་བ་མེད་པའི་མེར་བསྲེགས་པའི་དུད་པས་རྨ་ལ་བདུག་ན་ཕན་པ་གསང་བའི་གདམས་པའོ། །ཡན་ལག་གི་རྨ་བཅོས་པས་མི་སོས་པར་རེད་ན་ཁྱིའི་ཀླད་པ་རྨ་ལ་བདུག་པས་ཕན། བུད་མེད་བུ་སྐྱེས་ནས་མངལ་ཁྲག་མ་ཆོད་པ་ལ་འདོམས་ནས་འོམ་བུའི་དུད་པས་བདུག་ན་ཕན་ཤ་བའི་མིག་རྣག་བདུག་པས་སྲིན་ལ་ཕན། ལ་ལ་ཕུད་བསྲེགས་པའི་དུ་བ་ཁ་ནང་བདུག་ན་སོ་སྲིན་ལ་ཕན། རྔ་མོའི་སྤུ་བསྲེགས་པའི་དུད་པ་སྣར་བདུག་ན་སྣ་ཁྲག་འཆད། སྣ་ཆམ་ལ་ཡོས་ཀྱི་ངས་པས་སྣ་བུག་ནས་བདུག་པའམ། ནས་རྗེན་ཕྱེ་དང་ཏིལ་ནག་བསྲེས་པའི་དུ་བ་སྣར་བཏང་བས་ཕན། ཆམས་པས་སྣ་ཆུ་འཛགས་པ་གཅོད་ན། གུ་གུལ། སྤོས་དཀར། གླ་རྩི། ཨ་རུ་ར་བཞི་དུ་བ་མེད་པའི་མེར་བསྲེགས་པའི་དུད་པས་སྣ་ནང་བདུག་ན་སྣ་ཚ་བར་ཕན་ནོ། །ན་མོ་མཉྫུ་ཤྲཱི་བྷཻ་ཥཛྱེ་རཱ་ཛཱ་ཡ། །ཐབས་ཀྱི་ཆོ་ག་གང་གིས་ནད་གསོ་བའི་མན་ངག་ལ། ཞུམ་བུའི་ལྕེ་མ་རུལ་གྲིབ་བསྐམ་ཕྱེ་མ་སེ་བ་བཅུ་དྲུག་རེ་ཁོང་དུ་བཏང་ན་ལྐུགས་པ་ཁ་འབྱེད་ཅིང་དབང་པོ་གསལ། གྲུམ་པའི་ཕོ་བོ་ན་པ་མགོ་ལ་གྱོན་ན་སྲིན་གྱི་ནད་རིགས་གཏན་ནས་བརླག་གོ །ཞིམ་བུའི་ལྤགས་པ་མགོ་ལ་གྱོན་ན་མགོ་ནད་སེལ། མི་ཕྱུགས་ཤ་མ་འཐོགས་ན། རྟ་དྲག་ཤུལ་དུ་བསྐྱོད་པའི་རྟ་སྟན་དྲོན་མོས་བཀབ་ལ་ལྕག་གིས་བྲབས་པས་ཕན། ཁྱི་སྨྱོན་གྱིས་རྨུགས་པ་འུག་པའི་སྐད་ཐོས་པས་
དུག་སེལ་བ་ལ་ཕན། གོང་མོའི་སྐད་ཐོས་ཀྱང་ཕན་ལ་གོང་མོའི་སྐད་ཐོས་པས་གྲིབ་རྩོག་སེལ་བར་ཕན། ལུས་ལ་མཚོན་སོགས་ཀྱིས་རྨ་བྱུང་མ་ཐག་སྣ་བུག་གཉིས་བསུམ་སྟེ་སྒོག་སྐྱ་གཅིག་ཟོས་ན་བསྲུང་བྱ་གང་ཡང་འཛེམ་མི་དགོས་རྨ་སོས་པའི་མན་ངག་ཁྱད་པར་ཅན་ནོ། །སྟོད་དུ་སྣ་ཁྲགསྨད་དུ་མངལ་ཁྲགརྩ་ཆེན་མཚོན་བཅད་སོགས་ཁྲག་ཟག་པ་ལ། སྒྲོ་བ་རྙིང་པ་གསེར་མདོག་རྩི་བཞིན་བཏགས་ཐུན་ཆེན་པོ་ཆུ་གྲང་གིས་ཕུལ་བས་ཁྲག་སྐད་ཅིག་ལ་ཆོད་ཅེས་ཟུར་མཁར་ཆོས་རྗེའི་མན་ངག་གོ །ཡན་ལག་སོགས་ལ་མདེའུ་ཟུག་རྔུ་ལུས་པ་དཔྱད་ཀྱིས་མ་ཐོན་ན། ན་ཆུང་མོ་ཞིག་ཞག་གཅིག་རུམ་དུ་བྱས་ལ་འདོད་པ་མ་སྤྱད་ན་དེས་འཐོན་པ་མན་ངག་གོ །མགོ་དང་ཡན་ལག་གི་རྣག་གཞུག་མ་ཆོད་ན་ཁྱིམ་བྱའི་ཤ་སོལ་བ་གཅིག་མཛོ་ཞོའི་ནང་དུ་བཙོས་ལ་བཏང་བས་ཐུབ་བོ། །རང་གི་སྐྲ་བཞར་ཐེབས་རེ་ལ་སྐྲ་ཁུས་ཁ་བཤལ་ན་སོ་སྲིན་གཏན་མི་འབྱུང༌། རླིག་འབྲས་སྐྲངས་པ་ཤིན་ཏུ་ཆེན་པོ་ཅན་བཅོས་དཀའ་ལ་མི་ཐོད་མེར་བསྲེག་ཐལ་བ་ཐུར་མགོ་དོ་ཙམ་ཁོང་དུ་བཏང་བས་ཐུབ་བོ། །ནད་ཕྲན་སྒེར་བཅོས་སྐོར། ཚེར་ལྷོག་ཞེས་པ་ཚེར་མ་ཟུག་པའི་རྐྱེན་ལས་ལུས་སྟོད་སྨད་གང་ཡིན་སྐྲངས། གཟེར་བཟོད་མེད་འབྱུང་འདི་ལ་གཉན་ཡོད་ཀྱང་གཉན་བཅོས་གཞན་གྱིས་མི་ཕན་སྒེར་བཅོས་དགོས། དང་པོ་བྱུང་མ་ཐག་སྤུ་རྩ་གདུས་པའི་ཆིག་ཐང་བཏང༌། ལོ་བརྒྱད་དྲི་ཆེན་དྲི་ཆུ་གི་ཝཾ་སྦྱར་བཏང་བཟང༌། དེ་རྗེས་ཐང་ཕྲོམ་དཀར་པོ་གླ་
རྩི་གུ་གུལ་ཤུག་ཚེར་བ་བླ་ཀོ་བྱི་ཞིབ་བཏགས་ལོ་བརྒྱད་དྲི་ཆུས་ཕུལ་བཏགས་གཉན་གསོད་ཅིང་ཅིང་ཚེར་མའི་དུག་དབལ་གཅོགདཔྱད་གཏར་འཇིབ་རུ་བྱ་བ་བསྔགས། དེས་མ་ཕན་ཚ་བས་འདྲུལ་ཏེ་རྨ་རྣག་ཅན་གྱིས་ཟ་ཁུང་དུ་མ་དོད་པ་བྱུང་ན། རྩ་ལྟོ་ནས་ཚད་གཉན་སྦྱང༌། དེས་ཀྱང་ཟུག་མ་ཆོད་ན་མུ་དངུལ་ག་བུར་ཙན་དན་དཀར་དམར་གླ་ནག་རྩི་གི་ཝཾ་དོམ་མཁྲིས་མཚལ་དཀར་གསེར་མདོག་བཙོད་མདུད་རྣམས་ཆ་མཉམ་ཕྱེ་རིལ་བསྟེན། ཁྲག་མང་གཏར། འོམ་བུའི་ཁཎྜར་དཀར་གོང་ཕྱེ་གཉིས་གསུམ་སུམ་ཆ་བསྲེས་ལ་བྱུགནད་འདི་གདོན་བསྐྱེད་ཡིན་པས། རིམ་གྲོ་དཀར་ཆོས་ཇི་འགྲུབ་བྱ། བསྐང་བཤགས་འཆི་བསླུ་ཚེ་སྒྲུབ་འབད་ཅེས་གསུངས་དྷ རྨའི་ཁྱད་ཆོས་སོ། །གཉན་ཁ་མེད་ཅེས་ལུས་ཀྱི་སྲིན་བུ་ལྷན་སྐྱེས་གཉེན་ནད་སྒེར་བཅོས་སྲིན་ནད་བཅོས་པར་སོང་གཉན་ངམ་རུ་ཞེས་པ་ཆོམ་པ་འདྲ་ལ། དང་པོར་ཁ་ལ་འབབ། དེ་ནས་སྟོད་ནས་མར་འབབ་པ་འདི་ལ་དང་པོ་མགྲིན་ཨར་ནག་སོགས་ང་དང་གཉན་སྨན་ལྡན་པ་རུས་ཁུས་འཕུལ། པ་དང༌། མཐར་མར་གང་དུ་བབ་པར་རྔབས་རྭས་དྲང་པས་ཆུ་བུར་མང་པོ་བྱུང་ན་ཕན་གནད་འདི་ཟབ་བོ། །གཉན་རྣ་རྩ་ཕུས་འདེབས་ཞེས་དང་པོར་རྣ་བའི་རྩ་བར་སྐྲངས། རྩ་གྲིམ་ཆུ་དམར། རྣ་བའི་རྩ་འཕར་བས་ཕུས་ཕུས་ཟེར་བ་ལ། ཁྱུང་ལྔ་གུ་གུལ་སྟག་ཤ་མུ་དངུལ་བཏང༌། གཉན་བྱུག་དང་གཉན་སྦྱོང་བྱ། གཉན་རིམས་པརྤ་ཏའམ་ཏྲེ་ཏྲེ་ཧོ་ཞེས་པ་སྲིན་བུའི་གཟུགས་རྩངས་པའི་མགོ་དབྱིབས་ཁ་
ཆེ་སྦྲུལ་ལྟར་མཇུག་རིང་ཡན་ལག་མང་བ་རྟ་བླ་འདྲ་ང་གཤོག་ཅན་དེ་བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུགདེས་ཁྲག་སྲིན་དམར་ཟླུམ་བདུན་འཁྲུགས་ནས་གཉན་ནད་བྱེད། འདི་མགོ་ལ་ཀླད་གཟེར། གྲེ་བར་གག་པ།རོ་སྟོད་གཟེར་ཐུང༌། ཕོ་བར་གཉན་གླང༌། རྒྱུ་མར་རྒྱུ་གཟེར། པགས་པ་མེ་དབལ་ཚིགས་ལ་རྨེན་བུ། ཉ་ལ་ཉྭ་ལྷོགཤ་རུས་རྩར་འབྲས། བརྒྱུངས་པར་འཛུམ་བུ། མཁྲིས་པར་རྩ་རྒྱུག་ལ་རིམས་སྨྱོན་ཏྲེ་ཏྲེ་ཧོ། རྒྱ་ནག་མིག་སེར། ནག་པོ་སུམ་འཁྲིལ་ཏེ་མིང་གསུམ་རྟགས། སྲོག་རྩ་དོན་སྣོད་གང་བབ་ཁོང་ལྷོག་ཟེར་ཞིང༌། གཞན་ཡང་ཁ་མེད་འཁྱོན་པོ་བུ་འབར་འབུར་ཕུས་འདེབས་ངམ་རུ་སོགས་མིང་གཟུང་མི་ལང་བ་སྣ་ཚོགས་འབྱུང༌། གཉན་སྤྱི་རྟགས་ཁྲོ་ཚིག་ཟ། ནད་གཞི་གང་ཡོད་གཟེར། དཀར་མངར་གནོད།སྐབས་སུ་འཁྲུ་སྐྱུགས་སོགས་བྱེད། འདི་ལ་དབེན་སར་མུན་ནང་བྱང་དུ་སྔས་བསྟན་བསྡད། འགྲུལ་དང་རོལ་མོའི་སྒྲ་སོགས་འཛེམ། མགོ་ལ་མགོ་ཐང་གསུམ། གུ་གུལ་ཤུ་དག་སོགས་བཏང༌། ཕོ་བར་གླང་ཐབས་གཉན་གླང་ལ། གར་ནག་བྲག་ཞུན་ཕུར་མོང་གྲེས་མའི་གེ་སར་ཐང་བཏང༌། གཉན་ནད་འཁྱམ་པོ་ཞེས་སྐེ་ལྐོག་མཇིང་ལྡེབ་སོགས་སྐྲངས་འབུར་འབྱུང་ཟུག་ཆེསྲོག་རྒོལ་སྲིད། མིན་ན་ཡུན་ལོན་འབྲས་སུ་འགྱུར། ཁྱུང་ལྔ་གུ་གུལ་ཅན་བཏང༌། ཆུ་རྩ་ཐར་ནུ་སོགས་བྱུག་ངས་ཕྱིར་འདོན། །མ་ཐུབ་དྲག་པོ་བཅུ་གསུམ་བཤལ་གྱིས་སྦྱང༌། །གཉན་འབར་འབུར་ཞེས་ལུས་སྟོད་སྨད་ངེས་
མེད་དུ་སྐྲངས་འབུར་ཟུག་ཆེ་རྩ་ཆུ་ཚད་རྟགས་འབྱུང༌། དེ་ལ་གཉན་བྱུག་བྱ།ཁྱུང་ལྔ་སོགས་ཁོང་སྨན་བཏང༌། ། ༈ བྱ་ཐབས་སྣ་ཚོགས། པདྨ་རྡོ་རྗེས་མ་བསླད་པའི། རཀྟ་དྲི་མེད་འབེབས་པ་ལ། རྒྱ་ཚྭ་སྡིག་སྲིན་ལྕམ་པ་ཡིས།ཐང་གིས་རྩ་ཁ་འབྱེད་པར་བྱ། རྒྱ་ཚྭ་ཟེ་ཚྭ་བྱི་ལའི་ཁྲག །ར་ཚིལ་ལ་སྦྱར་ལྟོ་སྟོང་ལ། །ཁོང་བཏང་ཐེ་ཚོམ་མེད་པར་འབབ། སྣོད་ནི་ཟངས་སམ་གསེར་དངུལ་དུ། བཟེད་ཅིང་གཞན་གྱིས་ཐུབ་པ་མིན། །གཅོད་ན་གཙོད་རུའམ་ར་ལུག་གི། །རྭ་ཡི་གཞོབ་ཀྱིས་གསང་བར་བདུག །ཟབ་གཏེར་མའོ། །ཀློང་སྡེ་རྡོ་རྗེ་ཟམ་པ་ལས། རིང་བསྲེལ་མ་ནོར་བ་གཅིག་སྲིན་བལ་ཨན་གཅིག་གིས་གྲིལ་ལ་མར་བྱུགས། མཐེ་བོས་དྲིལ་ལ་ཡེ་ཤེས་ཀྱི་ང་འགྱུར་དུས་སྣ་བུག་གཡོན་དུ་བཅུག་པ་དབུགས་ནང་དུ་དྲངས་པས་ཚ་སངས་བྱུང་ན་རྩ་ཀུན་ཏུ་རྒྱལ་བའི་ནང་དུ་ཚུད་རྟགས་ཡིན། དེ་རྗེས་འབྲས་ཕྱེའམ་ཡང་ན་སྲན་དཀར་གྱི་ཕྱེ་ཞིབ་མོའི་རིལ་བུ་སྲན་ཙམ་བྱས་ལ། རང་གཞན་གང་རུང་གིས་རིལ་བུ་རེ་ལ་སྔགས་འདི་ལན་བདུན་བརྗོད་ནས་མིད་དོ། །ཏ་དྱ་ཐཱ།ཨོཾ་ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། སོགས་ཤེར་ཕྱིན་སྔགས་སོ། །དེས་རིང་བསྲེལ་ཕྱིར་མི་འབྱུང༌། རིང་སྲེལ་ཕལ་ཆེར་ལོངས་སྐུར་འགྱུར་བའི་རྟགས་ཡིན་པས་རང་ཡང་དེ་བཞིན་འགྱུར་རོ་ཞེས་གསུངས།ཡང་བྱེ་རིང་ལས། ཨུག་ཆོས་འབྲུ། བྱ་ཕོའི་ཟེ་སྒྲོ། གཡེར་མ་གསུམ་ཆང་སྦྱར་ལ། ཨོཾ་ཐང་ནན་མུ་རྟ་ཁྲག་ཤག་ཛཱ་སྭཱ་ཧཱ། སུམ་བརྒྱ་བཟླས་བཏབ་བུ་
མོ་ལོ་བཅུ་གཉིས་སམ་བཅུ་བཞི་བཅོ་ལྔ་ཙམ་ལ་བྱིན་ན་པདྨ་རཀྟ་འབབས་སོ། །གཅོད་རན་ན། ཁོང་དུ་གླ་རྩི་བཏང༌། ཕུ་ཤུད་ཀྱི་ཟེ་སྒྲོ་དང༌། སྔགས་མཁན་གྱི་ལྕི་བའི་དུད་པ་འདོམས་སུ་བདུག་གོ །ཡང་ན་གླ་རྩི་ཤང་ཤང་མེ་ཏོགཤུ་དག་གུ་གུལ་བྱང་ཁྲ་ཆང་སྦྱར་བཏང༌། འབེབས་འདྲ། ཡང་ན་རྒྱ་ཚྭ།གླ་རྩི། ཟངས་གཡའ། ཉ་མཁར་བའི་ཀླད་པ་རྣམས་རིལ་བུ་སྲན་ཙམ་བཏང༌།ཡང་ན། རྒྱ་ཚྭ་གླ་རྩི། བྱ་ཕོའི་ཟེ་བ་གྲིབ་མར་བསྐམས་པ་ལེགས་བཏུལ་ཆུར་སྦྱང་ལ། ཀྲིག་ནན། ཀྲིད་ཕྱུང༌། ཀྲིད་ཕོབ། ཞེས་བརྒྱ་རྩ་བརྒྱད་བཟླས་བཏང་ཆུ་གྲང་སྦྱར་ལ། བས་འབེབ་བོ། །གཅོད་པ་ལ། གླ་རྩི་ཆུ་སྦྱར་ལ། ཨོཾ་ཧྲི་ཡ་ནོན། ཧྲི་ཁོག་འབྱུང་བ་ཆོད། ཞེས་བཏབ་ལ་བཏང༌། རྫས་དེ་ལུས་ལ་འཆང་ཙམ་གྱིས་དྲེགས་པ་ཕོ་རྒྱུད་ཐམས་ཅད་འདུ་བ་སོགས་རྟེན་འབྲེལ་རྫས་ལ་མཁོ་ཆེ་བའོ། །སྔགས་བཤལ་ནི་རང་དམ་པར་བསྒོམས་ལ་ཆུ་གཙང་མར་སྔགས་འདི་བརྒྱ་རྩ་གཅིག་བཏབ་པས་འབྱུང་ངོ༌། །ན་མ་ཏ་པ་ཤ་ནག་པོ་པ་ཏི་ཀས། ཤིན་ཏུ་ཟབ་བོ། །རྡོ་རྗེ་རྣལ་འབྱོར་མའི་སྔགས་ཁྲུས་ནི། སྦྱོར་བ་བྱམས་སྙིང་རྗེ་བསྒོམ། དེ་ནས་རས་སམ་སྣམ་བུ་དཀར་པོའི་སྟེང་དུ་ནས་བཀྲམ་པས་ཨོཾ་ཨཱཿཧཱུྃ་བྲིས། ཆུ་གཙང་བྲེ་དོ་གསུམ་ཙམ་ལ། ལོ་ཚྭ་དམར་པོ་ཕྲོག་པ་བཏབ་ལ་ཨའི་སྟེང་དུ་བཞག་བྱེ་རུག་པ་དབྱར་ཟླ་འབྲིང་པོ་ལ་བརྔས་ཏེ་བསྐམ་ལ་ཞིབ་བཏགས་བཏབ། ཆུ་གྲང་སྦྱར་བཏང་ཕོ་མོའི་འདོད་ཆགས་ཞི་བར་འགྱུར་གསུངས། མཐར་མཆོད་པ་ལྔ་དང་གཏོར་མ་བཤམས།
དེ་ནས་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་བསྒོམ་ལ་ཨོཾ་གསུམ་མའི་སྔགས་བརྒྱ་རྩ་ཙམ་བཟླ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། བཛྲ་ཝརྞ་ནི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའོ། །དེ་རྗེས་སྔགས་སྟོང་ཚོ་གཅིག་བཟླས་ཏེ། བརྒྱ་རྩ་རེ་སོང་བ་དང་ཆུ་ལ་ཐུད་ཐུད་རེ་བྱ། དེ་ནས་གཏོར་མ་བཏང་ལ་བསྙེན་པའོ། །དེ་ནས་ནད་པ་ལྟོ་བཀུག་ལ་ནང་སྔ་ཆུ་དེ་བཏང་བས་ང་མཁྲིས་བད་ཀན་གྲང་བ་སོགས་ཐམས་ཅད་ཁྲུས་སུ་སྦྱང་བར་འགྱུར་རོ། །ནད་ལེགས་པར་ཐོན་ཐོན་དུ་སྔགས་ཆུས་སྦྱངས་ཏེ་འཐུངས་པས་ཁྲུས་ཇི་འདོད་འབྱུང༌། ནད་ཐོན་རྟགས་ཆུ་སྔོ་རྐྱང་འབྱུང་ངོ༌། །ལས་སྦྱོར་དངོས་གཞིའོ། །ཁྲུས་སྔགས་ནི། ཨོཾ་བྷ་ར་ཧི། ཁ་ཊྭཱྃ་ག་བྷ་ར་ཧི། ཙ་མུནྟྲི་བྷ་ར་ཧི།ཀཾ་ཀ་ཧི་བྷ་ར་ཧི། ཞེས་པ་སྨྲ་བ་བཅད་ལ་མིས་མ་ཐོས་པར་བཟླའོ། །ལེགས་པར་སྦྱངས་པའི་རྗེས་ཟན་དྲོན་དང་ཚོ་ཁུས་བཅད། ཕྱི་རྗེས་གཅོད་པའི་སྨན་སོགས་གཞུང་དང་མཐུན་པར་སྤྱད། རྡོ་རྗེ་ཕག་མོའི་སྔགས་ཁྲུས་འདི་ཡིད་ཆེས་ཐོན་པ་ལགས་སོ། །ཨི་ཐི་ཧི་ཏཾ། མཛེ་དང་དམུ་ཆུ་སོགས་གསོ་དཀའ་བ་གསོ་སླ་བར་བྱེད་པ་དང༌། ནད་དེ་དག་རང་ལ་འབྱུང་དོགས་པས་རང་སྲུང་ནི། སྐྱབས་སེམས་རྗེས། རླུང་རོ་ལན་གསུམ་བུས་ལ་རང་གི་སྙིང་པདྨ་འདབ་མ་བཞི་པ་ཁ་ཕྱེ་བའི་ལྟེ་བར་སངས་རྒྱས་སྨན་བླ། འདབ་བཞིར་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་རྩིའི་ལྷ་མོ་གྲུབ་པའི་བློ་གྲོས་མ།སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་མ། ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན། ཤིང་གི་ལྷང
མོ་འོད་འཆང་མ་བཞི་བཞུགས་པར་བསམ་ལ་ང་ཅུང་ཟད་རྔུབ་ཅིང༌། སྨན་བླ་སྨན་གྱི་ལྷ་མོ་བཞི་དང་བཅས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བདུད་རྩི་བྱུང་བས་རང་ལུས་གང་བར་དམིགས་ནས། ཨོཾ་བྷི་ཤ་ཙེ། མ་ཧ་བྷི་ཤ་ཙེ།ས་མུད་ག་ཙེ་སྭཱ་ཧཱཿ ཞེས་བརྒྱ་རེ་ནང་རེ་བཞིན་བཟླས་ནང་དམུ་ཆུ་སོགས་ནད་ཀུན་སྲུང་བའི་དམ་པར་འགྱུར། ནད་སྔར་ཡོད་རྩད་ནས་ཞི། སྨན་བླ་བརྒྱུད་པ་དང་བཅས་པའི་བྱིན་བས་ཞུགས་ནས་སྨན་སོགས་ཀྱིས་གཞན་ཕན་ཆེ། སྔགས་འདི་སྨན་གཟུངས་ཀྱི་སྙིང་པོ་སྒྲ་མཁའ་འགྲོའི་བརྡ་འགྱུར་བྱིན་བས་ཅན་གཏེར་ལུགས་སོ། །འདི་གལ་ཆེའོ། །རྒྱ་ལུགས་སྣ་ཐའི་སྦྱོར་བ་ནི། གུར་གུམ་ལི་ཤི་གི་ཝཾ་བསེ་རུ་མཚལ། །ཙན་དན་གླ་རྩི་འཇམ་འབྲས་བོང་ང་དཀར། །རུ་རྟ་འབྲས་བུ་གསུམ་དང་ཨ་གར་ནག །དྲི་ཞིམ་སྤང་སྤོས་ག་བུར་མཉམ་བྱས་ལ། །སུག་སྨེལ་ཀ་ཀོ་ལ་དང་ཀོ་བྱི་ལ། །སྨན་རྣམས་སྲང་རེ་སྣ་ཐ་སྲང་དོ་མཉམ། །ཕྱེ་མ་ཁབ་མགོ་རེ་ཚད་སྣ་ནང་བླུག །མགོ་སྲིན་ཡ་མ་དཀར་ནག་ཁྲ་གསུམ་སེལ། །མིག་གཉིས་མི་གསལ་བ་ལའང་ཤིན་ཏུ་ཕན། །ཁྱད་པར་ཆམ་པའི་ནད་ལ་མཆོག་ཏུ་བསྔགས། །འདི་ཉིད་རྒྱ་གར་མཁས་པའི་ཁྱད་ཆོས་ཡིན། །ཞེས་འདུག་གོ། །སྣ་ཐ་ཁ་ཡི་སྦྱོར་བ་ནི། གཙོ་བོ་ཁ་ཆེ་ཅུ་གང་དང༌། །ཙན་དན་དཀར་དམར་སྤང་རྒྱན་དཀར། །གི་ཝཾ་ཤིང་མངར་སྲོ་ལོ་དཀར། །ཨ་ཀྲོང་རྒུན་འབྲུམ་ལི་ག་དུར། །སྤོས་དཀར་ལི་ཤི་སྐྱུ་རུ་ར། །བོང་དམར་ནཱ་གིའི་རྟ་ལ་བསྐྱོན། །གྲིབ་དང་མི་གཙང་ནད་རིགས་
ཀུན། །སེལ་བར་ས་ར་ཧ་ཡིས་གསུངས། །གཞན་ཡང་ཡོན་ཏན་བསམ་མིཁྱབ། །ཞེས་གྲུབ་ཆེན་དེ་ཉིད་ལ་མཁའ་འགྲོས་ལུང་བསྟན་པའོ། །ཞེས་འདུགཡང་སྣ་ཐ་ལ་སྦྱར་རྒྱུའི་སྨན་ནི་འདི་ལྟ་སྟེ། རྒྱ་མཚལ་ཙན་དན་དཀར་དམར་ཨ་ག་རུ། །ལི་ཤི་གུར་གུམ་གི་ཝཾ་ཀ་ཀོ་ལ། །བོང་དཀར་རུ་རྟ་སུག་སྨེལ་སྤང་སྤོས་དང༌། །གླ་རྩི་འུ་སུ་འབྲས་བུ་གསུམ་སྲང་གང༌། །སྣ་ཐ་སྲང་དོ་སྦྱར་བས་འདུས་ནད་རིགས། །ཁྱད་པར་ཡ་མ་དཀར་ནག་ཚད་རིགས་དང༌། །ངག་གི་གྲེ་འཛེར་ལ་སོགས་སེལ་བ་དང༌། །མིག་ལ་སོགས་པའི་དབང་པོ་གསལ་བར་གསུངས། །སྐད་གཉིས་སྨྲ་བ་དོན་གྱི་པཎྜི་ཏ། །སི་ཏུ་བསྟན་པའི་ཉིན་བྱེད་ཉིད་ཀྱིས་བཞེད། ། ༈ སྦྲང་ཆང་བུར་ཆང་ནི། སྦྲང་བུར་གང་ཡིན་ཆུས་བསྐྱེད་སླ་མོ་ཚགས་ཀྱིས་བཙགས། ཅུང་བསྲོས་བུམ་པར་བླུགས། སྣོད་མ་གང་ཙམ་བྱ། ཕབས་ལེབ་གཅིག་གཅིག་ལ་སྐུད་པ་བཏགས་ཏེ། ཁ་ཆོད་ནས་ཆུ་ལ་མ་རེག་ཙམ་དུ་གཞུག་སྟེ་གོས་ཀྱིས་བྱིབས་ལ་བཞག་པས།ཞག་འགའ་ནས་ཆང་གི་རྣམ་པ་འབྱུང༌། དེ་ཆུས་བསྐྱེད་སྦྲང་ཆང་བུར་ཆང་ཞེས་དམ་པའི་གསུང་བསྡུས་དཔེ་ཞིག་ལས་སོ། །དངུལ་ཆུ་༡ཞོ ། གཤའ་དཀར་སྐར་ལྔ། ཞ་ཉེ་སྐར་ལྔ་བཅས་སྣུམ་ནང་བསྐོལ་ལ་འདྲེས་པར་དཀྲུགས། ཨོཾ་ཨག་སོད། ཨིག་དུག་སྦྲུལ་ནག་པོའི་མཆེ་བ་སོང༌། ཁྲི་གསུམ་བཏབ་སྟེ་སེ་བ་དྲུག་རེ་ཐུན་རེ་བྱས། བ་མར་གྱིས་དྲིལ། ཆང་གར་མའམ་ཨ་རག་གིས་འཕུལ་ལ་བཏང༌། གོས་དྲི་བར་བྱས་ནས་རྡུལ་འདོན། གྲང་ང་རྨ་གསར་
སྦྲུམ་མར་སྤང༌། གཞན་དུག་རིགས། ནད་རིགས། གཉན་ལྷོག་གག་པ་འཇོམས། ཁྱད་པར་དུག་འདྲེད་པའི་སྨན་མཆོག་ཡིན་ཞེས་དམ་པའི་མན་ངག་གོ །རྨ་སྐྲངས་སོགས་སྐམ་དུ་འཇུག་པ་ནི། རང་དམ་པར་བསྒོམ་སྙིང་རྗེ་ཚད་མེད་བསྐྱེད་དེ་ཚད་མེད་བཞི་བསྒོམས། ཏདྱ་ཐཱ། ཨོཾ་ཕ་རོལ་ཕུད་ཤི་རི་ཙི་སྭཱ་ཧཱ། ཞེས་རྨ་ལ་སུམ་བརྒྱ་དང༌། འདམ་པ་ལ་བརྒྱ་རྩ་གསུམ། གཉིས་ཀའི་བར་དུ་བརྒྱ་རྩ་གསུམ་བཏབ། ཁམ་སའི་འདམ་པ་ལ། སྐྱེར་ཤུན། སྒོབྱིབ་ཀྱི་ས། ལུག་གི་སོག་པའི་ཤ་མིན་རུས་མིན། རང་འཐག་ལྟེ་ཕྱེ། ཚ་ཚའི་ཆག་དུམ་རྣམས་བསྲེས་པའི་འདམ་པ་གླན་ཏེ་བཞགཐེ་ཚོམ་མེད་པར་བྱ་བ་དམ་ཚིག་ཡིན། བསྲུང་འཛེམ་མི་དགོས་ཞི་བར་ཕ་དམ་པའི་མན་ངག་གོ །ཡང་མཆོད་རྟེན་ན་བཟའ། བླ་མའི་བདུད་རྩི། ཚར་པ་དང་སྐྱེར་པའི་བར་ཤུན། འོམ་བུའི་ཤིང༌། གཡག་ཤིང་སྒོ་བྱིབ་དང༌། ཆུ་ར་མའི་འོག་དང༌། རང་འཐག་གི་འོགསྒྱེད་པུའི་འོག་གི་ས་རྣམས་དང༌། ཁྱི་ཕག་ལངས་ཤུལ་གྱི་ས། ཝ་ཁའི་རྡེའུ་རྣམས་སྦྱར་ལས་གཉེན་པོ་ཉིས་འགྱུར་བསྲེས་ནས་རྭ་ཡི་དབྱིབས་ལྟར་བཅོས། ཨོཾ་ནད་སོད། དབལ་ཞི། ས་ར་ས་ར་དབལ་ཆུམས་ཞེས་སུམ་བརྒྱ་བཏབ་པའི་སྔགས་ཆུས་སྦྱར་བས་རུས་རྣག་ཀུན་འདྲེན་པའི་མཆོག་གོ །དམ་པའི་གདམས་པའོ། །མགར་པའི་སོ་ཏོགཐར་ནུའི་འོ་མའམ་ཞོ། ཆང༌། མཚལ། མར་ནགཆུ་བལ་ཏེ་རྫས་དྲུག་བསགས། ཆང་གིས་རྐང་བ་བཀྲུས། ཧ་རི་དྷ་ན་ནཱ་ག་སིདྡྷི་སུབ་སུབ་སྭཱ་ཧཱཿ དར་རྒྱ༔ དར་དཀར་
དམར་སྲུང་བའི་མཆོག་གོ །ཞེས་གསུངས། ལག་ལེན་སོགས་འབམ་ནག་པོ་ལྕགས་ནི་དངོས་གཞི་ཡིན། འགྲིམ་འགྲིམ་དབྱིངས་སྦོས་ལྷེན་ཁྲག་གཟེར་དང༌། རྒྱུ་གཟེར་གདོན་སྐྲན་དྲེག་གྲུམ་ཀུན་སེལ་ལོ། །བྱེད་ཕུལ་གཏོར་མ་ཚོགས་ཀྱང་ཕུལ་ནས་བྱ་རོག་ཏུ་དམིགས། ཨོཾ་ཕོ་རོག་ཨུག་ཨུགའགོགས་འགོགས་ཆིར་ཆིར་ནནཿ ཟས་ནོར་ཚིག་མིང་བཅུ་གསུམ་འདི། །བཟླས་པས་རང་ཕུལ་བཏང་བས་འཆད། རོ་ལ་བཏབ་ན་འཆི་འཕྲོས་འཆད། །གཉན་དང་གག་ལྷོག་རིགས་དང༌། མི་ཕྱུགས་ནད་ལ་ཐེང་ཆོག་ཡིན་ཞེས་པདྨས་གསུངས་སོ། །ཡང་ཐང་ཕྲོམ་དཀར་པོའི་མེ་ཏོག་གམ་འབྲས་བུ་སླ་ངར་སེར་ཙམ་བརྔོས་པ་ཐུན་གཅིགཤ་སྦྲང་མིག་པོ་ཆེ་ཐུབ་གཅིགརྒྱ་རྩངས་ཤ་དང་ཀླད་པ། བོད་རྩངས་ང་འགམ་གྱི་དེ། ཕུག་རོན། རྒྱ་མཆིལ་བོད་མཆིལ་གྱི་ཀླད་པ་ཅི་མང༌། བྱ་ཕོའི་ངར་སྒོང༌། གསེར་མདོག་གི་རྩེ་མོ་སྲན་མ་ཙམ་པ།གོ་བོའི་གྲེ་བ་དེ་ཙམ། བྱི་ལ་སྟག་རིས་ཅན་ཕོའི་མཇུག་ཏོ། ཞིམ་བུའི་འབྲས་བུ་ཐུན་ཚད་རེ། སུག་སྨེལ་ཐུན་བཟང་གཅིགརྒྱ་ཚྭ་ཐུན་གཉིས། ཛཱ་ཏི་མཁལ་ཞོ་ཤིང་མངར་རྣམས་སྲན་མ་ཙམ་རེ་ལྕམ་པའི་འབྲས་བུ་ཐུན་ལོགསྡིག་པ་ཐུན་ལོགསྨན་སྒ་ཅུང་ཟད། སྐྱེས་དར་ག་བུར་ཙམ་བྱུང༌། གཙང་གཡེར་རྡོག་པོ་ལྔ། ཐལ་རྡོར་རྡོག་བདུན། ཀ་ར་མཐེབ་ཚིགས་ཙམ་རྣམས་ཞིབ་བཏགས།མར་དཀར་སྦྱར་བའི་རིལ་བུ་ལུག་རིལ་ཙམ་དྲིལ། ཨ་རག་གམ་འོ་དྲོན།ཐ་མ་ཆང་བཟང་གིས་ཕུལ། དེས་ཟུངས་འཕེལ་སྲིད་རྒྱས་སོ། །དམ་པའི་གདམས་པ་ཟབ་མོའོ། །ལུག་གི་ཀླད་པར་མར་གསར་དང༌། གཡེར་མས་བྲན་པ་བཙོས་ཏེ་ཟོས་ནས་འོ་དྲོན་ལྟོ་རུ་བསྟེན་ན་བཅུད་ལོན་ནོ། །ར་ལུག་གི་འབྲས་བུ་མང་པོ་འོ་མར་བཙོས་ཁུ་བ་རང་ཐིམ་བྱ། སུག་སྨེལ་སྦྲང་སྦྱར་ནས་བསྲེ་བའང་ཡོད། ལུག་ཐོད་ཚེར་གྱི་ཁོག་སྨད་བཟང་བ་གཅིགཁྱིམ་བྱ་མཚལ་ལུ་བུབས་གཅིགསྲམ་དང་བྱི་བའི་མཇུག་ཏོ་རྣམས་ཞིབ་བཏགས་འོ་མར་བཏབ་ལ་བཙོ། བོད་རྩངས། རྨིགས་བུ། མཆིལ་པ། ཤིང་མངར།རྒྱ་ཚྭ་གོ་སྙོད་ཚ་བ་གསུམ་རྣམས་ཐུན་ཆེ་བ་རེ་བཏབ། རྒྱ་རྩ་དུས་ཀྱི་ཤ་གང་འབྱོར་གྱི་ཕྱེ་བཏབ་སྟེ་ཟོས་ན་བཅུད་རྒྱས་སོ། །གནའ་བ་དང་ལུག་གི་མགོ་མཉམ་བརྡུང་བཙོས་པའི་ཁཎྜར། བུ་རམ་བྲེ་གང༌། མར་བྲེ་བཞི་བཅས་བསྐོལ།ལུག་ཞོ་ཙམ་དུ་གྱུར་དུས། རུ་རྟ་ལི་ཤི། སུག་སྨེལ་སྡིག་སྲིན། ཆུ་སེར་སྨན་བརྒྱད་གང་འཛོམ་བཏང༌། རླུང་ཤས་ཆེ་ན་སྒོག་སྐྱ། བད་ཀན་ཆེ་ན་ཅོ་གའི་མགོ་རྐེ་ཟོས་ན་ང་དང་བད་ཀན་གྱིས་རྣ་བ་འོན་པ་སེལ་ལོ། །ལྕགས་ཕྱེརྒྱ་ཚྭ་འབྲས་གསུམ་རྣམས་རྩ་བའམ་ཞོ་དཀྲུགས་ལ་སྦྱར་ཏེ་བསྐོལ། ནུབ་མོ་མགོ་ལ་བྱུགས་ནས། ནང་པར་འབྲས་གསུམ་སོ་བྱའི་ཁུ་བས་བཀྲུས་ན་སྐྲ་ནག་པོར་འགྱུར་རོ། །ཡང་དུང་སོལ་མེར་བསྲེགས་ནས་དམར་ལྷང་བ་དེ། ཆུ་གྲང་ལ་བཏབ། དེའི་ཕྱེ་མ་མར་སྦྱར། བྱུགས་ན་སྐྲ་ནག་པོར་འགྱུར།ཡང་ར་ཕོའི་རྭ་དང་སོ། །བྱ་རོག་ཕོའི་སྒྲོ། མགྲོན་ཐལ། ལྕགས་དྲེགཐར་ནུ།ནག་མཚུར། རྔ་མ་གསུམ་བསྲེགས་པའི་ཐལ་བ། ཕྱེ་མ་གསུམ་བཙོས་
པའི་ཁུ་བར་བཏབ་ལ། དེར་འོ་མ་དང་མར་ནག་བླུགས་ནས་དྲོན་མོ་དེ་སྐྲ་ལ་བྱུགས་ན་ནག་པོར་འགྲོའོ། །ཡང་བ་ལུའི་རྩ་བ་གྲིབ་བསྐམ་མེར་བསྲེགས་པའི་སོལ་ཕྱེ་དང་མར་དཀར་བསྲེས་ནས་བྱུགས་པས་ཟླ་བ་རེ་ལ་སྐྲ་ནག་པོར་འགྲོའོ། །ཕ་དམ་པའི་གདམས་པ་ལས་སོ། །འདི་རྣམས་ལས་ཕལ་ཆེར་ངེས་པ་མ་རྙེད།རང་གི་ཡ་ཀན་པདྨ་དམར་པོ་འདབ་བཞི་ཁ་ཐུར་བསྟན་ལྟེ་བར་ཨོཾ། འདབ་བཞིར་ཤར་དུ། ཨ། བྱང་དུ་ཎི། ཧྲི་འང༌། ནུབ་ཏུ་ཁ། ལྷོར་ཧཱུྃ། རྣམས་མགོ་ཐུར་བསྟན་བསམ། འབྲུ་ལྔ་བཟླས་པས་ཡི་གེ་རྣམས་ཞུ་སྨན་ཐིམ་བསམ་ལ་སྔགས་བཏབ། འདི་ཆུང་ལྔའི་བྱིན་བས་དང༌། ཟ་དུས་ཀྱང་བྱ་ཞེས་འབྲུག་གི་བེ་བུམ་ཞིག་ན་སྣང་དགེ། སྨུག་པོ་ཆིག་ཐུབ་ཅེས་པ། སྦལ་རྒྱབ་ལ་རིགས་མང་དུ་ཡོད་པའི་ནང་ཚན། མདོག་སྨུག་འཚེར་དབྱིབས་གྲུ་བཞིཕྱི་ནང་རིམ་པ་ཅན་རྒྱ་ཤོག་བསྒྲིལ་བ་ལྟ་བུ། ཆུར་བཅུག་ན་ཆུ་སེར་པོར་འགྲོ་བཞིན། ཁྲག་མདོག་ཅན་དེ་བས་བཟང༌། ཆུ་མཚལ་མདོག་ཏུ་བསྒྱུར་བ་མཆོག་དེ། རྡོའི་དར་ཡ་ཀན་ཞེས་བྱ་སྟེ་ལུག་ཤིག་ཙམ་ལ་ལུག་རེ་རི། དེ་ནི་སྨུག་པོ་ཆིག་ཐུབ་ཅེས་བྱའོ། །ཁ་དོག་དམར་སྨུག་ནག་ངམ་ཅན་ནོ། །དེ་གངས་ཆུ་ལ་བརྡར་ནས་མིག་ལ་བསྐུས་ན་ཉིན་མོ་ཡང་སྐར་མ་མཐོང༌། རུས་མདེག་འཛིན་ཅིང་སྨད་དུ་བལྟས། །ཞེས་སོ། །སྨན་གྱི་ཕྲེང་བ་བཞུགས་སོ། །སྨན་པ་ཆེ་མཆོག་ཞབས་ལ་འདུད། །རྒྱ་གར་རྒྱ་ནག་ལ་སོགས་པའི། །འཐོར་བུའི་སྨན་བཅོས་སྣ་ཚོགས་པ། །བྱ་སླ་དོན་ཆེ་ཅུང་
ཟད་འབྲི། །དེ་ལ་སྟེང་གྲིབ་ཀྱིས་གློ་བུར་དུ་བརྒྱལ་སོང་བ་ལ། དན་རོག་བརྡུངས་པ་ཤོག་གུར་འཕུར་ནས་སྣུམ་བླངས་པའི་ཤོག་བུ་སྣུམ་ཅན་དེ། མེར་བཅུག་པའམ་བསྒྲིམས་ནས་སྣར་བཏང་བས་སོས་ཡོང༌། ༡ ཁ་མིག་ཡོ་བ་ལ་དན་ཁྲ་བརྡུངས་ནས་ཡོ་ཕྱོགས་མ་ཡིན་པར་འབྱར་བྱེད་ཅིང་ལག་པས་འཕུར། ཡོ་དྲང་འཕྲལ་འབྱར་ལེན་ཅིང་ཆུས་བཀྲུ། ཡང་ན་ཉའམ་སྦྲུལ་གྱི་ཁྲག་ཡོ་ཕྱོགས་མིན་པར་བྱུག་པས་ཕན་ནོ། ༢ །ཡང་ང་ནད་ཀྱིས་མགོ་ལག་སོགས་འདར་བ་ལ་སྟར་ཀའི་ཚིལ་བརྡུངས་པ་ཞོ་གསུམ། སྤྲ་ཚིལ་ཞོ་གསུམ་བཅས་སྣོད་དུ་བཞག་པ།ཆང་ཚན་མོ་བླུགས་པའི་ཐང་འཐུང་ནས་རྡུལ་དབྱུང་ན་ཕན། ཡང་ཞག་གསུམ་སོང་ནས་སྨན་སྔ་མ་གཉིས་ཞོ་བཞི་རེ་སྦྱར་ནས་འཐུང༌། ཡང་ཞག་གསུམ་ནས་ལན་གཅིག་བསྟན་དེས་ཕན་ནོ། ༣ །སྟེང་གྲིབ་ལྟ་བུའི་ང་གིས་ངག་ལྐུགས་པར། སྣུམ་ནག་སྲང་དོར་བྱ་སྒོང་གཅིག་བླུགས་ནས་བསྐོལ་ཏེ་འཐུང་ངམ་ཁར་བླུགས། ཡང་ན་ལྕགས་ཀྱི་བཙའ་དམར་པོ་ཅན་ཆུར་བསྐོལ་ནས་འཐུང༌། དེས་ཁོང་ཁྲག་མཁར་བ་ལའང་ཕན། ༤ དབྱར་དུས་ས་བརླན་གྱིས་རྐང་པ་སྐྲང་བ་ལ་སྨན་སྒའི་ཐང་གིས་བཀྲུས་པས་ཕན། ༥ མགུལ་འགགས་ཟས་མི་ཐར་ཞིང་ལྷག་པར་སྐྱུགས་པ་ལ། སྒོ་ན་རྒྱ་མ་གང་ཆབ་ཁང་དུ་ཞག་ཡར་བཞག་བཏོན་བཀྲུས་མེར་བསྲེགས་པའི་སོལ་ཕྱེ་ཞོ་གསུམ་རེ་ཆུ་བསྐོལ་ཕུལ། གསུམ་ལྔ་ཙམ་ལ་སླར་བསྐྱལ་བས་ཕན། ཡང་ན་ཕྱེའུ་ལེབ་དཀར་ཆུང༌། ཆང་སྐྱུར་ཁར་ཤི་བ་དེའི་རོ་བཏགས་པ་ཞོ་རེ་ཆང་གིས་ཕུལ། ༦1ཡང་མགུལ་འགགས་དང་ཕོ་ཐོག་ལ་བྱ་རྡོ་བསྲེགས་པ་ཆུར་བཞུས་བསྐོལ་བའི་སྙིགས་མ་དོར། ཁུ་བ་དྭངས་གྲུངས་བླངས་སླར་རྫ་སྣོད་དུ་བསྐོལ་ནས་སྐམ་པ་སྤར་བུར་བཅངས་ལ་ཁ་དམ་པར་བཅད། བཞི་བཅུ་ཡན་དར་མར་སྐར་བཞི། རྒས་པ་སྐར་དོ་ཨ་རག་འཐུང་གང་ཐུབ་ཀྱིས་ཕུལ། དེས་སྲིན་བུ་སྐྱུགས་བཤལ་བྱུང་ན་ཕན། མ་བྱུང་ན་སླར་བསྐྱར། འབུ་མ་ཐོན་ཀྱང་ནད་ཞི་ན་ཕན། མ་ཞི་ན་སླར་བསྟེན། ༧ ཕོ་བ་ཚ་ཞིང་དབུགས་བསྡམ་པར། པི་ལིང་གི་རྩ་བ་སྲང་ལྔ་ཆུ་ཅོར་གསུམ་དུ་བསྐོལ་བ་ཆ་གཉིས་ལུས་པ་འཐུང༌།༨ རྟ་ཡི་ས་བོན་ལས་སྐྱེས་པའི་ཤ་མང་དེ་རྒྱ་ཡུལ་ནས་བྱུང་བ་ཡིན་ན་ཚྭ་ཁུ་དང་ཆང་གིས་བཀྲུས་པ་རྒྱ་ཐུར་གྱི་སྲང་སོ་གཉིས། ཆང་བཟང་བྲེ་ཉི་ཤུའི་ནང་སྦངས་ནས་དེའི་ཁུ་བཅུད་རིམ་པར་འཐུང་ན་ཁུ་བ་ཤིན་ཏུ་འཕེལ། ༩ སྣ་ཁྲག་མང་དུ་ཤོར་བ་ལ་བྱིས་པའི་འཚང་སྐྲ་མེས་བསྲེགས་པའི་ཐལ་བ་ཐུན་ཆེ་ཙམ་ཆང་གིས་ཕུལ། ཐལ་བ་དེ་སྨྱུག་སྦུབ་ནས་སྣར་བསྐྱལ། ཡང་ན་ཀརྴ་པ་ཎི་བསྲེགས་ཐལ་སྣར་བླུགས། ནུ་མ་དང་རླིག་པ་སྐུད་པས་བཀྱིག་གོ ༡༠ །གྲུམ་སྟབས་རུས་ཚིགས་ན་བར་རྟ་ཡི་ལག་པའི་སེར་རུས་ཆང་གིས་བྱུགས་ནས་མེར་སེར་ཙམ་བསྲེགས་པའི་ཕྱེ་མ་ཆང་བྲེ་གསུམ་དུ་བླུགས་ནས་ཞག་གསུམ་བཞག་པའི་ཁུ་བ་ཉིན་རེ་ཕོར་ཆུང་གང་ཙམ་རེ་བསྟེན། ༡༡ ཡང་ཧ་ཤིག་ཆ་དྲུགཤིང་མངར་དང་བྲེ་གུ་གསེར་ཐིག་གི་ཐིག་ལེ་གཉིས་ཆ་རེ་སྦྱར་བའིཕྱེ་མ་ཞོ་དོ་ཆུ་བསྐོལ་གྱིས་ཕུལ་བས། གཅིན་རྙིང་པ། རྡེའུ། བྱེ་མ། འབྲས་
ཁུ། ཁྲག་རྣག་གིས་ཆུ་འགགས་པ་ལ་ཕན། རྟ་དྲེལ་ལ་བཏང་ན་འབྲས་ཁུས་ཕུལ། གཞན་ཡང་རྩ་ནད་ཀྱི་རིགས་ཀུན་ལ་ཕན་ནོ། ༡༢ །བུ་དང་ཤ་མ་མ་ཐོན་པ་ལ་དན་ཁྲ་བརྡུངས་ནས་རྐང་མཐིལ་བརླན་ཐོན་འཕྲལ་སྤྱི་བོར་སྦྱར་བ་ཟབ། ༡༣ མཚེ་ལྡུམ་རྐྱང་པ་སྣོད་དུ་བླུགས། དེར་ཆུ་ཚན་བླུགས། ཁ་སྣོད་ཀྱིས་བཀབ་ནས་ཅུང་ཟད་བཞག་ནས་མ་གྲང་པར་འཐུང་ན། རིམས་ཀྱིས་ལུས་ཚ་མགོ་ནད་གློ་སོགས་བྱུང་བ་ལ་ཕན་པ་གུ་ཧྱ། ༡༤ གླང་ཐབས་བཤལ་སྐྱུགས་ཡོང་བའི་ནད་ལ་ཆང་སྐྱུར་གྱི་སྐྱུར་རྩི་གང་རུང་ཅོང་ཙེ་གང་འཐུང༌།ཅོང་རྩེ་ཞེས་པ་དཀར་ཡོལ་ཆུང་ངུ་མཆན། ནད་འདིས་རྐང་རྩ་འཁུམས་ན་བུས་མོ་མན་ཆད་ཆུ་གྲང་དུ་བཅུག༡༥ །ཟས་ཡི་གར་མི་འོང་ཞིང་སྐྱུགས་པའི་ནད་ལ། ཡུངས་ཀར་གྱི་ཕྱེ་མ་ཅུང་ཟད་ཆང་གིས་ཕུལ། དེས་མ་ཕན་ན་བོང་ནག་གི་གཅིན་ཅོང་ཙེ་གང་འཐུང་ན་འབུ་སྐྱུགས་འོང༌། དེས་ཕན། ༡༦ བད་ཀན་མགུལ་དུ་ཆགས་ནས་ངར་བ་ན། ཤ་ལ་ཡུ་རིང་གི་མེ་ཏོག་གམ། རྩ་བའམ། ལོ་མ་སྐམོ་ན་གང་རུང་གི་ཕྱེ་མ་བསྐོལ་ནས་ཁྱེའུ་སུས་འཐུང༌། ༡༧ གླང་ཐབས་བཤལ་སྐྱུགས་མེད་པ་ལ་ཆུ་བསྐོལ་ལ་ཚྭ་བཏབ་པ་འཐུང་བས་སྐྱུགས་ན་ཕན།སྦྱིར་གླང་ཐབས་ལ་ལྟག་ཁུང་དུ་ལྷྭམ་བཀལ་གསུས་པའི་ཐོག་ཏུ་སྐམ་པ་དྲིལ།དེའི་ཐོག་ཏུ་ཡོབ་ཐོད་ལན་བདུན་བརྡེག༡༨ གྲང་ནད་ཀྱིས་ཁམས་ཟག་པར་དང་རྐང་རྐེད་ན་བ། ཉམས་ཆུང་བ། སྟོད་ཚད་སྨད་གྲང་སོགས་ལ་ཤ་བའི་གྭ་དོར་ཆང་ལ་རླངས་ཚོས་བྱས་སྐམ་པའི་ཕྱེ་མ་སྦྲང་གིས་རིལ་བུ་སྲན་ཙམ་དྲིལ།
ལྔ་བཅུ་རེ་འབྲས་ཐང་གིས་ཕུལ། ༡༩ ལའོ་ཀྱིན་ཞེས་པའི་ཉེ་དུ་ལ་འགོ་བའི་ནད་ལུས་སྐེམ་ཞིང༌། སྐབས་སུ་ཕོ་བ་གཟེར་བ་བཤང་བ་དྲི་དུགས་སྲིན་བུ་སྣ་ཚོགས་སྐབས་སུ་ཡོད་པའི་ནད་ལ་སྲམ་གྱི་མཆིན་པ་གྲིབ་སྐམ་བྱས་པའིཕྱེ་མ་ཅུང་ཟད་ཆུས་ཕུལ། ཡང་ན་ཁོང་སྲིན་སོགས་སྲིན་རིགས་ལ་བྱི་ཏང་ཀའི་ཕྱེ་མ་ཞིབ་པར་བཏགས་པ་སྦྲང་གིས་རིལ་བུར་དྲིལ་བ་བསྟེན་པས་སེལ།༢༠ ཁྱི་སྨྱོ་ཕག་སྨྱོ་ལུག་སྨྱོ་ཟེར་བ་གློ་བུར་དེ་དག་གི་སྐད་འདོན་ཞིང་སྨྱོ་བ་དང༌། བྱིས་པའི་ལྟོ་བའི་སྲིན་ནད་ལ་ཕག་རྒོད་ཀྱིས་མཁྲིས་པ་མཛུབ་མགོ་ཙམ་ཆུར་སྦངས་ནས་འཐུང༌། ༢༡ བྱིས་སྦའི་ཆོམ་ལུགས་ལ་སྔོ་ཆུ་སྲིན་སྡེར་མོའི་ཕྱེ་མ་བཏབ་པས་ཕན། ༢༢ ཡང་ཟླ་མཚན་འབྱམས་པ་ལ། རྟ་དཀར་པོའི་ལུད་སྦང་བསྲེགས་ཐལ་ཞོ་གསུམ་བཞི་རེ་ཆང་བཟང་པོས་ཕུལ། ཡང་ལྕམ་པའི་རྩ་བ་རྒྱ་མ་གང༌། ཆང་སྐྱུར་བཟང་པོ་རྒྱ་མ་གང་བཅས་མཉམ་བསྐོལ་རྒྱ་མ་ཕྱེད་ལུས་པའི་དྭངས་མ་དེ་ལྟོ་སྟོང་ཅོང་ཆུང་རེ་འཐུང༌། ༢༣ གདོང་ལ་ཁྱེ་མ་དཀར་ནག་དམར་ཐིག་བྱུང་ན་ཤ་རུ་བསྲེགས་ཐལ་ཕག་མཁྲིས་དང་སྦྱར་ནས་བྱུགས། འདིས་མྱུར་དུ་སོས། ༢༤ གྲི་མཚོན་གྱི་རྨ་ལ་སྡིག་སྲིན་གྱི་ཕྱེ་མ་དང་ཐ་མ་ཁའི་ཕྱེ་མ་བཏབ་པས་ཕན། ཁྲག་ཆོད་ཡང་རྟ་སྤུ་བསྲེགས་ཐལ་རྨ་ལ་བཏབ་པས་ཁྲག་ཆོད། ༢༥ མེས་ཚིག་རྨ་ལ་རྒྱ་སྣག་བཟང་པོ་སྒོང་ཆུ་དཀར་པོར་བརྡར་ནས་མེས་ཚིག་འཕྲལ་ལན་གསུམ་བྱུགས། སྟེང་ནས་རྒྱ་ཤོགོ་ན་པ་སྦྱར། དེས་ཆུ་བུར་མི་འབྱུང༌། ༢༦ འབྲུག་རུས་ཀྱི་ཕྱེ་མ་ཆུ་
དང་སྦྱར་ནས་བྱིན་ན་བྱིས་པ་སྔངས་བརྒྱལ་སོགས་ལ་ཕན། ༢༧ བྱིས་པ་བད་ཀན་གྱིས་སྐེ་བགགས་ནས་ངར་སྒྲ་འཆོར་བ་ལ། དན་རོག་རྡོག་གཅག་ལྤགས་པ་བཤུས། ནང་གི་ཚིལ་བརྡུངས་ནས་རིལ་བུར་བྱ། སྲིན་བལ་གྱིས་དྲིལ་ནས་ཕོ་གཡས་མོ་གཡོན་གྱི་སྣར་བརྫོངས་པས་ཕན། ༢༨ བྱིས་པ་མཚན་ངུས་བྱེད་པ་ལ། མར་མེའི་སྡོང་བུར་ཆགས་པའི་དུད་རེ་ལ་དེ། སླར་ཡང་བསྲེགས་པའི་ཕྱེ་མ་ནུ་མའི་རྩེ་ལ་བྱུགས་ནས་བསྣུན་པས་ཕན། ཡང་ན། གྷི་ཝཾ་སྲན་ཙམ་ནུ་ཞོ་ལ་བརྡར་ནས་བླུད། ༢༩ བྱིས་པའི་ཁ་ལྕེ་འབྲུམ་ཐོར་དང༌།མིག་གི་ཚག་ནད་ལ་སྲན་ལྗང་ཆུ་འཐག་ཕྱེ་ཅུང་ཟད་སེར་ཙམ་བརྔོས་པ་སྲང་བཞི། མྱང་རྩི་སྦྲས་ཀྱི་ཕྱེ་མ་སྲང་གང༌། གླ་རྩི་དང་ག་བུར་སྐར་ལྔ་རེ། སྦྲང་བསྐོལ་པ་སྲང་བཞི་བསྲེས་ནས་རྡོ་གཞོང་དུ་ལེན་སྟོང་ཕྲག་བརྡུང་སྟེ་དཀར་ཡོལ་དུ་བཅང༌། མིག་ལ་ཆུ་གྲང་སྦྱར་ནས་གཏིགཟ་འཕྲུག་ལའང་དེ་བཞིན་བྱུགས། ཁ་ཤུ་ལ་སྲན་མ་ཙམ་མུར། ༣༠ བྱིས་པ་ཟས་མ་འཕྲོད་པ་སོགས་ཀྱིས་སྦོས་པ་ལ། ལ་ཕུག་དཀར་པོ་བཙིར་བའི་ཁུ་བ་བླུད། ༣༡ ཟས་མ་ཞུ་བ་སོགས་ཀྱི་ཕོ་ནད་ལ་སྟར་ག་བསྲེགས་པའི་ནང་ཚིལ་ཟོས་པས་ཕན། ཡང་ན་བྱེའུ་ནས་ཟན་ཤ་ཡི་ཐང་བཏང༌། གསུས་པའི་ཁར་བྲེ་བཞག་ལ་དེ་སྟེང་མེ་བཙའ་བཞག༣༢ དར་མ་དང་བྱིས་པ་གཉིས་ཀའི་སྐྱུགས་མེར་དང་སྐྱུགས་པ་གཅོད་པར། ལ་ཕུག་ལོ་མ་བརྡུངས་བཙིར་ཁུ་བ་འཐུང་ན་ཕན། ༣༣ བྱིས་པ་བཤལ་སྐྱུགས་ཀྱི་ནད་ལ་སྲན་མ་ཆུ་ཞིབ་ཞོ་གསུམ་སྒོང་ཆུ་དཀར་པོ་དང་
སྦྱར་ནས་ཤོག་བུར་བླུག་མཚོགས་སྨིན་ལ་སྦྱར་བས་ཆད། དེ་མ་ཐག་འབྱར་སྨན་ལེན། དེ་བཞིན་སྐྱུགས་ན་རྐང་མཐིལ་ལ་སྦྱར་ན་ཕན། ཡང་འཁྲུ་བ་མ་ཆོད་ན་བོང་ཤའི་ཁུ་བ་བཏང༌། རྐེ་ལ་ལྡེ་མིག་བཏགས། ༣༤ བྱིས་པ་དང་དར་མ་གཉིས་ཀའི་བཤལ་སྨན། རྒྱའི་སུག་སྨེལ་ཁྲོབ་ཙམ་བརྡུང་སྒ་ཆུས་བྲན་ནས་བརྔོས་པ་ཞོ་དོ་གསུམ་ཆུ་ཅོང་དོར་བླུགས། ཕྱེད་འཐག་པར་བསྐོལ་དེར་སླར་ཡང་བུ་རམ་སྲང་གང་བླུགས། ལན་ཁ་ཡར་ཁོལ་ནས་འཐུང༌།༣༥ བྱིས་པའི་ནད་མངལ་དུག་གི་དམར་ཐིག་མཆེད་ན་སྙིང་གར་སླེབས་ན་འཆི་བས། དེ་ལ་སྨན་བུལ་ཏོག་ཆུར་བསྐོལ་བའི་གར་ཆུས་བྱུགས། ཚབས་ཤིན་ཏུ་ཆེ་ན་ལུག་རྒོད་རྭ་བསྲེགས་ཐལ་དང་སྒོང་ཆུ་དཀར་པོས་བྱུགས་པས་ཕན། ༣༦ ཡང་གཉན་འབྲས་ཀྱི་སྐྲངས་འབུར་ལ་སྒོག་གཅིག་མ་ཊཾ་ག་སུམ་བརྩེགས་ཙམ་གྱི་རྔམས་ཡོད་པ་བཤགས་ལ་སྦྱར། དེ་སྟེང་མཁན་དཀར་གྱི་མེ་སུམ་ཚོམ་དུ་བསྲེགདེ་ནས་སྒོག་པ་ཚུར་ལེན་དེས་ཟུག་མེད་ལ་ཟུག་སྐྱེ་བའམ། ཟུག་ཡོད་ལ་ཟུག་ཆག་ན་ཕན་རྟགས་ཡིན། གསར་དུས་ཕན་ངེས་སོ། ༣༧ །རྣ་ནད་ལ་བཙན་དུགོ་ན་པ་རབ། མིན་ཀྱང་སྐོམ་པོ་སྤངས་ནས་ཆིག་བྷའི་ཤིང་ཐོག་ཆིབ་ཁ་ཞེས་དམར་རིལ་གྱི་ནང་སྙིང་ལྟར་བྱ་དགོས། རུས་པའི་དབྱིབས་སུ་གྲིས་བཅོས་ནས་རྣ་བར་བརྫོངས་ཤིང་ཡང་ཡང་བརྗེ། དེས་རྣ་བ་གཡའ་ཞིང་འུར་སྒྲ་བྱུང་བ་ལ་ཕན། ཡང་གཡི་རྩེ་ཞེས་ཤིང་ཐོག་བ་ཚྭ་ཅན་དེའི་ཡུ་བ་འདོགས་མཚམས་དེ་མེ་ལ་ཅུང་ཟད་བསྲེགས་པའི་ཕྱེ་མ་སྨྱུག་སྦུབས་ནས་
རྣ་བར་ཕུས་གདབ། ༣༨ ཡང་རྣ་བ་ནས་རྣག་འོང་ན་ལ་ཕུག་རུ་རྟའི་ཁུ་བ་བླུགས། རང་གི་ལག་པས་རྡེའུ་ནག་པོ་གཅིག་ནེམ་ནེམ་བྱེད། ༣༩ མིད་པ་སྐྲངས་ཤིང་དབུགས་ཐོན་མི་ཐུབ་པ་ལ། མི་ཡི་སེན་མོ་བྲེག་ནས་རྫ་མར་སེར་ཧྲོབ་མ་སོང་བར་བརྔོས་པའི་ཕྱེ་མ་སོག་སྦུབ་ནས་གྲེ་བར་བརྡས་པས།དེ་མ་ཐག་སྐྲངས་འཐོར་འགྲོ། ༣༩ མྱང་རྩི་སྤྲས་སྲང་དོ། ལྕེ་ཆུང་སྒ་སྲང་གང་བཅས་ཕྱེ་མ་བྱས་ནས། ཁ་ལྕེ་འབྲུམ་ཐོར་བྱུང་བར་བཏབ་ན་འཕྲལ་དུ་ཕན།༤༠ ཡང་ལྕེ་བེམ་པ་དང༌། ལྕེ་ཆུང་ན་བར་ནི་ལ་ཐོ་ཋ་ལྕགས་ཁེམ་དུ་བསྲེགས་པའི་ཕྱེ་མ་བཏབ་པས་སེལ། ༤༡ ཡང་ལྕེ་སྐྲངས་ཤིང་རྡོ་ལྟར་སྲ་བ་ལ་རྫ་མའི་དུད་པ་དང༌། རྒྱ་ཚྭ་གཉིས་མཉམ་པའི་ཕྱེ་མ་ཆུ་མིག་གི་ཆུར་སྦྱར་ནས་བྱུགས་པས་ཕན། ༤༢ སོ་བརྡུང་བ་སོགས་ཕོག་ཐུག་གིས་འགུལ་པ་ལ་གཟེ་མའི་རྩ་བ་མེར་བསྲེགས་པའི་ཐལ་བ་བྱུགས་པས་ཕན། ༤༣ ལིང་ཏོག་གསར་རྙིང་རྭ་སོགས་ཕྱི་འགྲིབ། བར་འགྲིབ་སོགས་ཁྲག་ཤས་ཆེར་མེད་ན་ཐོག་མ་ནས་དང༌། ཁྲག་ཤས་ཆེ་བ་གཏར་རྗེས་མེ་ཚུགས་ལེགས་པས། དེ་ལ་ནད་པ་ལུས་དྲང་པོར་སྲོང༌། མིག་ཐད་ཀ་དྲང་པོར་བལྟས་པའི་རྒྱལ་མོའི་སྟེང་ནས། སྟེང་འོག་ཕྱི་ནང་བཞིར་ནད་པ་རང་གི་ཚོན་གང་གཞལ་མཚམས་ཀྱི་ཁ་གདོང་བཞི་ལ་གདབ། །ཕྱི་ཟུར་དུ་མིག་གི་ཕྱི་གཤམ་ནས་མཚོན་གང་མཚམས་སུ་གདབ། གསེར་ཚུགས་མེ་ལ་བསྲེགས་པ་དང་སྣུམ་ལ་བསྒྲེ་བ་རེས་མོས་ཀྱི་མཐར་སྣུམ་ལ་རེག་པ་དང༌། མེ་ལྷབ་འབར་ན་རྡེག་རན།
རྡོ་ཧ་ཤིག་ཡིན་ན་མེ་འབར་རུང་ད་དུང་སྣུམ་ལ་བསྒྲེ་བ་དང༌། མེ་ལ་བསྲེག་པ་ལན་གཅིག་གཉིས་བྱ་དགོས། ལིང་ཏོག་བཅོས་གཞན་གྱིས་མ་ཐུབ་པར་རྒྱལ་མོའི་སྟེང་དུ་འགྲོ་གྲབས་བྱུང་ན། ལིང་ཏོག་ཡོད་ཕྱོགས་ཀྱི་གོང་བཤད་གསང་གཉིས་སམ་རེ་རེ་བཏབ་པས་དེ་ཕྱོགས་སུ་འཐེན་འགྲོ། འགྲིབ་ལའང་ཕྱོགས་བཞི་གར་ཡོད་ངོས་སུ་མཐོང་བའམ་མཐོང་ཚུལ་ལ་དཔགས་ནས་གར་ཡོད་ངོས་སུ་ཕྱིར་ལ་འཐེན་ཕྱིར་མི་གདབ་ན་རྒྱལ་མོའི་སྟེང་དུ་མི་ཤོར་བར་འགྱུར། འགྲིབ་མཐོང་བྱེད་རྒྱལ་མོའི་ནང་ངོས་སུ་ཡོད་ན། ཕྱི་ཟུར་རྣ་བ་ངོས་ལྟ་བུར་མེ་གདབ་ན་རྒྱལ་མོའི་སྟེང་དུ་འཐེན་འགྲོ་བས་མ་ནོར་བ་གལ་ཆེ། ཡང་རྒས་ཁར་མིག་མི་གསལ་ན། རྐང་མཐིལ་གཉིས་ཆུས་དག་པར་བཀྲུས་ལ་ཕག་ཚིལ་མར་སྦྱར་བྱུགས། བཀུ་མཉེ་བྱས་པས་ཤིན་ཏུ་གསལ་ལོ། ༤༤ །རྣ་བ་ང་འོན་ལ་རྣ་བའི་བུ་ག་ནས་ཕྱོགས་བཞིར་ཚོན་རེ་གཞལ་བར་མེ་བཙའ་བྱ། ཤིང་ཀུན་ཉེར་ལྔའང་རྣ་བར་བླུགས། ༤༥ དུག་སྦྱོང་ལ་ཀོ་ཋ་རྡོག་གསུམ་ཙམ་ཆོལ་བརྡུང་བ་དཀར་ཡོལ་གང་ཙམ་ཆུ་ལ་ཇ་ཡུན་ཙམ་སྦང༌། དེ་ནས་ཐེ་བོས་དྲག་ཏུ་བསྣུར་བའི་ཁུ་བ་གར་མོ་དེས་དུག་གི་སྨན་རིལ་བུར་དྲིལ།ལྷག་མ་སིང་པོས་མཚམས་སུ་ལྕག་བྱེད་བཏང་བ་ཟབ། ༤༦ །ཙནྡ་དམར་པོ་བཙག་ཞིབ་བཏགས་ཁོང་དུ་བཏང་ཞིང་གང་ན་སར་བྱུག་པས་མེ་ལྕེ་འཁོར་ལོ་ལ་ཕན་ནོ། ༤༧ །བྲག་ཞུན་ཐང་ཁང་དུ་བཏང་བས་ཡན་ལག་གི་རྩ་རྒྱུས་འཁུམས་ཆད་གསར་རྙིང་རྨ་དང༌། བུད་མེད་བཙས་རྗེས་རྐེད་པ་ན་བ་སོགས་
འཇོམས། ༤༨ སོ་དུག་གི་རྨ་གསར་རྙིང་གང་ཡིན་ཀྱང་ཆུ་དྲོན་མོས་བཀྲུས་ལ་སྟོང་ཇ་དང་གོ་ཡུ་བསྲེས་པ་ཞོ་དོ་རེ་ནཱི་ལ་ཐོ་ཋ་དང་གླ་རྩི་ཞོ་ཕྱེད་རེ་ཞིབ་བཏགས་ནད་པའི་མཆིལ་མས་ཁུ་བ་བྱས་པ་བྱ་རོག་གི་སྒྲོས་རྨ་གར་ཡོད་ལ་བྱུགས་པས་མྱུར་དུ་སོས། ༤༩ འབྲས་བུ་སྐྲངས་པའི་ནད་ལ་འབྲས་གསུམ་གྱི་ཕྱེ་མ་བ་ཡི་ཆུས་བཏུང་བས་ཞག་བདུན་ནམ་བཅུ་བཞིའི་ཁོངས་སུ་གྲོལ།༥༠ དྭངས་མ་འཛག་པ་ལ་སུག་སྨེལ་ཤེལ་ཀར་བཅས་ཞིབ་བཏགས་ཐུན་ཚད་ཉིས་འགྱུར་ཙམ་རེ་ཟོས་པས་ཕན། སྨན་གཏོང་རིང་སྐྱུར་དང་ལ་ཕུག་མི་ཟའོ། ༥༡ །བྱི་བྲུན་ཞིབ་པར་བཏགས་པ་ཆུར་ཞོ་ཙམ་སྦྱར་བ་ལྟེ་འོག་ནས་སྤུ་དཀར་ནག་མཚམས་ཡན་བྱུགས་པས་ཕན། ༥༢ ཡང་རྡེལ་ནད་ཆུ་འགགས་བཅོས་ཐབས་ཟབ་ཁྱད་ཅན་ཚ་ལ་ཆུ་བཅད་ཕྱེ་མ་ཅུང་ཟད་སྦུབས་ཐུར་གྱིས་གསང་གནས་སུ་བསྐྱལ་བས་དེ་འཕྲལ་དུ་ཕན། ཡང་ཐུན་ཆུང་རེ་ཆུ་བསྐོལ་གྱིས་ཕུལ་བས་རྡིལ་ནད་ཞི་བ་མྱུར་གྲུབ་བོ། ༥༣ །ཟ་འཕྲུག་གི་ནད་ལ་ཕོ་བ་རིས་མ་རི་ཙེ་དང་སིནྡྷུ་ར་གཉིས་ཆ་མཉམ་ཞིབ་བཏགས་མར་ལ་སྦྱར་བྱུགས་ཕན། ༥༤ གཉན་འབར་འབུར་ལ་ཉ་ལྕིབ་མེ་ལ་ཕྱེད་ཙམ་བསྲེགས་པའི་ཐལ་བ་བའི་ཞོས་གཏའ་བྱས་ཐུན་ཆེ་ཙམ་ཉིན་བདུན་བར་བཏང་བས་ཕན། ༥༥ བུད་མེད་ཀྱི་མཚན་མ་ཆུང་ངུར་གཏོང་ན། གླ་རྩི་རུ་རྟ་ཞིབ་བཏགས་ཆ་མཉམ་སྦྲང་རྩིའི་རིལ་བུ་སྐྱུ་རུ་ར་ཙམ་བསྒྲིལ་མཚན་མར་བཅུག་པས་གྲུབ་བོ། ། ༥༦ ཡང་སྐྱེས་པའི་ཕོ་རྟགས་སྦོམ་རིང་མཁྲང་འདོད་ན། སོ་མ་རཱ་ཙ་དང་ཐང་ཕྲོམ་ཆ་
སྙོམས་ཨ་མ་ཕ་ལའི་ཁུ་བ་དང་མཉམ་དུ་འདམ་བཏགས་བྱས་པ་རིལ་བུ་གྲིབ་སྐམ་བྱས། སྐྱེས་པ་གཞན་དར་མའི་ཆུ་ལ་ཞོ་ཙམ་བདར་བ་རིང་པར་ཕོ་རྟགས་ཀྱི་རྒྱབ་དང༌། སྦོམ་མཁྲང་སྐྱེར་ལོ་མན་ཡོངས་རྫོགས་ལ་བྱུགས་པས་གྲུབ་བོ། ། ༥༧ རང་གི་ཁྲག་དང༌། གྷི་ཝཾ་གིས་དཔྲལ་བར་ཐིག་ལི་བྱས་པས་གང་མཐོང་བའི་བུད་མེད་དབང་དུ་འགྱུར་རོ། ། ༥༨ ཨ་ར་ཛ་ར་ཀོ་ནི་ད་བ་རེ། ཨ་ར་ཛ་ར་གོ་ར་པ་ལ་བ་ཏི་ནི་ད་བ་རེ་དོ་ཧ་ཨི་ཧ་ནུ་མནྠ་ཀི། མེ་རི་བྷ་ཀྟི་གུ་ར་ཀི་ས་ཀྟི། ཕུ་རི་མནྟྲ་ཨི་ཤྭ་ར་པ་ཙ། ཡ་མས་མགོ་བོ་ཕྱེད་ན་བ་ལ་མི་གཞན་ཞིག་ལ་མགོ་བོ་ན་སར་འཛིན་དུ་བཅུག་ལ་རང་གིས་སྔགས་འདི་ཚར་བདུན་མ་སོང་བར་གྲི་རྩེས་ས་ལ་རི་མོ་མིག་མང་རིས་གང་མང་བྲིས། སྔགས་གྲངས་ཚང་བ་དང༌། གྲི་རྩེ་རི་མོའི་དཀྱིལ་དུ་བཙུགས་ལ་ནད་གང་དུ་འདུག་དྲིས།གཞན་དུ་འཕོས། འདུག་ན་དེ་ནས་བཟུང་ལ་སྔར་ལྟར་བྱས་པས་ཟུག་གཟེར་འཕྲལ་དུ་ཆག་ནས། ནད་མེད་བདེ་བར་འགྱུར་བ་མྱོང་གྲུབ་བོ། ། ༥༩ སྔར་སྤྱོད་ཀྱི་སྐྱོན་ཡོན་དང་མདངས་བཟང་ངན་འགྱུར་སོང་ན་ཀླུ་གདོན་གྱི་ནད་ཞུགས་པ་ཡིན་པས། སོར་མོ་ཉི་ཤུའི་སེན་སྙིང་མཚམས་དང༌། སྐྲ་མཚམས་སུ་ཕྲེད་ལ་སོར་ལྔ། སེར་མདོག་ཐོན་ཙམ་བསྲེགས་པས་སེལ། ༦༠ ཚིགས་པ་དྲུག་པའི་ཕན་ཚུན་སོར་བཞི་རེ་གཅལ་བ་རྩ་ཧྲང་ངེ་ཡོད་པ་དེའི་ནང་དེ་བས་སུ་མེ་བཙའ་བཞག་ན་ཁྲག་ང་གིས་མགོ་ན་བ་དང་རྩ་དཀར་ལ་ཕན།༦༡ བཅོ་བརྒྱད་པའི་གཡས་གཡོན་སོར་གསུམ་དང་ཁ་གསུམ་མེ་བཙའ་
བཞག་པས། རླུང༌། གྲང་བ། རྐེད་པ་ན་པ། མཁལ་རྩ་དྲལ་བ་རྣམས་ལ་ཕན། ༦༢ ཚིགས་པ་ལྔ་དྲུག་བདུན་མདུན་གྱི་དཀར་ནག་མཚམས་རྣམས་སུ་མེ་བཙའ་བཞག་པས་བྲང་ཚ་བ་དང༌། སྟོད་ན་བ་སོགས་ལ་ཕན། ༦༣ སྟོད་འཚང་ལ་དེ་བཞིའི་སྟེང་རྐེ་སྟོང་ཅ་ར་ཁུང་དང་ལྔར་བཞག་པས་ཕན། ༦༤ པུས་མོར་ཚིགས་ཆུ་འདུག་ནས་བརྐྱང་བསྐུམ་དཀའ་བ་ལ་ལྷ་ངའི་ཕྱོགས་བཞིར་མེ་གདབ། ༦༥ རྨ་རྒན་ཡུན་རིང་འཚོར་མ་འདོད་པ་ལ་བྱ་རོག་བྲུན་མེར་བསྲེགས་དུ་བ་བདུག་ན་ཕན། ༦༦ མིག་ལྕིབས་སྐྲངས་པ་སོགས་སྲིན་སྐྲངས་རིགས་ལ་ཁ་ཤའི་ར་རྡོ་ལ་བདར་བའི་ཚུགས་ཚ་མོས་ཕན། ༦༧ རྒྱ་ཐོར་ལ།བཙན་དུགམི་ཡི་དྲི་ཆེན། སྨྱུག་ཤུན་ཇ་ཡི་མགོར་ཡོད་པ་དེ་ཨུག་ཆོས་འབྲས་བུ་དང་བཞི་ནུས་བསྲེགས་ཐལ་བ་རྨ་ལ་སྐམ་འདེབས་སམ། ཕག་ཚིལ་སྦྱར་ཏེ་བྱུགས་པས་ཤིན་ཏུ་ཟབ། ༦༨ ཤིག་རྒྱུན་བཅད་པ་ལ། རྒྱ་སྐྱེགས། གླ་རྩི་སྤྲུ་སྐྱ་རྣམས་ཆང་དུ་བཏབ་ལ་དྲོད་ཕབས་ཏེ་ཞག་གཅིག་བསྙལ། དེ་ནས་རང་ལ་ཤིག་མེད་པར་བྱས་ན་ནང་སྔ་མོ་ཞོག་པ་གསུམ་ལ་ཁྱེམ་ཆེན་གང་རེ་འཐུང༌། མི་འཁྲུགས་པའི་གཟུངས་བརྒྱ་རེ་འདོན། དེས་ལོ་གསུམ་ཤིག་མཚམས་ངེས་པར་ཆོད་ཟབ། ༦༩ ཤ་བའི་ཤ་སྐམ་པོ་དང་རའི་འོ་མར་སྦྱར་བ་བཏུང་བས་གཟའ་ནད་སེལ། ༧༠ ལྕགས་ཕྱེ་གཡའ་མེད་ཨ་རུའི་ཁུ་བར་བཞུས་པའི་ནང་དུ་སྐྱུ་རུ་ར་དང་ཤིང་མངར་གྱི་ཕྱེ་མ་བཏབ་པས་རིལ་བུ་སྲན་འཕོས་ཙམ་རེ་ཞོག་སྔར་ཟོས་པས་མིག་གི་རབ་རིབ་མཐའ་དག་སེལ་ལོ། །
༧༡ མར་ཁུའི་དྭངས་མ་བུ་རམ་དང་སྦྱར་བས་ང་ནད་མ་ལུས་སེལ། ༧༢ འབྲས་གསུམ་གྱི་ཕྱེ་མ་མར་དང་སྦྲང་རྩི་སྦྱར་ལ་ཟོས་པས་ནད་ཐམས་ཅད་འཇོམས་ཞིང་དབང་པོ་གསལ། ༧༣ འཇམ་འབྲས་ལ་སྦུབ་བྱས་ནས་དངུལ་ཆུས་བཀང་སྟེ་སྲད་བུས་སྐེད་པ་ལ་བཅིངས་ན་ཁུ་བ་འཛིན་ནོ། །ཡང་ན་མགྲོན་བུའི་ནང་དུ་དངུལ་ཆུས་བཀང་ནས་ཁར་བཅུག་པས་དེ་བཞིན་ནོ། །ཡང་ཟངས་རྩི་དཀར་པོའི་ཁཎྜ་བྱས་ནས་ནང་རེ་རིལ་བུ་རེ་ཟོས་པས་ཀྱང་དེ་བཞིན་ནོ། ། ༧༤ ཕུག་རོན་གྱི་བྲུན་སྦྲང་རྩིར་བཏབ་ནས་ལིངྒ་ལ་བསྐུས་པས་འདོད་པའི་བུད་མེད་དེ་ཁྲག་འཛག་པར་བྱེད་དོ། ། ༧༥ དབྱར་རྩ་རྒུན་འབུ་མ་བརྡུང་པ་ཕུལ་དོ་འོ་མར་བཏབ། དེ་ནང་ཐང་ཕྲོམ་དཀར་པོ་ས་ཤིན་ཏུ་བསིལ་བར་སྐྱེས་པའིརྩ་བ་ལུག་རིལ་ཙམ་དང༌། ར་ལུག་གང་རུང་གི་ཐུག་འབྲས་ཡ་གཅིག་བཅས་བཏབ་ལ་དལ་བུས་འོ་མར་རང་ཐིམ་དུ་བཙོས་ནས་གསུམ་ཀ་འདམ་འཐག་བྱས་ཏེ་རིལ་བུ་གླ་རིལ་ཙམ་བྱས་པ་བརྟེན་པས་འདོད་པ་མེ་ལྟར་འབར་ནས་རོ་ཙ་བའི་མཆོག་ཏུ་འགྱུར་རོ། ། ༧༦ རྩ་དུ་རྦ་ལ་ཡེ་དྷར་བཟླས་ནས་བྱིན་གྱིས་བརླབས་ཏེ་ཟོས་ན་ཚེ་འཕེལ་ལོ། ། ༧༧ དུས་སྙིགས་མའི་གཉན་རིམས་པརྤ་ཏའམ་ནག་པོ་སུམ་སྒྲིལ་སོགས་སུ་གྲགས་པ་རྐེ་སྐྲངས་པའམ། ཁོང་ལྷོག་ཏུ་བབས་ཏེ་གློ་བུར་དུ་འཆི་བའི་གཉན་རིམས་ལ་ཕུར་ནག་གི་ཐང་ལ་གླ་རྩི་བཏབ་པ་ཡང་ཡང་བཏུང་བ་འདི་ཁོ་ནས་ཕན། ༧༨ མིག་ན་བར་རྐང་པ་ཆུས་དག་པར་བཀྲུས་ལ་ཚིལ་ཆེན་གྱིས་བྱུགས། སྐེ་ལ་ལུང་ཐང་ནག་པོ་
ཞིག་བཏགས། ཚྭ་རྡོག་པོ་གཅིག་ལག་ཏུ་ཐོགས་ལ་ཚེས་བཅོ་ལྔའི་ཟླ་བ་མིག་གིས་ཡུན་རིང་ཙམ་དུ་བལྟའོ། ། ༧༩ སྐྱིགས་བུ་མ་ཆོད་ན་རང་གི་ལག་པའི་མཐེ་བོང་དང་སྲིན་ལག་གིས་བར་དུ་ཡུངས་ཀར་སེར་པོ་མནན། ། ༧༩ མགོ་ན་ན་མེ་ལོང་གི་ནང་དུ་མགོ་ཡི་གཟུགས་བརྙན་འཆར་བཅུག་ལ་བཙོད་ཀྱི་མེས་བསྲེགས་པའི་ཐལ་བ་དེ་རྨ་བྱའི་སྒྲོས་ཕྱག་གོ ། ༨༠ མཇིང་པ་ན་ན་སྔས་འོག་སྲོ་མའི་ཐི་གུ་བཞགབལ་ཐིག་ཞིག་རྐེ་ལ་བཏགས། ༨༡ མཆིན་ནད་ཤིན་ཏུ་ཆེ་ན་ཨ་མྲྀ་ཏ་ཐུན་བཅུ་གཉིས་ཁོང་དུ་བཏང༌། ༨༢ རླུང་ལ་མི་རུས་ལྷ་བ་ཅན་གྱི་དུ་བ་སྣར་བདུག༨༣ མཁྲིལ་པ་ལ་ཀོ་ཀྲད་ཀྱི་དུ་བ་བདུག༨༤ བད་ཀན་ལ་ར་ཡི་ཀླད་པ་བདུག༨༥ འཁྲུགས་ལ་བདུད་རྩི་བསྲེག་པའི་དུ་བ་བདུག༨༦ མིག་སེར་ལ་བྷོ་དྷི་རྩེ་བསྲེགས་པའི་དུ་བ་བདུག༨༧ གཟེར་ནད་ལ་ཤ་བའི་རྭ་ཡི་དུགས་དང་དུ་བ་བྱའོ། །ཀླད་པ་ལ་ནད་ཞུགས་ན་གནམ་སྟོང་གི་ནུབ་མོར་ཕྱ་ཚང་ཀུ་བ་མགོ་ལ་བརྡེག་གོ ། ༨༩ སྙིང་ལ་ནད་ཞུགས་ན་ཀཱ་པ་ལ་མཚན་ལྡན་བྲང་ལ་བཀབ་པ་ལ་བྱིན་རླབས་ལྡན་པའི་བླ་མས་རྡོག་པས་རྡེག་ན་སོས། ༩༠ བྱིས་པ་ཆུང་ངུ་ན་ན་སྤྱི་གཙུག་མགྲོན་བུ། སྐེ་ལ་སྲན་མ།དཔུང་གཡོན་བལ་དམར་སྐུད་པ་སུམ་སྒྲིལ་བཏགས། ༩༡ དར་མ་ན་ན། ཟོར་བ་དང་ཐག་པ་སྦྲེལ་ནས་ཁོ་རང་གི་ཡིད་དུ་འོང་བ་གཅིག་གིས་གང་ན་སར་གླན་པས་སོས་སོ། ༩༢ །བུ་མོ་ན་ན་ཞང་པོའི་གཞུ་མཆོག་ལ་སོ་འདེབས་སུ་འཇུག་ཅིང༌། ཐི་གུ་སྔོ་དམར་གྱིས་དཀྲིས་ལ་ཞང་པོའི་ཕྱོགས་སུ་གླན་པས་
སོས་སོ། ། ༩༣ རྒན་རྒོན་ན་ན་རང་འཐག་གི་ཁར་སྒྱེད་པུ་བཞག་ལ། ཕྱིན་ཀ་ལོགས་སུ་བསྐོར་བ་བྱས་ནས་སོས་སོ། ། ༩༤ ཤིང་འཛེར་ཡན་ལག་ལ་ཟུག་ན་ཁྲག་འོང་བ་རང་གི་ཁས་འཇིབས་པས་ཕན། ༩༥ དུག་སྦྲུལ་གྱིས་རྨུག་ན་སྲེ་མང་ལྤགས་པ་བསླན་པས་ཕན། ༩༦ ཁྱི་སྨྱོན་གྱིས་རྨུག་ན་མི་ཞུན་བྱུགས།༩༧ ཁྱི་ཡི་སོས་བཏབ་ན་འབྲས་བཏགས་པའི་ཕྱེ་མ་བྱུགས། ༩༨ གཟེར་ནད་བྱུང་ན་དར་སྐུད་སྔོ་དམར་གྱི་གླུད་བྱས་པའི་གང་ན་སར་ཁབ་ཀྱིས་ལོ་གྲངས་འདྲེན། ༩༩ མིག་ཏུ་རྡུལ་སོང་ནས་ཚབས་ཆེ་ན་ཆུ་རྒྱུན་ཕྲའུ་དལ་བུས་རྒྱུན་མ་ཆད་པར་མིག་ཏུ་གཏིག༡༠༠ སྦྲིད་པ་འདོན་མ་ཐུབ་པར་གདོང་སྦྲིད་ན་དེ་མ་ཐག་ཉི་མ་ལ་བལྟའོ། ། ༡༠༡ སྣ་ཆམས་བྱུང་འཕྲལ་གཞན་ལ་མ་བརྗོད་གོང་ཁང་སྟོང་ངམ། ལྷྭམ་ནང་དུ་ཁ་མཆུ་བཅུག་ལ་ཨ་ཁུང་ལ་ཆམས་པ་བྱུང་ཞེས་གཞན་གྱིས་མ་ཐོས་ཙམ་བརྗོད། ལྷྭམ་ནང་བཅུག་ན་ལྷྭམ་གྱི་སྣ་ཕར་འཕུར་ཚུར་འཕུར་ལན་གསུམ་བྱ་དེས་ཕན། ཡང་ན་རྐང་གཡས་མཐེ་བོས་སྣ་གཡོན་ལན་གསུམ་མཉེ། གཡོན་པའི་མཐེ་བོས་སྣ་གཡས་ལན་གསུམ་མཉེ། དེས་ཕན། ཡང་ན་བྱུང་འཕྲལ་རྩམ་པའམ་ཡོས་ཀྱི་དུ་བས་ནན་ཆེར་བདུག་པས་སྣ་ཆམ་ཕྲན་བུ་ལམ་ནས་ལྡོག༡༠༢ བྱ་ཐི་བའི་སྒོང་རྐང་པ་ལ་བྱུགས་ན་སེར་ཀ་མི་འོང༌། ༡༠༣ ཐང་ཕྲོམ་འབྲས་བུ། གཡེར་མ། ལྡུམ་བུ་རེ་རལ་གསུམ་གྲིབ་སྐམ་བྱས་མར་ཁ་ཚ་བ་དང་སྦྱར་ནས་ལུས་ལ་བྱུགས་ན་ལྗི་བས་མི་ཟ། སྲོ་ལོ་དཀར་པོ་དང་ལོ་བཙན་འཐེང་བོ་གཉིས་ཞིབ་ཏུ་བྱས་
པའི་ཕྱེ་མ་ལྡེ་གུ་ལུས་ལ་བྱུགས་ན་ཁྱི་ཤིག་གིས་མི་ཟ། གཙོད་ཁྲག་མར་རྙིང་ད་ར་སྦྱར་ནས་བྱུགས་ན་ལྗི་བས་མི་ཟ་བ་མྱོང་གྲུབ། ༡༠༤ སྤང་རྒྱན་མེ་ཏོག་རང་གི་མགོ་ལ་བཙུགས་ན་སྦྲང་བུས་སོས་མི་འདེབས། ༡༠༥ ཞུ་མཁན་འབྲས་བུ། ཤ་དོར་བའི་རྩ་བ། ཁ་རུ་ཚྭ། ཡུངས་ཀར་ཚིལ་གྱིས་ལུས་ལ་བྱུགས་ན་དྲི་མི་ཆགས། ༡༠༦ བསེ་དྲི་འདོན་ཐབས་དང་གཉིད་ཆུང་ཐབས་ལ་དང་པོ་བུལ་ཏོག་གི་ཆུས་བཀྲུས། དེའི་ཤུལ་དུད་པ་བྱ་བལ་མ་དང་སྲན་མའི་མེ་ཏོག་ཞིབ་བཏགས་བུ ལ་ཏོག་གི་ཆུར་སྦྱར་ཏེ་བྱུགས་ན་བསེ་དྲི་ངེས་པར་འདོན།ཡང་ན་ཤུགས་ཐལ་བྱུག་གོ །ཨོཾ་ཏྲི་དེ་ཐིབ་ཐིབ་སང་སང་སྭཱ་ཧཱ༔ སྔགས་དེརྒྱུན་དུ་བཟླས་ན་གཉིད་ཆུང༌། ཚ་བས་ཧ་ཅང་རྨུགས་ན་ག་བུར་ཅུ་གང་ཏིགྟའིགྲང་ཐང་འཐུང་ན་གཉིད་མེད། ཡང་སླེ་ཏྲེས་ལུག་མིག་གཉིས་བཏགས་ཏེ་དཔུང་པ་ལ་བཀུས་ན་གཉིད་མེད། ཡང་ལུག་མིག་སྐམ་པ་ཞིབ་བཏགས་དཔྲལ་བར་བཀུས་ན་གཉིད་ཆུང༌། ༡༠༧ གདོང་མཛེས་པ་དང་ཡིད་དུ་འོང་བ། དབང་དུ་བྱེད་པའི་རྫས་ལ། རུ་རྟ། མུ་ཟི་སེར་པོ། ཐང་ཕྲོམ་བ་ཆུའམ་སྦྲང་སྦྱར་བྱུགས་པས་གདོང་གི་སྐྱོན་དག་ནས་པདྨ་གཞོན་ནུའི་མདངས་དང་ལྡན། བཙོད་སྐྱེར་པའི་བར་ཤུན་ལྡོང་རོས་བཙག་ཡུག་རྣམས་འོ་མར་བསྐོལ་བའི་ལྡེ་གུས་གདོང་ཉི་མ་འཆར་ཀ་བཞིན་དུ་མཛེས། ཡུངས་ཀར། བཙོད། བཙག་ཡུག་ལྡོང་རོས་ར་འོའི་ལྡེ་གུས་གདོང་ཟླ་བའི་མདོག་བཞིན་ནོ། ། ༡༠༨ མི་སྦལ་པ་བྱ་རྒོད་གསུམ་གྱི་རུས་པ་མཉམ་སྦྱོར་ཕོ་མོ་གང་ལ་བསྐུས་པ་དེ་ཡིད་དུ་
འོང༌། མིའི་ལྕེ་སྐམ་ཆུ་གྲང་དང་སྦྱར་ནས་བཏུང་ན་ལྷ་མོའང་དབང་དུ་འགྱུར་རོ། །བྱིས་པ་སོ་མ་སྐྱེས་པའི་ལྕེ་གྷི་ཝཾ་དང་སྦྱར་ནས་དཔྲལ་བར་ཐིག་ལེ་བྱས་པས་གང་བལྟས་པ་དང་ཁམས་གསུམ་པོའང་དབང་དུ་འདུ་བར་འགྱུར་རོ། །འདིར་སྨྲས་པ། དེ་ལྟར་རྒྱལ་དང་རྒྱལ་སྲས་ཀྱི། །ཕན་བྱེད་ལུང་གི་རྒྱ་མཚོ་ལས། །ཉེར་མཁོ་སྨན་གྱི་ཕྲེང་བ་བླངས། །འཚོ་བྱེད་མགུལ་པའི་རྒྱན་དུ་འབུལ། །ཞེས་པའང་རྒྱུད་ཆེན་ཡན་ལག་དང་བཅས་པ་མང་དུ་ཐོས་ཤིང༌། རྒྱ་བོད་བཀའ་གཏེར་གྱི་མན་ངག་སྣ་ཚོགས་པའི་དོ་ཤལ་མགྲིན་པར་དཔྱངས་པའི་འཚོ་བྱེད་དུ་མའི་རེ་བ་སྐོང་བའི་གསོས་སུ་དམིགས་ནས། བརྒྱ་རྩ་བརྒྱད་ཀྱི་གྲངས་ལྡན་གྱི་སྨན་ཕྲེང་འདིའང་ཚེ་རིག་འཛིན་པའི་མིང་ཅན། མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཞེས་པས་ཟླ་ཀླུང་དལ་འབབ་ཀྱི་འགྲམ་མོ་ཧོར་དགོན་གསང་སྔགས་བཤད་སྒྲུབ་ཆོས་གླིང་དུ་བྲིས་པ་མངྒ་ལཾ།། །།