Nitartha Digital Library
Tibetan
ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ་པོད་བཅུ་དགུ་པ།

2 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
 
རང་སྲུང་རྫས་རྒོད་ཟབ་མོ་གནམ་ལྕགས་མེ་འབར་མ།
  
  
 
  
  
  
  
  
  


2 occurrences of ཁྲོལ་བུ་
[Clear Hits]

 
previousརང་སྲུང་རྫས་རྒོད་ཟབ་མོ་གནམ་ལྕགས་མེ་འབར་མ། next

རང་སྲུང་རྫས་རྒོད་ཟབ་མོ་གནམ་ལྕགས་མེ་འབར་མ།


མི་ཕམ་གསུང་འབུམ་པོད་བཅུ་དགུ་པ།_Page_015
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། ། རང་སྲུང་རྫས་རྒོད་ཟབ་མོ་གནམ་ལྕགས་མེ་འབར་མ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡ་མཱནྟ་ཀཱ་ཡ། འདིར་རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་དང༌། ཨོ་རྒྱན་རིག་འཛིན་ཆེན་པོས་གཏེར་ཁ་སྔ་ཕྱིར་བསྟན་པའི་མན་ངག་གི་གནད་ལ་བརྟེན་ནས་རྫས་སྲུང་ཟབ་མོ་བཀོད་པ་ལ། རྫས་ནི་མཚོ་གསུམ་དུ་གྲགས་པ་ཁྲག་མཚོ་དུག་མཚོ་སྨན་མཚོ་གསུམ་སྟེ། དེ་ཡང་ཁྲག་གི་ནུས་པ་དུག་གིས་འདོན། དུག་གིས་ནུས་པ་སྨན་གྱིས་བསྐྱེད་པ་ཡིན་པས། ཐོག་མར་ཁྲག་སྣ་རྣམས་ཅི་རྙེད་པ་བསྲེ་ཞིང་སྦྱར། ཁྲག་དེར་གཏོགས་པའི་ཁྲག་གསར་པའི་ནང་དུ་བླུགས་ལ་གྲོད་པའམ་སྒང་བུག་ཏུ་འདྲེས་ངེས་དཀྲུག་ཆང་རྒོད་ཉིང་ཁུ་ཉུང་ཙམ་སྦྱར་ཏེ་རྫའམ་སྤར་བུ་དམ་པོར་བཅུག་དབྱར་ཤིན་ཏུ་དྲོ་སར་ལུད་སོགས་ནང་དུ་བསྙལ་ཏེ་རུལ་བཅུག་པས་ཁྲག་གི་ནུས་པ་རུལ་ན་ཆེ་གསུང་བ་ལྟར་ཡིན་ལ། ཁྲག་རུལ་ནས་ཡར་བླང་སྟེ་དེ་ནང་དུག་སྣ་ཞིབ་འདུལ་བྱས་ཏེ་བཏབ། དུག་དང་སྨན་གྱི་ནུས་པ་སོ་མ་དྲི་མ་ཡལ་ན་ཆེ་བ་ཡིན་པ་ངེས་པར་བྱས་ལ། དུག་གི་སྨན་གྱི་ཕྱེད་ཙམ་གྱི་རྩི་སྨན་དྲི་ལྡན་རྣམས་བསྲེས་ལ་ཁྲག་གི་ནང་དུ་བཏབ་སྟེ་ཐོད་པར་ཕུར་བུས་དཀྲུག་ཅིང་སྔགས་བཟླའོ། ། དེ་ལ་ཁྲག་མཚོ་ནི། མོན་པ་སོགས་མི་ནགརྟ་ནགཁྱི་ནག་གི་ཁྲགའབྲོང་དང་གཡག་ནགར་ནག་གི་ཁྲགགླང་ནགབོང་བུ་ནག་པ། དྲེའུ་ནག་གི་ཁྲགསྲེ་མོང་མཛོ་དང་ཕག་ཁྲགསྤྱང་ཀི་སྟག་གཟིགདོམ་དྲེད་འཕར་བ་སོགས་གཅན་གཟན་གྱི་ཁྲག་སྣ་གང་རྙེད། གཙོད་ཁྲག་རྒྱ་ཁྲག་སོགས་རི་དྭགས་ཕལ་གྱི་ཁྲག་གང་རྙེད། བྱ་རྒོད་སོགས་བྱ་ཤ་ཟན་གྱི་ཁྲག་གང་རྙེད་རྣམས་བསགས། འདིར་མེད་དུ་མི་རུང་བའི་ཁྲག་གསུམ་ནི། མི་རྒོད་གྲིར་ཤི་བའི་ཁྲགསྐྱེས་པས་མ་བསླད་པའི་པདྨ་རཀྟ། བྱ་ཡི་གཅན་གཟན་ཏེ་ཁྲ་ཡི་ཁྲག་དང་གསུམ་ངེས་པར་དགོས་སོ། ། ཡང་གྲི་ཁྲག་དང་ཤ་བའི་ཁྲག་གཉིས་སྐྱོབ་དུ་གལ་ཆེ་བར་བཤད། དམེ་ཕོ་དང་གདུག་པ་ཅན་གྱི་སྲོག་ཆགས་ཀྱི་ཁྲག་ལོན་ན་བསྲེ། ཕུག་ལྐུག་པས་ཁྲག་ངར་འཆི་རོན། འཕྱི་བ། ཉལ་བས་ཁྲག་རླང་ཆུང༌། མཛེ་ཕོ། ཡེ་ནས་དུལ་བས་ཁྲག་ནུས་ལ་གནོད། ལུག་རུས་སྦལ་དམ་ཚིགས་མི་རུང་། གྱི་ཁྲག་ལྔ་མི་བསྲེ། བཤུལ་ཆགས་ཀྱི་ཁྲག་དྲི་གཞན་འགོག་བུང་ཆེར་མི་བྱ། སྔགས་བཟླ་བའི་སྔགས་པ་ཕྲེང་ཐོག་གི་ཁྲག་ཀྱང་དམ་ཚིག་གིས་མི་རུང་གསུང་མི་བསྲེ་བར་གསུང༌། དེ་མིན་ཁྲག་སྣ་གཞན་གང་རྙེད་བསགས་ནས་བསྲེ་བར་བྱའོ། ། དུག་མཚོ་ནི་བཙན་དུག། མེ་ཏོག་ནག་པོ། བོང་དུག། མེ་ཏོག་སྔོ་སྨུགར་དུག་གསུམ་དང་མེ་ཏོག་དམར་པོ། ཀྱི་ལྕེ་ནག་པོ་བཞི་མེད་དུ་མི་རུང༌། འདྲི་ཚིལ་གཞན་བོང་ང༌། སྔོ་འཛིན་པ། རེ་ལྕགའདིར་མེད་པ་ཡོད་ཐར་ནུ། ཐང་ཕྲོམ། ཁྱི་དུག་པ་ཀ་ཤོགནྡྷ། སྔོ་བརྟན་ནའང་ཟེར་སྤྲུ་ནགརྩ་འབྲས་པ། ཁྲག་སྐྲོག་པ་དང་སྔོ་རྟ་རྣའང་ཟེར་སྐེ་ཚེ་ནག་པོབསེ་ཞོ་སེར་པོ། དུད་པ། དབྱི་མོང་ནག་པོ། བ་བླ། སྡོང་རོས། བྲག་དྲེག་ནག་པོ། ཤང་ཚེ། ཁྱད་པར་རྒྱ་ཚི་དུག་ལོ་སོགས་དུག་རིགས་གང་རྙེད་བསགས། མདོར་ན་སྤྱང་དུག་ནི་དུག་གི་སྤྱང་ཀི་ཡིན་པ་དང༌། རིན་ཆེན་དབྱིག་དུག་གིས་ཁྲག་གི་དྲི་གསོད་པའི་ཕྱིར་མི་བཏང༌། དེ་མིན་དུག་སྣ་གང་ཚོགས་འདེབས་ཆོགགཞན་ཡང་ཚྭ་དང་བུལ་ཏོག་མུ་ཟི་སེར་པོ་སོགས་ལན་ཚྭའི་རིགས་མང་ན་དུག་ཁྲག་གི་ནུས་པ་གསོད་པས་མི་བཏང་གསུངས། བདུད་རྩི་སྨན་མཚོ་ནི། གདུག་པའི་དྲི་དང་ལྡན་པའི་སྨན་ཐམས་ཅད་སྟེ། གླ་རྩི། གུ་གུལ་ནག་པོ། ཤིང་ཀུན། ཤུ་དག་ནག་པོ་རྣམས་མེད་དུ་མི་རུང་ལ། གཞན། སྒོག་སྐྱའི་རྩ་བ་སྒོག་གཅིག་བྱུང་ན་རབ་ཕུར་མང་ནག་པོ། མུ་ཟི་ནག་པོ། རྟ་ནག་པོའིརྟ་བོན། གྲིའམ་མི་ཚིལ། ར་ཐུག་དང་ལུག་ཐུག་གི་སྦྲེ། ཡུངས་ཀར། ཡུངས་ནགཟི་ར་ནག་པོ། ཏིལ་ནགསེང་ལྡེང༌། མཚལ། མཁན་དམར་རྩ་བ། བྱརྒོད་སྤོས། མ་ནུ། གཡེར་མ། ལ་ཆ། ཤུག་པའི་ཚི་བ། བྱི་རུག་ནག་པོ་སོགས་དྲི་ངད་ལྡན་པའི་སྨན་སྣ་གང་རྙེད་དང༌། བདུད་རྩི་ལྔ་སྟེ། ཁྱེའུ་གཙང་མའི་བྱང་སེམས། བུ་མོ་སྐྱེས་པས་མ་སྤྱད་པའི་པད་རཀ། དགེ་སློང་དང་སྔགས་པ་ཁྱེའུ་ལོ་བརྒྱད་གསུམ་གྱི། དྲི་ཆེན་དང་དྲི་ཆུ། གྲི་ཤའམ་མི་ཤའམ་མིའི་ཀླད་པ་གང་རུང་བཅས་སོ། ། གཞན་ཡང༌། ཁྲག་གི་སྐྱོབ་དུ། མི་རྟ་ཁྱི་གསུམ། སྦལ་སྦྲུལ་ཉ་གསུམ། སྟག་སྤྱང་ཝ་གསུམ། སྡོམ་སྡིག་ན་བུན་བུ་མོ་གསུམ། རྟ་བོང་དང་བྱ་ཤ་ཟན་དང༌། ལྕོང་མོ་དང༌། པུ་ཤུད་དང༌། ཏེ་ལོ་སྲིན་བྱ་སྲེ་མོང་རྨ་བྱ་དང་ཕག་པ་ལ་སོགས་པའི་ཤ་སྣ་ཅི་རིགས་པ་རྫས་ཚང་ཉུང་ཙམ་བཏབ། གཞན་ར་ཚིལ། ཉ་མཁྲིས། ཕག་ཚིལ་ཡང་ཅུང་ཟད་བཏབ། དུག་གི་སྐྱོབ་དུ། བྱི་ནག་སྤྱང་ཀུ་ཕག་ནག་སྲམ་དང་བཞིའི་བྲུན་ངེས་པར་དགོས་ལ། གཞན་རི་བོང་བྱི་ལ་སྤྲེའུ་སོགས་ཀྱི་བྲུན་ཀྱང་བསྲེ་རུང་ངོ༌། ། སྨན་གྱི་སྐྱོབ་ཏུ་ནུས་པ་ངར་འདོན། རྨ་བྱའི་མདོངས། ཕག་མཆེ། རུས་སྦལ་ལྐོག་པ། ཐལ་ཆེན། སྟག་སོགས་གཅན་གཟན་གྱི་མཆེ་སྡེར། ཕོ་རོག་མགོ བ་དམར་པོའི་ཆུ། ཐོག་ལྕགས། གཟུགས་མོ་བྱི་ཐུར་གི་ཝཾ། དགེ་བཤེས་ལག་ནས་བྱུང་བའི་གསེར། སྤོས་དཀར་བདུད་རྩི་ཆོས་སྨན་བཅས་ཅུང་ཟད་རེ་བཏབ། སྤྱིར་རྫས་རྒོད་ཀྱི་ནང་དུ། གཞོབ་ཀྱི་རིགས་ལ། ཤི་སྐྲའི་གཞོབ། རྟ་དྲེལ་སྤུ་གཞོབ། གླང་དམར་རྭ་གཞོབ། ཁྱི་བལ་ར་བལ་གྱི་གཞོབ། ། ར་ལུག་གཡག་ཐུག་སོགས་ཀྱི་རྭ་གཞོབ། མིའི་སྐྲ་སེན་གྱི་གཞོབ་སོགས་བཟང་ཡང༌། སྐབས་འདིར་ཁྲག་ནུས་ལ་མི་འཕྲོད་པ་སོགས་ཀྱིས་ལག་ལེན་དུ་མེད་པས་གཞོབ་རིགས་བཏང་སྲོལ་མེད། རྫས་རྒོད་གཞན་གྱི་སྐབས་སུ་འགྲོ་བ་ཡང་ཡོད་པ་སྐབས་ཕྱེད་པར་བྱའོ། ། དེ་བཞིན་ག་བུར་གུར་གུམ་ཛ་ཏི་སོགས་སྨན་དྲི་བཟང་ཡིན་ཀྱང་འདིར་དམིགས་བསལ་ཏེ་མ་གསུངས་པས་མི་དགོས་སོ། ། དེ་ཡང་རང་སྲུང་གི་རྫས་འདི་ལ་མན་ངག་གི་ཡིག་ཆ་སོ་སོའི་ལུགས་ཀྱི་མང་ཉུང་རྒྱས་བསྡུས་སྣ་ཚོགས་ཡོད་ཀྱང༌། འདིར་ནི་རྒྱ་ཕུར་བུའི་གཏེར་བྱོན་བུམ་ཐང་མ་དུག་ཁྲག་སྦྱར་བ་དང་ལྕགས་སྡོང་མ་བརྒྱད་ཚན་བཞིའི་རྫས་ཨུར་མོ་བཞི་སྦྱོར་ཅན་ཏེ་བུམ་ལྕགས་གཉིས་ཀྱི་གཞུང་ལ་གཞི་བྱས་ནས་བཀོད་པ་ཡིན་ལ། དེར་ཡང་བླ་མའི་མན་ངག་ལ་ལྟོས་དགོས་པར་གབ་སྦས་སོགས་ཀྱི་དབང་གིས། རྫས་ཀྱི་འབྱིན་འཇུག་སྣ་ཚོགས་སུ་ཡོད་ཀྱང༌། འདིར་མཛེ་ཁྲག་དང་ཡུག་ཁྲག་དམ་ཉམས་ཀྱི་ཁྲག་སོགས་རྫས་འགའ་ཞིག་ལས་ཀྱུས་ཀྱི་རྫས་ལ་མི་བཏང་བར་བྱ་བ་དང༌། སེར་འབེབ་སོགས་དང་སྐབས་འགའ་ཞིག་ལ་དམིགས་བསལ་དང༌། སྔགས་ཀྱིས་བརླབ་ནུས་ན་སྦྱར་ཀྱང་འགལ་བ་མེད་པ་སོགས་སྐབས་ཕྱེ་སྟེ་གོ་དགོས་ལ། འདིར་ཇི་ལྟར་བཤད་པ་འདི་ཁོ་ན་སྙིང་གི་ནོར་དུ་འཆང་ན་ལེགས་སོ། ། འདིར་བསྟན་པའིརྫས་སྲུང་འདིའི་ནང་དུ། ལོག་ཏྲིའི་རྫས་ཉེར་བཞི་མ་དང༌། རྟ་ནག་གི་ཁྲོ་ཆུ་ལྟ་བུའི་རྫས་ཀྱི་སྐོར་དང༌། རཏྣའི་གཏེར་བྱོན་གནམ་ལྕགས་ལྟ་བུའི་རྫས་རྒོད་བཅུ་དྲུག་པ། ལས་རབ་རྩལ་གྱི་གཏེར་བྱོན་ཁྲོ་ཆུ་ཁོལ་མ་ལྟ་བུའི་རང་སྲུང་སོགས་མན་ངག་གི་སྐོར་མང་པོའི་དོན་ཐམས་ཅད་འདུས་པ་ཡིན་པས་ཁྱད་པར་དུ་འཕགས་པ་སྟེ་རྫས་སྲུང་ཐམས་ཅད་ཀྱི་རྒྱལ་པོ་བླ་ན་མེད་པ་ཡིན་ལ་མན་ངག་པྲ་ཁྲིད་ཀྱི་དོན་མང་པོ་འང་གབ་སྦས་མེད་པར་འདུས་པས་ཤིན་ཏུ་ཟབ་ཅིང་གསང་བར་བྱ་བ་ཉིད་དོ། ། དེ་ཡང་རྫས་དེ་རྣམས་སྦྱར་ནས་ནུས་པ་སྔགས་ཀྱིས་བསྐྱེད་པ་ལ། ཐོག་མར་སྨན་ཆེན་ལ་ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་བཟླས་ཏེ་རང་གི་རྐང་གཡོན་འོག་ཏུ་ལེན་དགུ་བཏོན་པས་དུག་གི་སེལ་འདོན་ནོ། ། དེ་བཞིན་གྲི་ཁྲག་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་རྐང་གཡས་འོག་ཏུ་ལན་གསུམ་བཏོན་པས་ཁྲག་གི་སེལ་འདོན་པ་སྟེ་དེས་རྫས་ཀྱི་གདུག་པ་རང་ལ་མི་འབྱུང་ངོ༌། ། དེ་བཞིན་དུ་རྫས་བླུགས་པའི་སྣོད་རྭ་ལ་སེལ་འདོན་ཞིང་བྱིན་གྱིས་བརླབ་པའི་ཆེད་དུ་གཡག་གསར་གྱི་ཁྲག་ལ་ཡི་གེ་བརྒྱ་པ་བརྒྱརྩ་བརྒྱད་བཟླས་ནས་རྭ་ལ་བྱུགས་པས་བསྒྲུབ་བོ། ། དེ་ནས་ཁྲག་སྣ་བསྲེས་པ་ལ་ཁྲག་གི་ནུས་པ་བསྐྱེད་པའི་སྔགས། ཨོཾ་བྷར་ལཾ་བྷེར་ལཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཏབ། དུག་སྣ་རྣམས་བསྲེས་ལ་དུག་གི་ནུས་པ་བསྐྱེད་པའི་སྔགས། ཨོཾ་ར་ག་དུ་ས་མ་ཡ་ཧཱུྃ་ཕཊ། ཞེས་བཏབ། ༈ རྭ་ཡི་ངར་འདོན། ཕག་ཚིལ་མར་ནག། མི་ཚིལ། ཟེར་མོའི་བྲུན། སྲམ་བྲུན་རྣམས་ཞིབ་འདུལ་ནང༌། བྱ་མཚལ་ལུའི་ཁྲག་ཐིགས་བླུགས་ལ་དེ་རྣམས་མར་ཁུའི་ནང་དུ་བཏབ་སྟེ་སླ་ངར་བཙོ་ཙམ་བྱས་ནས། དེ་རྭ་ཡི་ཕྱི་ནས་ལན་དུ་མར་ཡང་ཡང་བྱུགས་པས་སྲ་ཞིང་ངར་ཆགས་སོ། ། དེ་ལྟར་མ་བྱུང་ན་རྭའིཕྱི་ནང་ཀུན་དུ་རབ་པྲ་རྩིའམ། ཐ་མ་སྒོ་ངའི་ཆུས་བྱུགས་པས་སྲ་བར་འགྱུར་རོ། ། རྫས་ཀྱི་ངར་འདོགས་རྨ་བྱའི་མདོངས། བཙན་དུགཤིང་ཀུན། ཕག་བྲུན། རྒྱ་ཚིལ༷། སྐབས་འདིར་སྦྱང་བྲུན། སྤྲུ་ནག་དེ་རྣམས་ཐུན་གཅིག་ཆང་གར་མར་སྦྱར་ནས་རྭ་ནང་བླུག་གོ ། དེ་ལྟར་སོང་ནས་མཚོ་གསུམ་སྐྱོབས་དང་བཅས་པའི་རྫས་བསྲེས་ནས། གར་སླ་ཞོ་ཙམ་བྱས་པ་དེ་ཉིད་ཐོད་པ་སོགས་ཀྱི་སྣོད་དུ་བཞག་སྟེ། ལོ་གསར་རམ་ར་བ་བཞིའི་ཚེས་གཅིག་སོགས་ཚེས་གྲངས་གཟའ་སྐར་སོགས་དུས་སྦྱོར་དགེ་བ་ལ་མདུན་དུ་དལ་ལ་བཀོད། ཡི་དམ་གྱི་གཞུང་བསྲངས། རྫས་ལ་གཟུངས་ཐག་བཏགས་ལ་སྔགས་ཀྱིས་བསྒྲུབ་པར་བྱ་སྟེ། དེ་ཡང་རང་ཡི་དམ་གང་རུང་གསལ་ལ་བདག་བསྐྱེད་བཟླས་པ་བྱ། དེ་ནས་མདུན་གྱི་རྫས་རྣམས་མི་དམིགས་པར་བསམ་ལ། སྟོང་པའི་ངང་ལས་ཡི་དམ་གྱི་ལྷར་གསལ་བའི་སྐུ་ལས་བསྐལ་པའི་མེ་དཔུང་ཆེན་པོ་མགར་གྱི་ཚ་ཚ་ལྟར་འཕྲོ་བ་ལ་རང་གིས་སྔགས་བཟླས་པས་མེ་ལ་སྦུད་པ་བུས་པ་བཞིན། མེ་ཆེས་ཆེར་འབར་བས་གནོད་བྱེད་མ་ལུས་པ་ཐལ་བ་བུན་བུན་བསྲེགས་པར་བསམ། རང་ཉིད་ལྷའི་འཁོར་དུ་སྡེ་བརྒྱད་ཀུན་བཀོལ་ནས་ཅི་བཅོལ་བའི་བཀའ་ལ་ཉན་པར་ཡང་བསྒོམ་ལ། ཨོཾ་ན་མོ་བུདྡྷཱ་ལ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་ནཱ་ག་དུ་ཙནྡྷེ་ཙནྡྷེ། མི་ལི་མི་ལི་བྷནྡྷ་བྷ ནྡྷ་ནཱ་ག་ནི་སྭཱ་ཧཱ། གྲོང་ཁྱེར་དྲུག་པ་ཡིག་འབྲུ་སོ་གསུམ་པ་བཀླག་པས་གྲུབ་པ་ཤིན་ཏུ་ཟབ་མོའི་སྔགས་འདི་བཟླས་པས་བསྒྲུབ་པ་ཡིན་ནོ། ། འདི་ཁོ་ན་བཟླས་ཀྱང་ཆོག་མོད་ཀྱི། རང་གི་ཡི་དམ་གྱི་རྩ་སྔགས་དང་ཁྱད་པར་དྲག་སྔགས་སོ་ལྔ་པའི་ཤམ་བུར་ཀླུ་འདུལ་སྔགས་རྒོད་འདི་སྦྱར་ཏེ་བཟླས་ན་ལེགས་ཏེ། རབ་ཁྲི་འབྲིང་སྟོང༌། ཐ་མ་ལྔ་བརྒྱ་བཟླས་པས་ཆོག་པར་གསུངས་ཀྱང༌། སྔགས་ཀྱི་ནུས་པ་མང་དུ་བཟླས་ན་ཆེ་བ་ཡིན་པས། འབུམ་ལ་སོགས་པ་གྲུབ་ན་ཤིན་ཏུ་ནུས་པ་ཆེ་ཞིང༌། ནུས་པ་རྫོགས་པའི་རྟགས་སུ། རྫས་ལ་མེ་འབར་བ། དྲོད་འབར་བ། རླང་པ་འཕྱུར་བ། ཐོད་པ་འཕར་བ། སྒྲ་གྲགས་པ། འོད་འཁྱིལ་བ་སོགས་འབྱུང་ལ། གཞན་ཡང་རྫས་དེ་དབྱར་མི་རུལ་ལ། དགུན་མི་འཁྱགས་པ། གནས་རྩུབ་པོར་ཕྱིན་པ་དང་གནམ་ཐོག་རྒོད་པ་སོགས་དུས་རྩུབ་མོའི་ཚེ་ན། རྫས་སག་སྒྲ་བཅས་ཁོལ་ཞིང་འཕྱུར་བ་སོགས་འབྱུང་ངོ༌། ། ཐུན་མཐར་ལྷ་རྣམས་འོད་ཞུ་སྒྲུབ་པའི་རྫས་ཀྱི་རྣམ་པ་ཐོགས་པ་མེད་པའི་མཐུ་དང་ལྡན་པར་བསམ། དེ་ལྟར་བསྒྲུབས་ཟིན་པའི་རྫས་དེ་སྣོད་ཨཾ་བྷི་ཞེས་པ་སྦུ་གུའམ་སྤར་བུའི་དོན་དེ། སྐབས་འདིར་རྫ་ཡི་སྤར་བུ་ཁ་ཆོད་ཅན་དུ་དྲི་མི་འཆོར་བར་བླུགས་པའམ། བྱེས་སུ་ཁུར་རྒྱུ་ཤེའུ་ཞེས་པ་གྲི་རྐང་གི་སྤུ་གུ་ཆག་གང་བ་སོགས་ཞབས་བསྡོམ་དང་ཁ་ཆོད་ལྡན་པ་རོ་སྐྲས་ཡུག་དཀྲིས་བྱས་པ་ཞིང་ལྤགས་ཀྱིས་གཡོགས་པ་དང༌། མ་རྙེད་ན་རི་བོང་གི་རྐང་སྤུགས་དང་སྨྱུག་དོང་ལྕགས་སྦུག་སོགས་ཀྱིས་བྱ་རུང་ཙམ་མོ། ། ཡང་ན་གཡག་ཁྱུ་བའམ། གླང་བུ་འོག་ཅན་གྱི་རྭ་གཡས་གཡོན་གང་བདེར་རྩེ་ལ་ཆུ་སྲིན་གྱི་གཟུགས། ཞབས་སུ་རུས་སྦལ། རྒྱབ་སྟེང་དུ་མཆོད་རྟེན། སྡིག་པའང་བཀོད་པ་ཡོད་རྩ་བའི་ཁར་སྦྲུལ་དཀྲིས་བཟོས་པ། ཞབས་པད་འདབ་བྲི་ཤིང་ལྡན་པ། ཁ་ཆོད་རྡོ་རྗེ་ཅན་བྱས་ལ་དེར་རྫས་བླུག་སྟེ་རང་གི་ལུས་ལ་རྒྱུན་དུ་འཆང་ཉལ་ཁར་སྔས་སུ་འབྲལ་མེད་བཞགདུས་སུ་སྔགས་ཀྱིས་ཁ་གསོ་བ་དང༌། རྫས་གསར་བས་གསོ། རྒྱུན་དུ་རང་གི་དྲི་ཆུའམ་ཆང་བཟང་པོས་རླན་བག་དང་མ་བྲལ་བར་ཁ་གསོ། དྲི་དང་རླན་དང་མ་བྲལ་ན་ནུས་པ་ཁྱད་པར་དུ་ཆེ། འཆང་བ་ཙམ་གྱིས་སྲུང་བའི་རྒྱལ་པོར་འགྱུར། གལ་ཆེ་དུས་རང་གི་གནས་གསུམ་བུ་ག་དགུ་སོགས་སུ་བྱུགས། འཁོར་སྲུང་ན་དེ་ལ་བྱུགས་པ་དང༌། བདུག་པ་དང༌། རྫས་ཀྱི་ཐུམ་པོ་སྲུང་མདུད་བཅས་གདགས། སེར་བ་སྲུང་ན་སེང་ལྡེང་ཕུར་བུར་རྫས་བྱུགས་པ་རྫས་ཐུམ་དང་བཅས་ཕྱོགས་གང་སྲུང་བའི་མཚམས་སུ་བཀོད། དེ་འདྲའི་ཕུར་བུ་གཅིག་དང་རྫས་ཐལ་ཆེན་དང་བསྲེས་པས་སེར་བ་གདོང་བཟློག་བྱ། གདོན་འདུལ་བར་ནད་པའི་ཁོང་དུ་བཏང༌། དུ་བས་བདུག་པས་གདོན་འབྲོས་པར་འགྱུར། མཐར་སྲུང་བའི་ཆེད་དུ་ལུས་ལ་གདགས་པ་སོགས་བྱ། རིམས་སྲུང་ན་སྲུང་སྐུད་སྣ་ལྔ་རྫས་ཐུམ་བཅས་ལུས་ལ་བཏགས། དེ་ལྟར་བྱས་པས་རྫས་འདི་འཆང་བ་དེའི་རང་ལུས་རྡོ་རྗེར་འགྱུར་ཏེ། བསྐལ་པའི་མེ་འབར་བ་ལྟར། གདོན་བགེགས་བར་ཆད་གང་ཡང་ཕྱོགས་སུ་ཉེ་མི་ནུས། ནད་རིགས་བཞི་བརྒྱ་རྩ་བཞི་ཐུབ། རྡོ་གཉན་ས་གཉན་ཤིང་གཉན་མཚོ་གཉན་སོགས་གཉན་ས་བཅོམ་ཞིང་ཀླུའི་གྲོང་ཁྱེར་མེ་ལ་བསྲེག་ཀྱང་རང་ལ་གནོད་མི་ནུས་པས། གཏད་ཁྲམ་སོགས་བྱེད་དུས་འདི་གལ་ཆེའོ། ། ཕྱོགས་ངན་སོགས་དང་འཇིགས་པ་དང་གནོད་པ་ཐམས་ཅད་ཐུབ། མནའ་ཡི་ཉེས་པས་ལྷ་ཀླུའི་བཀའ་ཆད་ཀྱིས་མི་སྡིག་པ་སོགས་མདོར་ན་ཐུབ་ཆོད་ཀྱི་ལས་ཅི་བྱས་ཀྱང་རང་ལ་གནོད་པ་མི་འབྱུང་བས། རང་ལ་ཅི་རི་འདི་ལ་རི་རྒྱ་དང་བལ་སོགས་ཡུལ་ཀུན་ལ་འདི་བས་ལྷག་པའི་སྲུང་བ་མེད། སྟེར་ཐེབས་གཅིག་ལས་མང་བར་མི་སྤེལ་བའི་བཀའ་རྒྱ་ཡོད་དོ། ། རྫས་འདིའི་ཟེགས་མ་ཙམ་གྱིས་མཛེ་ཤུ་གག་ལྷོག་གཉན་ཐོར་སོགས་ནད་གདོན་གདུག་པ་ཐམས་ཅད་ལ་བཟའ་བྱུགས་བདུག་པ་བྱས་ན་ཐུབ། རྟེན་འབྲེལ་རྫས་ཀྱི་ནུས་པ་འདི་ཡང་བསམ་གྱིས་མི་ཁྱབ་ལ། དེ་བས་སྔགས་ཀྱི་ནུས་པ་ཆེ། དེ་གཉིས་འཛོམ་ན་འཇིག་རྟེན་ཕུང་གསོ་ནུས། ལར་འདི་ཡི་ནུས་པས་ལྷ་འདྲེའི་དལ་ཁ་ཆེན་པོ་བབ་པ། བན་བོན་གྱི་མཐུ་ལ་ཟུག་པ། ཡུལ་དུ་ནད་ཡམས་དྲག་པོ་བབ་པ། རང་གིས་ཕར་ལ་གཏད་རྒྱགས་པ་དང༌། གདོན་ཆེན་པོ་འདུལ་བ། རོ་ཁུར་བ་སོགས་ཐུབ་ཆོད་ཅི་བྱས་ཀྱང་རང་ལུས་རྡོ་རྗེ་དང་འདྲ་བར་འགྱུར་ཏེ། འདི་ནི་མེ་ཡི་ངར། འཁོར་ལོའི་དབལ་ལྟ་བུ་སྟེ། རྫས་སྲུང་ཀུན་གྱི་གབ་སྦས་མན་ངག་གསལ་པོར་བསྟན་པའི་པྲ་ཁྲིད་ཅན་འདི་འདྲ་གཞན་ན་མེད་དོ། ། ས་མ་ཡཱ༔ འདིའི་དམ་ཚིག་ཏུ། རྫས་འདི་བུད་མེད་ཀྱིས་མི་མཐོང་མི་རེག་པར་བྱ། མི་ལག་མི་འགྲིམ། ཁྱད་པར་དམ་ཉམས་ལ་རེག་ཏུ་མི་འཇུགགཞན་ལ་འགོམ་དུ་མི་གཞུགསེར་བ་འབབ་དུས་ཐོ་ཅོས་ས་ལ་བརྡབ་པར་མི་བྱ་ཞེས་གསུངས་སོ། ། འདི་ལ་ཟུར་བརྒྱན་གྱི་མན་ངག་ནི། རྫས་གདུག་པ་ཅན་ཕལ་ཆེར་བྱིན་བ་མེད་པར་བཅད་ན་མི་སྐྱ་སོགས་ཐ་མལ་པ་ཕལ་ལ་འདྲེསྲུང་བར་བྱེད་ཀྱང༌། རང་གི་ལྷ་ཕྲན་སོགས་ཀྱང་སྐྲགས་པར་བྱེད་པས་སྔགས་ཀྱི་བྱིན་གྱིས་བརླབ་པ་གལ་ཆེ་ལ། དྲག་རྫས་འཆང་བའི་སྐབས་སུ་དེས་རང་གི་ལྷ་ལྔ་དགྱེས་པའི་ཐབས་སུ། བྱ་རྒོད་དང་གཡག་གི་ཚིལ་བུ་གླ་རྩི་རིན་ཆེན་སྣ་ལྔ་བཅས། སྤྲ་ཚིལ་གྱིས་དྲིལ་རྭ་དོང་དུ་བཅུག། རྭ་ཡི་ཕྱི་ལ་ཡེ་དྷར་བྲི་བ་དང༌། བཟང་དྲུག་སྤོས་དཀར་ཙན་དན་དཀར་པོ་རྣམས་ཀྱི་ཐུམ་པོ། རང་ལུས་སམ་རྭ་དང་མཉམ་དུ་འཆང་བས་དོན་གྲུབ་བོ། ། རྫས་སྲུང་འདི་དང་མཉམ་དུ་རང་གི་ལུས་ངག་ཡིད་གསུམ་སྲུང་བའི་ཕྱིར་ཤེར་ཤིང་སེང་ལྡེང་སྐྱེར་པའི་ཕུར་བ་གསུམ་བཏགས། རྨ་བྱ་ཟེར་མོ་སྲིན་བྱ་འུག་པ། པུ་ཤུད་ལྔའི་སྒྲོས་མཁའ་ལ་རྒྱུུ་བ་ཐམས་ཅད་བསྒྲིབ། ཙན་དན་གུ་གུལ་དཀར་པོ་རིན་ཆེན་སྣ་ལྔ་བརྡར་བའི་ཕྱེ་མ་རང་ལ་བཏགས་ན་ལྷ་ཀླུ་གཙང་རིགས་མི་རྣམས་དགྱེས་གུ་གུལ་ཤིང་ཀུན་བ་བླའི་དྲི་གསུམ་གྱིས་དབང་པོ་སྒོ་གསུམ་བསྲུང༌། མི་ཕག་རྟ་ཡི་ཚིལ་གསུམ། མི་རྟ་ཁྱི་ཁྲག་གསུམ། དམ་རྫས་བདུད་རྩི་ལྔ་བཅས་འཆང་ན་འོག་གདོན་ལ་སོགས་ཐམས་ཅད་སྲུང་གསུངས་པ་ཕལ་ཆེར་རྫས་ནང་ཚང་ཡང༌། ལོགས་སུ་ ཁྲོལབུ next hit་སོགས་ཀྱི་ཐུམ་པོ་འཆང་ཡང་ལེགས། ཙ་ཀྲས་བསྲུང་བ་ལ། འཁོར་ལོ་མུ་ཁྱུད་རིམ་ལྔ་ལ། ། དབུས་སུ་ཡི་དམ་སྙིང་པོ་བྲི། ། ཕྱི་རིམ་འཁོར་ལོ་རྩིབ་དྲུག་ལ། ། གོང་སྔགས་གྲོང་ཁྱེར་དྲུག་པ་བཀོད། ། དེ་ཡི་ཕྱི་ཡི་མུ་ཁྱུད་ལ། ། གང་བྱེད་ལས་སྔགས་བཀོད་པར་གསུང༌། ། འོན་ཀྱང་སྲུང་བ་ཁོ་ན་ཡིན་ན་རྫས་ཀྱི་ཉེས་པ་སོགས་ཀུན་ཐུབ་སྔགས་སྲུང་འདི་བཀོད་ན་ལེགས་སྙམ་ཨོཾ་སུ་དྷ་ར་ནི་མ་ཧི་བུདྡྷཿ ར་ག་ཧ་ནཿ དུ་མ་མ་རཀྵཿ ཧེ་ཏུ་མ་མ་ཏ་ཙརྱཿབཛྲ་བཛྲ་སུ་བཛྲཿ མ་མ་རཀྵ་རཀྵ་ནི་སྭཱ་ཧཱཿ ཞེས་དང༌། ཨོཾ་བཛྲ་བིནྡྷ་མ་ཧཱ་སུ་ཁ་བཛྲ་ཡཿ ཨཱོཾ་བི་མ་ལ་ཨ་ཀ་ཛ་ན་ཡ་ཧཱུྃཿ མ་ལེ་བན་ཙ་ཧ་ན་ཨ་པ་ར་ཤ་ན་ཀྲུཾ་ཡཱ། ཨོཾ་ཨཱཿབདག་ལ་མ་མ་རཀྵ་རཀྵ་ཧཱུྃཿ དེའི་ཕྱི་རོལ་མུ་ཁྱུད་ལ། རྡོ་རྗེའི་ར་བ། དེའི་ཕྱིར་མེ་རི་བྲིའོ། ། འདི་ལ་ཡབ་འཁོར་ཡིག་མགོ་ཕྱིར་བསྟན་གཡས་བསྐོར་ཅན། གི་ཝཾ་དང་ལྡོང་རོས་ཀྱིས་སེར་པོ་བྱ། མོ་འཁོར་ཡིག་མགོ་ནང་བསྟན་མཚལ་ལམ་རྒྱ་སྐེག་གིས་དམར་པོར་བྱ་བར་དུ་དགྲ་བགེགས་ལིངྒ་བཞགའཁོར་ལོ་འཁོར་བའི་བར་དུ་གནོད་བྱེད་འཐག་པར་བསམ། ལས་ཚར་ནས་འཁོར་ལོ་ལ་སྲུང་བའི་མིང་དང་སྤེལ་ཚིག་བཅུགརང་གི་དཔུང་པ་གཡས་གཡོན་དུ་བཏགས། ལིངྒ་གནོད་བྱེད་སོ་སོའི་མནན་ཐབས་གཞུང་ལྟར་བྱའོ་གསུང༌། དེ་ལྟར་བྱེད་ན་འཁོར་ལོའི་ལྟེ་བ་དང་མུ་ཁྱུད་ལ་རྩ་སྔགས་དང་ལས་སྔགས་བཀོད་པ་ཙམ་ལས་སྲུང་ཤམ་དང༌། གང་གི་སྲུང་སྔགས་དེ་རེ་ཞིག་མི་བྲི་བར་བསྒྲུབས་ནས་སླར་སྲུང་བར་བསྒྱུར་དགོས་སོ། ། འདིར་སྔགས་ཀྱི་ཁ་བསྒྱུར་ལ། རང་སྲུང་རྟག་ཏུ་བཅང་ན་ནང་པར་ཉི་ཤར་ཙམ་ལ་ངར་འདོགས་ཀྱི་སྔགས་འདི་དབུགས་ཐེང་གཅིག་ལ་བཟླས་ཏེ་རྫས་ནང་ཕུས་བཏབ་པས་ནུས་པ་བསྐྱེད་དོ། ། ཨོཾ་རཀྵ་རུ་སི་ཨུ་ནི་ཀཱ་ཡ་ཝཀྩིཏྟ་རཀྵ་ཨུ་མ་བྷ་རི་ཏ་ཁྱེའུ་ནི་རཀྵ་རཀྵ་སྭཱ་ཧཱཿ རྫས་སྲུང་འདི་མཛེ་ཡུག་དམེ་བཤན་སོགས་ཀྱི་ལག་ཏུ་སོང་ན་ཞུད་འགྲོ་བས་འཛེམ། ཞུད་ན་ར་སྐད་འདོན། མ་ཚོར་ལུད་པ་འབྱུང༌། དེ་ལ་སྔགས་ཀྱིས་ཁ་གསོ་སོགས་ཤེས་པར་བྱའོ། ། སྐམ་ན་གསོ་བ་རིགས་གཙང་མའི་ཁྱེའུ་འཐུང་ནུ་ཞོ་དང་དགེ་བཤེས་དང་སྔགས་པའི་འམ་རང་གི་དྲི་ཆུ་ཆང་བཟང་གི་ཁུ་བས་གསོས་ལ་སྔགས་བཏབ་རྫས་གསར་པ་བླུག་གོ ། ལྷ་སྲིན་སྤྱི་དང་ཁྱད་པར་ས་བདག་ཀླུ་གཉན་ལ་གྲོང་ཁྱེར་དྲུག་པའི་རྒྱུན་སྔགས་ཁོ་ན་བཟླས་པས་འགྲུབ་ཕོ་གདོན་རྒྱལ་པོ་འདུལ་ན། བུདྡྷཱ་ཡ་སོགས་གྲོང་ཁྱེར་དྲུག་པའི་སྔགས་གཞུག་ལ། རཱ་ཙ་ཏྲི་མཱ་ར་ཡ་རྦདཿ རཱ་ཙ་སིདྷི་འང་ཙིཏྟ་མཱ་ར་ཡ་གཏུབ། རཱ་ཙ་སིདྷིའང་ཙིཏྟ་མཱ་ར་ཡ་ཐིབ་ཛཿ ཨ་ཏི་ཐུམ་ཙིཏྟ་རྦད་ཏྲིའུ་མ་ལེ་ཛ་ཡ་རྦད་སོདཿ ཞེས་བཏགས་པ་བཟླས། སྒོག་གཅིག་མུ་ཟི་ནག་པོ་ཐལ་ཆེན་ཐོག་ལྕག་རྨ་བྱའི་མདངས། ཡུངས་དཀར་ནགསྐེ་ཚེ། གཅན་གཟན་མཆེ་སྡེར། འཕར་སྤྱང་ཁྲ་༼གླག་༽ རླག་གི་ཤགཡག་རྒོད་རྭ། གཙོད་རུ་ཕག་རྒོད་མཆེ་བ་རྣམས་བཅངས། མོ་གདོན་འདུལ་ན། གོང་བཞིན་རྒྱུན་སྔགས་མཇུག་ཏུ། མ་མ་ཞུར་ཏྲི་མཱ་ར་ཡ་ཛཿ མ་མ་ཏྲི་མཱ་ར་ཡ་ཛཿ མ་རུ་ཏྲི་ཛ་མཱ་ར་ཡཿ ཛ་གཏུབས་ཙ་མུནྟྲི་མཱ་ར་ཡ་རྦདཿ ཞེས་གདགས། འགོང་པོ་ཕོ་མོས་གནོད་ན། སྔགས་ཤམ་ལ། ཏྲིའུ་ཏྲིའུ་མཱ་ར་ཡ་ཛཿ ཏྲི་ཤོ་མཱ་ར་ཡ་ཛཿ ཏྲིད་དུ་མཱ་ར་ཡ་ཧཱུར་ཐུམ་ཛ་རྦདཿ ཅེས་བཏགས་ལ་བཟླ། ཞོ་ཆང་སྲུང་ན། རྒྱུན་སྔགས་ཤམ་དུ་འདི་བཏགས། ཨོཾ་ས་ར་ས་ར་བྱི་ས་ར་ས་ར་ཧཱུཾ་ཕཊཿ དུར་ཏི་ནག་པོ་ནན། དུར་ཏི་ནག་པོ་སོད༔ ནས་ནག་ལ་བཏབ་ནས། སྤར་བུའི་ནང་དུ་བླུག་པ་དང༌། རྡེའུ་དཀར་ནག་བཅས་ཞོ་ཆང་སྟེང་དུ་བཞག་པས་ཐུབ། རྫས་རྒོད་ཀྱང་བཞག་ན་ལེགས། རྦོད་གཏོང་བཟློག་ན་སྔགས་ཤམ་དུ། ཨོཾ་བྷ་ཏ་ཡ་བྷ་ཏ་ཡཿ ལོ་ཀ་བྷ་ཏ་ཡ་ཧ་ཧཱུཾ་ཟློག་ཟློག༔ ཞེས་བཏགས་ལ་བཟླས་ཏེ་དུག་ཁྲག་བྱུགས་པའི་གཏོར་མ་ལ་བཏབ་སྟེ་ཟོར་དུ་འཕང༌། རང་སྲུང་རྫས་ཀྱི་ཟེག་མ་དང༌། གུ་གུལ་ཚིལ་ཆེན་ཡུགས་སའི་ཞབས་མ། ཕག་བྲུན་མཛེ་བོའི་བྲུན་རྣམས་ཉ་སྟོང་ཚེས་བརྒྱད་རྣམས་སུ་རྦོད་གཏོང་འོང་བའི་ལམ་དུ་བསྲེགས་ན་སྡེ་བརྒྱད་ཀྱིས་གནོད་པའི་ལམ་ཆད་དེ་སྲུང་བའི་མཆོག་ཏུ་འགྱུར་རོ། ། སེར་བ་སྲུང་ན་སྔགས་ཤམ་དུ། ཨོཾ་ཏདྱ་ཐཱ། ཏིག་གུ་ལི་ཏིག་གུ་ལི༔ ཨུ་ལི་ཤ༔ ཤུ་གི་གུ༔ ཏི་ཏི་བི་རེ༔ ཧུ་ཡ་ཧུ་ཡ༔ ཧི་རི་ཧི་རི། ཧི་རཾ་སྭཱ་ཧཱ༔ ཐལ་ཆེན་ཡུངས་ཀར་ལ་བསྔགས་ནས་གཏོར། དུག་ཁྲག་ལ་ཡང་བསྔགས་ནས་རྫས་རྒོད་བཅས་བསྲུང་བའི་ས་མཚམས་སུ་བཏང་བས་ཆོག་གོ ། ཡང་རྫས་ཀྱི་སྒོ་ནས་སེར་བ་བཅད་ན། གུ་གུལ། མུ་ཟི་ནག་པོ། ཤུ་དག་ནག་པོ། ཨ་ག་རུ་ནག་པོ། བཙན་དུགལུག་ནག་སྤྲེ་དུགཐང་ཕྲོམ་པའི་རྩ་འབྲས། ར་དུག་པའི་རྩ་བ། རེ་ལྕག་རྩ་བ། ཐར་ནུའི་རྩ་བ། སླེ་ཏྲེས་དང་རྫས་སྣ་བཅུ་གཉིས་པོ། ཕག་ནག་གི་ཚིལ་དང་སྦྱར། རིལ་བུ་གླ་རིལ་ཙམ་བྱས་ཏེ་སེར་བ་བྱུང་དུས་མེར་བསྲེགས་ལ། དུ་བ་འདི་རང་ལ་འགོ་བའི་ལྷ་སྐྱོབ་པའི་སྲུང་མ་རྣམས་ལ་མི་བཏང་ངོ་ཞེས་བདེན་པ་བདར། དུ་བ་དེ་ནམ་མཁའ་ལ་སོང་བས་སེར་བ་འཆད་ངེས་སོ། ། འོན་ཀྱང་གལ་མ་ཆེ་ན་མི་བྱའོ། ། རྫས་ཀྱིས་སེར་བ་བཙན་ཐབས་འབེབ་ན། བ་བླ་ཚིལ་ཆེན་རྟ་བོན། མཛེ་ཁྲགཕག་ཁྲག་བཅས། རྫས་རྒོད་དང་ལྷན་དུ་ཡུལ་ལྷའི་རྟེན་ནམ་ཀླུ་གཉན་གནས་སར་བསྲེགས་པ་ཙམ་གྱིས་འབབས་སོ། ། གལ་ཆེ་ན་ཆུ་ནང་དུའང་བླུགས། གལ་ཐོང་བྱ་མི་རུང་ངོ༌། ། གལ་ཏེ་སྔགས་ཀྱང་བཟླ་ན་སྔགས་ཤམ་དུ། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ། ཅེས་བཟླའོ། ། ཆར་དྲག་པོ་འབེབ་པར་བྱེད་ན། རྫས་རྒོད་དང་སྦལ་སྦྲུལ་རྩངས་བའི་ཤ་གསུམ་བཅས་ཀླུ་གནས་སར་ཞག་གསུམ་བཞག། ཆར་ཕོབ་ཅེས་བསྡིགས་པ་བྱ། སྐབས་སུ་བསྲེགས་པས་འབེབ། སྔགས་ཀྱང་བཟླ་ན་སྔགས་ཤམ་དུ། ཆར་ཡ་ཆུར་ཡ་ཆར་ཕོབ། ཤར་ཤར་ཕོབ། སལ་སལ་ཕོབ། ཕྲོམ་ཕྲོམ་ཕོབ། ཅེས་བཟླ། དེ་སོགས་ལས་སྣ་ཚོགས་བྱེད་དོ། ། ནད་རིམས་སྣ་ཚོགས་སྲུང་ན། རྒྱུན་སྔགས་ཤམ་བུར། ཨོཾ་ཐིམ་ཐ་ར་ཏི་ས་དུནྡེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཨོཾ་ཀ་ཤག་བྲག་ཚལ་རྦད་ཤག། ནད་ཀྱི་སྙིང་གོང་དཀར་པོ་ཆོད་སྭཱ་ཧཱ། ཞེས་བཏགས་པས་ཆོད་དོ། ། དམ་སྲི་གནོད་ན་སྔགས་ཤམ་དུ། འགོང་པོ་ཧབ་ཤ་ཏྲིག་ནན། ཐ་ཏྲི་མྱག་ཐུཾ་རིལ་རྦད༔ མ་མ་ཞུང་ཏྲི་མ་ར་ཡ་ཛཿ ཞེས་བཏགས་པས་ཐུལ་ལོ། ། ཀླུ་སྲིན་གནོད་ན། སྔགས་ཤམ་དུ། ཨོཾ་ར་སུ་ལི་ནཱ་ག་རཱ་ཛ་མཱ་ར་ཡ་ཛཿ ཏམ་ནད་ཤད་རྦུད༔ ཅེས་བཏགས་པས་ཐུབ་བོ། ། ལས་ཀྱི་རྗེས་སུ་གདོན་འདི་དག་མནན་པར་འདོད་ན། ཕོ་གདོན་ཁྱི་དཀར་ཐོད་པར་ལིངྒ་བཅུག། ཁྲིམས་ཉམས་པའི་གོས་ཀྱིས་དཀྲིས་ལ་བྲུབ་ཁུང་བཅུག་གོང་སྔགས་བཟླས་ཡུངས་ཀར་ནག་གུ་གུལ་གྱི་ཐུན་བྲབས། ལམ་རྒྱ་གྲམ་དུ་མནན་ནོ། ། དེ་བཞིན་སྦྱར་ལ་མོ་གདོན་ཁྱི་མོ་ནག་མོའི་ཐོད་པར་ཡུག་ས་མོའི་གོས་ཀྱིས་དྲིལ། ཡུངས་ཀར་ནག་ཏིལ་ནག་ཟི་ར་ནག་པོའི་ཐུན་བྲབས། ཐེམ་པར་མནན། འགོང་པོ་རི་བོང་ཐོད་པར་མི་ལྤགས་ཀྱིས་དྲིལ། ཡུང་ཀར་ནག་སྐེ་ཚེའི་ཐུན་བྲབས་མལ་འོག་མནན། ཐམས་ཅད་རྡོ་རྗེ་རྒྱ་གྲམ་དང་རི་རབ་ཀྱིས་མནན་པར་བྱའོ། ། རང་སྲུང་རྫས་གནད་ཀུན་འདུས་གཞན་ལ་མེད་པའི་ཁྱད་ཆོས་གཅེས་པའི་བུ་ལའང་གསང་ཏེ་བཀའ་རྒྱས་བཏབ་པའི་མན་ངག་ཟབ་མོ་འདི་འཇམ་དཔལ་དགྱེས་པའི་རྡོརྗེའི་གཅེས་པ་ལགས་སོ། ། ༈ གཞན་ཡང་རྫས་སྲུང་འགའ་ཞིག་འཕྲོས་སུ་བྲིས་པ་ལ། བདུད༷་རྩི༷་སྙིང༷་པོ༷འི་རྒྱུད་ལས། ཚེ་གཅིག་ལྕོང་མོ་ལུས་གཉིས་བླང་བའི་ཤས་གཙོ་བྱས་གདུག་པ་ཅན་གྱི་ཤ་སྣ་ཚོགས་དང༌། ག་བུར་བཟང་དྲུག་སོགས་རྩི་སྨན་ཐམས་ཅད་དང༌། གླ་རྩི་ཤུ་དག་ཤིང་ཀུན་གུ་གུལ་སོགས་དྲི་ངད་ལྡན་པའི་སྨན་ཐམས་ཅད་དང༌། བ་བླ་ལྡོང་རོས་མུ་ཟི་བྱ་རྒོད་སྤོས་སོགས་ས་རྡོ་སྔོ་སྨན་གྱི་དྲི་ལྡན་ཐམས་ཅད་དང༌། བསེ་དྲི་ཅན་བཤུལ་ཆགས་ཀྱི་ཤ་རྣམས་དང༌། བྱ་གཅན་ར་ལུག་སོགས་སེམས་ཅན་སྣ་ཚོགས་ཀྱི་སྤུ་བྲུན་ཆུ་སེན་མོ་མཁྲིས་པ། སྦལ་སྦྲུལ་ཉ་ལྕོང་སོགས་ཆུ་གནས་ཀྱི་ཤ། འབྲུ་སྣ་དུག་སྣ་ཁྲག་སྣ་ཀུན་བསགས་ལ་ཞིབ་བཏགས་རིལ་བུ་བྱས་པ་རྫས་རྒོད་མང་སྦྱོར་ཏེ། དེའི་དུ་བས་བདུག་པ་དང་ཁུ་བ་བྱུག་པ་བྱས་པ་དང་ཁོང་དུ་བཏང་བ་ཙམ་གྱིས་སྟེང་འོག་བར་གསུམ་གྱི་འབྱུང་གདོན་འདུལ་ཞིང་ནད་རིམས་སོགས་སྲུང་བར་གསུང༌། ༈ ཡ༷ང་མ༷ན་ང༷ག་གི་དཔེ་གཞན་ན། བཙན་དུག་ར་དུག་ཐང་ཕྲོམ་གསུམ། མི་དང་རྟ་དང་ཁྱི་ཁྲག་གསུམ། གླང་གཡག་ར་ཐུག་རྭ་གཞོབ་གསུམ། ། རྒྱ་ཚིལ་ཕག་ཚིལ་ཚིལ་ཆེན་གསུམ། ། དྲི་ཆེན་ཕག་བྲུན་སྤྱང་བྲུན་གསུམ། ། མི་རྟ་པུ་ཤུད་ཤ་གསུམ་དང༌། ། དྲི་ཆུ་བ་ཆུ་གར་ཆང་གསུམ། ། གླ་རྩི་བ་བླ་ལྡོང་རོས་གསུམ། ། ཤུ་དག་སྤོས་དཀར་སྤྲུ་བ་གསུམ། ། ཤིང་ཀུན་མུ་ཟི་རྟ་བོན་གསུམ། ། སྒོག་གཅིག་མ་ནུ་ཐང་ཕྲོམ་གསུམ། ། གུ་གུལ་ཡུངས་ཀར་ཡུང་ནག་སོགས། ། གཞན་ཡང་ཤ་སྣ་ཁྲག་སྣ་དང༌། ། དྲི་དང་ལྡན་པའི་སྨན་ཐམས་ཅད། ། ཇི་ལྟར་རྙེད་པ་བསགས་བྱས་ལ། ། གླང་ཐུག་རྭ་ཅོའི་ནང་དུ་བླུག། སྔགས་པའི་དྲི་ཆེན་དག་དང་ནི། ། དགེ་སློང་ལོ་བརྒྱད་གཉིས་དྲི་ཆུ། ། བ་དམར་ཆུ་ཡི་དྲིལ་བར་བྱ། ། རྟ་གསེབ་ནག་པོའི་རྟ་བོན་དང༌། ། བྱ་རྒོད་ལ་སོགས་བྱ་གཅན་ནི། ། སྣ་ཚོགས་པ་ཡི་ཤ་ཁྲག་དང༌། ། གྲི་ཁྲག་རྣམས་ནི་བུང་ཆེར་བྱ། ། མཛེ་དམེ་མནོལ་ཁྲག་མ་གཏོགས་པའི། ། ཁྲག་སྣ་བསགས་ལ་རུལ་བར་བྱ། ། ཁྲག་གི་ནུས་པ་རུལ་ན་འབྱུང༌། ། སྨན་རྫས་གསར་པ་ནུས་ངར་ཆེ། ། སྔགས་ནུས་བཟླས་པས་འབྱིན་པ་ཡིན། ། རྫས་སྔགས་འདི་དང་ལྡན་པ་དེ། ། ཕྱག་ན་རྡོ་རྗེ་ཇི་བཞིན་དུ། ། ཀུན་ཐུབ་རང་ཉིད་ཕྱོགས་ལས་རྒྱལ། ། ཞེས་གསུངས། ༈ ཡང༷་དྲག༷་སྔག༷ས་དང་ངན་སྔགས་ཐམས་ཅད་ལ་རང་སྲུང་ནི། གླ་རྩི། གུ་གུལ། དྲི་ཆེན། རང་གི༷་དྲི་ཆུ་སྦྱར་བས་རང་གི་གནས་དྲུག་ཏུ་ཐིག་ལེ་བྱ། དེས་རང་ལ་མི་གནོད་ཅིང་བར་ཆད་རྐྱེན་ངན་བཟློག་པར་འགྱུར་རོ། ། འདི་མེད་ལས་སྦྱོར་བརྩམས་ན་རང་སྲོག་རང་གིས་གཅོད། ཞལ་གདམས་གནད་འདི་ཤིན་ཏུ་གཅེས་ཞེས་གཤིན་རྗེ་གཤེད་ཁྲོ་ཆུ་དུག་གདོང་གི་ཡིག་ཆ་ལས་གསུངས་སོ། ། ༈ ཁྲོས༷་ནག༷་གི༷་ལས་ཚོགས་ན། གུ་གུལ། རྒྱ་ཚིལ། བ་བླ། སྤྲུ་ནག་རྩ་བ། སྤྱང་བྲུན་ལྔ་རྩ་བ། དེའི་སྐྱོབས་བདུན་ནི་ཚིལ་ཆེན། གྲིར་ཤིའི་ཤ་ཆེན། གླ་རྩི། བ་གླང་གི་རྭ་གཞོབ། ཤུ་དག་ནག་པོ། ལྡོང་རོས། རྨ་བྱའི་ཤའམ་སྒྲོ་གང་རྙེད་དེ་སྐྱོབས་རྣམས་བུང་ཆེར་བྱ། ཞིབ་བཏགས་བ་ཆུ་དང་ནུས་ལྡན་དྲི་ཆུ་སྦྱར་བས་རིལ་བུ་སྲན་མ་ཙམ་ཚིལ་ཆེན་དང་སྦྱར་ཏེ་བདུགལྟོ་སྟོངས་ཁོང་དུ་བཏང༌། ལུས་ལ་བྱུག་པ་བྱས་པས་མཛེ་ལྷོག་རིམས་སོགས་ནད་ཐམས་ཅད་དང༌། གདོན་ཀུན་ཐུབ། གཏད་ཁྲོམ་བཟློག་བམ་ལེན་ལྷོག་རོ་བཤའ་བ་སོགས་ལ་ཉམས་མི་ང༌། གཏད་བྱེད་དུས་རང་ལ་བྱུགས་ན་མཛེ་ཐོད་རློན་པ་བརྒྱ་ཆུ་མིག་ཏུ་བྲུབས་ཀྱང་རང་ལ་ལོག་པའི་དོགས་པ་མེད། ཁྱི་ཐོད་དམ་མཛེ་ཐོད་དུ་བཅུག་ནས་ཀླུ་ཡོད་སར་སྦས་ན་དེར་ཐོག་སེར་རྒྱུན་དུ་འོང་ཞེས་གསུངས་སོ། ། ༈ གཟའི༷་ཆོ༷ས་སྐོར༷་ཞིག་ན། རྫས་སྲུང་ལ། ཀླུ་ལ་གླ་རྩི་ཤིང་ཀུན་མུ་ཟི། རྒྱལ་པོར་ཟབ་རྙིང༌། བེ་གར་སྤྱང་བྲུན། བཙན་ལ་སྟག་སྡེར། བདུད་ལ་ཕོ་རོག་མགོ་བོ། མ་མོར་མུ་ཟི་ནག་པོ། ཐེའུ་རང་སྐེ་ཚེ་ཤངས་ཚེ། འགོང་པོ་ལ་ཕ་ཝང་དྲེག་པ་དང་ཁྱི་གཞོབ། རིམས་ལ་སྐེ་ཚེ་ཐལ་ཆེན་ཤི་སྐྲ་སྒོག་སྐྱ་གླ་རྩིསླེ་ཏྲེས་དེ་རྣམས་བཏགས་བྱུགས་བདུག་པས་སྲུང་ཞེས་གསུངས། ཡང༷་ཀླུ༷་དང་ས༷་བད༷ག་སྡེ༷་བརྒྱ༵ད་སྒྲིབ་ཤིང་ལ། ཕག་མཆེ། རུས་སྦལ་ལྐོག་པ། གདུང་ཤ་རི་རཾ། རྨ་བྱའི་སྒྲོ། གཟུགས་མོ་བྱི་ཐུར། ཐོག་རུས། བཙན་དུགགུ་གུལ། མུ་ཟི་ནག་པོ། རྟ་བོན། གླ་རྩི། ར་ཐུག་སྦྲེ། སྤྱང་བྲུན། སྤྲུ་རྩ། ཟི་ར་ནག་པོ། བ་གླང་རྭ། མི་ཤཚིལ་ཆེན། སྐེ་ཚེ་ཤང་ཚེ་བཅས་ལུས་ལ་འཆང་བས་ཐུབ་བོ་ཞེས་དང༌། ༈ ཡང་རྫས་སྲུང་ལ། རྨ་བྱའི་མདོངས། བྱ་རོག་ཁྲགབཙན་དུགགླ་རྩི། ཤིང་ཀུན། དགེ་བཤེས་ཀྱི་ལག་ནས་བྱུང་བའི་གསེར། ཐལ་ཆེན། མུ་ཟི་སེར་ནག། ཡུངས་དཀར་ནག་གུ་གུལ་དཀར་ནག་བཅས་རྫས་སྣ་བཅུ་གཅིག་དེ་དག་སྨྱུག་དོང་སོར་བརྒྱད་པར་བླུགས། འགོམ་ཡུག་མ་སོང་བར་མཆན་གཡོན་བཅངས། མི་ལག་མི་འགྲིམ་དེས་སྡེ་བརྒྱད་ཐམས་ཅད་བསྒྲིབ། རང་ལུས་གནམ་ལྕགས་རྡོ་རྗེ་འདྲ་ཞེས་གསུངས། ༈ ཡ༷ང་དྲག༷་ལ༷ས་བྱེད་དུས་རང་སྲུང་རྫས། ཅུ་གང་མུ་ཟི་བཙན་དུག་གླ་རྩི་ཤུ་དག་ལྔས་རང་ལུས་བྱུགས། རྫས་དེ་ལྔའི་སྟེང་དུ། པུ་ཤུད་སྒྲོ་དང༌། གླ་བའི་མཆེ་བ་བཅས་རྫས་སྣ་བདུན་པོ་ལུས་ལ་བཅང་དགོས་ཞེས་བཤད། ཡང་གཅིག་ཕག་རྒོད་ཀྱི་མཆེ་བས་ཀླུའི་ཁ་རླངས་ཀྱི་དུག་སྲུང༌། དེ་བཞིན་གཟུགས་མོ་བྱི་ཐུར་གྱིས་རེག་དུགརྟེན་འབྲེལ་སྙིང་པོ་གསེར་གྱིས་བྲིས་པས་བསམ་པའི་དུག་གླ་བའི་མཆེ་བས་ཚོར་དུག། རྨ་བྱའི་མདོངས་ཀྱིས་མཐོང་དུག་སྲུང་བས་དེ་ལྔ་བསྡེབ་སྟེ་ལུས་ཀྱི་རྡུལ་དྲོད་དང་མ་བྲལ་བར་ཀླུའི་དུག་དང་གནོད་པ་ཐམས་ཅད་སྲུང་ཞེས་གཏེར་མའི་མན་ངག་གོ ། དེ་ལྟར་རྫས་རྒྱས་བསྡུས་སྣ་ཚོགས་སུ་བསྟན་པ་ཅི་འོས་ཅི་འབྱོར་དུ་བཅངས་པར་བྱའོ། ། ༈ ཡང་རྡོ་རྗེ་གཙུག་ལག་གི་རྒྱུད་ལས་གསུངས་པ། ཀླུ་གཏད་སོགས་བྱེད་པའི་དུས་སུ། རང་ནཱ་ག་རཀྴ་བསྒོམ་ཀླུ་ཟིལ་ཀྱིས་མནན། ཨོཾ་ཨཱཿཧཱུྃ་དང་ཁྲོཾ། ཨོཾ་ཨཱཿཧཱུྃ་ཏྲཾ་ཧྲཱི། རྟེན་སྙིང་རྣམས་བྲིས་པ་བཏགས། རྨ་བྱའི་མདོངས་ཀྱིས་ཀླུ་སྒྲིབ། བྲག་དམར་ཤར་བལྟས་ནས་ཚེས་བཞིར་འུག་པའི་སྒྲོ་བླང་བས་ཀླུ་བཙན་སྒྲིབ། ཚེས་བཞིར་ནུབ་ནས་འུག་པའི་དོང་རུ་གཡས་པ་དང་སྲིན་བྱའི་དོང་རུ་གཡོན་པ་དང་སྒྲོ་བླང་བས་ཐེའུ་རང་སྒྲིབ་མེ་ལོང་གི་ངོས་ལ་ཡུག་སའི་མངལ་ཁྲག་གིས་ཁཾ་བཾ་བྲིས་པ་འཆང་བས་ལྷ་འདྲེས་ཁྲག་གི་རྒྱ་མཚོར་མཐོང༌། གདུང་ཤ་རཱི་རཾ་གྱིས་སངས་རྒྱས་སུ་མཐོང༌། བ་སོ་སོགས་ཀྱི་མཆོད་རྟེན་གྱིས་ཀྱང་དེ་དང་འདྲ། རུས་སྦལ་ཁོག་པས་ཀླུ་རུ་མཐོང༌། ། ཆུ་ཤིང་ཕུར་པ་སོར་བཞི་ལ། ཨོཾ་ཕེ་ལཾ་ཧཱུྃ་བྲིས། བཅང་ན་ནཱ་ག་རཀྴར་མཐོང༌། ཛ་དཔྲལ་ཏི་གུར་གུམ་མགྲིན་གླ་རྩི་སྙིང་གར་གསུམ་དཔྲལ་བ་ལྐོག་མ་སྙིང་གར་བྱུགགསེར་གྱིས་བྷྲཱུྃ་ཀྲྃ་ཁྲྃ་མུྃ་བྲིས་པ་བཏགས། བཙན་དུག་ཁ་སེང་ལྡེང་རྡི་ར་དང་ར་དུག་དང་རེ་ལྕག་བཞི། རྟ་ཁྱི་ཕག་ནག་ཁྲག་དམེ་ཁྲགཤ་དུག་ཤི་ཤ་ནལ་ཤར་སྦྱར་བ་དང༌། སྦལ་སྦྲུལ་སྡིག་པ་སྡོམ་གྱི་ཤ་ཉ་དང་མིའི་ཀླད་པ་གླ་རྩི་དང་སྦྱར་བ་ཕྱེ་མར་བྱ། ཚིལ་ཆེན་ཤིང་ཀུན་སྒོག་སྐྱ་མུ་ཟི་ཤུ་དག་ཨ་མྲྀ་ཏ་དེ་རྣམས་ཁྲམ་བརྡུང་དྲི་ཆུར་སྦྱར་ཏེ་བྱུགས་བདུག་བྱས་པས་བདག་སྲུང་ཕྱི་རྗེས་བཅད། ། དེས་སྟོང་གསུམ་འཇིག་རྟེན་ཀླུ་ཡི་གྲོང༌། ། དུས་གཅིག་བཅོམ་ཡང་ཉེས་པ་མེད། ། ཡ་བག་ཤ་ཡི་ལས་ཡིན་གསང༌། ཞེས་གསུངས། ཐུག་ཕྲད་སྲུང་རྫས་རང་གི་དྲི་ཆེན་དྲི་ཆུ་གཉིས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བརླབ་ལ་རོལ། སྤྱི་གཙུག་ལྟེ་བ་སྣ་སྒོ་སྲུང་བས་ཐུབ་བོ། ། ༈ གཞན་ཡང་མཚོ་གསུམ་སྦྱོར་བ་ནི། དུག་མཚོར་དུག་རེ་ལྕག་ཤོག་ཤིང་བཙན་དུག་གུ་གུལ་ནག་པོ་ཏིལ་ནགཀྱི་ལྕེ་ནག་པོ་མུ་ཟི་ཤུ་དག་ཙན་དན་མར་ཁུའོ། ། ཁྲག་མཚོ་དམེ་ཁྲག་གཙོད་ཁྲག་ཕག་པ་ར་རོག་ཁྲག་སྨན་མཚོ། ། ཨམྲྀ་ཏ་བཟང་དྲུག་དྲི་ཆེན་དྲི་ཆུ་གླ་རྩི་ཤིང་ཀུན་ནོ། ། མེད་དུ་མི་རུང་རྫས་ནི། ཡུགས་ས་མི་དང་མ་འཕྲད་པའི་མངལ་ཁྲགབུད་མེད་ལ་མ་ཤོར་བའི་ཁྱོ་ཕོའིརང་ཐིག་ལེའོ། ། རྫས་རྣམས་ཁྲམ་ཁྲུམ་བརྡུང་བ་ཁྲག་སྣ་དང་རང་དང་བླ་མ་བཟང་པོའི་དྲི་ཆུར་སྦྱར་བ། མཛོ་རུར་ཞག་འགའ་མནན། ཡི་དམ་སྔགས་ཀྱིས་བཏབ་ལ་སྒྲུབ། དེས་རང་གི་གནས་ལྔར་ཐིག་ལེ་བྱ། མེར་བསྲེག་དུ་བ་བདུགགལ་ཆེ་ན་རིལ་བུ་ཤིག་ཙམ་ལྟོར་སྟོང་ཁོང་དུ་བཏང༌། གཉན་སར་འགྲོ་དུས། དུག་ཆུ་དྲི་ཆུ་ཆང་གིས་སྦང་བ་རང་ལ་བསྐུས་པས་ཀླུ་ལ་རྒྱས་འདེབ་པ་དང་ཕྱི་ལམ་བཅད་པ་སྟེ། རྫས་དེ་མི་འགོད་མི་ལག་མི་འགྲིམ་པར་བྱའོ། ། ༈ ཡང་སྲུང་རྫས། རྒྱ་མཚོའི་དབུ་བ་ཟི་ར་དཀར་ནག་རྒྱ་ཚ་སྒེ་གཤེར་ཀནྜ་ཀ་རི་རྣམས་ཀྱིས་ཀླུ་རྒྱལ་རིགས་ཐུབ། བཙན་དུག་རྒྱ་རུ་རྟ་ཚིལ་ཤ་རྭ་ཐོག་གིས་བསད་པ་རུས་ཟངས་ལྕགས་རྣམས་ཀྱིས་རྗེ་རིགས་ཐུབ། སྤྲུ་འབྲུ་དོམ་གྱི་ཚིལ་དང་མཆེ་བ། བྱི་བ་དང་སྤྲེའུའི་མཆེ་བ་དང་སྡེར་མོ་གཙོད་རུ་ཁྱི་སྨྱོན་མཆེ་བ་གླ་རྩིས་དམངས་རིགས་ཐུབ། ཙན་དན་དཀར་དམར་ཤིང་ཀུན་མུ་ཟི་སེར་ནག་གླ་རྩི་ལྡོང་རོས་སེང་ལྡེང་རྟ་ཚིལ་རྣམས་ཀྱིས་གདོལ་བ་ཐུབ། སྟག་གི་མཆེ་སྡེར། རྟོལ་གྱི་རྭ་རྩེ། གཡག་རྒོད་རྭ་རྩེ། མཛོ་མོའི་རྭ་རྩེ། རྒྱ་ཡི་རྭ་ཡིས་ཀླུ་བཙན་སྲུང་ངོ༌། ། སྤྱང་བྲུན་གུ་གུལ་ཤ་ཆེན་གླ་བ་ཕོའི་མཆེ་བ་ཕག་རྒོད་མཆེ་བ་དང་སྣ་དེས་ས་བདག་དང་རྒྱལ་པོ་ཐུབ་བོ། ། ཁྱི་བྲུན་བྱ་རོག་གི་མཆུ། རེལྕག་དང་། ར་ཐུག་ལུག་ཐུག་གི་རྭ་གཞོབ་ཚིལ་ཆེན་རྣམས་ཀྱིས་བདུད་ཐུབ། དྲི་ཆེན་འཕྱི་བའི་མཆེ་བ། གུ་གུལ་ནག་པོས་ཐེའུ་རང་ཐུབ། གསེར་ཐལ་ཆེན། ཨ་མྲྀ་ཏས་བྲམ་ཟེའི་རིགས་ཐུབ། གཡུ། དུང༌། དངུལ། བ་སོ། བྱེ་རུ། མུ་ཏིག་རྣམས་ཀྱིས་གཉན་ཐུབ། དེ་རྣམས་སོ་སོར་ཚན་པ་ཚན་པ་ཐུམ་བུར་བྱས་ཏེ། ཐུམ་བུ་རྣམས་རུས་སྦལ་གྱི་ཁོག་པར་བཅུག་ལ་བཅང་བར་བྱ། དེས་རང་ལུས་རྡོ་རྗེའི་མཁར་དུ་འགྱུར་ཞིང་གདོན་བགེགས་ཐམས་ཅད་སྒྲིབ་པ་དང་སྲུང་བ་དང་བསྐྲད་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་བྱ་མི་དགོས་སོ་ཞེས་གསུངས་སོ། ། ༈ ཡང་ཀིང་ནག་ལས་ཚོགས་ན། རྫས་སྲུང་བསྡུས་པ། གདོན་སྤྱི་སྲུང་གུ་གུལ། གནམ་ལྷར་ཁྱི་ལུད། ཀླུ་རྒྱལ་རིགས་ལ་གླ་རྩི། རྗེ་རིགས་ལ་མུ་ཟི་སེར་པོ། གདོལ་པ་ལ་ཤུ་དག་ནག་པོ། བྲམ་ཟེ་ལ་རྭ་གཞོབ། དམངས་རིགས་ལ་ཚིལ་ཆེན། ཐེའུ་རང་ལ་དྲི་ཆེན། ཡམ་ཤུད་ལ་དྲི་ཆུ། བསྙབ་པ་ལག་རིང་ལ་རྨ་བྱའི་མདོངས་རྣམས་ཏེ་རྫས་སྣ་བཅུའམ། རྒྱས་པར་བྱེད་ན་དེ་སྟེང༌། བདུད་ལ་ཡུངས་ཀར། ཐེའུ་རང་ར་ཚིལ། བཙན་ལ་གཡེར་མ། མ་མོ་ལ་ཆ། ལྷ་ལ་མཁན་རྩ། དམ་ཅན་ཐང་ཕྲོམ། གཤིན་རྗེར་རེ་ལྕག། ཡུལ་ལྷར་ཐར་ནུ། དམ་སྲིར་ར་དུག། དམེ་གྲིར་ཤི་སྐྲ། སྲིན་པོར་དབྱི་མོང༌། རྒྱལ་པོར་སྤྱང་བྲུན། ས་སྲིན་ལ་སྦྲུ་བ། ཐེའུ་རང་ལ་དུད་པ། འགོང་པོ་ལ་ལན་ཚྭ། གཟའ་ལ་སྒོག་གཅིགས་བདག་ལ་ཙོང་རྩའང་ཝོད་རྩ། བགེགས་ལ་སྐེ་ཚེ། རིམས་བདག་ལ་བྱ་རྒོད་སྤོས། འབྱུང་པོ་ལ་ཤང་ཚེ། ཕོ་འདྲེ་ཉ་མཁྲིས། སྲིན་མོ་ལ་ཛ་ཏི། ལྷོག་པ་ལ་ཤིང་ཀུན། སྨྱོ་བྱེད་ལ་གྱི་ལྕེ་རི་རྩེ་རི་ཝེ་ཟེར་དཔྱད། ཀླུ་རྒོད་ལ་ཕག་ཚིལ། བྲག་སྲིན་ལ་ཁྱི་ཚིལ། ཆང་འདྲེ་ལ་སྲིན་བྱའི་ཤཞོ་འདྲེ་ལ་སྲེ་མོང་གི་ཤམིརང་ཕུངས་སྤྲེའུའི་བྲུན། སྟེང་སྲིན་པོ་གཉའ་རིང་ལའང་ལྷ་རིགས་ལ་སྡོང་རོས་དང་སྲིན་བུ་ཀ་རི་ཀགཟའ་ལ་སྦུབ་ཁ་ཏེ་ལོའི་ཤཤ་ཟར་བུ་རམ། མཁའ་འགྲོ་མ་ལ་སེང་ལྡེང༌། དྲི་ཟ་ལ་སྦྲུལ་ཤསྨྱོ་བྱེད་ལ་སྦལ་ཤབྱིས་གདོན་ལ་རི་བོང་བྲུན། གྲིབ་གདོན་ལ་བྱི་ལའི་བྲུན། པར་པ་ཏ་འབྲོག་སྲིན་ཀྱང་ལ་ཕག་གི་བྲུན། ལྟོ་འཕྱེ་ལ་ཁྱི་བལ། ནམ་མཁའ་ལྡིང་ལ་ར་བལ་ཏེ་འདི་རྣམས་རྒྱས་བསྡུས་གང་རུང་ཤུ་དག་ནག་པོ་དང་རང་གི་དྲི་ཆེན་ལ་གཞི་བླང་ལ། སྐར་མ་རྒྱལ་གྱི་དུས་སུ་ཞིབ་བཏགས། དགེ་སློང་ཁྲིམས་གཙང་ངམ་སྔགས་པ་ནུས་ལྡན་གྱི་དྲི་ཆུས་རིལ་བུ་བྲ་རིལ་ཙམ་དུ་དྲིལ། སྣོད་གཙང་མར་བླུགརང་གཤིན་རྗེ་གཤེད་ཡབ་ཡུམ་སྦྱོར་མཚམས་ནས་བདུད་རྩི་དང་འོད་ཀྱི་བྱིན་བསྡུ་བྱ། སྲུང་སྔགས་གང་འགྲུབ་དབྱངས་གསལ་རྟེན་སྙིང་གིས་རབ་གནས་བྱས་ལ། ལུས་ལ་འཆང་བའམ། ཞོག་སྔར་ལྟོར་བཏང་བའམ། དུས་གཉན་དུས་སུ་བདུག་པའམ་སྒོ་དགུར་བྱུགས་པ་སོགས་ཀྱིས་ནད་གདོན་བར་ཆད་ཐམས་ཅད་སྲུང་བ་དམ་པར་འགྱུར་རོ། ། ཞེས་པ་འདི་ལས་ཐམས་ཅད་པའི་རྒྱུད་ལས་གསུངས་པའི་རྫས་དང་ཆ་འདྲ་བས་དེར་བལྟ་བར་བྱའོ། ། ༈ ཡ༷ང་རང་སྲུང་གི་རྫས་ཚེ་བདག་གི་སྐོར་ལས་གསུང་བ། རིང་སྲེལ་གདུང་རུས་བྱིན་བས་བཀའ་བབ་རྣམས་དང༌། སྟག་མཆེ། དུག་སྣ། ནག་པོའི་རིགས་ཀྱི་ཁྲ༷གགཅིག་ཐུབ། སྤྲུ་ནག་རིན་ཆེན་ལྔ། འབྲུ་སྣ་ལྔ། བཟང་དྲུགགླ་ནག་རྩི། གནམ་ས་འདུས་པའི་མཁྲིས་པ། ཤ་ཟན་རྣམས་ཀྱི་ཤཁྲག་འཐུང་ཆུ་གནས་ཀྱི་ཁྲགམེ་ཏོགཞོ་ཤརྟ་བོང༌། འགོང་པོའི་བླ་རྡོ་སྣ་ཚོགས་བཏུལ་བ། ། གྲི་རྐང་ངམ་གཡག་གླང་རྭ་ནང་བླུགལོ་བརྒྱད་ཆུའམ་ཆང་བསྲེས་ཟླ་གཅིག་དྲག་སྔགས་ཀྱིས་བསྔགས་ན་ནད་གདོན་སོགས་གནོད་པ་ཀུན་ཐུབ་ཀྱི་རྫས་གཅིག་ཆོག་ཏུ་བཤད། གཞན་ཡང་དེ་འདྲ་སྡེ་བརྒྱད་སོ་སོའི་སྲུང་རྫས་དང་གནད་དབབ་ཀྱི་རྫས་དང༌། ཐུན་མོང་སྤྱིར་རང་སྲུང་གི་རྫས་སོགས་རྒྱས་བསྡུས་སྣ་ཚོགས་ཡོད་པ་ཤེས་པར་བྱའོ། ། ༈ སྨན་གྱི་བསྡུས་དོན་སྙིང་པོ་ལས། རྫས་ནག་པོ་དགུ་སྦྱོར་སྒྲུབ་པ་ལ། གི་ཝམ། འཇམ་དབྱངས། དེ་ལ་སྔགསཨོཾ་བི་ཤནྟི་སྭཱ་ཧཱ། ཞེས་པ་སྟོང་བཏབ། དེ་བཞིན་ཨ་རུ་ར་སྨན་བླ། ཨོཾ་རུ་ཏྲི་སྭཱ་ཧཱ། བོང་ང་ནག་པོ་ཕྱག་རྡོར། ཨོཾ་ཏི་ཏ་གྷ་རུ་སྭཱ་ཧཱ། གླ་རྩི་རྟ་མགྲིན། ཨོཾ་གྷ་གྷྲི་རྣའང་རུ་སྭཱ་ཧཱ། གུ་གུལ་ནག་པོ་བདུད་རྩི་འཁྱིལ་བ། ཨོཾ་ཨ་རཾ་སྭཱ་ཧཱ། མུ་ཟི་ནག་པོ། དབང་ཕྱུག་ཆེན་པོ། ཨོཾ་རཀྴ་སྭཱ་ཧཱ། ཤིང་ཀུན་གང་བ་ཡང་ན་མི་གཡོ་བ་བཟང་པོ། ཨ་པ་ཤཾ་སྭཱ་ཧཱ། ཤུ་དག་ནག་པོ་སྤྱན་རས་གཟིགས། ཨོཾ་གུ་རུ་སྭཱ་ཧཱ། རྒྱ་སྣགཡང་ན་ཚོགས་བདག་གླང་གདོང་ཚེ་བདག་ནག་པོ། ཨོཾ་ཏིང་ཏིང་སྭཱ་ཧཱ། སྨན་དགུ་སྣོད་དགུར་བཞགསོ་སོའི་སྔགས་སྟོང་རེ་བཏབ། ཡང་གྲུབ་ན་ལྷ་སོ་སོར་གསལ་ལ་སོ་སོའི་སྔགས་ཀྱང་བཏབ་པར་བྱ་སྟེ། འཇམ་དཔལ་དམར་སེར་རལ་གྲི་པོ་ཏི་ཅན། ཨོཾ་ཝཱ་གཱི་ཤྭཱ་རཱི་མཱུཾ། སྨན་ལྷ་སྔོན་པོ་ཨ་རུ་ལྷུང་བཟེད་འཛིན། ཏདྱ་ཐཱ། བྷེ་ཥཛྱེ་སོགས། ཕྱག་རྡོར་ལྗང་སྔོན་རྡོ་རྗེ་དྲིལ་བུ་འཛིན། ཨོཾ་བཛྲ་པཱ་ཎི་ཧཱུྃ། རྟ་མགྲིན་དམར་པོ་རྡོ་རྗེ་བེ་ཅོན་འཛིན། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བདུད་རྩི་འཁྱིལ་བ་ལྗང་སྔོན་བུམ་པ་འཛིན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། དབང་ཕྱུག་སྔོ་སྐྱ་རལ་གྲི་བུམ་པ་བསྣམས་ཨོཾ་མ་ཧཱ་དེ་བ་ཧཱུྃ་ཕཊ། མི་གཡོ་སྔོན་པོ་དབྱུག་པ་ཞགས་པ་འཛིན། ཨོཾ་ཙནྡ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཡང་ན། གང་བཟང་དཀར་པོ་རལ་གྲི་རིན་ཆེན་བསྣམས། ཨོཾ་པུརྞ་བྷ་དྲྭ་སྭཱ་ཧཱ། སྤྱན་གཟིགས་དཀར་པོ་པདྨའི་ཕྲེང་བ་བསྣམས། ཨོཾ་མ་ཎི་པདྨེ་ཧཱུྃ། ཚེ་བདག་ནག་པོ་འཁོར་ལོ་ཞགས་པ་བསྣམས། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཡང་ན། ཚོགས་བདག་གླང་གདོང་དགྲ་སྟྭ་ལ་ཕུག་བསྣམས། ཨོཾ་ག་ག་ག་ཎ་པ་ཏི་ཡེ་སྭཱ་ཧཱ། ཞེས་སོ། ། དེ་ནས་སྨན་ཐམས་ཅད་བསྲེ་འདུལ་བྱས་ལ་དྲག་སྔགས་རིང་པོ་བཏབ་ནག་པོའི་རྫས་དགུ་རིལ་བུར་དྲིལ་ལ། ཨོཾ་ཏྲི་ཏྲི་འདུལ་སྭཱ་ཧཱ། སྤྱི་སྔགས་ཡིན་རིལ་བུ་ལ་སུམ་བརྒྱ་བཏབ། མུ་ཟི་དངུལ་ཆུ་ཕག་ཚིལ་ཞལ་ཤེས་སོ། ། རྟེན་འབྲེལ་སྙིང་པོས་རབ་གནས་བྱ། ། རིལ་བུའི་རྒྱབ་ལ་ཕག་ཚིལ་བྱུག། དངུལ་ཆུའི་གོས་བཀོན། རིལ་བུ་སྲན་མ་ཙམ་དྲིལ། རྒྱ་ནད་བསྲེ་མོག་རིགས་ལ་རིལ་བུ་བདུན་རེ་བཏང༌། ནད་ངན་རིགས་ལ་རིལ་བུ་རེ་རེ་བཏང༌། རིལ་བུའི་ཁུ་བ་བྱིས་པ་ལོ་བརྒྱད་དྲི་ཆུས་བྱ། རིམས་ནད་འགོ་སྲུང་ལོ་ཐུབ་མ་ཞེས་བྱ། གཡོགས་དམར་པོའམ་སྔོན་པོ་བྱ། མཛེ་དང་ཤུ་བ་གཡན་པ་དང༌། གག་པ་ལྷོག་པ་རྨ་རེ་བ། རིམས་ནད་རྒྱུ་གཟེར་ཐམས་ཅད་འཇོམས་པར་ཐེ་ཚོམ་མེད། དགུ་ཡི་སྦྱོར་བ་རྫོགས་གྱུར་ན། གཅིག་ཏུ་ཀླུ་ཡི་གཉན་པོར་འགྱུར། གཉིས་ནི་ས་བདག་གཉན་པོར་འགྱུར། ། གསུམ་ནི་གཉན་ནད་མ་ལུས་འཇོམས། ། བཞི་རུ་ལྷོག་པ་དཀར་ནག་སེལ། ། ལྔ་རུ་འགོ་བའི་ནད་རྣམས་དང༌། ། བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག། དྲུག་ཏུ་མཁྲིས་པ་རྩར་རྒྱུག་ཐུབ། ། བདུན་དུ་བལ་ནད་མིག་སེར་ཐུབ། ། བརྒྱད་དུ་རྒྱུ་གཟེར་གཉན་པོར་འགྱུར། ། དགུ་རུ་འབྲུམ་པ་དཀར་ནག་འཇོམས། ། འདི་འདྲའི་མན་ངག་གཞན་ན་མེད། ། བཻ་རོ་ཙ་ན་བདག་འདྲ་ཡིས། ། དཀའ་བ་སྤྱད་ནས་ཀུན་ཏུ་བཙལ། ། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཁྱོད། ། ནམ་ཞིག་དགོངས་པར་གཤེགས་དུས་སུ། ། སྙིང་དང་འདྲ་བ་གཅིག་ལ་སྤྲོད། ། གཉིས་ལ་བསྟན་ན་བསྟན་པ་འཇིག། ཨི་ཐིཿ ཞེས་གསུང༌། ༈ སྲིའུ་གསོ་བ་ཨོ་རྒྱན་པདྨས་མཛད་པའི་རྫས་སྦྱོར་ནི། གཉན་པོ་བརྒྱད་སྦྱོར་ཞེས། རྒྱལ་པོའི་གཉན་པོ་གུ་གུལ་ནག་པོ། ། དེ་བཞིན་དམ་སྲིའི་མ་ནུ་པ་ཏྲ། ཀླུའི་གླ་རྩི། ས་བདག་གི་མུ་ཟི། བཙན་གྱི་ཤུ་དག། དར་སྲི་དང་ཆུང་སྲིའི་ཤིང་ཀུན། འགོང་པོའི་རྩ་ཀླུ་བདུད་རྡོ་རྗེའམ་དམ་༼དོམ༽མཁྲིས། གདོན་བགེགས་ཀུན་གྱི་གཉེན་པོ་ནུས་ལྡན་དྲི་ཆུ། དེ་རྣམས་སྦྱར་བའི་རིལ་བུ་ལ་ཡི་དམ་ཆོས་སྐྱོང་གི་སྔགས་བཏབ། བུ་མ་སྐྱེས་གོང་དུ་མལ་༼མ་ལ༽བྱིན། སྐྱེས་འཕྲལ་རྐན་མར་དང༌། ནུ་ཞོའི་གོང་དུ་བུ་ལ་བྱིན། དེ་ནས་ཟླ་བའི་ཡར་ངོར་ལན་རེབྱ། དེ་ནས་ཇེ་མང་རྒྱུན་བསྟེན་བྱ། དེས་འཚོ་བར་འགྱུར་ཞེས་པདྨ་གླིང་པའི་ལུགས་སོ། ། ༈ གནུབ༷ས་ཀྱི༷་གོང༷་ཁུག་སྲོ་མ་ཅན་ལས། མི་དང་ཁྱིའི་བྲུན་སྐམ། ཤ་ཆེན་སྒོག་སྐྱ། མུ་ཟི་སེར་ནག་གཉིས། སྤྲུ་ནག་མཁན་ནག་རྩ་བ་དང༌། སྨན་ཆེན་རྭ་གཞོབ་བརྒྱད། ཆ་མཉམ་ཞིབ་བཏགས་རིལ་བུ་ཤུག་འབྲུ་ཙམ། མིག་ཕུག་གྲིབ་བསྐམ་བྱ། ལུག་ནག་གི་བལ་སྐུད་ལ་བརྒྱུས། སྐེ་ཕུག་ཏུ་བཅང་ན་ནད་རིགས་སྡེ་བརྒྱད། བྱད་ཕུར་མཛེ་ཤུ་གཡན་པ་བལ་ལྡག། ཕོལ་མིག་གག་ལྷོག་ཤ་འགུལ་འཁྲིག་འཁྱུག་ཚ་གཡའ་མི་མཐུན་འགོ་ནད་ཀུན་ཐུབ་བོ། ། གང་སྐྲངས་སར་བྱུགས། ཕྱུགས་འོ་མ་མི་སྟེར་བ་དང་ཞོ་ཆང་ཉེས་པར་བྱུགས་བདུག་གིས་སྲུང༌། གཏད་སོགས་བྱེད་དུས་འདི་གལ་ཆེ། རྭ་གཞོབ་བརྒྱད་ནི། རྟ་བོན། རའི་རྭ། གླང་རྭ། མཛོ་ཕོའི་རྭ། འབྲི་རྭ། རྒྱ་རུ། གཙོད་རུ། ཤ་བའིརྭ་རྣམས་ཆ་མཉམ་མེ་ལ་ནུས་ལྡན་བསྲེགས་པའོ། ། གུ་གུལ་མུ་ཟི་ཤིང་ཀུན་གླ་རྩི་རྟ་བོན་ཁྱི་བྲུན་བཙན་དུག་ཤུ་དག་སྦྱར། ཨོཾ་ཨཱ་ཀྲོ་ཏ་བཛྲ་ཧཱུྃ་ཧཱུྃ་ཕཊཿ དེས་བཏབ་ནས་བྱུགས་བདུག་བྱས་པས་གདོན་བགེགས་གཉན་རིམས་བར་ཆད་ཀུན་བཟློག་ཅིང་རྨི་ལམ་ངན་པ་སོགས་མི་མཐུན་ཕྱོགས་ཀུན་ཐུབ་ཅེས་གསུངས་འདི་ཐམས་ཅད་གཅིག་བྱས། གནུབས་ཀྱི་རྫས་རྒོད་ཟབ་མོ་འདི་ཁོ་ནའོ། ། དེ་ལྟར་རང་སྲུང་རྫས་ཀྱི་ཚོགས། ཤིན་ཏུ་ཟབ་པའི་མན་ངག་སྟེ། འདི་ན་གསལ་བོར་བཀོད་པ་ཡིས། འགྲོ་ལ་ཕན་པ་འབྱུང་གྱུར་ཅིག། གྲོང་སྔགས་པ་སོགས་མངོན་སྤྱོད་བྱེད་པ་རྣམས་ལ་རིན་ཆེན་གསེར་གྱི་བང་མཛོད་ལས་ཀྱང་དགའ་བའི་རྫས་སྲུང་གི་རིམ་པ་ཅི་རིགས་པ་མི་ཕམ་པས་ཕྱོགས་གཅིག་གསལ་པོར་སྤེལ་བ་དགེ་ལེགས་འཕེལ། སྣོད་མིན་ལ་གསང་རྒྱཿ ཨི་ཐིཿ མངྒ་ལཾ།


previousརང་སྲུང་རྫས་རྒོད་ཟབ་མོ་གནམ་ལྕགས་མེ་འབར་མ། next