གནས་གཉིས་པ་དབང་པོ་བསྟན་པ།
ཆོས་མངོན་དྲི་མེད་རིན་ཆེན་སྣ་ཚོགས་གང༌། །འདོད་བཞིན་འབྱུང་བ་ཆོས་མངོན་རྒྱ་མཚོ་ཆེ།།
དེ་ཉིད་དང་པོར་གཞན་ལ་ཕན་དགོངས་ཏེ། །ཡང་དག་གསུང་པ་དེ་ལ་ཕྱག་འཚལ་ལོ།།
ད་ནི་གནས་གཉིས་པ་འཆད་དེ། དབང་པོའི་རང་བཞིན་རྒྱས་པར་བཤད་པ་དང༌། ཞར་ལ་འདུས་བྱས་ཀྱི་ཆོས་སྐྱེ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི།
བཤད་མ་ཐག་པར་དབང་པོའི་མིང་ཙམ་ཞིག་སྨོས་ན་དབང་པོའི་དོན་ཅི་ཞེ་ན། ལྷག་པར་དབང་བྱེད་པས་ན་དབང་པོའོ།།
དེ་འཆད་པ་ལ་དྲུག་ལས། དང་པོ།དབང་པོར་འཇོག་པའི་རྒྱུ་མཚན་གཉིས་ཀྱི་དངོས་ལ་གཉིས་ལས། དང་པོ།རང་ལུགས་ནི།
མིག་སོགས་དབང་པོ་ལྔ་པོ་རྣམས་ནི་ལུས་མཛེས་པ་དང༌། མིག་དང་རྣ་བས་ཡུལ་ཡིད་དུ་མི་འོང་བ་མཐོང་ཞིང་ཐོས་ནས་སྤོང་ཞིང་གཞན་གསུམ་གྱིས་ཁམས་ཟས་ལ་སྤྱད་པས་ལུས་སྲུང་བ་དང༌། རང་རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་སྐྱེད་པ་དང༌། གཟུགས་ལྟ། སྒྲ་ཉན། དྲི་སྣོམ། རོ་མྱོང་། རེག་བྱ་རེག་པ་སྟེ་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་དབང་བྱེད་པས་དོན་བཞི་བཞི་ལ་དབང་བྱེད་དོ། །ཕོ་མོ་སྲོག་ཡིད་དེ་བཞི་པོ་རྣམས་ནི་གཉིས་གཉིས་ལ་སྟེ། གང་ལ་ཕོ་མོའི་དབང་པོ་མེད་ན་བསྐལ་པ་དང་པོའི་མི་ལྟར་སེམས་ཅན་ཞེས་པ་ལས་བྱེ་བྲག་དང་ཁྱད་པར་མེད་ལ། དེ་དང་ལྡན་པས་ཕོ་དང་མོ་ཞེས་བྱེ་བྲག་ཀྱང་འབྱེད་པས་བྱེ་བྲག་དང༌། ནུ་མ་ཆེ་ཆུང་ལ་སོགས་པའི་ཁྱད་པར་ཡོད་པས་ཁྱད་པར་ལ་དབང་བྱེད་དོ།།
འདིར་འགྲེལ་པར། གཞན་དག་ན་རེ་ཞེས་པ་ནི་སྔོན་གྱི་སློབ་དཔོན་ཡིན་ཏེ། དེ་དག་ནི་གཟུགས་ཁམས་པ་ལྟ་བུ་ཕོ་དབང་མེད་ཀྱང་ཁྱད་པར་འགྲུབ་ལ་དེས་བྱེ་བྲག་ཀྱང་འབྱེད་པས་བྱེ་བྲག་དང་ཁྱད་པར་ལ་དབང་བྱེད་པ་མ་ཡིན་ནོ་སྙམ་དུ་ཐུགས་ལ་བཞག་ནས། དེ་གཉིས་ནི་ཀུན་ནས་ཉོན་མོངས་དང་རྣམ་བྱང་ལ་དབང་བྱེད་དེ་དེ་དང་མི་ལྡན་པའི་ཟ་མ་ལ་སོགས་པ་རྣམས་ལ་སྡོམ་མིན་དང༌། མཚམས་མེད་དང༌། དགེ་རྩ་འཆད་པ་དང༌། སྡོམ་པ་དང༌། འབྲས་བུ་ཐོབ་པ་དང༌། འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་རོ་ཞེས་འཆད་དོ། །སྲོག་ནི་རིས་མཐུན་པར་མཚམས་སྦྱོར་བ་དང༌། རིས་མཐུན་གནས་པའི་རྒྱུན་ཡང་དག་པར་འཛིན་པར་དབང་བྱེད་དོ། །ཡིད་དབང་ཀྱང་མཚམས་སྦྱོར་བ་ལ་དབང་བྱེད་པ་མ་ཡིན་ནམ་ཁྱད་པར་ཅི་ཡོད་ཅེ་ན། གང་སྤེལ་ནི། རིས་མཐུན་པར་མཚམས་སྦྱོར་བ་ནི་འཆི་བའི་སྲིད་པའི་འཇུག་ཐོགས་སུ་སྲིད་པ་བར་མ་དོར་མཚམས་སྦྱོར་བའམ། སྐྱེ་བའི་སྲིད་པར་མཚམས་སྦྱོར་བ་བཟུང་སྟེ་ཞེས་རིས་མཐུན་གཉིས་ཅར་དུ་མཚམས་སྦྱོར་བར་འཆད་པས་ཁྱད་པར་མེད་ལ། རྒྱལ་པོའི་སྲས་ནི་སྲོག་དང་ཡིད་གཉིས་སྲིད་པ་བར་མ་ཁོ་ན་དང༌། སྐྱེ་བའི་སྲིད་པར་ཡང་མཚམས་སྦྱོར་བ་དང༌། དུས་མཉམ་དུ་རིས་མཐུན་པར་མཚམས་སྦྱོར་བ་དང༌། དུས་སྔ་ཕྱི་ཡིན་ཡང༌། ཡང་སྲིད་པར་མཚམས་སྦྱོར་བའི་ཁྱད་པར་ཡོད་དོ་ཞེས་འཆད་དོ།།
ཡིད་ནི་དེ་ལྟར་མཚམས་སྦྱོར་བ་དང༌། དགེ་བ་ལ་སོགས་པ་ལ་གནས་པས་ལུས་ངག་ཀྱང་དགེ་བ་ལ་སོགས་པར་བྱེད་པས་དབང་གི་ངོ་བོ་དང་མཐུན་པར་དབང་བྱེད་དེ། དགེ་སློང་ཞིག་གིས། བཙུན་པ་འཇིག་རྟེན་འདི་གང་གིས་ཁྲིད། གང་གིས་དྲངས། གང་གིས་སྐྱེ་ཞིང་སྐྱེ་བ་ལ་དབང་བསྒྱུར། བཀའ་སྩལ་པ། དགེ་སློང༌། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན། །སེམས་ཀྱི་ཆོས་ནི་གཅིག་པུ་ཡི། །དབང་གི་རྗེས་སུ་ཆོས་ཀུན་འགྲོ། །ཞེས་གསུངས་ཏེ་མདོ་ཏིག་གིས་རྣམ་པར་འབྱེད་པ་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དང་པོའི་མདོ་ལས་འབྱུང་བར་བཤད་དོ། །ལོ་ཞེས་པ་ནི་ཕ་རོལ་གྱི་ལུགས་ཡིན་པར་སྟོན་པའོ། །ཚོར་བ་ལྔ་དང་དབང་པོ་ཐ་མ་བརྒྱད་པོ་དེ་རྣམས་ནི་རིམ་པ་ལྟར་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་ལ་དབང་བྱེད་དེ། མདོ་ལས། བདེ་བ་ལ་འདོད་ཆགས། སྡུག་བསྔལ་ལ་ཞེ་སྡང༌། བཏང་སྙོམས་ལ་གཏི་མུག་རྒྱས་པར་འགྱུར་བར་གསུངས་པའི་ཕྱིར་དང༌། དེ་དག་གིས་རྣམ་པར་བྱང་བ་སྟེ་ཉོན་མོངས་པ་རྣམ་པར་དག་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་དབང་པོར་གཞག་གོ །མངོན་པ་བ་ཁ་ཅིག་ནི་བདེ་བ་ལ་སོགས་པ་རྣམ་པར་བྱང་བ་ལའང་དབང་བྱེད་དེ། མདོ་ལས། བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་པར་འགྱུར་རོ་ཞེས་དང༌། སྡུག་བསྔལ་གྱི་རྒྱུ་ཅན་གྱི་དད་པ་ཞེས་དང༌། ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་ཅེས་གསུངས་ལ། ངེས་པར་འབྱུང་བ་ནི་ལམ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ།།
གཉིས་པ། གཞན་ལུགས་མདོ་སྡེ་པ་ནི།
མིག་སོགས་དེ་དག་ལུས་མཛེས་པ་དང༌། སྲུང་བ་དང༌། ཐུན་མོངས་མ་ཡིན་པའི་རྒྱུ་ལ་དབང་བྱེད་པས་མ་ཡིན་གྱི། རང་རང་གི་གཟུང་དོན་ལ་དམིགས་པའི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་སྐྱེད་པ་དང༌། ཡིད་ནི་ཐམས་ཅད་ལ་དམིགས་པར་བྱེད་པའི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་སྐྱེད་པ་ལ་དབང་བྱེད་པའི་ཕྱིར་དབང་པོ་དྲུག་དབང་པོར་བཞག་གོ །དོན་རྣམས་ནི་དབང་པོར་ཐལ་བར་མི་འགྱུར་ཏེ། ལྷག་པར་དབང་བྱེད་པ་མེད་པའི་ཕྱིར་རོ། །དེ་ནི་འདི་ལྟར་མིག་ནི་གཟུགས་སྔོ་སེར་དུ་མ་དམིགས་པའི་རྣམ་ཤེས་ཀྱི་རྒྱུ་བྱེད་ལ། སྔོན་པོ་ནི་སྔོ་འཛིན་ཁོ་ནའི་རྒྱུ་བྱེད་པའི་ཕྱིར་ཏེ་གཞན་ལའང་དེ་བཞིན་དང༌། དབང་པོ་ལྔ་གསལ་མི་གསལ་གྱི་རྗེས་སུ་དབང་ཤེས་གསལ་མི་གསལ་ལྷག་པར་བྱེད་ཀྱི་ཡུལ་གྱི་རྗེས་སུ་མ་ཡིན་པའི་ཕྱིར་དང༌། ཡིད་ཀྱང་དགེ་བ་ལ་སོགས་པས་དམིགས་པ་ཡིད་ཤེས་ཀྱང་དགེ་བ་ལ་སོགས་པར་འགྱུར་བ་ཤས་ཆེ་བའམ། ཡང་ན་དམིགས་པ་འཁོར་རྣམས་ཀྱང་དེ་ལྟར་འགྱུར་གྱི་ཡུལ་གྱིས་མ་ཡིན་པའི་ཕྱིར་རོ། །མོ་དང་ཕོའི་དབང་པོ་ནི་མོ་ཉིད་དང་ཕོ་ཉིད་དེ། དེའི་ངོ་བོ་ཡིན་པའི་ང་རོ་དང་གཡོ་བ་དང་བསམ་པ་ཞན་པ་དང༌། དེ་ལས་བཟློག་པའི་ཁྱད་པར་དེ་ལ་དབང་བྱེད་པའི་ཕྱིར་དབང་པོར་གཞག་གི་བྱེ་བྲག་ལས་ནི་མ་ཡིན་ཏེ། དེ་མེད་ཀྱང་གཟུགས་ཁམས་པ་ལྟར་བྱེ་བྲག་འབྱེད་པའི་ཕྱིར་རོ།།
དེ་ཡང་ལུས་ཀྱི་དབང་པོའི་ཆ་ཤས་ལས་མོ་དང་ཕོའི་དབང་པོ་དག་གཞག་གོ །དེའི་ཕྱིར་ཕོ་མོའི་དབང་པོ་ནི་ལུས་དབང་གི་ངོ་བོ་ཡིན་ཏེ། རང་ཡུལ་རེག་བྱ་འཛིན་པའི་དབང་པོ་གཟུགས་ཅན་ཡིན་པའི་ཕྱིར་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པའོ། །མདོ་སྡེ་པ་ནི་རེག་བྱ་འཛིན་པའི་རྣམ་ཤེས་ཀྱི་བདག་རྐྱེན་ཞེས་སྦྱོར་རོ། །ཁ་གཅིག་ནི་མདོ་སྡེ་པའི་སྐབས་ཡིན་པས་བྱེ་བྲག་ཏུ་སྨྲ་བའི་རང་གཞུང་མ་ཡིན་ནོ་ཞེས་འཆད་ཀྱང་ཐུན་མོང་བ་སྲིད་པའི་ཕྱིར་འགལ་བར་མི་བསམ་པའམ། རྣམ་པ་གཅིག་ཏུ་ན་འགྲེལ་པར། མིག་ལ་སོགས་པ་ཕོའི་དབང་པོ་ལ་ཐུག་པ་རྣམས་ནི་བསྟན་ཟིན་ཏོ་ཞེས་འབྱུང་ལ། དེ་ཉིད་རྒྱལ་པོའི་སྲས་ཀྱིས། བསྟན་ཟིན་ཏོ་ཞེས་བྱ་བ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་པ་དང༌། ལུས་ལས་ཕོ་དང་མོ་དབང་དག །ཅེས་བྱ་བ་ཡིན་ནོ་ཞེས་པ་དང༌། གང་སྤེལ་གྱིས་ཀྱང་དེ་ལྟར་བཤད་པའི་ཕྱིར་རང་གཞུང་ཡིན་ནོ། །དེ་ལྟ་མ་ཡིན་ན་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ལྟར་ཕོ་མོའི་དབང་པོའི་ངོས་འཛིན་གཞུང་དུ་མ་བསྟན་པར་ཐལ་བར་འགྱུར་རོ། །རིས་མཐུན་གནས་པར་བྱ་བ་དང་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་ལ་དབང་བྱེད་པའི་ཕྱིར་ཞེས་པ་དང་རིམ་པ་ལྟར་སྲོག་དང་ཚོར་བ་ལྔ་པོ་རྣམས་དང་དད་སོགས་དབང་པོ་ལྔ་པོ་རྣམས་སོ་སོར་དབང་པོར་འདོད་ཅེས་སྦྱར་རོ།།
དེ་ཡང་བྱེ་བྲག་ཏུ་སྨྲ་བ་ལྟར་རིས་མཐུན་པར་མཚམས་སྦྱོར་བ་ནི་མ་ཡིན་ཏེ། དེ་ཡིད་ཁོ་ནས་བྱེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་ལ་དབང་བྱེད་པ་ནི་ཚོར་བ་གསུམ་ལ་དུག་གསུམ་རྒྱས་པའི་ཕྱིར་བྱེ་བྲག་ཏུ་སྨྲ་བ་དང་མཐུན་ནོ། །རྣམ་བྱང་ལ་དབང་བྱེད་པ་ནི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་མགོ་གནོན་ལ། ངེས་འབྱེད་ཆ་མཐུན་གྱིས་ཟག་མེད་ཀྱི་ལམ་འདྲེན་པའི་ཕྱིར་རོ་ཞེས་འཆད་དོ།།
ཟག་མེད་གསུམ་ནི། གོང་ནས་གོང་དང་མྱང་འདས་ཐོབ། །སོགས་པ་ལ་ནི་དབང་བྱེད་ཕྱིར། །ཞེས་འགྱུར་བཅོས་ནས་འཆད་དེ། རང་གི་གོང་མ་ཀུན་ཤེས་པའི་དབང་པོ་འཐོབ་པ་དང༌། དེའི་གོང་མ་ཀུན་ཤེས་ལྡན་པའི་དབང་པོ་འཐོབ་པ་དང༌། ལྷག་མེད་ཀྱི་མྱང་འདས་དངོས་སུ་འཐོབ་པ་ལ་ལྷག་པར་དབང་བྱེད་པའི་ཕྱིར་དང༌། སོགས་ནི་མཐོང་སྤང་སྤོང་བ་དང༌། སྒོམ་སྤང་སྤོང་བ་དང༌། ཉོན་མོངས་ལས་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་མྱོང་བས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་ལྷག་པར་དབང་བྱེད་པའི་ཕྱིར་རིམ་པ་ལྟར་མི་ཤེས་པ་ཀུན་ཤེས་པར་བྱེད་པ་དང༌། ཀུན་ཤེས་པ་དང༌། ཀུན་ཤེས་ལྡན་པའི་དབང་པོ་རྣམས་དབང་པོར་གཞག་གོ །དེ་བཞིན་ཞེས་བྱ་བའི་སྒྲ་ནི་སྔ་མ་ལྟར་སོ་སོར་དབང་པོ་ཡིན་ནོ་ཞེས་པའི་དོན་ཏོ།།
གཉིས་པ།བརྩད་པ་སྤང་པ་ནི།
གལ་ཏེ་ངག་དང་ལག་པ་དང་རྐང་པ་དང་ཉེར་གནས་དང་འདོམས་ཀྱང་སྨྲ་བ་དང་ལེན་པ་དང་འགྲོ་བ་དང་ཟག་པ་འདོར་བ་དང་ཀུན་དགའ་བ་ལ་ལྷག་པར་དབང་བྱེད་པའི་ཕྱིར་དང༌། མ་རིག་པ་ལ་སོགས་པ་ཡང་འདུ་བྱེད་སྐྱེ་བ་པ་ལ་སོགས་པ་ལ་ལྷག་པར་དབང་བྱེད་པའི་ཕྱིར་དབང་པོར་འགྱུར་རོ་ཞེ་ན། སྔ་མ་དག་ནི་ལྷག་པར་དབང་བྱེད་པ་མ་ཡིན་ལ། དབང་ཅུང་ཟད་བྱེད་པས་དེར་འགྱུར་ན་སོ་དང་ལྐོག་མ་ལ་སོགས་པའང་ཐལ་བར་འགྱུར་རོ། །མ་རིག་པ་ལ་སོགས་པ་འགའ་ཞིག་དེ་ལྟ་ཡིན་ཡང་འཆད་པར་འགྱུར་བའི་དོན་འདི་དག་ལ་དགོངས་ནས་གསུངས་པའི་ཕྱིར་སྐྱོན་དེ་མེད་དོ། །དེ་ནི་འདི་ལྟར་སེམས་ཅན་གྱི་རྫས་ཀྱི་གཞིར་གྱུར་པའི་རྟེན་དང༌། རྟེན་དེའི་བྱེ་བྲག་འབྱེད་པ་དང་རིས་མཐུན་གནས་པར་བྱེད་པ་དང༌། ཀུན་ནས་ཉོན་མོངས་པ་ཉིད་དང༌། རྣམ་བྱང་གི་རྒྱུ་ཚོགས་སོགས་པ་དང༌། དངོས་སུ་རྣམ་པར་བྱང་བར་བྱེད་པ་སྟེ་དབང་པོར་འཇོག་པའི་རྒྱུ་གང་ཇི་སྙེད་གསུངས་པ་དེ་དག་ལ་ལྟོས་ནས་མིག་སོགས་དྲུག་དང༌། ཕོ་མོའི་དབང་པོ་དང༌། སྲོག་དང༌། ཚོར་བ་ལྔ་དང༌། དད་སོགས་ལྔ་དང༌། ཟག་མེད་གསུམ་སྟེ་དབང་པོ་དག་ཀྱང་དེ་སྙེད་དུ་གྲངས་ངེས་སོ་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་འདོད་པའོ། །གོ་རིམ་ནི་སྲོག་གི་དབང་པོའི་མཇུག་ཏུ་ཡིད་ཀྱི་དབང་པོ་འདོན་པའི་ཕྱིར་དེ་ལྟར་མ་ཡིན་ནོ།།
མདོ་སྡེ་པ་ནི།
ཡང་ན་འཁོར་བར་འཇུག་པ་དང་ལྡོག་པའི་ཕྱོགས་ཀྱི་དབང་དུ་མཛད་ནས་གསུངས་སོ་ཞེས་འཆད་དེ། དེ་ཡང་འཁོར་བར་འཇུག་པའི་རྟེན་དང༌། སྐྱེ་བ། གནས་པ། ཉེ་བར་སྤྱོད་པ་ལས་ནི་མིག་སོགས་དྲུག མོ་དང་ཕོའི་དབང་པོ། སྲོག་ཚོར་བ་ལྔ་དང་བཅུ་བཞི་གཞག་སྟེ། རིམ་པ་བཞིན་དེ་དག་སེམས་ཅན་ཀྱི་རྫས་ཀྱི་གཞི་ཡིན་པའི་ཕྱིར་དང༌། ཕོ་མོའི་འདུ་འཕྲོད་ལས་ཡིད་དང་ལུས་དངོས་སུ་སྐྱེ་ལ་མིག་སོགས་བཞི་རིམ་གྱིས་སྐྱེ་བའི་ཕྱིར་དང༌། ཡུན་རིང་དུ་སྐྱེ་མཆེད་དྲུག་གནས་པར་བྱེད་པའི་ཕྱིར་དང༌། འཇུག་པའི་རྟེན་ལ་ཕན་པ་དང་གནོད་པར་ཉེ་བར་ལོངས་སྤྱོད་པ་ལས་ཏེ་བཅུ་བཞིའོ། །དེ་བཞིན་དུ་འཁོར་བ་ལས་ལྡོག་པའི་དབང་དུ་བྱས་ནས་དབང་པོ་རྣམས་ནི་གཞན་བརྒྱད་ཡིན་ནོ། །དེ་ལ་ལྡོག་པ་དང་ལོག་པ་ནི་དོན་གཅིག་པས་མྱ་ངན་ལས་འདས་པ་ཡིན་ཏེ། གང་སྤེལ་གྱིས། ལྡོག་པ་ནི་ལོག་པ་ཡིན་ཏེ། དེ་ཡང་སྐྱེ་མཆེད་དྲུག་གཏན་འགགས་པའོ་ཞེས་བཤད་པའི་ཕྱིར་རོ། །དེའི་ཕྱིར་དེ་འཐོབ་པའི་རྟེན། སྐྱེ་བ། གནས་པ། ཉེ་བར་སྤྱོད་པའི་དབང་དུ་བྱས་ནས་དད་སོགས་ལྔ་དང༌། ཀུན་ཤེས་བྱེད་པའི་དབང་པོ་ལ་སོགས་པ་སྟེ། རིམ་བཞིན་མྱང་འདས་འཐོབ་པའི་གཞིར་གྱུར་པའི་ཕྱིར་དང༌། དེ་ཐོབ་པར་བྱེད་པའི་ལམ་གྱི་དང་པོ་ཡིན་པའི་ཕྱིར་དང༌། རྒྱུན་ཆགས་པར་གནས་པ་ཡིན་པའི་ཕྱིར་དང༌། ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ། །དེ་དག་གིས་ནི་གོ་རིམ་ཀྱང་དེ་ལྟར་ངེས་སོ་ཞེས་ཟེར་རོ།།
གཉིས་པ། སྐབས་སུ་བབ་པའི་ངོ་བོ་བཤད་པ་ནི།
དབང་པོ་དག་ལས་མིག་སོགས་དྲུག་དང་ཕོ་མོའི་དབང་པོ་བཤད་ཟིན་ལ། སྲོག་དང་དད་སོགས་ལྔ་འཆད་པར་འགྱུར་བས་འདི་དག་སྐབས་སུ་བབ་པའི་ཕྱིར་རོ། །དེ་ལ་གཉིས་ལས། ཚོར་བ་ལྔ་ནི་ལུས་ཚོར་ནི་དབང་པོ་གཟུགས་ཅན་ལས་སྐྱེས་པའི་ཚོར་བ་སྟེ་དབང་ཤེས་འཁོར་དུ་བྱུང་བ་དང༌། སིམ་པ་མ་ཡིན་པ་ནི་གནོད་པར་བྱེད་པ་སྟེ། དེ་ལྟ་བུ་གང་ཡིན་པ་སྡུག་བསྔལ་གྱི་དབང་པོའོ། །མཚན་ཉིད་ནི་ལུས་ཚོར་གང་ཞིག་གདུང་བར་མྱོང་བའོ། །སིམ་པ་ནི་ཕན་འདོགས་པ་སྟེ་ལུས་ཀྱི་ཚོར་བདེ་ལྟ་བུ་ནི་བདེ་བའོ། །གཞན་ཡང་བསམ་གཏན་གསུམ་པ་ན་ཡོད་པའི་སེམས་ཀྱི་ཚོར་བ་སིམ་པ་དེ་ནི་བདེ་བའི་དབང་པོ་ཡིན་ནོ། །ཡིད་བདེ་མ་ཡིན་པའི་ཚོར་བ་གང་ཞིག་སིམ་པར་མྱོང་བའོ། །བདེ་བ་ལས་ཕྱེ་ན་ལུས་བདེ་དང་སེམས་བདེའོ། །དེ་དག་ཀྱང་རིམ་པ་བཞིན། ལུས་ཀྱི་ཚོར་བ་གང་ཞིག་སིམ་པར་མྱོང་བ་དང༌། བསམ་གཏན་གསུམ་པའི་ཚོར་བ་གང་ཞིག་སིམ་པར་མྱོང་བའོ། །བསམ་གཏན་གསུམ་པ་ལས་གཞན་ས་འོག་མ་གསུམ་ན་ཡོད་པའི་སེམས་ཀྱི་ཚོར་བ་སིམ་པ་དེ་ནི་ཡིད་བདེ་བའི་དབང་པོ་ཡིན་ནོ། །ཚོར་བ་གང་དགའ་བར་མྱོང་བའོ། །སེམས་ཀྱི་ཚོར་བ་སིམ་པ་མ་ཡིན་པ་ནི་ཡིད་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་སྡུག་བསྔལ་ཏེ་ཡིད་མི་བདེ་བའི་དབང་པོའོ། །སེམས་ཀྱི་ཚོར་བ་གང་ཞིག་གདུང་བར་མྱོང་བའོ། །བཏང་སྙོམས་ཀྱི་དབང་པོ་ནི་བར་མ་སྟེ་སིམ་གདུང་གཉི་ག་མ་ཡིན་པར་མྱོང་བ་སྟེ། ཚོར་བ་གང་ཞིག་སིམ་གདུང་མ་ཡིན་པར་བར་མར་མྱོང་བའོ། །ལུས་དང་སེམས་གང་གི་ཡིན་ཞེ་ན། རྣམ་ཤེས་ཚོགས་དྲུག་ཅར་གྱི་འཁོར་དུ་འབྱུང་བའི་ཕྱིར་གཉི་གའི་ཡིན་ནོ། །གཅིག་ཏུ་འཇོག་པ་ནི། སེམས་ཀྱི་ཏིང་ངེ་འཛིན་དང་རྣམ་སྨིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་མ་ཡིན་པའི་བདེ་སྡུག་དག་ནི་རྣམ་རྟོག་ལས་སྐྱེ་ཞིང༌། ལུས་ཀྱི་དེ་ལས་མ་ཡིན་པར་དགྲ་བཅོམ་པ་ལ་ཡང་ཡུལ་གྱི་དབང་གིས་སྐྱེ་ལ། འདི་ནི་མི་རྟག་སྟེ་རྟོག་པ་མེད་ཅིང་འདུ་བྱེད་པ་མེད་པར་རང་གི་ངང་གིས་སྐྱེ་བའི་ཕྱིར་དང༌། ལུས་དང་སེམས་ཀྱི་བདེ་སྡུག་དག་ནི་ཕན་པ་དང་གནོད་པའི་ངོ་བོ་སོ་སོར་མྱོང་བ་དང༌། ལུས་ཀྱི་དག་ཡུན་རིང་དུ་གནས་པས་བརྟན་ལ། སེམས་ཀྱི་དག་ཡུན་ཐུང་བས་མི་བརྟན་པས་ཁྱད་པར་ཡོད་ཅིང་འདི་ནི་དེ་ལྟར་བྱེ་བྲག་མེད་པའི་ཕྱིར་རོ།།
ཟག་མེད་གསུམ་ནི་མཐོང་ལམ་དང་སྒོམ་ལམ་ཟག་མེད་དང་མི་སློབ་ལམ་ལ་ཡིད་དང་དད་སོགས་ལྔ་ཡིད་བདེ་སེམས་བདེ་བཏང་སྙོམས་ཏེ་དགུ་པོ་ནི་གསུམ་ཡིན་ཞེས་བྱ་སྟེ། ཟག་མེད་ཡིན་པའི་དབང་པོ་གང་ཞིག་མཐོང་ལམ་ཡིན་པ་ཞེས་པ་ལ་སོགས་པའོ། །དེ་དག་ཀྱང་རིམ་པ་བཞིན། བདེན་པའི་དོན་སྔར་མི་ཤེས་པ་ཤེས་པར་བྱའོ་སྙམ་དུ་ཞུགས་པའི་དབང་པོ་ཡིན་པ་དང༌། སྔར་མ་མཐོང་བའི་བདེན་པའི་དོན་ཀུན་ཤེས་པར་བྱ་བ་མེད་ཀྱང་སྒོམ་སྤང་གི་ཉོན་མོངས་སྤང་བའི་དོན་དུ་བདེན་པ་དེ་ཉིད་ཀུན་ཤེས་པར་བྱེད་པས་གང་ཟག་ཀུན་ཤེས་པ་དེའི་དབང་པོ་ཡིན་པས་སམ། ཀུན་ཤེས་པའང་ཡིན་ལ་དབང་པོའང་ཡིན་པས་ཀུན་ཤེས་པ་དང་ཀུན་ཤེས་ཤིང་རྟོགས་པ་འདི་ལ་ཡོད་པས་སམ། ཀུན་ཤེས་པ་སྲུང་བའི་ངང་ཚུལ་ཅན་ཡིན་པས་ན་ཀུན་ཤེས་པ་དང་ལྡན་པ་ཡིན་ལ་དེའི་དབང་པོ་ཡིན་པས་ཞེས་སྦྱར་རོ། །དེ་ཡང་ལམ་ས་གང་ལ་བརྟེན་པའི་ཁྱད་པར་གྱིས་ཚོར་བ་དེ་གསུམ་གང་འབྱུང་མ་ངེས་པའི་ཕྱིར་གསུམ་ཅར་ཚང་བར་བགྲངས་ནས་དགུ་ཞེས་བསྟན་ཏོ།།
གསུམ་པ།རྣམ་པའི་རབ་དབྱེ་ནི་དབང་པོ་རྣམས་ལས་ཟག་བཅས་དུ་ཟག་མེད་ནི་དུ་ཞེས་པ་ལ་སོགས་པའི་ལན་ལ་དྲུག་ལས། དང་པོ་ནི།
བཤད་མ་ཐག་པའི་གསུམ་པོ་ནི་འཕགས་ལམ་མཉམ་བཞག་ཡིན་པའི་ཕྱིར་དྲི་མ་མེད་པ་སྟེ་ཟག་མེད་དང༌། དབང་པོ་གཟུགས་ཅན་འདུན་དང་སྲོག་དང་སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོ་དག་ནི་སྤང་བྱ་ཡིན་པའི་ཕྱིར་ཟག་བཅས་དང༌། ཡིད་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་དད་སོགས་ལྔ་སྟེ་དགུ་ནི་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་ཏེ་ཀུན་ཤེས་བྱེད་སོགས་ཡིན་པ་གཉིས་ཡོད་པའི་ཕྱིར་རོ། །ཊཱི་ཀར། ཅི་ཟག་མེད་ལམ་གྱི་བདེན་པ་དང་ཞེས་པ་དང་། དེ་གསུམ་ཟག་བཅས་ཟག་པ་མེད་ཅེས་པར་བཤད་པས་ཟློས་སོ་ཞེ་ན། དེར་སྤྱིའི་ངོ་བོ་བཤད་ཀྱི་བྱེ་བྲག་གི་ངོ་བོ་དབང་པོ་དང་སྦྱར་ནས་མ་བཤད་པའི་ཕྱིར་སྐྱོན་མེད་དོ་ཞེས་སོ། །ཊཱི་ཀར། ཡང་ཁ་ཅིག་ན་རེ་དད་སོགས་ལྔ་ནི་ཟག་པ་མེད་པ་སྟེ། མདོ་ལས། གང་ལ་དབང་པོ་ལྔ་པོ་འདི་དག་ཐམས་ཅད་དུ་ཐམས་ཅད་མེད་པ་དེ་ནི་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། སྒྲུབ་བྱེད་མེད་ལ་གནོད་བྱེད་ཡོད་པའི་ཕྱིར་རོ།།
དང་པོ་ནི་ལུང་དེ་ཉིད་འབྲས་བུ་བཞི་དང༌། ཆོས་ཀྱི་རྗེས་འབྲང་དང་དད་པས་རྗེས་འབྲང་གི་བར་དུ་དད་སོགས་ཟག་མེད་འདི་དག་མཆོག་ཏུ་གྱུར་པ་དགྲ་བཅོམ་པ་ནས་ཆེས་ཞན་པ་དད་པས་རྗེས་འབྲང་གི་བར་དུ་འཕགས་པའི་གང་ཟག་རྣམ་པར་གཞག་པ་མཛད་ནས་དེ་མེད་པ་དེ་འཕགས་པ་ལས་ཕྱི་རོལ་དུ་གྱུར་པའི་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་སོ་ཞེས་པའམ། ཡང་ན་སོ་སོའི་སྐྱེ་བོ་ལ་དགེ་རྩ་མ་ཆད་པ་ནང་པ་དང་ཆད་པ་ཕྱི་རོལ་པ་གཉིས་ལས་འདི་ནི་ཕྱི་རོལ་པའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ།།
གཉིས་པ་ནི་སྔོན་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་ཚེ། སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་རྒས་པ་ལ་དབང་པོ་རྣོན་པོ་དང་འབྲིང་པོ་དང་རྟུལ་པོ་ཡང་མཆིས་ཞེས་དད་སོགས་ཀྱི་དབྱེ་བ་བྱས་པ་དང༌། ངས་ཇི་སྲིད་དུ་དབང་པོ་ལྔ་པོ་འདི་དག་གི་ཀུན་འབྱུང་བ་དང་མི་སྣང་བ་དང་རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པ་དེ་སྲིད་དུ་ཞེས་ཟག་བཅས་སུ་གསུངས་པའི་ཕྱིར་རོ།།
གཉིས་པ་ནི།
དབང་པོ་དག་ལས་སྲོག་ནི་མཐོ་རིས་ན་དགེ་བ་དང་ངན་སོང་ན་མི་དགེ་བའི་འབྲས་བུ་རྣམ་སྨིན་ནོ། །འོ་ན་དགྲ་བཅོམ་པ་སྐུ་ཚེ་གཏོང་འཇོག་བྱེད་པར་བཤད་པས་འཇོག་པའི་སྲོག་དེ་གང་གི་རྣམ་སྨིན་ཡིན་ཞེ་ན།
ལན་དངོས་དང༌། ཞར་ལ་སྐུ་ཚེ་གཏོང་འཇོག་བཤད་པ་གཉིས་ལས། དང་པོ་ནི།
ཁ་ཅིག་ན་རེ་བསྟན་བཅོས་ལས། དགེ་སློང་དགྲ་བཅོམ་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པས་དགེ་འདུན་ནམ་གང་ཟག་ལ་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཕུལ་ནས་དེས་བསམས་ཏེ་རབ་མཐའི་བསམ་གཏན་ལ་སྙོམས་པར་འཇུག་ཅིང་དེ་ལས་ལངས་ནས་བདག་གི་ལོངས་སྤྱོད་ཀྱི་རྣམ་སྨིན་གང་ཡིན་པ་དེ་ཚེའི་རྣམ་སྨིན་དུ་གྱུར་ཅིག་སྙམ་དུ་སེམས་ཤིང་ཚིག་ཏུ་སྨྲ་བར་བྱེད་དེ། དེའི་ལོངས་སྤྱོད་ཀྱི་རྣམ་སྨིན་དེ་ཚེའི་རྣམ་སྨིན་དུ་འགྱུར་རོ་ཞེས་འབྱུང་བས་མཐོང་ཆོས་ཀྱི་ལས་ཀྱི་རྣམ་སྨིན་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་མཐོང་ཆོས་ཀྱི་འཕེན་རྫོགས་གཉིས་ཀའི་འབྲས་བུ་ཡིན་པའམ། བདེན་པ་མཐོང་ལ་འཕེན་པ་མེད་པར་བྱས་ན་རྫོགས་བྱེད་ཀྱི་རྣམ་སྨིན་ནོ་ཞེས་འཆད་དོ། །ཁ་ཅིག་ནི་དགྲ་བཅོམ་པ་ཐམས་ཅད་ལ་ཚེ་བསྲིང་དུ་ཡོད་པ་མ་ཡིན་གྱི་སྔོན་ལོ་བརྒྱ་ཙམ་ཐུབ་པར་འཕངས་པ་ལ་དུས་མ་ཡིན་པར་ཤི་ནས་ཚེ་ལྷག་ལུས་པ་མཐོང་ནས་སྔར་གྱི་སྦྱོར་བས་འདིར་འདྲེན་ཏེ་དེ་ནི་སྔ་མའི་ལས་ཀྱི་འབྲས་བུ་རྣམ་སྨིན་ནོ་ཞེས་སོ། །བཙུན་པ་དབྱངས་སྒྲོག་ནི་ཚེ་བསྲིངས་པ་ན་ལུས་དེ་ཉིད་ལ་རབ་མཐའི་བསམ་གཏན་གྱི་སྟོབས་ཀྱིས་བསམ་གཏན་བཞི་པའི་འབྱུང་བ་ཚེ་དང་མཐུན་པ་དང་འགལ་བ་དག་བསྐྱེད་ནས་སྐུ་ཚེ་འཇོག་པ་དང་གཏོང་བར་མཛད་དེ། དེ་ལྟར་སྐུ་ཚེ་བསྲིངས་པ་ཡང་ཏིང་ངེ་འཛིན་གྱི་མཐུ་ཁོ་ན་ལས་ཡིན་པས་རྣམ་སྨིན་མ་ཡིན་གྱི་དེ་ལས་གཞན་ནི་རྣམ་སྨིན་ཏེ། དེའི་ཕྱིར་ཕལ་ཆེ་བ་ལ་དགོངས་ནས་སྲོག་རྣམ་སྨིན་དུ་བཤད་དོ་ཞེས་ཟེར་རོ།།
གཉིས་པ་ལ་གཉིས་ལས་དང་པོ་སྤྱིར་བསྟན་པ་ནི།
རྟེན་གླིང་གསུམ་གྱི་ཕོ་མོའི་རྟེན་ཅན་ཏེ་རྟེན་གཞན་ལ་དགོས་པ་འདི་དག་མེད་པའི་ཕྱིར་རོ། །གང་ཟག་དགྲ་བཅོམ་པ་རབ་མཐའི་བསམ་གཏན་ཐོབ་པ་དུས་དང་མི་སྦྱོར་བ་སྟེ་ཉོན་མོངས་པ་མེད་ཅིང་དབང་པོ་རྣོ་བས་ཏིང་ངེ་འཛིན་ལ་དབང་བའི་ཕྱིར་རོ། །ཚུལ་ནི་འཇོག་ཚུལ་སྔར་བཤད་ལ་གཏོང་ཚུལ་དགེ་འདུན་ནམ་གང་ཟག་ལ་འཚོ་བའི་ཡོ་བྱད་གང་རུང་ཕུལ་ཞིང་རབ་མཐའི་བསམ་གཏན་ལ་མཉམ་པར་གཞག་པ་ལས་ལངས་ནས་བདག་གི་ཚེའི་རྣམ་སྨིན་གང་ཡིན་པ་དེ་ལོངས་སྤྱོད་ཀྱི་རྣམ་སྨིན་དུ་གྱུར་ཅིག་སྙམ་དུ་སེམས་ཤིང་ཚིག་ཏུ་སྨྲས་ནས་སོ། །དགོས་པ་ནི་བདག་ཉིད་རིང་དུ་མི་གནས་པར་མཐོང་ལ་གཞན་ལ་ཕན་པའམ་བསྟན་པ་གནས་པའི་དོན་འགྲུབ་པ་ལྟ་ན་དེའི་དོན་དུ་རང་གི་ཚེ་བསྲིང་བ་ལས་ནུས་པ་གཞན་མ་མཐོང་བས་བསྲིང་ངོ་། །གལ་ཏེ་གསོན་ཡང་དོན་དེ་དག་མ་མཐོང་ན་ལུས་འདི་ཉིད་འདོར་བ་ལ་སྤྲོ་བས་གཏོང་སྟེ། མདོ་ལས། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང༌། །ལམ་ལའང་ཤིན་ཏུ་བསྒོམས་ན་ནི། །ཚེ་ཟད་པ་ལ་དགར་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཞེས་སོ། །འོ་ན་བཅོམ་ལྡན་འདས་ཀྱིས་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་དག་བཏང་ངོ་ཞེས་གསུངས་ན་དེ་ལ་ཁྱད་པར་ཅི་ཡོད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་ནི་དེ་གཉིས་ལ་ཁྱད་མེད་དེ། ཆོས་མངོན་པ་ལས། སྲོག་གི་དབང་པོ་གང་ཞེ་ན་ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཁཅིག་ན་རེ། སྔོན་གྱི་ལས་དང་ད་ལྟར་གྱི་ལས་ཀྱི་འབྲས་བུ་ལ་ཚེ་དང་སྲོག་ཅེས་ཏེ། དེ་ནི་འདི་ལྟར་སྔོན་གྱི་ལས་ཀྱིས་རིས་མཐུན་གནས་པར་འགྱུར་བ་དེ་དག་ནི་ཚེའི་འདུ་བྱེད་དག་ཡིན་ལ་ད་ལྟར་གྱི་ལས་ཀྱིས་དུས་གཞན་གྱི་བར་འཚོ་བ་དེ་དག་ནི་སྲོག་གི་འདུ་བྱེད་དག་ཡིན་ནོ་ཞེས་པའོ། །འདུ་བྱེད་དག་ཅེས་པ་ནི་བྱེ་བྲག་ཏུ་སྨྲ་བ་ན་རེ། རྒྱུན་ལ་གཏོང་འཇོག་བྱེད་ཀྱི་སྐད་ཅིག་མ་གཅིག་གི་གཏོང་འཇོག་གིས་དགོས་པ་མེད་པའི་ཕྱིར་མ་ཡིན་ནོ་ཞེས་སོ། །མདོ་སྡེ་པ་ནི་སྐད་ཅིག་མ་གཅིག་ལ་ཚེ་ཞེས་གདགས་པའི་འདུ་བྱེད་མང་པོ་ཡོད་དེ། ཁམས་གཉིས་ན་ཕུང་པོ་ལྔ་དང་གཟུགས་མེད་ན་བཞིའོ། །དེའི་ཕྱིར་ཚེ་ཞེས་བྱ་བའི་རྫས་གཅིག་པུ་ཞིག་མེད་པས་འདུ་བྱེད་དག་ཅེས་སྨོས་སོ། །དེ་ལྟ་མ་ཡིན་ན་སྲོག་དག་བྱིན་གྱིས་བརླབས་ནས་ཚེ་དག་བཏང་ངོ་ཞེས་བརྗོད་པར་རིགས་སོ་ཞེས་ཟེར་རོ།།
གཉིས་པ།བྱེ་བྲག་ཏུ་སྟོན་པས་སྐུ་ཚེ་གཏོང་འཇོག་མཛད་པའི་དགོས་པ་ནི།
འཆི་བ་དང་ཚེ་ལ་མངའ་བརྙེས་པར་བསྟན་པའི་ཕྱིར་རིམ་པ་བཞིན་གཏོང་བ་དང་ཟླ་བ་གསུམ་བྱིན་གྱིས་བརླབ་པ་མཛད་ལ། དེ་ལས་ལྷག་པར་མ་ཡིན་ཏེ་སྐུ་དངོས་ཀྱི་གདུལ་བྱའི་ཐ་མ་རབ་བཟང་གི་རྒྱུད་སྨིན་པས་དེ་ཕན་ཆད་གདུལ་བྱའི་དོན་མེད་པའི་ཕྱིར་རོ། །གཞན་ཡང་ངས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་འདོད་ན་བསྐལ་པའམ་བསྐལ་པ་བས་ལྷག་པར་བཞུགས་པར་བྱའོ་ཞེས་དམ་བཅས་བསྒྲུབ་པའི་ཕྱིར་ཡང་བྱིན་གྱིས་བརླབས་པ་མཛད་དོ་ཞེས་སློབ་དཔོན་བཞེད་དོ། །བྱེ་བྲག་སྨྲ་བ་ནི་རྡོ་རྗེ་གདན་གྱི་སྤོ་ལ་ཐུན་དང་པོ་ལ་ལྷའི་བུའི་བདུད་དང༌། ཐུན་གསུམ་པ་ལ་ཉོན་མོངས་པའི་བདུད་ལས་རྒྱལ་ལ། ཡུལ་ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་བཏང་བས་ནི་ཕུང་པོའི་བདུད་དང༌། སྲོག་གི་འདུ་བྱེད་བྱིན་གྱིས་རླབས་པས་ནི་འཆི་བདག་གི་བདུད་ལས་རྒྱལ་བར་འགྱུར་ཏེ་དེའི་ཕྱིར་འདུད་བཞི་ལས་རྒྱལ་བར་བསྟན་པའི་ཕྱིར་རོ་ཞེས་པའོ།།
དབང་པོ་བཅུ་གཉིས་ལ་ནི་རྣམ་སྨིན་ཡིན་པ་དང་མ་ཡིན་པ་གཉིས་གཉིས་ཡོད་དེ། ཉི་ཤུ་རྩ་གཉིས་ལས་ཐ་མ་བརྒྱད་དང་ཡིད་མི་བདེ་མ་གཏོགས་པ་སྟེ་དེ་ཡང་གཟུགས་ཅན་བདུན་ལ་རྣམ་སྨིན་སྐྱེས་དང་རྒྱས་བྱུང་གཉིས་གཉིས་དང༌། ཡིད་དང་ཚོར་བ་བཞི་ལ་ལུང་མ་བསྟན་རྣམ་སྨིན་སྐྱེས་དང་དེ་ལས་གཞན་པ་གཉིས་གཉིས་ཡོད་པའི་ཕྱིར་རོ། །ཐ་མ་བརྒྱད་དགེ་བར་ངེས་པ་དང་ཡིད་མི་བདེ་དགེ་མི་དགེ་ཅི་རིགས་པར་ངེས་པས་རྣམ་སྨིན་མ་ཡིན་པ་ཡིན་ནོ། །གལ་ཏེ་ཡིད་མི་བདེ་རྣམ་སྨིན་མ་ཡིན་ན། མདོ་ལས། ལས་ནི་གསུམ་སྟེ་ཡིད་བདེ་བ་མྱོང་བར་འགྱུར་བའི་ལས་དང༌། ཡིད་མི་བདེ་བ་མྱོང་བར་འགྱུར་བའི་ལས་དང༌། གཏང་སྙོམས་མྱོང་བར་འགྱུར་བའི་ལས་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མཚུངས་ལྡན་མྱོང་འགྱུར་གྱི་དབང་དུ་མཛད་པ་སྟེ། ཡིད་མི་བདེ་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་མི་བདེ་མྱོང་འགྱུར་གྱི་ལས་ཡིན་པས་སྐྱོན་མེད་དོ། །རིགས་པ་ཡང་ཡིད་མི་བདེ་རྣམ་སྨིན་མ་ཡིན་ཏེ་ཀུན་ཏུ་རྟོག་པའི་ཁྱད་པར་དག་གིས་སྐྱེད་ཅིང་ཞི་བའི་ཕྱིར་ཏེ་རྣམ་སྨིན་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟེར་རོ།།
གསུམ་པ་ནི།
དབང་པོ་ཉི་ཤུ་རྩ་གཉིས་ལས་བཤད་མ་ཐག་པའི་ཡིད་མི་བདེ་བ་དེ་གཅིག་པུ་ནི་རྣམ་སྨིན་གྱི་རྒྱུར་རུང་བས་རྣམ་པར་སྨིན་པ་དང་བཅས་པ་ཡིན་ལ། བཅུ་ལ་ནི་རྣམ་པ་གཉིས་ཏེ་གང་དག་ཅེ་ན། ཡིད་དང་ཚོར་བ་ཡིད་མི་བདེ་ལས་གཞན་པ་བཞི་དང་དད་པ་ལ་སོགས་པ་ལྔའོ། །དེ་ལས་དད་སོགས་ཟག་བཅས་རྣམ་སྨིན་གྱི་རྒྱུར་རུང་བས་རྣམ་སྨིན་དང་བཅས་པ་དང༌། ཟག་མེད་དེར་མི་རུང་བས་རྣམ་སྨིན་མེད་པ་དང༌། ཡིད་དང་ཚོར་བ་བཞིའི་དགེ་བ་ཟག་བཅས་དང་མི་དགེ་བ་ཡིན་པ་ནི་རྣམ་སྨིན་དང་བཅས་པ་ཡིན་ལ། ཟག་མེད་དང་ལུང་མ་བསྟན་ནི་རྣམ་སྨིན་མེད་པ་སྟེ་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ། །ལྷག་མ་གཟུགས་ཅན་བདུན་དང་སྲོག་ནི་ལུང་མ་བསྟན་ཁོ་ན་ཡིན་ལ། གསུམ་ཟག་མེད་ཡིན་པས་རྣམ་སྨིན་གྱི་རྒྱུར་མི་རུང་བའི་ཕྱིར་རྣམ་སྨིན་མེད་པར་གྲུབ་བོ།།
བཞི་པ་ནི།
དབང་པོ་ཉི་ཤུ་རྩ་གཉིས་ལས་དགེ་བར་ངེས་པ་ཐ་མ་བརྒྱད་ཡིན་ཞིང་ཡིད་མི་བདེ་བ་དགེ་མི་དགེ་རྣམ་པ་གཉིས་ཁོ་ནར་ཁ་ཆེ་བ་འདོད་ལ། ཉི་འོག་པ་ནི་ལུང་མ་བསྟན་ཡང་ཡོད་པར་འདོད་དོ། །ཡིད་དང་ཚོར་བ་གཞན་ནི་དགེ་བ་ལ་སོགས་པ་རྣམ་པ་གསུམ་ཆར་དང་གཞན་གཟུགས་ཅན་བདུན་དང་སྲོག་ནི་རྣམ་པ་གཅིག་སྟེ་ལུང་མ་བསྟན་ཁོ་ནའོ།།
ལྔ་པ་ནི།
དྲི་མེད་གསུམ་མ་གཏོགས་པ་བཅུ་དགུའི་རིགས་ལ་འདོད་པའི་སྲེད་པ་རྒྱས་སུ་རུང་བས་འདོད་པར་གཏོགས་ལ། དྲི་མེད་གསུམ་དང་དེའི་སྟེང་དུ་འཁྲིག་པའི་འདོད་ཆགས་དང་བྲལ་བ་དང་རྟེན་མི་མཛེས་པར་བྱེད་པས་ཕོ་མོའི་དབང་པོ་ཡང་མེད་ལ། ལུས་འོད་ལྟར་དང་བས་འཕྲལ་གྱི་རྐྱེན་བསྣུན་པ་ལས་བྱུང་བ་དང༌། མི་དགེ་བ་སྤངས་པས་རྣམ་སྨིན་གྱི་རྒྱུ་ལས་བྱུང་བའི་སྡུག་བསྔལ་དང༌། ཞི་གནས་ཀྱི་རྒྱུད་བརླན་ཏེ་ཁོང་ཁྲོ་སྤངས་པས་རྒྱུས་བྱས་པ་དང༌། བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ། །བདག་གི་མཛའ་བོ་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ། །བདག་གི་དགྲ་བོ་ལ་ཕན་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་ཞེས་པའི་ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པས་རྐྱེན་གྱིས་བྱས་པའི་ཡིད་མི་བདེ་ཡང་མེད་པས་སྡུག་བསྔལ་དག་མ་གཏོགས་པ་བཅོ་ལྔ་གཟུགས་སུ་གཏོགས་ཏེ། བསམ་གཏན་དང་པོ་ན་ཚང་བར་ཡོད་ལ་གཉིས་པ་ན་བདེ་བ་དང་གསུམ་པ་ན་ཡིད་བདེ་དང་བཞི་པ་ན་དེ་གཉིས་ཀ་མེད་དོ། །དེ་དག་གི་སྟེང་དུ་གཟུགས་ཅན་ལྔ་དང་བདེ་བ་གཉིས་པོའང་མ་གཏོགས་པ་བརྒྱད་པོ་གཟུགས་མེད་དུ་གཏོགས་ལ། ཁམས་གསུམ་མ་གཏོགས་པ་ནི་ཟག་མེད་གསུམ་དང་དེ་དག་གི་གདགས་གཞི་དགུའོ།།
དྲུག་པ་ནི།
ཡིད་དང་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ནི་མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་དང༌། ཟག་མེད་ནི་སྤང་བྱ་མ་ཡིན་པ་དང༌། དེ་ལས་གཞན་སྒོམ་སྤང་སྟེ་རྣམ་པ་གསུམ་ཆར་དང༌། གཉིས་ཀྱིས་སྤང་བར་བྱ་བ་ནི་ཡིད་མི་བདེ་བ་དང༌། གཟུགས་ཅན་བདུན་སྲོག་དང་སྡུག་བསྔལ་ཏེ་དགུ་ནི་མཐོང་སྤང་མ་ཡིན་པའི་ཟག་བཅས་ཡིན་པས་བསྒོམས་པས་སྤང་བྱ་དང༌། བདེ་སོགས་ལྔ་པོ་ནི་ཟག་མེད་ཡིན་པའི་ཆ་ནི་སྤང་བར་བྱ་བ་མིན་ཅིང་ཡང་ཞེས་པས་ཟག་བཅས་ཡིན་པ་ནི་སྒོམ་སྤང་དང༌། ཀུན་ཤེས་བྱེད་སོགས་གསུམ་ནི་ཟག་མེད་ཡིན་པས་སྤང་བྱ་མིན་ནོ།།
བཞི་པ།རྙེད་གཏོང་ལ་གཉིས་ལས།དང་པོ།རྙེད་ཚུལ་ནི།
འདོད་པར་སྐྱེ་གནས་དང་པོ་གསུམ་ནི་དབང་པོ་གཟུགས་ཅན་རིམ་གྱིས་སྐྱེ་བས་དང་པོར་སྐྱེ་སྲིད་ཀྱི་ཚེ་རྣམ་སྨིན་གྱི་ངོ་བོ་ལུས་དང་སྲོག་གི་དབང་པོ་གཉིས་རྙེད་དེ་མིག་སོགས་མེད་ཅིང་ཡིད་དང་བཏང་སྙོམས་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་དུ་ངེས་པས་སོ། །རྫུས་ཏེ་སྐྱེ་བས་ནི་གཉིས་ཁོ་ན་རྙེད་པ་མིན་ནོ། །དེ་ཡིས་ནི་མཚན་མེད་པ་བསྐལ་པ་དང་པོའི་མི་ལྟ་བུ་ཡིན་ན་མ་ཚང་བ་མེད་པར་གཟུགས་ཅན་ལྔ་ཅིག་ཅར་འགྲུབ་པས་དེ་དག་དང་སྲོག་སྟེ་དྲུག་གམ། མཚན་གཅིག་པ་དེ་དང་བདུན་ནམ། མཚན་གཉིས་པ་ལ་དེ་གཉིས་ཏེ་བརྒྱད་དོ། །དེ་སྐྱེ་གནས་བཟང་པོ་ཡིན་ན་མཚན་གཉིས་ཇི་ལྟར་འགྲུབ་ཅེ་ན། བདེ་འགྲོ་ན་མེད་ཀྱང་ངན་འགྲོར་ལས་ཀྱི་དབང་གིས་སོ། །གཟུགས་ན་རྫུས་སྐྱེས་དང་པོ་ལྟར་དྲུག་གོ །གཟུགས་ལས་སྙོམས་འཇུག་དང་སྐྱེ་བའི་སྒོ་ནས་མཆོག་ཡིན་པས་གོང་མ་གཟུགས་མེད་པར་རྣམ་སྨིན་གྱི་ངོ་བོ་སྲོག་གཅིག་པུ་རྙེད་དོ། །རྣམ་སྨིན་གྱི་ངོ་བོ་ཁོ་ནའི་རྙེད་པ་འཆད་པ་ནི་གཏོང་བ་ལ་ཐམས་ཅད་སྨོས་པས་ཕན་ཚུན་མཚོན་ཏེ་གཉིས་ཀར་གཉིས་ཀ་གོ་བར་དགོངས་པའོ་ཞེས་འཆད་དོ།།
གཉིས་པ། གཏོང་བ་ནི།
ཉོན་མོངས་ཅན་དང་ལུང་མ་བསྟན་གྱི་སེམས་ལ་གནས་ཏེ་གཟུགས་མེད་དག་ཏུ་འཆི་བ་ནི་སྲོག་དང་ཡིད་དང་བཏང་སྙོམས་ཉིད་ཅིག་ཅར་འགག་པར་འགྱུར་རོ། །གཟུགས་ན་སྔར་རྙེད་པའི་སྟེང་དུ་ཡིད་དང་བཏང་སྙོམས་བསྣན་ཏེ་བརྒྱད་དང༌། འདོད་པར་དབང་པོ་གཟུགས་ཅན་ཅིག་ཅར་འགགས་པའི་བརྫུས་སྐྱེས་མཚན་གཉིས་པ་ནི་བཅུའམ། མཚན་གཅིག་དང་ལྡན་ན་དགུའམ། གཉིས་ཀ་མེད་ན་བརྒྱད་དང༌། རིམ་གྱིས་འཆི་བའི་སྐྱེ་གནས་དང་པོ་གསུམ་པོ་དག་ལ་ནི་ལུས་དང་སྲོག་ཡིད་བཏང་སྙོམས་ཏེ་བཞི་པོ་ཅིག་ཅར་འགག་ལ། གཞན་ནི་སྔར་དུ་འགགས་པའི་ཕྱིར་རོ། །གལ་ཏེ་དགེ་བའི་སེམས་ལ་གནས་ཏེ་འཆི་ན་སྔར་གྱི་དྲུག་པོ་ཐམས་ཅད་དག་ཏུ་དད་སོགས་ལྔ་བསྣན་ལ་བརྒྱད་ལ་སོགས་པར་སྦྱར་རོ།།
ལྔ་པ། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་དབང་པོ་དུས་འཐོབ་ལ། འགྲེལ་པར་དབང་པོའི་སྐབས་སུ་དབང་པོའི་ཆོས་རྣམས་དཔྱད་པར་བྱ་སྟེ་ཞེས་གསུངས་པས་འདི་ཉིད་དཔྱོད་པ་སྐབས་སུ་བབ་པའི་ཕྱིར་སྟོན་ཏོ།།
འདི་ལ་གཉིས་ལས། དང་པོ། དངོས་ནི།
འབྲས་བུ་འདུས་མ་བྱས་བཞི་ལས་མ་ཐ་རྒྱུན་ཞུགས་དང་ཡ་ཐ་དགྲ་བཅོམ་པ་སྟེ་འབྲས་བུ་ཐ་མ་དེ་གཉིས་ནི་དབང་པོ་དགུ་དགུས་འཐོབ་སྟེ། འདི་ལྟར་ཟག་མེད་ཀྱི་ལམ་བཅོ་ལྔ་པ་ནི་མཐོང་ལམ་སྟེ་དེའི་ཆ་ཀུན་ཤེས་བྱེད་པ་དང༌། བཅུ་དྲུག་པ་ནི་སྒོམ་ལམ་སྟེ་དེའི་ཆ་ཀུན་ཤེས་པ་དང༌། དེ་དག་ནི་རིམ་པ་བཞིན་རྐུན་པོ་འབྱིན་པ་དང་སྒོ་འཕར་གཅོད་པ་ལྟར་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་སྟེ་བྲལ་བའི་ཐོབ་པ་འདྲེན་པ་དང་དེའི་རྟེན་བྱེད་པ་ཡིན་པའི་ཕྱིར་གཉིས་ཀས་འབྲས་བུ་དང་པོ་འཐོབ་ལ། དེར་དད་སོགས་དབང་པོ་ལྔ་དང་ཡིད་དང༌། ཆགས་བཅས་ཡིན་པས་མི་ལྕོགས་མེད་ཀྱི་བཏང་སྙོམས་ཡོད་པས་དགུས་འཐོབ་བོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་སྒོམ་ལམ་སྟེ་དེའི་ཆ་ཀུན་ཤེས་པ་དང༌། རྣམ་གྲོལ་ཟད་ཤེས་ནི་མི་སློབ་པ་སྟེ་དེའི་ཆ་ཀུན་ཤེས་ལྡན་པ་དང༌། དེ་གཉིས་ཀྱང་རིམ་བཞིན་བྲལ་ཐོབ་འདྲེན་པ་དང་དེའི་རྟེན་བྱེད་པས་དེ་གཉིས་ཀས་དགྲ་བཅོམ་འཐོབ་སྟེ། དེར་ཀྱང་དད་སོགས་ལྔ་དང་ཡིད་དང་ལམ་ས་གང་ལ་བརྟེན་པའི་ཁྱད་པར་གྱིས་བསམ་གཏན་དང་པོ་དང་གཉིས་པའི་དངོས་གཞི་ལ་བརྟེན་ན་ཡིད་བདེ། གསུམ་པ་ལ་སེམས་བདེ། གཞན་བཏང་སྙོམས་ཀྱི་ས་དྲུག་ལ་བརྟེན་ན་བཏང་སྙོམས་ཏེ་དགུས་འཐོབ་བོ། །འབྲས་བུ་བར་པ་གཉིས་ལ་ནི་བདུན་དང་བརྒྱད་དང་དགུས་འཐོབ་པ་གསུམ་ཅར་ཡོད་པས་བདུན་གྱིས་འཐོབ་པ་ནི་མཐར་གྱིས་པ་ཞིག་སྟེ། དབང་པོ་རྣོ་བརྟུལ་གང་ཡང་རུང་བ་ཞི་གནས་སྤྱད་པའི་རིགས་ཅན་ཞིག་ཡིན་ན་འཇིག་རྟེན་པའི་ལམ་ཏིང་ངེ་འཛིན་ལ་དགའ་བས་མི་ལྕོགས་མེད་ཀྱི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་དྲུག་པ་སྤོང་བའི་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ཚེ་འཐོབ་ལ། དེར་དད་སོགས་ལྔ་དང་ཡིད་དང་ས་དེའི་བཏང་སྙོམས་ཏེ་བདུན་ནོ། །བརྒྱད་ཀྱིས་འཐོབ་པ་ནི་དེ་ལ་ལྷག་མཐོང་སྤྱད་པའི་རིགས་ཅན་ཡིན་ན་ལམ་བདེན་པའི་རྣམ་པ་ལ་དགའ་བས་འཇིག་རྟེན་ལས་འདས་པའི་སྒོམ་ལམ་བསྐྱེད་ལ་དེའི་ཆ་ཀུན་ཤེས་པ་སྟེ་དེ་དང་བཅས་པས་འཐོབ་པས་བརྒྱད་དོ། །ཆགས་བྲལ་སྔོན་འགྲོ་ལ་གཉིས་ཀྱི་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་དགུས་འཐོབ་སྟེ་རྒྱུན་ཞུགས་ཇི་ལྟ་བ་བཞིན་ནོ། །ཕྱིར་མི་འོང་བདུན་གྱིས་འཐོབ་པ་ནི་མཐར་གྱིས་པ་དབང་པོ་རྟུལ་པོ་ཞིག་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་དགུ་པ་སྤངས་སྟེ་གཞན་ཕྱིར་འོང་བཞིན་ནོ། །བརྒྱད་ཀྱིས་འཐོབ་པ་ནི་མཐར་གྱིས་པ་དབང་པོ་རྟུལ་པོས་འཇིག་རྟེན་ལས་འདས་པའི་སྒོམ་ལམ་བསྐྱེད་ན་དེའི་ཆ་ཀུན་ཤེས་པ་དང་བཅས་པ་བརྒྱད་དམ། དེ་ཉིད་དབང་པོ་རྣོན་པོས་འཇིག་རྟེན་པའི་སྒོམ་ལམ་བསྐྱེད་ན་བར་ཆད་མེད་པ་དགུ་པ་ཚུན་ཆད་ཀྱི་ཚེ་ཉེར་བསྡོགས་ཀྱི་བཏང་སྙོམས་དང་བདུན་དང༌། རྣམ་གྲོལ་དགུ་པའི་ཚེ་དངོས་གཞིའི་ཡིད་བདེ་མངོན་དུ་བྱེད་པས་དེ་དང་བརྒྱད་དོ། །དགུས་འཐོབ་པ་ནི་འདོད་པ་ལས་ཆགས་པ་དང་བྲལ་བ་སྔོན་དུ་འགྲོ་བ་སྟེ་རྒྱུན་ཞུགས་དང་འདྲ་བ་ལས། ཁྱད་པར་ཚོར་བ་ནི་དང་པོ་དང་གཉིས་པའི་དངོས་གཞི་ལ་བརྟེན་ན་ཡིད་བདེ། གསུམ་པ་ལ་སེམས་བདེ། གཞན་གསུམ་ལ་བཏང་སྙོམས་འབྱུང་བས་དགུའམ། མཐར་གྱིས་པ་དགུ་པའི་བར་ཆད་མེད་པའི་ཚེ་སྔ་མ་བཞིན་བརྒྱད་དང༌། དབང་པོ་རྣོ་བས་རྣམ་གྲོལ་ཐ་མའི་ཚེ་དངོས་གཞིའི་ཡིད་བདེར་སྤོས་པ་དང་དགུའོ།།
གཉིས་པ། བརྩད་སྤང་ལ་གསུམ་ལས། དང་པོ། རྒོལ་བ་ནི།
ཡེ་ཤེས་ལ་འཇུག་པ་ལས། དབང་པོ་དུ་ཞིག་གིས་དགྲ་བཅོམ་པ་འཐོབ་ཅེ་ན། སྨྲས་པ་བཅུ་གཅིག་གིས་འཐོབ་བོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན།
གཉིས་པ། ལན་དངོས་ནི།
འདིར་དགྲ་བཅོམ་དགུས་འཐོབ་ན་ལན་གཅིག་འཐོབ་པའི་དབང་དུ་བྱས་ལ། བཅུ་གཅིག་དག་གིས་དགྲ་བཅོམ་པ་ཉིད་འཐོབ་པར་བཤད་པ་ནི་དབང་རྟུལ་འགའ་ཞིག་ཉམས་ཤིང་ཉམས་པ་སོར་ཆུད་པར་བྱེད་ན་བཅུ་གཅིག་གིས་འཐོབ་པ་སྲིད་པའི་ཕྱིར་དེའི་དབང་དུ་བྱས་ནས་བཤད་པ་ཡིན་པས་འགལ་བ་མེད་དོ། །དེ་ནི་འདི་ལྟར་ཐོག་མར་ས་དྲུག་གང་རུང་གི་བཏང་སྙོམས་དང་བཅས་དགུས་ཐོབ་ལ། དེ་བསམ་གཏན་གཉིས་པའམ་གསུམ་པ་ཡན་ཆད་ལས་ཉམས་ནས་སོར་ཆུད་པར་བྱེད་པའི་ཚེ་དང་པོའམ་གཉིས་པ་ལ་བརྟེན་ཏེ་ཡིད་བདེ་དང་བཅས་པ་དགུས་ཐོབ་ན་སྔར་མེད་པའི་དེ་བསྣན་ཏེ་བཅུ་དང༌། ཡང་བཞི་པ་ཡན་ཆད་ལས་ཉམས་ནས་གསུམ་པའི་བདེ་བ་དང་བཅས་པ་དགུས་ཐོབ་ན་དེ་དང་བཅུ་གཅིག་གོ །དེ་ཉིད་ལན་དུ་མར་ཉམས་ཀྱང་དགྲ་བཅོམ་ཐོབ་བྱེད་ཀྱི་དབང་པོ་དེ་དག་ལས་མེད་པས་བཅུ་གཅིག་པས་མང་བ་མི་སྲིད་དོ།།
གསུམ་པ། ལན་གྱི་ཁྱད་པར་ལས་བརྩད་སྤང་ནི།
འོ་ན་ཕྱིར་མི་འོང་ཡང་ལན་དུ་མར་ཉམས་པ་སོར་ཆུད་པར་བྱེད་པ་སྲིད་པས་བཅུ་གཅིག་འཐོབ་སྲིད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་ན་གསུམ་པའི་བདེ་བ་མེད་ལ་དེ་ཡོད་ན་དེ་ལས་ཉམས་པ་མ་ཡིན་པས་དེ་ཉམས་ཕན་ཆད་བདེ་བའི་དབང་པོས་མི་འཐོབ་པའི་ཕྱིར་དང༌། ཡིད་བདེས་ཀྱང་མི་འཐོབ་སྟེ། ཁ་ཅིག་ན་རེ་ཉམས་པ་ནི་དབང་པོ་རྟུལ་པོ་ཡིན་པས་རྣམ་གྲོལ་ཐ་མའི་ཚེ་དངོས་གཞིའི་ཡིད་བདེར་སྤོར་མི་ནུས་པས་སོ་ཞེས་ཟེར་བ་ལ། རྒྱལ་པོའི་སྲས་ཀྱིས་ཉམས་ནས་དབང་པོ་སྦྱངས་ཏེ་སོར་ཆུད་པར་བྱེད་ན་དངོས་གཞི་ལ་འཇུག་པ་སྲིད་ཀྱང་སྔར་གྱི་བརྒྱད་དམ་དགུས་འཐོབ་པ་ཉིད་ཡིན་ནོ་ཞེས་གསུངས་པས་དེ་ལྟར་གཟུང་ངོ༌། །ཆགས་བྲལ་སྔོན་འགྲོ་ནི་ལམ་གཉིས་ཀྱིས་བརྟན་པར་བྱས་པས་ཉམས་པ་མེད་པས་སྔར་བདེ་བ་དང་བཅས་པའི་དགུས་ཐོབ་ཅིང་ཕྱིས་མི་ལྕོགས་མེད་དང་དངོས་གཞིའི་ཚོར་བ་གཉིས་ཏེ་བཅུ་གཅིག་གིས་འཐོབ་པ་ཡང་མི་སྲིད་ལ། དེ་ཉིད་མི་ལྕོགས་མེད་ལ་བརྟེན་ཏེ་མཐོང་ལམ་བསྐྱེད་ནས་སྐད་ཅིག་བཅུ་དྲུག་པ་ལ་དང་པོའི་དངོས་གཞི་ལ་འཇུག་པའང་མ་ཡིན་ཏེ། དེ་ནི་བདེན་པ་རྫོགས་པར་མཐོང་བ་ལ་གུས་ཀྱི་དངོས་གཞི་ཐོབ་ཟིན་པས་གུས་པ་མེད་པའི་ཕྱིར་རོ།།
དྲུག་པ། དབང་པོའི་ལྡན་ཚུལ་ལ་གཉིས་ལས། དང་པོ། ངེས་ལྡན་ནི།
དབང་པོ་གང་དང་ལྡན་ན་གདོན་མི་ཟ་བར་དབང་པོ་དུ་དང་ལྡན་པ་ཡིན་ཞེ་ན། བཏང་སྙོམས་དང་ལྡན་པ་ལ་ནི་དེ་དང་སྲོག་ཡིད་དང་ངེས་པར་གསུམ་ལྡན་ལ། དེ་བཞིན་དུ་སྲོག་དང་ནི་ཡིད་དང་ལྡན་པ་ལ་ཡང་ངེས་པར་གསུམ་གསུམ་ལྡན་ནོ། །གཞན་ནི་ལྡན་པར་མ་ངེས་ཏེ། འདོད་པ་ན་ལུས་ལས་གཞན་པའི་གཟུགས་ཅན་དྲུག་ནི་དེ་དག་མ་ཐོབ་པ་ནུར་ནུར་པོ་ལ་སོགས་པ་དང༌། ཉམས་པ་དང༌། ལོང་བ་ལ་སོགས་པ་དང༌། རིམ་གྱིས་འཆི་བ་ན་མི་ལྡན་ལ། ཡིད་མི་བདེ་འདོད་ཆགས་དང་བྲལ་བ་དང༌། དད་སོགས་དགེ་རྩ་ཆད་པ་ལ་མི་ལྡན་ཞིང༌། གཟུགས་ན་ཕོ་མོ་དང༌། སྡུག་བསྔལ་གཉིས་དང༌། གཟུགས་མེད་ན་གཟུགས་ཅན་བདུན་དང་སྡུག་བསྔལ་གཉིས་མི་ལྡན་ལ། གསུམ་པ་དང་བཞི་པ་ཡན་ཆད་ཀྱི་བྱིས་པ་ལ་རིམ་པ་བཞིན་ཡིད་བདེ་དང་བདེ་བ་མི་ལྡན་པ་དང༌། ཁམས་གསུམ་ཅར་གྱིས་བྱིས་པ་ལ་ཟག་མེད་གསུམ་མི་ལྡན་ནོ། །བདེ་བ་དང་ལྡན་པ་ནི་བསམ་གཏན་བཞི་པ་ཡན་ཆད་ཀྱི་བྱིས་པ་རྣམས་ལ་རང་ས་ན་མེད་ཅིང་འོག་སའི་སྤངས་ལ་ལམ་ཟག་མེད་དང་མི་ལྡན་པས་དེ་དག་མ་གཏོགས་པ་སྟེ། དེ་ལ་དེ་ཉིད་དང་སྲོག་ཡིད་བཏང་སྙོམས་ཏེ་བཞི་དང་ལྡན་ཞིང་གཞན་མ་ངེས་པ་ནི་སྔར་བཞིན་ལས་བདེ་བ་དང་ལྡན་ལ་ཡིད་བདེ་མི་ལྡན་པ་ནི་གསུམ་པའི་བྱིས་པའོ། །ལུས་ལྡན་འདོད་པ་དང་གཟུགས་ཀྱི་གང་ཟག་སྟེ་དེ་ལ་ལུས་དང་སྲོག་སོགས་ཏེ་བཞི་དང་ལྡན་ནོ། །མིག་སོགས་བཞི་དང་ལྡན་པ་ལ་རང་རང་དང་ཁྱབ་བྱེད་ལུས་དང་སྲོག་སོགས་གསུམ་སྟེ་ལྔ་དང་ལྡན་ལ། ཡིད་བདེ་དང་ལྡན་པ་བསམ་གཏན་གསུམ་པ་ཡན་ཆད་ཀྱི་བྱིས་པ་ལས་གཞན་པ་སྟེ་དེ་ལ་ཡང་རང་དང་བདེ་བ་དང་སྲོག་སོགས་གསུམ་སྟེ་ལྔ་དང་ལྡན་ནོ། །གསུམ་པ་མ་ཐོབ་ཅིང་གཉིས་པར་སྐྱེས་པ་ལ་ནི་གསུམ་པའི་ཉོན་མོངས་ཅན་ཏེ། རྒྱལ་པོའི་སྲས་ཀྱིས། གྲུབ་པའི་མཐའ་ནི་སེམས་ཅན་ས་འོག་མར་སྐྱེས་པ་ཐམས་ཅད་ནི་ས་གོང་མའི་ཉོན་མོངས་ཅན་མ་སྤངས་པ་དང་ལྡན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འདོད་པ་ན་རང་དང་བསམ་གཏན་དང་པོ་དང་གསུམ་པའི་དགེ་བ་དང་ཉོན་མོངས་ཅན་ཅི་རིགས་པ་དང༌། དང་པོ་ན་རང་དང་གསུམ་པའི་དང༌། གཉིས་པ་ནི་གསུམ་པའི་སེམས་མ་ཐོབ་ན་དེའི་ཉོན་མོངས་ཅན་དང་ཐོབ་ན་དགེ་བ་དང༌། གསུམ་པ་ནི་འཕགས་པ་ལ་ཟག་མེད་དང་བཅས་པ་གསུམ་དང༌། བཞི་པ་ཡན་ཆད་ཀྱི་འཕགས་པ་ལ་ཟག་མེད་ཁོ་ན་ལྡན་ནོ། །འོ་ན་བསམ་གཏན་གསུམ་པ་ཡན་ཆད་ཀྱི་འཕགས་པ་ལ་ཡིད་བདེ་མི་ལྡན་པར་འགྱུར་ཏེ་དེ་ན་ཡིད་བདེ་མེད་པའི་ཕྱིར་རོ་ཞེ་ན། དེ་མངོན་གྱུར་དུ་མེད་ཀྱང་འཕགས་པ་ནི་འདོད་པ་དང་གཉིས་པ་ལས་འདོད་ཆགས་དང་བྲལ་བ་ན་གདོན་མི་ཟ་བར་ཡིད་བདེ་དང་བདེ་བའི་དབང་པོ་ཐོབ་པས་དེ་དང་ལྡན་པའི་ཕྱིར་རོ། །རྒྱལ་སྲས་ཀྱིས། འདི་ལྟར་འཕགས་པ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བ་ན་གདོན་མི་ཟ་བར་ཡིད་བདེ་བའི་དབང་པོ་འཐོབ་ལ། བསམ་གཏན་གཉིས་པ་ལས་འདོད་ཆགས་དང་བྲལ་བ་ན་ཡང་བདེ་བའི་དབང་པོ་འཐོབ་བོ་ཞེས་སོ། འདིས་ནི་བདེ་ལུས་ལྡན་ལ་བཞི་དག་དང༌། ཞེས་པའི་སྐབས་སུ་བཞི་པ་ཡན་ཆད་དུ་སྐྱེས་པའི་འཕགས་པ་ལ་བདེ་བའི་དབང་པོ་དང་མི་ལྡན་པར་དོགས་པ་ཡང་བསལ་བ་ཡིན་ནོ། །དེའི་ཚེ་ཡིད་བདེ་ཐོབ་ཀྱང་དབང་པོ་རྟུལ་པོས་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ཐ་མལ་དངོས་གཞིའི་ཡིད་བདེར་ཚོར་བ་སྤོ་ནུས་པར་ཐལ་བའི་སྐྱོན་ནི་མེད་དེ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ན་ཡིད་བདེ་ཐོབ་པ་ནི་དེའི་ཐོབ་པ་སྐྱེ་བ་ཡིན་ལ། དངོས་གཞིའི་ཡིད་བདེར་ཚོར་བ་སྤོ་བ་ནི་དེ་ཉིད་མངོན་གྱུར་སྐྱེས་པ་སྟེ་དེ་དབང་རྟུལ་གྱིས་དཀའ་བའི་ཕྱིར་རོ། །ཡང་འབྲས་བུ་ཐོབ་པ་དང་དབང་པོ་སྦྱངས་པ་ན་སྔར་གྱི་ཡིད་བདེ་བཏང་བའི་ཕྱིར་དེ་མི་ལྡན་པར་འགྱུར་རོ་ཞེ་ན། དེ་བཏང་ཡང་གསར་དུ་ཐོབ་པ་མ་བཏང་བའི་ཕྱིར་རོ། །སྡུག་བསྔལ་དང་ལྡན་པ་ནི་འདོད་པའི་གང་ཟག་སྟེ་དེ་ལ་ཡིད་མི་བདེ་ལས་གཞན་པའི་ཚོར་བ་བཞི་དང་སྲོག་ལུས་ཡིད་དེ་བདུན་དང་ལྡན་ནོ། །མོའི་དབང་པོ་དང་སོགས་ཁོང་ནས་ཕོ་དབང་དང་ཡིད་མི་བདེ་དང་དད་སོགས་ལྔའོ།།
དེ་དག་དང་ལྡན་པ་ལ་ནི་བརྒྱད་བརྒྱད་ལྡན་ཏེ། འདི་ལྟར་དང་པོ་གསུམ་དང་ལྡན་པ་ནི་འདོད་པའི་རྟེན་ཅན་ཡིན་པས་སྡུག་བསྔལ་ལྡན་བདུན་པོའི་སྟེང་དུ་རང་རང་བསྣན་པའོ། །དད་སོགས་དང་ལྡན་པ་ནི་དགེ་རྩ་ཆད་པ་ལས་གཞན་པའི་ཁམས་གསུམ་པ་སྟེ་དེ་ནི་སེམས་ཅན་ཡིན་པས་སྲོག་སོགས་གསུམ་དང་ལྔ་པོ་ཕན་ཚུན་འབྲལ་མི་ཤེས་པས་དེ་དག་དང་བཅས་པའོ། །ཀུན་ཤེས་པའི་དབང་པོ་དང་ལྡན་པ་སྒོམ་ལམ་པ་དང་ཀུན་ཤེས་ལྡན་པའི་དབང་པོ་དང་ལྡན་པ་མི་སློབ་པ་སྟེ་དེ་ལ་གདགས་གཞི་དགུ་དང་སྲོག་དང་རང་རང་སྟེ་བཅུ་གཅིག་དང་ལྡན་ནོ། །ཀུན་ཤེས་བྱེད་པའི་དབང་པོ་དང་ལྡན་པ་ནི་མཐོང་ལམ་པ་སྟེ་དེ་ལ་གདགས་གཞི་དགུ་དང་འདོད་པའི་རྟེན་ཅན་དུ་ངེས་པས་ལུས་སྲོག་སྡུག་བསྔལ་དང་བཅས་པ་སྟེ་བཅུ་གསུམ་དག་དང་ལྡན་པ་ཡིན་ལ། གཞན་མི་ལྡན་པ་སྔར་བཞིན་ནོ། །འོ་ན་ཕོ་མོའི་དབང་པོ་གང་རུང་གཅིག་དང་མི་ལྡན་ན་མཐོང་ལམ་མི་སྐྱེ་བས་དེ་གཉིས་གང་རུང་ཞིག་ཀྱང་བསྣན་པར་བྱའོ་ཞེ་ན། ཁ་ཅིག་ན་རེ་སྦྱོར་ལམ་སྔར་གོམས་པ་ཞིག་རིམ་གྱིས་འཆི་བ་ན་ཕོ་མོའི་དབང་པོ་འགགས་པའི་ཚེ་མཐོང་ལམ་སྐྱེས་ན་མི་ལྡན་ནོ་ཞེས་ཏེ་ལན་བཟང་པོ་མ་ཡིན་ནོ། །གཞན་དག་ནི་མཚན་གཉིས་བྱུང་བས་སྡོམ་པ་གཏོང་གི་ཉམས་པས་ནི་མ་ཡིན་ནོ་ཞེས་པའམ། འགའ་ཞིག་ནི་གང་ཟག་སྤྱིའི་དབང་དུ་བྱས་པ་ཡིན་པས་སྐྱོན་མེད་ཅེས་ཟེར་རོ། །དེའི་ཕྱིར་ཕོ་མོ་གཉིས་ལ་དེ་གཉིས་ཕན་ཚུན་མ་ཁྱབ་ཅིང་གང་རུང་ཅིག་ཅེས་པ་ནི་ངེས་ལྡན་གྱི་དོན་མ་ཡིན་པར་སྣང་ངོ༌།།
གཉིས་པ། སྲིད་ལྡན་ནི།
འདོད་པ་ན་དེ་དགེ་རྩ་ཆད་ནས་མེད་པ་ཞིག་འཆི་ཀར་ནང་ན་དབང་པོ་ཉུང་བར་ལྡན་པ་ལ་ལུས་དང་དེ་ཆགས་བཅས་ཡིན་པས་ཚོར་བ་ལྔ་དང་སྲོག་ཡིད་དེ་བརྒྱད་དང་ལྡན་ལ། གཟུགས་མེད་ཀྱི་བྱིས་པ་ནི་བརྡ་དང་བླང་དོར་གྱི་དམིགས་དང་སྤང་བླང་གི་དོན་ལ་ཤེད་མ་བྱེ་བ་གསུམ་ལས་ཐ་མ་སོ་སོའི་སྐྱེ་བོ་སྟེ་དེ་ལའང་གྲངས་དེ་བཞིན་དུ་བརྒྱད་དང་ལྡན། བཏང་སྙོམས་སྲོག་ཡིད་དང་དགེ་བ་ཡིན་པའི་དད་སོགས་ལྔ་པོ་རྣམས་སོ།།
གང་ཟག་འགའ་ཞིག་ལ་དབང་པོ་ཤིན་ཏུ་མང་པོ་ལྡན་པ་ལ་བཅུ་དགུ་སྟེ་དྲི་མ་མེད་པ་གསུམ་པོ་རྣམས་མ་གཏོགས་སོ། །དེ་ཡང་མཚན་གཉིས་པ་དབང་པོ་གཟུགས་ཅན་ཚང་ཞིང་དགེ་རྩ་མ་ཆད་པ་ཞིག་གོ །གཞན་ཡང་འཕགས་པ་ཆགས་བཅས་ཏེ་དེ་ལ་ཡང་བཅུ་དགུ་ལྡན་པ་སྲིད་དེ། མཚན་གཉིས་པ་སྡོམ་པའི་རྟེན་དུ་མི་རུང་ན་ལམ་ལྟ་ཅི་སྨོས་ཏེ་དེའི་ཕྱིར་འཕགས་པ་མཚན་གཉིས་པ་མི་སྲིད་པས་མཚན་གཅིག་དང་དྲི་མེད་སྔ་ཕྱིའམ་ཐ་མ་གཉིས་མ་གཏོགས་པའོ།།
གཉིས་པ་འདུས་བྱས་ཀྱི་ཆོས་སྐྱེ་ཚུལ་རྒྱས་པར་བཤད་པ་ནི།
འགྲེལ་པར། ད་ནི་འདི་དཔྱད་པར་བྱ་སྟེ། ཅི་འདུས་བྱས་ཀྱི་ཆོས་འདི་དག་ཇི་ལྟར་མཚན་ཉིད་ཐ་དད་པ་དེ་བཞིན་དུ་ཐ་དད་པར་སྐྱེ་བ་ཞིག་ཡིན་ནམ། འོན་ཏེ་ཁ་ཅིག་ངེས་པར་ལྷན་ཅིག་སྐྱེ་བ་ཡང་ཡོད་ཅེ་ན་ཞེས་གསུངས་པའི་མཚན་ཉིད་ནི་རང་བཞིན་ནམ་གཟུགས་དང་ཚོར་བ་ལ་སོགས་པའི་ཐ་སྙད་བྱར་རུང་གི་རྣམ་འཇོག་སྐྱོན་མེད་དེ། དེའི་ལན་དུ། སྨྲས་པ་ཡོད་དེ་ཞེས་འབྱུང་བས་ངེས་པར་ལྷན་ཅིག་སྐྱེ་བ་དག་འདིར་སྟོན་ཏོ། །དེ་ལ་སྤྱིར་ཤེས་བྱ་ཐམས་ཅད་གཞི་ལྔས་བསྡུས་ཏེ་གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་མི་ལྡན་པ་འདུ་བྱེད་དང་འདུས་མ་བྱས་ཀྱི་གཞིའོ། །འདུས་མ་བྱས་ནི་གང་དང་ཡང་ལྷན་ཅིག་སྐྱེ་བ་མེད་དོ།།
དེ་ལས་གཞན་ལྷན་ཅིག་སྐྱེ་ཚུལ་འཆད་པ་ལ་དངོས་དང༌། ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ལ་གཉིས་ལས། དང་པོ་ལ་གཉིས་ཀྱི་དང་པོ་གཟུགས་ཅན་ངེས་པར་ལྷན་ཅིག་སྐྱེ་ཚུལ་ལ་གཉིས་ལས། དང་པོ། དངོས་ནི།
འདོད་ཁམས་ན་དབང་པོའི་རྡུལ་མེད་པ་དང་སྒྲའི་རྡུལ་ཡང་མེད་པའི་ཕྲ་རབ་སྟེ་བསགས་པའི་གོང་བུ་ཆུང་མཐར་གྱུར་པ་གཅིག་ལ་འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་བྱའི་རྡུལ་ཏེ་རྫས་བརྒྱད་ངེས་པར་ལྷན་ཅིག་སྐྱེའོ། །ལུས་དབང་དང་ལྡན་པ་ལ་དེ་ཉིད་བསྣན་པས་རྫས་དགུའོ། །དེ་དབང་པོ་གཞན་དང་ལྡན་ན་རྫས་བཅུའོ། །དེ་སྒྲ་དང་བཅས་ན་རྫས་བཅུ་གཅིག་གོ །གཟུགས་ཀྱི་ཁམས་ན་དྲི་རོ་གཉིས་མེད་ལ་གཞན་སྔར་བཞིན་ནོ།།
གཉིས་པ། བརྩད་སྤང་ལ་གཉིས་ཀྱི་དང་པོ་ནི།
བསགས་པའི་གོང་བུ་གཅིག་ལ་འབྱུང་བ་རྣམས་འབྲལ་མི་ཤེས་པར་ཡོད་པའི་ཕྱིར་ཁ་ཅིག་ནི་སྲ་བ་དང༌། ཁ་ཅིག་ནི་གཤེར་བ་ལ་སོགས་པར་དམིགས་པ་མི་འཐད་དོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། དེ་ནི་ནུས་པའི་སྒོ་ནས་ཡིན་ཏེ་ཕྱེ་དང་ལན་ཚྭ་ཕྱེ་མའི་རོ་བཞིན་ནོ། །གཞན་ཡང་བྱེད་ལས་ནི་ངོ་བོ་དང་ཐ་མི་དད་པར་འཇུག་པས་སའི་ཁམས་ལ་སོགས་པའི་བྱེད་ལས་དམིགས་པའི་ཕྱིར་དང༌། རྐྱེན་དང་ཕྲད་ན་མངོན་དུའང་འགྱུར་པའི་ཕྱིར་རོ་ཞེས་ཟེར་རོ། །མདོ་སྡེ་པ་ན་རེ། ས་བོན་གྱི་སྒོ་ནས་ཡིན་གྱི་ངོ་བོའི་སྒོ་ནས་མ་ཡིན་ཏེ། མདོ་ལས། ཤིང་འདི་ལ་ཁམས་སྣ་ཚོགས་ཡོད་དེ་ཞེས་གསུངས་པའི་ཕྱིར་ཏེ། དེས་ན་ས་བོན་གྱི་སྒོ་ནས་ཐ་མི་དད་པར་ཡོད་ཀྱང་ཁ་ཅིག་སྲ་བ་དང་ཁ་ཅིག་གཤེར་བ་ལ་སོགས་པ་དམིགས་པ་འཐད་པ་ཡིན་ནོ་ཞེས་ཟེར་རོ།།
གཉིས་པ་ནི།
རྫས་བརྒྱད་ཅེས་པ་ལ་སོགས་པ་རྡུལ་གྱི་རྫས་ལ་རྫས་སུ་གཟུང་ངམ། སྐྱེ་མཆེད་ཀྱི་རྫས་ལ་རྫས་སུ་གཟུང༌། དང་པོ་ལྟར་ན་དབྱིབས་ཀྱང་ཡོད་པས་གྲངས་ཉུང་བ་དང༌། གཉིས་པ་ལྟར་ན་འབྱུང་བ་བཞི་ཅར་རེག་བྱའི་སྐྱེ་མཆེད་ཡིན་པས་གྲངས་མང་བར་འགྱུར་རོ་ཞེ་ན། འབྱུང་གྱུར་ནི་གཉིས་པ་ལྟར་ཡིན་ལ། འབྱུང་བ་ནི་དང་པོ་ལྟར་ཡིན་པས་སྐྱོན་མེད་དོ། །དེ་ཉིད་གྲངས་མང་པོ་ཡོད་ཀྱང་དེ་དག་གི་རིགས་ལས་མི་འདའོ།།
གཉིས་པ། གཟུགས་ཅན་མ་ཡིན་པ་ངེས་པར་ལྷན་ཅིག་སྐྱེ་ཚུལ་ལ་གཉིས་ཀྱི་དང་པོ་མདོར་བསྟན་པ་ནི།
སེམས་དང་སེམས་བྱུང་གི་གཞི་ནི་ངེས་པར་ལྷན་ཅིག་སྐྱེ་སྟེ་ཕན་ཚུན་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས། སེམས་ལས་བྱུང་བ་མེད་པ་ཡི། །སེམས་ནི་ནམ་ཡང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་ཉིད་དང་ལྷན་ཅིག་འཇུག །ཅེས་གང་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཆོས་གང་ཡིན་ཡང་རུང་སྐྱེ་བ་དེ་ཐམས་ཅད་ནི་རང་འདུས་བྱས་སུ་འཇོག་བྱེད་ཀྱི་མཚན་ཉིད་དང་ལྷན་ཅིག་སྐྱེ་ལ་ཐོབ་པ་ཡང་ཐོབ་བྱའི་ཆོས་རྒྱུད་དུ་གཏོགས་པ་དང་ལྷན་ཅིག་སྐྱེའོ། །འདི་ནི་རང་དང་ལྷན་ཅིག་དུས་མཉམ་གྱི་ཐོབ་པའི་དབང་དུ་བྱས་པ་སྟེ་སྔ་ཕྱིར་སྐྱེ་བའི་ཐོབ་པ་རྣམས་ནི་དེ་ལྟ་མ་ཡིན་ནོ་སྙམ་མོ། །འམ་ཞེས་པ་ནི་རྒྱུད་དུ་གཏོགས་པ་དང་ལྷན་ཅིག་སྐྱེའི་དེ་མ་ཡིན་པ་དང་ལྷན་ཅིག་མི་སྐྱེའོ་ཞེས་བྱེ་བྲག་ཏུ་བྱ་བའི་ཕྱིར་སྨྲོས་སོ། །དེ་ནི་འདི་ལྟར་འགོག་པ་གཉིས་ལ་ཐོབ་པ་ཡོད་ཀྱང་དེ་ལ་སྐྱེ་བ་མེད་པས་དེ་དང་ལྷན་ཅིག་མི་སྐྱེ་ལ། རྒྱུད་དུ་གཏོགས་པ་མ་ཡིན་པ་ལ་ཐོབ་པ་མེད་པའི་ཕྱིར་རོ།།
གཉིས་པ། རྒྱས་བཤད་ལ་གཉིས་ཀྱི་མཚུངས་ལྡན་སྐྱེ་བ་རྒྱས་བཤད་ལ་བཞི་ལས། དང་པོ་ངེས་པ་ལ་བརྩམ་པའི་རབ་དབྱེ་ལ་གཉིས་ཀྱི་དང་པོ་མདོར་བསྟན་པ་ནི།
སེམས་ལས་བྱུང་བ་ཞེས་གང་གསུངས་པ་དེ་གང་དག་ཅེ་ན། སེམས་བྱུང་ངེས་པ་དག་ནི་སྡེ་ཚན་རྣམ་པ་ལྔ་སྟེ་སེམས་ཀྱི་ས་མང་པོ་པ་ལ་སོགས་པ་ཐ་དད་ལྔ་ཡོད་པའི་ཕྱིར་རོ། །དེ་དག་ལ་ས་མང་པོ་པར་འཆད་པ་ནི་ས་ནི་གོ་སྐབས་ཀྱི་ཡུལ་ཏེ་ཞེས་པས་འདི་དག་དེ་དང་ལྷན་ཅིག་སྐྱེ་བའི་གོ་མི་འགོག་པར་སྐབས་མང་པོ་ནས་འབྱུང་པའི་ཕྱིར་སེམས་ཀྱི་ས་མང་པོ་པ་ཡིན་ལ། དེ་བཞིན་དུ་གཞན་ལའང་སྦྱར་རོ། །ཉོན་མོངས་ཆུང་ངུའི་ས་པའི་དོན་ནི་འོག་ཏུ་འཆད་དོ།།
གཉིས་པ། རྒྱས་བཤད་ལ་གཉིས་ཀྱི་སྤྱི་དོན་ལ་བདུན་ལས། དང་པོ། མཚན་ཉིད་ནི།
རང་དང་མཚུངས་པར་ལྡན་པའི་སེམས་དང་མཚུངས་ལྡན་ལྔས་མཚུངས་པའོ། །དེ་ནི་སེམས་དང་རྟེན་གཅིག་པས་རྟེན་མཚུངས་པ་དང་། དམིགས་ཡུལ་གཅིག་པས་དམིགས་པ་མཚུངས་པ་དང་། དེའི་བྱེ་བྲག་གཅིག་འཛིན་པར་མཚུངས་པས་རྣམ་པ་མཚུངས་པ་དང་། སྐྱེ་འགག་གནས་པ་དང་དུས་ཙམ་གཅིག་པར་མཚུངས་པས་དུས་མཚུངས་པ་དང༌། རིགས་མཐུན་རྫས་རེ་རེ་བར་མཚུངས་པས་རྫས་མཚུངས་པ་སྟེ། བྱེ་བྲག་ཏུ་སྨྲ་བ་ལྟར་ན་རྒྱུད་གཅིག་ལ་དུས་གཅིག་ཏུ་རྣམ་ཤེས་གཉིས་ལ་སོགས་པ་མི་འབྱུང་ཞིང༌། དེ་ལྟར་འབྱུང་བར་སྣང་བ་སྐད་ཅིག་གིས་འཕོ་འཇུག་མ་རྟོགས་པས་འགལ་མེ་མྱུར་དུ་བསྐོར་བ་ལ་འཁོར་ལོར་འཁྲུལ་བ་བཞིན་ནོ། །དེའི་ཕྱིར་སེམས་བྱུང་ཡང་རིགས་འདྲ་གཉིས་ལ་སོགས་པ་མི་འབྱུང་བར་འདོད་དོ།།
སྡེ་པ་གཞན་དག་ནི་རྒྱུད་གཅིག་པ་དུས་ཅིག་ཅར་རྣམ་ཤེས་རིགས་མི་འདྲ་དུ་མ་འབྱུང་སྟེ། རྒྱན་སྟུག་པོ་ལས། ཟླ་བ་སྐར་མའི་ཚོགས་དང་ནི། །ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང༌། །རྣམ་ཤེས་བདུན་དང་ལྷན་ཅིག་གནས། །ཞེས་པ་དང༌། སུམ་ཅུ་པ་ལས། ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཇི་ལྟའི་རྐྱེན་ལས་འབྱུང་བ་ནི། །རྣམ་ཤེས་ལྷན་ཅིག་གམ་མ་ཡིན། །ཆུ་ལ་རླབས་རྣམས་ཇི་བཞིན་ནོ། །ཞེས་པ་ལྟར་འཆད་དོ།།
གཉིས་པ། རྫས་དང་བཏགས་པ་ནི།
བྱེ་བྲག་ཏུ་སྨྲ་བས་གཞུང་འདིར་སྨོས་པའི་སུམ་ཅུ་རྩ་བརྒྱད་དང་མ་ངེས་པ་བརྒྱད་དེ་བཞི་བཅུ་རྩ་དྲུག་དང༌། འཆད་པ་པོ་དག་གཞི་ཕྲན་ཚེགས་ནས་འབྱུང་བའི་མི་དགའ་བ་དང་གླལ་བྱེད་པ་ལ་སོགས་པ་ཉི་ཤུ་རྩ་བཞི་པོའང་རྫས་ཡོད་དུ་ཁས་ལེན་ཏེ་བརྟག་དགོས་སོ། །གཏི་མུག་མེད་པ་ཤེས་རབ་དགེ་བ་དང༌། ལྟ་བ་དང་ཤེས་བཞིན་མ་ཡིན་པ་གཉིས་ཤེས་རབ་ཉོན་མོངས་ཅན་དང༌། བརྗེད་ངེས་དྲན་པ་ཉོན་མོངས་ཅན་དང་། རྣམ་གཡེང་ཏིང་ངེ་འཛིན་ཉོན་མོངས་ཅན་དང༌། ལོག་པར་མོས་པ་མོས་པ་ཉོན་མོངས་ཅན་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིད་ལ་བྱེད་པ་ཉོན་མོངས་ཅན་ལ་བཏགས་ཏེ་བདུན་ནི་བཏགས་ཡོད་དུ་ཁས་ལེན་ཏོ། །སེམས་ཙམ་པ་ནི་རེག་པ་ཡིད་བྱེད་ཚོར་བ་འདུ་ཤེས་སེམས་པ་སྟེ་ལྔ་ནི་ཀུན་ཏུ་འགྲོ་བ་དང༌། འདུན་པ་ལ་སོགས་པ་གཞན་ལྔ་ནི་ཡུལ་སོ་སོར་ངེས་པ་དང༌། དད་སོགས་བཅུ་གཏི་མུག་མེད་པའི་དགེ་རྩ་སྟེ་བཅུ་གཅིག་དགེ་བ་ལས་དེ་དང་བག་ཡོད་བཏང་སྙོམས་རྣམ་མི་འཚེ་སྟེ་བཞི་པོ་མ་གཏོགས་པ་བདུན་དང༌། དྲུག་རྩ་བའི་ཉོན་མོངས་པ་ལས་ལྟ་བ་མ་གཏོག་ས་པ་དང་བཅས་པ་ཉི་ཤུ་རྩ་གཉིས་རྫས་ཡོད་དང༌། གོང་གི་མ་གཏོགས་པ་ལྔ་དང༌། ཁྲོ་བ་ལ་སོགས་པ་བཅུ་དང༌། མི་དགེ་བའི་ས་པ་གཉིས་དང༌། ཉོན་མོངས་པའི་ས་པ་མང་པོ་པ་ལས་རྨོངས་པ་བོར་བའི་ལྔ་དང༌། བརྗེད་ངས་རྣམ་གཡེངས་ཤེས་བཞིན་མ་ཡིན་པ་སྟེ་ཉི་ཤུ་ཉེ་བའི་ཉོན་མོངས་པ་དང༌། འགྱོད་གཉིད་རྟོག་དཔྱོད་དེ་བཞི་གཞན་དུ་འགྱུར་བ་དང་བཅས་པ་ཉི་ཤུ་རྩ་དགུ་ལ་བཏགས་ཡོད་དུ་འདོད་དོ།།
གསུམ་པ། རྫས་བཏགས་ཀྱི་དོན་ནི།
སྤྱིར་རྫས་ལ་རྟག་ཅིང་བརྟན་པ་དང༌། དོན་བྱེད་ནུས་པ་དང༌། རང་རྐྱ་ཐུབ་པ་སྟེ་གསུམ་ལས་ཐ་མ་དང༌། བཏགས་ཡོད་ལ་ཀུན་ཏུ་དང༌། གནས་སྐབས་དང༌། ཆ་ལ་དང༌། དེ་ལས་གཞན་པ་དང་བཞི་ལས་གསུམ་པ་སྟེ་དེ་དག་ཀྱང་བརྗོད་པའི་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་རང་དབང་དུ་བློ་ཡུལ་དུ་འགྱུར་མི་འགྱུར་ལ་འཆད་དོ།།
བཞི་པ།གཙོ་འཁོར་གྱི་ཁྱད་པར་ནི།
སེམས་ནི་དོན་གྱི་ངོ་བོ་ཙམ་རིག་པས་གཙོ་བོ་དང༌། སེམས་བྱུང་ནི་དོན་གྱི་ཁྱད་པར་ཙམ་རིག་པས་འཁོར་ཏེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་གསུངས་པ་བཞིན་ནོ། །དེ་གཉིས་གཞན་སྟོབས་ཀྱིས་རིག་ཀྱང་རང་སྟོབས་ཀྱིས་མི་རིག་པས་དེའི་ཕྱིར་ཙམ་གྱི་སྒྲ་སྨོས་ཏེ། སྨྲ་སྒོ་ལས། ཚད་འཛིན་ལྷག་པ་འགོག་པ་ཡི། །ཙམ་ཞེས་བྱ་བ་རྣམ་པ་གཉིས། །ཞེས་པ་ལས་ཐ་མ་འོ། །ཁམས་དང་ས་གང་ན་ཡོད་པ་ནི་སྡེ་ཚན་དང་པོ་གསུམ་དང༌། རྒྱགས་པ་དང་མ་ངེས་པའི་ཆགས་པ་དང་ང་རྒྱལ་དང་ཐེ་ཚོམ་ནི་ཁམས་གསུམ་ས་དགུ་དང༌། གཡོ་སྒྱུ་དང་རྟོག་དཔྱོད་ནི་འདོད་པ་དང༌། དང་པོ་དང༌། གཞན་རྣམས་ནི་འདོད་པ་ཁོ་ན་ན་ཡོད་དོ། །རྣམ་ཤེས་གང་གི་འཁོར་དུ་འབྱུང་བ་ནི་དང་པོ་བཞི་ཚོགས་དྲུག་དང༌། ལྔ་པ་ཡིད་ཤེས་ཁོ་ནའི་འཁོར་དུའོ།།
ལྔ་པ། གོ་རིམ་ངེས་པ་ནི། དང་པོ་སེམས་ཐམས་ཅད་ལ་འབྱུང་བས་ཁྱབ་ཆེ་བ་དང༌། གཉིས་པ་ནི་དགེ་བ་ཡིན་པས་མཆོད་པར་ངོམ་པ་དང༌། གསུམ་པ་ནི་ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ལ་འབྱུང་བས་འོག་མ་ལ་གཉིས་ལས་ཁྱབ་ཆེ་བ་དང༌། བཞི་པ་ནི་མི་དགེ་བའི་སེམས་ཐམས་ཅད་ལ་འབྱུང་སྟེ་ཐ་མ་པས་ཁྱབ་ཆེ་བས་སོ།།
དྲུག་པ། སྒྲ་དོན་ནི།
སེམས་ལ་བརྟེན་ནས་སྐད་ཅིག་རེ་རེ་ཞིང་འཕྲལ་འཕྲལ་དུ་བྱུང་བས་ན་སེམས་བྱུང་ངོ་།།
བདུན་པ། གཞུང་དོན་ནི་སྡེ་ཚན་ལྔ་ལས་དང་པོ་སེམས་ཀྱི་ས་མང་ནི།
ཚོར་བ་ནི་བཤད་ཟིན་ལ། སེམས་པ་ནི་སེམས་ཡུལ་ལ་གཡོ་ཞིང་མངོན་པར་འདུ་བྱེད་པ་སྟེ། དབྱེ་ན་སེམས་པའི་ཚོགས་དྲུག་གོ །འདུ་ཤེས་པ་ནི་བཤད་ཟིན་ཅིང༌། འདུན་པ་ནི་བྱེད་འདོད་པ་སྟེ་རང་ཡུལ་དོན་དུ་གཉེར་བ་དང༌། རེག་པ་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས་བྱུང་ཞིང་ཡུལ་སྡུག་མི་སྡུག་བར་མ་གསུམ་ཅི་རིགས་པར་གཅོད་པ་དང༌། དབྱེ་ན་རེག་པའི་ཚོགས་བཅུ་དྲུག་ཏུ་འཆད་པར་འགྱུར་རོ། །བློ་གྲོས་ནི་ཤེས་རབ་སྟེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། དབྱེ་ན་སྐྱེས༌ཐོབ་ལ་སོགས་པ་བཞིའོ། །དྲན་པ་ནི་རང་གི་དམིགས་པ་མ་བརྗེད་པར་འཛིན་པའམ། རྒྱལ་སྲས་ཀྱིས་ཡིད་ཀྱི་དམིགས་པ་མི་བརྗེད་པ་ཞེས་བཤད་དོ། །ཡིད་ལ་བྱེད་པ་ནི་དམིགས་པ་ལ་སེམས་འཇུག་ཅིང་གཏོད་པ་དང༌། མོས་པ་ནི་དམིགས་པ་ལ་ཡོན་ཏན་དུ་འཛིན་པའམ་འདོད་པ་དང༌། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་ཏུ་འཇུག་པར་བྱེད་པ་སྟེ་དེ་དག་ནིསེམས་ཐམས་ཅད་ལ་འབྱུང་བའོ། །དེ་སེམས་ཐམས་ཅད་ལ་ཡོད་ཀྱང་བསམ་གཏན་ལ་འཆད་པ་ནི་སྟོབས་དང་ལྡན་པའི་ཏིང་ངེ་འཛིན་སྒྲུབ་པའི་ཕྱིར་རོ། །འདི་དག་སེམས་ཀྱི་སྐད་ཅིག་ཐམས་ཅད་ལ་འབྱུང་ན་ངོས་གཟུང་བར་བྱའོ་ཞེ་ན། རྟོགས་སླ་བའི་གཟུགས་ཅན་ཡང་སྨན་མང་པོ་ལྷན་ཅིག་བཏགས་པའི་རོ་སོ་སོར་ངོས་མི་ཟིན་ན་འདི་དག་གཟུགས་ཅན་མ་ཡིན་པའི་ཕྱིར་དང༌། ཕྲ་བས་རྒྱུན་ལ་ཡང་རྟོགས་དཀའ་ན་སྐད་ཅིག་ལ་ཚུ་རོལ་མཐོང་བ་དག་གིས་ལྟ་ཅི་སྨོས། འོན་ཀྱང་ཡིད་ཆེས་པ་དག་གིས་བསྟན་པས་ཐེ་ཚོམ་མི་བྱའོ་ཞེས་སོ།།
གཉིས་པ་དགེ་བའི་ས་མང་ནི། དགེ་བའི་ས་མང་པོ་པའི་དད་པ་ནི་ནོར་བུ་ཆུ་དྭང་བྱེད་ལྟར་སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྙོག་པ་དྭང་བར་བྱེད་པ་དང་། ཁ་ཅིག་ནི་བདེན་པ་དང་དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་པའོ་ཞེས་ཟེར་རོ། །དབྱེ་ན་དྭང་བ་དང་ཡིད་ཆེས་པ་དང་འདོད་པའི་དད་པའོ། །བག་ཡོད་པ་ནི་དགེ་བའི་ཆོས་བསྒོམ་ཞིང་གཅེས་སྤྲས་སུ་བྱེད་པ་དང་། གཞན་དག་གཡང་ཁའི་མི་ལྟར་ཟག་པ་དང་ཟག་པའི་གནས་ལས་སེམས་སྲུང་བ་ལ་འདོད་དོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བར་བྱེད་པའོ། །ལུས་ཤིན་ཏུ་སྦྱངས་པ་ཇི་ལྟར་ཞེ་ན། དེ་ནི་དབང་ཤེས་འཁོར་དུ་སྐྱེས་པ་སྟེ་དེ་ཡང་སེམས་ལས་སུ་རུང་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་དང་ཡིད་ཤེས་འཁོར་དུ་སྐྱེས་པ་སྟེ་གཉིས་སུ་དབྱེར་རུང་ངོ༌། །འོ་ན་མདོ་ལས། ལུས་ཤིན་ཏུ་སྦྱངས་པ་གང་ཡིན་པ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་པ་དེ་ཡང་མངོན་པར་ཤེས་པ་དང་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པར་འགྱུར་པ་ཡིན་ལ་ཞེས་གསུངས་ཏེ། དབང་ཤེས་ནི་མཉམ་པར་མ་བཞག་པ་ཡིན་པས་དེ་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་མི་རུང་ངོ་ཞེ་ན། མདོ་དེར་ནི་ལུས་ཉམ་ང་བ་མེད་དེ་ལས་སུ་རུང་བ་ཉིད་ལ་དགོངས་པ་སྟེ། དེས་ནི་སེམས་ལས་སུ་རུང་བ་བྱང་ཆུབ་ཀྱི་ཡན་ལག་འདྲེན་པས་བྱང་ཆུབ་ཀྱི་ཡན་ལག་དང་མཐུན་པའི་ཕྱིར་རོ་ཞེས་སོ། །ཊཱི་ཀ་མཁན་པོ་གཉིས་ཀྱིས་ནི་འབྱུང་བའི་ཁྱད་པར་དགའ་བས་དྲངས་པ་ལ་ལུས་ཤིན་ཏུ་སྦྱངས་པར་བཤད་དོ། །བཏང་སྙོམས་ནི་བྱིང་རྒོད་ཀྱི་དབང་དུ་མ་སོང་བར་སེམས་ལྷུན་གྱིས་གྲུབ་པར་མཉམ་པར་འདུག་པར་བྱེད་པ་ལ་རྒྱལ་སྲས་འཆད་དོ། །གསུང་རབ་ལས་འདུ་བྱེད་དང༌། ཚོར་བ་དང༌། ཚད་མེད་བཏང་སྙོམས་དང་གསུམ་གསུངས་པ་ལས། འདི་ནི་སྔ་མ་སྟེ་ཕྱི་མ་གཉིས་ནི་དགེ་བའི་ས་མང་པོ་པ་མ་ཡིན་པའི་ཕྱིར་རོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ནི་འཆད་པར་འགྱུར་རོ། །རྩ་བ་གཉིས་ནི་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པའི་དགེ་རྩ་སྟེ། རིམ་པ་བཞིན་རང་གི་ཡུལ་ལ་རང་སྟོབས་ཀྱིས་ཆགས་པ་མེད་པ་དང་སྡང་བ་མེད་པའི་རྣམ་པར་ཞུགས་པའི་སེམས་བྱུང་ངོ༌། །གཏི་མུག་མེད་པའི་དགེ་རྩ་ནི་ཤེས་རབ་དགེ་བར་སྐྱེས་པ་ལ་བཏགས་པ་ཡིན་པས་འདིར་མ་བརྗོད་དོ། །རྣམ་པར་མི་འཚེ་བ་ནི་སྙིང་བརྩེ་བའམ། ཐོ་མི་འཚམས་པའི་རྣམ་པར་ཞུགས་པའོ། །བརྩོན་འགྲུས་ནི་དགེ་བ་ལ་སེམས་སྤྲོ་བར་བྱེད་པ་ཡིན་ལ། མི་དགེ་བ་ལ་སེམས་སྤྲོ་བར་བྱེད་པ་ནི་ལེ་ལོ་སྟེ། བཅོམ་ལྡན་འདས་ཀྱིས་འདི་ལས་ཕྱི་རོལ་པ་རྣམས་ཀྱི་བརྩོན་འགྲུས་གང་ཡིན་པ་དེ་ནི་ལེ་ལོ་ཁོ་ན་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་དག་ནི་རྟག་ཏུ་དགེ་བའི་སེམས་ཐམས་ཅད་ལས་འབྱུང་བས་དགེ་བའི་ས་མང་པོ་བའོ། །སྡེ་ཚན་དེ་གཉིས་ལ་ཆོས་སྤྱི་སྐད་དང་མཐུན་པའི་དབྱེ་བ་གཞན་དག་ཀྱང་འཆད་མོད་འདིའི་འགྲེལ་ཊཱིཀ་དག་ལས་མ་བྱུང་བས་ཁོ་བོས་ཀྱང་བཏང་སྙོམས་སུ་བྱས་སོ།།
གསུམ་པ་ཉོན་མོངས་པའི་ས་པ་ནི།
ཉོན་མོངས་པའི་ས་མང་པོ་པའི་རྨོངས་པ་ནི་མ་རིག་པའི་མིང་གི་རྣམ་གྲངས་ཡིན་ལ་དེ་ནི་མི་ཤེས་པའམ་མི་གསལ་བ་སྟེ། རིག་པའི་མི་མཐུན་ཕྱོགས་ཆོས་གཞན་ཞེས་པར་གསལ་བར་འཆད་དོ། །བག་མེད་པ་ནི་དགེ་བའི་ཆོས་བསྒོམ་ཞིང་གཅེས་སྤྲས་སུ་མི་བྱེད་ཅིང་བག་ཡོད་ཀྱི་མི་མཐུན་ཕྱོགས་དང༌། ལེ་ལོ་ནི་དགེ་བ་ལ་སེམས་མི་སྤྲོ་བར་བྱེད་ཅིང་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དང༌། མ་དད་པ་ནི་སེམས་མ་དད་པར་བྱེད་ཅིང་དད་པའི་མི་མཐུན་ཕྱོགས་དང༌། ཡང་ན་བདེན་པ་དང་དཀོན་མཆོག་དང་ལས་འབྲས་ལ་ཡིད་མི་ཆེས་པའི་རྣམ་པ་ཅན་ཞེས་གང་སྤེལ་འཆད་དོ། །རྨུགས་པ་ནི་སེམས་ལས་སུ་མི་རུང་བར་བློང་བློང་པོར་བྱེད་པ་དང༌། དེ་ཉིད་ལུས་དང་སེམས་ལས་སུ་མི་རུང་བ་གཉིས་སུ་དབྱེར་རུང་སྟེ། ཆོས་མངོན་པ་ལས་ལུས་ཀྱི་རྨུགས་པ་དང་སེམས་ཀྱི་རྨུགས་པ་ཞེས་གསུངས་པའི་ཕྱིར་རོ། །གང་སྤེལ་གྱིས། གཡེལ་བ་དང་མི་དགའ་བས་བསྐྱེད་པའི་སེམས་ལྕི་བར་བྱེད་པ་ལ་རྨུགས་པར་བཤད་དོ། །རྒོད་པ་ནི་སེམས་འཕྲོ་ཞིང་རྣམ་པར་མ་ཞི་བར་བྱེད་པ་སྟེ། འདི་དག་ནི་ཉོན་མོངས་ཅན་གྱིས་སེམས་ཐམས་ཅད་ལ་གོ་སྐབས་མང་པོ་ནས་རྟག་ཏུ་འབྱུང་བས་ན་ཉོན་མོངས་པའི་ས་མང་པོ་བའོ། །མངོན་པའི་བསྟན་བཅོས་ལས། རྨུགས་པ་ལས་གཞན་ལྔ་དང༌། བརྗེད་ངས་དང༌། རྣམ་གཡེངས་དང༌། ཤེས་བཞིན་མ་ཡིན་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་བྱེད་དང༌། ལོག་པར་མོས་པ་སྟེ་བཅུ་བཤད་པ་ལས་འདིར་ལྔ་མི་སྨོས་པ་ནི་དྲན་པ་ལ་སོགས་པ་ལ་བཏགས་པ་ཡིན་པའི་ཕྱིར་རོ། །དེར་རྨུགས་པ་མི་སྨོས་པ་ནི་བྱེ་བྲག་སྨྲ་བ་ན་རེ། དེ་ནི་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་ཏེ་རྨུགས་པ་སྤྱོད་པ་ན་ཏིང་ངེ་འཛིན་མྱུར་དུ་སྐྱེ་ལ། རྒོད་པ་སྤྱོད་པ་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་ནི་དེ་གཉིས་ལྷན་ཅིག་སྤྱོད་པ་འདོར་མི་སྲིད་པས་དེར་སྨོས་པར་རིགས་ཏེ། དེའི་ཕྱིར་ཉོན་མོངས་པའི་ས་པ་ནི་དྲུག་གོ་ཞེས་བཞེད་དོ།།
བཞི་པ་ནི།
མི་དགེ་བའི་སེམས་ཐམས་ཅད་ལ་ནི་ཁྲེལ་མེད་དང་ངོ་ཚ་མེད་པའོ་འདི་དག་དེ་ལ་གོ་སྐབས་མང་པོ་ནས་འབྱུང་བས་མི་དགེ་བའི་ས་མང་པོ་པ་སྟེ་ངོ་བོ་འོག་ནས་འཆད་ལ། སྡེ་ཚན་དེ་གཉིས་ལ་ཉོན་མོངས་པ་དང་མི་དགེ་བའི་ས་པ་ཆེན་པོ་པའི་ཐ་སྙད་མཛད་དོ།།
ལྔ་པ་ཉོན་མོངས་ཆུང་ངུའི་ས་པ་ནི།
ཁྲོ་བ་ནི་གནོད་སེམས་དང་རྣམ་འཚེ་མ་ཡིན་པའི་སེམས་བྱུང་གང་ཞིག་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཅི་རིགས་པ་ལ་ཀུན་ནས་མནར་སེམས་པ་དང༌། ཁོན་དུ་འཛིན་པ་ནི་ཡུལ་དེ་ཉིད་ལ་ཁྲོས་པའི་རྗེས་སུ་ཀུན་ནས་མནར་སེམས་པ་ལན་མང་དུ་བྱེད་པ་དང༌། གཡོ་ནི་སེམས་གྱ་གྱུ་བར་བྱེད་པ་སྟེ། དཔེར་ན་གཞན་གྱིས་བསྐུལ་བ་ན་ཇི་ལྟ་བ་བཞིན་མི་འཚགས་པར་གཏམ་རླུང་ལ་བསྐུར་བའམ། མི་གསལ་བར་བྱེད་པ་དང༌། ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པར་བྱེད་པ་དང༌། ཚིག་པ་ནི་སྡིག་པ་ལ་དམ་དུ་འཛིན་པ་དང༌། འཆབ་པ་ནི་ཁ་ན་མ་ཐོ་བ་མཁྱུད་ཅིང་སྦེད་པ་དང༌། སེར་སྣ་ནི་ཆོས་དང་ཟང་ཟིང་དང་མཁས་པའི་རྒྱུ་རིག་པ་རྣམས་རབ་ཏུ་སྦྱིན་པ་དང་འགལ་ཞིང་དེ་དག་མི་གཏོང་བའི་རྣམ་པར་ཞུགས་པ་དང༌། སྒྱུ་ནི་རང་ལ་ཡོན་ཏན་མེད་བཞིན་དུ་ཡོད་པར་བསྟན་ནས་གཞན་འདྲིད་པ་དང་། རྒྱགས་པ་ནི་འོག་ནས་འཆད་དོ། །རྣམ་འཚེ་ནི་སེམས་ཅན་ལ་རྡེག་པ་ལ་སོགས་པ་ཐོ་འཚམས་པར་བྱེད་པ་ཡིན་ནོ། །དེ་དག་ནི་ཉོན་མོངས་ཆུང་ངུའི་ས་པ་རྣམས་ཏེ། རྣམ་པར་རགས་པས་ཆགས་སོགས་དང་འགལ་བའི་ཕྱིར་མ་རིག་པ་དང༌། བདེན་པ་ལ་དངོས་སམ་བརྒྱུད་ནས་ལོག་པར་མི་འཇུག་པའི་ཉོན་མོངས་པ་ཡིན་པས་སྒོམ་སྤངས་དང་ངེས་པར་རྟོག་པའི་རྟོག་པ་དང་བཅས་པས་ཡིད་ཤེས་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འཆད་པ་པོ་དག་མཚུངས་ལྡན་གྲོགས་དང་སྤང་བྱ་རིས་དང་འབྱུང་ས་རྟེན་གྱི་ཆུང་བ་ཞེས་ཐ་སྙད་མཛད་དོ།།
གཉིས་པ་མ་ངེས་པ་དང་བཅས་པའི་མཚུངས་ལྡན་ལ་མ་ངེས་པ་བརྒྱད་ནི།
སློབ་དཔོན་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང༌། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང༌། །ཡིད་དང་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་པ་རྒྱལ་སྲས་ཀྱི་ཊཱི་ཀར་དྲངས་ཏེ། དེ་ལ་ཡིད་ཅེས་པ་ནི་ཡིད་ལ་མ་ན་ཞེས་པ་ཐུང་བ་དང༌། ང་རྒྱལ་ལ་མཱ་ན་ཞེས་རིང་བར་ཡོད་པ་ལོ་ཙཱ་བས་སྒྲ་ནོར་བ་སྟེ་དོན་ང་རྒྱལ་ཡིན་ཅེས་མཁས་པ་དག་གསུངས་པས་དེ་ལྟར་གཟུང་ངོ༌། །དེ་དག་ནི་སྡེ་ཚན་ལྔར་མ་ངེས་པ་སྟེ། གཞན་ནི་སླ་ཞིང་ཉོན་མོངས་ཆུང་ངུའི་གསུམ་ལས་རྟོག་དཔྱོད་ལ་གསུམ་ཅར་དང༌། གཉིད་ལ་དང་པོ་གཉིས་དང༌། ཆགས་སྡང་ལ་ཐ་མ་གཉིས་དང༌། ང་རྒྱལ་དང་ཐེ་ཚོམ་ལ་བར་པ་མེད་པའི་ཕྱིར་ཏེ་དེ་དག་ཀྱང་སླ་ཞིང་འགྱོད་པ་ལ་དགེ་བ་ཡོད་པས་དང་པོ་མེད་དོ། །རྒྱལ་སྲས་ཀྱིས་ནི་མི་དགའ་བ་དང་གླལ་བྱེད་པ་ལ་སོགས་པ་སྟེ་ཉོན་མོངས་རྣམས་ཀྱང་མ་ངེས་པ་ཡིན་ལ། ལྟ་བ་ཡང་ཅིའི་ཕྱིར་མ་ངེས་པར་མི་འདོད། དེའི་ཕྱིར་མ་ངེས་པ་བརྒྱད་དུ་བཤད་པ་ནི་གྱི་ན་ཞིག་བཤད་པ་ཡིན་པར་བལྟའོ་ཞེས་གསུངས་ལ། གང་སྤེལ་ནི་སྔ་མ་ལྟར་རོ།།
ད་ནི་དེ་དག་དང་བཅས་ནས་ས་གང་གི་སེམས་ལ་འཁོར་དུ་སེམས་བྱུང་དུ་འབྱུང་བ་འཆད་དོ། །དེ་ལ་འདོད་པའི་མཚུངས་ལྡན་ནི་འདོད་པའི་དགེ་བའི་སེམས་ཐམས་ཅད་ལ། སེམས་དང་དགེ་བ་ཡིན་པས་སྡེ་ཚན་དང་པོ་གཉིས་དང་འདོད་སེམས་ཡིན་པས་རྟོག་དཔྱོད་དང་བཅས་པའི་ཕྱིར་སེམས་ལས་བྱུང་བ་ཉི་ཤུ་གཉིས་སོ། །གནས་སྐབས་ལ་ལ་དག་ཏུ་དགེ་བའི་སེམས་ལ་འཁོར་འགྱོད་པ་ཡོད་པ་དེར་ནི་དེ་ཉིད་བསྣན་ཏེ་ཉི་ཤུ་རྩ་གསུམ་མོ། །ངོ་བོ་ནི་ངན་བྱས་སུ་སྣང་བ་ལ་འགྱོད་པ་ཡིན་ལ། དེ་ལ་དམིགས་པའི་ཆོས་བློ་ལ་བཅགས་པ་སྟེ་མི་སྡུག་པ་ལ་དམིགས་པའི་མ་ཆགས་པ་ལས་མི་སྡུག་པ་ཞེས་བྱ་བ་བཞིན་ནོ། །དེ་ཡང་དགེ་བ་མ་བྱས་པ་དང་མི་དགེ་བ་བྱས་པ་ལ་འགྱོད་པ་ནི་དགེ་བ་དང་། དེ་ལས་བཟློག་པ་ནི་མི་དགེ་བ་སྟེ། ཡིད་མི་བདེ་བ་དང༌། ངེས་པར་མཚུངས་ལྡན་དུ་སྐྱེ་བས་ལུང་མ་བསྟན་ནི་མེད་པར་ཁ་ཆེ་བ་འདོད་ལ། ཉི་འོག་པ་ནི་དེ་ཡོད་པར་འདོད་དེ། དཔེར་ན་ངས་མ་ཞུ་བར་ཅིའི་ཕྱིར་ཟས་ཟོས་ཞེས་པའམ། རྩིག་པ་དེ་ལ་ཅི་སྟེ་རི་མོ་མ་བྲིས་སྙམ་པ་ལྟ་བུའོ། །འོ་ན་དགེ་མི་དགེ་མ་བྱས་པ་ལ་འགྱོད་པ་ནི་འགྱོད་པ་མ་ཡིན་པར་འགྱུར་ཏེ། ངན་བྱས་སུ་སྣང་བ་ལ་དམིགས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་བྱས་པ་དེ་ཉིད་བློ་དེའི་ཡུལ་ན་ངན་བྱས་སུ་སྣང་སྟེ་གཞན་ཞིག་ལ་འཕྲིན་བཅོལ་བ་མ་བྱས་ན་བདག་གིས་ནི་མ་ལེགས་པ་བྱས་སོ་ཞེས་བྱ་བ་བཞིན་ནོ། །དེའི་ཕྱིར་རྟགས་མ་གྲུབ་ཅེས་ལན་འདེབས་པར་སྣང་ངོ་། །དེ་བཞིན་དུ་དགེ་བ་བྱས་པ་ལ་ཡང་ཐལ་བར་འགྱུར་བ་མ་ཡིན་ཏེ་སྔ་མ་བཞིན་ནོ། །མི་དགེ་བའི་སེམས་མ་རིག་པ་ཙམ་དང་མཚུངས་པར་ལྡན་གྱི་ཆགས་སོགས་དང་མཚུངས་པར་མི་ལྡན་པ་ནི་མི་དགེ་བའི་སེམས་མ་འདྲེས་པ་སྟེ་དེ་ལ་སྡེ་ཚན་དང་པོ་དང་གསུམ་པ་དང་བཞི་པ་དང་རྟོག་དཔྱོད་ཉི་ཤུ་འབྱུང་ལ། འདྲེས་ཀྱང་ལྟ་བ་ཕྱི་མ་གསུམ་དང་ལྡན་པ་མི་དགེ་བའི་སེམས་ལའང་ཉི་ཤུ་འབྱུང་སྟེ་དེ་དག་གོ །ལྟ་བ་ཁོ་ཉིད་དང་རྩ་གཅིག་ཏུ་མི་འགྱུར་ཏེ། ཤེས་རབ་ཉོན་མོངས་ཅན་ལ་བཏགས་པ་ཡིན་པས་སེམས་ཀྱི་ས་མང་པོ་པར་བགྲངས་པའི་ཕྱིར་རོ། །རྩ་བའི་ཉོན་མོངས་ལྷག་མ་བཞི་དང་ཁྲོ་བ་ལ་སོགས་པ་བཅུ་དང་འགྱོད་པ་མི་དགེ་བ་དང་ལྡན་པའི་སེམས་ལ་ནི་སྔར་ཉི་ཤུ་དང་རང་རང་སྟེ་ཉི་ཤུ་རྩ་གཅིག་རྩ་གཅིག་འབྱུང་ངོ༌། །འཇིག་ཚོགས་མཐར་འཛིན་དང་ལྡན་པའི་བསྒྲིབས་པའི་སེམས་ལ་སྡེ་ཚན་དང་པོ་དང༌། གསུམ་པ་དང༌། རྟོག་དཔྱོད་དེ་བཅོ་བརྒྱད་འབྱུང་ལ་བསྒྲིབས་ལ་ལུང་མ་བསྟན་ལས་གཞན་མ་བསྒྲིབས་པའི་སེམས་ལ་སྡེ་ཚན་དང་པོ་དང་རྟོག་དཔྱོད་དེ་བཅུ་གཉིས་དག་ཏུ་འདོད་དོ། །ཉི་འོག་པ་འགྱོད་པ་མ་བསྒྲིབས་ལུང་མ་བསྟན་ཡང་ཁས་ལེན་པས་དེ་དང་ལྡན་པ་ལ་བཅུ་གསུམ་མོ། །གཉིད་ནི་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཀུན་ལའང་མི་འགལ་བའི་ཕྱིར་གང་ལ་འཁོར་དུ་དེ་ཡོད་པ་དེ་ལ་དེས་བསྣན་ནོ། །དེ་སྐད་དུའང་བསྟན་བཅོས་ལས། གཉིད་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གང་ཡིན་པར་བརྗོད་པར་བྱ། དགེ་བ་ཡིན་པར་ཡང་བརྗོད་པར་བྱའོ། །མི་དགེ་བ་ཡིན་པར་ཡང་བརྗོད་པར་བྱའོ། །ལུང་མ་བསྟན་ཡིན་པར་ཡང་བརྗོད་པར་བྱའོ་ཞེས་སོ། །ངོ་བོ་ནི་ལུས་ཡང་དག་པར་འཛིན་མི་ནུས་པར་སེམས་མངོན་པར་སྡུད་པའོ།།
དེའི་ཕྱིར། གཉིད་དང་བཅས་པའི་དགེ་སེམས་ལ། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་འབྱུང་བ་ཉི་ཤུ་གསུམ། །ལ་ལ་དག་ཏུ་འགྱོད་པ་བསྣན། །གཉིད་བཅས་མི་དགེ་མ་འདྲེས་དང༌། །ལྟ་དང་ལྡན་ལའང་ཉི་ཤུ་གཅིག །ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཉིས། །བསྒྲིབས་ལ་བཅུ་དགུ་ལུང་མ་བསྟན། །གཞན་ལ་བཅུ་གསུམ་དག་ཏུ་འདོད། །ཅེས་སྦྱར་རོ། །ས་གོང་མའི་མཚུངས་ལྡན་ནི་འདོད་པ་ལ་སྦྱར་བའི་མཚུངས་ལྡན་དེ་ལས་འགྱོད་པ་ནི་ཡིད་མི་བདེ་དང་ངེས་པར་མཚུངས་པ་ལྡན་པས་དེ་མེད་པའི་ཕྱིེར་དང་གཉིད་མི་དགེ་བ་དང་མི་དགེ་བ་ཡིན་པའི་སེམས་བྱུང་གཞན་རྣམས་ནི་དེ་དག་མ་སྤངས་ན་འདོད་པ་ལས་འདའ་མི་སྲིད་པས་བསམ་གཏན་དང་པོ་དག་ན་སེམས་ཀྱི་འཁོར་དུ་འབྱུང་བ་མེད་དོ།།
གཉིད་དགེ་བ་དང་ལུང་མ་བསྟན་ཡོད་ཀྱང་ས་དེ་ན་མེད་དེ། གང་སྤེལ་གྱིས་དེ་ནི་སེམས་སྡུད་པའི་མཚན་ཉིད་ཅན་ཡིན་ན་དེ་དག་སེམས་བསྡུས་པ་ན་ཏིང་ངེ་འཛིན་དུ་འགྱུར་བའི་ཕྱིར་རོ། །ཞེས་བཤད་དོ། །དེས་ན་འགྱོད་གཉིད་ཁོང་ཁྲོ་མ་གཏོགས་པ་ལྔ་དང༌། ཉོན་མོངས་ས་མང་པོ་པ་དང་གཡོ་སྒྱུ་རྒྱགས་པ་གསུམ་ལ་བསྒྲིབས་ལ་ལུང་མ་བསྟན་ཡིན་པའི་ཆ་ཡོད་པས་བསྒྲིབས་པའི་སེམས་ལ་མ་འདྲེས་པ་དང་འདྲེས་པ་གཉིས་སུ་བྱ་སྟེ། བསམ་གཏན་དང་པོའི་དགེ་སེམས་ལ། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །བསྒྲིབས་པའི་སེམས་ནི་མ་འདྲེས་དང༌། །ལྟ་དང་ལྡན་ལའང་བཅོ་བརྒྱད་འབྱུང༌། །ཉོན་མོངས་གསུམ་དང་གཡོ་སོགས་དང༌། །མཚུངས་ལྡན་བཅུ་དགུ་ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། །ཅེས་སྦྱར་རོ། །གཞན་ཡང་དེ་ལས་རྟོག་པའང་བསམ་གཏན་ཁྱད་པར་གྱི་སེམས་ཀྱི་འཁོར་དུ་འབྱུང་བ་མེད་དེ་སྤངས་ནས་ས་དེས་བསྡུས་པ་མེད་པའི་ཕྱིར་རོ། །འང་གི་སྒོ་ནས་ནི་འགྱོད་གཉིད་མི་དགེ་བ་རྣམས་མེད་པར་མ་ཟད་ཅེས་པའི་དོན་ཏོ། །གཞན་མཚུངས་ལྡན་རྣམས་ནི་སྔ་མ་ལྟར་རོ། །ཁྱད་པར་ཅན་དེའི་གོང་ས་གཉིས་པ་ཡན་ཆད་ཀྱི་སེམས་ཀྱི་འཁོར་དུ་དཔྱོད་པ་ཡང་མེད་དེ་སྔ་མ་བཞིན་ནོ། །ཡང་ཞེས་པས་གཡོ་སྒྱུ་གཉིས་ཀྱང་མེད་པར་སྟོན་ཏེ། གང་ན་གཙོ་འཁོར་དང་བཅས་པའི་ས་དེར་ནི་གཙོ་བོས་བསྡུ་བའི་ཕྱིར་གཡོ་དང་སྒྱུ་འབྱུང་དུ་རུང་བ་ཞིག་ན་གཉིས་པ་ཡན་ཆད་དེ་ལྟར་སྡུད་པ་མེད་པའི་ཕྱིར་རོ། །ཡང་ན་སྒྱུ་མེད་པ་ནི་དེས་བསྟན་ལ་གཡོ་ནི་སྒྱུ་སྔོན་དུ་འགྲོ་ཅན་ཡིན་པས་དེ་མེད་པའི་ཕྱིར་མེད་དོ། །དེ་དག་ལས་གཞན་པའི་མཚུངས་ལྡན་ནི་སྔ་མ་བཞིན་ནོ། །དེ་མན་ཆད་ནི་གཙོ་འཁོར་དང་བཅས་ཏེ། གསུང་རབ་ལས། རྒྱལ་རིགས་ཀྱི་འཁོར་དང༌། བྲམ་ཟེ་དང༌། ཁྱིམ་བདག་དང༌། དགེ་སྦྱོང་གི་འཁོར་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་འཁོར་དང༌། སུམ་ཅུ་རྩ་གསུམ་དང༌། བདུད་དང༌། ཚངས་པའི་འཁོར་རོ་ཞེས་སོ། །འདྲ་བ་ལྟ་བུའི་ཐ་དད་པ་ནི། འཇིག་རྟེན་ན་ངོ་ཚ་མེད་པ་དང་ཁྲེལ་མེད་ཅེས་གཅིག་པར་གླེང་ན་གཅིག་གམ་ཐ་དད་ཅེ་ན། བྱམས་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་དེ་དང་ལྡན་པའི་གང་ཟག་ལ་མ་གུས་པ་ནི་ངོ་ཚ་མེད་པ་སྟེ། གང་ལུས་ངག་གིས་བཀུར་སྟི་མི་བྱེད་ཅིང་ཡིད་ཀྱིས་འཇིགས་ཤིང་བག་ཚ་བས་དབང་བསྒྱུར་བ་མེད་པའོ། །ཁྲེལ་མེད་ནི་ཁ་ན་མ་ཐོ་བ་དམ་པ་རྣམས་ཀྱིས་སྨད་པར་འོས་པའི་མི་དགེ་བ་ལ་འཇིགས་ཏེ་མི་འདོད་པའི་འབྲས་བུ་ཅན་དུ་མི་ལྟ་བའོ། །དེའི་ཕྱིར་ཐ་དད་དོ། །སྡེ་པ་གཞན་དག་ནི་བདག་ལ་ལྟོས་ནས་ཉེས་པ་ལ་མི་འཛེམ་པ་དང༌། གཞན་ལ་ལྟོས་ནས་མི་འཛེམ་པའོ་ཞེས་ཏེ། དེའི་དོན་བདག་ཉིད་ཉེས་པ་ལ་འཇུག་པ་རང་གིས་མི་རིགས་པར་མཐོང་ཡང་ཉེས་པ་ལ་མི་འཛེམ་པ་ནི་ངོ་ཚ་མེད་པ་དང༌། གཞན་དག་གིས་སྨད་པར་མཐོང་ཡང་ཉེས་པ་ལ་མི་འཛེམ་པ་ནི་ཁྲེལ་མེད་དོ་ཞེས་བཤད་དོ། །བཟློག་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་དོ། །ཡང་དགའ་ཞིང་གུས་པ་ཞེས་གཅིག་པར་གླེང་ན་གཅིག་གམ་ཐ་དད་ཅེ་ན། དགའ་བ་དེ་ནི་གུས་པ་དང་འདྲ་བའི་དགའ་བ་ཡིན་པའི་ཕྱིར་དང་བ་ཡིན་པ་ལ། གུས་པ་དེ་ཉིད་ནི་ངོ་ཚ་ཤེས་པ་ཡིན་པས་ཐ་དད་དེ། སྤྱིར་ནི་དགའ་བ་ཉོན་མོངས་ཅན་དང༌། ཉོན་མོངས་མིན་པ་གཉིས་ཏེ། དང་པོ་ནི་སྲེད་པ་ལྟ་བུ་དང་ཆུང་མ་ལ་སོགས་པ་ལ་དགའ་བ་ལྟ་བུ་དང༌། གཉིས་པ་ནི་དད་པ་སྟེ་སྟོན་པ་དང༌། བླ་མ་དང༌། ཡོན་ཏན་ལ་དགའ་བ་ལྟ་བུའོ།།
འདི་ལ་འཕྲོས་ནས་ཆོས་ལ་དམིགས་པའི་དགའ་བ་དང་དད་པ་ལ་མུ་བཞི་དང༌། གང་ཟག་ལ་དམིགས་ནས་དགའ་བ་དང་གུས་པ་ལ་མུ་བཞི་སྟེ། འདི་ལྟར་དགའ་བ་ཡིན་ལ་དད་པ་མ་ཡིན་པ་དགའ་བ་ཉོན་མོངས་ཅན་དང༌། དད་པ་ཡིན་ལ་དགའ་བ་མ་ཡིན་པ་སྡུག་ཀུན་ལ་དམིགས་པའི་དད་པ་དང༌། གཉིས་ཀ་ཡིན་པ་འགོག་ལམ་ལ་དམིགས་པའི་དད་པ་ལྟ་བུ་སྟེ། བཞི་པ་ནི་དེ་དག་མ་གཏོགས་པའོ། །དེ་བཞིན་དུ། གང་ཟག་ལ་དམིགས་པའི་མུ་དང་པོ་ནི་བུ་དང་ཆུང་མ་ལ་སོགས་པ་ལ་དགའ་བ་དང༌། གཉིས་པ་ནི་བླ་མ་གཞན་ལ་གུས་པ་དང༌། གཉིས་ཀ་ཡིན་པ་རང་གི་བླ་མ་ལ་གུས་པ་དང༌། བཞི་པ་ནི་སྐྱེ་བོ་གཞན་ཡོན་ཏན་མེད་ཅིང་འབྲེལ་བ་མེད་པའོ། །ཁམས་ནི་དགའ་གུས་དེ་གཉིས་གང་ཟག་ལ་དམིགས་པ་ཡིན་པས་འདོད་པ་དང་གཟུགས་ཀྱི་ཁམས་དག་ཁོ་ན་ན་ཡོད་དོ། །སློབ་དཔོན་ནི་དད་པ་གཞན་ལ་ཡོན་ཏན་ཡོད་དོ་སྙམ་དུ་ཡོན་ཏན་ལ་ཡིད་ཆེས་པ་ཡིན་ལ་དེ་སྔོན་དུ་འགྲོ་བའི་དགའ་བ་ནི་སྐབས་འདིར་སྨོས་ཀྱི་དགའ་བ་ཡིན་པས་དད་པ་མ་ཡིན་ལ། གུས་པ་ནི་བཀུར་བ་ཡིན་ཞིང་དེ་སྔོན་དུ་འགྲོ་བའི་ཉེས་པ་འཛེམ་པ་ནི་ངོ་ཚ་ཤེས་པ་ཡིན་པས་གུས་པ་མ་ཡིན་པར་བཞེད་དོ། །ཡང་རྟོག་དཔྱོད་གཉིས་ལ་ཐ་དད་ཅི་ཡོད་ཅེ་ན། རྟོག་པ་དང་དཔྱོད་པ་ནི་སེམས་རྩིང་བ་དང༌། སེམས་ཞིབ་པར་བྱེད་པའོ། །དེ་གཉིས་སེམས་གཅིག་ལ་དུས་ཅིག་ཅར་མི་ལྡན་པར་འགྱུར་ཏེ་སེམས་གཅིག་ཉིད་རྩིང་བ་དང་ཞིབ་པར་འགལ་བའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དཔེར་ན་མར་སར་ཆུ་གྲང་མོར་བོར་ཏེ་ཉི་མའི་ཟེར་གྱིས་རེག་ན་ཧ་ཅང་མི་འཇུ་མི་འཁྱག་པ་བཞིན་ནོ། །འོན་ཀྱང་རྟོག་དཔྱོད་དང་ལྡན་པའི་ཧ་ཅང་ཞིབ་པ་དང་རྩིང་བར་མི་འགྱུར་རོ་ཞེས་སོ།།
མདོ་སྡེ་པ་ནི་མདོ་ལས། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་འབྱུང་བས་དོན་གྱི་ངོ་བོ་བརྗོད་པ་དང་ཁྱད་པར་བརྗོད་པའི་ངག་ཀུན་ནས་སློང་བ་ལ་རྟོག་པ་དང་དཔྱོད་པ་ཞེས་ཟེར་ཏེ། འདིས་ནི་དེ་ལ་བཏགས་པ་དང་དུས་ཅིག་ཅར་དུ་མི་འབྱུང་བར་ཡང་བསྟན་ཏོ། །སློབ་དཔོན་ནི་སེམས་ཙམ་པ་དང་མཐུན་ཏེ་འདི་ལྟར་སེམས་པའམ་ཤེས་རབ་ལ་བརྟེན་ནས་ཡིད་རྗོད་པ་ཀུན་ཏུ་ཚོལ་བར་བྱེད་པ་དང་སོ་སོར་ངེས་པར་བྱེད་པ་ནི་རྟོག་པ་དང་དཔྱོད་པ་སྟེ། དཔེར་ན་བུམ་པ་དེ་དག་ལས་གང་ནི་སྲ་སྙམ་པ་དང་འདི་ནི་སྲའོ་སྙམ་དུ་ངེས་པ་ལྟ་བུའོ་ཞེས་ཊཱི་ཀར་བཤད་དོ། །དེའི་ཕྱིར་སེམས་གཅིག་ལ་དུས་གཅིག་ཆར་མི་འབྱུང་ལ། མདོ་ལས་བསམ་གཏན་དང་པོ་ཡན་ལག་ལྔ་ལྡན་དུ་གསུངས་པ་ཡང་རྒྱུན་གྱི་དབང་དུ་མཛད་ནས་གསུངས་ཀྱི་སྐད་ཅིག་མའི་དབང་དུ་མཛད་པ་མ་ཡིན་པས་འགལ་བ་མེད་པར་བཞེད་དོ། །ང་རྒྱལ་དང་རྒྱགས་པ་ལ་ཐ་དད་ཅི་ཡོད་ཅེ་ན། ང་རྒྱལ་ནི་ཕ་རོལ་ལ་ཡང་དག་པའམ་ཡང་དག་པ་མིན་པའི་ཁྱད་པར་ཞིག་བརྟགས་ནས་བདག་ཕུན་སུམ་ཚོགས་སོ་སྙམ་དུ་སེམས་ཁེངས་པར་བྱེད་པའོ། །རྒྱགས་པ་ནི་རང་གི་ཆོས་གཟུགས་དང་དཔའ་བ་ལ་སོགས་པ་ལ་ཆགས་པ་ཡིས་སེམས་ཡོངས་སུ་གཏུགས་ཏེ་འགག་པར་བྱེད་པའོ།།
སློབ་དཔོན་འདུས་བཟང་ནི་ཡོངས་སུ་གཏུགས་པའི་དོན་ཕྱིར་ལོག་པ་ལ་འདོད་དེ། འདི་ལྟར་རང་གི་ཆོས་ཁོ་ན་ལ་ཆགས་ཏེ་སེམས་དགེ་བའི་བྱ་བ་ལས་ཕྱིར་ལོག་པར་བྱེད་པའོ་ཞེས་སོ། །གང་སྤེལ་རང་གི་ཆོས་ལ་ཆགས་པས་སེམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་གཏུགས་པར་བྱེད་པའི་དྲེགས་པ་སྐྱེ་བའོ་ཞེས་འཆད་དོ། །གཞན་དག་ན་རེ་ཆང་ལས་སྐྱེས་པའི་དགའ་བ་ལྟར་འདོད་ཆགས་ལས་སྐྱེས་པའི་ཡིད་བདེ་ཉོན་མོངས་ཅན་ནོ་ཞེས་ཏེ་དེ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་དང་འགལ་བར་ཁས་མི་ལེན་ཏོ། །ཐ་དད་པ་ལྟ་བུའི་འདྲ་བ་ནི། སེམས་དང་ཡིད་དང་རྣམ་ཤེས་ནི་དོན་གཅིག་སྟེ་མིང་གི་རྣམ་གྲངས་ཡིན་པའི་ཕྱིེར་རོ། །མིང་གསུམ་དུ་བསྟན་པའི་ངེས་ཚིག་ནི་ཐ་དད་དེ། བྱེ་བྲག་ཏུ་སྨྲ་བ་དགེ་མི་དགེ་འབྱེད་པས་ན་སེམས་དང་ཤེས་པས་ན་ཡིད་དང་དམིགས་པ་རྣམ་པར་ཤེས་པས་ན་རྣམ་ཤེས་སོ་ཞེས་དང༌། མདོ་སྡེ་པ་དང་སེམས་ཙམ་པ་ནི་དགེ་མི་དགེའི་བག་ཆགས་བསགས་པ་དང་རྟེན་གྱི་ཆ་དང་བརྟེན་པའི་ཆ་ནས་དང༌། ཡང་ན་གདུལ་བྱའི་ཕྱིར་ཁམས་དང་སྐྱེ་མཆེད་དང་ཕུང་པོ་སྟོན་པ་ན་སེམས་ཀྱི་ཁམས་བདུན་དང་ཡིད་ཀྱི་སྐྱེ་མཆེད་དང་རྣམ་ཤེས་ཀྱི་ཕུང་པོ་ཞེས་བསྟན་པའི་དོན་དུའོ་ཞེས་ཟེར་རོ། །གཞན་ཡང་སེམས་ཙམ་པས་བཤད་སྦྱར་དུ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཡུལ་ལ་སོ་སོར་རིག་པ་ནི། །རྣམ་པར་ཤེས་པ་ཡིན་པར་བརྗོད། །ཅེས་ངོ་བོ་ཐ་དད་དུ་བཤད་པའང་ཡོད་དོ། །དེ་ནི་སྔ་མ་ལྟར་གསུམ་པོ་དོན་གཅིག་པ་དེ་བཞིན་དུ་སེམས་དང་སེམས་བྱུང་ཞེས་པ་དང་རྟེན་དང་བཅས་པ་དང་དམིགས་པ་དང་བཅས་པ་དང་རྣམ་པ་དང་བཅས་པ་དང༌། མཚུངས་པར་ལྡན་པ་ཞེས་པའང་དོན་གཅིག་གོ །དེ་དག་རྟེན་དང་བཅས་པ་ལ་སོགས་པར་འཇོག་པ་ནི་རིམ་པ་བཞིན་དབང་པོ་ལ་བརྟེན་པ་དང་ཡུལ་འཛིན་པ་དང༌། རྣམ་པ་བྱེ་བྲག་ཀྱང་རེ་རེ་ནས་འཛིན་པ་དང༌། ཕན་ཚུན་མཉམ་པར་མི་འབྲལ་བར་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ནི་རྣམ་པ་ལྔ་སྟེ་རྟེན་དང༌། དམིགས་པ་དང༌། རྣམ་པ་དང༌། དུས་དང༌རྫས་མཚུངས་པ་སྟེ་སྔར་བཤད་ཟིན་ཏོ།།
གཉིས་པ། མི་ལྡན་པའི་འདུ་བྱེད་རྒྱས་པར་བཤད་པ་ནི་མཚུངས་ལྡན་རྣམས་བསྟན་ན་མི་ལྡན་པའི་འདུ་བྱེད་གང་དག་ཡིན་ཞེ་ན། དབྱེ་བས་མདོར་བསྟན་པ་དང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་དང༌། ཆོས་ཀྱི་ཁྱད་པར་ལྷག་མས་མཇུག་བསྡུ་བའོ། །དང་པོ་ནི།
མི་ལྡན་པའི་འདུ་བྱེད་རྣམས་ནི་ཐོབ་པ་དང་མ་ཐོབ་པ་དང་སྐལ་མཉམ་དང་འདུ་ཤེས་མེད་པ་བ་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་སྟེ་སྙོམས་འཇུག་དག་དང་སྲོག་གི་དབང་པོ་དང་མཚན་ཉིད་རྣམས་ཞེས་པ་མང་པོའི་ཚིག་སྟེ་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་དང་མིང་གི་ཚོགས་དང་སོགས་ཁོང་ནས་ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་སོ། །ཡང་གིས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཞེས་པ་དང༌། དེ་མ་ཐག་རྐྱེན་གྱི་འགྲེལ་བར་ཁ་ཅིག་ན་རེ། མ་འོངས་པའི་སེམས་ཅན་དག་ལ་རིམ་གྱིས་འབྱུང་བའི་རྟགས་མི་ལྡན་པའི་འདུ་བྱེད་ཡོད་ཅེས་ཟེར་ཏེ་དེ་ཁས་ལེན་ན་དེ་དང་དེ་ལྟ་བུ་བསྡུ་བའི་དོན་ཏོ། །དེ་དག་མཚན་གཞི། མཚན་ཉིད་ནི་བེམས་པོ་གང་ཞིག་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའོ། །སྒྲ་དོན་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པས་སོ།།
གཉིས་པ། རྒྱས་པར་བཤད་པ་ལ་དོན་བདུན་གྱི་དང་པོ་ཐོབ་པ་དང་མ་ཐོབ་པ་ལ་གསུམ་གྱི་དང་པོ་ངོ་བོ་ནི།
རྐང་པ་གཅིག་གིས་སྟོན་ཏེ། དེ་ལ་གསུམ་ལས་དབྱེ་བ་ནི་ཐོབ་པ་ལས་ཕྱེ་ན་གཉིས་ཏེ། རྙེད་པ་དང༌། ཐོབ་ནས་ལྡན་པའོ། །དེའི་ཕྱིར་འགྲེལ་པ་ལས། ཐོབ་པ་ནི་རྣམ་པ་གཉིས་ཏེ་མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་རྙེད་པ་དང༌། ཐོབ་ནས་ལྡན་པའོ་ཞེས་གསུངས་ལ། རྒྱལ་སྲས་ཀྱིས་ཀྱང་ཐོབ་པ་ཞེས་བྱ་བ་ནི་སྤྱིའི་མིང་ཡིན་ནོ། །རྙེད་པ་དང་ལྡན་ལ་ཞེས་བྱ་བ་ནི་ཁྱད་པར་གྱི་མིང་ཡིན་ནོ། །རྙེད་པ་དང་སོ་སོར་རྙེད་པ་ཞེས་བྱ་བ་ནི་དོན་གཅིག་གོ །ལྡན་པ་དང་ཀུན་ཏུ་ལྡན་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ་ཞེས་སོ། །དེ་ནི་འདི་ལྟར་ཟག་མེད་སྐད་ཅིག་དང་པོའི་ཚེ་ཐོབ་བྱའི་ཆོས་དེའི་ཐོབ་པ་དང་ཐོབ་པ་དེའི་ཐོབ་པ་འབྱུང་སྟེ་དེ་ནི་མ་ཐོབ་པ་ལས་རྙེད་པ་དང༌། སྐད་ཅིག་གཉིས་པ་སོགས་ལ་དེའི་རྒྱུན་དང༌། དང་པོའི་ཐོབ་པ་གསུམ་དང་ཐོབ་པའི་ཐོབ་པ་གསུམ་སྟེ་དྲུག་ལ་སོགས་པ་འབྱུང་བ་ནི་ཐོབ་ནས་ལྡན་པ་ཡིན་ལ། ཐོབ་བྱའི་ཆོས་ཀྱི་རྫས་སྔར་མ་ཐོབ་པ་རྙེད་ཀྱང༌། དེའི་རིགས་སྔར་རྙེད་པའི་ཕྱིར་མ་ཐོབ་པ་ལས་རྙེད་པར་མི་བགྲང་ངོ་། །འདོད་པའི་རྟེན་ཅན་ཞིག་གིས་བསམ་གཏན་གྱི་སེམས་ཐོབ་པའི་སྐད་ཅིག་དང་པོའི་ཚེ་ཐོབ་བྱའི་ཆོས་དེའི་ཐོབ་པ་དང་ཐོབ་པ་དེའི་ཐོབ་པ་འབྱུང་བ་ནི་ཉམས་པ་ལས་རྙེད་པ་དང༌། སྐད་ཅིག་གཉིས་པ་ཕན་ཆད་ཀྱི་ཚེ་ཡང་སྔ་མ་བཞིན་ཏེ་དེ་ཡང་ཐོབ་ནས་ལྡན་པའོ། །གཞན་ཡང་སོ་སོའི་སྐྱེ་བོ་རྣམས་ལ་ཐོག་མ་མེད་པ་ནས་སྲིད་རྩེའི་ཉོན་མོངས་ཡེ་ནས་ལྡན་ཏེ་དེ་མ་ཐོབ་ན་ལྡན་པར་མི་འཐད་པས་ཐོབ་ནས་ལྡན་པ་ཡིན་གྱི་རྙེད་པ་ནི་མ་ཡིན་ཏེ། མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་རྙེད་པ་གང་ཡང་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་ཉམས་ནས་སྲིད་རྩེའི་ཉོན་མོངས་ཀྱི་ཐོབ་པ་བྱུང་བ་ལ་ནི་རྣམ་པར་ཉམས་པ་ལས་རྙེད་པ་དང་ཐོབ་ནས་ལྡན་པ་གཉི་ག་ཡོད་དོ། །ཡང་ན་ཐ་མི་དད་པར་འདོད་ན་ཐོབ་པ་དང༌། རྙེད་པ་དང་ལྡན་པ་མིང་གི་རྣམ་གྲངས་ཏེ། དེའི་ཕྱིར། ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །ཞེས་གང་གསུངས་པ་ལྟར་སྡུག་བསྔལ་ལ་ཆོས་བཟོད་སྐད་ཅིག་དང་པོ་ལ་གནས་པའི་འཕགས་པ་ལ་སྡུག་བསྔལ་ཆོས་བཟོད་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །ཁོ་བོས་ནི་སྔ་མ་ཉིད་རིགས་པར་མཐོང་སྟེ། སྐད་ཅིག་དང་པོའི་ཚེ་ཐོབ་ནས་ལྡན་པ་མེད་ཀྱང་རྙེད་པ་ཡོད་པས་ཐོབ་བྱའི་ཆོས་དེ་ལྡན་པ་ཡིན་པའི་ཕྱིར། དབང་པོ་བཅུ་གསུམ་ལྡན་པ་ཡང་ལེགས་པར་བཤད་པ་ཡིན་ལ། ལྡན་པ་དང་ཐོབ་ནས་ལྡན་པ་ལ་ཡང་ཁྱད་པར་ཆེར་ཡོད་པས་གཞུང་ཟློས་པའི་སྐྱོན་ལས་ཀྱང་གྲོལ་བའི་ཕྱིར་རོ།།
མ་ཐོབ་པ་ནི་དེ་ལས་ཟློག་པ་ཁོ་ནས་འགྲུབ་པའི་ཕྱིར་མདོ་ལོགས་སུ་མ་མཛད་དོ། །འོན་ཀྱང་དོན་ནི་འདི་ཡིན་ཏེ་མ་ཐོབ་པ་སྤྱི་མིང་དང་དེ་ལས་ཕྱེ་བའི་མ་རྙེད་པ་དང་མི་ལྡན་པ་ནི་ཁྱད་པར་གྱི་མིང་སྟེ་དེ་ལ་སོ་སོར་མ་རྙེད་པ་དང་ཀུན་ཏུ་མི་ལྡན་པ་ཞེས་ཀྱང་ཐ་སྙད་མཛད་དོ། །དེ་དག་ཀྱང་རིམ་པ་ལྟར་མི་སློབ་པ་ཐོབ་པའི་སྐད་ཅིག་དང་པོའི་ཚེ་སྲིད་རྩེའི་ཉོན་མོངས་པའི་མ་ཐོབ་པ་སྐྱེས་པ་ནི་གཏན་མ་ཐོབ་པའི་མ་རྙེད་པ་དང༌། བསམ་གཏན་གྱི་སེམས་ལྟ་བུ་ལས་ཉམས་པའི་སྐད་ཅིག་དང་པོའི་ཚེ་སྐྱེས་པའི་མ་ཐོབ་པ་ནི་ཐོབ་བྱའི་ཆོས་རྣམ་པར་ཉམས་པའི་མ་རྙེད་པ་སྟེ་གཉི་ག་མ་རྙེད་པའམ་སོ་སོར་མ་རྙེད་པ་དང༌། དེ་གཉིས་སྐད་ཅིག་གཉིས་པ་ཕན་ཆད་ནི་མི་ལྡན་པའམ་ཀུན་ཏུ་མི་ལྡན་པ་ཡིན་ལ། སོ་སོའི་སྐྱེ་བོ་ལ་ཟག་མེད་ཀྱི་ལམ་ཡེ་ནས་མི་ལྡན་པའོ། །དེ་དག་མཚན་གཞི།
མཚན་ཉིད་ནི།
མི་ལྡན་པའི་འདུ་བྱེད་གང་ཞིག་རང་ཐོབ་པའི་ཆོས་ལྡན་བྱེད་ཅེས་པའམ། ཐོབ་པའི་འགལ་ཟླ་གང་ཞིག་རང་དགག་བྱ་ཐོབ་བྱའི་ཆོས་ལྡན་པའི་གེགས་སུ་གྱུར་པ་ཞེས་པའོ། །རྫས་སུ་ཡོད་པའི་སྒྲུབ་བྱེད་ནི་བདེ་བར་གཤེགས་པའི་སློབ་མར་ཁས་འཆེ་བ་དག་གིས་ཡིད་ཆེས་པའི་ལུང་གི་རྗེས་སུ་འབྲང་བར་བྱ་བ་ཡིན་ཏེ། དེའི་ཕྱིར་མདོ་ལས། མི་སློབ་པའི་ཆོས་བཅུ་པོ་འདི་དག་བསྐྱེད་ཅིང་སོ་སོར་ཐོབ་ལ། ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར་འགྱུར་རོ་ཞེས་གསུངས་ཏེ་དེའི་ཕྱིར་ཐོབ་པ་རྫས་སུ་ཡོད་ལ་གང་ལ་ཐོབ་པ་མེད་པ་དེ་ལ་མ་ཐོབ་པ་ཡང་མེད་པ་ནི་གྲུབ་པའི་མཐའ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་གྱིས་སུན་དབྱུང་བ་ནི་ལུང་དེ་ནི་དེ་ལ་དབང་ཐོབ་པ་ཙམ་ལ་གསུངས་ཀྱི་ཐོབ་པ་དང་ལྡན་པའི་སྒྲ་ཙམ་ཞིག་བསྟན་པས་རྫས་སུ་ཡོད་པར་ནི་མ་ངེས་ཏེ། མདོ་ལས། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ་ཞེས་འབྱུང་སྟེ། དེའི་ཕྱིར་འཁོར་ལོས་སྒྱུར་བ་ལ་དེ་དག་ལྡན་པའི་ཐོབ་པ་རྫས་སུ་ཡོད་པར་འགྱུར་བ་ལས་དེ་ལྟ་མ་ཡིན་པའི་ཕྱིར་དང༌། གཞན་ཡང་ཐོབ་པ་ཞེས་པ་འདི་ཅི་ཞིག ཆོས་སྐྱེ་བའི་རྒྱུ་ཡིན་ན་འགོག་པ་གཉིས་ལ་སྐྱེ་བ་མེད་པས་ཐོབ་པ་མེད་པར་ཐལ་བ་དང༌། སྔོན་མ་ཐོབ་པའི་ཟག་མེད་རྣམས་དང་ས་འཕོས་པ་དང་འདོད་ཆགས་དང་བྲལ་བས་བཏགས་པ་དག་ཀྱང་མི་སྐྱེ་བར་ཐལ་བར་འགྱུར་ཏེ་སྐྱེ་བའི་རྒྱུ་ཐོབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཆོས་དང་ལྷན་ཅིག་སྐྱེས་པའི་ཐོབ་པ་ནི་དེའི་རྒྱུ་ཡིན་ལ། ཆོས་ནི་དེ་དང་ལྷན་ཅིག་སྐྱེས་པའི་ཐོབ་པའི་རྒྱུ་ཅན་ཡིན་ནོ་ཞེ་ན། སྐྱེ་བའམ་སྐྱེ་བའི་སྐྱེ་བས་ཅི་ཞིག་རྒྱལ་བར་འགྱུར། འོན་ཏེ་འཕགས་པ་དག་མཉམ་བཞག་ལས་བཞེངས་ནས་འཇིག་རྟེན་པའི་ཡིད་མངོན་དུ་བྱས་པའི་ཚེ་ཟག་མེད་ཀྱི་ལམ་གྱི་ཐོབ་པ་དང་མངོན་གྱུར་གང་ཡང་མེད་པའི་ཕྱིར་འཕགས་པ་མ་ཡིན་པར་ཐལ་བར་འགྱུར་བས་དེའི་ཚེའང་ཟག་མེད་ཀྱི་ལམ་གྱི་ཐོབ་པ་ཡོད་པས་སྐྱེ་འཕགས་དང༌། དེ་བཞིན་དུ་འཕགས་པ་ནང་གིའང་ཁྱད་པར་འཇོག་སྟེ་དེའི་ཕྱིར་རྣམ་འཇོག་གི་རྒྱུའོ་ཞེ་ན། དེ་ནི་ཉོན་མོངས་པའི་ས་བོན་སྤངས་པ་དང་མ་སྤངས་པ་ལས་ཁྱད་པར་འཇོག་པས་མི་རིགས་སོ་ཞེས་དགག་པ་མཛད་དོ།།
གཉིས་པ་དེ་གང་གི་ཡིན་པ་ནི།
ཐོབ་པ་དང་མ་ཐོབ་པ་ནི་རང་གི་རྒྱུད་དུ་གཏོགས་པའི་འདུས་བྱས་རྣམས་ཀྱི་ཡིན་གྱི་གཞན་རྒྱུད་ཀྱི་ཐོབ་པ་ནི་དེ་ལས་གཞན་ལ་མི་འབྱུང་སྟེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུད་དུ་མ་གཏོགས་པའི་འདུས་བྱས་ཀྱིའང་མ་ཡིན་ཏེ་དེ་ནི་ཐུན་མོང་བ་སྲིད་ལ་ཐོབ་པ་ནམ་ཡང་ཐུན་མོང་བ་མ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ལ་འགོག་པ་གཉིས་རྒྱུད་དང་མ་འབྲེལ་ཡང་དགག་བྱ་རྒྱུད་དང་འབྲེལ་བས་དེ་འགོག་བྱེད་ཀྱི་ཐོབ་པ་དང་མ་ཐོབ་པ་ཡོད་དོ། །བརྟགས་མིན་ནི་ཆོས་ཅི་རིགས་པའི་རྐྱེན་མ་ཚང་བས་སེམས་ཅན་ཐམས་ཅད་ལ་ལྡན་ཏེ་བསྟན་བཅོས་ལས། ཟག་པ་མེད་པའི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན་སྨྲས་པ་སེམས་ཅན་ཐམས་ཅད་དོ་ཞེས་འབྱུང་བའི་ཕྱིར་རོ། །བརྟགས་འགོག་ནི་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་དང་པོ་ལ་གནས་པ་མ་གཏོགས་པ་འཕགས་པ་ཐམས་ཅད་ལ་ལྡན་ནོ། །དེ་ལ་མ་ཡིན་སྟེ་གྲུབ་པའི་མཐའ་ལས། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་འབྱུང་བས་གནས་སྐབས་དེའི་ཚེ་བཟོད་པས་གཞོམ་བྱའི་ཉོན་མོངས་པ་འཆད་ཀྱི་ཆད་པ་ནི་མ་ཡིན་ལ་དེའི་འགོག་པ་འཐོབ་ཀྱི་ཐོབ་པ་ནི་མ་ཡིན་ནོ་ཞེས་རྒྱལ་པོའི་སྲས་ཀྱིས་གསུངས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཡང་འདོད་པའི་སྒོམ་སྤང་ཆེན་པོའི་ཆེན་པོ་སྤངས་པ་ནས་བཟུང་སྟེ་སྤང་བྱ་ཅི་རིགས་པ་སྤངས་པ་དག་ལ་དེ་དག་སྤངས་པའི་འགོག་པ་ལྡན་ནོ། །ནམ་མཁའ་ནི་གང་ལ་ཡང་ལྡན་པ་མ་ཡིན་པའི་ཕྱིར་ཐོབ་པ་མེད་དོ་ཞེས་འགྲེལ་པར་འབྱུང་ལ། དེའི་རྟགས་སྒྲུབ་ནི་གང་དང་ཡང་འབྲེལ་བ་མེད་པའི་ཕྱིར་ཞེས་ཊཱིཀ་བྱེད་གཉིས་ཅར་གྱིས་བཤད་ཅིང༌། དེ་སྒྲུབ་པ་ཡང་དགག་བྱ་དང་འགོག་པ་མེད་པའི་ཕྱིར་རོ་ཞེས་གང་སྤེལ་འཆད་དོ།།
གསུམ་པ་ཆོས་ཀྱི་ཁྱད་པར་ལ་གསུམ་ལས་དང་པོ་ཐོབ་པའི་ཆོས་ཀྱི་ཁྱད་པ་ནི།
དུས་གསུམ་པའི་ཐོབ་བྱའི་ཆོས་ལ་ཐོབ་པ་འདས་ད་ལྟར་མ་འོངས་པ་རྣམ་པ་གསུམ་གསུམ་ཡོད་དེ། འདི་ལྟར་ཆོས་ཉོན་མོངས་ཅན་འདས་པའི་ཐོབ་པ་འདས་པ་ནི་གང་ད་ལྟར་དུ་སྐྱེས་ལ་འགགས་པ་ཞིག་སྟེ། ཆོས་འདས་པ་དེའི་སྔར་སྐྱེས་པ་དང་ལྷན་ཅིག་སྐྱེ་བ་དང༌། ཕྱིས་སྐྱེ་བ་སྟེ་གསུམ་ཆར་སྲིད་དོ། །ཆོས་དེའི་ཐོབ་པ་ད་ལྟར་བ་ནི་ད་ལྟར་དུ་སྐྱེས་ལ་མ་འགགས་པ་དང༌། དེའི་ཐོབ་པ་མ་འོངས་པ་ནི་ད་ལྟར་དུ་མ་སྐྱེས་པའོ། །ཆོས་ད་ལྟར་བ་དེའི་ཐོབ་པ་འདས་པ་ནི་ད་ལྟར་དུ་སྐྱེས་ལ་འགགས་པ་དང༌། ད་ལྟར་བ་ནི་ད་ལྟར་དུ་སྐྱེས་ལ་མ་འགགས་པ་དང༌། མ་འོངས་པ་ནི་ད་ལྟར་དུ་མ་སྐྱེས་པའོ། །ཆོས་མ་འོངས་པ་དེའི་ཐོབ་པ་འདས་པ་ལ་སོགས་པའང་དེ་བཞིན་ནོ། །འོན་ཀྱང་འགའ་ཞིག་ལ་མེད་པས་དམིགས་གསལ་འོག་ཏུ་སྟོན་པར་འགྱུར་རོ། །ཆོས་དགེ་བ་ལ་སོགས་པ་རྣམས་ཀྱི་ཐོབ་པ་ཡང་ཆོས་དབང་བཙན་པས་དགེ་བ་ལ་སོགས་པ་གསུམ་རིམ་པ་བཞིན་ནོ། །ཆོས་ཁམས་གསུམ་པོ་དེར་གཏོགས་པ་རྣམས་ཀྱི་ཐོབ་པ་ནི་ཆོས་རང་ཉིད་གང་དུ་གཏོགས་པའི་ཁམས་དེས་ཡིན་ཏེ་འདོད་པའི་རྟེན་ལ་འདོད་པའི་ཆོས་ཐོབ་ན་དེའི་ཐོབ་པ་ཡང་འདོད་པ་དང༌། གོང་མ་གཉིས་ཀྱི་ཆོས་ཐོབ་ན་དེའི་ཐོབ་པ་ཡང་ཁམས་དེ་གཉིས་སུ་གཏོགས་ལ། གཟུགས་ཀྱི་རྟེན་ལའང་དེ་བཞིན་ཏེ་འདོད་པའི་ཆོས་ནི་སྤྲུལ་སེམས་ལྟ་བུའོ། །གཟུགས་མེད་ཀྱི་རྟེན་ལ་གཟུགས་མེད་ཀྱི་ཆོས་ཁོ་ན་སྟེ་དེའི་ཐོབ་པའང་དེ་ཁོ་ནར་གཏོགས་སོ། །ཆོས་ཁམས་སུ་མ་གཏོགས་པ་འགོག་པ་གཉིས་དང་ལམ་བདེན་རྣམས་ཀྱི་ཐོབ་པ་ནི་རྣམ་པ་བཞི་སྟེ་འདི་ལྟར་བརྟགས་མིན་ནི་ཁམས་གསུམ་གྱི་རྟེན་ཅན་གྱིས་འཐོབ་པས་དེའི་ཐོབ་པ་ཡང་ཁམས་གསུམ་པོ་དེར་གཏོགས་ལ། བརྟགས་འགོག་ནི་སོ་སྐྱེས་འཇིག་རྟེན་པའི་ལམ་ཁོ་ནས་འཐོབ་པས་དེའི་ཐོབ་པ་ཡང་ཁམས་དེ་གཉིས་དང༌། འཕགས་པས་འཇིག་རྟེན་དང་འདས་པའི་ལམ་གཉིས་ཅར་གྱིས་འཐོབ་ཏུ་རུང་པས་ལམ་སྔ་མས་ཐོབ་ན་གྲུབ་པའི་མཐའ་ལས། འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་འབྱུང་བའི་ཕྱིར་དེའི་བྲལ་ཐོབ་ཟག་བཅས་ནི་ལམ་ཁམས་དེ་གཉིས་གང་དུ་གཏོགས་པ་དེར་གཏོགས་ཤིང༌། བྲལ་ཐོབ་ཟག་མེད་དང༌། འདས་པའི་ལམ་གྱིས་ཐོབ་པའི་བྲལ་ཐོབ་དང་ལམ་བདེན་གྱི་ཐོབ་པ་ནི་ཟག་མེད་ཡིན་པའི་ཕྱིར་ཁམས་སུ་མ་གཏོགས་སོ། །སློབ་པ་དང་མི་སློབ་པ་ནི་མཐོང་སྒོམ་གྱི་ལམ་ཟག་མེད་དང༌། མི་སློབ་པའི་ལམ་ཟག་མེད་དེ། དེ་གཉིས་ཀྱི་ཐོབ་པ་ཡང་རིམ་པ་ལྟར་སློབ་པ་དང་མི་སློབ་པ་ཡིན་པ་ནི་སླ་བས་འདིར་མ་སྨོས་ལ། གཉི་ག་མིན་པ་ནི་འདུས་མ་བྱས་དང་ཟག་བཅས་ཏེ་དེའི་ཐོབ་པ་ནི་རྣམ་པ་གསུམ་མོ། །དེ་ལས་བརྟགས་འགོག་སློབ་པས་ཐོབ་པའི་བྲལ་ཐོབ་སློབ་པ་དང༌། མི་སློབ་པ་རྣམ་གྲོལ་ཟད་ཤེས་ཀྱིས་ཐོབ་པའི་བྲལ་ཐོབ་མི་སློབ་པའོ། །དེ་ནི་སློབ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀྱང་ཐོབ་མོད་ཀྱི། འོན་ཀྱང་དེའི་ཚེ་འཐོབ་ཀྱི་ཐོབ་པ་ནི་མ་ཡིན་ལ། རྣམ་གྲོལ་ཟད་ཤེས་ཀྱི་བྲལ་ཐོབ་དེའི་རྟེན་བྱས་པའ་ིསྒོ་ནས་དེར་ཐོབ་པས་མི་སློབ་པ་ཁོ་ནར་གཞག་པ་ཡིན་སྙམ་མོ། །འཕགས་པས་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བའི་བྲལ་ཐོབ་ཟག་མེད་ནི་སློབ་པ་ཡིན་ལ། མི་སློབ་པ་མ་ཡིན་ཏེ་ལམ་དེས་སྲིད་རྩེ་ལས་རྒྱལ་མི་ནུས་པའི་ཕྱིར་རོ། །དེའི་བྲལ་ཐོབ་ཟག་བཅས་དང་སོ་སྐྱེས་ཐོབ་པའི་བྲལ་ཐོབ་ཐམས་ཅད་དང༌། བརྟགས་མིན་དང་ཟག་བཅས་ཐམས་ཅད་ཀྱི་ཐོབ་པ་ཟག་བཅས་ཡིན་པའི་ཕྱིར་སློབ་མི་སློབ་གཉིས་ཀ་མིན་པའོ། །ནམ་མཁའ་ལ་ནི་ཐོབ་པ་མེད་པར་བཤད་ཟིན་ཏོ།།
མཐོང་སྤང་གི་ཐོབ་པ་མཐོང་སྤང་དང༌། སྒོམ་སྤང་གི་ཐོབ་པ་སྒོམ་སྤང་ཡིན་པ་ནི་སླ་ཞིང༌། སྤང་བྱ་མིན་པ་ནི་འདུས་མ་བྱས་དང་ལམ་གྱི་བདེན་པ་དེས་བརྟགས་མིན་དང་སོ་སྐྱེས་བརྟགས་འགོག་ཐོབ་པ་དང༌། འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་བྲལ་ཐོབ་ཟག་བཅས་རྣམས་ནི་སྒོམ་སྤང་དང༌། དེའི་བྲལ་ཐོབ་ཟག་མེད་དང༌། འདས་པའི་ལམ་གྱིས་ཐོབ་པའི་བྲལ་ཐོབ་དང༌། ལམ་བདེན་གྱི་ཐོབ་པ་རྣམས་ནི་ཟག་མེད་ཡིན་པས་སྤང་བྱ་མིན་པ་སྟེ་རྣམ་པ་གཉིས་སུ་འདོད་དོ། །དུས་གསུམ་པའི་རྣམ་པ་གསུམ་གྱི་དམིགས་བསལ་ནི་ཆོས་ལུང་བསྟན་མིན་པ་མ་བསྒྲིབས་པ་ནི་སྟོབས་ཆུང་བའི་ཕྱིར་ཐོབ་པའང་ལྷན་ཅིག་སྐྱེའི་སྔ་ཕྱིར་ནི་མ་ཡིན་ནོ། །འོན་ཀྱང་ལྷའི་མིག་དང་རྣ་བའི་མངོན་ཤེས་དང་སྤྲུལ་པའི་སེམས་ཀྱི་ནི་དུས་གསུམ་པ་ཡིན་པས་མ་གཏོགས་ཏེ་དེ་དག་ནི་སྦྱོར་བའི་ཁྱད་པར་གྱིས་གྲུབ་པས་སྟོབས་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་ལས་ཐམས་ཅད་པའི་བཟོ་གནས་པའི་སེམས་དང༌། གནས་བརྟན་རྟ་ཐུལ་གྱི་སྤྱོད་ལམ་པའི་སེམས་ལྟ་བུ་དག་ཀྱང་མ་གཏོགས་ཏེ་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ། །སྦྱོར་བའི་ཁྱད་པར་ནི་མངོན་པར་འདུ་བྱེད་པ་ལ་གང་སྤེལ་བཞེད་དོ། །བསྒྲིབས་པའི་གཟུགས་ཀྱིའང་ཐོབ་པ་ལྷན་ཅིག་སྐྱེའི་སྔར་ཕྱིར་སྐྱེ་བ་ནི་མ་ཡིན་ཏེ། བེམས་པོ་ཡིན་པས་བླུན་པ་དང་ཀུན་སློང་སྟོབས་ཆུང་བའི་ཕྱིར་རོ།།
དེའི་ཕྱིར་འགྲེལ་པ་ལས། ཉམ་ཆུང་ངུས་བསླང་བ་དེ་ནི་ཆེས་ཉམ་ཆུང་བར་འགྱུར་རོ་ཞེས་སོ། །འདི་ནི་བསམ་གཏན་དང་པོའི་ས་པ་ཁོ་ནའོ། །འདོད་པའི་ཁམས་ན་དགེ་མི་དགེའི་གཟུགས་ཀྱི་ཐོབ་པ་ཡང་ཐོབ་བྱའི་ཆོས་དེ་ལས་སྔར་ནི་སྐྱེ་བ་མེད་དེ་བེམས་པོ་ཡིན་ཞིང་སེམས་ཀྱི་རྗེས་འབྲང་མ་ཡིན་པའི་ཕྱིར་རོ། །ལྷན་ཅིག་དང་ཕྱིས་སྐྱེ་བ་ནི་ལས་བསྟན་པར་འཆད་པར་འགྱུར་རོ། །དམིགས་བསལ་ཀྱང་འདི་དག་ཁོ་ནས་མ་རྫོགས་ཏེ་སྙོམས་འཇུག་གཉིས་དང་སྐྱེ་བའི་ཆོས་ཅན་གྱི་མཐོང་ལམ་ལ་སོགས་པ་ཐོབ་པ་སྔར་སྐྱེ་མེད་པ་དུ་མ་ཡོད་དོ། །མ་ཐོབ་པའི་ཆོས་ཀྱི་ཁྱད་པར་ལམ་ཐོབ་པ་ནི་དགེ་བའམ་ཉོན་མོངས་ཅན་ཡིན་ན་དགེ་རྩ་ཆད་པ་དང་ཉོན་མོངས་པ་སྤངས་པ་ལ་མི་ལྡན་པར་ཐལ་བ་ལས་དེ་དག་ལའང་ལྡན་པའི་ཕྱིར་ངོ་བོ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཆོས་འདས་པ་དང་མ་སྐྱེས་པའི་མ་ཐོབ་པ་དེ་ནི་དུས་རྣམ་པ་གསུམ་ཆར་བ་ཡིན་ལ། ཆོས་ད་ལྟར་བ་ནི་ཇི་ལྟར་སྟོབས་ཆུང་ཡང་རང་དང་དུས་མཉམ་པའི་ཐོབ་པ་ལྷན་ཅིག་སྐྱེ་བས་དེའི་མ་ཐོབ་པ་ད་ལྟར་བ་མེད་ལ་འདས་མ་འོངས་པ་ཡོད་དོ། །ཆོས་འདས་པ་དང་མ་སྐྱེས་པ་ནི་ད་ལྟར་ལས་སྐད་ཅིག་གསུམ་གྱི་སྔོན་རོལ་དེ་མ་ཐག་པ་ན་ཡོད་པའི་ཆོས་འདས་པ་ཞིག་ཡིན་ན་དེའི་རང་དུས་ན་རང་གི་མ་ཐོབ་པ་མེད་ཀྱང༌། རང་གི་སྔོན་རོལ་དང་རང་གི་རྗེས་ཐོགས་ད་ལྟར་གྱི་གོང་རོལ་ན་ཡོད་པ་ཕན་ཆད་ནི་འདས་པ་ཡིན་པས་དེ་དག་ན་ཡོད་པའི་མ་ཐོབ་པ་ནི་འདས་པ་དང༌། ད་ལྟར་དང་མ་འོངས་པའི་དུས་ན་ཡོད་པའི་མ་ཐོབ་པ་ནི་ད་ལྟར་དང་མ་འོངས་པ་ཡིན་ནོ། །མ་འོངས་པ་ལ་ནི་སྔ་ཕྱི་མེད་པའི་ཕྱིར་ཆོས་རང་བས་འཕྱི་བའི་མ་ཐོབ་པ་ནི་མེད་ལ་ཆོས་དེ་དང་ལྷན་ཅིག་མི་གནས་པས་གནས་སྐབས་དེར་ཡོད་པ་ལ་འགལ་བ་མེད་པའི་ཕྱིར་མ་འོངས་པ་དང༌། དེའི་མ་ཐོབ་པ་འདས་ད་ལྟར་ན་ཡོད་པ་སྟེ་གསུམ་ཅར་ཡོད་དོ། །དེ་ལྟར་ན་རང་བས་སྔ་བ་དང་རང་དང་དུས་མཉམ་པ་དང་རང་བས་འཕྱི་བ་ལ་རིམ་པ་ལྟར་དུས་གསུམ་གྱི་ཁྱབ་པ་མེད་དེ་དེ་ནི་སྔ་ཕྱིའི་རིམ་པས་མ་ཡིན་པར་བྱ་བའི་སྒོ་ནས་རྣམ་པར་གཞག་པ་ཡིན་པའི་ཕྱིར་ཏེ་དེ་དག་ཀྱང་གནས་ལྔ་པར་སྟོན་པར་འགྱུར་རོ། །ཆོས་འདོད་པ་ལ་སོགས་པ་ཁམས་གསུམ་དུ་གཏོགས་པ་དང་དྲི་མེད་འགོག་ལམ་གཉིས་ཀྱི་མ་ཐོབ་པའང་ཁམས་གསུམ་པོ་དེར་གཏོགས་ཏེ། འདི་ལྟར་འདོད་པའི་རྟེན་ཅན་གྱིས་ཁམས་གསུམ་གྱི་ཆོས་དང་ཟག་མེད་ཀྱི་ཆོས་གང་མ་ཐོབ་ཀྱང་མ་ཐོབ་པ་ནི་འདོད་པར་གཏོགས་ཤིང་གོང་མ་གཉིས་ལའང་འོག་མའི་ཆོས་ས་འཕོས་པས་བཏང་བ་དང་གོང་ས་དང་རང་སའི་ཡོན་ཏན་དང་ཟག་མེད་ཀྱི་མ་ཐོབ་པ་རྣམས་གང་ཡོད་ཀྱང་ཁམས་དེ་གཉིས་སུ་གཏོགས་ཏེ། མ་ཐོབ་པ་ནི་ཆོས་དང་ལྷན་ཅིག་གནས་པ་མ་ཡིན་པས་ཐོབ་པ་བཞིན་དུ་ཆོས་དངོས་ཀྱི་དབང་གིས་མི་གཞག་གི་སྐྱེ་བའི་རྟེན་གྱི་དབང་གིས་རྣམ་པར་གཞག་པའི་ཕྱིར་རོ། །འོ་ན་ཟག་མེད་ཀྱི་ཐོབ་པ་ཟག་མེད་ཡིན་པ་ལྟར་མ་ཐོབ་པའང་ཟག་མེད་ཅི་སྟེ་མ་ཡིན་ཞེ་ན། ཟག་མེད་ཀྱི་ལམ་གྱི་མ་ཐོབ་པ་ནི་སོ་སོའི་སྐྱེ་བོར་འདོད་པའི་ཕྱིར་ཏེ། བསྟན་བཅོས་ལས། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པའོ་ཞེས་སོ། །དེ་ཉིད་སོ་སོའི་སྐྱེ་བོ་ཡིན་པ་དེའི་ཕྱིར་ཟག་མེད་དུ་འོས་པ་མ་ཡིན་ནོ། །དེ་འཕགས་པའི་ཆོས་གང་གི་མ་རྙེད་པ་ཡིན་ཞེ་ན། སྡུག་བསྔལ་ལ་ཆོས་བཟོད་ནས་མི་སློབ་པའི་ཡེ་ཤེས་ལ་ཐུག་པའི་བར་ཐམས་ཅད་ཀྱི་ཡིན་ཏེ་ཁྱད་པར་མེད་པར་འབྱུང་བའི་ཕྱིར་རོ།།
དེའི་ཕྱིར་དེ་ལྡན་གྱི་གང་ཟག་ནི་སོ་སོའི་སྐྱེ་བོའི་གང་ཟག་སྟེ། འགྲེལ་པར། དེ་ནི་རྙེད་པ་མེད་པ་གང་ཡིན་པ་སྟེ་ཞེས་གསུངས་པས་འཕགས་པའི་ཆོས་ཟག་མེད་གང་ཡང་མ་རྙེད་ཅིང་མ་ཐོབ་པའི་གང་ཟག་ལ་འདོད་དོ། །དེ་ལྟ་མ་ཡིན་པར་འཕགས་པའི་ཆོས་རྙེད་ཀྱང་འཕགས་ཆོས་གཞན་མ་རྙེད་པས་དེར་འགྱུར་ན་ཉན་རང་གིས་ཀྱང་སངས་རྒྱས་ཀྱི་ཆོས་མ་རྙེད་པའི་ཕྱིར་དེར་ཐལ་བར་འགྱུར་རོ། །འོ་ན་ཁོ་ནའི་སྒྲ་གདོན་དགོས་སོ་ཞེ་ན་མི་དགོས་ཏེ། ཆུ་ཐུང་རླུང་ཟ་ཞེས་པ་བཞིན་ནོ། །དེས་ན་འཕགས་པ་ནི་ཟག་མེད་དང་དེ་ལྡན་གྱི་གང་ཟག་ནི་འཕགས་པའི་གང་ཟག་ཏུ་འདོད་པར་རིག་གོ །གལ་ཏེ་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་གང་ཟག་དེས་ལམ་ཟག་མེད་ལྷག་མ་མ་ཐོབ་པའི་ཕྱིར་དེ་དག་གིས་མ་ཐོབ་པ་ཡོད་པར་འགྱུར་ལ། འདོད་ན་འཕགས་པའི་གང་ཟག་མ་ཡིན་པར་འགྱུར་རོ་ཞེ་ན། དེ་མ་ཐོབ་ཀྱང་ཟག་མེད་ཀྱི་ལམ་ཐམས་ཅད་ཀྱི་མ་ཐོབ་པ་སྡུག་བསྔལ་ཆོས་བཟོད་ཀྱི་ཚེ་རྣམ་པར་ཉམས་པར་བྱས་པའི་ཕྱིར་ཐལ་བ་དེར་མི་འགྱུར་རོ། །དེའི་དོན་ནི་གཉེན་པོས་མ་སྤངས་ཀྱང་དེའི་ཐོབ་པ་ཆད་པ་ལ་བྱ་སྟེ། རྒྱལ་པོའི་སྲས་ཀྱིས། རྣམ་པར་ཉམས་པ་དང་སྤངས་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་པར་ཉམས་པ་ནི་ཐོབ་པ་ཆད་པ་ཡིན་པར་རྣམ་པར་གཞག་གོ །སྤངས་པ་ནི་གཉེན་པོ་ཐོབ་པ་ཡིན་པར་རྣམ་པར་གཞག་གོ་ཞེས་པ་དང༌། འགྲེལ་པ་ལས་རྣམ་པར་ཉམས་པར་འགྱུར་ཞེས་བྱ་བ་ནི་མ་ཐོབ་པ་དེའི་མ་ཐོབ་པ་སྐྱེ་ཞིང་ཐོབ་པ་འཆད་པར་འགྱུར་བའོ་ཞེས་གསུངས་པའི་ཕྱིར་རོ། །པཎྜི་ཏ་ཁ་ཅིག་ནི་སྡུག་བསྔལ་ལ་ཆོས་བཟོད་དང་དེ་དང་ལྷན་ཅིག་འབྱུང་བ་དང་བཅས་པའི་ཆོས་རྣམས་ཀྱི་མ་རྙེད་པ་ནི་སོ་སོའི་སྐྱེ་བོ་དང༌། ཤུགས་ལ་དེ་ལྡན་གྱི་གང་ཟག་ནི་སྐྱེ་བོའི་གང་ཟག་ཏུ་འཆད་ལ། སྐད་ཅིག་བཅུ་དྲུག་པའི་ཚེ་སྡུག་བསྔལ་ལ་ཆོས་བཟོད་ལྷན་ཅིག་འབྱུང་བ་དང་བཅས་པའི་ཐོབ་པ་བཏང་བས་འཕགས་པ་མ་ཡིན་པར་ཐལ་བའི་སྐྱོན་ནི་མེད་དེ། དེའི་མ་ཐོབ་པ་མི་སྐྱེ་བར་གཏན་དུ་བཅོམ་པའི་ཕྱིར་རོ་ཞེས་ཟེར་རོ། །བདག་ནི་ཕྱོགས་སྔ་མ་ལྟར་ཁས་ལེན་ཏེ་རྒོལ་བ་འདི་བཟློག་ཀྱང་བསྟན་བཅོས་དང་འགལ་བའི་ཕྱིར་རོ།།
མདོ་སྡེ་པ་ནི་སོ་སྐྱེ་དང་དེའི་གང་ཟག་ལ་ཁྱད་པར་ཁས་མི་ལེན་ཏེ། འཕགས་པའི་ཆོས་མ་སྐྱེས་པའི་རྒྱུད་དེ་ཉིད་ལ་འདོད་པའི་ཕྱིར་རོ། །དེ་བཞིན་དུ་འཕགས་པའི་ཆོས་སྐྱེས་པའི་རྒྱུད་ནི་འཕགས་པ་དང་འཕགས་པའི་གང་ཟག་ཏུ་འདོད་དོ། །མ་ཐོབ་པ་གང་གིས་ཉམས་པར་འགྱུར་ཞེ་ན། ཆོས་དེ་ཐོབ་པ་དང་ས་འཕོས་པའི་སྒོ་ནས་རྣམ་པར་ཉམས་པར་འགྱུར་ཏེ་དེ་ནི་འདི་ལྟར་ས་དགུའི་མ་ཐོབ་པ་སོ་སོའི་སྐྱེ་བོ་ནི་ཟག་མེད་ཀྱི་ལམ་ཐོབ་པས་དང༌། གོང་ས་ལས་འོག་ས་དང་དེ་ལས་གོང་སར་སྐྱེ་བའི་ས་འཕོས་པའི་ཀྱང་གང་ནས་འཕོས་པའི་སོ་སྐྱེ་ཉམས་ཤིང༌། གང་དུ་འཕོས་པའི་ས་དེས་བསྡུས་པ་འཐོབ་བོ། འདོད་པའི་དགེ་བ་སྐྱེས་ཐོབ་ཀྱི་མ་ཐོབ་པ་ནི་གོང་ས་ནས་དེར་སྐྱེ་པའི་ས་འཕོས་ཏེ་ཉིང་མཚམས་སྦྱར་བའི་ཚེ་དེའི་ཐོབ་པ་འབྱུང་བས་ཆོས་དེ་ཐོབ་པ་དང་སྐྱེ་བའི་ས་འཕོས་པ་གཉིས་ཅར་གྱིས་དང༌། དགེ་རྩ་ཆད་ནས་དགེ་བའི་མ་ཐོབ་པ་སྐྱེས་པ་ནི་ཡང་དག་པའི་ལྟ་བས་ཉིང་མཚམས་སྦྱར་ན་ཆོས་དེ་ཐོབ་པས་ཉམས་པར་འགྱུར་རོ། །ཐེ་ཚོམ་གྱིས་ཉིང་མཚམས་སྦྱར་བའི་ཚེའང་ཉམས་པར་འགྱུར་མོད་ཀྱི། འོན་ཀྱང་དེའི་ཚེ་སྐྱེས་ཐོབ་ཀྱི་ཐོབ་པ་འབྱུང་ཞིང་དེས་མ་ཐོབ་པ་ཉམས་པའི་ཕྱིར་ཆོས་དེ་ཐོབ་པས་ཉམས་པ་ཡིན་གྱི་ཐེ་ཚོམ་སྐྱེས་པའི་ཆ་ནས་མ་ཡིན་པས་ཊཱིཀ་བྱེད་དག་གིས་ལོགས་སུ་མ་བསྟན་ཏོ། །དགེ་བ་སྦྱོར་བྱུང་གི་མ་ཐོབ་པ་ནི་དེར་སྐྱེ་བའི་ས་འཕོས་པ་ཙམ་གྱིས་ཆོས་དེའི་ཐོབ་པ་མི་འབྱུང་བས་དེ་ཉམས་པར་མི་འགྱུར་བས་ཆོས་དེ་ཐོབ་པས་ཡིན་ནོ། །ཉོན་མོངས་ཅན་དང་མ་བསྒྲིབས་ལུང་མ་བསྟན་གྱི་ནི་གོང་ནས་དེར་སྐྱེ་བའི་ས་འཕོས་པ་ན་ཆོས་གང་མངོན་དུ་གྱུར་ཏེ་ཆོས་དེ་ཐོབ་པས་དང༌། འགའ་ཞིག་ཆོས་དེ་མངོན་དུ་མ་གྱུར་ཀྱང་དེའི་ཐོབ་པ་མངོན་དུ་གྱུར་པས་ཀྱང་ཆོས་དེ་ཐོབ་པ་ཡིན་པས་མ་ཐོབ་པ་ཉམས་པར་འགྱུར་ཏེ་དེ་དག་ནི་སྐྱེ་བའི་ས་འཕོས་པ་དང་ཆོས་དེ་ཐོབ་པ་གཉིས་ཅར་གྱིས་སོ། །བཟོ་སྤྱོད་ཀྱི་སེམས་འགའ་ཞིག་མངོན་དུ་མ་གྱུར་ཀྱང་ཐོབ་པ་སྔར་སྐྱེས་ཏེ་ཆོས་དེ་ཐོབ་པས་དང༌། སྤྲུལ་སེམས་ལ་བསྒོམས་བྱུང་དང༌། སྐྱེས་ཐོབ་གཉིས་ལས་དང་པོ་ནི་འདོད་ཆགས་དང་བྲལ་བ་དང་གོང་ནས་འོག་ཏུ་སྐྱེ་བས་དང༌། གཉིས་པ་ནི་དེར་སྐྱེས་པ་ཙམ་གྱིས་ཐོབ་པ་འབྱུང་བས་སོ། །བསམ་གཏན་དང་པོ་སོགས་ཀྱི་ཆོས་ཀྱི་མ་ཐོབ་པ་ཡང་ཆོས་དེ་ཐོབ་པས་དང༌། ས་འཕོས་པས་ཉམས་པའི་ཚུལ་ཅི་རིགས་པའོ། །གཞན་ཡང་ས་འཕོས་པས་ཉམས་པ་ལ་འདི་ལྟ་བུའང་སྣང་སྟེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཆོས་གང་གི་མ་ཐོབ་པ་ཡིན་ཀྱང་རྟེན་དབང་བཙན་པའི་ཕྱིར་འདོད་པ་ནས་སྐྱེ་བའི་ས་འཕོས་ནས་བསམ་གཏན་དང་པོར་ཉིང་མཚམས་སྦྱར་བའི་ཚེ་འདོད་པར་གཏོགས་པའི་མ་ཐོབ་པ་ཉམས་པར་འགྱུར་ཞིང་དང་པོར་གཏོགས་པ་འཐོབ་སྟེ་རིགས་པ་འདི་ནི་གཞན་ལའང་མཚུངས་སོ།།
དེ་ལས་འཕྲོས་པའི་དོན་ནི་ཅི་ཐོབ་མ་ཐོབ་ལའང་དེ་དག་ཡོད་དམ། སྨྲས་པ་གཉི་ག་ལ་གཉི་ག་ཡོད་དོ། །དེ་ལྟར་ན་རེ་ཞིག་ཐོབ་པ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། འདི་ལ་རྣམ་པར་ཕྱེ་ནས་ལན་སྨྲ་བར་བྱ་སྟེ་ཐོབ་བྱའི་ཆོས་ད་ལྟར་བ་ལྟ་བུར་རང་དུས་དེར་ལྡན་པའི་དབང་དུ་བྱས་ནས་སམ། དེ་ལས་གཞན་དུ་ཡིན། དང་པོ་ལྟར་ན་ཐོབ་པས་ནི་ཆོས་དང་ཐོབ་པའི་ཐོབ་པ་ལྡན་ལ། དེས་ནི་ཐོབ་པ་ལྡན་པར་བྱེད་པས་ཕན་ཚུན་ལྡན་པའི་ཕྱིར་དེར་ཐལ་བར་མི་འགྱུར་རོ། །གལ་ཏེ་དེ་ལས་གཞན་དུ་སྤྱི་རིགས་ནས་དེ་སྐད་དུ་རྒོལ་ན་དེ་ཉིད་འདོད་པར་བྱ་སྟེ་དེའི་ཕྱིར་འགྲེལ་པར་སེམས་ཅན་སོ་སོའི་རྒྱུད་ཀྱི་ལུས་ཀྱི་སྐད་ཅིག་མ་ལ་རྫས་མཐའ་ཡས་པ་ཅན་དག་འབྱུང་ངོ་ཞེས་དང༌། སློབ་དཔོན་གྱིས་ཀྱང་ཀྱེ་མ་འདི་ནི་ཐོབ་པའི་དགའ་སྟོན་ཆེན་པོ་ཞིག་སྟེ་ཞེས་བསྟིང་བ་མཛད་པའི་རྒྱུ་མཚན་ཡང་འདི་ཡིན་ནོ། །ཡང་ན་དེ་ལྟ་ཡིན་པ་དེའི་ཕྱིར་རྣམ་པར་མ་ཕྱེ་བར་ཐོབ་པ་ཐུག་པ་མེད་པར་ཐལ་བ་འདོད་པ་ཡིན་ནོ་ཞེས་ཀྱང་ལན་སྨྲ་བར་ནུས་སོ། །འགྲེལ་པ་ལས། ཕན་ཚུན་ལྡན་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེས་གང་གསུངས་པ་དེ་ནི་སྔ་མ་དེ་ཉིད་ལ་དགོངས་པའི་ཕྱིར་འགལ་བ་མེད་དོ། །ཐུག་པ་མེད་པ་ནི་འདི་ལྟར་ཆོས་དགེ་བའམ་ཉོན་མོངས་ཅན་ཞིག་ཡིན་ཡང་རུང་སྟེ་སྐད་ཅིག་དང་པོ་ལ་ད་ལྟར་གྱི་ཐོབ་བྱའི་ཆོས་དང༌། ཐོབ་པ་དང་དེའི་ཐོབ་པ་སྟེ་གསུམ་སྐྱེའོ།།
དེ་དག་ཀྱང་འདུས་བྱས་ཡིན་པས་དེ་མ་ཐག་འགགས་ནས་འདས་པར་རྫས་སུ་ཡོད་ཅིང་གཏོང་རྒྱུ་མ་བྱུང་བས་ལྡན་པའི་ཕྱིར་སྐད་ཅིག་གཉིས་པ་ལ་དེ་གསུམ་ཐོབ་བྱའི་ཆོས་སུ་བྱས་པའི་ཐོབ་པ་གསུམ་དང་དེའི་ཐོབ་པ་གསུམ་སྟེ་དྲུག་དང༌། དེ་ལྟར་བརྩིས་ཏེ་གསུམ་པ་ལ་ཐོབ་པ་དགུ་དང་དེའི་ཐོབ་པ་དགུ་སྟེ་བཅོ་བརྒྱད་དང༌། བཞི་པ་ལ་ཉི་ཤུ་རྩ་བདུན་པ་གཉིས་ཏེ་ལྔ་བཅུ་རྩ་བཞི་དང༌། ལྔ་པ་ལ་ཐོབ་པ་བརྒྱ་དྲུག་ཅུ་རྩ་གཉིས་སྐྱེ་ཞིང༌། དེ་ཕན་ཆད་ཀྱང་དེ་ལྟར་བརྩི་བར་བྱའོ། །དེ་ལྟར་འདི་དག་ནི་སྐད་ཅིག་དང་པོ་ཉིད་ལས་བརྒྱུད་དེ་འོངས་པ་ཡིན་ལ། དེའི་རྒྱུན་ད་ལྟར་འོངས་པ་གཞན་དག་ཡོད་ནའང་སྔ་མ་ལྟར་སྦྱར་རོ། །འདི་ལས་གཞན་དུ་འཆད་པ་དེ་དག་གིས་ནི་རྒྱལ་པོའི་སྲས་ཀྱིས་གསུངས་པ་དང་འགལ་བར་སྨྲས་སོ། །སློབ་དཔོན་ནི་དེ་ལྟ་བུ་དེ་དག་ཀྱང་རྣམ་པར་རྟོག་པའི་ཕྲེང་བས་བཀོད་པ། ཚིག་གི་ཚུལ་གསོག་ལྟ་བུ་ཆུ་ཤིང་ལྟར་སྙིང་པོ་མེད་པར་ཐུགས་ལ་བཞག་ནས། ཀྱེ་མ་འདི་ནི་ཐོབ་པ་རྣམས་ཀྱི་དགའ་སྟོན་ཆེན་པོ་ཞིག་སྟེ། ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་ཀྱི། དེ་ལྟ་མ་ཡིན་པ་སྲོག་ཆགས་གཉིས་པའི་ནི་ནམ་མཁའ་ལ་ཡང་གོ་སྐབས་ཡོད་པར་མི་འགྱུར་རོ་ཞེས་བསྟིང་བ་མཛད་དོ།།
མ་ཐོབ་པ་ནི་ཐོབ་བྱའི་ཆོས་དང་མི་ལྡན་ན་དེའི་མ་ཐོབ་པ་དང་ལྡན་ན་མ་ཐོབ་པའི་མ་ཐོབ་པ་སྐྱེའི་གཞན་ནི་མེད་དེ་ཐོབ་བྱའི་ཆོས་དང་ལྡན་མི་ལྡན་གཉིས་སུ་གྲངས་ངེས་པའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པར་མ་ཐོབ་པ་ལ་ཐུག་མེད་དུ་ཐལ་བའི་བརྩད་སྤང་མི་མཛད་པའི་དགོངས་པ་ཡང་འདི་ཡིན་ལ། གང་ལ་ཐོབ་པ་མེད་པ་དེ་ལ་མ་ཐོབ་པ་ཡང་མེད་དོ་ཞེས་གསུང་བར་མཛད་ཀྱི། གང་ལ་ཐོབ་པ་ཡོད་པ་དེ་ལ་མ་ཐོབ་པ་ཡོད་ཅེས་མི་གསུང་བའི་རྒྱུ་མཚན་ཡང་འདི་ཡིན་ནོ།།
གཉིས་པ་སྐལ་མཉམ་ནི།
སེམས་ཅན་རྣམས་སྤྱོད་པ་དང་རང་བཞིན་དང་བསམ་པ་ལ་སོགས་པ་སྐལ་བ་མཚུངས་ཤིང་འདྲ་བར་བྱེད་པའོ། །དེ་སྐད་དུ་སློབ་དཔོན་གང་སྤེལ་གྱིས། གཡོ་བ་རང་བཞིན་མཚུངས་གྱུར་ཅིང༌། །བསམ་པ་གུས་མཚུངས་སེམས་ཅན་རྣམས། །གང་གིས་མཉམ་པར་འགྱུར་བ་ནི། །དེ་ལ་སྐལ་མཉམ་ཞེས་བརྗོད་དོ། །ཞེས་སོ། །མཚན་ཉིད་ནི་མི་ལྡན་པའི་འདུ་བྱེད་གང་ཞིག་སེམས་ཅན་འདྲ་བར་བྱེད་པའི་རྫས་སོ། །དབྱེ་ན་ཐ་དད་པ་མ་ཡིན་པ་དང༌། ཐ་དད་པའོ། །དང་པོ་ནི་སེམས་ཅན་ཙམ་གྱི་ཐུན་མོང་གི་ཆོས་འདྲ་བར་བྱེད་པའི་རྫས་ཏེ། དེ་ནི་སེམས་ཅན་ཐམས་ཅད་ལ་རེ་རེ་ཡོད་པས་རྫས་ཐ་དད་ཀྱང་རིགས་ཐ་མི་དད་པས་དེ་སྐད་བརྗོད་དོ། །གཉིས་པ་ནི་བྱེ་བྲག་སོ་སོ་བ་ལྷ་མི་དང་དགེ་བསྙེན་དགེ་ཚུལ་ལ་སོགས་པ་དེ་དག་ནང་འདྲ་བར་བྱེད་པའི་རྫས་སོ། །གལ་ཏེ་རྫས་སུ་མེད་ན་སེམས་ཅན་ཞེས་པ་ལ་སོགས་དེ་དག་ལ་སྒྲ་བློ་མཐུན་པ་འཇུག་པར་མི་འགྱུར་བར་ཐལ་བའི་ཕྱིར་དང༌། ཆོས་ཀྱི་རྗེ་བཅོམ་ལྡན་འདས་ཀྱིས་ཀྱང༌། མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་ན་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་ཟེར་རོ། །སློབ་དཔོན་ནི་སཱ་ལུ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་དག་ལའང་སྐལ་མཉམ་ཡོད་པར་ཐལ་བའི་ཕྱིར་དང༌། ལུང་ཡང་མིར་སྐྱེས་པའི་འདུ་བྱེད་འདྲ་བ་ཙམ་ལ་དགོངས་ནས་གསུངས་པའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ལ། དེ་སྐད་དུ་སྨྲ་བ་དེ་དག་གིས་ནི་གསལ་བ་ལས་རྫས་ཐ་དད་པའི་སྤྱི་ཁས་བླངས་པའི་ཕྱིར་བྱེ་བྲག་པའི་གཞུང་བཙུགས་ཤིང་གསལ་བར་བྱས་པ་ཡིན་ནོ་ཞེས་གསུང་ངོ༌།།
གསུམ་པ་འདུ་ཤེས་མེད་པ་པ་ནི།
འདུ་ཤེས་མེད་པའི་ལྷར་སྐྱེས་པ་ལ་སེམས་དང་སེམས་བྱུང་མ་འོངས་པ་རྣམས་འགོག་པའོ། །དུས་ནི་བསྐལ་པ་ཆེན་པོ་ལྔ་བརྒྱའི་བར་དུ་ཡིན་ལ། འོན་ཀྱང་མཐའ་གཅིག་ཏུ་དེ་ལྟར་མ་ངེས་ཏེ། བྱང་སྒྲ་མི་སྙན་ལས་གཞན་ལ་བར་མ་དོར་འཆི་བ་ཡོད་པར་གསུངས་པའི་ཕྱིར་དང༌། གདགས་པ་ལས༌། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱང་དེ་དང་འདྲའོ་ཞེས་གསུངས་པའི་ཕྱིར་རོ། །འབྲས་བུ་གསུམ་ལས་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་སྨིན་འབྲས་བུ་ཡིན་གྱི་དེ་ལས་རྫས་ཐ་དད་པའི་རྒྱུ་མཐུན་ཡང་མེད་ལ། གཟུགས་ཅན་མ་ཡིན་པས་རྒྱས་བྱུང་ཡང་མ་ཡིན་ནོ། །ལྷ་དེ་དག་ཀྱང་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གནས་པས་དེ་ལས་གནས་རིས་གཞན་མ་ཡིན་ཏེ། ཚངས་ཆེན་ཚངས་པའི་མདུན་ན་འདོན་གྱི་གནས་རིས་ལས་གཞན་མ་ཡིན་པ་བཞིན་ནོ།།
མཚན་གཞི་ནི་རྣམ་སྨིན་དེ་ཉིད་དོ། །མཚན་ཉིད་འདུ་ཤེས་མེད་པའི་སྙོམས་འཇུག་གི་འབྲས་བུ་གང་ཞིག ལྷ་ཚེ་རིང་པོའི་རྒྱུད་ལ་མཚུངས་ལྡན་འགོག་པའོ། །ཅི་ལྷ་དེ་དག་ལ་མཚུངས་ལྡན་གཏན་མེད་དམ་ཞེ་ན་མ་ཡིན་ཏེ། སྐྱེ་བ་དང་དེ་ནས་འཆི་འཕོ་བའི་ཕྱིར་ཏེ། མདོ་ལས། སེམས་ཅན་དེ་དག་དུས་རིང་མོ་ཞིག་ནས་འདུག་འདུག་སྟེ་འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ་ཞེས་སོ། །ཤི་འཕོས་ནས་ཀྱང་སྔོན་གྱི་སྙོམས་འཇུག་གི་འདུ་བྱེད་ཡོངས་སུ་ཟད་པའི་ཕྱིར་དང་སེམས་མེད་པས་སྔོན་མེད་པ་མ་བསགས་པའི་ཕྱིར་མདའ་འཕངས་པའི་ཤུགས་ཟད་པ་ས་ལ་ལྷུང་བ་བཞིན་གདོན་མི་ཟ་བར་འདོད་པའི་ཁམས་སུ་སྐྱེའོ། །དེར་སྐྱེ་བ་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོད་པའི་ཕྱིར་ཏེ་བྱང་སྒྲ་མི་སྙན་པ་ཕྱི་མ་ལ་ངེས་པར་འདོད་ལྷར་སྐྱེ་བ་བཞིན་ནོ། །དེ་ལྟར་ན་སྙོམས་འཇུག་ལྟར་སེམས་སྐྱེས་བ་ལ་གེགས་བྱེད་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་སོ། །སློབ་དཔོན་ནི་རྣལ་འབྱོར་སྤྱོད་པའི་ལུགས་བཞེད་དེ། དེ་ནི་འདུ་ཤེས་མེད་པ་པའི་ལྷ་དག་ལ་སེམས་ཀྱི་རྒྱུན་འཇུག་པ་དང་འགལ་བའི་སེམས་འབྱུང་བས། དེས་རྣམ་ཤེས་ཚོགས་བརྒྱད་ལས་ཚོགས་དྲུག་འཁོར་བཅས་བཀག་པ་ཙམ་སྟེ། འགྲེལ་པར། འདིས་དེར་སེམས་ཁོ་ན་སེམས་འཇུག་པ་དང་འགལ་བ་འཐོབ་སྟེ། མི་འཇུག་པ་ཙམ་དེ་ཡང་འདུ་ཤེས་མེད་པ་པར་གདགས་སོ་ཞེས་སོ། །དེའི་ཕྱིར་དེ་རྫས་སུ་མེད་པར་བཞེད་དོ།།
བཞི་པ་སྙོམས་འཇུག་གི་ངོ་བོ་སོ་སོར་བཤད་པ་ལ། སྙོམས་འཇུག་གཉིས་ཀྱི་དང་པོ་ནི།
འདུ་ཤེས་མེད་པ་པས་མཚུངས་ལྡན་འགོག་པ་དེ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་འཇུག་གིས་སྙོམས་པར་ཞུགས་ནས་མ་ལངས་ཀྱི་བར་དུ་མཚུངས་ལྡན་འགོག་སྟེ། དེ་ཙམ་ཞིག་མཐུན་པར་བསྟན་པའི་དོན་དུ་དེ་བཞིན་གྱི་སྒྲ་སྨོས་སོ། །འདིའི་རྣམ་སྨིན་འབྲས་བུ་ཆེ་བའི་ནང་དུ་སྨིན་པའི་ཕྱིར་བསམ་གཏན་ཐ་མ་བཞི་པར་གཏོགས་ལ། བསམ་པ་ནི་ངེས་པར་འབྱུང་བ་ཐར་པ་འདོད་པས་སྙོམས་པར་འཇུག་སྟེ། འདུ་ཤེས་མེད་པ་པ་ལ་ཐར་པ་དང༌། སྙོམས་འཇུག་ལ་ལམ་དུ་འདུ་ཤེས་པའི་ཕྱིར་རོ། །དེས་ན་གང་ཟག་ནི་ལམ་ལོག་པས་ཚངས་སྤྱོད་ཚོལ་བ་དང༌། སྙོམས་འཇུག་ནི་ཀུན་སློང་གིས་དགེ་བའོ། །དེའི་རྣམ་སྨིན་ནི་འདུ་ཤེས་མེད་པའི་སེམས་ཅན་གྱི་དབང་པོ་གཟུགས་ཅན་དང༌། སྐྱེ་བ་དང་འཆི་འཕོ་བའི་སེམས་དང༌། སེམས་བྱུང་ཡོད་པའི་ཕྱིར་དེ་དག་གི་མཚན་ཉིད་ཐོབ་པ་དང་བཅས་པ་ཕུང་པོ་ལྔའོ། །དེ་ལྟར་སྐྱེ་བའི་སེམས་དང་སེམས་བྱུང་རྣམ་སྨིན་དུ་བཤད་པའི་འདི་ནི་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་པའི་དམིགས་བསལ་དུ་སྦྱར་རོ། །རྣམ་སྨིན་ཀྱང་རྫོགས་བྱེད་ཀྱི་ཡིན་གྱི་འཕེན་བྱེད་ཀྱི་མ་ཡིན་ཏེ། སེམས་མེད་སྙོམས་པར་འཇུག་པ་དག །འཕེན་བྱེད་མ་ཡིན་ཐོབ་པའང་མིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འདི་བསྐྱེད་ནས་ཡོངས་སུ་ཉམས་ཀྱང་གདོན་མི་ཟ་བར་སོར་ཆུད་པར་བྱ་སྟེ་ཕྱི་མ་ལ་འདུ་ཤེས་མེད་པའི་སེམས་ཅན་གྱི་ནང་དུ་སྐྱེ་བའི་ཕྱིར་སྐྱེས་ནས་མྱོང་འགྱུར་ཉིད་ཡིན་གྱི་གཞན་གསུམ་ནི་མ་ཡིན་ནོ། །དེའི་ཕྱིར་འགྲེལ་པར། གང་གིས་འདི་བསྐྱེད་ནས་ཡོངས་སུ་ཉམས་པའང་གདོན་མི་ཟ་བར་ཡང་བསྐྱེད་ནས་འདུ་ཤེས་མེད་པའི་སེམས་ཅན་གྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་གྲག་གོ་ཞེས་སོ། །གང་སྤེལ་ནིགྲག་གོ་ཞེས་བྱ་བའི་སྒྲས་ལུགས་གཞན་བསྟན་པར་འཆད་དེ། གཞན་དག་ན་རེ་ཡོངས་སུ་ཉམས་སམ་མ་ཉམས་ཀྱང་རུང་དགེ་བའི་བཤེས་གཉེན་དང་ཕྲད་པས་དེ་ལ་སྐྱོན་དུ་ལྟ་ན་མ་ངེས་པའང་ཡིན་ནོ་ཞེས་ཟེར་རོ། །གང་ཟག་ནི་སོ་སོའི་སྐྱེ་བོ་ཁོ་ནའི་ཡིན་གྱི་འཕགས་པའི་ནི་མ་ཡིན་ཏེ། འདིས་ལྷ་ཚེ་རིང་པོར་སྐྱེ་ལ་དེ་ནི་ངན་སོང་གི་གནས་ལྟ་བུར་གཟིགས་པའི་ཕྱིར་རོ། །དེས་ན་སོ་སོའི་སྐྱེ་བོ་གང་དག་རྒྱལ་བའི་བཀའ་ཟབ་མོ་ཐོས་ཏེ་འདི་ལྟ་བུའི་ཉེས་དམིགས་མཐོང་བ་དག་ཀྱང་འཇུག་པར་མི་འགྱུར་རོ། །འོ་ན་འཕགས་པ་དག་གིས་བསམ་གཏན་བཞི་པ་ཐོབ་ན་དེ་ཉིད་དུས་གསུམ་པ་འཐོབ་པ་ལྟར་འདིར་ཡང་དུས་གསུམ་པ་འཐོབ་བམ་ཞེ་ན་མ་ཡིན་ཏེ། འཁོར་བ་ཐོག་མ་མེད་པ་ནས་འདྲིས་ཀྱང་འབད་རྩོལ་གྱིས་བསྒྲུབ་པར་བྱ་བ་དང༌། སེམས་མེད་ཡིན་པའི་ཕྱིར་རོ། །དེས་ན་འདི་ལྟར་སྐད་ཅིག་དང་པོའི་ཚེ་དུས་ད་ལྟ་བ་གཅིག་པུ་དང༌། གཉིས་པ་ཕན་ཆད་དུ་འདས་པའང་འཐོབ་སྟེ་སོ་སོར་ཐར་པའི་སྡོམ་པ་བཞིན་ནོ། །དེ་ལྟར་ན་སོ་སོའི་སྐྱེ་བོའི་རྒྱུད་ལ་མཚུངས་ལྡན་འགོག་པའི་མི་ལྡན་པའི་འདུ་བྱེད་དགེ་བ་མཚན་གཞིའོ། །མཚན་ཉིད་ནི་རང་གི་དགག་བྱ་མཚུངས་ལྡན་འགོག་པའི་སྙོམས་འཇུག་གང་ཞིག་བསམ་གཏན་བཞི་པས་བསྡུས་པའོ། །སྒྲ་དོན་ནི་སེམས་ཅན་འདུ་ཤེས་མེད་པ་པ་རྣམས་ཀྱི་སྙོམས་འཇུག་ཡིན་པའམ། སྙོམས་འཇུག་འདུ་ཤེས་མེད་པ་ཅན་ཡིན་པས་ན་འདུ་ཤེས་མེད་པའི་སྙོམས་འཇུག་ཅེས་རྒྱལ་སྲས་འཆད་ལ། གང་སྤེལ་ནི་འདི་ལ་འདུ་ཤེས་ཡོད་པ་མ་ཡིན་པས་ན་འདུ་ཤེས་མེད་པའི་སྙོམས་འཇུག་གོ་ཞེས་སོ།།
གཉིས་པ་ནི།
འགོག་པའི་སྙོམས་འཇུག་ཅེས་པའང་འདུ་ཤེས་མེད་པའི་སྙོམས་འཇུག་དེ་བཞིན་དུ་སྙོམས་པར་ཞུགས་ནས་མ་ལངས་ཀྱི་བར་དུ་མཚུངས་ལྡན་འགོག་བྱེད་ཉིད་དོ། །དེས་ན་སྙོམས་འཇུག་འདི་དག་སེམས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་ཟེར་རོ། །སློབ་དཔོན་ནི་དེར་རྫས་སུ་མེད་དེ་སྙོམས་པར་འཇུག་པའི་སེམས་ཁོ་ན་སེམས་ཕྱི་མ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རོ་ཞེའོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི་སེམས་ཉིད་སེམས་ཕྱི་མ་སྐྱེ་བའི་རྒྱུར་རིགས་པ་མ་ཡིན་ནམ། དེའི་ཕྱིར་མར་མེ་ལ་རླུང་ལྟར་རྒྱུ་གཞན་ཞིག་དགོས་སོ་ཞེ་ན་སྐྱོན་མེད་དེ། སེམས་དེ་ཁོ་ན་སེམས་ཕྱི་མ་སྐྱེ་བ་དང་འགལ་བའི་རྟེན་ཏེ་རྒྱུད་བསྐྱེད་པའི་ཕྱིར་དེས་གེགས་བྱེད་དོ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ་ཞེས་བཞེད་ལ། དེའི་ཕྱིར་སྙོམས་འཇུག་ཀྱང་སེམས་ཀྱི་རྒྱུན་མི་འཇུག་པ་ཙམ་ལ་བཞེད་དེ། འགྲེལ་པར། གང་གིས་ན་དུས་གཞན་གྱི་བར་དུ་སེམས་མི་འཇུག་པ་ཙམ་དུ་འགྱུར་བ་སེམས་གཞན་དང་འགལ་བ་སྐྱེ་སྟེ། དེ་ལ་སྙོམས་པར་འཇུག་པ་ཞེས་གདགས་སོ་ཞེས་སོ། །སེམས་ཙམ་པ་ནི་སྔ་མ་གཉིས་ཀྱིས་སེམས་དང་སེམས་བྱུང་བརྟན་པ་མ་ཡིན་པ་རྣམས་འགོག་ཅིང་འདིས་བརྟན་པ་རྣམས་ལས་ཀྱང་ཁ་ཅིག་འགོག་ཅེས་ཉོན་ཡིད་ཀྱང་འགོག་པར་འདོད་དོ། །ཡིད་ལ་བྱེད་པ་ནི་འདུ་ཤེས་དང་ཚོར་བས་ཀུན་ཏུ་སྐྱོ་བ་དག་འགོག་པ་འདི་ལ་ཞི་བར་གནས་པའི་འདུ་ཤེས་འབྱུང་སྟེ་དེའི་དོན་དུ་སྙོམས་པར་འཇུག་གོ།
ཁ་ཅིག་ནི་སྐྱོ་བ་མེད་ཀྱང་སྔོན་གོམས་པའི་དབང་གིས་ཞི་བར་གནས་པའི་དོན་དུའོ། །ས་ནི་སྲིད་རྩེ་སྐྱེས་ཏེ་ཤིང་ལྗོན་པའི་རྩེ་མོ་ལྟར་སྲིད་པའི་མཐར་ཐུག་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་བརྟེན་པ་སྟེ། དེར་འདིའི་རྣམ་སྨིན་འགྲུབ་པའམ། །ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །ཞེས་པའི་ས་དེའི་སེམས་ཀྱི་མཇུག་ཐོགས་སུ་སེམས་ཀྱི་རྒྱུན་བཅད་ནས་དེ་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །འོག་ས་དག་ཏུ་ནི་མ་ཡིན་ཏེ། གང་སྤེལ་ཊཱི་ཀར་འགོག་པའི་རྣམ་ཐར་རྒྱུ་གཉིས་ཀྱིས་རྣམ་པར་གཞག་སྟེ། དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། སེམས་མཐར་ཐུག་པར་གཅོད་པ་ཡིན་ན་ས་དེ་དག་ན་དེ་གཉིས་མེད་པའི་ཕྱིར་རོ་ཞེས་སོ། །འདི་ནི་འཕགས་པ་དག་གིས་བསྐྱེད་པར་བྱ་བའི་སྙོམས་འཇུག་ཡིན་པའི་ཕྱིར་ཀུན་སློང་དགེ་བར་ངེས་ཏེ་དེའི་ཕྱིར་ཀུན་སློང་གི་དགེ་བའོ། །འཕགས་པའང་ཕྱིར་མི་འོང་གིས་བསྐྱེད་ནས་མ་ཉམས་པར་སྲིད་རྩེར་སྐྱེ་བ་སྐྱེས་ནས་དང༌། ཅི་ཡང་མེད་པ་མན་ཆད་ལས་འདོད་ཆགས་དང་བྲལ་བ་ལས་ཉམས་ཏེ་བསམ་གཏན་དག་ཏུ་སྐྱེས་ཤིང་དེར་སྲིད་རྩེ་ཐོབ་ནས་འགོག་པ་བསྐྱེད་དམ་མ་བསྐྱེད་ཀྱང་རུང་སྟེ་དེར་སྐྱེ་བ་ནི་ལན་གྲངས་གཞན་ཏེ་དེ་ལྟར་དུས་གཉིས་སུ་མྱོང་བར་འགྱུར་བ་དང༌། གཞན་ཕྱིར་མི་འོང་ཁ་ཅིག་དང་དགྲ་བཅོམ་དག་གི་ནི་མྱོང་བར་མ་ངེས་པའོ། །དེ་དག་ནི་རྫོགས་བྱེད་ཀྱིའོ། །གང་ཟག་ནི་འཕགས་པའི་ཡིན་གྱི་སོ་སྐྱེས་མ་ཡིན་ཏེ། སྙོམས་འཇུག་འདི་འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པའི་བྱ་བ་ཡིན་ན་འཕགས་པའི་ལམ་མ་ཐོབ་པའི་ཕྱིར་དང༌། བདག་ཆད་པས་འཇིགས་པའི་ཕྱིར་རོ། །འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམ་པ་ལ་ནི་བདག་ཏུ་འཛིན་པའི་རྟེན་གཟུགས་ལ་བདག་ཏུ་འདུ་ཤེས་ཡོད་པས་ཆད་དུ་དོགས་པའི་འཇིགས་པ་མེད་ལ། འདི་ལ་རྟེན་གཟུགས་ཡོད་ཀྱང་སྲིད་རྩེའི་སེམས་ཐོབ་པ་ན་ཐོགས་པའི་འདུ་ཤེས་མཐའ་དག་ནུབ་པའི་ཕྱིར་མི་མཚུངས་སོ།།
སློབ་དཔོན་འདུས་བཟང་ནི་མཐོང་སྤང་མཐའ་དག་ལས་གྲོལ་བ་ཞིག་དགོས་ན་བྱིས་པས་སྲིད་རྩེའི་མཐོང་སྤང་མ་སྤངས་པའི་ཕྱིར་ཞེས་འཆད་དོ། །འཕགས་པའང་སྲིད་རྩེའི་སེམས་མ་ཐོབ་པ་དག་གིས་ནི་རྒྱུ་མཚན་དེའི་ཕྱིར་བསྒོམ་མི་ནུས་ལ། ཐུབ་པའི་དབང་པོ་ནི་གཞན་གྱི་དོན་ཁོ་ན་མཛད་པས་འདི་ལ་སྙོམས་པར་མི་འཇུག་གོ །འོན་ཀྱང་འདུལ་བ་ཕྲན་ཚེགས་ལས། མྱ་ངན་ལས་འདའ་བའི་ཚེ་སྙོམས་པར་ཞུགས་པར་གསུངས་སོ། །འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པས་བྱང་སེམས་སོ་སྐྱེས་ནི་འཇུག་མི་ནུས་ལ། འཕགས་པ་མི་འཇུག་པའི་རྒྱུ་མཚན་འཆད་པར་འགྱུར་རོ། །བསེ་རུ་ལྟ་བུའི་རང་རྒྱལ་གྱིས་སྙོམས་པར་འཇུག་ནི་ནུས་ལ་འཇུག་མི་འཇུག་གི་གསལ་བ་འདིའི་འགྲེལ་ཏིག་ལས་མ་བཤད་དོ། །གཞན་ལས་ནི་ཅི་རིགས་པ་སྟེ་བཤད་སྦྱར་ལས་རང་རྒྱལ་འཇུག་པར་བཤད་པ་དང༌། ཉི་ཁྲི་སྣང་བ་ལས་བྱང་སེམས་ས་དང་པོ་ནས་འཇུག་པར་བཤད་པ་ལ་སོགས་པ་ཡོད་དོ། །དུས་ནི་ངེས་པ་མེད་དེ་འཕེན་པའི་དབང་གིས་སོ། །འོན་ཀྱང་འདོད་པར་ཞག་བདུན་ལས་ལྷག་པར་མ་ཡིན་ཏེ། སྙོམས་འཇུག་ལས་ལངས་པའི་འོག་ཏུ་ཁ་ཟས་ཀྱི་ནུས་པ་ཟད་ནས་དུས་མ་ཡིན་པར་སྐུ་ཚེ་འདོར་བའི་ཉེས་པ་ཡོད་པའི་ཕྱིར་རོ་ཞེས་འཆད་དེ་བརྟག་དགོས་སོ། །དེ་ཡང་སྦྱོར་བ་འབད་པས་འཐོབ་ཀྱི་འདོད་ཆགས་དང་བྲལ་བ་ཙམ་གྱིས་མ་ཡིན་ལ། སྐད་ཅིག་དང་པོའི་ཚེ་དུས་ད་ལྟ་བ་གཅིག་པུ་འཐོབ་ཀྱི་ཉམས་པ་ལས་རྙེད་ཀྱང་སེམས་མེད་པའི་ཕྱིར་འདས་པ་དང་མ་འོངས་པ་མི་འཐོབ་བོ། །སྐད་ཅིག་གཉིས་པ་ཕྱིན་ཆད་འདས་པ་དང་ཡང་ལྡན་ནོ། །འོན་ཀྱང་ཟད་པ་ཤེས་པའི་ཚེ་འཐོབ་པ་དང་ཐུབ་པའི་ནི་བྱང་ཆུབ་བརྙེས་པ་ཉིད་ཀྱིས་ཞར་ལ་ཐོབ་བྱ་ཡིན་པའི་ཕྱིར་སྦྱོར་བས་མ་ཡིན་པ་དམིགས་བསལ་ལོ། །དེའི་རྒྱུ་མཚན་ནི་ཡོན་ཏན་ཐམས་ཅད་ལ་རྩོལ་བ་མེད་པར་ཇི་ལྟར་བཞེད་པ་ལྟར་མངའ་བརྙེས་པའི་ཕྱིར་རོ། །དེ་སྐད་དུའང་ཐམས་ཅད་མཁྱེན་པ་གྲུབ་པར་བསྟོད་པ་ལས། དགེ་བ་མཐར་ཕྱིན་ཁྱོད་ལ་ནི། །སྦྱོར་བ་ལས་བྱུང་ཅུང་ཟད་མེད། །ཁྱོད་ཉིད་གང་དུ་བཞེད་ངེས་པ། །བཞེད་པ་ཙམ་ལ་རགས་ལས་ལགས། །ཞེས་གསུངས་པ་ལྟ་བུའོ།།
བྱང་ཆུབ་ནི། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་ཅེས་གཉིས་ཀ་ལ་གསུངས་ཀྱང་འདིར་ནི་ཟད་པར་ཤེས་པ་ལ་བྱ་སྟེ། དེ་ལྟ་མ་ཡིན་ན་དེའི་ཚེ་གཉི་གའི་ཆ་ལས་རྣམ་གྲོལ་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་ནི་འདོད་པ་མ་ཡིན་ནམ་སྙོམས་འཇུག་དེ་མ་བསྐྱེད་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། བསྐྱེད་ཟིན་པ་བཞིན་དུ་མངའ་བརྙེས་ཏེ་མངོན་དུ་བྱེད་པའི་མཐུ་དང་ལྡན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་དེའི་ཚེ་གཉི་གའི་ཆ་ལས་རྣམ་གྲོལ་མ་ཡིན་པར་འདོད་པ་བཞད་གད་ཀྱི་གནས་སོ། །ཁ་ཆེའི་ཡུལ་གྱི་ནུབ་ཕྱོགས་ན་གནས་པའི་བྱེ་བྲག་ཏུ་སྨྲ་བ་དག་ནི་གནས་བརྟན་ཉེ་བསྲུངས་ཀྱི་ལུགས་ཀྱི་བསྟན་བཅོས་ལས། དེ་བཞིན་གཤེགས་པ་ནི་འགོག་པའི་སྙོམས་འཇུག་བསྐྱེད་ནས་ཟད་པ་མཁྱེན་པ་བསྐྱེད་པར་མཛད་དོ་ཞེས་བྱ་བའི་རྗེས་སུ་འབྲངས་ཏེ། སྲིད་རྩེ་ཐོབ་པའི་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་པ་ལ་བརྟེན་ཏེ་མཐོང་ལམ་བསྐྱེད་ནས་སྲིད་རྩེ་ལ་སྙོམས་པར་འཇུག་ཅིང་དེ་ནས་འགོག་པའི་སྙོམས་འཇུག་བསྐྱེད་ལ། དེ་ལས་ལངས་ནས་བསམ་གཏན་བཞི་པ་ལ་བརྟེན་ཏེ་སྲིད་རྩེའི་སྒོམ་སྤང་སྤངས་ནས་བྱང་ཆུབ་མངོན་དུ་མཛད་དོ། །དེའི་ཕྱིར་བར་སྐབས་དེར་འགོག་པ་ལ་སྙོམས་པར་ཞུགས་སོ་ཞེས་ཟེར་རོ། །ཁ་ཆེ་བ་རྣམས་ནི་རྡོ་རྗེའི་སྤོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདེན་པར་མཐོང་བའི་རྗེས་སངས་མ་རྒྱས་པའི་དང་པོར་འགོག་པ་ལ་སྙོམས་པར་ཞུགས་པ་མ་ཡིན་ཏེ། ཟག་པ་མེད་པའི་ལམ་སྐད་ཅིག་མ་སུམ་ཅུ་རྩ་བཞི་བར་མ་ཆད་པར་བསྒོམས་ནས་བྱང་ཆུབ་ཟད་པར་ཤེས་པ་འཐོབ་པའི་ཕྱིར་རོ། །གལ་ཏེ་བར་སྐབས་སུ་དེ་ལ་ཞུགས་པས་བར་མ་ཆད་པར་བསྒོམས་པ་མ་གྲུབ་བོ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཟག་མེད་ཀྱི་ལམ་འདི་ལས་ལྡང་བར་མི་བྱའོ་ཞེས་ཐུགས་ཀྱིས་དགོངས་པ་ཡིན་ན། བར་སྐབས་སུ་ཟག་པ་དང་བཅས་པའི་སེམས་མངོན་དུ་མཛད་པའི་ཕྱིར་བསམ་པ་མི་བརྟན་པར་ལྡང་བ་ཅན་དུ་ཐལ་བར་འགྱུར་རོ། །འདོད་པར་མི་ནུས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང༌། དམ་བཅའ་བརྟན་པ་ཡིན་པའི་ཕྱིར་རོ་ཞེའོ། །གང་སྤེལ་གྱིས་བསམ་པ་ནི་དགོངས་པའོ་ཞེས་བཤད་དོ།།
ཉི་འོག་པ་ནི་བསམ་པ་མི་ལྡང་བ་ཅན་བདེན་གྱི། ཟག་མེད་ཀྱི་ལམ་ལས་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་འདི་མི་བཤིག་གོ་སྙམ་དུ་ཐུགས་ལ་དགོངས་པའི་བསམ་པ་དེ་ལས་མི་ལྡང་སྟེ། སྟན་གཅིག་ཁོ་ན་ལ་དོན་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་ནི་ཕྱོགས་སྔ་མ་ལྟར་ཟད་པ་མཁྱེན་པ་དང་དུས་མཉམ་དུ་འགོག་པའི་སྙོམས་འཇུག་བརྙེས་པ་ཉིད་ལེགས་པར་བཞེད་དོ། །སློབ་དཔོན་འདུས་བཟང་ཡང་སྲིད་རྩེའི་མཐོང་སྤང་སྔོན་རྩ་ནས་མ་བཏོན་པར་དྲུང་ཕྱུངས་ནས་སྤང་བྱ་ལྷག་མ་གཞོམ་པའི་དོན་དུ་ཡིད་གཏད་པ་ན་འཇིག་རྟེན་པའི་སྙོམས་འཇུག་ཐོག་མ་མེད་པ་ནས་བསླུས་ཤིང་འབད་པ་ཐུན་མོང་བས་ཐོབ་པར་བྱ་བ་ལ་སུ་ཞིག་གུས་པར་འགྱུར་ཏེ་དེའི་ཕྱིར་སྔ་མ་ཁོ་ན་རིགས་སོ་ཞེའོ། །འོ་ན་འདོད་པའི་ཉོན་མོངས་པ་རྣམས་སྤངས་ཟིན་པའི་ཕྱིར་དེ་དག་གི་གཉེན་པོ་ཆོས་ཤེས་ཕྱོགས་ཀྱི་ལམ་བསྐྱེད་པར་མི་རིགས་སོ་ཞེ་ན། རྗེས་ཤེས་ཕྱོགས་ངེས་པར་བསྐྱེད་དགོས་ལ་དེ་མེད་ན་མེད་པ་ཡིན་པའི་ཕྱིར་རོ་ཞེས་རྒྱལ་སྲས་འཆད་དོ། །དེ་བསྐྱེད་པ་ནི་སྲིད་རྩེའི་མཐོང་སྤང་གཞོམ་དགོས་པའི་ཕྱིར་དང༌། ལམ་ཟག་མེད་ཕྱི་མ་གཉིས་ཀྱི་སྔོན་དུ་དེ་འགྲོ་དགོས་པའི་ཕྱིར་རོ་སྙམ་མོ། །དེ་ལྟར་ན་འཕགས་པའི་རྒྱུད་ལ་མཚུངས་ལྡན་འགོག་བྱེད་དམ། འགོག་པའི་རྣམ་ཐར་མཚན་གཞི། མཚན་ཉིད་ནི་རང་གི་དགག་བྱ་མཚུངས་ལྡན་འགོག་པའི་སྙོམས་འཇུག་གང་ཞིག་འཕགས་པས་བསྐྱེད་པར་བྱ་བའོ། །སྒྲ་དོན་ནི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་ཡིན་པས་སོ། །རྟེན་ཐུན་མོང་དུ་བསྟན་པ་ནི་སྙོམས་འཇུག་གཉི་ག་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་པ་ནི་མ་ཡིན་ཏེ། དང་པོ་བཞི་པའི་ས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་རྒྱལ་པོའི་སྲས་ཀྱིས། ཁམས་དེའི་མཚུངས་ལྡན་ཞི་བས་མི་སྐྱོ་བའི་ཕྱིར་དང༌། རྣམ་པ་གཅིག་ཏུ་ན་མཚུངས་ལྡན་འགགས་ན་གཟུགས་མེད་པས་མི་ལྡན་པའི་འདུ་བྱེད་འབའ་ཞིག་གནས་པའི་མཐུ་མེད་པའི་ཕྱིར་མྱ་ངན་ལས་འདའ་བར་འགྱུར་ན་དེ་ལྟའང་མ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །གང་སྤེལ་ཊཱི་ཀར་ཁ་ཅིག་ན་རེ་རྒྱུ་དང་འབྲས་བུ་ཧ་ཅང་ཉེ་ན་མི་རུང་བས་བསམ་གཏན་གསུམ་དག་གི་རྟེན་ལ་རུང་གི་བཞི་པར་ནི་མ་ཡིན་ནོ་ཞེས་དང༌། གཞན་དག་ནི་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་བཞི་པའི་འབྲས་བུ་ཡིན་པའི་ཕྱིར་དེ་མ་གཏོགས་པའི་བཞི་པར་ཡང་སྙོམས་པར་འཇུག་གོ་ཞེས་ཟེར་ཏེ་ཕྱི་མ་འདི་ཉིད་གཞུང་ལུགས་དང་མཐུན་ནོ། །དེའི་ཕྱིར་འགྲེལ་པར། གང་དང་འདུ་ཤེས་མེད་པའི་སྙོམས་འཇུག་གཟུགས་ཀྱི་ཁམས་སུ་མི་འདོད་པ་དེ་དག་གི་ལྟར་ན། ཆོས་མངོན་པའི་གཞུང་ལས་གཟུགས་ཀྱི་སྲིད་པ་ཡིན་ལ་སྲིད་པ་དེ་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ་གཟུགས་ན་སྤྱོད་པའི་སེམས་ཅན་ལྷ་འདུ་ཤེས་ཅན་སེམས་མི་འདྲ་བ་ལ་གནས་པ་རྣམས་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་ལ་སྙོམས་པར་ཞུགས་པ་རྣམས་དང༌། ལྷ་འདུ་ཤེས་མེད་པ་འདུ་ཤེས་མེད་པ་པ་ཐོབ་པ་རྣམས་ཀྱི་སྲིད་པ་གང་ཡིན་པའོ་ཞེས་འབྱུང་བ་དང་འགལ་བའི་ཕྱིར་རོ་ཞེས་གསུངས་སོ།།
དེ་ལ་རྣམ་པར་འདྲིད་པ་ཅན་ལྔ་ནི་ཕུང་པོ་ལྔ་སྟེ། རྒྱལ་བ་འོད་སྲུང་གི་གསུང་རབ་ལས་བྱུང་བའི་ཕུང་པོའི་མིང་ཡིན་ལ། ཅིའི་ཕྱིར་རྣམ་པར་འདྲིད་ཅེ་ན། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །ཞེས་པ་ལ་སོགས་པ་གང་གསུངས་པ་ལྟར་རྣམ་པར་སླུ་བར་བྱེད་པའི་ཕྱིར་རོ་ཞེས་རྒྱལ་སྲས་འཆད་དོ། །སེམས་མི་འདྲ་བ་ནི་གང་སྤེལ་གྱིས། འདོད་པ་ན་སྤྱོད་པའི་སྤྲུལ་སེམས་དང༌། ཟག་མེད་དང་གཟུགས་མེད་པར་གཏོགས་པའོ་ཞེས་སོ། །དེ་ལྟར་ཁམས་གཉིས་ཀྱི་རྟེན་ཅན་ཡིན་ཀྱང་ཁྱད་པར་ནི། འགོག་པ་སྔར་མ་བསྐྱེད་པ་དང་པོར་མི་ཁོ་ནའི་ནང་དུ་སྟེ་མཚུངས་ལྡན་རགས་པས་སྐྱོ་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་ནི་མཚུངས་ལྡན་ཞི་བས་སྐྱོ་བ་མེད་པའི་ཕྱིར་དང་པོར་སྒོམ་པར་བྱེད་པ་མ་ཡིན་ལ། ཡོངས་སུ་ཉམས་ན་སྔོན་གོམས་པའི་དབང་གིས་གཟུགས་ཁམས་སུ་སྐྱེད་པར་བྱེད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་དེ་ལྟར་སྐྱོ་བས་མ་ཡིན་གྱི་ཐར་པའི་འདུ་ཤེས་ཀྱིས་འཇུག་པའི་ཕྱིར་དང་པོར་ཡང་གཟུགས་ཀྱི་ཁམས་སུ་སྙོམས་པར་འཇུག་གོ་ཞེས་རྒྱལ་སྲས་འཆད་དོ།།
འཆད་པ་པོ་དག་ནི་དེ་ལྟ་ན་དང་པོར་འདོད་པའི་ལྷ་ལའང་བསྐྱེད་པ་དང་གཟུགས་མེད་གསུམ་དུའང་སོར་ཆུད་པར་འགྱུར་བས་འགོག་པ་ནི་མ་འདྲིས་པས་བསྐྱེད་དཀའ་བའི་ཕྱིར་དང་པོ་མིའི་རྟེན་ཁོ་ན་ཡིན་ལ་སྔ་མ་ནི་ཐོག་མ་མེད་པ་ནས་འདྲིས་པས་བསྐྱེད་སླ་བའི་དང་པོར་གཉིས་གའི་རྟེན་ཅན་ནོ་ཞེས་ཟེར་ཏེ། མཐོང་ལམ་ཡང་བསྐྱེད་དཀའ་བས་མིའི་རྟེན་ཁོ་ན་ལ་སྐྱེ་བར་ཐལ་བར་འགྱུར་རོ། །གཉིས་པ་ནི་བཤད་དུ་རུང་སྟེ། སློབ་དཔོན་གང་སྤེལ་གྱིས་ཀྱང་འདུ་ཤེས་མེད་པའི་སྙོམས་འཇུག་ནི་དང་པོ་གཟུགས་ཀྱི་ཁམས་སུ་ཡང་སྐྱེ་སྟེ་འཁོར་བ་ཐོག་མ་མེད་པ་ནས་འདྲིས་པའི་ཕྱིར་རོ་ཞེས་གསུངས་སོ། །ཁོ་བོས་ནི་རྒྱལ་པོའི་སྲས་ཀྱིས་བཤད་པ་ལ་སྐྱོན་ཡོད་པར་མ་མཐོང་སྟེ། འདོད་པའི་ལྷ་ནི་གླིང་གསུམ་གྱི་མི་ལྟར་བློ་གསལ་ཞིང་རགས་པ་མ་ཡིན་གྱི་ངང་རྒྱུད་ཞི་བ་ཡིན་པའི་ཕྱིར་དང༌། སྔོན་གོམས་པ་ཁོ་ན་རྒྱུ་མཚན་དུ་སྦྱོར་བར་མི་མཛད་པའི་ཕྱིར་རོ། །སློབ་དཔོན་གང་སྤེལ་གྱིས་ཀྱང་དང་པོར་མིའི་ནང་ཁོ་ནར་ཏེ་སྟོན་པ་དང་འཆད་པ་དང་སྦྱོར་བའི་སྟོབས་ཡོད་པའི་ཕྱིར་རོ། །ཉམས་པ་དག་གཟུགས་སུ་དང༌། གཟུགས་མེད་པར་མ་ཡིན་ཏེ། རྟེན་མེད་པའི་ཕྱིར་རོ་ཞེས་སོ། །ལྡང་བའི་སེམས་དཔྱད་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་འདས་པ་རྫས་སུ་ཡོད་པས་འཇུག་སེམས་ཀྱིས་དེ་མ་ཐག་རྐྱེན་བྱས་ནས་སྐྱེའོ་ཞེས་དང༌། མདོ་སྡེ་པ་ནི་སེམས་ལ་ཡང་དབང་པོ་དང་བཅས་པའི་ལུས་ཀྱི་ས་བོན་ཡོད་ལ། དེ་ལ་ཡང་སེམས་ཀྱི་ས་བོན་ཡོད་པས་དེ་ལས་སྐྱེའོ་ཞེས་སོ། །སེམས་ཙམ་པ་ནི་དེ་གཉིས་ཀྱི་གནས་སྐབས་ན་ཀུན་གཞི་དང་ཉོན་ཡིད་གཉི་ག་དང༌། ཀུན་གཞི་མ་འགགས་པར་ཡོད་པས་དེ་ལས་སྐྱེ་བར་བཞེད་དོ།།
ལྔ་པ་སྲོག་ནི།
ཚེ་ཡིན་ཏེ་གདགས་པ་ལས་སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པ་ཡི་ཚེ་ཡིན་ནོ། །ཞེས་སོ། །ཚེ་ནི་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གང་ཡིན་པ་སྟེ། ཁམས་འོག་མ་གཉིས་ན་དེ་གཉི་ག་དང་གཟུགས་མེད་ན་རྣམ་ཤེས་ཀྱི་རྟེན་བྱེད་པའོ། །དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས། ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་ནི་འདོར་བྱེད་ཅིང༌། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ་ཚེའི་རྟེན་ཡང་དྲོད་དང་རྣམ་ཤེས་ཡིན་ནོ་ཞེས་ཟེར་རོ། །མཚན་ཉིད་ནི་ཚེ་གང་ཞིག་མི་ལྡན་པའི་འདུ་བྱེད་ཡིན་པའོ། །མདོ་སྡེ་པ་ནི་ཚེ་མ་ལོག་པར་གཞན་མི་ལྡོག་ལ། གཞན་མ་ལོག་པར་ཚེ་མི་ལྡོག་པས་རྟག་ཏུ་ལྡོག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཕན་ཚུན་རྟེན་ཉིད་དུ་མི་རུང་ཞེས་སོ། །བྱེ་བྲག་ཏུ་སྨྲ་བ་དག་སྐྱོན་འདི་འབྱུང་བར་དོགས་ཏེ་དེ་གཉིས་སྲོག་གི་རྟེན་དུ་ཁས་བླངས་པ་དོར་ནས་སྲོག་གམ་ཚེའི་རྟེན་ནི་སྔོན་གྱི་ལས་ཡིན་ཏེ། དེས་ཇི་སྲིད་འཕངས་པ་དེ་སྲིད་དུ་རྗེས་སུ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་ལས་ཀྱི་འཕེན་པ་ཟད་པས་ཚེ་ལྡོག་ལ། དེ་ལོག་པས་དེ་གཉིས་ལྡོག་པའི་ཕྱིར་རྟག་ཏུ་ལྡོག་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེས་ཁས་ལེན་ཏོ། །དེ་ལྟ་ན་དེ་གཉིས་ཀྱི་རྟེན་ཀྱང་ལས་ཡིན་པར་ཅིའི་ཕྱིར་མི་འདོད། བྱེ་བྲག་ཏུ་སྨྲ་བ་ན་རེ་རྣམ་ཤེས་ཐམས་ཅད་རྣམ་སྨིན་དུ་འགྱུར་དུ་འོང་ན། དེ་ནི་མ་ཡིན་ཏེ་དགེ་བ་ལ་སོགས་པ་དུ་མ་ཡོད་པའི་ཕྱིར་རོ་ཞེའོ། །མདོ་སྡེ་པ་ནི་དེ་གཉིས་ཀྱི་རྟེན་ཚེ་ཡོད་ཀྱི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་པ་མེད་ལ་ཚེ་ནི་ཁམས་གསུམ་པའི་ལས་ཀྱི་རིས་མཐུན་འཕངས་པའི་ཕུང་པོའི་རྒྱུན་ཏེ། འབྲས་བུ་སྨིན་པའི་རྒྱུན་ནམ་མདའ་འཕངས་པའི་རྒྱུན་ལྟ་བུའོ་ཞེས་ཟེར་རོ། །ཅི་ཚེ་ཟད་པ་ཁོ་ནས་འཆི་འམ་བར་མ་དོར་འཆི་བ་ཡོད་ཅེ་ན། གདགས་པ་ལས་ཚེ་ཟད་པས་འཆི་བ་དང༌། བསོད་ནམས་ཟད་པས་འཆི་བ་ལ་མུ་བཞི་གསུངས་ཏེ། དང་པོ་ནི་ཚེའི་རྣམ་སྨིན་ཅན་གྱི་ལས་ཟད་པ་དང༌། གཉིས་པ་ནི་ལོངས་སྤྱོད་འཐོབ་པའི་ལས་ཟད་པ་དང༌། གསུམ་པ་ནི་གཉི་ག་ཟད་པ་དང༌། བཞི་པ་ནི་དེ་དག་ཡོད་ཀྱང་ཡ་ང་བ་མ་སྤངས་པར་དེའི་རྐྱེན་གྱི་ཚེའི་འདུ་བྱེད་པ་སྟེ་མདོ་ལས་དུས་མ་ཡིན་པར་འཆི་བ་དགུ་ལ་སོགས་པ་གང་གསུངས་པ་ལྟ་བུའོ། །མདོ་ལས་ཀྱང་དུས་མ་ཡིན་པར་འཆི་བ་ཡོད་དོ་ཞེས་བསྟན་པའི་ཕྱིར། ལུས་ཐོབ་པ་ནི་བཞི་སྟེ། ལུས་ཐོབ་པ་གང་ལ་བདག་ཉིད་འཆི་བར་འགྱུར་གྱི་གཞན་གྱིས་གསོད་པ་མ་ཡིན་པ་ཡང་ཡོད་ཅེས་མུ་བཞི་གསུངས་སོ། །དང་པོ་ནི་འདོད་པའི་ལྷ་རྩེད་མྱོས་དང་ཡིད་འཁྲུགས་ཏེ་ཞེས་བྱ་བ་ལྟ་བུ་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡིན་ཏེ། དེ་ཉིད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྒྲོངས་པར་མི་ནུས་ལ། རང་ཉིད་སྐུ་ཚེ་འདོར་བ་ལ་མངའ་བརྙེས་པའི་ཕྱིར་རོ། །གཉིས་པ་ནི་མའི་མངལ་དང་སྒོ་ང་ན་གནས་པའོ། །གསུམ་པ་ནི་འདོད་པ་ན་སྤྱོད་པ་ཕལ་ཆེ་བའོ། །བཞི་པ་ནི་སྲིད་པ་བར་མ་པ་ཐམས་ཅད་དང༌། གཟུགས་དང༌། གཟུགས་མེད་པ་དང༌། འདོད་པའི་ཡང་དམྱལ་བ་དང༌། བྱང་སྒྲ་མི་སྙན་པ་དང༌། མཐོང་ལམ་དང༌། བྱམས་པ་དང་སྙོམས་འཇུག་གཉིས་ལ་ཞུགས་པ་དང༌། རྒྱལ་པོའི་དྲང་སྲོང་དང༌། རྒྱལ་པོའི་ཕོ་ཉ་དང༌། རྒྱལ་བས་བསྟན་པ་དང༌། ཆོས་ལེན་པ་དང༌། མཆོག་ཅན་དང༌། གངྒཱ་ལེན་དང༌། ཚོང་དཔོན་གྱི་བུ་གྲགས་པ་གཞོན་ནུ་དང༌། འཚོ་བྱེད་ལ་སོགས་པ་རྣམས་དང༌། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་ལྷུམས་ན་གནས་པའི་ཡུམ་དང༌། འཁོར་ལོས་སྒྱུར་བ་དང༌། དེ་ལྷུམས་ན་གནས་པའི་མ་རྣམས་སོ། །དེ་དག་ལས་གཞན་ནི་ཤེས་པར་སླ་ལ། རྒྱལ་པོའི་དྲང་སྲོང་ནི། འཁོར་ལོས་སྒྱུར་བ་རབ་ཏུ་བྱུང་བའོ། །དེ་ཡང་འདི་ལྟར་མི་ཐི་ལའི་གྲོང་དུ་ལྷ་ཆེན་པོའི་མིང་ཅན་འཁོར་ལོས་སྒྱུར་བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་སྟེ། དེ་དག་ཀྱང་ནམ་སྐྲ་དང་ཁ་སྤུ་འབྲེག་པ་ན། དེ་ལ་གང་གི་ཚེ་དེའི་མགོ་བོ་ལ་ལྷའི་ཕོ་ཉ་སྐྲ་དཀར་བྱུང་བ་མཐོང་བའི་ཚེ་སྨྲོས་ཤིག་ཅེས་དང༌། དེས་ཀྱང་མཐོང་བ་དེའི་ཚེ་གསེར་གྱི་ཚེར་ཟུངས་ཀྱིས་དལ་བུས་ཕྱུང་ནས་ཕྱག་ཏུ་ཕུལ་ལོ། །དེ་ཕྱག་གིས་བརྐྱངས་ཏེ། ད་ནི་བདག་གི་མགོ་བོ་ལ། །ན་ཚོད་འཇོམས་པའི་སྐྲ་སྐྱེས་ཏེ། །ལྷ་ཡི་ཕོ་ཉ་བྱུང་གྱུར་པས། །ད་ནི་རབ་བྱུང་དུས་ལ་བབ། །ཅེས་གསུངས་ནས་བུ་ཐུ་བོ་རྒྱལ་སྲིད་ལ་དབང་བྱེད་པར་བསྐོས་ཏེ་རབ་ཏུ་འབྱུང་བར་གསུངས་པ་ལྟ་བུའོ། །རྒྱལ་བའི་ཕོ་ཉ་ནི་དེའི་དྲུང་དུ་འཕྲིན་སྐྱེལ་བའོ། །དེ་ཡང་དེའི་དོན་མ་བྱས་ཀྱི་བར་དུ་མི་འཆི་སྟེ་ཨ་མྲ་སྐྱོང་མས་ནེ་ཙོ་བཞིན་རྒྱས་ཞེས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་བཏང་བ་དང༌། ལི་ཙ་བྱི་དག་གིས་མཐོང་སྟེ་མདའ་འཕངས་པ་དང༌། དེས་སྨྲས་པ། གཞན་གྱི་ཡུལ་མིས་གནོད་པ་དང༌། །ཕོ་ཉ་བཅིངས་པ་མིན་ཞེས་ཐོས། །བདག་ནི་རྒྱལ་བའི་ཕོ་ཉ་སྟེ། །ལུས་ཅན་ཀུན་གྱིས་གནོད་མ་ཡིན། །ཞེས་པ་དང༌། དེ་དག་གིས་ཀྱང༌། ཁྱོད་ཀྱི་ཚིག་ལ་བདག་ཅག་གི །མདའ་ཡང་ཆད་ཅིང་ལྷུང་བར་གྱུར། །དྲང་སྲོང་ཆེན་པོས་རབ་བསྲུངས་པས། །ཁྱོད་ནི་འཇིགས་པ་མེད་པར་སོང༌། །ཞེས་པ་ལྟ་བུའོ།།
རྒྱལ་བས་བསྟན་པ་ནི་དེས་ལུང་བསྟན་པ་ཇི་ལྟར་ན་ཡང་དེ་ལྟར་ངེས་ཏེ་ལུང་ལས། རྒྱ་མཚོ་བཞི་ཡི་ཆུ་ནི་སྐམས་གྱུར་ཅིང༌། །རི་དང་ནགས་བཅས་ས་ནི་གས་གྱུར་ལ། །ཉི་མ་ཟླ་བ་ས་ལ་ལྷུང་གྱུར་ཀྱང༌། །ཐུབ་པས་བཤད་པ་རྣམ་པ་གཞན་མི་འགྱུར། །ཞེས་པ་ཡིན་པའི་ཕྱིར་གཞོན་ནུ་མེ་སྐྱེས་ཀྱི་གཏམ་དཔེར་བྱའོ། །ཡང་ན་རྒྱལ་བས་བསྟན་པ་ནི་རབ་ཏུ་ཕྱུག་པོའི་མིང་ཡིན་པར་གཟུང་སྟེ་མཉན་ཡོད་ན་དེད་དཔོན་ཅིག་ཡུལ་གཞན་དུ་སོང་བ་དང༌། ཆུང་མ་ལ་ཁྱེའུ་ཞིག་བཙས་པ་ན་གཞན་གྱིས་སྨད་པར་དོགས་ནས་འདི་གསད་པར་བྱའོ་ཞེས་ཁོལ་མོའི་ལག་ཏུ་གཏད་དེ། དེས་ཁྱིའི་ཚང་དུ་བསྐྱུར་བ་དང༌། དེ་རྣམས་ཉིན་མཚན་དུ་སྲུང་བར་བྱེད་པ་ན། བཅོམ་ལྡན་འདས་འཁོར་དང་བཅས་པ་དེར་བྱོན་པས་གཟིགས་ཏེ། གཞོན་ནུ་འདི་མཉན་ཡོད་དུ་ཕྱུག་པོ་རྣམས་ཀྱི་མཆོག་ཏུ་འགྱུར་ཞིང༌། མཐར་རབ་ཏུ་བྱུང་ནས་དགྲ་བཅོམ་འཐོབ་པར་འགྱུར་རོ་ཞེས་ལུང་བསྟན་པ་དུས་གཞན་ཞིག་ན་ཁྱིམ་བདག་ཞིག་གིས་བླངས་པ་དང༌། དེའི་ཆུང་མས་སྨྲས་པ། བདག་ཅག་ལ་བུ་དང་བུ་མོ་ཡོད་པ་བཞིན་དུ་འདིས་ཅི་ཞིག་བྱ་ཞེས་སྨྲས་ནས་དུག་གི་སྦྱོར་བ་དང་མེར་འཇུག་པ་དང་མཚོན་གྱིས་གཏུབས་ཀྱང་མ་ཆོད་པ་ལ་སོགས་པའོ། །ཆོས་ལེན་ནི་བདེན་པ་མཐོང་བར་འོས་པ་ཡིན་པས་མས་དུར་ཁྲོད་དུ་བསྐྱུར་ཡང་མ་ཤི་བའོ། །མཆོག་ཅན་ནི་གནས་བརྟན་ཤཱ་རིའི་བུའི་ལྷན་ཅིག་གནས་པ་ཞིག་སྟེ། དེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང༌། རྒྱལ་པོའི་ཁབ་ན་ཕྱུག་པོའི་མཆོག་ཅེས་པ་ལ། འབངས་པོ་ཡིད་ཆེས་པ་རྐུན་མ་ཞེས་པ་ཡོད་པ། སྨད་འཚོང་མས་བསླུས་པས་ཕྱུག་པོའི་ཆུང་མའི་དཔུང་པ་གཉིས་གདུ་བུའི་ཕྱིར་བཅད་པ་མི་རྣམས་ཀྱིས་བདས་པ་དང༌། དེས་དེའི་ལྷུང་བཟེད་དུ་བོར་བ་མཐོང་ནས་རྒྱལ་པོ་མ་སྐྱེས་དགྲས་གསལ་ཤིང་ལ་བསྐྱོན་ཏོ།།
དེར་ཤཱ་རིའི་བུས་གསལ་ཤིང་ལ་གནས་བཞིན་པ་ལ་གདམས་པ་བསྟན་པ་དང༌། དེས་དགྲ་བཅོམ་པ་ཐོབ་སྟེ་གསལ་ཤིང་ཁྱེར་ནས་ནམ་མཁའ་ལ་མངོན་པ་འཕགས་པའོ། །གང་གཱ་ལེན་ནི་ཝཱ་རཱ་ཎཱ་སཱིར་ཕྱུག་པོའི་བུར་གྱུར་པ་ཞིག་སྟེ། དེ་རབ་ཏུ་འབྱུང་བར་འདོད་ཀྱང་ཕ་མས་མ་གནང་བ་དང༌། དེས་བསམ་པ། སྐྱེ་བ་འདི་ལ་བདག་གིས་རབ་ཏུ་བྱུང་བ་མ་ཐོབ་ཀྱིས། སྐྱེ་བ་གཞན་དུ་འདི་དག་ངའི་བར་ཆད་དུ་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཕྱི་མ་ལ་རབ་ཏུ་འབྱུང་བའི་དོན་དུ་དུག་ཟོས་ཀྱང་མ་ཤིའོ། །དེ་བཞིན་དུ་མཚོན་གྱིས་གཏུབས་ཀྱང་མ་ཆོད་ཅིང༌། གཡང་དུ་མཆོངས་པ་དང༌། རི་དང༌། གླང་པོ་སྨྱོན་པ་དང༌། འབྲོག་དགོན་པར་ལྕུག་མས་བདག་ཉིད་བཅིངས་པ་ལ་སོགས་པས་ཀྱང་སྲོག་གི་བར་ཆད་དུ་མ་གྱུར་པ་དང༌། ཡིད་མི་དགའ་བར་གྱུར་ཏེ་ཡང་བསམས་པ། རྒྱལ་པོའི་ཁབ་ཏུ་གཞན་གྱི་རྫས་མ་བྱིན་པར་བླངས་ན། མ་སྐྱེས་དགྲ་ཆད་པ་དྲག་པོ་བྱེད་པ་ཡོད་པས་དེས་ཐོས་ནས་རྐུན་མ་ཞེས་བཟུང་ནས་གསོད་པར་འགྱུར་རོ་སྙམ་སྟེ་རྐུ་བར་བརྩམས་པ་དང༌། སྲུང་མ་དག་གིས་བཟུང་ནས་རྒྱལ་པོ་ལ་ཕུལ་ཞིང༌། དེས་གསལ་ཤིང་ལ་སྐྱོན་ཅིག་པར་གཤེད་མ་ལ་བསྒོ་བ་དང༌། མཐར་གྱིས་ངོ་མཚར་བའི་ཚུལ་མཐོང་སྟེ་རྒྱལ་བུ་ལ་འོས་པའི་གོས་དང་རྒྱན་ལ་སོགས་པས་མཆོད་ནས། མཐར་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ་པའོ། །ཚོང་དཔོན་གྱི་བུ་ནི་ཝཱ་རཱ་ཎཱ་སཱི་ན་ཕ་རིགས་མཆོག་ཅེས་པའི་བུ་ཞིག་སྟེ། དེ་ཉིན་པར་བུད་མེད་ཀྱི་རོལ་མོའི་རྩེ་དགའི་སྤྱོད་པས་ལུས་ངལ་ཞིང་ལྕི་བས་མཚན་མོ་ཉལ་བ་དང༌། བུད་མེད་དག་ཀྱང་དེ་ལྟར་གྱུར་བས་གཉིད་ལོག་པའི་སྤྱོད་ལམ་མི་མཛེས་པ་དེ་དག་མཐོང་ནས་དུར་ཁྲོད་དུ་འདུ་ཤེས་པས་ཡིད་བྱུང་སྟེ། སྒོ་གོང་དུ་སོང་ནས་གྲོགས་པོ་དག་བདག་ནི་གཙེས་སོ་ཞེས་འོ་དོད་འབོད་པ་དང༌། མི་མ་ཡིན་པ་དག་གིས་སྒོ་ཕྱེ་སྟེ་སྒྲ་མི་ཐོས་པར་བྱས་སོ། །དེ་མཐར་གྱིས་བཅོམ་ལྡན་འདས་ཆུ་བོ་སྒྲིབ་མེད་ཀྱི་འགྲམ་ཕྱི་རོལ་བླ་གབ་མེད་པ་ན་འཆག་ཅིང་བཞུགས་པ་མཐོང་ནས་དགེ་སྦྱོང་བདག་གཙེས་སོ་ཞེས་འོ་དོད་འབོད་པ་དང༌། བཀའ་སྩལ་པ། གཞོན་ནུ་ཚུར་ཤོག་འདི་ན་ཉེ་བར་འཚེ་བ་མེད་པའི་གནས་ཡོད་དོ་ཞེས་བཀའ་སྩལ་ནས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པའོ།།
འཚོ་བྱེད་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཞིག་སྟེ་དེས་རྒྱལ་པོའི་ཁབ་ན་ཚོང་དཔོན་གྱི་བུད་མེད་དང་ལྷན་དུ་བསྡད་པས་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ལྟར་གསོལ་བ་དང༌། སོར་གདུབ་དང་སེང་རས་ཁྲ་བོ་བྱིན་ཏེ་ཁྱེའུར་གྱུར་ན་འདི་མགུལ་དུ་ཐོགས་ཤིང་སྐོན་ལ་ངའི་དྲུང་དུ་བཀྲིས་ཤིག བུ་མོར་གྱུར་ན་ཁྱོད་ཀྱི་ཡིན་ནོ་ཞེས་སྨྲས་ནས་སོང་ངོ༌། །ནམ་ཞིག་ན་ཁྱེའུ་བཙས་པ་དང་སྔ་མ་ལྟར་བྱས་ནས་སྒྲོམ་དུ་བཅུག་སྟེ་མངག་གཞུག་མ་ལ་བསྒོ་བ། འདི་ཕོ་བྲང་གི་སྒོར་ཁྱེར་ལ་མར་མེ་བུས་ཏེ་ཞོག་ལ་འགའ་ཞིག་གིས་མ་བླངས་ཀྱི་བར་དུ་སྡོད་ཅིག་ཅེས་པ་དང༌། རྒྱལ་པོས་བླངས་ཏེ་གཞོན་ནུ་འཇིགས་མེད་ལ་བྱིན་ནས་དེས་གསོས་པས་འཚོ་བྱེད་གཞོན་ནུས་གསོས་ཞེས་གྲགས་ཏེ་བདེན་པ་མཐོང་བར་ངེས་པས་དེ་ལྟར་བྱས་ཀྱང་མ་ཤིའོ། །སོགས་པའི་སྒྲས་ནི་བྷ་བ་ལོབ་ད་ཀ་ལ་སོགས་པ་དག་ཀྱང་སྲིད་པ་ཐ་མ་པ་བདེན་པ་མཐོང་པར་རིགས་པ་ཡིན་པས་གཡང་སར་བསྐྱུར་ཡང་མ་ཤི་བ་ལྟ་བུའོ། །འོ་ན་མདོ་ལས། བཙུན་པ་བདག་ཉིད་འགུམ་པར་ཡང་མི་འགྱུར། གཞན་གྱིས་གསོད་པ་ཡང་མ་ལགས་པའི་སེམས་ཅན་དེ་དག་གང་ལགས། ཤཱ་རིའི་བུ་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་སོ་ཞེས་གསུངས་ཞེ་ན། བདག་ཉིད་ནི་རང་ས་དང༌། གཞན་ནི་གོང་སའི་ཉེར་བསྡོགས་ལྟ་བུ་ཡིན་ན། དེ་ན་གཉི་ག་མེད་པའི་ཕྱིར་རོ་ཞེའོ། །དེར་ཀྱང༌། སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །ཅེས་པས་ས་གཞན་གྱི་ལམ་གྱིས་གསོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་གཉིས་ཀས་མི་འགུམ་པའི་དོན་སྔ་མ་ལྟར་ཏེ། མཐའ་སྨོས་པས་གཞན་བདུན་པོ་གོ་བའི་ཕྱིར་འགལ་བ་མེད་དོ།།
དྲུག་པ། མཚན་ཉིད་ནི།
སྔར་མཚན་ཉིད་རྣམས་ཞེས་སྨོས་པ་དེ་དག་ནི་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པའོ། །ཉིད་ནི་དངོས་པོའི་རྐྱེན་ནོ། །དེ་དག་གིས་རིམ་པ་ལྟར་ཆོས་དེ་སྐྱེད་པ་དང༌། རྙིང་པ་དང༌། གནས་པ་དང༌། འཇིག་པར་བྱེད་དོ། །སྐྱེད་པ་ནི་དུས་དེ་དང་དེར་སྦེད་པ་སྟེ་འགྲེལ་པར། སྐྱེ་བས་ནི་འདུ་བྱེད་རྣམས་མ་འོངས་པའི་དུས་ནས་ད་ལྟར་དུ་སྦེད་པར་བྱེད་དོ་ཞེས་པ་ནི་དཔེར་མཚོན་པའོ། །འོ་ན་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ། །གསུམ་གང་ཞེ་ན། དགེ་སློང་དག་འདུས་བྱས་ལ་སྐྱེ་བ་ཡང་མངོན་ནོ། །འཇིག་པ་ཡང་མངོན་ནོ། །གནས་པ་གཞན་དུ་འགྱུར་བ་ཡང་མངོན་ནོ་ཞེས་གསུམ་གསུངས་ཀྱི་བཞི་པ་ཅིའི་ཕྱིར་མ་བརྗོད་ཅེ་ན། གདུལ་བྱ་སྐྱོ་བ་སྐྱེད་པའི་ཕྱིར་དེ་ལྟར་བསྟན་གྱི། དེ་མེད་པ་ནི་མ་ཡིན་ནོ་ཞེའོ། །སློབ་དཔོན་གཞན་དག་ནི་དེ་མ་བསྟན་པའང་མ་ཡིན་ཏེ། གཞན་འགྱུར་གྱི་སྐྱོན་དང་སྦྲེལ་ནས་བསྟན་པའི་ཕྱིར་རོ། །དེའི་དགོས་པ་ནི་འདི་ནི་ཆགས་པའི་གཞི་ཡིན་པས་མ་ཆགས་པར་བྱ་བའི་དོན་དུ་སྟེ། དཔལ་དང་འདྲ་བ་འདི་རྣ་ནག་མ་དང་ལྷན་ཅིག་བསྟན་པ་བཞིན་ནོ་ཞེས་འཆད་དོ།།
དེས་ན་སྐྱེ་བ་ལ་སོགས་པ་མཚན་གཞི། མི་ལྡན་པའི་འདུ་བྱེད་གང་ཞིག་རང་གི་མཚན་གཞི་འདུས་བྱས་སུ་འཇོག་ནུས་མཚན་ཉིད་དོ། །གལ་ཏེ་སྐྱེ་བ་ལ་སོགས་པ་འདུས་བྱས་ཡིན་པའི་ཕྱིར་དེར་འཇོག་བྱེད་སྐྱེ་བ་ལ་སོགས་པ་ཡོད་པར་འགྱུར་རོ་ཞེ་ན། དེ་དག་ལ་ཡང་སྐྱེ་བའི་སྐྱེ་བ་དང༌། ལ་སོགས་ནི་རྒ་བའི་རྒ་བ་དང༌། གནས་པའི་གནས་པ་དང༌། མི་རྟག་པའི་མི་རྟག་པ་ཡོད་པར་སྨྲའོ། །འོ་ན་དེ་དག་ཀྱང་འདུས་བྱས་ཡིན་པས་སྔ་མ་ལྟར་འགྱུར་ལ། འདོད་ན་ཐུག་མེད་དུ་ཐལ་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། སྐྱེ་བ་ལ་སོགས་པ་དེ་ཆོས་བརྒྱད་ལ་བྱེད་པ་འཇུག་པ་དང༌། སྐྱེ་བའི་སྐྱེ་བ་ལ་སོགས་པ་ནི་ཆོས་གཅིག་ལ་བྱེད་པ་འཇུག་པའི་ཕྱིར་རོ། །དེ་ནི་འདི་ལྟར་གཟུགས་སམ་སེམས་ཆོས་བདག་ཉིད་གཏོགས་པ་དགུ་ལྡན་གཅིག་སྐྱེ་བ་ན་སྐྱེ་བས་ནི་བདག་ཉིད་མ་གཏོགས་པ་བརྒྱད་དང༌། སྐྱེ་བའི་སྐྱེ་བས་ནི་སྐྱེ་བ་དེ་ཁོ་ན་སྐྱེད་པར་བྱེད་དེ། ཁྱིམ་བྱ་མོ་དག་གིས་ཕྲུ་གུ་མང་ཉུང་སྐྱེད་པ་བཞིན་ནོ། །འདི་ནི་རྒ་བ་ལ་སོགས་པ་ལ་ཡང་སྦྱར་རོ།།
མདོ་སྡེ་པ་ནི་ཐོགས་པའི་རེག་བྱ་དང་བྲལ་བའི་ནམ་མཁའ་བྲལ་བར་མི་ནུས་པ་ལྟར་སྐྱེ་བ་ལ་སོགས་པའི་ཆོས་ཇི་ལྟར་རྣམ་པར་འབྱེད་པ་ལྟར་རྫས་སུ་ཡོད་པ་མ་ཡིན་ཏེ། མངོན་སུམ་མམ། རྗེས་དཔག་གམ་ལུང་ཚད་མ་མེད་པའི་ཕྱིར་རོ། །གལ་ཏེ་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་པ་ལ་སོགས་པ་གང་གསུངས་པ་ཡང༌། མ་རིག་པས་མདོངས་པའི་བྱིས་པ་རྣམས་འདུ་བྱེད་ཀྱི་རྒྱུན་ལ་བདག་དང་བདག་གིར་མངོན་པར་ཞེན་པས། དེ་བཟློག་པའི་ཕྱིར་འདུ་བྱེད་ཀྱི་རྒྱུན་དེ་ཉིད་འདུས་བྱས་སམ་རྟེན་འབྲེལ་ཉིད་དུ་བསྟན་པར་ཐུགས་ལ་བཞག་ནས་གསུངས་ཀྱི། སྐད་ཅིག་ཅིག་གི་དབང་དུ་མཛད་པ་མ་ཡིན་པས་སྒྲུབ་བྱེད་མ་ཡིན་ནོ། །དེའི་ཕྱིར་དོན་ལ་རྟོན་པར་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མ་ཡིན་པར་གསུངས་པའི་ཕྱིར་རོ། །དེས་ན་ཁོ་བོ་ཅག་ནི་རྒྱུན་ལ་སྐྱེ་བ་ལ་སོགས་པ་མངོན་པའི་ཕྱིར་རྒྱུན་གྱི་དང་པོ་ནི་སྐྱེ་བ་དང༌། ལྡོག་པ་ནི་འཇིག་པ་དང༌། རྒྱུན་དེ་ཉིད་རྗེས་སུ་འཇུག་པ་གནས་པ་དང༌། དེའི་སྐད་ཅིག་སྔ་ཕྱིའི་བྱེ་བྲག་འགྱུར་བ་ནི་གནས་པ་གཞན་དུ་འགྱུར་བ་ཡིན་ནོ། །དེ་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང༌། རྒྱུན་གྱི་དང་པོ་སྐྱེ་བ་ཡིན། །ཆད་པ་འཇིག་པ་གནས་པ་དེ། །དེ་ཉིད་སྔ་ཕྱིའི་བྱེ་བྲག་ནི། །གནས་པ་གཞན་དུ་འགྱུར་པར་འདོད། །སྐད་ཅིག་མ་ཡི་ཆོས་ལ་ནི། །གནས་པ་མེད་ན་འཇིག་པར་འགྱུར། །དེ་ཡང་འཇིག་འགྱུར་དེ་ཡི་ཕྱིར། །དེ་ཡི་དེར་རྟོག་དོན་མེད་དོ། །ཞེས་གསུངས་སོ། །གཞན་ཡང་མ་འོངས་པའི་སྐྱེ་བ་ནི། དེ་ཉིད་ད་ལྟར་དུ་ཅིག་ཅར་སྐྱེད་པར་འགྱུར་རོ་ཞེ་ན། མ་འོངས་པའི་སྐྱེ་བས་ནི་བསྐྱེད་བྱ་མ་འོངས་པ་ཐམས་ཅད་ད་ལྟར་དུ་ཅིག་ཅར་སྐྱེད་པར་བྱེད་པ་མིན་ནོ། །ཅིའི་ཕྱིར་ཞེ་ན། མ་འོངས་པ་ད་ལྟར་དུ་སྐྱེད་པའི་རྒྱུ་དང་རྐྱེན་དག་ཚོགས་པ་མེད་པར་ནི་འདིས་ད་ལྟར་སྐྱེད་མི་ནུས་པའི་ཕྱིར་རོ། །མདོ་སྡེ་པ་ནི་རྒྱུ་རྐྱེན་ཚོགས་པ་དེ་ཡོད་ན་འབྱུང་ལ་མེད་ན་མི་འབྱུང་བས་དེ་ཁོ་ནའི་མཐུར་བལྟ་བར་བྱའི་སྐྱེ་བའི་མ་ཡིན་ནོ་ཞེས་ཟེར་ཏེ། ཁོ་བོ་ཅག་གྲུབ་པའི་མཐའ་མི་འདོར་རོ་ཞེས་སྨྲའོ།།
བདུན་པ། མིང་གི་ཚོགས་ལ་སོགས་པ་ནི།
སྔར། མིང་གི་ཚོགས་ལ་སོགས་པ་ཡང༌། །ཞེས་གསུངས་པ་དེ་ནི་མིང་དང་ངག་དང་ཡི་གེའི་ཚོགས་སོ། །དེ་ལ་མིང་ནི་དོན་གྱི་ངོ་བོ་ཙམ་རྗོད་པར་བྱེད་པ་སྟེ་བུམ་པ་ཞེས་པའམ། གཟུགས་ཞེས་པ་ལྟ་བུའོ། །ངག་དང་ཚིག་ནི་དོན་གཅིག་སྟེ་འགྲེལ་པར། ངག་ནི་ཚིག་སྟེ་ཞེས་གསུངས་པའི་ཕྱིར་རོ། །དེ་ནི་རྗོད་བྱེད་གང་གིས་བརྗོད་བྱའི་དོན་དེ་ཡོངས་སུ་རྫོགས་པར་སྟོན་པ་སྟེ་དཔེར་ན། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་པ་ལྟ་བུའམ། ཡང་ན། འཚེད་དོ་འགྲོའོ་ཞེས་པ་བྱ་བ་དང༌། དཀར་ཤམ་མོ་ཞེས་པ་ཡོན་ཏན་དང༌། འཚེད་དོ་འཚེད་པར་འགྱུར་རོ་ཞེས་པ་ལྟ་བུ་དུས་ཏེ། དེ་རྣམས་ཀྱི་འབྲེལ་བའི་ཁྱད་པར་རྟོགས་པར་བྱེད་པ་ལྟ་བུ་སྟེ་འགྲེལ་པར། གང་གིས་ན་བྱ་བ་དང་ཡོན་ཏན་དང་དུས་ཀྱི་འབྲེལ་བའི་ཁྱད་པར་རྟོགས་པར་འགྱུར་བའོ་ཞེས་དང༌། རྒྱལ་སྲས་ཀྱིས་ཀྱང༌། དེ་ལྟར་ན་མིང་ནི་རང་གི་མཚན་ཉིད་རྗོད་པར་བྱེད་པ་ཡིན་ལ་ཚིག་ནི་བྱ་བ་ལ་སོགས་པ་འབྲེལ་བའི་ཁྱད་པར་རྗོད་པར་བྱེད་པ་ཡིན་ནོ་ཞེས་སོ། །ཡི་གེ་ནི་མིང་ཚིག་གི་གཞིར་གྱུར་པ་སྟེ་ཡིད་ཡུལ་ན་སྣང་བའི་ཀ་ལ་སོགས་པའོ། །དེ་རྣམ་གྲངས་གཞན་དུ་མི་འགྱུར་བས་དངོས་སུ་བརྗོད་བྱའི་དོན་མི་སྟོན་ཏོ། །དེས་ན་ཨཀྵར་ནི་ཡི་གེ་སྟེ་རྣམས་གྲངས་གཞན་དུ་མི་འགྱུར་བས་སོ། །ཡང་ན་བྱཉྫ་ན་ཞེས་པ་གསལ་བྱེད་དེ་མིང་ཚིག་གསལ་བར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་བརྒྱུད་ནས་དོན་གྱི་རྗོད་བྱེད་དུའང་རུང་བས་སྒྲ་པ་དག་གིས། རྣམ་གྲངས་དུ་མ་མེད་པ་དང༌། །མིང་ཚིག་གསལ་བར་བྱེད་པ་དང༌། །དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །ཞེས་སོ། །གལ་ཏེ་ཡི་གེ་ཡང་ཡིག་འབྲུའི་དངོས་ཀྱི་རྗོད་བྱེད་དུ་འགྱུར་ཏེ། དེ་བརྗོད་པས་དེ་དངོས་སུ་གོ་བའི་ཕྱིར་རོ་ཞེ་ན། དེ་ལྟར་མིང་བཏགས་པར་ཡིན་གྱི་དེས་དེ་གོ་བ་མ་ཡིན་ལ། ཡིག་འབྲུ་ཡང་ཡི་གེ་གོ་བའི་ཆེད་ཡིན་གྱི་དེ་ལས་བཟློག་པ་མ་ཡིན་ནོ། །གསུམ་ཅར་ལ་ཚོགས་ཞེས་སྨོས་པ་ནི་མང་པོའི་དོན་ཏེ། མཚན་ཉིད་ཀྱང་རིམ་པ་ལྟར་མི་ལྡན་པའི་འདུ་བྱེད་གང་ཞིག་དོན་གྱི་ངོ་བོ་ཙམ་རྗོད་བྱེད་དོ། །ཙམ་ནི་ལྷག་འགོག་སྟེ་ཁྱད་པར་རྗོད་མི་ནུས་པའོ། །དེ་བཞིན་དུ་སྦྱར་ཏེ། དོན་གྱི་ཁྱད་པར་རྗོད་བྱེད་དང༌། །མིང་ཚིག་གི་གཞིར་གྱུར་པའོ། །མདོ་སྡེ་པ་ནི་དེ་དག་ཀྱང་ངག་ཡིན་པས་གཟུགས་མ་ཡིན་ནམ། ཇི་ལྟར་ལྡན་པ་མ་ཡིན་པའི་འདུ་བྱེད་ཅེས་བྱ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ་དེ་དག་ངག་ཡིན་ན་ངག་ནི་སྒྲ་ཡིན་པས་སྒྲ་ཙམ་གྱིས་དོན་གོ་བར་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྗོད་པའི་ངག་ནི་མིང་ལ་འཇུག་པ་དེས་དོན་རྗོད་པར་བྱེད་དོ་ཞེའོ།།
མདོ་སྡེ་པ་ནི་སྒྲ་ཙམ་ཁོ་ན་ངག་མ་ཡིན་གྱི་སྒྲ་གང་གིས་དོན་གོ་བར་འགྱུར་བ་སྟེ། དཔེར་ན་བརྡས་མཚམས་བཅད་པ། ངག་ཕྱོགས་ས་དང་འོད་ཟེར་དང༌། །ཕྱུགས་དང་མིག་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གོའི་སྒྲ་ངེས་གཟུང་བྱ། །ཞེས་པ་ལྟ་བུའོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བ་མིང་གིས་དོན་རྗོད་པར་བྱེད་དོ་ཞེས་པ་ཡང་དོན་གོ་བའི་ཆེད་ཡིན་ན། དེ་ནི་ངག་གིས་གོའི་ཕྱིར་དེས་དོན་རྗོད་པར་བཏགས་པས་ཅི་ཞིག་བྱ། གཞན་ཡང་ངག་མིང་ལ་འཇུག་པ་ཡང་མིང་སྐྱེད་པའམ། གསལ་བར་བྱེད་གྲང༌། སྔ་མ་ལྟར་ན་ངག་ནི་སྒྲ་ཡིན་པས་སྒྲ་ཐམས་ཅད་ཀྱིས་ཅིའི་ཕྱིར་མི་སྐྱེས། གོང་དུ་བསྟན་པའི་སྒྲའི་ཁྱད་པར་དེ་ལྟ་བུ་ཞིག་གིས་མིང་སྐྱེད་པར་འདོད་ན། དེ་ཉིད་དོན་རྗོད་བྱེད་ཀྱང་ཅིའི་ཕྱིར་མ་ཡིན། གཉིས་པ་ཡང་དེ་བཞིན་དུ་བརྟགས་ནས་འགོག་གོ །འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་གྲུབ་པའི་མཐའ་མི་འདོར་བས་དེ་དག་མི་ལྡན་པའི་འདུ་བྱེད་རྫས་སུ་ཡོད་པར་ཁས་ལེན་ཏོ། །དེ་དག་ཁམས་གང་དུ་གཏོགས་པ་ལ་སོགས་པ་ཡིན་ཞེ་ན། དེ་དག་ངག་ལ་ལྟོས་པའི་ཕྱིར་འདོད་པ་དང་གཟུགས་སུ་གཏོགས་པ་ཁོ་ན་ཡིན་ལ། ཁ་ཅིག་ནི་གཟུགས་མེད་ན་ཡོད་ཀྱང་ངག་མེད་པས་བརྗོད་པར་བྱ་བ་མ་ཡིན་ཞེས་ཏེ་མི་བརྗོད་ན་ཇི་ལྟར་ཡོད་ཅེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །སྐྱེས་བུའི་རྩོལ་བ་ལས་བྱུང་ཞིང་རྒྱུད་དུ་གཏོགས་པའི་ཕུང་པོའི་ཚོགས་པ་ན་ཡོད་པས་སེམས་ཅན་དུ་སྟོན་པ་སྟེ་རྒྱུད་ཀྱིས་བསྡུས་པ་དང༌། འདོད་དགུར་འབྱུང་ཞིང་གཟུགས་ཅན་མ་ཡིན་པས་རྣམ་སྨིན་དང་རྒྱས་བྱུང་མ་ཡིན་གྱི་སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་རྒྱུ་མཐུན་དང༌། དགེ་རྩ་ཆད་པ་དང་ཉོན་མོངས་སྤངས་པ་ལ་ཡོད་པས་དགེ་བ་དང་ཉོན་མོངས་ཅན་མིན་གྱི་ལུང་བསྟན་མིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ།།
གསུམ་པ། ཆོས་ཀྱི་ཁྱད་པར་ལྷག་མས་མཇུག་བསྡུ་བ་ནི།
དེ་དག་སེམས་ཅན་དུ་སྟོན་པ་དང༌། རྒྱུ་མཐུན་དང༌། མ་བསྒྲིབས་ལུང་མ་བསྟན་ཡིན་པ་དེ་བཞིན་དུ་སྐལ་མཉམ་ཡང་ཡིན་ལ། དེ་འགའ་ཞིག་ནི་རྣམ་པར་སྨིན་པའང་ཡིན་ཏེ། རྣམ་སྨིན་སྐྱེས་ཡིན་པའི་མིག་སོགས་འདྲ་བྱེད་ཀྱི་རྫས་སྐལ་མཉམ་རྣམ་སྨིན་སྐྱེས་ཡིན་པའི་ཕྱིར་རོ། །རྒྱས་བྱུང་མ་ཡིན་ཏེ་གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །འདི་ནི་འོག་མ་དག་ལའང་སྦྱར་རོ།།
སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ཁམས་གསུམ་པ་སྟེ། ཐོབ་པ་ནི་དང༌། འཕགས་ལས་གཞན་སྐལ་མཉམ་ཀུན་འགྲོ་ཅི་རིགས་པའི་རྒྱུ་མཐུན་དང༌། རྣམ་སྨིན་སྐྱེས་ཀྱི་ཐོབ་པ་རྣམ་སྨིན་སྐྱེས་ཡིན་པས་རྣམ་པ་གཉིས་སོ། །སེམས་ཅན་དུ་སྟོན་པ་ནི་ལྡན་པ་ཞེས་པ་སྟེ་འགྲེལ་པར། ཐོབ་པ་རྣམས་ཀྱི་སེམས་ཅན་དུ་སྟོན་པ་ཉིད་བཤད་པ་ནི་ལྡན་པ་ཞེས་པར་བཤད་པའི་ཕྱིར་རོ་ཞེས་སོ། །གཞན་ནི་དེར་གཏོགས་ཞེས་དང༌། དགེ་ལས་སོགས་ཞེས་བཤད་ཟིན་ཏོ། །མཚན་ཉིད་རྣམས་ཀྱང་དེ་བཞིན་དུ་གཉིས་ཏེ་ཞེས་སྔ་མ་བཞིན་ནོ། །གཞན་ནི། ཐམས་ཅད་འདུས་བྱས་མཚན་ཉིད་དང༌། །ཞེས་པས་ཁམས་གསུམ་པ་དང༌། རྒྱུད་ཀྱིས་བསྡུས་པའང་ཡོད་པར་བཤད་ལ། སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པ་འོ། །ཞེས་པས་དགེ་སོགས་གསུམ་ཅར་དུ་འགྱུར་བར་འཆད་པའི་ཕྱིར་རོ། །སྙོམས་འཇུག་གཉིས་དང་མི་ལྡན་པ་དག་ནི་སྐལ་མཉམ་གྱི་རྒྱུ་མཐུན་ལས་བྱུང་བ་ཡིན་གྱི། རྣམ་སྨིན་མ་ཡིན་ཏེ། སྙོམས་འཇུག་གཉིས་དགེ་བར་ངེས་པའི་ཕྱིར་དང༌། ཊཱི་ཀར་རྣམ་སྨིན་གྱི་མ་ཐོབ་པ་ཡང་ཞར་ལ་བྱུང་བ་ཙམ་ཡིན་གྱི་བློ་སྔོན་དུ་གཏོང་བའི་ལས་ཀྱིས་བྱས་པ་མ་ཡིན་པའི་ཕྱིར་རོ་ཞེས་སོ། །གཞན་ནི། བསམ་གཏན་ཐ་མར་སྲིད་རྩེ་སྐྱེས། །ཞེས་དང༌། དགེ་བའོ་ཞེས་དང༌། དགེ་བ་འདུས་བྱས་ཡིན་པའི་ཕྱིར་སེམས་ཅན་དུ་སྟོན་པའོ། །མི་ལྡན་པ་ནི། འདོད་སོགས་གཏོགས་དང་དྲི་མེད་ཀྱིའང༌། །ཞེས་དང༌། ལྡན་པ་ཞེས་འབྱུང་བ་དང་མ་ཐོབ་མ་བསྒྲིབས་ལུང་མ་བསྟན། ཞེས་བཤད་ཟིན་ཏོ། །འདུ་ཤེས་མེད་པ་པ་དང་དེ་འབྲས་ཆེ་དང༌། སྲོག་ནི་ཚེ་ཡིན་ཞེས་པ་དང༌། རྣམ་སྨིན་ཞེས་པས་གཉིས་ཅར་རྣམ་སྨིན་ལས་བྱུང་བ་དང༌། མ་བསྒྲིབས་ལུང་མ་བསྟན་དང༌། རྒྱུད་ཀྱིས་བསྡུས་པར་ཡང་བཤད་དོ།།
གཉིས་པ་ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ནི།
སྔར་རྒྱུ་དང་རྐྱེན་དག་མེད་པར་ནི་ཞེས་གང་གསུངས་པའི་རྒྱུ་དང་རྐྱེན་གང་དག་ཅེ་ན།
དེ་ལ་རྒྱུ་འབྲས་བུ་དང་བཅས་ཏེ་བཤད་པ་དང༌། རྐྱེན་བཤད་པ་གཉིས་ལས། དང་པོ་ལ་གསུམ་གྱི་དང་པོ་རྒྱུ་བཤད་པ་ལ་གསུམ་ལས་དང་པོ་དབྱེ་བ་ནི།
རྒྱུ་ནི་རྣམ་པ་དྲུག་ཏུ་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་ཅེས་བྱ་སྟེ་གང་དག་ཅེ་ན། བྱེད་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་དང་སྐལ་པ་མཉམ་པའི་རྒྱུ་དང་མཚུངས་པར་ལྡན་པ་རྒྱུ་དང་ཀུན་ཏུ་འགྲོ་བའི་རྒྱུ་དང་རྣམ་པར་སྨིན་པའི་རྒྱུ་སྟེ་མདོ་ལས་འབྱུང་བ་དེ་དག་གོ་ཞེའོ། །མདོ་གང་ལས་བཤད་ཅེ་ན། རྒྱུ་དྲུག་ཚང་བར་སྟོན་པའི་མདོ་ནི་ནུབ་སྟེ། གཅིག་ལས་འཕྲོས་པའི་ལུང་ཆོས་བརྒྱའི་བར་སྟོན་པ་ཡང་ད་ལྟ་བཅུའི་བར་སྟོན་པ་ལས་མེད་པ་བཞིན་ནོ། །འོན་ཀྱང་སོ་སོར་ངེས་པའི་རྒྱུ་སྟོན་པ་ནི་མདོ་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་ཤེས་སྐྱེའོ། །ལམ་གྱི་ཡན་ལག་གསུམ་པོའི་འདི་དག་ནི་ཡང་དག་པའི་ལྟ་བའི་རྗེས་སུ་འབྲང་བ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཚོར་བ་དང༌། འདུ་ཤེས་དང༌། སེམས་པའོ། །འདིའི་དགེ་བའི་རྩ་བ་ལས་དགེ་བའི་རྩ་བ་གཞན་སྐྱེ་བར་འགྱུར་བ་ཆུང་ངུ་དང་ལྷན་ཅིག་གྱུར་པ་ཡོད་ན་གང་ཟག་འདི་ཕྱིས་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ། །རྟོགས་ནས་ཤེས་པ་དང་མཚུངས་པར་ལྡན་པ་འདི་ནི་མཐོང་བའི་གཞི་ཅན་གྱི་དད་པའོ། །གང་ཟག་ལོག་པར་ལྟ་བ་ཅན་གྱི་ལུས་ངག་ཡིད་ཀྱི་ལས་ནི་མི་འདོད་པ་དང་མི་སྡུག་པ་ལ་སོགས་པར་འགྱུར་རོ། །ཆེད་དུ་བསམ་པའི་ལས་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་ཞེས་པ་ལ་སོགས་པའོ།།
གཉིས་པ། སོ་སོའི་རང་བཞིན་ལ་རྒྱུ་དྲུག་ལས། དང་པོ། བྱེད་རྒྱུ་ནི།
ཆོས་འགའ་ཞིག་སྐྱེ་བ་ན་རང་ལས་གཞན་པའི་ཆོས་ཐམས་ཅད་གེགས་མི་བྱེད་པར་གནས་པ་བྱེད་རྒྱུའི་རྒྱུ་སྟེ། རྗེ་དཔོན་གྱིས་གནོད་པ་མ་བྱས་པ་ལ་བདེ་བར་བྱས་སོ་ཞེས་པ་ལྟ་བུའོ། །གལ་ཏེ་མཐོང་སྤང་ཡང་མཐོང་ལམ་དང་ཉིན་པར་སྐར་འཛིན་གྱི་ཤེས་པ་སྐྱེ་བ་ལ་ཉི་མའི་འོད་ཀྱིས་གེགས་བྱེད་པ་མ་ཡིན་ནམ། དེ་ལྟ་ཡིན་ན་དེ་དེའི་བྱེད་རྒྱུ་མ་ཡིན་པར་འགྱུར་ལ། འདོད་ན་ཆོས་ཐམས་ཅད་ཀྱང་རང་རང་གི་ངོ་བོ་མ་གཏོགས་པ་འདུས་བྱས་ཀྱི་ཆོས་སྐྱེ་བ་དེའི་བྱེད་རྒྱུར་ཇི་ལྟར་རུང་ཞེ་ན། འདི་ལྟར་རྐྱེན་རྣམས་ཚོགས་ན་དེའི་མཇུག་ཐོགས་སུ་འབྱུང་བར་ངེས་པ་ནི་སྐྱེ་བ་ཡིན་ལ། དེ་ལ་དེ་དག་གེགས་མི་བྱེད་པས་བྱེད་རྒྱུ་ཡིན་པའི་ཕྱིར་དེ་ཉིད་ལེགས་པར་རྣམ་པར་གཞག་པ་ཡིན་ནོ། །དེ་སྐད་དུ་རྒྱལ་སྲས་ཀྱིས་ཀྱང༌། རྐྱེན་རྣམས་ཚོགས་ན་མཇུག་ཐོགས་སུ་འབྱུང་བའི་ཆོས་ལ་སྐྱེ་བ་ཞེས་བྱ་སྟེ་སྐྱེ་བ་དེ་སྐྱེ་བ་ལ་ཆོས་ཐམས་ཅད་གེགས་མི་བྱེད་པའི་ངོ་བོར་གནས་པ་ཁོ་ན་ཡིན་གྱི། ཐམས་ཅད་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་སོ། །གལ་ཏེ་འཚེ་བར་ནུས་པའི་རྗེ་དཔོན་ཞིག་གིས་དེ་ལྟར་མ་བྱས་པ་ལ་བདེ་བར་བྱས་སོ་ཞེས་པ་ལྟར་ཆོས་འགའ་ཞིག་སྐྱེ་བ་ལ་གེགས་ནུས་པ་ཞིག་གིས་གེགས་མི་བྱེད་པའི་ཕྱིར་རྒྱུར་རིགས་ན། མྱ་ངན་ལས་འདས་པ་ལྟ་བུ་གེགས་བྱེད་མི་ནུས་པའི་ཕྱིར་ཇི་ལྟར་རྒྱུ་ཡིན་ཞེ་ན། དེའི་དབང་གིས་མ་ཡིན་གྱི་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་ཡིན་པས་སྐྱོན་མེད་དོ། །དེའི་ཕྱིར་རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཞེས་གང་གསུངས་པ་ཡང་སྤྱིར་བསྟན་པ་ཡིན་གྱི་བྱེད་རྒྱུ་གཙོ་བོ་མ་ཡིན་པ་ནུས་པ་མེད་པ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་ཏེ། གཙོ་བོ་ཡིན་པ་ནུས་པ་ཡོད་པ་ཡང་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །དཔེར་ན་མིག་ཤེས་ལ་མིག་དབང་དང་མྱུ་གུ་ལ་ས་བོན་བཞིན་ནོ། །གཞན་དག་ན་རེ། བྱེད་རྒྱུ་ཐམས་ཅད་ནུས་བཅས་ཏེ་མྱང་འདས་ལ་དམིགས་པའི་ཡིད་ཤེས་སྐྱེ་ལ། དེ་ལས་མིག་ཤེས་སྐྱེ་བས་བརྒྱུད་པའི་སྒོ་ནས་དེ་ལྟར་རྐྱེན་དུ་གྱུར་པའི་ཕྱིར་རོ་ཞེས་ཟེར་ཏེ་ཁ་ཆེའི་གྲུབ་མཐའ་སྨྲ་བ་དག་གིས་དེ་ཁས་མི་བླང་ངོ༌།།
དེས་ན་ཆོས་ཐམས་ཅད་མཚན་གཞི། སྐྱེ་བ་ལ་མི་སྒྲིབ་པའི་ཆ་ནས་རྒྱུར་གཞག་ཏུ་རུང་བ་མཚན་ཉིད་དོ། །སྒྲ་དོན་ནི་གཞི་མཐུན་པའི་སྒྲར་ཐམས་ཅད་ལ་སྦྱར་རོ།།
གཉིས་པ། ལྷན་ཅིག་འབྱུང་བའི་རྒྱུ་ལ་གཉིས་ཀྱི་དང་པོ་དངོས་ལ་གསུམ་ལས། དང་པོ།ལྷན་ཅིག་འབྱུང་རྒྱུའི་མཚན་ཉིད་ནི།
ཆོས་གང་ཞིག་རང་གི་འབྲས་བུ་དང་ཕན་ཚུན་རྒྱུ་འབྲས་སུ་གྱུར་པས་ཕན་འདོགས་པའོ། །འདི་ནི་ཕལ་ཆེ་བའི་དབང་དུ་བྱས་ཀྱི་མཚན་ཉིད་སྐྱོན་མེད་མ་ཡིན་ཏེ་རྒྱལ་སྲས་ཀྱིས། མཚན་ཉིད་འདི་ནི་ལྷག་མ་དང་བཅས་པ་ཡིན་ཏེ་ཞེས་དང༌། འགྲེལ་པར། ཕན་ཚུན་འབྲས་བུ་མེད་བཞིན་དུ་ཆོས་ནི་མཐུན་པའི་མཚན་ཉིད་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། དེ་དག་ནི་དེའི་མ་ཡིན་པས་ཁ་བསྐང་བར་བྱའོ་ཞེས་སོ། །དེས་ན་ཆོས་གང་ཞིག་རང་དང་ལྷན་ཅིག་དུས་མཉམ་དུ་གྱུར་བའི་རང་གི་འབྲས་བུ་ལ་ཕན་བཏགས་པའི་ཆ་ནས་རྒྱུའི་རྐྱེན་དུ་རུང་བ་ཞེས་པའོ།།
གཉིས་པ། མཚན་གཞི་དཔེར་བརྗོད་པ་ནི།
ཚོགས་པ་གཅིག་ཏུ་སྐྱེས་པའི་འབྱུང་བ་བཞི་བཞིན་དང༌། སེམས་ཀྱི་རྗེས་འཇུག་དང་སེམས་བཞིན་དང༌། འདུས་བྱས་སུ་འཇོག་བྱེད་མཚན་ཉིད་མཚན་གཞི་བཞིན་ནོ། །བཞིན་ནི་དཔེར་བརྗོད་པའི་དོན་ཏེ་རྒྱལ་སྲས་ཀྱིས་བཞིན་ཞེས་བྱ་བའི་རྐྱེན་ནི་དཔེར་ན་ཞེས་བྱ་བའི་དོན་ཡིན་ནོ་ཞེས་བཤད་དོ། །ཅི་དེ་དག་གིས་དོན་རྫོགས་པར་བསྟན་པ་མ་ཡིན་ནམ། དཔེར་བརྗོད་པར་ཇི་ལྟར་འཐད་ཅེ་ན། མ་རྫོགས་ཏེ་གང་སྤེལ་གྱིས། སེམས་ཀྱི་རྗེས་སུ་འཇུག་པ་ཕན་ཚུན་དང༌། མཚན་ཉིད་རྣམས་ཕན་ཚུན་ནོ་ཞེས་སོ།།
གསུམ་པ། སེམས་ཀྱི་རྗེས་འཇུག་གཏན་ལ་དབབ་པ་ནི།
སེམས་ལས་འབྱུང་བ་རྣམས་དང༌། བསམ་གཏན་དང་ཟག་མེད་དེ་སྡོམ་པ་གཉིས་དང་སེམས་དང་སེམས་བྱུང་དང་སྡོམ་པ་གཉིས་པོ་དེ་དག་གི་མཚན་ཉིད་སྐྱེ་བ་ལ་སོགས་པ་བཞི་ནི་སེམས་ཀྱི་རྗེས་འཇུག་གོ །དེར་འཇོག་པའི་རྒྱུ་ཡང་དུས་ལས་ནི་སེམས་དང་ལྷན་ཅིག་སྐྱེ་བ་དང༌། གནས་པ་དང༌། འགག་པ་གཅིག་པ་དང༌། དེ་དག་མི་གཅིག་ཀྱང་དུས་ཙམ་དུ་གཅིག་པ་སྟེ། མི་སྐྱེ་བའི་ཆོས་ཅན་གྱི་སེམས་དང་དེའི་རྗེས་སུ་འཇུག་པ་རྣམས་ད་ལྟར་དུ་མི་སྐྱེ་བའི་ཕྱིར། སྐྱེ་འགག་གནས་གསུམ་མི་གཅིག་ཀྱང་དུས་ཙམ་དུ་གཅིག་པའི་ཕྱིར་རོ། །དེ་སྐད་དུ་རྒྱལ་སྲས་ཀྱིས། མི་སྐྱེ་བའི་ཆོས་ཅན་གྱི་སེམས་ལ་སེམས་ཀྱི་རྗེས་སུ་འཇུག་པ་རྣམས་དུས་གཅིག་ཏུ་གཏོགས་པ་ཡིན་མོད་ཀྱི་དེ་དག་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ནི་མ་ཡིན་ནོ་ཞེས་སོ། །འབྲས་བུ་ལས་ནི་བྲལ་འབྲས་དང་སྐྱེས་བུ་བྱེད་འབྲས་གང་རུང་ངམ། གཉིས་ཀ་གཅིག་པས་འབྲས་བུ་གཅིག་པ་ཡིན་ལ། བདག་འབྲས་གཅིག་པ་མི་དགོས་ཏེ་དེ་ཉིད་ལས། འབྲས་བུ་ནི་སྐྱེས་བུ་བྱེད་འབྲས་དང་བྲལ་བའི་འབྲས་བུ་ཡིན་ཏེ་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་ནི་ལོགས་ཤིག་ཏུ་སྨོས་ཟིན་པའི་ཕྱིར་རོ། །བདག་འབྲས་ནི་ཐམས་ཅད་དང་ཐུན་མོང་པ་ཡིན་པས་མ་སྨོས་སོ་ཞེས་དང༌། གང་སྤེལ་གྱིས་ཀྱང་འབྲས་བུ་སྨོས་པས་ནི་སྐྱེས་བུ་བྱེད་འབྲས་དང་བྲལ་བའི་འབྲས་བུ་བསྡུའོ་ཞེས་པ་དང༌། བདག་འབྲས་ཅིའི་ཕྱིར་མ་བསྡུས་ཞེ་ན། དེ་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ཡིན་གྱི་སེམས་ཀྱི་རྗེས་སུ་འཇུག་པ་རྣམས་ཁོ་ནའི་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་པ་ནི་འདུས་བྱས་ལ་དགོངས་སོ། །སོགས་ཀྱིས་རྣམ་སྨིན་གཅིག་པ་དང༌། རྒྱུ་མཐུན་གཅིག་པའོ། །གཅིག་པའི་དོན་ནི་གྲངས་མཐུན་པའམ་འབྲས་བུ་ཐུན་མོང་དུ་གྱུར་པ་སྟེ་རྒྱལ་སྲས་ཀྱིས། གཅིག་ཅེས་བྱ་བའི་སྒྲ་འདི་ནི་གྲངས་སམ་ཐུན་མོང་བ་ཡིན་ནོ་ཞེས་སོ། །ངོ་བོ་ལས་ནི་སེམས་དགེ་ན་རྗེས་འཇུག་དགེ་བ་དང་ལ་སོགས་ཀྱིས་མི་དགེ་བ་དང་ལུང་མ་བསྟན་དུ་གཅིག་པའོ། །དེ་ལྟར་རྒྱུ་བཅུ་ཡིན་ནོ་ཞེས་བྱ་སྟེ་འགྲེལ་པར། རྒྱུ་བཅུས་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ་ཞེས་སོ། །དེ་ཡང་ཐམས་ཅད་བགྲངས་པ་ཡིན་གྱི་སེམས་གཅིག་ལ་བཅུ་ཅར་ཡོད་པ་མ་ཡིན་ཏེ་དགེ་སོགས་གསུམ་སེམས་གཅིག་ལ་འགལ་བའི་ཕྱིར་རོ། །དེའི་ཕྱིར་མང་ན་བརྒྱད་སྲིད་ལ་ཉུང་ན་བཞི་དང༌། གཞན་ཅི་རིགས་སུ་སྦྱར་རོ།།
གཉིས་པ། ཞར་ལ་ལྷན་ཅིག་འབྱུང་བའི་རྒྱུ་དཔེར་བརྗོད་པ་ནི།
རྗེས་འཇུག་ཉུང་བ་བསམ་གཏན་གཉིས་པ་སོགས་ཀྱི་སེམས་མ་བསྒྲིབས་པ་ནི་ས་མང་པོ་པ་བཅུ་དང༌། དེ་དག་གི་མཚན་ཉིད་བཞི་བཅུ་དང༌། སེམས་ཀྱི་མཚན་ཉིད་བཞི་དང༌། མཐུན་པའི་མཚན་ཉིད་བཞི་སྟེ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷན་ཅིག་འབྱུང་རྒྱུ་ཡིན་ཏེ། གཞན་དག་ནི་ཤེས་སླ་བས་མ་སྨོས་ལ། སེམས་ཀྱི་མཐུན་པའི་མཚན་ཉིད་རྣམས་ཀྱང་སེམས་ལ་ཉེ་ཞིང་སེམས་ཀྱང་སྟོབས་ཆེ་བའི་ཕྱིར་རོ། །ས་མང་པོ་པའི་རྣམས་ནི་ཐག་རིང་བས་དེ་ལྟ་མ་ཡིན་ནོ། །ཚུར་ནི་ལྔ་བཅུ་རྩ་བཞིས་བྱེད་ཀྱི་མཐུན་པའི་མཚན་ཉིད་བཞི་ཉེ་ཡང་ཉིང་གཡོག་ལྟར་སྟོབས་ཆུང་བས་རང་གི་མཚན་ཉིད་ལ་བརྒལ་ནས་རྒྱུ་བྱེད་པ་མ་ཡིན་ནོ་ཞེས་ཁ་ཆེ་བ་ཟེར་རོ། །ཉི་འོག་པ་ནི་བཞི་བཅུ་པོས་ཀྱང་སེམས་ལ་མ་ཡིན་ལ། སེམས་ནི་རྒྱལ་པོ་ལྟར་ཡིན་པས་སྔ་མ་བཞིན་ནོ་ཞེས་ཟེར་རོ། །ཁ་ཆེ་བ་ནི་དེ་ལྟ་ན་རབ་ཏུ་བྱེད་པ་དང་འགལ་བར་འགྱུར་ཏེ་དེ་ཉིད་ལས། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ནི་འཇིག་ཚོགས་ལ་ལྟ་བ་དང༌། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་དག་མ་གཏོགས་པ་དེ་དག་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་ཅན་གང་ཡིན་པའོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་ནི་མ་གཏོགས་པ་གང་ཡིན་པའོ་ཞེས་འབྱུང་བའི་ཕྱིར་རོ་ཞེའོ། །ཉི་འོག་པ་ནི་ཁོ་བོ་ཅག་དེ་སྐད་དུ་མི་འདོན་གྱི་འཇིག་ཚོགས་ལ་ལྟ་བའི་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་མ་གཏོགས་པ་ཞེས་འདོན་པས་ཇི་ལྟར་འགལ་བར་འགྱུར་ཞེས་པ་དང༌། དེ་ནི་ཉེས་ཏེ། འཇིག་ཚོགས་ལ་ལྟ་བ་ནི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་བདག་ཉིད་ལྟ་བུར་དོན་དམིགས་པ་དང་བྱ་བ་གཅིག་པའི་ཕྱིར་རོ། །དེས་ན་སྔ་མ་ལྟར་འདོན་དགོས་སོ། །ཡང་ན་འཇིག་ཚོགས་ལ་ལྟ་བ་སྨོས་པས་དེ་དང་མཚུངས་ལྡན་རྣམས་སྨོས་པའམ། སྐབས་ཀྱི་སྟོབས་ཀྱི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་ཞེས་དོན་གྱིས་དེ་ལྟར་གོ་བར་བྱའོ་ཞེས་ཁ་ཆེ་བ་ཟེར་རོ། །འདི་ལས་འཕྲོས་པ་རབ་ཏུ་བྱེད་པ་ལས་གསུངས་པའི་འཇིག་ཚོགས་ལ་ལྟ་བའི་རྒྱུ་དང་རྒྱུ་ཅན་གྱི་མུའི་དབྱེ་བ་ཞིབ་ཏུ་ཤེས་པར་འདོད་པ་དག་གིས་ཁོ་བོས་བྱས་པའི་ཡིག་ཆུང་ལོགས་སུ་བལྟ་བར་བྱའོ།།
གསུམ་པ་སྐལ་མཉམ་རྒྱུ་ནི།
ཆོས་འདྲ་བ་སྔ་མས་འདྲ་བ་ཕྱི་མ་སྐྱེད་པའོ། །འདྲ་བའི་དོན་ནི་དགེ་བ་ཟག་བཅས་དང༌། འདུས་བྱས་ཟག་མེད་དང༌། ཉོན་མོངས་ཅན་དང༌། མ་བསྒྲིབས་ལུང་མ་བསྟན་དུ་འདྲ་བའོ། །དེ་དག་ཕུང་པོ་ལྔ་ཅར་གྱིས་ལྔ་ཅར་གྱི་རུང་ངོ༌། །གཞན་དག་ནི་ལུང་མ་བསྟན་གཟུགས་ནི་ལྔ་ཅར་གྱི་ཡིན་ལ་བཞི་ནི་གཟུགས་ཀྱི་མ་ཡིན་ཏེ་དམན་པ་དང་སྟོབས་ཆུང་བའི་ཕྱིར་ཞེས་ཟེར་རོ། །ནུར་ནུར་པོ་ནི་རིས་མཐུན་པ་བཅུ་ཅར་གྱི་ཡིན་ལ། མེར་མེར་པོ་ལ་སོགས་པ་རེ་རེ་ནས་ཕྲི་བའོ། །རིས་མི་མཐུན་པ་ཐམས་ཅད་ཀྱང་བཅུ་ཅར་གྱི་སྟེ་རྒས་པ་ཡང་ཚེ་རབས་གཞན་གྱི་གནས་སྐབས་བཅུ་ཅར་གྱི་སྐལ་མཉམ་གྱི་རྒྱུར་རུང་བའི་ཕྱིར་རོ། །ཕྱིའི་དག་ནི་ནས་ནི་ནས་ཀྱི་ཡིན་གྱི་སཱ་ལུའི་མ་ཡིན་ལ། སཱ་ལུ་ཡང་དེ་བཞིན་ཏེ་དེ་དང་དེ་སྐྱེད་པའི་མཐུ་མེད་པའི་ཕྱིར་རོ། །འདྲ་བ་ཐམས་ཅད་འདྲ་བའི་ཐམས་ཅད་ཀྱིའང་མ་ཡིན་ཏེ། ཟག་བཅས་ནི་སྤང་བྱ་རིས་ལྔ་ལས་རང་གི་རིས་གཅིག་པ་དང་ས་གཅིག་པའོ། །དེ་དག་ལས་དུས་སྔར་སྐྱེས་པ་རྣམས་ནི་ཕྱི་མ་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱིའོ། །དེ་སྐད་དུ་བསྟན་བཅོས་ལས། སྐལ་བ་མཉམ་པའི་རྒྱུ་གང་ཞེ་ན། དགེ་བའི་རྩ་བ་སྔར་བྱུང་བ་རྣམས་ནི་རང་གི་ཁམས་ན་དགེ་བའི་རྩ་བ་ཕྱིས་བྱུང་བ་རྣམས་དང་དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུས་རྒྱུ་ཡིན་ནོ། །དེ་ལྟར་ན་འདས་པ་རྣམས་ནི་འདས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡིན་ནོ། །འདས་པ་དང་ད་ལྟ་བྱུང་བ་རྣམས་ནི་མ་འོངས་པ་རྣམས་ཀྱི་ཡིན་ནོ་ཞེས་བཤད་ལ། མ་འོངས་པ་རྣམས་མ་འོངས་པ་རྣམས་ཀྱི་ཡིན་ནོ་ཞེས་མ་བཤད་པའི་ཕྱིར་སྐལ་མཉམ་རྒྱུ་མ་འོངས་པ་མེད་དོ། །དེ་ཡང་རྒྱུད་གཅིག་པ་དང་ནུས་པ་འཇུག་པ་དགོས་ཏེ། བྱེ་བྲག་ཏུ་བཤད་པ་ལས། མིག་ནི་མིག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ལྷས་བྱིན་གྱི་མིག་ནི་ལྷས་བྱིན་གྱི་མིག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། གཡས་པ་ནི་གཡས་པའི་ཡིན་ལ་གཡོན་པ་ནི་ གཡོན་པའི་ཡིན་ཞེས་པ་དང༌། ནས་ནི་ནས་ཀྱི་ཡིན་ལ་སཱ་ལུ་ནི་སཱ་ལུའི་བར་དུ ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །རང་གི་ས་པར་བཤད་པ་ཐམས་ཅད་ལ་ངེས་སམ་ཞེ་ན། ཟག་བཅས་ལ་ངེས་ཀྱི། ས་དགུའི་ཟག་མེད་ཀྱི་ལམ་ནི་ཕན་ཚུན་དུ་སྐལ་མཉམ་གྱི་རྒྱུའོ། །དེ་ནི་འགྲོན་པོ་ལྟར་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ། ས་དེའི་སྲེད་པས་རིས་སུ་མ་བཅད་ཅིང་བདག་གིར་མ་བྱས་པའི་ཕྱིར་རོ།།
དེ་ཡང་མཉམ་དང་ཁྱད་པར་ཅན་གྱི་ཡིན་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་ཉིད་མ་འོངས་པ་དང་མི་སྐྱེ་བ་ཤེས་པའི་བར་ཁྱད་པར་ཅན་གྱི་རྒྱུ་དང༌། དེ་ནི་མི་སྐྱེ་བ་ཤེས་པ་ཁོ་ན་དང༌། མཐོང་སྒོམ་མི་སློབ་ལམ་ནི་གསུམ་དང་གཉིས་དང་གཅིག་གི་ཡིན་ལ། དབང་པོ་རྟུལ་པོའི་ལམ་ནི་རྟུལ་པོ་དང་རྣོན་པོའི་ལམ་དང༌། རྣོན་པོའི་ལམ་ནི་དེ་ཁོ་ནའི་རྒྱུའོ། །དད་པས་རྗེས་འབྲང་དང༌། དད་མོས་དང་དུས་ཀྱིས་རྣམ་གྲོལ་གྱི་ལམ་ནི་དྲུག་དང་བཞི་དང་གཉིས་དང༌། ཆོས་རྗེས་སོགས་གསུམ་ནི་གསུམ་དང་གཉིས་དང་གཅིག་གི་ཡིན་ནོ། །འོ་ན་བསམ་གཏན་གཉིས་པ་ནས་ཅི་ཡང་མེད་ཀྱི་བར་གྱི་ཟག་མེད་ཀྱི་ལམ་རྣམས་མི་ལྕོགས་མེད་ནས་རྣམ་ཤེས་ཀྱི་བར་ཟག་མེད་ཀྱི་ལམ་རྣམས་དང་མཉམ་པ་དང་ཁྱད་པར་ཅན་དུ་ཇི་ལྟར་བཞག་སྟེ། ས་འོག་མ་དེ་དག་དམན་པའི་ཕྱིར་རོ་ཞེ་ན། ཟག་བཅས་ཀྱི་ས་འོག་མ་དམན་པ་ནི་བདེན་ན། འདིར་ཟག་མེད་ཀྱི་ས་ཡིན་ལ་དེ་ཉིད་དབང་པོ་དང་རྒྱུས་རྒྱས་པར་བྱས་པའི་ཕྱིར་དམན་པ་མ་ཡིན་ནོ། །དེས་ན་འདི་ལྟར་བསམ་གཏན་བཞི་པ་དང་ས་འོག་མའི་དད་པས་རྗེས་འབྲང་གི་ལམ་ནི་མཉམ་སྟེ་གཉིས་ཀ་དབང་རྟུལ་ཡིན་པའི་ཕྱིར་རོ། །དེ་བས་ས་འོག་མའི་ཆོས་རྗེས་འབྲང་བའི་ལམ་ཁྱད་པར་ཅན་ཡིན་ཏེ་དབང་པོ་རྣོ་བའི་ཕྱིར་རོ། །དེ་ཉིད་གོང་མའི་ཆོས་རྗེས་འབྲང་དང་མཉམ་མོ། །དེ་བཞིན་དུ་བསམ་གཏན་བཞི་པའི་མཐོང་ལམ་དང་ས་འོག་མའི་སྒོམ་ལམ་མི་སློབ་ལམ་དང༌། ས་གོང་མའི་སྒོམ་ལམ་དང་འོག་མའི་ལམ་དེ་གཉིས་ཀྱང་དབང་པོའི་སྒོ་ནས་མཉམ་པ་དང་ཁྱད་པར་ཅན་གྱི་ཡིན་པ་ཅི་རིགས་པར་སྦྱར་རོ། །བཞི་པའི་སྡུག་བསྔལ་ལ་ཆོས་བཟོད་པས་འོག་མའི་ཆོས་ཤེས་ནས། དེའི་ལམ་ལ་ཆོས་ཤེས་པས་འོག་མའི་ལམ་ལ་རྗེས་བཟོད་ཀྱི་བར་དུ་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ཏེ། རིམ་པ་ལྟར་སྐལ་བ་མཉམ་པའི་རྒྱུ་ལྷག་པ་རེ་རེས་རྒྱས་པར་བྱས་པའི་ཕྱིར་རོ། །འདིས་ནི་གོང་མའི་མཐོང་ལམ་པས་འོག་མའི་སྒོམ་ལམ་དང༌། གོང་མའི་སྒོམ་ལམ་པས་འོག་མའི་མི་སློབ་ལམ་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ནོ། །སྒོམ་ལམ་ཟག་མེད་ལ་གོང་འོག་གི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལྟ་བུ་མཉམ་ལ་འོག་མའི་ཆུང་ངུའི་འབྲིང་ནི་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་པ་ལ་སོགས་པར་སྦྱར་རོ།།
འོ་ན་དད་པས་རྗེས་འབྲང་དྲུག་གི་སྐལ་མཉམ་གྱི་རྒྱུར་བཞག་ན། ཇི་ལྟར་ཆོས་ཀྱི་རྗེས་འབྲང་གི་རྒྱུར་རུང༌། དེ་གཉིས་རྒྱུད་གཅིག་ལ་མངོན་དུ་འགྱུར་པ་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ཡིན་ཀྱང་རྟུལ་པོ་ལ་རྟུལ་པོའི་ལམ་མ་འོངས་པ་བཞིན་དུ་རྣོན་པོའི་ལམ་མ་འོངས་པ་ཡོད་པས་དེའི་རྒྱུ་ཡིན་ནོ། །མཐོང་ཐོབ་དང་དུས་མི་སྦྱོར་གྱི་ལམ་ནི་གལ་ཏེ་དབང་པོ་འཕོས་ན་མངོན་དུ་འགྱུར་ཡང་སྲིད་དོ། །དེས་ན་དད་པས་རྗེས་འབྲང་གི་ལམ་ནི་དེ་ཉིད་དང་ཆོས་ཀྱི་རྗེས་འབྲང་གི་ལམ་མི་སྐྱེ་བའི་ཆོས་ཅན་དང༌། དད་མོས་སོགས་བཞིའི་ལམ་མ་འོངས་པ་སྐྱེ་བའི་ཆོས་ཅན་ནམ། མི་སྐྱེ་བའི་ཆོས་ཅན་མཉམ་པ་དང་ཁྱད་པར་ཅན་གྱི་ཡིན་ལ་གཞན་ཤེས་སླའོ། །དབྱིག་བཤེས་ནི་དད་རྗེས་འབྲང་དབང་པོ་འཕོས་ཏེ་ཆོས་རྗེས་འབྲང་མངོན་དུ་བྱེད་ན་ལམ་སྐྱེ་བ་དེའི་རྒྱུ་བྱེད་དོ་ཞེས་ཟེར་ཏེ། དེ་ལ་དབང་པོ་འཕོ་བ་མེད་པས་མི་རིགས་སོ་ཞེས་རྒྱལ་སྲས་འཆད་ཅིང༌། མཐོང་ལམ་པ་ལ་ནི་འཕོ་བ་མེད་ཅེས་པའི་དོན་ཏོ། །ཅི་ཟག་མེད་ཀྱི་ལམ་ཁོ་ན་མཉམ་པ་དང་ཁྱད་པར་ཅན་གྱིའམ་ཞེ་ན་མ་ཡིན་ཏེ། འཇིག་རྟེན་པའི་དགེ་བ་སྦྱོར་བྱུང་ཡང་མཉམ་པ་དང་ཁྱད་པར་ཅན་དེ་གཉིས་ཁོ་ནའི་སྐལ་མཉམ་གྱི་རྒྱུ་ཡིན་ནོ། །དཔེར་ན་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐོས་པ་དང་བསམས་བྱུང་དང༌། ལ་སོགས་པས་བསྒོམས་པ་ལས་བྱུང་བ་ལྟ་བུའོ། །དེ་ནི་འདི་ལྟར་འདོད་པའི་ཐོས་བྱུང་ནི་ས་དེའི་ཐོས་བྱུང་དང་བསམས་བྱུང་གི་ཡིན་གྱི་བསྒོམས་བྱུང་ས་དེ་ན་མེད་ཅིང་གོང་ས་དང་ས་མི་གཅིག་པའི་ཕྱིར་རོ། །གཟུགས་ཀྱི་ཐོས་བྱུང་ནི་ས་དེའི་བསྒོམས་བྱུང་དང༌། བསྒོམས་བྱུང་ནི་དེ་ཁོ་ནའི་ཡིན་ཏེ། ཆེ་འབྲིང་དགུ་ལས་ཆུང་ངུའི་ཆུང་ངུ་ཐམས་ཅད་ཀྱི་དང༌། ཆེན་པོའི་ཆེན་པོ་དེ་ཉིད་ཕྱི་མ་ཁོ་ནའི་འོ། །དགེ་བ་སྐྱེས་ཐོབ་ནི་ཆེ་འབྲིང་དགུ་པོ་ཐམས་ཅད་མངོན་པར་འདུ་བྱེད་པ་ཆེན་པོ་ལ་མི་ལྟོས་པའི་ཕྱིར་ཕན་ཚུན་དང་ཉོན་མོངས་པ་རྣམས་ཀྱང་དེ་བཞིན་ནོ། །མ་བསྒྲིབས་ལུང་མ་བསྟན་བཞི་ནི་རིམ་པ་བཞིན་བཞི་དང་གསུམ་དང་གཉིས་དང་གཅིག་དང༌། སྤྲུལ་སེམས་ནི་བསམ་གཏན་ལ་བརྟེན་པས་འདོད་པའི་སྤྲུལ་སེམས་བསམ་གཏན་བཞིའི་འབྲས་བུར་རུང་ལ། དེ་དག་ཀྱང་བཞི་དང་གསུམ་དང་གཉིས་དང་གཅིག་གོ །གཞན་དུ་མ་ཡིན་ཏེ། བསམ་གཏན་རྣམས་གོང་མ་གོང་མ་འདུ་བྱེད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་གོང་མ་གོང་མ་མཆོག་ཡིན་ལ་དེའི་འབྲས་བུ་དེ་རྣམས་ཀྱང་དེ་ལྟ་ཡིན་པའི་ཕྱིར་རོ། །རིགས་པ་འདིས་གཟུགས་ཀྱི་སྤྲུལ་སེམས་ལའང་ཅི་རིགས་པར་སྦྱར་རོ། །དེས་ན་འདུས་བྱས་རྣམས་མཚན་གཞི། ཆོས་གང་ཞིག་རང་དང་རྣམ་པ་འདྲ་བར་རང་གི་རྒྱུ་མཐུན་འབྲས་བུ་སྐྱེད་པ་མཚན་ཉིད་དོ།།
བཞི་པ་མཚུངས་ལྡན་རྒྱུ་ནི།
སེམས་དག་དང་སེམས་ལས་བྱུང་བ་ཞེས་པ་སྟེ་ནིའི་སྒྲ་ངེས་པར་གཟུང་བའམ་སེམས་དང་སེམས་ལས་བྱུང་བ་ཁོ་ནའོ་ཞེས་རིམ་པ་བཞིན་དུ་སྦྱར་བར་རྒྱལ་སྲས་འཆད་དོ། །ངེས་གཟུང་ནི་མི་ལྡན་རྣམ་གཅོད་དེ། འདི་ལྟར་སེམས་དང་སེམས་བྱུང་རྣམས་ཕན་ཚུན་མཚུངས་ལྡན་གྱི་རྒྱུ་ཡིན་པ་ཁོ་ན་ཞེས་པའོ། །དེ་ལྟ་ན་དུས་དང་རྒྱུད་ཐ་དད་པ་དག་ཀྱང་དེར་ཐལ་བར་འགྱུར་བས་དེ་བཅད་པའི་དོན་དུ་དམིགས་རྣམ་གཅིག་པའི་སེམས་དང་སེམས་བྱུང་ཞེས་ཏེ། དེ་ཡང་དེར་ཐལ་བར་འགྱུར་རོ། །འོན་ཏེ་དེ་ལ་དུས་གཅིག་པ་ཞེས་པ་སྦྱོར་ཡང་རྒྱུད་ཐ་དད་ལས་སྐྱེས་པ་ལ་ཐལ་བར་འགྱུར་བས། རྟེན་བདག་རྐྱེན་མཚུངས་པ་ཅན་རྣམས་སོ། །མཚུངས་པའི་དོན་ཐ་མི་དད་པ་སྟེ། མིག་ཤེས་ཀྱི་བདག་རྐྱེན་མིག་དབང་ལྟར་དེ་དང་མཚུངས་ལྡན་ཚོར་སོགས་ཀྱིའང་ཡིན་པ་ལྟ་བུའོ། །དེ་ཉིད་ལྷན་ཅིག་འབྱུང་རྒྱུའང་ཡིན་པས་ཁྱད་པར་ཅི་ཞེ་ན། ཕན་ཚུན་རྒྱུ་འབྲས་དང་མཚུངས་ལྡན་ལྔས་མཚུངས་པའི་ཆ་ནས་ཏེ། འགྲོན་པ་རྣམས་ཕན་ཚུན་སྟོབས་ཀྱིས་ལམ་དུ་འགྲོ་བ་དང་ཟས་སྐོམ་ལ་སོགས་པ་ཡོངས་སུ་སྤྱད་པའི་བྱ་བ་ལ་འདྲ་བར་སྦྱོར་བའི་དོན་གྱིས་སོ། །དེས་ན་སེམས་སེམས་བྱུང་མཚན་གཞི། བློ་གང་ཞིག་མཚུངས་ལྡན་ལྔས་མཚུངས་པའི་ཆ་ནས་རྒྱུར་གཞག་ཏུ་རུང་བ་མཚན་ཉིད་དོ།།
ལྔ་པ་ཀུན་འགྲོའི་རྒྱུ་ཞེས་བྱ་བ་ནི།
རང་གི་འབྲས་བུ་ཉོན་མོངས་ཅན་རྣམས་ཀྱི་ཐུན་མོང་གི་རྒྱུའོ། །དེ་ཡང་རང་སར་གཅིག་པ་དང་འབྲས་བུ་དེ་ལས་ཀུན་འགྲོ་དེ་ཉིད་དུས་སྔ་བར་སྐྱེས་པའོ། །དེས་ན་འདས་ད་ལྟར་དུ་སྐྱེས་པའི་ཀུན་འགྲོ་སུམ་ཅུ་རྩ་གསུམ་འཁོར་བཅས་ཐོབ་པ་ལས་གཞན་པ་མཚན་གཞི། རང་གི་འབྲས་བུ་ཉོན་མོངས་ཅན་གྱི་ཐུན་མོང་གི་རྒྱུ་བྱས་པའི་ཚུལ་གྱིས་རང་འབྲས་རྒྱུ་མཐུན་སྐྱེད་པའོ། །འོ་ན་འཕགས་པའི་རྒྱུད་ཀྱི་ཉོན་མོངས་ཅན་གྱི་ཆོས་རྣམས་ཀུན་འགྲོའི་རྒྱུ་ལས་བྱུང་ངམ་ཞེ་ན། རབ་ཏུ་བྱེད་པ་ལས། མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན། ཉོན་མོངས་ཅན་གྱི་ཆོས་རྣམས་དང༌། མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་གང་ཡིན་པའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་ཁ་ཆེ་བ་ཟེར་རོ།།
དྲུག་པ་རྣམ་སྨིན་གྱི་རྒྱུ་ནི།
རང་གི་ངོ་བོ་སྟོབས་དང་ལྡན་ཞིང་སྲེད་པའི་རླན་དང་བཅས་པ་ཡིན་ན། ལུང་མ་བསྟན་དེ་དང་བཅས་ཀྱང་སྟོབས་ཆུང་བས་ས་བོན་རུལ་བ་བཞིན་དང༌། ཟག་མེད་བརླན་པའི་དེ་མེད་པའི་ས་བོན་གྲུང་པོ་བཞིན་ནོ། །དེའི་ཕྱིར་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་རྣམས་ཁོ་ནའོ། །དེ་དག་མཚན་གཞི། ལུང་བསྟན་པ་གང་ཞིག་རང་གི་འབྲས་སུ་རྣམ་སྨིན་སྐྱེད་པའི་ཆ་ནས་རྒྱུར་རུང་བའོ། །འོ་ན་རྣམ་སྨིན་གྱི་རྒྱུ་ཡིན་པས་རྣམ་སྨིན་གྱི་རྒྱུའམ། གཞི་མཐུན་ཡིན་པས་དེར་གཞག དང་པོ་ལྟར་ན་མིག་རྣམ་སྨིན་ཡིན་པ་ནི་རྣམ་སྨིན་ལས་སྐྱེས་པར་ཇི་ལྟར་རུང༌། རྣམ་སྨིན་ཡིན་ན་རྣམ་སྨིན་གྱི་རྒྱུ་ལས་སྐྱེ་དགོས་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་དེ་ཉིད་ལས་ཀྱི་རྣམ་སྨིན་དུ་ཇི་ལྟར་རུང་སྟེ། ཟག་བཅས་ཀྱི་ལས་ནི་རྣམ་སྨིན་གྱི་རྒྱུ་ཡིན་ལ། རྣམ་སྨིན་ཡང་ལས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ་ཞེ་ན། གཉིས་ཀ་ལྟར་རུང་སྟེ། མིག་རྣམ་སྨིན་ལས་སྐྱེས་པ་ཞེས་པ་ནི་རྒྱུའི་སྒྲ་མི་མངོན་པར་བྱས་པ་ཡིན་ལ། ལས་ཀྱི་རྣམ་སྨིན་ཞེས་པ་ནི་འབྲས་བུའི་དུས་སུ་ཕྱིན་པའི་ལས་ལ་དེའི་མིང་གིས་བཏགས་པ་ཡིན་པའི་ཕྱིར་རོ། །འདི་ལས་འཕྲོས་པའི་དོན་ནི་ཁོ་བོས་བྱས་པའི་ཡིག་ཆུང་ལོགས་སུ་བལྟ་བར་བྱའོ།།
གསུམ་པ་དུས་ངེས་པས་མཇུག་བསྡུ་བ་ནི།
རྒྱུ་རྣམས་ཀྱི་དུས་ངེས་པ་ཇི་ལྟར་ཞེ་ན། སྐལ་མཉམ་ཀུན་འགྲོ་ནི་སྔར་ཞེས་པས་དོན་གྱིས་བཤད་ཀྱང་མདོར་མ་མཛད་པས་དེ་འཆད་པ། ཀུན་འགྲོ་སྐལ་མཉམ་ནི་དུས་གཉིས་པ་ཁོ་ན་ཡིན་གྱི་མ་འོངས་པ་ལ་མི་གཞག་གོ །དེ་ནི་འདི་ལྟར་སྐལ་མཉམ་ནི་རྒྱུ་མཐུན་གྱི་འབྲས་བུ་དང་བཅས་པ་ཡིན་ན་མ་འོངས་པ་ལ་སྔ་ཕྱི་མེད་པས་དེ་མི་རིགས་པའི་ཕྱིར་རོ། །སྔ་ཕྱི་མེད་པ་ནི་རྒྱལ་སྲས་ཀྱིས། མ་འོངས་པའི་གནས་སྐབས་ན་ནི་འདི་ནི་སྔ་མའོ་འདི་ནི་ཕྱི་མའོ་ཞེས་ཡོངས་སུ་མི་ཆོད་དེ་ཆོལ་བར་འདུག་པའི་ཕྱིར་རོ་ཞེས་སོ། །དེ་མེད་ན་འདྲ་བའི་སྐལ་མཉམ་གྱི་རྒྱུ་འདྲ་བ་ཡིན་པས་ཕན་ཚུན་དུ་རྒྱུར་གྱུར་པའི་ཕྱིར་ཕན་ཚུན་རྒྱུ་མཐུན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཀུན་འགྲོ་ཡང་རིགས་པ་དེ་ཉིད་ཀྱིས་མ་འོངས་པ་ལ་མི་བཞག་གོ །དེ་སྐད་དུ་རྒྱལ་སྲས་ཀྱིས། སྐལ་བ་མཉམ་པའི་རྒྱུའི་གཏན་ཚིགས་བཤད་པ་གང་ཡིན་པ་དེ་ནི་ཀུན་དུ་འགྲོ་བའི་རྒྱུའི་གཏན་ཚིགས་བཤད་པའི་ངོ་བོ་ཡིན་པར་ཡང་བཤད་པར་བྱའོ་ཞེས་སོ། །འོ་ན་སྐལ་མཉམ་གྱི་རྒྱུ་མ་ཡིན་པ་ལས་རྒྱུ་ཡིན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། གནས་སྐབས་ལས་ནི་འདོད་ལ་རྫས་ལས་ནི་མ་ཡིན་ཏེ་མ་འོངས་པའི་དུས་ན་དེའི་རྫས་སུ་ཡོད་པའི་ཕྱིར་རོ། །རྣམ་སྨིན་གྱི་རྒྱུ་ལ་མི་མཚུངས་ཏེ། མ་འོངས་པ་ལ་སྔ་ཕྱི་མེད་ཀྱང་འབྲས་བུ་དང་ངོ་བོ་མི་འདྲ་བར་ཐ་དད་ཡོད་པས་གཞག་ཏུ་རུང་ལ་ཕན་ཚུན་འབྲས་བུ་ཉིད་དུ་ཐལ་བར་ཡང་མི་འགྱུར་རོ། །ལྷན་མཚུངས་རྣམ་སྨིན་གྱི་རྒྱུ་གསུམ་པོ་དག་ནི་དུས་གསུམ་པ་ཡིན་ལ། །བྱེད་རྒྱུ་ནི། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་པས་དུས་ཐམས་ཅད་པ་དང་དུས་དང་བྲལ་བར་ཡང་རིག་པར་བྱའོ།།
གཉིས་པ། ད་ནི་རྒྱུ་དང་འབྲས་བུ་ཕན་ཚུན་ལྟོས་པ་ཡིན་པས་རྒྱུ་དེ་དག་གི་འབྲས་བུ་གང་ཞེས་པའི་ལན་དུ་འབྲས་བུ་སྟོན་པ་ལ་གཉིས་ལས་དང་པོ་མདོར་བསྟན་པ་ནི།
འདུས་བྱས་བྲལ་བ་དང་བཅས་པ་འབྲས་བུ་ཡིན་ཏེ་བསྟན་བཅོས་ལས། འབྲས་བུའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དང་སོ་སོར་བརྟགས་པས་འགོག་པའོ་ཞེས་སོ། །འོ་ན་བྲལ་འབྲས་འབྲས་བུ་ཡིན་པའི་ཕྱིར་དེ་དག་གི་འབྲས་བུ་ཡིན་པའི་རྒྱུ་ཡོད་པར་འགྱུར་ལ། འདུས་མ་བྱས་རྒྱུ་ཡིན་པའི་ཕྱིར་ཏེ། གང་གི་རྒྱུ་ཡིན་པའི་འབྲས་བུ་ཡོད་པར་འགྱུར་རོ་ཞེ་ན། འདུས་མ་བྱས་ལ་ཐལ་བ་དེ་དག་ཏུ་འགྱུར་བ་མེད་དེ། རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་དང༌། འབྲས་བུ་རྣམ་པ་ལྔ་མི་སྲིད་པའི་ཕྱིར་རོ། །དེ་ནི་འདི་ལྟར་བྱེད་རྒྱུ་ནི་སྐྱེ་བ་ལ་མི་སྒྲིབ་པའི་སྒོ་ནས་རྒྱུ་ཡིན་ན་བྲལ་འབྲས་སྐྱེ་བ་མེད་པའི་ཕྱིར་བྱེད་རྒྱུ་ཡང་མེད་ན་རྒྱུ་གཞན་ཡོད་པར་ག་ལ་འགྱུར། འོ་ན་འབྲས་བུ་མ་ཡིན་པར་འགྱུར་རོ་ཞེ་ན། ལམ་གྱི་སྟོབས་ཀྱིས་ཐོབ་པའི་ཕྱིར་དེའི་འབྲས་བུ་ཡིན་ནོ། །དེས་ན་འགྲེལ་པར། ལམ་ནི་ཇི་ལྟར་ཡང་འདིའི་རྒྱུ་མ་ཡིན་གྱི་བྲལ་པ་ནི་འབྲས་བུ་ཡིན་ནོ་ཞེས་སོ། །བདག་འབྲས་ནི་འདུས་བྱས་ཁོ་ནའི་ཡིན་པའི་ཕྱིར་འདུས་མ་བྱས་ལ་མེད་དོ། །ཇི་ལྟར་བྱེད་རྒྱུར་རུང་ཞེ་ན། འདུས་བྱས་སྐྱེ་བ་ལ་མི་སྒྲིབ་པར་གནས་པས་དེའི་བྱེད་རྒྱུ་ཡིན་གྱི་འདི་ལ་འབྲས་བུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འགྲེལ་པར། ཡང་བདག་པོའི་འབྲས་བུ་མེད་ན་ཀོ ཇི་ལྟར་འདུས་མ་བྱས་བྱེད་རྒྱུའི་རྒྱུ་ཡིན་ཞེ་ན། སྐྱེ་བ་ལ་མི་སྒྲིབ་པའི་དངོས་པོའི་བྱེད་རྒྱུའི་རྒྱུ་ཡིན་གྱི་འདི་ལ་འབྲས་བུ་ཡོད་པ་ནི་མ་ཡིན་ཏེ། དུས་ལས་གྲོལ་བ་ལ་འབྲས་བུ་འཛིན་པ་དང་སྨིན་པའི་མཐུ་མེད་པའི་ཕྱིར་རོ་ཞེས་རྒོལ་ལན་མཛད་དོ།།
གཉིས་པ། རྒྱས་བཤད་ལ་གཉིས་ལས་དང་པོ་ནི།
འདི་དག་རྒྱུ་གང་གི་འབྲས་བུ་ཡིན་ཞེ་ན། རྣམ་སྨིན་འབྲས་བུ་ནི་ཐ་མ་རྣམ་སྨིན་རྒྱུའི་ཡིན་ལ། བདག་པོའི་འབྲས་བུ་ནི་དང་པོ་བྱེད་རྒྱུའི་ཡིན་ཏེ་འདུས་བྱས་ཕལ་ཆེ་བས་ནི་མི་སྒྲིབ་པའི་ངོ་བོར་གནས་པས་དབང་བྱེད་ལ། རྣམ་ཤེས་ལྔ་ལ་སྐྱེ་མཆེད་བཅུ་དང་སྣོད་ཀྱི་འཇིག་རྟེན་ལ་ལས་ལྟར་དངོས་དང༌། མིག་ཤེས་ལ་རྣ་བ་སོགས་བརྒྱུད་པས་དབང་བྱེད་པའི་ཕྱིར་རོ། །འདུས་མ་བྱས་ནི་མི་སྒྲིབ་པའི་ངོ་བོར་གནས་ཀྱང་དབང་བྱེད་པ་མ་ཡིན་པས་བདག་འབྲས་མེད་དོ། །དེའི་ཕྱིར། འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་སོ། །རྒྱུ་མཐུན་འབྲས་བུ་ནི་སྐལ་མཉམ་ཀུན་ཏུ་འགྲོ་བའི་ཡིན་ཏེ་དེ་གཉིས་དང་འདྲ་བའ་ིསྒོ་ནས་དེར་གཞག་པའི་ཕྱིར་རོ། །སྐྱེས་བུ་བྱེད་པ་ནི་ལྷན་མཚུངས་གཉིས་ཀྱི་ཡིན་ཞེས་དེ་གཉིས་ལ་ཐོབ་སྐལ་གཞན་མེད་པས་དེ་ལྟར་བཤད་དོ། །དོན་ནི་འདི་ལྟར་དེ་གཉིས་ཀྱི་འབྲས་བུ་དེ་དང་ལྷན་ཅིག་འབྱུང་བས་སྐྱེས་བུ་བྱེད་འབྲས་ཡིན་ལ། རྣམ་སྨིན་རྒྱུ་མ་གཏོགས་པ་རྣམས་ལ་ཡང་འབྲས་བུ་ལྷན་ཅིག་གམ་དེ་མ་ཐག་འབྱུང་བ་ཡོད་པས་དེ་ཡོད་ཅིང༌། རྣམ་སྨིན་འབྲས་བུ་ནི་རྒྱུ་ལས་དེ་ལྟར་མ་ཡིན་པས་དེ་མེད་དོ། །གཞན་དག་ནི་ཞིང་པ་རྣམས་ཀྱི་འབྲས་བུ་ལྟར་རིང་དུ་ཆོད་པའི་སྐྱེས་བུ་བྱེད་འབྲས་ཡོད་ཅེས་ཟེར་རོ། །དེའི་ལྟར་ན་སྐྱེས་བུ་བྱེད་འབྲས་རྒྱུ་དང་འདྲ་བར་འབྱུང་བ་ནི་རྒྱུ་མཐུན་དང༌། གེགས་མི་བྱེད་པའི་ངོ་བོར་གནས་པས་བྱུང་བ་ནི་བདག་འབྲས་ཡིན་པས་རྒྱུ་རྫས་གཅིག་ལས་འབྲས་བུ་གསུམ་ཅར་སྲིད་དོ།།
གཉིས་པ། འབྲས་བུ་ལྔ་སོ་སོའི་མཚན་ཉིད་ལ་དང་པོ་རྣམ་སྨིན་ནི།
དགེ་བའམ་ཉོན་མོངས་པ་ཅན་ཡིན་ན་གང་ཟག་གཉིས་ལ་མི་ལྡན་པར་འགྱུར་བས་མ་བསྒྲིབས་ལུང་དུ་མ་བསྟན་པའི་ཆོས་དང༌། རྒྱུད་ཀྱིས་མ་བསྡུས་ན་ཐུན་མོང་དུ་ལོངས་སྤྱད་དུ་རུང་བས་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་འཕྲད་པར་འགྱུར་བའི་ཕྱིར་སེམས་ཅན་དུ་བརྗོད་པ་རྒྱུད་ཀྱིས་བསྡུས་པ་དང༌། དེ་ཙམ་རྒྱས་བྱུང་དང་རྒྱུ་མཐུན་ཁ་ཅིག་ལའང་ཡོད་པས་རྒྱུ་ལུང་བསྟན་པ་ལས་བྱུང་བ་དང་དེ་ཙམ་བསམ་གཏན་ཏིང་ངེ་འཛིན་གྱིས་རྒྱས་པའི་དབང་པོའི་འབྱུང་བ་དང་ཏིང་ངེ་འཛིན་ལས་བྱུང་བའི་སྤྲུལ་སེམས་ལའང་ཐལ་བར་འགྱུར་བས། རྒྱུ་དེ་ལས་ཕྱིས་ཏེ་ཅིག་ཅར་དང་དེ་མ་ཐག་མ་ཡིན་པར་འབྱུང་བའོ། །མཚན་གཞི་རྣམ་སྨིན་སྐྱེས་སོ།།
གཉིས་པ། རྒྱུ་མཐུན་ནི།
རང་གི་རྒྱུ་དང་འདྲ་བར་སྐྱེས་པའོ། །དེ་ནི་འདི་ལྟར་སྐལ་མཉམ་ནི་རང་གི་རྒྱུ་མཐུན་དང་རྣམ་པ་འདྲ་བར་ངེས་ལ། ཀུན་འགྲོ་ནི་རྣམ་པ་འདྲ་བར་མ་ངེས་ཀྱང་རང་གི་རྒྱུ་མཐུན་དང་ས་དང་ཉོན་མོངས་ཅན་དུ་འདྲ་བར་ངེས་པས་དེ་ལྟར་འདྲ་བའོ། །དེས་ན་གང་ཞིག་གང་གི་སྐལ་མཉམ་རྒྱུ་ཡིན་ལ་ཀུན་འགྲོའི་རྒྱུ་མ་ཡིན་པ་ལ་སོགས་པ་མུ་བཞིའོ། །མཚན་གཞི་དང་པོ་འཕགས་མ་གཏོགས་པའི་འདུས་བྱས་ཐམས་ཅད་དོ། །དེ་གཉིས་ཀྱི་སྒྲ་དོན་ནི་གཞི་མཐུན་པའི་སྒྲར་སྦྱར་རོ།།
གསུམ་པ། བྲལ་བ་ནི། བློ་ཡིས་ཏེ་ཤེས་རབ་ཁྱད་པར་ཅན་གྱིས་རང་གི་སྤང་བྱ་སྤངས་བས་ཐོབ་པར་བྱ་བའི་འགོག་པའོ། །ཟད་པ་ནི་འགོག་པ་དང་དོན་གཅིག་ཡིན་ལ། དེ་སྨོས་པ་ནི་མ་ཐོབ་པ་ཙམ་བྲལ་བ་ཡིན་པ་དགག་པའི་དོན་དུ་གང་སྤེལ་འཆད་དོ། །མཚན་གཞི་བརྟགས་འགོག་གོ །སྒྲ་དོན་ནི་གཞི་མཐུན་པའམ། གཉེན་པོས་སྤང་བྱ་དང་བྲལ་བས་ཐོབ་པའི་འབྲས་བུ་ཡིན་པས་སོ།།
བཞི་པ། སྐྱེས་བུ་བྱེད་འབྲས་ནི་བསྐྱེད་པ་དང་ཐོབ་པའི་བྱེད་འབྲས་གཉིས་ལས། འདིར་གཞུང་གིས་དངོས་སུ་བསྟན་པ་ནི་དང་པོ་སྟེ། དེའི་མཚན་ཉིད་ནི་རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་སྐྱེ་བ་ན་རྒྱུ་དེ་ལས་ཅིག་ཅར་རམ་དེ་མ་ཐག་ཏུ་འབྱུང་བའོ། །དེ་མ་ཐག་ནི་འབྲས་བུ་དེ་ཉིད་མ་ཡིན་པའི་ཆོས་གཞན་གྱིས་བར་དུ་མ་ཆོད་པའི་དོན་ཡིན་གྱི། དུས་གཞན་གྱིས་མ་ཡིན་ཏེ། དེ་ཉིད་སྐད་ཅིག་ཕྱི་མ་རྣམས་དང་རྒྱུའི་བར་དུ་དུས་གཞན་གྱིས་ཆོད་ཀྱང་དེ་ཡིན་པའི་ཕྱིར་རོ། །མཚན་གཞི་ནི་རྒྱུ་ལས་དེ་ལྟར་འབྱུང་བའི་འདུས་བྱས་ཐམས་ཅད་དེ་འགྲེལ་པར། དཔེར་ན་ས་འོག་མའི་སྦྱོར་བའི་སེམས་ཀྱིས་གོང་མའི་ཏིང་ངེ་འཛིན་དང༌། ཟག་པ་དང་བཅས་པའི་ཟག་པ་མེད་པ་དང༌། བསམ་གཏན་གྱི་སེམས་ཀྱི་སྤྲུལ་པའི་སེམས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ་ཞེས་གང་གསུངས་པ་བཞིན་ནོ།།
གཉིས་པ། ཐོབ་པའི་སྐྱེས་བུ་བྱེད་འབྲས་ནི།
གཞུང་འདིས་དངོས་སུ་མ་བསྟན་ཏེ་འགྲེལ་པར། སོ་སོར་བརྟགས་པའི་འགོག་པ་ནི་གང་གི་སྟོབས་ཀྱིས་ཐོབ་པ་ཞེས་བརྗོད་པར་བྱའོ་ཞེས་ལོགས་སུ་གསུངས་པའི་ཕྱིར་ཏེ། རྒྱལ་སྲས་ཀྱིས། རྟག་པའི་ཕྱིར་འདི་རྒྱུའི་སྟོབས་ཀྱིས་སྐྱེ་བ་མ་ཡིན་ཏེ། དེའི་ཕྱིར་ཚིག་ལེའུར་བྱས་པ་ལས་མ་བཤད་དོ་ཞེས་གསུངས་པའི་ཕྱིར་རོ། །གང་སྤེལ་ནི། དེ་ནི་སྐྱེ་བ་མ་ཡིན་ནོ་ཞེ་ན་ཞེས་རྒོལ་བ་བཀོད་ནས། ལན་དུ་ངའི་ནོར་སྐྱེས་སོ་ཞེས་ཐོབ་པ་ལ་ཡང་སྐྱེ་བའི་སྒྲ་བརྗོད་པ་མཐོང་སྟེ་ཞེས་དེ་དངོས་སུ་བསྟན་པར་འཆད་ཀྱང་སྔ་མ་ཉིད་རིགས་པར་བལྟའོ། །དེ་ནི་འདི་ལྟར་བརྟགས་འགོག་མཚན་གཞི་མཚན་ཉིད་ནི་འབྲས་བུ་གང་ཞིག་སོ་སོར་བརྟགས་པའི་སྟོབས་ཀྱིས་ཐོབ་པར་བྱ་བའི་འགོག་པའོ། །འཇིག་རྟེན་པའི་ལམ་གྱིས་ཐོབ་པ་ལ་མ་ཁྱབ་པའི་སྐྱོན་མེད་པར་རྒྱལ་སྲས་འཆད་དོ། །སྒྲ་དོན་ནི་འབྲས་བུ་དེ་སྐྱེས་བུའི་བྱེད་པ་ལས་སྐྱེས་པ་དང་འདྲ་བར་རྒྱུ་ཡིས་དབང་བྱས་ཏེ་བྱུང་བས་ན་སྐྱེས་བུ་བྱེད་འབྲས་ཏེ། སྨན་བྱ་རོག་རྐང་ངམ་མི་གླང་པོ་ཆེ་མྱོས་པས་ཞེས་པ་བཞིན་ནོ། །འོ་ན་ཆོས་དེའི་རྒྱུ་མཐུན་འབྲས་བུ་ཡིན་པ་དེ་ཆོས་དེའི་སྐྱེས་བུ་བྱེད་འབྲས་ཀྱང་ཡིན་ནམ་ཞེ་ན་མུ་བཞིའོ།།
ལྔ་པ། བདག་འབྲས་ནི།
འབྲས་བུ་གང་ཞིག་རང་རྒྱུའི་སྔོན་རོལ་དུ་བྱུང་བ་མ་ཡིན་པའི་འདུས་བྱས་སོ། །མཚན་གཞི་ནི་རང་རྒྱུ་ལ་ལྷན་ཅིག་གམ་དུས་ཕྱིས་བྱུང་བ་སྟེ་རྒྱུ་བས་འབྲས་བུ་སྔ་བ་མེད་པའི་ཕྱིར་རོ། །དེས་ན་འདུས་བྱས་ཁོ་ན་དེ་ཡིན་གྱི་འདུས་མ་བྱས་མ་ཡིན་ལ་འདུས་བྱས་ཁོ་ནའི་བདག་འབྲས་ཡིན་གྱི་འདུས་མ་བྱས་ཀྱིའང་མ་ཡིན་ཏེ་འབྲས་བུ་འཛིན་པ་དང་སྨིན་པའི་མཐུ་མེད་པའི་ཕྱིར་རོ། །སྐྱེས་བུའི་བྱེད་འབྲས་དང་དེའི་ཁྱད་པར་ནི་བྱེད་པ་པོ་ཁོ་ནའི་དང༌། དེ་མ་ཡིན་པའི་ཡང་ཡིན་ཏེ། དཔེར་ན་བཟོ་དེ་བཟོ་བོའི་སྐྱེས་བུ་བྱེད་འབྲས་ཡིན་ལ། རང་དང་ལྷན་ཅིག་པ་དང་སྔ་བའི་འདུས་བྱས་ཐམས་ཅད་ཀྱི་བདག་འབྲས་ཡིན་པ་བཞིན་ནོ། །དེ་ལྟར་ན་ཆོས་དེའི་སྐྱེས་བུ་བྱེད་འབྲས་ཡིན་ལ་བདག་འབྲས་མ་ཡིན་པ་ལ་མུ་བཞིའོ། །སྒྲ་དོན་རྒྱུས་དབང་བྱས་ཏེ་བྱུང་བས་སོ། །རྒྱུ་འབྲས་གཉིས་ཀ་དང་འབྲེལ་བ་ཐུན་མོང་གི་ཆོས་ལ་གཉིས་ལས། རྒྱུས་འབྲས་བུ་འཛིན་པ་དང་འབྱིན་པའི་དུས་ནི་དུས་གང་དུ་འབྲས་བུ་འཛིན་ནམ་འབྱིན་ཅེ་ན། རྒྱུ་ལྔ་པོ་ནི་དུས་གསུམ་པ་ལས་ད་ལྟར་བ་ཁོ་ན་འབྲས་བུ་འཛིན་ཏེ། འདས་པས་བཟུང་ཟིན་པ་དང་མ་འོངས་པ་ལ་སྐྱེས་བུའི་བྱེད་པ་མེད་པའི་ཕྱིར་རོ། །འཛིན་པའི་དོན་ནི་འཕེན་པ་སྟེ་ཕྱིའི་ས་བོན་ལྟར་རྒྱུའི་ངོ་བོར་གནས་ནས་འབྲས་བུ་འབྱུང་བར་བྱེད་པ་ལ་རྒྱལ་སྲས་འཆད་ལ། གང་སྤེལ་གྱིས་ཀྱང༌། དངོས་པོ་གཞན་བསྐྱེད་པར་བྱ་བ་ལ་རྒྱུའི་དངོས་པོར་ཉེ་བར་འགྲོ་ཞེས་པའི་དོན་ཏོ་ཞེས་བཤད་དོ། །ལྷན་མཚུངས་གཉིས་ནི་རབ་ཏུ་སྟེ་དང་པོར་ཅེས་པ་སྟེ་ད་ལྟར་གྲུབ་པའི་དུས་ཁོ་ན་ན་འབྲས་བུ་འབྱིན་པར་བྱེད་ལ། དེའི་ཕྱིར་འཛིན་འབྱིན་གཉིས་ཀ་དུས་མཉམ་མོ། །སྐལ་མཉམ་ཀུན་འགྲོ་ནི་ད་ལྟར་གྱི་དང་འདས་པ་དག་གིས་འབྲས་བུ་འབྱིན་པར་བྱེད་པས། གཉིས་ནི་ད་ལྟར་འདས་དག་གིས། །ཞེས་བསྒྱུར་ནས་འཆད་དོ། །འོ་ན་འདས་པ་དག་རིགས་ན་དེ་གཉིས་ད་ལྟར་བ་ཇི་ལྟར་འབྲས་བུ་འབྱིན། དེའི་ཕྱིར་རྒྱུ་མཐུན་འབྲས་བུ་མེད་པའི་ཕྱིར་རོ་ཞེ་ན། མཇུག་ཐོགས་སུ་སྒྲུབ་པའི་ཕྱིར་སྐྱོན་མེད་དོ། །གཅིག་ནི་ཞེས་པ་རྣམ་སྨིན་རྒྱུ་སྟེ། དེ་ཉིད་འདས་པ་ཁོ་ནས་འབྲས་བུ་འབྱིན་པར་བྱེད་དེ། ལྷན་ཅིག་གམ་དེ་མ་ཐག་ཏུ་རྣམ་སྨིན་འབྱུང་བ་མེད་པའི་ཕྱིར་རོ།།
གཉིས་པ། འབྲས་བུ་གང་རྒྱུ་དུ་ལས་སྐྱེ་བ་ནི།
ཆོས་གང་ཞིག་རྒྱུ་དུ་ལས་སྐྱེ་ཞེ་ན། ཆོས་ཉོན་མོངས་པ་ཅན་དང་རྣམ་སྨིན་སྐྱེས་དང༌། ལྷག་མ་སྟེ་དེ་གཉིས་དང༌། དང་པོ་འཕགས་མ་ཡིན་པའི་འདུས་བྱས་རྣམས་དང༌། དང་པོ་འཕགས་ནི་སྡུག་བསྔལ་ལ་ཆོས་བཟོད་ཀྱི་སྐད་ཅིག་དང་པོ་ཟག་མེད་དེ་བཞིར་ཕྱེ་ནས་རིམ་པ་བཞིན། རྣམ་སྨིན་རྒྱུ་དང་ཀུན་འགྲོ་དང་དེ་གཉིས་མ་གཏོགས་པ་དང༌། དེ་གཉིས་དང་སྐལ་མཉམ་མ་གཏོགས་པ་རྒྱུ་ལྷག་མ་ལས་སྐྱེ་ཞེས་སྦྱར་རོ། །དེ་ནི་འདི་ལྟར་ཆོས་ཉོན་མོངས་ཅན་ནི་རྣམ་སྨིན་རྒྱུ་བྱས་པའི་ཚུལ་གྱིས་མི་འབྱུང་བའི་ཕྱིར་རྣམ་སྨིན་རྒྱུ་ལས་མི་སྐྱེ་བར་གཞག་གོ །གཏན་མི་སྐྱེ་བ་མ་ཡིན་ཏེ། དེས་ཉོན་མོངས་ཅན་གྱི་རྒྱུ་གཞན་ཅི་རིགས་པ་བྱེད་པའི་ཕྱིར་རོ། །འོན་ཀྱང་རྣམ་སྨིན་རྒྱུ་ལས་སྐྱེས་པས་རྣམ་སྨིན་འབྲས་བུར་ཐལ་བར་མི་འགྱུར་ཏེ། དེ་མཚན་ཉིད་ལས་བཞག་པའི་ཕྱིར་དང་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་སྨིན་སྐྱེས་ནི་ཉོན་མོངས་ཅན་མིན་པའི་ཕྱིར་དང་། ལྷག་མ་ནི་ལུང་མ་བསྟན་གཞན་དང་དགེ་བ་ཟག་བཅས་དང་ཟག་མེད་སྐད་ཅིག་གཉིས་པ་ཕན་ཆད་དེ། དེ་རྣམས་ཆོས་དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར་དང༌། དང་པོ་འཕགས་ལ་རང་དང་སྐལ་བ་མཉམ་པའི་རྒྱུ་སྔོན་དུ་སོང་བ་མེད་པའི་ཕྱིར་རོ། །དེ་དག་ནི་སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་པ་ཡིན་ནོ། །གཟུགས་དང་མི་ལྡན་པའི་འདུ་བྱེད་ནི་བེམས་པོ་ཡིན་པས་མཚུངས་ལྡན་མ་གཏོགས་ལ་གཞན་རྣམས་དེ་བཞིན་དུ་སྡེ་ཚན་བཞིར་ཕྱེ་ནས་སོ། །དེ་ལྟར་ན་དངོས་པོ་གཅིག་རྒྱུ་དྲུག་ཅར་ལས་སྐྱེ་བ་མི་སྲིད་ལ་རྒྱུ་དྲུག་ཅར་བྱེད་པ་སྲིད་དེ་འདོད་པའི་སྡུག་ཀུན་གྱི་ལོག་ལྟ་ལྟ་བུའོ།།
གསུམ་པ། ད་ནི་རྒྱུ་དང་རྐྱེན་དག་མེད་པར་ནི་ཞེས་པའི་རྒྱུ་རྣམས་བཤད་ནས་རྐྱེན་གང་དག་ཅེ་ན། དེ་སྟོན་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི།
རྐྱེན་བཞི་པོ་དག་ཏུ་གསུངས་སོ། །གང་ལས་ཞེ་ན། མདོ་ལས། རྐྱེན་ཉིད་ནི་བཞི་སྟེ། རྒྱུའི་རྐྱེན་དང༌། དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོའི་རྐྱེན་ཉིད་དོ་ཞེས་པའོ། །རྒྱུ་དང་ཁྱད་ཅི་ཡོད་ཅེ་ན་ཅུང་ཟད་ཀྱང་མེད་དེ། བཅོམ་ལྡན་འདས་ཀྱིས་རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ཡང་དག་པའི་ལྟ་བ་སྐྱེད་དེ་གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་ཏེ། རྒྱུ་དང་རྐྱེན་དང་གཞི་དང་བྱེད་རྒྱུ་དང་རྒྱུ་མཚན་དང་རྟགས་རྒྱུ་དང་འབྲས་གནས་རྣམས་རྣམ་གྲངས་སོ་ཞེས་ཟེར་རོ། །སོ་སོར་བསྟན་ཅེ་ན། འབྲས་བུ་སྐྱེད་པའི་དོན་གྱི་ཁྱད་པར་གཞན་དང་གཞན་དུ་བསྟན་པའི་དོན་དུའོ་ཞེས་རྒྱལ་སྲས་འཆད་དོ། །གང་སྤེལ་གདུལ་བྱ་ལ་ལྟོས་ནས་ཏེ་ཁམས་དང་སྐྱེ་མཆེད་བཞིན་ནོ་ཞེའོ།།
གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས།དང་པོ། རྐྱེན་བཞི་སོ་སོའི་རང་བཞིན་ལ་བཞིའི་དང་པོ་རྒྱུའི་རྐྱེན་ཞེས་བྱ་བ་ནི།
བྱེད་རྒྱུ་མ་གཏོགས་པ་རྒྱུ་ལྔ་པོ་ཅི་རིགས་པ་ཡིན་པའི་སྒོ་ནས་རང་གི་འབྲས་བུ་ལ་ཕན་འདོགས་པ་སྟེ་མཚན་ཉིད་དོ། །མཚན་གཞི་ནི་འདུས་བྱས་ཐམས་ཅད་དེ་བསྟན་བཅོས་ལས། རྒྱུའི་རྐྱེན་གང་ཞེ་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་སོ། །སྒྲ་དོན་གཞི་མཐུན་པའོ།།
གཉིས་པའི་མཚུངས་པ་དེ་མ་ཐག་རྐྱེན་ནི།མཚན་གཞི་སེམས་བྱུང་ཡིན་གྱི་གཞན་མ་ཡིན་ཏེ། གཟུགས་ནི་འདོད་པའི་མཇུག་ཐོགས་སུ་དེ་དང་བསམ་གཏན་ནམ། དེ་དང་ཟག་མེད་འབྱུང་བས་སམ། དབྱིག་བཤེས་ནི་རྒྱས་བྱུང་གཅིག་མ་འགགས་པར་གཉིས་པ་འབྱུང་བས་སམ། བཙུན་པ་ནི་རྒྱུ་མང་པོ་ལས་འབྲས་བུ་ཉུང་བ་སོག་མའི་ཐལ་བ་དང༌། དེ་ལས་བཟློག་པ་ཤིང་པ་ཏའི་ས་བོན་ལས་ཤིང་ནྱ་གྲོ་དྷའི་སྡོང་པོ་ལྟར་འཆོལ་བའི་ཕྱིར་རོ་ཞེས་སོ། །དེ་བཞིན་དུ་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་འཆོལ་བས་སོ། །འོ་ན་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་སེམས་བྱུང་ལ་ཡང་དེ་ལྟར་མཐོང་བའི་ཕྱིར་རོ་ཞེ་ན། རིགས་གཞན་ལ་ཡོད་ཀྱི་རང་གི་རིགས་ལ་མེད་པའི་ཕྱིར་སྐྱོན་མེད་དོ། །དེ་དག་རང་གི་རིགས་ཁོ་ནའི་དེ་མ་ཐག་རྐྱེན་བྱེད་དམ་ཞེ་ན་མ་ཡིན་ཏེ། ཚོགས་པ་མཐའ་དག་གཞན་གྱི་རྒྱུ་བྱེད་དེ། རྒྱུད་འདྲ་བ་ཁས་ལེན་པའི་མངོན་པ་བ་ཁ་ཅིག་ནི། རང་གི་རིགས་ཁོ་ནའི་ཡིན་ཏེ། སེམས་ཀྱང་སེམས་ཁོ་ན་དང་ཚོར་བ་ཡང་ཚོར་བ་ཁོ་ན་ལ་སོགས་པའོ། །དེས་ན་དགེ་བའི་མཇུག་ཐོགས་སུ་ཉོན་མོངས་ཅན་བྱུང་བའི་ཉོན་མོངས་པའི་དེ་མ་ཐག་རྐྱེན་ནི་སྔོན་འགགས་པའི་ཉོན་མོངས་པ་སྟེ། འགོག་པའི་སྙོམས་འཇུག་གི་ལྡང་སེམས་བཞིན་ནོ་ཞེས་ཟེར་ཏེ། འགྲེལ་པར། དེ་སྐད་དུ་མི་བརྗོད་དེ་ཞེས་འབྱུང་ངོ༌། དེའི་དོན་གང་སྤེལ་གྱིས་ལུང་རིགས་དང་འགལ་ཏེ་བསྟན་བཅོས་ལས། སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་ཆོས་རྣམས་གང་ཞེ་ན། སེམས་གང་གི་མཇུག་ཐོགས་སུ་དེ་ལས་གཞན་པའི་སེམས་སམ་སེམས་ལས་བྱུང་བ་དག་ཅེས་དང༌། དང་པོ་འཕགས་པ་དེ་མ་ཐག་རྐྱེན་མེད་པར་འགྱུར་བའི་ཕྱིར་རོ་ཞེའོ། །དེ་ལས་ཀྱང་སྐྱེས་པ་རྣམས་ཡིན་གྱི་མ་འོངས་པ་མ་ཡིན་ཏེ། སྔ་ཕྱི་མེད་པས་འཆོལ་བའི་ཕྱིར་རོ། །འོ་ན་སངས་རྒྱས་ཀྱིས་རིམ་ཅན་འབྱུང་བ་ཇི་ལྟར་མཁྱེན་ཅེ་ན། འདས་ད་ལྟར་ལ་རྗེས་སུ་དཔགས་ཏེ་མ་འོངས་པའི་རྫས་འཆོལ་བ་རྣམས་ལ་མངོན་སུམ་དུ་བརྟགས་ནས་སོ། །སློབ་དཔོན་དེ་ལྟ་ན་སྔོན་གྱི་མཐའ་མ་གཟིགས་པར་ཕྱི་མའི་མཐའ་མི་མཁྱེན་པར་འགྱུར་རོ། །གཞན་དག་ནི་སེམས་ཅན་གྱི་རྒྱུད་ལ་འབྲས་བུའི་རྟགས་སུ་གྱུར་པ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཡོད་པ་གཟིགས་ནས་མངོན་པར་འདུ་མ་མཛད་པར་མཁྱེན་ཏོ་ཞེས་ཏེ། མཚན་མཁན་དུ་འགྱུར་གྱི་མངོན་སུམ་དུ་མ་མཁྱེན་པར་འགྱུར་རོ་ཞེས་མདོ་སྡེ་པ་ཟེར་རོ། །དགྲ་བཅོམ་པའི་སེམས་སེམས་བྱུང་ཐ་མ་མིན་ཏེ། དེའི་རྗེས་སུ་སེམས་གཞན་འབྲེལ་བ་མེད་པའི་ཕྱིར་རོ། །མཚན་ཉིད་ནི་མཚུངས་ལྡན་གང་ཞིག་རང་གི་འབྲས་བུ་ཤེས་པ་ཕྱི་མ་སྐྱེད་བྱེད་དོ། །སྒྲ་དོན་རྐྱེན་འདི་མཚུངས་པའང་ཡིན་ལ་དེ་མ་ཐག་པའང་ཡིན་པས་སོ། །དེའི་དོན་ནི་རྒྱུ་གཅིག་ལ་ཤེས་པ་རྫས་རིགས་མཐུན་གཉིས་མེད་པར་རྫས་རེ་རེ་བར་འདྲ་བས་ན་མཚུངས་པ་དང༌། དུས་གཞན་གྱི་ཆོད་ཀྱང་ཤེས་པ་གཞན་གྱིས་བར་དུ་མ་ཆོད་པས་ན་དེ་མ་ཐག་གོ །འོ་ན་ཆོས་གང་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་ན་སེམས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ་དང་པོ་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་གཉིས་པ་སོགས་དང་ལྡང་སེམས་སོ། །གཉིས་པ་སྙོམས་འཇུག་གི་སྐད་ཅིག་དང་པོའི་དང་སེམས་དང་བཅས་པའི་གནས་སྐབས་ཀྱི་སྐྱེ་བ་ལ་སོགས་པའོ། །གསུམ་པ་སྙོམས་འཇུག་གི་སྐད་ཅིག་དང་པོའི་སེམས་དང་བཅས་པའི་གནས་སྐབས་སོ། །བཞི་པ་སྙོམས་འཇུག་གི་སྐད་ཅིག་གཉིས་པ་སོགས་ཀྱི་དང་ལྡང་སེམས་ཀྱི་སྐྱེ་བ་ལ་སོགས་པའོ། །དེ་བཞིན་དུ་ཆོས་གང་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་ལ་སྙོམས་འཇུག་གི་དེ་མ་ཐག་པ་ཅན་མ་ཡིན་པ་ལ་སོགས་པ་མུ་བཞིའོ།།
གསུམ་པ་དམིགས་པའི་རྐྱེན་ནི།
ཆོས་རྣམས་ཐམས་ཅད་དེ་མཚན་གཞིའོ། །མཚན་ཉིད་ཆོས་གང་ཞིག་བློས་དམིགས་སུ་རུང་བ་སྟེ་འགྲེལ་པར། ཆོས་གང་ཞིག་ཆོས་གང་གི་དམིགས་པ་ཡིན་པའི་ཆོས་དེ་ནི་དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར་ནམ་ཡང་དམིགས་པ་མ་ཡིན་པ་མ་ཡིན་ཏེ་ཞེས་སོ། །སྒྲ་དོན་གཞི་མཐུན་པའོ།།
བཞི་པ། བདག་རྐྱེན་ནི།
བྱེད་རྒྱུའི་ཞེས་བྱ་བ་ནི་བདག་པོའི་རྐྱེན་ཡིན་པར་བཤད་པས་ཆོས་ཐམས་ཅད་མཚན་གཞི། མཚན་ཉིད་སྐྱེ་བ་ལ་མི་སྒྲིབ་པའི་ཆ་ནས་རྐྱེན་དུ་རུང་བའོ། །སྒྲ་དོན་རྐྱེན་བདག་པོ་འདི་ཉིད་ལྷག་པོའི་རྐྱེན་ཏེ། རྒྱུའི་རྐྱེན་ནི་པོ་ཟོས་ཀྱང༌སར་ཟད་ལ་དམིགས་རྐྱེན་རང་རང་དང་རང་གི་ཚོགས་པ་མི་རིག་པས་ལྷག་པ་མ་ཡིན་ནོ། །ཡང་ན་རྐྱེན་ཅན་འབྲས་བུ་མང་བས་ན་ལྷག་པ་ཡིན་ལ་དེའི་རྐྱེན་ཡིན་པས་ན་བདག་པོའི་རྐྱེན་ཏེ། དེའི་འབྲས་བུ། སྔོན་བྱུང་མ་ཡིན་འདུས་བྱས་ནི། ཞེས་པ་ཡིན་ལ་རྐྱེན་གཞན་གྱི་འབྲས་བུ་དེ་ཙམ་དུ་མང་བ་མ་ཡིན་ནོ། །རྐྱེན་གྱི་དངོས་པོ་གང་དུས་གང་དུ་བྱ་བ་བྱེད་པ་ནི་དེ་དག་གནས་སྐབས་གང་གི་ཆོས་ལ་བྱ་བ་བྱེད་ཅེ་ན། རྒྱུའི་རྐྱེན་ལྔ་ལས་རྒྱུ་གཉིས་པོ་ལྷན་མཚུངས་དག་ནི་འགག་པ་སྟེ་ད་ལྟར་བ་ལ་བྱ་བ་བྱེད་དེ། དེ་ལྟར་ཁོ་ནར་འབྲས་བུ་འབྱིན་པའི་ཕྱིར་རོ། །སྐལ་མཉམ་ཀུན་འགྲོ་རྣམ་སྨིན་གསུམ་པོ་ནི་སྐྱེ་བ་སྟེ་མ་འོངས་པ་ལ་བྱ་བ་བྱེད་དེ། དེ་གཉིས་ད་ལྟར་གྱི་རྗེས་སུ་འབྲས་བུ་སྐྱེད་ལ་རྣམ་སྨིན་གྱི་དུས་ཕྱིས་འབྱུང་བར་བྱེད་པའི་ཕྱིར་རོ། །རྒྱུའི་རྐྱེན་དེ་ལས་གཞན་པའི་མཚུངས་པ་དེ་མ་ཐག་པ་དང་དམིགས་རྐྱེན་དག་ནི་གོང་གི་དེ་ལས་ལྡོག་པ་ཡིན་ཏེ། སྐྱེ་བ་མ་འོངས་པ་དང་འགག་པ་ད་ལྟར་ལ་བྱ་བ་བྱེད་ཅེས་སྦྱར་རོ། །རྒྱུ་མཚན་ནི་རང་གི་འབྲས་བུ་ཕྱི་མའི་སྐབས་འབྱེད་པ་ཡིན་པའི་ཕྱིར་དང༌། ད་ལྟར་གྱི་སེམས་དང་སེམས་བྱུང་ཁོ་ནས་དམིགས་ནས་འཛིན་པའི་ཕྱིར་རོ། །དེ་དག་འདས་པས་བཟུང་ཟིན་ལ་མ་འོངས་པས་འཛིན་པར་དང་དེའི་རིགས་ཡིན་པས་དམིགས་རྐྱེན་གྱིས་བྱ་བ་མི་བྱེད་དོ། །བདག་རྐྱེན་ནི་གནས་སྐབས་ཐམས་ཅད་དུ་མི་སྒྲིབ་པའི་ངོ་བོར་གནས་པས་བྱ་བ་དེ་ཙམ་ཞིག་དུས་ཐམས་ཅད་དུ་མི་འགལ་བས་མདོར་མ་མཛད་དོ།།
གཉིས་པ། དངོས་པོ་གང་རྐྱེན་དུ་ལས་སྐྱེ་བ་ལ་གསུམ་ལས། དང་པོ། དངོས་ནི།
རྐྱེན་བཞི་ཡིས་སེམས་དང་སེམས་བྱུང་སྟེ་རྒྱུའི་རྐྱེན་རྒྱུ་ལྔ་ཅི་རིགས་པ་དང༌། དེ་མ་ཐག་རྐྱེན་ཤེས་པ་གཞན་གྱིས་བར་མ་ཆོད་པའི་སེམས་སེམས་བྱུང་སྔ་མ་དང༌། དམིགས་རྐྱེན་ཡུལ་ལྔའམ་ཆོས་ཐམས་ཅད་དང༌། བདག་རྐྱེན་རང་ལས་གཞན་པའི་ཆོས་ཐམས་ཅད་དེ་དབང་པོ་ནུས་བཅས་ལས་དངོས་སུའང་སྐྱེའོ། །རྐྱེན་གསུམ་གྱིས་སྙོམས་པར་འཇུག་པ་གཉིས་ཏེ། རྒྱུའི་རྐྱེན་ནི་ལྷན་ཅིག་འབྱུང་རྒྱུ་སྐྱེ་སོགས་དང༌། སྐལ་མཉམ་རྒྱུས་མཚུངས་པའི་དགེ་བའི་ཆོས་སྔར་བྱུང་བ་ཡིན་ལ། འདི་དག་སེམས་ཀྱི་མངོན་པར་འདུ་བྱེད་པ་སྙོམས་པར་འཇུག་སེམས་ལ་ལྟོས་པའི་ཕྱིར་དེ་མ་ཐག་རྐྱེན་ལས་སྐྱེའོ། །དེས་ན་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་གྱི། སེམས་སྐྱེ་བ་ལ་གེགས་བྱེད་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །བདག་རྐྱེན་ནི་རང་ལས་གཞན་པའི་ཆོས་ཐམས་ཅད་ཡིན་ལ། བེམས་པོ་ཡིན་པས་དམིགས་རྐྱེན་ལས་མ་ཡིན་ནོ། །གཞན་མི་ལྡན་པའི་འདུ་བྱེད་ལྷག་མ་དང༌། གཟུགས་ནི་རྒྱུའི་རྐྱེན་དང་བདག་རྐྱེན་ཏེ་གཉིས་པོ་དག་ལ་སྐྱེའི་སེམས་ཀྱི་མངོན་པར་འདུ་བྱེད་པ་སྙོམས་པར་འཇུག་སེམས་ལ་མི་ལྟོས་པའི་བེམས་པོ་ཡིན་པའི་ཕྱིར་དེ་མ་ཐག་རྐྱེན་དམིགས་རྐྱེན་ལས་མ་ཡིན་ནོ། །འོ་ན་འདུ་ཤེས་མེད་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་པས་དེ་ལས་སྐྱེ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྣམ་སྨིན་སྐྱེས་ཡིན་པས་རང་གི་ངང་གིས་འཇུག་གི་སེམས་ཀྱི་འདུ་བྱེད་པ་ལ་མི་ལྟོས་པའི་ཕྱིར་རོ་ཞེས་གང་སྤེལ་འཆད་དོ། །གཅིག་ལས་སྐྱེ་བ་དགག་པ་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་རྐྱེན་ལས་སྐྱེ་བའི་རྒྱུ་གཅིག་པུར་གྱུར་པ་དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་ལ་སོགས་པ་རྒྱུ་མ་ཡིན་པའི་གཏན་ཚིགས་ཅི་ཞིག་ཡོད་ཅེས་འགྲེལ་པར་འབྲེལ་དགོད་པ་མཛད་དོ། །སོགས་ཀྱི་སྒྲ་ནི་དུས་དང་རང་བཞིན་དང་རྡུལ་ཕྲ་རབ་ལ་སོགས་པ་རྒྱུ་རྟག་པར་ཁས་ལེན་པ་གཞན་བསྡུ་བའི་དོན་ཏོ།།
གཉིས་པ། དེ་ལ་དགོད་པ་དང་དགག་པ་གཉིས་ལས། དང་པོ་ནི།
དབང་ཕྱུག་རྒྱུར་ཁས་ལེན་པ་དག་ནི། གང་ཞིག་ཕྲར་གྱུར་གཅིག་པོ་སྐྱེས་ནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །དེ་ནི་དབང་བདག་མཆོག་སྦྱིན་ལྷ་མཆོད་བྱ། །ཡོན་ཏན་བྱེད་ས་ཤིན་ཏུ་ཞི་བ་ཐོབ། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་དག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་ས་འམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་དང༌། རིག་བྱེད་ཀྱི་མཐའ་སྨྲ་བ་དག་ནི་རིག་བྱེད་ལས། ཆེན་པོ་ཉི་མདོག་མུན་བདུན་གནས། །སྐྱེས་བུ་དེ་ནི་ཁོ་བོས་རིག །དེ་རྟོགས་འཆི་བའི་འཇིགས་མེད་དེ། །ཐར་ཕྱིར་དེ་ལས་ལམ་གཞན་མེད། །ཅེས་ཁས་བླངས་ནས། བ་ནི་བ་ཐག་རྣམས་ཀྱི་བཞིན། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང༌། །བླག་ཤ་ཡལ་ག་རྣམས་ཀྱི་བཞིན། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་པས་དེ་ཉིད་རྒྱུར་རྟོག་པར་བྱེད་དོ། །དྲང་སྲོང་སེར་སྐྱའི་རྗེས་འབྲང་བ་དག་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བ་ཡོན་ཏན་གསུམ་ཆ་མཉམ་པར་གྱུར་པ་ནི་གཙོ་བོ་ཞེས་བྱ་སྟེ། དེ་ལས་རྣམ་འགྱུར་སྣ་ཚོགས་སུ་སྣང་བ་འདི་སྐྱེའོ་ཞེས་ཟེར་རོ། །དེ་ལ་སོགས་པའི་ཕྱོགས་སྔ་མ་འདིའི་འགྲེལ་ཏིག་ཏུ་མིང་ཙམ་སྨོས་པ་དག་ནི་གལ་ཏེ་ཤེས་པར་འདོད་ན། དོན་ལ་མི་རྟོན་ཅིང་ཚིག་ལ་རྟོན་པ་བྱིས་པའི་བློ་ཅན་ཤིན་ཏུ་སྤྲོས་པ་ལ་དགའ་བ་དག་གི་ངོར་བདག་གིས་ཡིག་ཆུང་ལོགས་སུ་བཀོད་པར་བལྟ་བར་བྱའོ།།
གཉིས་པ། དགག་པ་ལ་དབང་ཕྱུག་ལས་སྐྱེ་བ་དགག་པ་དང༌། དེ་གཞན་ལ་སྦྱར་བ་གཉིས་ལས། དང་པོ་ནི།
ཕྱི་ནང་གི་དངོས་པོ་འདི་རྣམས་དུས་ཅིག་ཅར་དུ་འབྱུང་བར་འགྱུར་ཏེ། རྒྱུ་རྐྱེན་གཞན་གང་ལའང་ལྟོས་པ་མེད་པར་དབང་ཕྱུག་རྟག་པ་ལས་སྐྱེ་བའི་ཕྱིར་རོ། །འདོད་པར་མི་ནུས་ཏེ་རིམ་གྱིས་འབྱུང་བར་སྣང་བས་སོ། །དེའི་ཕྱིར་དེ་ལས་སྐྱེ་བར་མི་རིགས་སོ། །གལ་ཏེ་ཁྱབ་པ་མེད་དེ་འདོད་པའི་དབང་གིས་ཏེ། འདི་ད་ལྟར་སྐྱེ་བར་གྱུར་ཅིག འདི་གནས་པར་གྱུར་ཅིག འདི་ཕྱིས་སྐྱེ་བར་གྱུར་ཅིག་ལ་སོགས་པའོ་ཞེ་ན། དེ་རྣམས་དབང་ཕྱུག་དང་ངོ་བོ་ཐ་དད་ན་རྒྱུ་དུ་མ་ལས་སྐྱེ་བར་འགྱུར་ལ། ངོ་བོ་གཅིག་ན་ཐལ་བ་སྔ་མ་ཉིད་དོ། །གལ་ཏེ་རྩ་བའི་རྟགས་མ་གྲུབ་སྟེ་རྒྱུ་རྐྱེན་གཞན་ལ་ལྟོས་པའི་ཕྱིར་རིམ་གྱིས་སྐྱེའོ་ཞེ་ན། དབང་ཕྱུག་ཁོ་ན་ལས་སྐྱེ་བ་མིན་པའམ་ཡང་ན་དེ་དག་ལ་ལྟོས་པའི་ཕྱིར་ཐུག་པ་མེད་པར་འགྱུར་བས་ཤཱཀྱའི་སྲས་པོའི་ལུགས་ལས་མ་འདས་སོ། །སོགས་ཕྱིར་ཞེས་པ་ནི་ཕྱི་ནང་གི་དངོས་པོ་འདི་རྣམས་དབང་ཕྱུག་རྟག་པ་ལས་སྐྱེ་བ་མིན་པར་འགྱུར་ཏེ། ཡུལ་དུས་རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །རྒྱལ་སྲས་ཀྱིས་སོགས་པ་ཞེས་སྨོས་པ་ནི་ཡུལ་དང་དུས་ལ་སོགས་པ་བསྡུའོ་ཞེས་པའོ། །གཞན་ཡང་དབང་ཕྱུག་གིས་དེ་རྣམས་ཕྱུང་སྟེ་ཅི་ཞིག་བྱ། དེ་དགའ་བར་བྱ་བའི་ཕྱིར་རོ་ཞེ་ན། དམྱལ་བ་ལ་སོགས་པར་སྐྱེ་དགུ་གནོད་པ་མང་པོ་དང་འབྲེལ་བས་ཕུང་བར་གྱུར་པ་རྣམས་ཕྱུང་ནས་དགའ་བར་འགྱུར་བ་དེ་ལ་ཕྱག་འཚལ་ལོ་ཞེས་སློབ་དཔོན་གྱིས་བསྟིང་བ་མཛད་ཅིང༌། རྒྱས་པས་དྲག་པོ་བརྒྱ་པ་ལས། །གང་ཕྱིར་མ་ལུས་སྲེག་པ་དང༌། །གང་ཕྱིར་རྣོ་དང་གང་ཕྱིར་གཏུམ། །གང་ཕྱིར་གདུང་ལྡན་གང་གི་ཕྱིར། །ཤ་དང་ཁྲག་དང་རྐང་ཟ་བ། །དེ་ཕྱིར་དྲག་པོ་ཞེས་བྱ་འོ། །ཞེས་པའང་ལེགས་པར་སྨྲས་པ་ཡིན་ནོ་ཞེས་སོ། །དེ་གཞན་ལ་སྦྱར་བ་ནི་སོགས་མིན་ཞེས་པ་སྟེ་སྐྱེས་བུ་སེམས་པ་ཅན་ཡིན་པས་སྔ་མ་བཞིན་ཤུགས་ལ་བསྟན་པར་དགོངས་ལ། གཙོ་བོ་ནི་འགྲེལ་པར། དེ་བཞིན་དུ་གཙོ་བོ་ལའང་ཅི་རིགས་ལ་བརྗོད་པར་བྱའོ་ཞེས་སྟེ། སེམས་མེད་པས་འདོད་པའི་རྣམ་པར་གཞག་པ་མ་གཏོགས་པ་སྦྱར་རོ་ཞེས་པའི་དོན་ཏོ། །དེའི་ཕྱིར་རིགས་པ་ལྷག་མ་རྣམས་བརྗོད་པར་བྱའོ། །འདི་ནི་རྒྱུ་རྟག་པ་གཅིག་པུ་ལས་སྐྱེ་བར་འདོད་པ་གཞན་ལའང་མཚུངས་སོ།།
གཉིས་པ། གཉིས་ལས་སྐྱེ་བའི་བྱེ་བྲག་འགའ་ཞིག་བཤད་པ་ནི།
སྔར། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་གང་བཤད་པ་དེ་ལས་གཟུགས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་བ་ཡིན་པས་འབྱུང་བས་འབྱུང་བ་གཞན་དང༌། འབྱུང་བས་འབྱུང་བ་ལས་གྱུར་པ་དང༌། འབྱུང་གྱུར་གྱིས་འབྱུང་གྱུར་གཞན་དང༌། འབྱུང་གྱུར་གྱིས་འབྱུང་བ་སྐྱེས་པ་ལ་བདག་རྐྱེན་ནི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ཡིན་པས་ཤེས་སླ་ཞིང༌། རྒྱུའི་རྐྱེན་མང་བས་ཇི་ལྟར་འབྱུང་ཞེ་ན། འབྱུང་བ་དེའི་རྒྱུ་འབྱུང་བ་ཡིན་ན་རྒྱུའི་རྐྱེན་ལས་འབྱུང་བཞིན་ཞེས་པས་ལྷན་ཅིག་འབྱུང་བ་དང་རིགས་འདྲ་སྔ་མ་སྐལ་མཉམ་དང་རྣམ་པ་གཉིས་ཡིན་གྱི། བེམས་པོ་ཡིན་པ་དང༌། ཉོན་མོངས་ཅན་དང༌། དགེ་མི་དགེ་མ་ཡིན་པས་རྒྱུ་གཞན་གསུམ་མ་ཡིན་ནོ། །འབྱུང་བས་འབྱུང་བ་ལས་གྱུར་པ་སྐྱེད་ན་རྒྱུའི་རྐྱེན་མེད་ལ། བདག་རྐྱེན་བྱེད་ཚུལ་རྣམ་པ་ལྔ་སྟེ། དེ་ཉིད་སྔར་མེད་གསར་དུ་སྐྱེད་པའི་ཕྱིར་སྐྱེ་བ་དང༌། སློབ་དཔོན་ལ་སློབ་མ་ལྟར་འབྱུང་གྱུར་སྐྱེས་པ་འབྱུང་བའི་རྗེས་སུ་མཐུན་པར་རྟེན་བྱེད་པའི་ཕྱིར་རྟེན་པ་དང༌། རྩིག་པ་ལ་རི་མོ་ལྟར་གཞིའམ་རྟེན་དུ་གྱུར་པའི་ཕྱིར་གནས་པ་དང༌། འབྱུང་བ་ཡོད་ན་དེ་རྒྱུན་མི་འཆད་པར་གནས་པའི་ཕྱིར་རྟོན་པ་དང༌། དེས་འབྱུང་གྱུར་འཕེལ་བའི་ཕྱིར་འཕེལ་བའི་རྒྱུའོ། །དེ་ཉིད་འགྲེལ་པར། རྐང་པ་གཉིས་ལ་གང་སྤེལ་གྱིས་དང་པོ་གཉིས་བསྣན་ཏེ། སྐྱེ་དང་རྗེས་མཐུན་རྟེན་དང་ནི། །རྒྱུན་མི་འཆད་དང་འཕེལ་བ་ལས། །སྐྱེད་ཕྱིར་རྟེན་ཕྱིར་གནས་ཕྱིར་དང༌། །རྟོན་པའི་ཕྱིར་དང་འཕེལ་བྱེད་ཕྱིར། །ཞེས་སོ། །འབྱུང་གྱུར་ཕན་ཚུན་དུ་སྐྱེད་པ་ལ་རྣམ་པ་གསུམ་ཞེས་འགྱུར་བཅོས་ལ། རིགས་འདྲ་སྔ་མ་སྐལ་མཉམ་དང༌། འདོད་པའི་རིག་བྱེད་རིག་མིན་ལས་ཕྱི་མའི་མིག་སོགས་རྣམ་སྨིན་དང༌། སྡོམ་པ་གཉིས་ཀྱི་སྤོང་བདུན་ལྷན་ཅིག་འབྱུང་རྒྱུའོ། །འབྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་འབྱུང་གྱུར་དེ་ཡིན་ན་ལུས་ངག་གི་ལས་ཀྱིས་དབང་པོའི་ཚོགས་པའི་འབྱུང་བ་སྐྱེད་པ་རྣམ་སྨིན་རྒྱུ་གཅིག་པུ་སྟེ་གཞན་མ་ཡིན་པ་སྔར་བཞིན་ནོ།།
གསུམ་པ། དེ་མ་ཐག་རྐྱེན་རྒྱས་པར་བཤད་པ་ནི།
སེམས་དེའི་འཇུག་ཐོགས་སུ་རྐྱེན་ཅན་སེམས་དུ་འབྱུང་ཞེ་ན། གསུམ་ལས་སེམས་བཅུ་གཉིས་བཤད་པའི་དབྱེ་བ་ནི་འདོད་པ་ན་ཡིད་དམ་སེམས་དགེ་བ་དང་མི་དགེ་བ་དང་བསྒྲིབས་པ་དང་མ་བསྒྲིབས་པ་སྟེ་བཞི་དང༌། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་མི་དགེ་ལས་གཞན་པ་གསུམ་གསུམ་སྟེ་ཟག་བཅས་བཅུ་དང༌། ཟག་མེད་སློབ་པ་དང་མི་སློབ་པའི་སེམས་གཉིས་ཏེ་སེམས་བཅུ་གཉིས་སོ། །དེ་རྐྱེན་དང་རྐྱེན་ཅན་དུ་སྦྱར་བ་ལ་ཚེའམ་གནས་སྐབས་འདི་དག་ལ་བརྟེན་ནས་ཤེས་པར་བྱ་སྟེ། རྒྱུན་གྱི་ཚེ་ནི་རང་གི་རིགས་འདྲ་འབྱུང་བ་དང༌། ས་མཚུངས་པའི་ཚེ་རིགས་མི་འདྲ་གཞན་འབྱུང་བ་དང༌། ཉིང་མཚམས་སྦྱོར་བའི་ཚེ་ཉོན་མོངས་ཅན་གྱི་སེམས་འབྱུང་སྟེ་ཁམས་གསུམ་གྱི་སེམས་གང་ཡང་རུང་བས་འཆི་སེམས་བཏུབ་ཅིང༌། ཤི་ན་ཉོན་མོངས་ཅན་ལས་གོང་མ་མིན་ལ་གཞན་ལས་གོང་འོག་གང་དུའང་སྐྱེར་རུང་བས། སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་དང༌། སྲིད་པ་བར་མ་ཉིང་མཚམས་སྦྱོར་བ་ཡང་དེ་བཞིན་དུ་གདོན་མི་ཟ་བར་ཉོན་མོངས་ཅན་དུ་རིག་པར་བྱའོ་ཞེས་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་ཚེ་གོང་མའི་དགེ་བ་དང་ཟག་མེད་གཉིས་ལ་འཇུག་པ་དང༌། སྙོམས་འཇུག་ལས་ལྡང་པའི་ཚེ་དེ་ལས་ལངས་ནས་སླར་ཁམས་གསུམ་གྱི་དགེ་བ་མངོན་དུ་བྱེད་པ་དང༌། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་ནི་ས་གོང་མའི་དགེ་བ་དག་པ་བ་བསྒོམ་པར་བྱ་བ་ལ་ཅི་སྟེ་ཉོན་མོངས་ཅན་དུ་གྱུར་ན་དེ་ལས་འོག་མའི་དགེ་བ་མཆོག་ཡིན་པས་ཅི་ནས་ཀྱང་དེ་ལ་གནས་པར་བྱའོ་སྙམ་དུ་འཕེན་པ་དྲག་པོ་བཏང་བ་ན་དེའི་རྗེས་ཐོགས་སུ་དགེ་བ་འབྱུང་བ་སྟེ། སྔ་མོ་ནས་ལྡང་བར་འཕངས་པ་དུས་སུ་གཉིད་སད་པ་བཞིན་ནོ། །སྤྲུལ་པ་ལ་འཇུག་ལྡང་གི་ཚེ་ནི་བསམ་གཏན་དངོས་གཞིའི་དགེ་བ་ལས་སྤྲུལ་སེམས་འབྱུང་བ་དང་དེ་ལས་དེ་འབྱུང་བ་སྟེ། དག་དང་རང་ལས་དེ་ལས་གཉིས། །ཞེས་པའི་ཕྱིར་རོ། །དེ་ལས་འདོད་པའི་སེམས་དགེ་བ་ལས་མཇུག་ཐོགས་སུ་སེམས་དགུ་འབྱུང་སྟེ། རྒྱུན་གྱི་ཚེ་དེ་ཉིད་དང༌། ས་མཚུངས་པའི་ཚེ་གཞན་གསུམ་དང༌། ཉིང་མཚམས་སྦྱོར་བའི་ཚེ་ཁམས་གོང་གཉིས་ཀྱི་བསྒྲིབས་པ་གཉིས་དང༌། སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་དང༌། སློབ་པ་སྒོམ་ལམ་དང༌། མི་སློབ་པའི་སེམས་སོ། །གཟུགས་ཀྱི་དགེ་བ་ནི་གང་སྤེལ་ལས། ཁ་ཅིག་མི་ལྕོགས་མེད་ཁོ་ན། །ཞེས་དང༌། ཁ་ཅིག་དངོས་གཞི་ཡང་ཞེས་དང༌། ཁ་ཅིག་ཁྱད་པར་ཅན་ཡང་ཞེས་དང༌། དབྱངས་སྒྲོགས་གཉིས་པའི་བར་དུ་ཡང༌། །ཞེས་པ་སྟེ། གཞན་ལ་ཐོད་རྒལ་སྙོམས་འཇུག་ལྟར་སས་བར་དུ་ཆོད་པ་འདྲེན་མི་ནུས་ཞེའོ། །གཟུགས་མེད་ཀྱི་དགེ་བ་མ་ཡིན་ཏེ། འདོད་པ་ནས་རིང་བ་བཞིས་རིང་བའི་ཕྱིར་རོ། །འདི་ལྟར་གཟུགས་ཀྱི་རྟེན་གྱིས་འདོད་པའི་སྤྲུལ་སེམས་མངོན་དུ་བྱེད་པ་ལྟར། གཟུགས་མེད་པས་འདོད་པའི་ཆོས་འགའ་ཡང་མངོན་དུ་མི་བྱེད་པས་རྟེན་དང༌། འདོད་པ་ལ་མི་དམིགས་པས་དམིགས་པ་དང༌། རགས་སོགས་སུ་མི་ལྟ་བས་རྣམ་པ་དང༌། གཉེན་པོ་མ་ཡིན་པས་གཉེན་པོ་རིང་བའོ། །གོང་མ་གཉིས་ཀྱི་མ་བསྒྲིབས་པ་དང་རྒྱུན་མི་གཅིག་ས་མི་མཚུངས་ཉིང་མཚམས་སྦྱོར་སེམས་མི་རུང་མཉམ་བཞག་མ་ཡིན་དེ་ལས་ལྡང་སེམས་མི་བཏུབ་པས་ཚེ་དྲུག་གམ་བརྒྱད་མི་སྲིད་པའི་ཕྱིར་རོ། །འདོད་སེམས་དགེ་བ་དེ་ནི་བརྒྱད་པོ་ཁོ་ན་ལས་ཏེ་རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི་སྟེ། རིགས་པ་འདི་གཞན་ལའང་སྦྱར་རོ། །གཟིར་བའི་ཚེ་བསམ་གཏན་དང་པོའི་བསྒྲིབས་པ་ལས་འབྱུང་བ་དང་གཟུགས་ཀྱི་བསྒྲིབས་པ་དང༌། སྙོམས་འཇུག་ལས་ལྡང་བའི་ཚེ་དེའི་དགེ་བ་དང་ཟག་མེད་གཉིས་སོ། །མི་དགེ་བ་ནི་བཅུ་དག་ལས་ཏེ་ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་དྲུག་ལས་སོ། །དེ་ལས་རང་སའི་བཞི་ཁོ་ན་བྱུང་སྟེ། བསྒྲིབས་པའང་དེ་བཞིན་དུ་སྦྱར་རོ། །མ་བསྒྲིབས་པ་ནི་ལྔ་དག་ལས་འབྱུང་སྟེ་སྤྲུལ་པ་ལ་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་ལས་སྤྲུལ་སེམས་འབྱུང་བས་སོ། །དེ་ལས་ནི་མཇུག་ཐོགས་སུ་ལྔ་པོ་དང་ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་བསྒྲིབས་པ་འབྱུང་བའི་ཕྱིར་སེམས་བདུན་ནོ། །གཟུགས་ཁམས་ནི་དགེ་བ་ལ་ས་བཅུ་གཅིག་གོ །ཉིང་མཚམས་སྦྱོར་བའི་ཚེ་གོང་འོག་གི་ཉོན་མོངས་ཅན་གསུམ་དང༌། སྙོམས་འཇུག་ལས་ལྡང་བའི་ཚེ་འདོད་པའི་དགེ་བ་དང༌། སྤྲུལ་པ་ལ་འཇུག་པའི་ཚེ་སྤྲུལ་སེམས་དང༌། སྙོམས་འཇུག་གི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས་འབྱུང་བས་སོ།།
དེ་ནི་དགུའི་མཇུག་ཐོགས་སུ་འབྱུང་སྟེ། སྙོམས་འཇུག་ལས་ལྡང་བ་དང་འཇུག་པའི་ཚེ་གོང་གི་གསུམ་དང་འདོད་པའི་དགེ་བ་དང༌། གཟིར་བའི་ཚེ་གཟུགས་མེད་ཀྱི་བསྒྲིབས་པ་དང༌། སྤྲུལ་པ་ལས་ལྡང་བ་ན་འདོད་པའི་སྤྲུལ་སེམས་ལས་འབྱུང་བས་སོ། །བསྒྲིབས་པ་བརྒྱད་ལས་ཏེ་གོང་གི་གསུམ་དང་འོག་གི་ཉོན་མོངས་ཅན་མིན་པ་གཉིས་ཏེ་ལྔ་ལ་ཤི་ན་འདིར་ཉིང་མཚམས་སྦྱོར་བའི་ཚེ་དེས་སྦྱོར་སེམས་རུང་བའི་ཕྱིར་རོ། །དེ་ལས་ནི་དྲུག་སྟེ། གཟིར་བའི་ཚེ་འདོད་པའི་དགེ་བ་དང༌། ཉིང་མཚམས་སྦྱོར་བའི་ཚེ་གཞན་གཉིས་སོ། །མ་བསྒྲིབས་པ་ནི་རང་སའི་གསུམ་པོ་ཁོ་ན་ལས་སོ། །དེ་ལས་དྲུག་སྟེ་ཉིང་མཚམས་སྦྱོར་བའི་ཚེ་གོང་འོག་གི་ཉོན་མོངས་ཅན་གསུམ་འབྱུང་དུ་རུང་བས་སོ། །གཟུགས་མེད་པའི་མ་བསྒྲིབས་པའང་གྲངས་དེའི་ཚུལ་ཏེ། གཟུགས་མེད་པ་ནི་གསུམ་ལས་སོ། །དེ་ལས་དྲུག་སྟེ་ཞེས་སྦྱར་ཞིང་གཞུང་ཉུང་བའི་ཕྱིར་དང་པོར་སྨོས་སོ། །དགེ་བ་ལས་སེམས་དགུ་པོ་དག་འབྱུང་སྟེ་སྙོམས་འཇུག་གི་ཚེ་སྒོམ་ལམ་དང་མི་སློབ་པ་དང༌། གཟུགས་མེད་སྙོམས་འཇུག་ལས་ལྡང་བའི་ཚེ་གཟུགས་ཀྱི་དགེ་བ་དང༌། ཉིང་མཚམས་སྦྱོར་བའི་ཚེ་འོག་གི་སེམས་གསུམ་འབྱུང་བས་སོ། །དེ་ནི་དྲུག་གི་རྗེས་སུ་སྟེ་སྙོམས་འཇུག་ལས་ལྡང་བས་ན་དེ་གཉིས་དང་འཇུག་པ་ན་གཟུགས་ཀྱི་དགེ་བའོ། །བསྒྲིབས་པ་ལན་བདུན་ཏེ་ཉིང་མཚམས་སྦྱོར་བའི་ཚེ་འོག་མའི་ཉོན་མོངས་གསུམ་དང༌། གཟིར་བའི་ཚེ་གཟུགས་ཀྱི་དགེ་བའོ། །དེ་ཡང་དེ་བཞིན་ཏེ་འོག་མའི་ཉོན་མོངས་ཅན་མིན་པ་ལས་ཤི་བའོ། །སློབ་པ་ནི་སྙོམས་འཇུག་གི་ཚེ་རང་དང་ཁམས་གསུམ་གྱི་དགེ་བ་སྟེ་བཞི་ལས་བྱུང་ལ་དེ་ལས་ནི་བཞི་པོ་དེ་དང་རྡོ་རྗེ་ལྟ་བུ་ལས་ཟད་ཤེས་ཏེ་ལྔ་འབྱུང་ངོ༌། །མི་སློབ་པ་ནི་ལྔ་པོ་དེ་ཉིད་ལས་འབྱུང་ཞིང་དེ་ལས་སེམས་ནི་དེ་ཉིད་དང་ཁམས་གསུམ་གྱི་དགེ་བ་སྟེ་བཞི་པོ་དག་གོ །འོ་ན་དེ་ཉམས་ནས་སློབ་པར་སོང་བ་ཡོད་པའི་ཕྱིར་དེ་ལས་ལྔ་འབྱུང་བར་འགྱུར་རོ་ཞེ་ན། ཁྱབ་པ་མེད་དེ། དེའི་མཇུག་ཐོགས་སུ་དེ་ནམ་ཡང་མི་འབྱུང་གི་ཉོན་མོངས་པའི་སེམས་ཀྱིས་བར་བཅད་པའི་ཕྱིར་རོ་ཞེས་ཊཱིཀ་བྱེད་གཉིས་འཆད་དོ།།
བཞི་པ། སེམས་ཉི་ཤུར་དབྱེ་བ་ལ་གཉིས་ལས་དངོས་ནི།
བཅུ་གཉིས་པོ་དེ་དག་ཉི་ཤུར་ཡང་དབྱེར་ཡོད་དོ། །ཇི་ལྟར་ཞེ་ན་ཁམས་གསུམ་དུ་བར་སྲིད་དམ་སྔོན་དུས་གང་དུ་སྐྱེས་པ་ཙམ་གྱིས་དགེ་བའི་ཐོབ་པ་འབྱུང་བའི་སྐྱེས་ནས་ཐོབ་པ་དང༌། ཐོབ་པ་དང་ངོ་བོ་མངོན་དུ་འགྱུར་བ་སྦྱོར་བ་ལ་ལྟོས་པས་ན་སྦྱོར་བྱུང་སྟེ་དགེ་བ་ལ་གཉིས་གཉིས་སུ་ཕྱེ་ནས་སོ། །ད་དུང་བཅོ་ལྔ་ལས་མེད་དོ་སྙམ་ན་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་དང་བཟོ་གནས་པ་དང་སྤྲུལ་པའི་སེམས་ཏེ་འདོད་པ་ན་ལུང་བསྟན་མིན་པ་བཞིར་དབྱེའོ། །དེ་དག་ནི་རིམ་པ་བཞིན་སྐྱེས་བུའི་རྩོལ་བ་ལ་མི་ལྟོས་ཤིང་རྣམ་སྨིན་རྒྱུ་ལས་ངང་གིས་འབྱུང་བའི་སེམས་ཏེ། རྣམ་ཤེས་ཚོགས་དྲུག་ཅར་དུ་རུང་ཞིང་དམིགས་པ་ཡུལ་དྲུག་གོ །དེ་སྐད་དུ་རྒྱལ་སྲས་ཀྱིས། རྣམ་སྨིན་ལས་སྐྱེས་པ་ནི་མ་སྨོས་པའི་ཕྱིར་རྣམ་ཤེས་དྲུག་ཅར་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་དང༌། དམིགས་པ་ནི་མ་སྨོས་པའི་ཕྱིར་གཟུགས་ལ་སོགས་པ་ཐམས་ཅད་ཀྱང་ཡིན་ནོ་ཞེས་སོ། །དེ་བཞིན་དུ་དམིགས་པ་ཕྱི་རོལ་གྱི་མལ་སྟན་ལ་སོགས་པ་དང༌། རང་གི་ལུས་ཀྱི་ཡན་ལག་སྟེ་དེ་གཉིས་ཀྱི་དྲི་རོ་རེག་བྱ་དང་སྤྱོད་ལམ་འགྲོ་འདུག་སོགས་ལ་དམིགས་ནས་དེ་ལྟར་བྱ་བའི་སེམས་དང༌། བཟོ་བྱ་བའི་གནས་གཟུགས་སོགས་བཞི་དང་དེ་སློབ་པའི་སྒྲ་ལའང་དམིགས་ནས་དབྱེ་བའི་སེམས་དང༌། སྤྲུལ་པ་བྱ་བའི་ཡུལ་གཟུགས་སོགས་བཞི་ལ་དམིགས་ནས་དེ་གཞན་དུ་སྤྲུལ་པའི་སེམས་ཏེ་འགྲེལ་པར། དེ་དག་གི་དམིགས་པ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་ཡིན་ནོ། །བཟོའི་གནས་པའི་སྒྲ་ཡང་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དག་ཁོ་ན་ཡིན་ནོ། །ད་དུང་བཅོ་བརྒྱད་ལས་མེད་དོ་ཞེ་ན། གཟུགས་ན་བཟོ་མེད་པའི་ཕྱིར་བཟོ་གནས་པ་མ་གཏོགས་པས་གཞན་གསུམ་དང༌།
གཉིས་པ། ཞར་ལ་སེམས་བཅུ་གཉིས་དང་ཉི་ཤུ་ཁྱབ་གང་ཆེ་བཤད་པ་ལ་གསུམ་ལས། དང་པོ། དངོས་ནི། བཅུ་གཉིས་ཁྱབ་ཆེ་སྟེ་འགྲེལ་པར། གཞན་དག་ནི་བཟོའི་གནས་པས་བསྒྲུབས་པའི་ཡིད་ཤེས་སྐྱེ་མཆེད་བཅུ་གཉིས་ལ་དམིགས་པ་ཡོད་དོ་ཞེས་ཟེར་རོ་ཞེས་པ་ལ། རྒྱལ་སྲས་ཀྱིས། སྤྱོད་ལམ་པ་ལ་སོགས་པའི་ནང་དུ་མ་གཏོགས་པ་གང་ཡིན་པའི་མ་བསྒྲིབས་ལུང་མ་བསྟན་གཞན་ཡོད་པར་སྟོན་པར་བྱེད་པ་ཡིན་ཏེ། དེ་ཁོ་ན་ལྟར་ཡིན་པར་རྟོགས་པར་བྱའོ། །དེ་ལྟ་མ་ཡིན་ན། །གསུམ་པ་སོགས་ན་ལུས་མིག་དང༌། །ཞེས་སོགས་དང༌། སླར་འཇུག་པ་ནི་འོག་མས་ཀྱང༌། ཞེས་པ་ལ་སོགས་པ་འཆད་འགྱུར་རྣམས་བཞི་པོ་འདི་དག་གང་གིས་བསྡུས་ཞེས་དང༌། བཙུན་པ་གོ་ཆ་མཐའ་ཡས་ཀྱིས་ཀྱང་བཞི་པོ་མ་གཏོགས་པའི་རྣམ་ཤེས་ལུང་མ་བསྟན་གཞན་ཡང་ཡོད་དོ་ཞེས་བཤད་དེ། བཤད་པ་འདི་ནི་ལྷག་མ་དང་བཅས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་པའི་ཕྱིར་རོ།།
གཉིས་པ། ཉི་ཤུར་ཕྱེ་བའི་དགོས་པ་ནི།
འཇུག་ལྡང་གི་ཚེ་ཁམས་གསུམ་གྱི་དགེ་བ་འབྱུང་བ་དང༌། གཟིར་བའི་ཚེ་འོག་མའི་དགེ་བ་འབྱུང་བ་དང༌། ཁམས་གསུམ་གྱི་སེམས་ལ་འཆི་སེམས་རུང་བ་དང༌། གཟུགས་ཀྱི་དགེ་བ་དང་འདོད་པའི་མ་བསྒྲིབས་ལུང་མ་བསྟན་རྐྱེན་དང་རྐྱེན་ཅན་དུ་སྦྱར་བ་རྣམས་འདི་དང་འདི་དག་ལས་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་ཏེ། འདི་ལྟར་འཇུག་ལྡང་གི་དགེ་བ་ཐམས་ཅད་སྦྱོར་བྱུང་ཡིན་ལ། དམིགས་བསལ་དུ་འདོད་པའི་སྐྱེས་ཐོབ་གསལ་བས་ལྡང་སེམས་རུང་བ་དང༌། རྒྱུ་མཚན་དེའི་ཕྱིར་གཟིར་བའི་ཚེ་ཡང་འདོད་པའི་སྐྱེས་ཐོབ་འབྱུང་དུ་རུང་བ་དང༌། མིག་གསལ་བས་གཟུགས་ཀྱི་སྐྱེས་ཐོབ་མི་འབྱུང་བ་དང༌། འཆི་སེམས་ཀྱང་སྦྱོར་བྱུང་དང་བཟོ་སྤྲུལ་གསལ་བའི་ཕྱིར་མ་ཡིན་པ་དང༌། གོང་གི་དེ་དང་དེ་རྐྱེན་དང་རྐྱེན་ཅན་དུ་སྦྱར་བ་ཡང་བསམ་གཏན་གྱི་དགེ་བ་དག་པ་བ་དང་སྤྲུལ་སེམས་ཡིན་ནོ་ཞེས་བྱ་བའོ། །ཞིབ་པར་སེམས་ཉི་ཤུ་ལ་རྐྱེན་དང་རྐྱེན་ཅན་དུ་སྦྱོར་བའི་བཤད་པ་བདག་གིས་བྱས་པའི་ཡིག་ཆུང་ལོགས་སུ་བྱས་པར་བལྟ་བར་བྱའོ། །ཡིད་ལ་བྱེད་པ་གང་གིས་ཟག་མེད་ལ་འཇུག་ལྡང་བྱེད་པ་ནི་གཟུགས་ནི་གནོད་པ་བྱར་རུང་དང་ཚོར་བ་མྱོང་བ་ལ་སོགས་པ་རང་གི་མཚན་ཉིད་དང༌། མི་རྟག་སོགས་སྤྱིའི་མཚན་ཉིད་དང༌། མི་སྡུག་པ་དང་ཚད་མེད་སོགས་མོས་པ་ཡིད་ལ་བྱེད་པ་སྟེ་གསུམ་མོ། །དེ་ལ་ཁ་ཅིག་ནི་གསུམ་ཅར་གྱིས་འཇུག་ལྡང་བྱེད་དེ། དེའི་ཕྱིར་མདོ་ལས།
མི་སྡུག་པ་དང་ལྷན་ཅིག་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་དོ་ཞེས་གང་གསུངས་པ་ཡང་མི་སྡུག་པ་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་འབྱུང་བ་ལ་དགོངས་པས་དེ་ཉིད་ལེགས་པར་བཤད་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་མི་སྡུག་པས་སེམས་བཏུལ་ནས་སྤྱི་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འཕགས་པའི་ལམ་མངོན་དུ་བྱེད་པ་ལ་དགོངས་པས་སྤྱི་ཡིད་ལ་བྱེད་པ་ཁོ་ནས་འཇུག་ཅིང་གསུམ་ཅར་གྱིས་ལྡང་ངོ་ཞེའོ། །གཞན་དག་ནི་ལྡང་བ་ཡང་སྤྱི་ཡིད་ལ་བྱེད་པ་ཁོ་ནའོ་ཞེས་ཟེར་རོ། །སེམས་བཅུ་གཉིས་པོ་གང་ལ་གང་རྙེད་ནི་སེམས་གང་ཞིག་མངོན་དུ་གྱུར་པ་ན་དུ་རྙེད་ཅེས་པའམ། དུས་ཐོབ་པ་འབྱུང་ཞེས་པའོ། །དེ་ལ། སྐྱེ་དང་སྙོམས་པར་འཇུག་པ་དང༌། །འདོད་ཆགས་བྲལ་དང་ཡོངས་ཉམས་དང༌། །དགེ་བ་ཉིང་མཚམས་སྦྱོར་བའི་ཚེ། །སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་སྦྱར་ཏེ། གོང་ནས་འོག་ཏུ་ལོག་པ་ནི་འདོད་ཁམས་སུ་སླར་ལོག་པའམ་སྐྱེ་བའི་ཚེ་དང༌། ཁམས་གོང་མ་གཉིས་དང་ཟག་མེད་ལ་འཇུག་པ་སྙོམས་འཇུག་གི་ཚེ་དང༌། ས་དང་ས་ལས་འདས་པ་འདོད་ཆགས་དང་བྲལ་བའི་ཚེ་དང༌། དེ་ལས་ཉམས་པ་ཡོངས་སུ་ཉམས་པའི་ཚེ་དང༌། དགེ་རྩ་ཆད་པ་ཐེ་ཚོམ་དང་ཡང་དག་ལྟས་མཚམས་སྦྱོར་བའི་དགེ་བ་ཉིང་མཚམས་སྦྱོར་བའི་ཚེའོ། །དེ་ལ་ཁམས་གསུམ་ལས་འདོད་པའི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་ན་དྲུག་རྙེད་དེ། ཐེ་ཚོམ་གྱིས་ཉིང་མཚམས་སྦྱོར་བའི་ཚེ་དགེ་བ་སྐྱེས་ཐོབ་དང༌། སླར་ལོག་གི་ཚེ་གཟུགས་ནས་འདོད་པའི་བར་སྲིད་དུ་མི་དགེ་བས་ཉིང་མཚམས་སྦྱར་ན་དེ་དང་དེའི་བསྒྲིབས་པ་དང་དགེ་བ་སྐྱེས་ཐོབ་དང༌། བསྒྲིབས་པ་ལའང་དེ་བཞིན་དང༌། གཟུགས་མེད་ནས་འདོད་པའི་བར་སྲིད་དུ་ཉིང་མཚམས་སྦྱར་ན་གཟུགས་ཀྱི་བསྒྲིབས་པ་དང༌། ཡོངས་སུ་ཉམས་པའི་ཚེ་གཟུགས་ལས་འདོད་ཆགས་དང་བྲལ་བའི་བྱིས་པ་ཉམས་ན་གཟུགས་ཀྱི་བསྒྲིབས་པ་དང༌། མི་སློབ་པ་ལས་ཉམས་པའི་ཚེ་བསྒྲིབས་པ་གཉིས་དང་སློབ་པའང་རྙེད་དོ། །འོན་ཀྱང་དེའི་བསྒྲིབས་པས་མི་སློབ་པ་ལས་ཉམས་པ་མེད་པའི་ཕྱིར་དེ་ལ་དྲུག་རྙེད་པ་མིན་ནོ། །སོ་སོའི་སྐྱེ་བོས་ཀྱང་མིན་ཏེ་དེས་གཟུགས་མེད་ཀྱི་བསྒྲིབས་པ་དང་སློབ་པ་མི་རྙེད་པའི་ཕྱིར་རོ།།
གཟུགས་ཀྱི་ཉོན་མོངས་ཅན་ལའང་དྲུག་རྙེད་དེ་གཟུགས་ཁམས་སུ་སླར་ལོག་གི་ཚེ་གཟུགས་མེད་ནས་དེའི་བར་སྲིད་དུ་ཉིང་མཚམས་སྦྱར་བ་ན་དེའི་བསྒྲིབས་པ་དང་དགེ་བ་སྐྱེས་ཐོབ་དང༌། སྤྲུལ་སེམས་གཉིས་ལ་ཐོབ་པ་སྔར་སྐྱེ་ཡོད་པས་ལུང་མ་བསྟན་དེ་གཉིས་དང༌། ཡོངས་སུ་ཉམས་པའི་ཚེ་མི་སློབ་པ་ལ་གཟུགས་མེད་ཀྱི་ཉོན་མོངས་དང་སློབ་པ་རྙེད་པའི་ཕྱིར་རོ། །གཟུགས་མེད་ཀྱི་ཉོན་མོངས་པ་ཅན་ལ་དེས་མི་སློབ་པ་ཡོངས་སུ་ཉམས་པའི་ཚེ་དེ་དང་སློབ་པ་སྟེ་གཉིས་རྙེད་དོ། །གཟུགས་སུ་སྐྱེས་པའི་དགེ་བ་ལ་ནི་འདོད་ཆགས་དང་བྲལ་བའི་ཚེ་མི་ལྕོགས་མེད་ལ་དང་པོར་སྙོམས་པར་ཞུགས་པ་ན་དེ་ཉིད་དང་འདོད་ཆགས་དང་བྲལ་ཏེ་དགུ་པ་ལ་བསམ་གཏན་དངོས་གཞི་ཐོབ་པ་ན་སྤྲུལ་སེམས་གཉིས་ཏེ་གསུམ་དག་གོ །སློབ་པ་མངོན་དུ་གྱུར་པ་ལ་བཞི་སྟེ། འདོད་ཆགས་དང་བྲལ་བའི་ཚེ་སྡུག་བསྔལ་ཆོས་བཟོད་ཐོབ་པ་ན་དེ་ཉིད་དང༌། མི་ལྕོགས་མེད་ཀྱི་ལམ་ཟག་མེད་ཀྱི་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་དགུ་པའི་ཚེ་སྤྲུལ་སེམས་གཉིས་དང༌། ས་དྲུག་གི་འཕགས་ལམ་གང་ཡང་རུང་བས་བཞི་པ་ལ་འདོད་ཆགས་དང་འབྲལ་བའི་བར་ཆད་མེད་ལམ་དང་པོ་མངོན་དུ་གྱུར་པ་ན་གཟུགས་མེད་ཀྱི་དགེ་བ་སྔར་མི་ལྡན་པ་ལས་ཉེར་བསྡོགས་ཀྱིས་བསྡུས་པ་འདས་པ་དང་མ་འོངས་པ་རྙེད་དོ། །སློབ་དཔོན་ཡོན་ཏན་བློ་གྲོས་རང་གི་སློབ་མ་དབྱིག་བཤེས་དང་བཅས་པ་ནི་མི་ལྕོགས་མེད་འཕགས་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་དགུ་པ་ལ་དངོས་གཞི་ཐོབ་པ་ན་དེས་བསྡུས་པའི་ལམ་གྱི་སློབ་པ་ཐོབ་པས་དེ་རྙེད་ལ། སྤྲུལ་སེམས་གཉིས་ཀྱང་དེའི་ཚེ་རྙེད་པ་དང༌། ས་དྲུག་གི་འཕགས་ལམ་གྱིས་གཟུགས་ལ་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་དགུ་པའི་ཚེ་གཟུགས་མེད་ཀྱི་དགེ་བ་རྙེད་དོ་ཞེས་ཟེར་རོ། །རྒྱལ་སྲས་ཀྱིས་དེ་ནི་མི་རིགས་ཏེ། སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་པ་ལ་རྣམ་གྲོལ་དགུ་པའི་ཚེ་སློབ་པའི་སེམས་དང་ལྡན་པའི་གང་ཟག་ལ་སློབ་པའི་སེམས་མི་ལྡན་པ་ཇི་ལྟར་རྙེད་པར་གཞག་སྟེ། སྔར་སློབ་པའི་སེམས་དང་ལྡན་པའི་ཕྱིར་རོ།།
དེའི་ཚེ་དངོས་གཞིའི་བསམ་གཏན་གྱིས་བསྡུས་པ་སྔོན་མེད་པ་རྙེད་པའི་ཕྱིར་རོ་ཞེ་ན། དེའི་ཚེ་གཟུགས་ཀྱི་དངོས་གཞིའི་དགེ་བ་ཡང་སྔོན་མེད་པ་རྙེད་པའི་ཕྱིར་དེས་དེ་ཡང་རྙེད་པར་ཐལ་བར་འགྱུར་རོ། །གལ་ཏེ་དེ་དང་མི་མཚུངས་ཏེ་མཐོང་ལམ་གྱི་སྔོན་རོལ་སྦྱོར་ལམ་གྱི་ཚེ་ཐོབ་ཟིན་པའི་ཕྱིར་དེའི་རྙེད་པར་མི་བགྲང་ངོ་ཞེ་ན། སློབ་པ་ཡང་རྣམ་གྲོལ་དགུ་པའི་ཚེ་རྙེད་པར་མི་བགྲང་བར་ཐལ་བར་འགྱུར་ཏེ། སྔོན་མཐོང་ལམ་གྱི་ཚེ་ཐོབ་ཟིན་པའི་ཕྱིར་རོ་ཞེས་དང༌། སློབ་དཔོན་ཉིད་ཀྱིས། ངེས་འཇུག་དགྲ་བཅོམ་ཉིད་ཀྱི་ཚེ། །སློབ་པ་དང་ནི་མི་སློབ་པའི། །ཞེས་སྤེལ་མའི་ཚིགས་སུ་བཅད་པ་དྲངས་པ་དང་ཡང་འགལ་བས་ཉེས་པར་བཤད་པ་ཡིན་ནོ་ཞེས་དགག་པ་མཛད་དོ། །ལྷག་མར་བྱས་པ་ལ་ནི་དེ་ཁོ་ན་ཉིད་ཀྱི་གཞན་མ་ཡིན་ནོ། །འདི་ལྟར་ཡང་དག་པའི་ལྟ་བས་ཉིང་མཚམས་སྦྱར་བའི་ཚེ་དགེ་བའི་སེམས་དེ་ཉིད་དེ། ཁམས་གསུམ་གྱི་ཉོན་མོངས་ཅན་གྱི་སེམས་སྔར་དུ་ཡོད་པའི་ཕྱིར་དང༌། མ་བསྒྲིབས་ལུང་མ་བསྟན་ཕལ་ཆེ་བ་ཐོབ་པ་དང་ལྷན་ཅིག་སྐྱེ་ཞིང་སྤྲུལ་སེམས་སོགས་ཀྱི་ཐོབ་པ་སྔར་སྐྱེ་བ་ཡོད་ཀྱང་མ་ཐོབ་པའི་ཕྱིར་དང༌། དགེ་བ་གཉིས་དང་ཟག་མེད་གཉིས་ཀྱང་མ་ཐོབ་པའི་ཕྱིར་རོ། །མ་བསྒྲིབས་ལུང་མ་བསྟན་གྱི་སེམས་ལའང་དེ་ཁོ་ན་སྟེ་དགེ་བ་ལ་སོགས་པ་ཁ་ཅིག་ཐོབ་ཟིན་ཅིང་ཁ་ཅིག་མ་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་མ་བསྒྲིབས་གཉིས་དང་གཟུགས་མེད་ཀྱི་དགེ་བ་དང་མི་སློབ་པ་ལ་ཡང་རིག་པར་བྱའོ། །སྤེལ་མ་མཁན་དག་གིས་ནི་ཁམས་ཀྱི་དབྱེ་བ་སོ་སོར་མ་བྱས་པར། ཉོན་མོངས་ཅན་གྱི་སེམས་ལ་ནི། །མཁས་པ་རྣམས་ཀྱིས་དགུ་རྙེད་བརྗོད། །དགེ་བའི་སེམས་ལ་དྲུག་ཡིན་ཏེ། །ལུང་མ་བསྟན་ལ་དེ་ཉིད་དོ། །ཞེས་བཤད་དོ། །འོན་ཀྱང་སློབ་དཔོན་གྱི་ཞལ་སྔ་ནས།
དགེ་བའི་སེམས་ལ་བདུན་ཡིན་ཏེ། །ཞེས་བརྗོད་པར་བྱ་སྟེ། ཡང་དག་པའི་ལྟ་བས་དགེ་བ་ཉིང་མཚམས་སྦྱོར་བའི་ཚེ་དགེ་བ་དང༌། ལམ་གཉིས་ཀྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བའི་དགུ་པ་ལ་སྤྲུལ་སེམས་གཉིས་དང༌། དང་པོར་མི་ལྕོགས་མེད་དང་ནམ་མཁའི་ཉེར་བསྡོགས་ཐོབ་པའི་ཚེ་དེ་གཉིས་ཀྱི་དགེ་བ་དང༌། ངེས་པ་ལ་འཇུག་པའི་སྐད་ཅིག་དང་པོ་དང་དགྲ་བཅོམ་ཐོབ་པའི་ཚེ་སློབ་པ་དང་མི་སློབ་པ་ཐོབ་པའི་ཕྱིར་རོ་ཞེའོ། །ལྷག་མ་ནི་རྣམ་པར་བཤད་པ་འདི་ཉིད་ཀྱིས་ཁོང་དུ་ཆུད་པར་བྱའོ་ཞེས་དེ་ཁམས་གསུམ་པའི་ཉོན་མོངས་ཞེས་པ་ལ་སོགས་པའི་རྣམ་པར་བཤད་པ་དེ་ཉིད་ཀྱིས་རྟོགས་པར་འགྱུར་བས་བདག་གིས་ཀྱང་རྣམ་པར་མ་ཕྱེའོ། །དེ་ལ་བརྟེན་ནས་སེམས་ཉི་ཤུ་པོ་ལ་རང་དང་གཞན་གཉིས་ཀས་རྙེད་པ་སྦྱར་བར་བྱའོ་ཞེས་གསུངས་ཏེ། སྤྲུལ་སེམས་ལས་གཞན་བའི་ལུང་མ་བསྟན་དྲུག་ལས་བཟོ་གནས་དང་སྤྱོད་ལམ་པ་འགའ་ཞིག་ལ་ཐོབ་པ་སྔར་སྐྱེ་ཡོད་ཀྱང་ཕལ་ཆེར་ལ་མེད་ཅིང་རང་ཉིད་མངོན་དུ་འགྱུར་དགོས་པ་དང༌། འདོད་པ་དང་གཟུགས་ཀྱི་དགེ་བ་སྦྱོར་བྱུང་གཉིས་པོ་རང་གི་སྦྱོར་བ་དང༌། མི་སློབ་པ་ཟད་པ་ཤེས་པས་ཐོབ་པའི་ཕྱིར་རང་ཁོ་ནས་རྙེད་པ་དགུ་དང༌། སྤྲུལ་སེམས་གཉིས་གཟུགས་ཀྱི་དགེ་བ་དང་བསྒྲིབས་པ་དང་སློབ་པ་རྙེད་ལ། གོང་མ་གཉིས་ཀྱི་སྐྱེས་ཐོབ་གོང་འོག་གང་དུ་སྐྱེས་ཀྱང་ཉིང་མཚམས་སྦྱོར་བའི་བསྒྲིབས་པས་རྙེད་པའི་ཕྱིར་གཞན་ཁོ་ནས་རྙེད་པ་བཞི་དང༌། འདོད་པའི་སྐྱེས་ཐོབ་ཡང་དག་པའི་ལྟ་བས་མཚམས་སྦྱོར་ན་རང་དང་ཐེ་ཚོམ་གྱིས་མཚམས་སྦྱོར་བ་དང་བར་སྲིད་དུ་སྐྱེ་བའི་ཚེ་གཞན་གྱིས་རྙེད་པ་དང༌། ཉོན་མོངས་ཅན་གཉིས་པོ་སྐྱེ་བའི་ཚེ་གང་སྔོན་དུ་གྱུར་པ་ན་རང་དང་གཅིག་ཤོས་གཞན་གྱིས་རྙེད་པ་དང༌། གོང་མའི་བསྒྲིབས་པ་གཉིས་རང་གིས་ཉམས་ན་རང་དང་འོག་མས་ཉམས་ན་གཞན་གྱིས་རྙེད་པ་དང༌། གཟུགས་མེད་ཀྱི་སྦྱོར་བྱུང་ནམ་མཁའི་ཉེར་བསྡོགས་ལ་ཞུགས་པའི་ཚེ་རང་དང་སློབ་པས་རྙེད་པའི་ཚེ་གཞན་གྱིས་རྙེད་པ་དང༌། སློབ་པ་ཡང་ཟག་མེད་སྐད་ཅིག་དང་པོའི་ཚེ་རང་དང་དགྲ་བཅོམ་པ་ལས་ཉམས་པའི་ཚེ་གཞན་གྱིས་རྙེད་པའི་ཕྱིར་གཉིས་ཀས་རྙེད་པ་བདུན་ནོ།།
དབང་པོ་དབང་པོའི་ཆོས་དྲུག་དང་སྦྱར་ཞིང༌།།
མཚུངས་ལྡན་མཚུངས་ལྡན་མིན་པའི་འདུས་བྱས་རྣམས།།
རྒྱུ་རྐྱེན་རྒྱུ་རྐྱེན་འབྲས་བུ་དང་བཅས་པ།།
ལེགས་བཤད་ལེགས་བཤད་གནས་འདི་མཉན་པར་གྱིས།།
ཆོས་མངོན་གསལ་བྱེད་ལེགས་བཤད་རྒྱ་མཚོ་ལས་དབང་པོ་བསྟན་པ་ཞེས་བྱ་བ་གནས་གཉིས་པའི་བཤད་པའོ།། །།