Nitartha Digital Library
Tibetan
༄༅། །སྔ་འགྱུར་མཐོ་སློབ་ཆེན་མོའི་སྔོན་འགྲོའི་སློབ་ཚན་བཞུགས་སོ།།

45 occurrences of རང་རིག་
[Clear Hits]


  
  
  
collapse section
  
  
  
  
 
གསུམ་པ་གཞི་གྲུབ་ཀྱི་རྣམ་གཞག«
  
  
  
  
  
  
  
 
  
 
  
  
  
  
  
  
  
  
expand section
39  expand section


45 occurrences of རང་རིག་
[Clear Hits]

 
previousགསུམ་པ་གཞི་གྲུབ་ཀྱི་རྣམ་གཞག«next

གསུམ་པ་གཞི་གྲུབ་ཀྱི་རྣམ་གཞག«

རྣམ་འགྲེལ་མངོན་སུམ་ལེའུ་ལས། གཞལ་བྱ་གཉིས་ཕྱིར་ཚད་མའང་གཉིས།།དོན་བྱེད་ནུས་དང་མི་ནུས་ཕྱིར།།ཞེས་པ་ལས་འཕྲོས་ཏེ། ཚད་མས་གྲུབ་པ། གཞི་གྲུབ་ཀྱི་མཚན་ཉིད། དེ་དང་ཡོད་པ། གཞལ་བྱ། ཡུལ། ཤེས་བྱ། ཆོས་རྣམས་དོན་གཅིགཚད་མས་དམིགས་པ། ཡོད་པའི་མཚན་ཉིད། ཚད་མས་འཇལ་རུང་བ། གཞལ་བྱའི་མཚན་ཉིད། བློས་ རིག་པར་བྱ་བ། ཡུལ་གྱི་མཚན་ཉིད། བློའི་ཡུལ་དུ་བྱ་རུང་བ། ཤེས་བྱའི་མཚན་ཉིད། རང next hit་གི་ངོ་བོ་འཛིན་པ། ཆོས་ཀྱི་མཚན་ཉིད་དོ།།དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། ༡༽རྟག་པ་དང༌། ༢༽མི་རྟག་པ་སྟེ་གཉིས་སོ།།

སྐད་ཅིག་མ་མ་ཡིན་པའི་ཆོས། རྟག་པའི་མཚན་ཉིད། མཚན་གཞི་ནི། ནམ་མཁའ་ལྟ་བུ། སྐད་ཅིག་མ། མི་རྟག་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་ལྟ་བུའོ།།རྒྱུ་རྐྱེན་ལ་ལྟོས་མི་ལྟོས་ཀྱི་སྒོ་ནས་དབྱེ་ན། ༡༽འདུས་བྱས་དང༌། ༢༽འདུས་མ་བྱས་ཏེ་གཉིས་སོ།།རྒྱུ་རྐྱེན་འདུས་པ་ལས་བྱུང་བ། འདུས་བྱས་ཀྱི་མཚན་ཉིད། མཚན་གཞི་ནི། ཀ་བ་ལྟ་བུ། རྒྱུ་རྐྱེན་ལ་མི་ལྟོས་པའི་ཆོས། འདུས་མ་བྱས་ཀྱི་མཚན་ཉིད། མཚན་གཞི་ནི། སོ་སོར་བརྟགས་འགོག་ལྟ་བུའོ།།སོ་སོའི་སྐྱེ་བོས་རྟོགས་ཚུལ་གྱི་སྒོ་ནས་དབྱེ་ན། ༡༽མངོན་གྱུར་དང༌། ༢༽ལྐོག་གྱུར་ཏེ་གཉིས་སོ།།དེ་ཡང༌། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས། ཡུལ་གཞལ་བྱ་ལ་མངོན་སུམ་དུ་གྱུར་པ་དང༌། ལྐོག་ཏུ་གྱུར་པ་ལས་གཞལ་བྱ་གཞན་ཕུང་གསུམ་པ་ནི་ཡོད་པ་མ་ཡིན་ཏེ། དེ་གཉིས་གཅིག་ལ་གཅིག་འདྲེ་བ་མེད་ཅིང་གཉིས་ཀ་ཡིན་པ་མི་སྲིད་ལ། དེས་ན་གཉིས་མིན་ཀྱང་མི་སྲིད་པའི་ཕྱིར་རོ།།ཞེས་པ་ལྟར།

སོ་སོའི་སྐྱེ་བོས་ཐོག་མར་རྟོགས་པའི་ཚེ་ངེས་པར་རྟགས་ལ་ལྟོས་མི་དགོས་པར་མངོན་སུམ་གྱིས་རྟོགས་ནུས་པའི་ཆོས། གཞལ་བྱ་མངོན་གྱུར་གྱི་མཚན་ཉིད། མཚན་གཞི་ནི། བུམ་པ་ལྟ་བུའོ།།སོ་སོའི་སྐྱེ་བོས་ཐོག་མར་རྟོགས་པའི་ཚེ་ངེས་པར་རྟགས་ལ་བརྟེན་ནས་རྟོགས་དགོས་པའི་ཆོས། གཞལ་བྱ་ལྐོག་གྱུར་གྱི་མཚན་ཉིད། དེ་ལ་དབྱེ་ན། ༡༽ཅུང་ཟད་ལྐོག་གྱུར་དང༌། ༢༽ཤིན་ཏུ་ལྐོག་གྱུར་ཏེ་གཉིས་སོ།།དང་པོའི་མཚན་གཞི་ནི། བུམ་པ་མི་རྟག་པ་ལྟ་བུ། གཉིས་པའི་མཚན་གཞི་ནི། ལས་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་ལྟ་བུའོ།།རང་བཞིན་སྣང་ཚུལ་གྱི་སྒོ་ནས་དབྱེ་ན། ༡༽སྤྱི་མཚན་དང༌། ༢༽རང་མཚན་ཏེ་གཉིས་སོ།།ཡུལ་དུས་རང་བཞིན་འདྲེས་པར་སྣང་བའི་ཆོས། སྤྱི་མཚན་གྱི་མཚན་ཉིད། མཚན་གཞི་ནི། བུམ་པའི་དོན་སྤྱི་ལྟ་བུ། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ། རང་མཚན་གྱི་མཚན་ཉིད། མཚན་གཞི་ནི། བུམ་པ་ལྟ་བུའོ།།

ཁྱོད་ཀྱི་ཡིན་པ་ཤེས་བྱ་ལ་སྲིད་མི་སྲིད་ཀྱི་སྒོ་ནས་དབྱེ་ན། ༡༽ཡིན་པ་སྲིད་པའི་ཤེས་བྱ་དང༌། ༢༽ཡིན་པ་མི་སྲིད་པའི་ཤེས་བྱ་སྟེ་གཉིས་སོ།།ཆོས་གང་ཞིག་ཁྱོད་ཀྱི་ཡིན་པ་ཡོད་པ། ཡིན་པ་སྲིད་པའི་ཤེས་བྱའི་མཚན་ཉིད། མཚན་གཞི་ནི། མི་རྟག་པ་ལྟ་བུ། ཆོས་གང་ཞིག་ཁྱོད་ཀྱི་ཡིན་པ་མེད་པ། ཡིན་པ་མི་སྲིད་པའི་ཤེས་བྱའི་མཚན་ཉིད། མཚན་གཞི་ནི། རྟག་དངོས་གཉིས་ལྟ་བུའོ།།བདེན་པའི་སྒོ་ནས་དབྱེ་ན། རྣམ་འགྲེལ་ལེའུ་གསུམ་པ་ལས། དོན་དམ་དོན་བྱེད་ནུས་པ་གང༌།།དེ་འདིར་དོན་དམ་ཡོད་པ་ཡིན།།གཞན་ནི་ཀུན་རྫོབ་ཡོད་པ་སྟེ།།དེ་དག་རང་སྤྱིའི་མཚན་ཉིད་བཤད།།ཅཻས་པ་ལྟར། ༡༽ཀུན་རྫོབ་བདེན་པ་དང༌། ༢༽དོན་དམ་བདེན་པ་སྟེ་གཉིས་སོ།།དོན་དམ་པར་དོན་བྱེད་ནུས་པ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། ཀ་བ་ལྟ་བུ། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། ནམ་མཁའ་ལྟ་བུའོ།།རང་འབྲས་སྐྱེད་པའི་དོན་བྱེད་མི་བྱེད་ཀྱི་སྒོ་ནས་དབྱེ་ན། ༡༽དངོས་པོ་དང༌། ༢༽དངོས་མེད་དེ་གཉིས་སོ།།

དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད། དེ་དང་མི་རྟག་པ། བྱས་པ། འདུས་བྱས། ཕུང་པོ། རྒྱུ། འབྲས་བུ། རྐྱེན། རང་མཚན་རྣམས་དོན་གཅིགམཚན་གཞི་ནི། ས་བོན་ལྟ་བུ། སྐྱེས་པ། བྱས་པའི་མཚན་ཉིད། མཚན་གཞི་ནི། ཀློག་དེབ་ལྟ་བུའོ།།དུ་མ་སྤུངས་པ། ཕུང་པོའི་མཚན་ཉིད། མཚན་གཞི་ནི། ཤིང་རྟ་ལྟ་བུའོ།།དངོས་པོ་ལ་ངོ་བོའི་སྒོ་ནས་དབྱེ་ན། ༡༽གཟུགས། ༢༽ཤེས་པ། ༣༽ལྡན་མིན་འདུ་བྱེད་དེ་གསུམ་མོ།།གཟུགས་སུ་རུང་བ། གཟུགས་ཀྱི་མཚན་ཉིད། དེ་དང་བེམ་པོ་དོན་གཅིགམཚན་གཞི་ནི། མིག་དབང་ལྟ་བུའོ།།དབྱེ་ན། ༡༽རྒྱུ་གཟུགས་དང༌། ༢༽འབྲས་གཟུགས་ཏེ་གཉིས་སོ།།དང་པོ་ལ་འབྱུང་བ་ཆེན་པོ་བཞི་སྟེ། ༡༽ས། ༢༽ཆུ། ༣༽མེ། ༤༽རླུང་བཅས་སོ།།

སྲ་ཞིང་འཐས་པ། སའི་མཚན་ཉིད། མཚན་གཞི་ནི། ཤར་ཕྱོགས་ཀྱི་སྲ་ཞིང་འཐས་པ་ལྟ་བུ། རླན་ཞིང་གཤེར་བ། ཆུའི་མཚན་ཉིད། མཚན་གཞི་ནི། བུམ་པའི་ནང་གི་རླན་གཤེར་ལྟ་བུ། ཚ་ཞིང་སྲེག་པ། མེའི་མཚན་ཉིད། མཚན་གཞི་ནི། ཙནྡན་གྱི་ཚ་ཞིང་སྲེག་པ་ལྟ་བུ། ཡང་ཞིང་གཡོ་བ། རླུང་གི་མཚན་ཉིད། མཚན་གཞི་ནི། ལྷོ་ཕྱོགས་ཀྱི་ཡང་ཞིང་གཡོ་བ་ལྟ་བུའོ།།གཉིས་པ་ལ་དོན་ལྔ་དང་དབང་པོ་ལྔ། དེའི་སྟེང་དུ་བྱེ་སྨྲ་ལྟར་ན་རྣམ་པར་རིག་བྱེད་མིན་པའི་གཟུགས་སོ།།དང་པོ་དོན་ལྔ་ནི། ༡༽གཟུགས་ཀྱི་སྐྱེ་མཆེད། ༢༽སྒྲའི་སྐྱེ་མཆེད། ༣༽དྲིའི་སྐྱེ་མཆེད། ༤༽རོའི་སྐྱེ་མཆེད། ༥༽རེག་བྱའི་སྐྱེ་མཆེད་དེ་ལྔའོ།།མིག་ཤེས་ཀྱིས་གཟུང་བྱར་གྱུར་པ། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད། མཚན་གཞི་ནི། བུམ་པ་ལྟ་བུ། དེ་བཞིན་དུ། རྣ་ཤེས་ཀྱིས་མཉན་བྱར་གྱུར་པ། སྣ་ཤེས་ཀྱིས་བསྣུམ་བྱར་གྱུར་པ། ལྕེ་ཤེས་ཀྱིས་མྱང་བྱར་གྱུར་པ། ལུས་ཤེས་ཀྱིས་རེག་བྱར་གྱུར་པའི་བར་དུ་སོ་སོའི་མཚན་ཉིད་དང་མཚན་གཞི་རྣམས་སྦྱར་བར་བྱའོ།།

གཉིས་པ་དབང་པོ་ལྔ་ནི། ༡༽མིག་གི་དབང་པོ། ༢༽རྣ་བའི་དབང་པོ། ༣༽སྣའི་དབང་པོ། ༤༽ལྕེའི་དབང་པོ། ༥༽ལུས་ཀྱི་དབང་པོ་སྟེ་ལྔའོ།།རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པ། མིག་གི་དབང་པོའི་མཚན་ཉིད། མཚན་གཞི་ནི། སློབ་གཉེར་བ་ཀུན་དགའི་རྒྱུད་ཀྱི་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པ་ལྟ་བུ། དེ་བཞིན་དུ། རང་འབྲས་ལུས་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་བར་དུ་སོ་སོའི་མཚན་ཉིད་དང་མཚན་གཞི་སྦྱར་བར་བྱའོ།།གསལ་ཞིང་རིག་པ། ཤེས་པའི་མཚན་ཉིད། མཚན་གཞི་ནི། དད་པ་ལྟ་བུ། དབྱེ་ན། ༡༽རྟོག་པ་དང༌། ༢༽རྟོག་མེད་དེ་གཉིས་སོ།།བེམ་ཤེས་གང་ཡང་མ་ཡིན་པའི་འདུས་བྱས། ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད། མཚན་གཞི་ནི། གང་ཟག་ལྟ་བུ།

དབྱེ་ན། ༡༽གང་ཟག་ཡིན་པར་གྱུར་པའི་ལྡན་མིན་འདུ་བྱེད་དང༌། ༢༽གང་ཟག་མ་ཡིན་པར་གྱུར་པའི་ལྡན་མིན་འདུ་བྱེད་དེ་གཉིས་སོ།།དང་པོ་ནི་བྱ་རོག་ལྟ་བུ། གཉིས་པ་ནི་མི་རྟག་པ་ལྟ་བུའོ།།དོན་བྱེད་ནུས་སྟོང༌། དངོས་མེད་ཀྱི་མཚན་ཉིད། མཚན་གཞི་ནི། ནམ་མཁའ་ལྟ་བུ། དབྱེ་ན། ༡༽ཡོད་པར་གྱུར་པའི་དངོས་མེད་དང༌། ༢༽མེད་པར་གྱུར་པའི་དངོས་མེད་དེ་གཉིས་སོ།།རྟག་པ་དང༌། འདུས་མ་བྱས་དང༌། སྤྱི་མཚན་དང༌། ཡོད་པར་གྱུར་པའི་དངོས་མེད་རྣམས་དོན་གཅིག་གོ།

རྩོད་སྦྱོང༌། »«དེ་ལ་ཁ་ཅིག་གིས། འདུས་མ་བྱས་ནམ་མཁས་ཡངས་ཤིང་གོ་འབྱེད་པའི་དོན་བྱེད་པས་དངོས་པོ་ཡིན་ཟེར་ན། དེ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར་ཏེ། རང་འབྲས་སྐྱེད་པའི་དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རང་འབྲས་སྐྱེད་པའི་དོན་བྱེད་ནུས་པའི་ཆ་ནས་དོན་བྱེད་ནུས་པར་འཇོག་སྟེ། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས། དོན་དམ་པར་རང་འབྲས་སྐྱེད་པའི་དོན་བྱེད་ནུས་པ་གང་ཡིན་པ་དེ་ནི་སྐབས་འདིར་དོན་དམ་དུ་ཡོད་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ།།ཡང་ཁ་ཅིག་གིས། རི་བོང་གི་མགོ་ལ་རྭ་མེད་ཀྱང་རི་བོང་དང་རྭ་རེ་རེ་ནས་ཡོད་པས་རི་བོང་རྭ་ཡོད་ཟེར་ན། ཤེས་བྱ་ཆོས་ཅན། སྒྲ་རྟག་པ་ཡོད་པར་ཐལ། སྒྲའི་རྟག་པ་མེད་ཀྱང་སྒྲ་དང་རྟག་པ་རེ་རེ་ནས་ཡོད་པས་སྒྲ་རྟག་པ་ཡོད་པའི་ཞིབ་ཆ་འཐད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། ཁྱོད་རྟག་པ་མེད་པར་ཐལ། ཁྱོད་མི་རྟག་པ་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། ཁྱོད་མི་རྟག་པ་དང་རྟག་པ་གཉིས་ཀ་ཡིན་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ།།ཡང་ཁ་ཅིག་གིས། གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་ན་ཁྱོད་ཀྱི་ལྡོག་ཕྱོགས་ཀྱང་གཞི་གྲུབ་དགོས་ཟེར་ན། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་ལྡོག་ཕྱོགས་གཞི་གྲུབ་པར་

ཐལ། གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་བྱ་མ་ཡིན་པ་ཡོད་པར་ཐལ་ལོ།།དེ་ཡང་འདོད་ན། མེད་པ་ཡོད་པར་ཐལ་ལོ།།ཡང་ཁ་ཅིག་གིས། ཁྱོད་དངོས་པོ་མ་ཡིན་ན་ཁྱོད་དང་དངོས་པོ་གཉིས་གཞི་མ་གྲུབ་དགོས་ཟེར་ན། རྟག་པ་ཆོས་ཅན། ཁྱོད་དང་དངོས་པོ་གཉིས་གཞི་མ་གྲུབ་པར་ཐལ། ཁྱོད་དངོས་པོ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སྒྲུབ་སླ། འདོད་ན། དེ་ཆོས་ཅན། ཁྱོད་དང་དངོས་པོ་གཉིས་གཞི་གྲུབ་པར་ཐལ། ཁྱོད་དང་དངོས་པོ་གཉིས་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར་ཏེ། ཡིན་པ་མི་སྲིད་པའི་རྟག་པ་ཡིན་པའི་ཕྱིར། དེས་སྒྲ་དང་རྟག་པ་སོགས་ལའང་རིགས་བསྒྲེའོ།།ཡང་ཁ་ཅིག་གིས། སྣོད་གཅིག་ཏུ་འདྲེས་པའི་ཆུ་དང་འོ་མ་གཉིས་སྣོད་དེར་རང་བཞིན་འདྲེས་པས་སྤྱི་མཚན་ཡིན་ཟེར་ན། དེ་གཉིས་ཆོས་ཅན། སྤྱི་མཚན་མ་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། རང་མཚན་ཡིན་པར་ཐལ། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས། སྤྱི་མཚན་ནི་ཡུལ་དུས་རྣམ་པ་འདྲེས་པའི་ཚུལ་གྱིས་འདྲ་བ་ཐུན་མོང་བ་ལྟར་སྣང་བ་དང༌། རང་མཚན་ནི་ཕན་ཚུན་རྗེས་སུ་འགྲོ་བ་མེད་པ་མི་འདྲ་བ་ཐུན་མོང་མིན་པ་ཉིད་ཀྱི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར་རོ།།ཡང་ཁ་ཅིག་གིས། རྣམ་འགྲེལ་མངོན་སུམ་ལེའུ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ།།ཞེས་པའི་ལུང་གིས་འཁྲུལ་གཞི་བྱས་ཏེ། ཤེས་བྱ་ཡིན་ན་མི་རྟག་

པ་ཡིན་པས་ཁྱབ་ཟེར་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། འདུས་མ་བྱས་ཀྱི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཆོས་ཅན་དེའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མི་རྟག་པ་མ་ཡིན་པར་ཐལ། སྐད་ཅིག་མ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། སྐད་ཅིག་མ་དང་མི་རྟག་པ་གཉིས་པོ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་བའི་ཕྱིར་རོ།།ཡང་ཁ་ཅིག་གིས། ཁྱོད་ཡོད་ན་ཁྱོད་ཁོ་ན་ཡོད་པས་ཁྱབ་ཟེར་ན། དངོས་པོ་ཆོས་ཅན། ཁྱོད་ཁོ་ན་ཡོད་པར་ཐལ། ཁྱོད་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མས་དམིགས་པའི་ཕྱིར། རྩ་བར་འདོད་ན། དངོས་པོ་ཁོ་ན་མེད་པར་ཐལ། དངོས་མེད་ཀྱང་ཡོད་པའི་ཕྱིར་རོ།།ཡང་ཁ་ཅིག་གིས། ཁྱོད་ཡོད་པ་ཡིན་ན་ཁྱོད་དང་ཡོད་པའི་གཞི་མཐུན་ཡོད་པས་ཁྱབ་ཟེར་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་དང་ཡོད་པའི་གཞི་མཐུན་ཡོད་པར་ཐལ། ཁྱོད་ཡོད་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཞི་གྲུབ་ན་ཀ་བུམ་གཉིས་དང་ཡོད་པའི་གཞི་མཐུན་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་ཀ་བུམ་གཉིས་མ་ཡིན་པས་ཁྱབ་པའི་ཕྱིར་རོ།།ཡང་ཁ་ཅིག་གིས། གཞི་གྲུབ་ན་ཁྱོད་མ་ཡིན་པས་ཁྱབ་ན། ཁྱོད་ཀྱི་ཡིན་པ་མེད་པས་ཁྱབ་ཟེར་ན། རྟག་པ་ཡོད་པ་དང་གཅིག་ཆོས་ཅན། ཁྱོད་ཀྱི་ཡིན་པ་མེད་པར་ཐལ། གཞི་གྲུབ་ན་ཁྱོད་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་

རྟག་པ་ཡོད་པ་དང་གཅིག་མ་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་རྟག་པ་ཡོད་པ་དང་ཐ་དད་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རྟག་པ་ཡོད་པའི་བྱེ་བྲག་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། རྟག་པ་ཡོད་པ་དང་གཅིག་ཆོས་ཅན། ཁྱོད་ཀྱི་ཡིན་པ་ཡོད་པར་ཐལ། ཁྱོད་ཡིན་པ་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། དེར་ཐལ། ཡོད་པ་གང་ཞིགརྟག་པ་ཡོད་པ་ཁྱོད་ཡིན་པའི་ཕྱིར་རོ།།ཞེས་རྩོད་དོ།།ཡང་ཁ་ཅིག་གིས། རྟག་དངོས་གཉིས་རེ་རེ་ནས་ཁྱོད་ཡིན་ན་གཞི་གྲུབ་ན་ཁྱོད་ཡིན་པས་ཁྱབ་ཟེར་ན། མཚོན་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར་རོ།།ཡང་ཁ་ཅིག་གིས། ཁྱོད་ཀྱི་ཡིན་པ་ཤེས་བྱ་ལ་སྲིད་ན་ཡིན་པ་སྲིད་པའི་ཤེས་བྱ་ཡིན་པས་ཁྱབ་ཅེ་ན། རྟག་པ་ཁོ་ན་ཆོས་ཅན། ཁྱོད་ཡིན་པ་སྲིད་པའི་ཤེས་བྱ་ཡིན་པར་ཐལ། ཁྱོད་ཀྱི་ཡིན་པ་ཤེས་བྱ་ལ་སྲིད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟག་པ་ཁྱོད་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟག་པ་ཁོ་ན་ཆོས་ཅན། ཁྱོད་ཡིན་པ་སྲིད་པའི་ཤེས་བྱ་མ་ཡིན་པར་ཐལ། ཤེས་བྱ་མ་ཡིན་པའི་ཕྱིར། དེས་ན་ཁྱོད་ཀྱི་ཡིན་པ་ཡོད་པ་དང༌། ཁྱོད་ཡོད་པ་གཉིས་ལ་མུ་བཞིར་ཤེས་པར་བྱའོ།།ཡང་ཁ་ཅིག་གིས། ཁྱོད་ཀྱི་ཡིན་པ་གཞག་ཏུ་ཡོད་ན་ཁྱོད་ཡིན་པ་སྲིད་པའི་ཤེས་བྱ་ཡིན་པས་ཁྱབ་ཟེར་ན། མེད་པ་ཆོས་ཅན། ཡིན་པ་སྲིད་པའི་ཤེས་བྱ་ཡིན་པར་ཐལ། ཁྱོད་ཀྱི་ཡིན་པ་གཞག་ཏུ་ཡོད་པའི་ཕྱིར་ཏེ། རི་བོང་གི་རྭ་དེའི་ཕྱིར། ཁྱོད་ཀྱི་ཡིན་པ་གཞག་ཏུ་ཡོད་པ་དང༌། ཡོད་པ་གཉིས་ལ་མུ་བཞིའོ།།

མུ་བརྩི། »«ཡོད་པར་གྱུར་པའི་དངོས་མེད་དང་མུ་གསུམ་ཡོད་པའི་ཡོད་པ་དང༌། དངོས་པོ་དང་མུ་གསུམ་ཡོད་པའི་ཡོད་པ་ལ་མུ་རྩིས། དང་པོ་ཡིན་ལ་ཕྱི་མ་མ་ཡིན་པ་ནམ་མཁའ། ཕྱི་མ་ཡིན་ལ་སྔ་མ་མ་ཡིན་པ་བུམ་པ། གཉིས་ཀ་ཡིན་པ་ཤེས་བྱ། གཉིས་ཀ་གང་ཡང་མ་ཡིན་པ་དངོས་པོ།རྟག་པ་དང་མུ་གསུམ་ཡོད་པའི་ཡོད་པ་དང༌། ཡིན་པ་སྲིད་པའི་ཤེས་བྱ་དང་མུ་གསུམ་ཡོད་པའི་ཡོད་པ་ལ་མུ་བཞི།དང་པོ་ཡིན་ལ་ཕྱི་མ་མ་ཡིན་པ་མི་སྲིད་པའི་རྟག་པ། ཕྱི་མ་ཡིན་པ་སྔ་མ་མ་ཡིན་པ་བུམ་པ། གཉིས་ཀ་ཡིན་པ་ནམ་མཁའ། གཉིས་ཀ་གང་ཡང་མ་ཡིན་པ་ཤེས་བྱ་ལྟ་བུའོ།བསྡུས་ཚན་རིགས་ལམ་སྒོ་འབྱེད་ལས་གཞི་གྲུབ་ཀྱི་རྣམ་གཞག་བཤད་པ་སྟེ་ལྡེ་མིག་གསུམ་པའོ།།རྟག་དང་མི་རྟག་འདུས་བྱས་འདུས་མ་བྱས།།མངོན་གྱུར་ལྐོག་གྱུར་སྤྱི་མཚན་རང་མཚན་དང༌།།ཀུན་རྫོབ་དོན་དམ་དངོས་དང་དངོས་མེད་སོགས།།རྣམ་གཞག་གང་ཤེས་མཁས་པའི་མདུན་སར་དབང༌།།ཞེས་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།།རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།།ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག། ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན།།གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན།།ཉེས་པ་ཆེན་པོ་ཡི་ནི་དཔུང་འཇོམས་པ།།གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན།།ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག། ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར།།སློབ་དཔོན་དཔའ་བོས། སྐྱེས་རབས་ལས་སོ།།


previousགསུམ་པ་གཞི་གྲུབ་ཀྱི་རྣམ་གཞག«next