གནས་དང་པོ་ཁམས་བསྟན་པ།
གཉིས་པ། གཞུང་གི་དོན་ལ་གནས་བརྒྱད་ལས། དང་པོ་ལ་གཉིས་ལས། དང་པོ། མདོར་བསྟན་པ་ནི།
གང་དག་རྣམ་པར་དབྱེ་བར་བྱ་བའི་ཆོས་རྣམས་གང་ཞེ་ན། ཟག་བཅས་དང་ཟག་པ་མེད་པ་སྟེ་དེ་དག་རང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཡིན་ལ། དེ་ནི་འདི་ཙམ་དུ་ཟད་ཀྱི་དེ་གཉིས་ལས་རྫས་གཞན་མེད་པའི་ཕྱིར་ཆོས་རྣམས་ཞེས་སྨོས་པར་རྒྱལ་སྲས་འཆད་དོ། །གང་སྤེལ་ནི་ཆོས་ཞེས་སྨོས་པ་ནི་ཆོས་ཙམ་ཡིན་གྱི་བདག་དང་བདག་གི་བ་མ་ཡིན་ནོ་ཞེས་ཤེས་པའི་དོན་དུའོ་ཞེས་སོ། །འདིས་ནི་མདོར་བསྡུས་ནས་བསྟན་གྱི་རྒྱས་པར་བསྟན་བཅོས་ཡོངས་སུ་རྫོགས་ཀྱི་བར་གྱིས་སྟོན་ནོ། །འོ་ན་ཅི་དབྱེ་བར་བྱ་བ་ནི་ཕུང་པོ་ལྔའོ་ཞེས་སམ། སྐྱེ་མཆེད་དང་ཁམས་སོ་ཞེས་ཅི་སྟེ་མི་སྟོན་ཅེ་ན། སློབ་དཔོན་ནི་ཆོས་ཐམས་ཅད་མདོར་བསྡུས་ནས་བསྟན་པར་བཞེད་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་བསྟན་ན་དེ་དག་བོར་བ་དང་བསྟེན་པའི་སྒོ་ནས་ངེས་པར་ལེགས་པ་འཐོབ་པར་འགྱུར་བར་ཐུགས་ལ་བཞག་ནས་སྟོན་པར་མཛད་ན་ཕུང་པོས་ནི་མ་བསྡུས་ཤིང་སྐྱེ་མཆེད་དང་ཁམས་གང་བསྟན་ཀྱང་ཉོན་མོངས་དང་རྣམ་བྱང་གསལ་བར་མི་མཚོན་པས་འཚོལ་བའི་ཕྱིར་རོ་ཞེས་དང༌། ཡང་འདུས་བྱས་འདུས་མ་བྱས་སམ་གཟུགས་ཅན་གཟུགས་ཅན་མ་ཡིན་པ་ལ་སོགས་པ་མདོར་བསྡུས་ཏེ་སྟོན་པ་གཞན་ཡང་ཡོད་ན་ཅིའི་ཕྱིར་འདི་ཁོ་ན་སྟོན་ཅེ་ན། དེ་དག་གིས་ཀྱང་དེ་ལྟར་མི་མཚོན་པས་འཆོལ་བའི་ཕྱིར་ཞེས་གང་སྤེལ་འཆད་དོ། །རྒྱལ་སྲས་ནི་གང་ཞིག་བཤད་ན་བརྒལ་ཞིང་བརྟག་པ་མཉམ་པོར་མཚུངས་པའམ་སྔ་མ་ལྟར་འཆད་དོ།།
གཉིས་པ། རྒྱས་པར་བཤད་པ་ལ་བཞི་ལས། དང་པོ། ཟག་བཅས་ནི།
ལམ་གྱི་བདེན་པ་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་ཞེས་རང་གི་ངོ་བོ་བསྟན་ཏེ། གང་སྤེལ་གྱིས་ལམ་མ་གཏོགས་པའི་འདུས་བྱས་རྣམས་ཞེས་བྱ་བ་ནི་རང་གི་ངོ་བོའོ་ཞེས་སོ། །དེ་མཚན་གཞིར་ཡང་གཟུང་ངོ༌། །སློབ་དཔོན་ཡོན་ཏན་བློ་གྲོས་ནི་ཆོས་ཐམས་ཅད་ཟག་པའི་དམིགས་པ་ཡིན་ན་ཅིའི་ཕྱིར་དེ་ཁོ་ན་ཟག་བཅས་ཞེས་འཆད་ཀྱང་དེ་ནི་མི་རིགས་ཏེ། རྒྱལ་སྲས་ཀྱིས་ཆོས་ཐམས་ཅད་ཟག་པ་རྣམས་ཀྱི་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཆོས་མངོན་པ་པ་མ་ཡིན་ཏེ་ནམ་མཁའ་དང་བརྟགས་མིན་ཟག་པའི་དམིགས་པ་མ་ཡིན་པའི་ཕྱིར་རོ་ཞེས་སོ། །དེའི་ཕྱིར་ཆོས་མངོན་པའི་གྲུབ་པའི་མཐའ་དང་འགལ་བས་སོ། །གལ་ཏེ་ཟག་པ་དང་མཚུངས་པར་ལྡན་པའམ། ཟག་པ་དང་ལྷན་ཅིག་འབྱུང་བའམ། ཟག་པའི་རྟེན་བདག་རྐྱེན་བྱེད་པ་ཡིན་ན། ཕྱི་རོལ་གྱི་དངོས་པོ་དེ་མ་ཡིན་པར་འགྱུར་ལ། ཟག་པའི་དམིགས་པ་བྱེད་པ་ཡིན་ན་འགོག་ལམ་ཡང་དེར་འགྱུར་བས་མཚན་ཉིད་ནི་གང་གི་ཕྱིར་ཏེ་འདི་ལྟར་དེ་དག་ལ་ཟག་པ་ཉོན་མོངས་པ་རྣམས་དམིགས་པའམ་མཚུངས་ལྡན་གྱི་སྒོ་ནས་ཀུན་ཏུ་རྒྱས་པར་འགྱུར་བ་ཞེས་པ་སྟེ་ཆོས་གང་ཞིག་ཟག་པ་རྒྱས་སུ་རུང་བའོ། །དེའི་ཕྱིར་ཟག་བཅས་སོ། །རྒྱས་པ་ནི་གནས་ཐམས་ཅད་ནས་རྒྱུན་ཆགས་སུ་སྐྱེར་རུང་བའམ་རྒྱལ་སྲས་པཎྜི་ཏ། ཡང་ན་ཡུལ་དེ་དང་འཕྲོད་ཅིང་མཐུན་པ་ལ་བཤད་དོ། །གལ་ཏེ་དགྲ་བཅོམ་པའི་མིག་སོགས་དང་ཟག་པ་ཡང་ཟག་བཅས་མ་ཡིན་པར་འགྱུར་རོ་ཞེ་ན། གཞན་གྱི་ཉོན་མོངས་པ་དང་རང་སའི་ཀུན་འགྲོ་རྒྱས་པའི་ཕྱིར་སྐྱོན་མེད་དོ།།
གཉིས་པ། ཟག་མེད་ནི།
ཚིག་རྐང་པ་གསུམ་གྱིས་སྟོན་ཏེ། འདི་ལ་ཁ་ཅིག ལམ་མ་གཏོགས་པའི་འདུས་བྱས་རྣམས། དང་། ཟག་བཅས་ཞེས་བསྟན་པའི་ཤུགས་ལས་ལྷག་མ་རྣམས་དོན་གྱི་ཟག་མེད་དུ་གོ་བས་དེ་དག་མདོར་བརྗོད་མི་དགོས་སོ་ཞེ་ན། སློབ་དཔོན་ཡོན་ཏན་བློ་གྲོས་ན་རེ། ལམ་ནི་འཇིག་རྟེན་པ་དང་འདས་པ་གཉིས་ཡིན་པས་འཇིག་རྟེན་པའང་ཟག་མེད་དུ་དོགས་པར་འགྱུར་བས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་དང༌། གང་འཇིག་རྟེན་ན་དེ་ལྟར་གྲགས་ན་དོན་གྱིས་གོ་བར་འགྱུར་བ་ལས་འདུས་མ་བྱས་ཟག་མེད་དུ་མ་གྲགས་པའི་ཕྱིར་ཞེའོ། །པཎྜིཏ། ཁ་ཅིག་ན་རེ། དོན་གྱིས་གོ་ཡང་ཕུང་པོ་གསུམ་པ་ཡོད་པ་དོགས་ཏེ། དཔེར་ན་ཚོར་བ་བདེ་སྡུག་མ་ཡིན་པའི་བཏང་སྙོམས་ལྟར་གཉིས་ཀ་མ་ཡིན་པའམ། དཔེ་སྟོན་པ་དག་གིས་དགྲ་བཅོམ་པའི་མིག་སོགས་དང་ཕྱིའི་གཟུགས་སོགས་ཟག་པའི་རྟེན་མ་ཡིན་པས་ཟག་མེད་དང་ཟག་པའི་གཉེན་པོ་མ་ཡིན་པས་ཟག་བཅས་ཏེ་རྣམ་གྲངས་པའི་ཟག་བཅས་དང་ཟག་མེད་གཉིས་ཡིན་དུ་རྟོགས་པས་དེ་དག་བསལ་ནས་རྣམ་གྲངས་མེད་པར་ཟག་མེད་ཡིན་པར་བསྟན་པའི་ཕྱིར་རོ་ཞེས་འཆད་དོ། །གཞན་དག་ནི་དོན་གྱིས་གོ་ཡང་གསལ་བར་བྱ་བའི་ཕྱིར་འཆད་པས་སྐྱོན་མེད་དོ་ཞེའོ། །དེའི་ཕྱིར་ཟག་མེད་ནི་ལམ་གྱི་བདེན་པ་དང་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་རྣམ་པ་གསུམ་ཡིན་ནོ་ཞེས་བྱ་སྟེ། དང་ནི་སྡུད་པའི་ཚིག་ཡིན་ལ། རྣམ་གསུམ་ཞེས་པ་ནི་གནས་མ་བུའི་སྡེ་པ་དག་འདུས་མ་བྱས་མྱ་ངན་ལས་འདས་པ་གཅིག་པུར་སྨྲ་བ་དང༌། བྱེ་བྲག་པ་རྡུལ་ཕྲ་རབ་ལ་སོགས་པ་མང་དུ་སྨྲ་བ་དགག་པའི་ཕྱིར་སྨོས་སོ། །ཡང་སྟེ་ཞེས་པ་ནི་ཟག་མེད་དེ་ཙམ་ཞིག་ཡིན་གྱི་གཞན་མེད་དོ་ཞེས་ངེས་པར་གཟུང་བའི་དོན་ཏེ། གང་སྤེལ་གྱིས་ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ་ཞེས་སོ། །རྣམ་པ་གསུམ་ནི་ནམ་མཁའ་དང་ནི་འགོག་པ་གཉིས་ཏེ། དེ་ཡང་སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །དེ་ལྟར་རང་གི་ངོ་བོ་བསྟན་པ་དེ་ཉིད་མཚན་གཞིར་གཟུང་ངོ་།།
མཚན་ཉིད་ནི་སྔར་གྱི་དེ་ཉིད་བཟློག་པ་སྟེ། གང་སྤེལ་གྱི། མཚན་ཉིད་ནི་གང་ཕྱིར་དེ་དག་ལ། ཟག་རྣམས་རྒྱས་པར་འགྱུར་ཞེས་སྨྲས་ཟིན་པ་བཟློག་པའི་སྒོ་ནས་རྟོགས་པ་ཉིད་དོ་ཞེས་སོ། །དེའི་ཕྱིར་ཆོས་གང་ཞིག་ཟག་པ་རྒྱས་སུ་མི་རུང་བའམ། ཆོས་གང་ཞིག་སྤང་བྱ་མ་ཡིན་པ་ཡིན་པའོ།།
གསུམ་པ། འདུས་མ་བྱས་ལ་གཉིས་ལས། དང་པོ། དངོས་ནི།
འདུས་མ་བྱས་གསུམ་བཤད་པ་དེ་ལ་ནམ་མཁའ་ནི་རྟག་པ་གང་ཞིག་མི་སྒྲིབ་པ་ཞེས་པ་མཚན་ཉིད་དོ། །འོ་ན་འགོག་པ་གཉིས་ནམ་མཁར་འགྱུར་རོ་ཞེ་ན། དེ་གཉིས་གང་ལ་ལྡན་པ་དེ་ལ་རིམ་པ་ལྟར་རང་གི་དགག་བྱ་ཟག་བཅས་དང་འདུས་བྱས་ཡིན་པའི་རང་གི་ངོ་བོ་དགག་བྱ་དེ་ལྡན་པར་འགྱུར་བ་ངེས་པར་འགོག་པའི་ཕྱིར་དང་དེ་སྐྱེ་བའི་གེགས་སུ་འགྱུར་བའི་ཕྱིར་སྒྲིབ་བོ། །ཡང་གལ་ཏེ་རྩིག་པ་ལ་སོགས་པའི་གོ་ས་ན་ནམ་མཁའ་ཡོད་ན་མི་སྒྲིབ་པ་ཡོད་པའི་ཕྱིར་རྩིག་པ་ལ་སོགས་པ་གཞན་ཆུད་པར་འགྱུར་ལ། མེད་ན་རེས་འགའ་བ་ཡིན་པའི་ཕྱིར་མི་རྟག་པར་འགྱུར་རོ་ཞེ་ན། རྟགས་མ་གྲུབ་སྟེ། དེ་ལ་ནམ་མཁའ་མེད་པར་གྱུར་ན་གོ་འབྱེད་པ་མེད་པའི་ཕྱིར་རྩིག་པ་ལ་སོགས་པ་དེ་དག་ཉིད་ཀྱང་མི་གནས་པར་ཐལ་བར་འགྱུར་ལ། བྲམ་ཟེ་ཞིག་གིས། ཀྱེ་གོའུ་ཏ་མ་ས་ཅི་ལ་རྟེན་ལགས། བྲམ་ཟེ་ས་ཆུ་ལ་རྟེན་ཏོ། །གོའུ་ཏ་མ་ཆུ་ཅི་ལ་རྟེན་ལགས། བྲམ་ཟེ་ཆུ་རླུང་ལ་རྟེན་ཏོ། །གོའུ་ཏ་མ་རླུང་ཅི་ལ་རྟེན་ལགས། བྲམ་ཟེ་རླུང་ནམ་མཁའ་ལ་རྟེན་ཏོ། །གོའུ་ཏ་མ་ནམ་མཁའ་ཅི་ལ་རྟེན་ལགས། བྲམ་ཟེ་ཧ་ཅང་ཐལ་ཆེས་ཏེ་ནམ་མཁའ་ནི་རྟེན་མེད་པ་སྣང་བ་མེད་པ་དམིགས་པ་མེད་པའོ། །ཞེས་རྩིག་པ་ལ་སོགས་པའི་གོ་ས་ན་ནམ་མཁའ་ཡོད་པར་གསུངས་པའི་ཕྱིར་རོ། །དེ་ལྟ་ཡིན་ཀྱང་རྩིགས་པ་ལ་སོགས་པ་གཞན་ཚུད་པར་ཐལ་བར་ཡང་མི་འགྱུར་ཏེ་དེ་ཉིད་ཀྱིས་གེགས་བྱས་པའི་ཕྱིར་རོ་ཞེས་རྒྱལ་སྲས་འཆད་དོ། །འདི་ལ་འཆད་པ་པོ་དག་ནི་ལུང་དེ་ལ་བརྟེན་ནས་རླུང་རྟེན་པའི་དོན་བྱེད་ནུས་པའི་ཕྱིར་ནམ་མཁའ་རྫས་སུ་ཡོད་པར་བྱེ་བྲག་ཏུ་སྨྲ་བ་ཁས་ལེན་ཏོ་ཞེས་འཆད་ཀྱང་ཊཱིཀ་བྱེད་དག་གིས་དེ་ལྟར་མ་བཤད་པའི་ཕྱིར་དང༌། དོན་བྱེད་ནུས་པ་ལ་མི་རྟག་པའི་ཁྱབ་པ་འདི་པས་ཀྱང་ཁས་ལེན་པས་མི་རྟག་པར་ཐལ་བར་འགྱུར་བ་དང་འབྲས་བུ་ཡོད་པར་ཐལ་བར་ཡང་སྤང་དཀའ་བས་འདི་ནི་ལེགས་པར་བཤད་པ་མ་ཡིན་ནོ། །མཚན་གཞི་ནི་བརྟགས་མིན་འགོག་པ་ལས་རྫས་གཞན་པའི་འདུས་མ་བྱས་ལུང་མ་བསྟན་ཞིག་གོ །སྒྲ་དོན་ནི་ཨཱ་ཀཱ་ཤའི་སྒྲ་ལས་ནམ་མཁའ་སྟེ་གོ་འབྱེད་པའི་དོན་གྱིས་སོ།།
སོ་སོར་བརྟགས་པས་འགོག་པའི་མཚན་ཉིན་ནི་འགོག་པ་གང་ཞིག་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བའོ། །བརྟགས་མིན་འགོག་པ་ནི་དེར་ཐལ་བར་མི་འགྱུར་ཏེ། རྒྱལ་པོའི་སྲས་ཀྱིས། གང་བྲལ་བའོ་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་མི་རྟག་པ་ཉིད་ཀྱི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་བསལ་བ་ཡིན་ཏེ། འགོག་པ་དེ་དག་ནི་བྲལ་བའི་མཚན་ཉིད་ཅན་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །མཚན་གཞི་ནི་འདུས་མ་བྱས་དགེ་བའོ། །སྒྲ་དོན་ནི་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ། ཟག་པ་མེད་པའི་ཤེས་རབ་ཡིན་ལ། དེའི་བྱེ་བྲག་བར་ཆད་མེད་པའི་ལམ་དེས་ཐོབ་པར་བྱ་བའི་འགོག་པ་ཡིན་པས་བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ། དཔེར་ན་བ་ལང་དག་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་པ་ལྟ་བུའོ། །ཅི་སོ་སོར་བརྟགས་པས་འགོག་པ་ཐམས་ཅད་རྫས་གཅིག་གམ་ཐ་དད་ཅེ་ན། ལྡན་པའི་རྫས་སྤང་བྱ་རྣམས་རྫས་ཐ་དད་སོ་སོ་བ་བཞིན་དུ་འགོག་པ་རྣམས་ཀྱང་རྫས་ཐ་དད་སོ་སོ་བ་ཡིན་ཏེ། དེའི་ཕྱིར་འགྲེལ་པར། ལྡན་པའི་རྫས་རྣམས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ་ཞེས་སོ། །དེ་ལྟ་མ་ཡིན་པར་རྫས་གཅིག་ན་སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་མངོན་དུ་བྱས་པ་ན་སྤང་བྱ་ལྷག་མ་རྣམས་སྤངས་པའི་འགོག་པའང་མངོན་དུ་བྱས་པར་འགྱུར་ལ། དེ་ལྟ་ན་མངོན་དུ་བྱ་བའི་ཕྱིར་ལམ་བསྒོམ་པ་དོན་མེད་པར་འགྱུར་རོ། །འོ་ན་ཆོས་སྦྱིན་མའི་མདོ་ལས། ཁྱིམ་བདག་ས་གས་དགེ་སློང་མ་ཆོས་སྦྱིན་ལ་འཕགས་མ་འགོག་པ་འདྲ་བ་ལགས་སམ་ཞེས་དྲིས་པ་དང༌། ཚེ་དང་ལྡན་པ་ས་ག་འགོག་པ་འདྲ་བ་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། འདིར་རྒྱུའི་སྒྲ་མི་མངོན་པར་བྱས་ནས་འདི་ལ་འདྲ་བའི་རྒྱུ་ཡང་མེད་ལ་འདི་གཞན་གང་གིའང་འདྲ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ཡིན་གྱི་འགོག་པ་ནང་ཕན་ཚུན་འདྲ་བ་མེད་པར་སྟོན་པ་མ་ཡིན་ནོ་ཞེས་ཊཱིཀ་བྱེད་དག་འཆད་དོ།།
སོ་སོར་བརྟགས་མིན་གྱི་འགོག་པའི་མཚན་ཉིད་ནི་རང་གི་དགག་བྱ་ད་ལྟར་དུ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་འགོག་པ་གང་ཞིག་སོ་སོར་བརྟགས་འགོག་ལས་རྫས་གཞན་པའོ། །འདིས་ནི་འགོག་པ་ལྔ་ལས་སྐྱེ་བ་ལ་གེགས་བྱེད་པ་མ་ཡིན་གྱི་ཆོས་ད་ལྟར་གནས་པ་ལ་གེགས་བྱེད་པ་མི་རྟག་པའི་འགོག་པ་དང༌། དགག་བྱ་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་ལ་གེགས་བྱེད་ཀྱང་རེ་ཞིག་ཡིན་གྱི་གཏན་དུ་མ་ཡིན་པ་སྐྱེ་བའི་འགོག་པ་འདུ་ཤེས་མེད་པ་དང༌། སྙོམས་འཇུག་གི་འགོག་པ་སྙོམས་འཇུག་གཉིས་དང༌། བརྟགས་འགོག་ལས་རྫས་གཞན་ཞེས་པས་དེ་ཉིད་སེལ་བར་བཤད་དོ། །འགོག་པ་ཞེས་པས་དེ་མ་ཡིན་པ་རྣམ་པར་གཅོད་ནུས་སོ། །མཚན་གཞི་ནི་ནམ་མཁའ་ལས་རྫས་གཞན་པའི་/འདུས་མ་བྱས་3ལུང་མ་བསྟན་རྫས་སུ་གྲུབ་པ་ཞིག་སྟེ། དཔེར་ན་གཟུགས་སྔོན་པོ་ལ་མིག་དང་ཡིད་གཡེངས་པའི་ཚེ་ད་ལྟར་གྱི་གཟུགས་གཞན་དང་སྒྲ་དང་དྲི་རོ་རེག་བྱ་རྣམས་འདས་པར་སོང་བས་དེ་ལ་དམིགས་པའི་དབང་ཤེས་སྐྱེ་བའི་རྐྱེན་མ་ཚང་བས་དེའི་བརྟགས་མིན་ཐོབ་པ་ལྟ་བུའོ། །རྐྱེན་གང་མ་ཚང་ཞེ་ན། ཡུལ་དེ་དག་འདས་པར་སོང་བ་ལ་དབང་པོའི་ཤེས་པས་དམིགས་པའི་མཐུ་མེད་པས་དམིགས་རྐྱེན་མ་ཚང་བའི་ཕྱིར་མི་སྐྱེ་ཞེས་བྱ་བ་ནི་འགྲེལ་བ་དང་ཊཱིཀ་བྱེད་དག་གི་དགོངས་པའོ། །པཎྜིཏ། ཁ་ཅིག་ན་རེ། དེ་མ་ཐག་རྐྱེན་སེམས་དང་སེམས་ལས་བྱུང་བ་དེས་སྔོན་པོ་ལ་དམིགས་པའི་རྣམ་ཤེས་ཀྱི་དེ་མ་ཐག་རྐྱེན་བྱེད་ཀྱི་དེ་དང་ལྷན་དུ་རྣམ་ཤེས་གཞན་མི་སྐྱེད་པས་དེ་མ་ཐག་རྐྱེན་མ་ཚང་ཞེས་འཆད་དོ། །ཡང་ན་བཟོད་པ་ཐོབ་པའི་ཚེ་ངན་སོང་གི་ཕུང་པོ་སྐྱེ་བའི་རྐྱེན་མ་ཚང་བས་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པ་ལ་སོགས་པ་དཔེར་བྱའོ། །སྒྲ་དོན་ནི་སོ་སོར་བརྟགས་པ་མིན་པ་རྐྱེན་མ་ཚང་པས་ཐོབ་པའི་འགོག་པ་ཡིན་པས་སོ།།
རྫས་སུ་ཡོད་པར་ནི་ཡིད་ཆེས་པའི་ལུང་ལས་འབྱུང་སྟེ། འདི་ལྟར་རྩིག་པ་ལ་སོགས་པའི་གོ་ས་ན་ནམ་མཁའ་ཡོད་པར་གསུངས་པའི་ཕྱིར་དང༌། བརྟགས་འགོགས་ཀྱང་ལམ་བདེན་ལྟར་བདེན་པ་བཞིའི་ཡ་གྱལ་དུ་གསུངས་པའི་ཕྱིར་དང༌། བརྟགས་མིན་ཡང་རྐྱེན་མ་ཚང་བ་ཙམ་གྱིས་ནི་དེ་གཏན་དུ་མི་སྐྱེ་བར་ཇི་ལྟར་གེགས་བྱ་བར་ནུས་ཏེ། དེའི་ཕྱིར་རྫས་སུ་ཡོད་པས་དེ་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་རྒྱུན་དུ་ཞུགས་པའི་དབང་དུ་མཛད་ནས་འདིའི་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་འགགས་སོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་དང༌། གཞན་ཡང་འདིའི་གྲུབ་མཐའ་ཁས་ལེན་པས་འདི་དག་དམིགས་པའི་རྐྱེན་ཡིན་པ་དང༌། རྟག་ཅིང་བརྟན་པའི་རྫས་ཡིན་པ་དང༌། ཆོས་འགའ་ཞིག་སྐྱེ་བ་ལ་མི་སྒྲིབ་པའི་དངོས་པོ་ཡིན་པ་དང༌། བློ་མ་འཁྲུལ་པའི་ཡུལ་ན་ཡོད་པའི་ཕྱིར་ཞེས་པའང་ཡིན་ནོ། །འགྲེལ་པར་ཡང༌། གལ་ཏེ་འདུས་མ་བྱས་མེད་པ་ཁོ་ན་ཡིན་ན། བཅོམ་ལྡན་འདས་ཀྱིས་ཆོས་གང་དག་འདུས་བྱས་ཀྱང་རུང་འདུས་མ་བྱས་ཀྱང་རུང༌། དེ་དག་གི་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བཤད་དོ་ཞེས་པའི་མདོ་དང་འགལ་བར་འགྱུར་ཏེ། མེད་པའི་མཆོག་མེད་པ་ཡིན་ནོ་ཞེས་བྱ་བ་ནི་སྔོན་མ་བྱུང་བའི་ཐ་སྙད་ཞིག་གོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དངོས་པོ་རྫས་སུ་ཡོད་པའོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ།།
མདོ་སྡེ་པ་ནི་འདུས་མ་བྱས་མེད་པ་ཁོ་ན་མ་ཡིན་གྱི་རྫས་སུ་མེད་པ་ཞིག་སྟེ། འདི་ལྟར་ཐོགས་པའི་རེག་བྱ་མེད་པ་ཙམ་ནི་ནམ་མཁའ་དང༌། སོ་སོར་བརྟགས་པ་ཤེས་རབ་ཀྱི་སྟོབས་ཀྱིས་ཕྲ་རྒྱས་ཀུན་འབྱུང་བ་དང་སྐྱེ་བ་སྡུག་བསྔལ་ཏེ་དེ་དག་མི་སྐྱེ་བ་ནི་སོ་སོར་བརྟགས་འགོག་དང༌། རྐྱེན་མ་ཚང་བས་ཆོས་འགའ་ཞིག་མི་སྐྱེ་བ་གང་ཡིན་པ་སོ་སོར་བརྟགས་མིན་དུ་འཆད་དོ། །འགྲེལ་པར། མདོ་སྡེ་པ་རྣམས་ན་རེ། འདུས་མ་བྱས་ཐམས་ཅད་ཀྱང་རྫས་སུ་མེད་པ་ཁོ་ན་སྟེ། དེ་ནི་གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་རྫས་གཞན་དུ་མེད་དོ། །འོ་ན་ཅི་ཞེ་ན། རེག་བྱ་མེད་པ་ཙམ་ནི་ནམ་མཁའ་ཡིན་ཏེ་འདི་ལྟར་མུན་པའི་ནང་དག་ན་ཐོགས་པ་མ་རྙེད་ན་ནམ་མཁའ་འོ་ཞེས་འཛེར་ཏོ། །ཕྲ་རྒྱས་དང་སྐྱེ་བ་སྐྱེས་པ་འགགས་ནས་སོ་སོར་བརྟགས་པའི་སྟོབས་ཀྱིས་གཞན་མི་སྐྱེ་བ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ། །སོ་སོར་བརྟགས་པ་མེད་པ་ཁོ་ནར་རྐྱེན་མ་ཚང་བས་མི་སྐྱེ་བ་ནི་/སོ་སོར་བརྟགས་པ་མ་ཡིན་པས་4འགོག་པ་སྟེ། དཔེར་ན་བར་མ་དོར་འཆི་བའི་རིས་མཐུན་པ་ལྷག་མ་ལྟ་བུའོ་ཞེས་ཟེར་རོ་ཞེས་སོ།།
གཉིས་པ། ཞར་ལ་འགོག་པ་གཉིས་དང་འབྲེལ་བའི་མུ་བཞི་ནི།
བརྟགས་འགོག་འཐོབ་པའི་གཞི་ཡིན་པ་དེ་བརྟགས་མིན་འཐོབ་པའི་གཞི་ཡིན་ནམ་ཞེ་ན། འགྲེལ་པར་མུ་བཞིར་འགྱུར་ཏེ་ཞེས་སོ། །དེ་ནི་འདི་ལྟར་མུ་དང་པོ་ནི་ཟག་བཅས་སྐྱེ་འགྱུར་ཏེ་སྤང་བྱ་ཡིན་པས་དེ་སྤངས་པའི་བརྟགས་འགོག་ནི་འཐོབ་ལ། སྐྱེ་འགྱུར་ཡིན་པས་བརྟགས་མིན་མི་འཐོབ་སྟེ་དེ་འགོག་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི་ཟག་མེད་འདུས་བྱས་མི་སྐྱེ་བའི་ཆོས་ཅན་ཏེ་དེ་ལས་བརྟགས་མིན་འཐོབ་ཀྱི་བརྟགས་འགོག་ནི་མ་ཡིན་ཏེ་ཉེས་པ་མེད་པ་སྤང་བར་འོས་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ཟག་བཅས་མི་སྐྱེ་བའི་ཆོས་ཅན་དང༌། བཞི་པ་ཟག་མེད་སྐྱེ་འགྱུར་ཏེ་རྒྱུ་མཚན་སྔ་མ་བཞིན་ནོ། །མི་སྐྱེ་བའི་ཆོས་ཅན་ནི་མ་འོངས་པའི་འདུས་བྱས་ད་ལྟར་དུ་ནམ་ཡང་མི་སྐྱེ་བའོ། །མུ་གསུམ་པ་གཉིས་ཀ་འཐོབ་པའི་གཞི་དེ་ལས་དེ་གཉིས་ཅིག་ཅར་འཐོབ་བམ་ཞེ་ན་གསུམ་དུ་འགྱུར་ཏེ། བརྟགས་འགོག་དང་པོར་ཐོབ་ལ་བརྟགས་མིན་ཕྱིས་ཐོབ་པ་ནི་དགྲ་བཅོམ་པ་ཞིག་གིས་ཟག་བཅས་མཐའ་དག་སྤངས་པའི་བརྟགས་འགོག་ནི་ཐོབ་ལ། སྐབས་འགའ་ཞིག་ཏུ་དེ་གཟུགས་སྔོན་པོ་ལ་མིག་དང་ཡིད་ཡེངས་པ་ན་དེ་ལས་གཞན་པའི་ཡུལ་ལྔ་ད་ལྟར་བ་དེ་འདས་པར་སོང་བས་དེ་ལ་དམིགས་པའི་རྣམ་ཤེས་ཚོགས་ལྔ་སྐྱེ་བའི་རྐྱེན་མ་ཚང་བས་བརྟགས་མིན་དེའི་ཚེ་ཐོབ་པ་ལྟ་བུའོ། །གཉིས་པ་ནི་བཟོད་པ་ཐོབ་པ་ན་ངན་སོང་གི་ཕུང་པོ་འགྲུབ་པའི་རྐྱེན་མ་ཚང་བས་བརྟགས་མིན་ནི་ཐོབ་ལ་བརྟགས་འགོག་ནི་དུས་ཕྱིས་བསྒོམ་སྤང་སྤངས་པའི་ཚེ་ཐོབ་པ་ལྟ་བུའོ། །གསུམ་པ་ནི་མཐོང་ཐོབ་པས་འདོད་པའི་ཉོན་མོངས་ཆེན་པོའི་ཆེན་པོ་སྤངས་པ་ན་དེ་ཉིད་མ་འོངས་པའི་སོ་སོར་བརྟགས་འགོག་དང་བརྟགས་མིན་ཡང་ཅིག་ཅར་འཐོབ་སྟེ་གཞན་ལ་ཡང་སྦྱར་རོ་ཞེས་རྒྱལ་སྲས་འཆད་དོ།།
བཞི་པ། འདུས་བྱས་སྤྱི་རྒྱས་པར་བཤད་པ་ལ་གསུམ་གྱི་དང་པོ་འདུས་བྱས་མདོར་བསྡུས་པའི་རབ་དབྱེ་ནི།
ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཞེས་སྨོས་པའི་འདུས་བྱས་གང་དག་ཡིན་ཞེ་ན། རྒྱུ་རྐྱེན་རྣམས་འདུས་ཤིང་སྐྱེ་བས་ན་འདུས་བྱས་ཀྱི་ཆོས་རྣམས་ནི་གོང་དུ་བཤད་པ་དེ་དག་སྟེ་དེ་ནི་ཟག་བཅས་གང་ཡིན་པ་དང་ལམ་གྱི་བདེན་པའོ། །ཀྱང་ཞེས་པ་ཆོས་རྣམས་ལ་དབྱེ་བ་ཡོད་པར་མ་ཟད་འདུས་བྱས་ལ་ཡང་དབྱེར་ཡོད་ཅེས་པའི་དོན་ཏོ། །གང་དག་ཅེ་ན་གཟུགས་ལ་སོགས་པ་ཞེས་པས་ནི་རྣམ་གྲོལ་གྱི་ཕུང་པོ་ལྔ་དང༌། ཕུང་པོ་ཞེས་པས་དོན་ལྔ་བསལ་བས་གཟུགས་ཀྱི་ཕུང་པོ་དང་སོགས་ཁོང་ནས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་དང་ལྔའོ། དེ་དག་འདུས་བྱས་ཀྱི་མཚན་གཞི་ཡིན་ལ། མཚན་ཉིད་ནི་རྒྱུ་ལས་སྐྱེས་པའོ། །ཅི་དེ་དག་རྫས་ཐ་དད་ལྔའམ་དེ་ལྟ་མ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི་སྔ་མ་ལྟར་ཁས་ལེན་ལ། མདོ་སྡེ་པ་ཁ་དོག་ལས་དབྱིབས་རྫས་གཞན་དུ་མི་འདོད་པས། རྒྱལ་པོའི་སྲས་ཀྱིས། ཁ་དོག་མ་གཟུང་བར་དབྱིབས་འཛིན་པ་མེད་པའི་ཕྱིར་ཁ་དོག་གནས་པ་དག་ཁོ་ན་དབྱིབས་ཡིན་གྱི་དབྱིབས་ཞེས་པའི་རྫས་ནི་ཅུང་ཟད་ཀྱང་མེད་དེ་འདི་ནི་ལས་ཀྱི་མཛོད་ཀྱི་གནས་ནས་དཔྱོད་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །མི་ལྡན་པའི་འདུ་བྱེད་ཀྱང་བཏགས་པ་ཙམ་ཡིན་གྱི་རྫས་སུ་མེད་དོ་ཞེས་ཟེར་རོ། །སེམས་ཙམ་པ་ནི་གཟུགས་སོགས་དོན་དུ་སྣང་བ་ཡང་ཐོག་མ་མེད་པ་ནས་དོན་དུ་རྟོག་པའི་བག་ཆགས་ལས་མི་མཁས་པ་དག་གིས་དེ་ལྟར་ཞེན་པ་ཡིན་གྱི་དོན་ལ་ནི་དེ་གྲུབ་པ་མེད་དེ། རྡུལ་ཕྲན་མ་གྲུབ་པའི་ཕྱིར་རོ། །དེ་ཇི་ལྟར་ཞེ་ན། ཉི་ཤུ་པ་ལས། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་གི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །མི་ལྡན་པའི་འདུ་བྱེད་ནི་སྔ་མ་བཞིན་ནོ།།
གཉིས་པ་མིང་གི་རྣམ་གྲངས་ལ་གཉིས་ལས། དང་པོ། འདུས་བྱས་ཀྱི་མིང་གི་རྣམ་གྲངས་ནི།
ཆོས་མངོན་པ་མདོ་འཆད་ཅིང་མདོའི་དོན་གཏན་ལ་འབེབས་པས་མདོ་ལས། དུས་དང་གཏམ་གྱི་གཞི་དང་ངེས་པར་འབྱུང་བ་དང་བཅས་པ་དང་གཞི་དང་བཅས་པ་དང་ཞེས་གསུངས་པ་དེ་གང་དག་ཡིན་ཞེ་ན། འདུས་བྱས་ཀྱི་མིང་གི་རྣམ་གྲངས་ཏེ་འདུས་བྱས་ཀྱི་ཆོས་དེ་དག་ཉིད་སོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བས་ན་དུས་ཞེས་པའམ། མི་རྟག་པས་ཟ་ཞིང་འཇོམས་པས་ན་དུས་སོ། །གཏམ་ནི་ལུང་དུ་སྟོན་པའི་སྒྲ་ཡིན་ལ། དེའི་གཞི་མིང་ཡིན་ཞིང་མིང་གིས་བརྗོད་པར་བྱ་བ་དོན་ཡིན་པས། འདིར་ནི་དོན་དང་བཅས་པའི་གཞི་སྨོས་པས་གཏམ་གྱི་གཞིའོ། །དེ་ལྟ་མ་ཡིན་ན་རབ་ཏུ་བྱེད་པ་ལས། གཏམ་གྱི་གཞི་རྣམས་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ་ཞེས་པ་དང་འགལ་བར་འགྱུར་རོ། །ཅིའི་ཕྱིར་འདུས་མ་བྱས་གཏམ་གྱི་གཞིར་མི་རུང་ཞེ་ན། རྒྱལ་སྲས་ནི་དུས་སུ་གཏོགས་པའི་མིང་དང༌། དུས་སུ་མ་གཏོགས་པའི་འདུས་མ་བྱས་ལྷན་ཅིག་འབྲེལ་བ་མེད་པའི་ཕྱིར་རམ། ཡང་ན་སྐབས་འདིར་གཞི་ཞེས་པ་ནི་ཡུལ་དང་རྒྱུ་ཡིན་པས་གཏམ་གྱི་ཡུལ་དང་རྒྱུ་རྐྱེན་ཡིན་པ་དེ་ནི་གཏམ་གྱི་གཞི་ཡིན་ན་འདུས་མ་བྱས་གཏམ་གྱི་རྒྱུ་རྐྱེན་མ་ཡིན་པའི་ཕྱིར་རོ། །/རྣམ་པ་གཞན་ཏུ་5ན་འདུས་བྱས་བརྗོད་པ་མང་བས་བཤད་ཀྱི་འདུས་མ་བྱས་དེ་ལྟ་མ་ཡིན་པའི་ཕྱིར་རོ་ཞེའོ། །གང་སྤེལ་ནི་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་གཏམ་གྱི་གཞི་སྟེ་བཞི་པ་དང་ལྔ་པ་ནི་མ་ཡིན་ནོ་ཞེས་པ་ནས་གསུམ་པོ་གང་དག་ཅེ་ན། འདས་པ་གཏམ་གྱི་གཞི་དང་མ་འོངས་པ་གཏམ་གྱི་གཞི་དང་ད་ལྟར་བྱུང་བ་གཏམ་གྱི་གཞིའོ་ཞེས་གསུངས་པའི་ཕྱིར་དང༌། རིགས་པ་ཡང་མིང་གང་ཞིག་དོན་དང་ལྷན་ཅིག་བརྗོད་པར་ནུས་པའི་ལྷན་ཅིག་པ་དེ་གཏམ་གྱི་གཞི་ཡིན་ན་འདུས་མ་བྱས་ནི་མིང་དང་ལྷན་ཅིག་པར་མི་རུང་བའི་ཕྱིར་རོ་ཞེས་སོ། །ཡང་འདུས་བྱས་ཀྱི་ཆོས་རྣམས་ནི་གདོན་མི་ཟ་བར་འབྱུང་བར་བྱ་བ་ཡིན་པས་ན་ངེས་པར་འབྱུང་བཅས་སོ། །དེ་ལྟར་ན་ལམ་བདེན་དེར་མི་འགྱུར་རོ་ཞེ་ན་མདོ་ལས། ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུ་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་འབྱུང་སྟེ་ལྷག་མེད་དུ་འཇུག་པ་ན་དེ་ཡང་དོར་བྱ་ཡིན་པའི་ཕྱིར་རོ། །གཞི་དང་བཅས་ཞེས་པ་ནི་གསུང་རབ་ལས་གཞིའི་སྒྲ་ལྔ་ལ་འཇུག་པར་གསུངས་ཏེ། ངོ་བོ་ལ་ནི་གཞི་གང་ཞིག་ཐོབ་པའི་གཞི་དེ་ཉིད་དང་ལྡན་ནོ་ཞེས་དང༌། དམིགས་པ་ལ་ནི་ཆོས་ཐམས་ཅད་ཤེས་པས་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ་ཞེས་དང༌། ཀུན་ཏུ་སྦྱོར་བར་བྱ་བ་ལ་ནི་གཞི་གང་ཞིག་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ཡང་ལྡན་ནོ་ཞེས་དང༌། རྒྱུ་ལ་ནི་གཞི་དང་བཅས་པའི་ཆོས་རྣམས་གང་ཞེ་ན་འདུས་བྱས་ཐམས་ཅད་དོ་ཞེས་དང༌། ཡོངས་སུ་གཟུང་བ་ལ་ནི་ཞིང་གི་གཞི་དང་ཁྱིམ་གྱི་གཞི་དང་ཚོང་འདུས་ཀྱི་གཞི་དང་ནོར་གྱི་གཞི་ཡོངས་སུ་གཟུང་བ་སྤངས་ཏེ་དེ་ལས་ཕྱིར་ལྡོག་པ་ཡིན་ནོ་ཞེས་སོ། །བྱེ་བྲག་དུ་སྨྲ་བ་ནི་འདིར་གཞིའི་སྒྲ་རྒྱུ་ལ་འཇུག་སྟེ་འདུས་བྱས་རྣམས་རྒྱུ་དང་བཅས་ཤིང་དེ་ལ་རག་ལས་པའི་ཕྱིར་ན་གཞི་དང་བཅས་པའོ་ཞེས་ཟེར་ལ། མདོ་སྡེ་པ་ནི་ངོ་བོ་ལས་ཏེ་འདུས་མ་བྱས་ངོ་བོར་མེད་པའི་ཕྱིར་རོ་ཞེས་སོ།།
གཉིས་པ། བྱེ་བྲག་ཟག་བཅས་ཀྱི་མིང་གི་རྣམ་གྲངས་ནི།
ཆོས་མངོན་པ་མདོ་འཆད་པས་མདོ་ལས་ཉེར་ལེན་གྱི་ཕུང་པོ་ནས་སྲིད་པའི་བར་དུ་གསུངས་ན་དེ་དག་ཅི་ཡིན་ཞེ་ན། གང་དག་ཟག་བཅས་ཀྱི་ཕུང་པོ་ལྔ་ལ་ཉེ་བར་ལེན་པའི་ཕུང་པོ་ལ་སོགས་པའི་མིང་བསྟན་པ་སྟེ། ཉེ་བའི་ཉོན་མོངས་པ་ཡིན་ལ་དེ་ལས་ཟག་བཅས་ཀྱི་ཕུང་པོ་བྱུང་བའི་ཕྱིར་དེ་སྐད་དུ་བརྗོད་དེ། རྩ་ལས་བྱུང་བའི་མེ་ལ་རྩའི་མེ་ཞེས་པ་ལྟ་བུའོ། །དེ་དག་འགྲུབ་པ་ཉེར་ལེན་ལ་རག་ལས་པའི་ཕྱིར་ནའང་ཡིན་ཏེ། རྒྱལ་པོ་ལ་རག་ལས་པའི་མི་བཞིན་ནོ། །ཡང་ན་དེ་དག་གིས་རྐྱེན་བཞི་ཅི་རིགས་པ་བྱས་པའི་ཚུལ་གྱིས་ཉེར་ལེན་རྣམས་འབྱུང་བ་སྟེ་མེ་ཏོག་དང་འབྲས་བུ་འབྱུང་བའི་ཤིང་ལ་མེ་ཏོག་དང་འབྲས་བུའི་ཤིང་ཞེས་པ་ལྟ་བུའོ། །འང་ཞེས་པ་ཕུང་པོ་ཡིན་པར་མ་ཟད་ཅེས་པའོ། །ཅི་སེམས་ཅན་དུ་བགྲང་བ་དག་ཉོན་མོངས་པས་མངོན་པར་བརླན་པའི་ལས་ཀྱི་རྒྱུ་ཅན་ཡིན་པས་ཉེར་ལེན་ཕུང་པོར་རིགས་ན་ཕྱིའི་དངོས་པོ་ཇི་ལྟར་རིགས་ཞེ་ན། དེ་དག་ཀྱང་ཉེར་ལེན་ལས་གྲུབ་པ་ཡིན་ཏེ་གྲུབ་པའི་མཐའ་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་འབྱུང་བའི་ཕྱིར་རོ་ཞེས་རྒྱལ་སྲས་འཆད་དོ།།
གཞན་ཡང་ཟག་བཅས་དེ་དག་ཉིད་ལ་འཐབ་བཅས་ཞེས་ཀྱང་གསུངས་ཏེ་ཉོན་མོངས་པ་ནི་འཇིག་རྟེན་གྱི་འཐབ་མོ་ལྟར་རང་གཞན་ལ་གནོད་པས་འཐབ་པ་ཡིན་ལ་དེ་དམིགས་པའམ་མཚུངས་ལྡན་གྱི་སྒོ་ནས་རྒྱས་པས་དེ་དང་བཅས་པའི་ཕྱིར་འཐབ་བཅས་ཏེ་ཟག་བཅས་བཞིན་ནོ། །ཡང་དེ་དག་ཅི་རིགས་པར་སྡུག་བསྔལ་གསུམ་དང་ལྡན་ཞིང་འཕགས་པ་དང་མི་མཐུན་པས་སྡུག་བསྔལ་དང༌། ཟག་བཅས་གང་ཞིག་འདི་ལས་སྡུག་བསྔལ་ཀུན་ཏུ་འབྱུང་བས་ན་ཀུན་འབྱུང་དང༌། སྐད་ཅིག་གིས་འཇིག་ཅིང་གཉེན་པོས་ཀྱང་འཇིག་པས་ན་འཇིག་རྟེན་ཏེ། མདོ་ལས་ཀྱང༌། ཚེ་དང་ལྡན་པ་དྲན་པ་འཇིག་ཅིང་རབ་ཏུ་འཇིག་པས་ན་འཇིག་རྟེན་ནོ་ཞེས་ཚིག་གཉིས་ཀྱིས་གསུངས་སོ། །ལྟ་བ་དག་གིས་དམིགས་ཤིང་རྒྱས་པར་འགྱུར་བས་ན་ལྟ་བའི་གནས་དང་ཀུན་འབྱུང་ལས་འབྱུང་བའམ་ཐོག་མ་མེད་པ་ནས་རྒྱུན་མ་ཆད་པར་འབྱུང་བས་ན་སྲིད་པ་ཞེས་པའང་ཟག་བཅས་ཀྱི་ཕུང་པོ་ལྔ་པོ་དེ་དག་གི་རྣམ་གྲངས་ཡིན་ནོ། །འོ་ན་ཅི་ལམ་གྱི་བདེན་པ་ཡང་མི་རྟག་པ་དང༌། དེ་ལས་འཇིག་རྟེན་པའི་ལྡང་སེམས་སྡུག་བསྔལ་འབྱུང་བ་དང༌། སྐད་ཅིག་གིས་འཇིག་པ་དང༌། ལོག་ལྟས་དམིགས་པ་དང༌། འབྱུང་ཞིང་སྐྱེ་བའི་ཕྱིར་སྡུག་བསྔལ་ལ་སོགས་པར་ཐལ་བར་འགྱུར་རོ་ཞེ་ན། རྒྱལ་སྲས་ནི་སྒྲ་བཤད་པ་དེ་ཙམ་ཡོད་ཀྱང་སྒྲ་འཇུག་པ་འཇིག་རྟེན་ན་གྲགས་པ་ལ་ལྟོས་པ་ལས་དེ་སྐད་དུ་མ་གྲགས་པའི་ཕྱིར་སྐྱོན་མེད་དེ། དཔེར་ན་འགྲོ་བས་ན་བ་ལང་ཞེས་པ་ཡང་འགྲོ་བ་པོ་ཐམས་ཅད་བ་ལང་མ་ཡིན་པ་བཞིན་ནོ། །གང་སྤེལ་ན་མི་རྟག་ཀྱང་འཕགས་པ་དང་མཐུན་པ་དང༌། ཟག་བཅས་སྔ་མ་ལས་ཕྱི་མ་མི་འབྱུང་བ་དང༌། གཉེན་པོས་མི་འཇིག་པ་དང༌། ལོག་ལྟ་མི་རྒྱས་པ་དང༌། ཀུན་འབྱུང་ལས་འབྱུང་བ་མ་ཡིན་པས་སྡུག་བསྔལ་སོགས་སུ་ཐལ་བར་མི་འགྱུར་རོ། །ཞེས་བཞེད་པར་མངོན་ནོ།།
རྩ་ཉོན་གཞན་གྱི་གནས་སུ་མི་འཆད་པ་ནི། དུས་ཀུན་པ་དང་ཐམས་ཅད་ལ། །རྣམ་གྲངས་མེད་དང་མི་གཡོ་བ། །ལྟ་ཡིན་དེ་ལྟར་མཆོག་སོགས་དང༌། །མ་རིག་པ་དང་ཐེ་ཚོམ་མིན། །ཞེས་པའོ།།
གསུམ་པ། ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱས་པར་བཤད་པ་ལ་གསུམ་སྟེ། དེ་གསུམ་གྱི་རང་བཞིན་དང༌། དེ་གསུམ་གཞན་ཡང་འདིར་བསྡུ་བ་དང༌། ཁམས་ལ་རྣམ་པའི་རབ་དབྱེའོ། །དང་པོ་ལ་བཞིའི་མཚན་ཉིད་ཀྱི་རབ་དབྱེ་ལ་ལྔ་ལས། དང་པོ། གཟུགས་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་རྣམ་གཞག་ལ་གཉིས་ཀྱི་དང་པོ་ཕུང་པོ་རྣམ་གཞག་ལ་གཉིས་ལས་དང་པོ་མདོར་བསྟན་ནི།
སྔར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཞེས་གང་བཤད་པའི་གཟུགས་ཀྱི་ཕུང་པོ་ནི་དབང་པོ་ལྔ་དང་ཞེས་པས་ཡིད་དབང་བསལ་ལ། དོན་ནི་ཕྱིའི་ཡུལ་ཏེ་ལྔ་དང་ཞེས་པས་ཆོས་བསལ་བས་བཅུ་དང་རྣམ་པར་རིག་བྱེད་མིན་པ་དང་བཅུ་གཅིག་ཉིད་ཡིན་ནོ་ཞེས་བྱ་སྟེ། ཉིད་ནི་དངོས་པོའི་རྐྱེན་དུ་སྦྱོར་བའམ་གཞན་ལྡན་རྣམ་གཅོད་ཀྱི་ངེས་གཟུང་ངོ༌།།
དེ་རྣམས་མཚན་ཉིད་རིག་པ་མ་ཡིན་པའི་འདུས་བྱས་གང་ཞིག་མི་ལྡན་པའི་འདུ་བྱེད་མ་ཡིན་པ་ཞེས་པའང་རུང་མོད་ཀྱི། མདོ་ལས། དགེ་སློང་དག་གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བས་ན་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ་ཞེས་འབྱུང་བས། གཟུགས་ཅན་གྱི་གནོད་པ་བྱར་རུང་ལ་བཞེས་དེ་དོན་གྱི་སྡེ་ཚན་ལས། གལ་ཏེ་འདོད་པ་ཚོལ་བྱེད་ཅིང༌། །འདུན་པ་སྐྱེས་པའི་ལུས་ཅན་དེ། །འདོད་པ་དེ་དག་མ་འབྱོར་ན། །ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་སོ།།
གནོད་པ་ནི། ཁ་ཅིག་གཟུགས་ནང་ཕྲད་པས་མི་འདྲ་བར་འགྱུར་བ་སྐྱེད་པ་ཞེས་ཏེ། ཐོགས་མེད་ཀྱི་གཟུགས་ལ་མ་ཁྱབ་པའི་ཕྱིར་རོ། །གཞན་དག་གཟུགས་སུ་རུང་བའི་དོན་ཐོགས་པ་ལ་འདོད་དེ། དེ་ཡང་རིག་མིན་ལ་མ་ཁྱབ་བོ། །དེས་ན་གཟུགས་ཅན་གྱིས་ཡོངས་སུ་འགྱུར་བ་སྐྱེད་པའོ། །གལ་ཏེ་རྫས་ཀྱི་རྡུལ་ཕྲ་རབ་དང་དུས་གཉིས་ཀྱི་གཟུགས་དང་རིག་བྱེད་མ་ཡིན་པའི་གཟུགས་རྣམས་ལ་མ་ཁྱབ་བོ་ཞེ་ན། དེ་གཅིག་པུར་གནས་པ་ནི་མེད་ལ་དུ་མ་འདུས་པ་ལ་གནོད་པ་བྱར་རུང་བའི་ཕྱིར་དང༌། འདས་པ་ནི་གཟུགས་སུ་ཡོད་ཟིན་ཅིང་སྐྱེ་འགྱུར་ནི་གཟུགས་སུ་ཡོད་པར་འགྱུར་ལ། བུར་ཤིང་ལྟར་མི་སྐྱེ་བའི་ཆོས་ཅན་ཡང་དེ་དང་རིགས་འདྲ་བས་གཟུགས་ཡིན་པར་གསུངས་ལ། དེའི་ཕྱིར་གནོད་པ་བྱར་རུང་བས་སྐྱོན་མེད་དོ།།
འདིར་གཟུགས་སུ་ཡོད་ཟིན་པ་དང་ཡོད་པར་འགྱུར་བར་གང་གསུངས་པ་དེ་དག་ད་ལྟར་གྱི་གཟུགས་ལ་དགོངས་ནས་ཡིན་གྱི་རང་གྲུབ་ཙམ་ན་གཟུགས་སུ་གྲུབ་དགོས་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི། ཁ་ཅིག་རྟེན་རིག་བྱེད་གཟུགས་སུ་ཡོད་པའི་ཕྱིར་ཏེ་ཤིང་ལྗོན་པ་གཡོས་པས་གྲིབ་མ་གཡོ་བ་བཞིན་ནོ། །ཞེས་ཟེར་རོ། །འདིས་ནི་དཔེ་ལྟར་རིག་བྱེད་ཀྱིས་རིག་མིན་བསླང་བས་དེ་འགྱུར་བའི་རྗེས་སུ་བྱེད་པར་བསྟན་ལ། དེ་ནི་རིག་བྱེད་འགྱུར་ཀྱང་དེ་འགྱུར་བ་མེད་པར་ཁས་བླངས་པ་དང་འགལ་བ་དང༌། དེ་ལོག་པས་དེ་ལྡོག་པར་ཡང་འགྱུར་ཏེ་དཔེ་ལ་དེ་ལྟར་མཐོང་བའི་ཕྱིར་རོ། །དབྱིག་གཉེན་སྔ་མ་ནི་རྟེན་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་པ་ལ། ཁ་ཅིག་ན་རེ། རྟེན་མིག་སོགས་གཟུགས་སུ་ཡོད་པས་མིག་ཤེས་སོགས་ལ་ཐལ་བར་འགྱུར་རོ་ཞེས་པ་དང༌། དེའི་ཕྱོགས་འཛིན་པ་དག་ཤིང་ལས་གྲིབ་མ་དང་ནོར་བུ་ལས་འོད་ འབར་བར་འབྱུང་བ ་ལྟར་འབྱུང་བ་ལ་བརྟེན་ནས་འབྱུང་གི དེ་དག་ནི་དེ་དག་སྐྱེ་བའི་རྒྱུ་མཚན་ཙམ་དུ་ཟད་དོ་ཞེས་ཟེར་རོ།།
འདི་ལ་སློབ་དཔོན་གྱིས་ལྗོན་ཤིང་ལ་རྟེན་ནས་གྲིབ་མ་དང་ནོར་བུ་ལ་བརྟེན་ནས་འོད་འཇུག་གོ་ཞེས་བྱ་བ་འདི་ནི་བྱེ་བྲག་ཏུ་སྨྲ་བ་མ་ཡིན་ཏེ། གྲིབ་མ་ལ་སོགས་པ་ཁ་དོག་གི་རྡུལ་ཕྲ་རབ་རྣམས་སོ་སོ་རང་རང་གི་འབྱུང་བ་བཞི་ཚན་ལ་བརྟེན་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ་ཞེས་སོ། །གལ་ཏེ་གྲིབ་མ་དང་འོད་རང་གི་འབྱུང་བ་ལ་བརྟེན་ཅིང་དེ་དག་ཤིང་ལྗོན་པ་དང་ནོར་བུ་ལ་བརྟེན་ཏེ་དེའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེ་ན། བརྒྱུད་པའི་སྒོ་ནས་དེ་ལ་བརྟེན་ཡང་མི་མཚུངས་ཏེ། གྲུབ་པའི་མཐའ་ལས། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། །ཞེས་པས་རིག་མིན་གྱི་རྟེན་འགགས་ཀྱང་དེ་མི་འགག་པར་ཁས་ལེན་པས་ལན་དུ་མི་རུང་ངོ༌། །དེས་ན་གཞན་དག་ནི་ཞེས་པ་སློབ་དཔོན་ཡིན་ཏེ་འདིས་བདག་རྐྱེན་འབྱུང་བ་ཁོ་ན་ཡིན་ཞིང་དེ་གཟུགས་སུ་ཡོད་ལ། དབང་ཤེས་ཀྱི་མིག་སོགས་གཟུགས་ཡིན་ཀྱང་ཡིད་སྔ་མ་གཟུགས་མ་ཡིན་པས་མི་མཚུངས་སོ་ཞེས་དབྱིག་གཉེན་སྔ་མའི་ཕྱོགས་འཛིན་པ་ལ་ལེགས་པའི་ཆ་སྟོན་པར་མཛད་དོ། །ཁ་ཅིག་རིག་བྱེད་ལས་བྱུང་བ་གཟུགས་ཡིན་ན་ཏིང་ངེ་འཛིན་ལས་བྱུང་བ་ཇི་ལྟར་ཞེ་ན། དེ་ཡང་དེ་དང་རིགས་མཐུན་པས་འབྱུང་བ་རྒྱུར་བྱས་པ་ལས་སྐྱེས་པའི་ཕྱིར་རོ་ཞེས་རྒྱལ་སྲས་འཆད་དོ།།
གཉིས་པ། རྒྱས་བཤད་ལ་གསུམ་ལས། དང་པོ་དབང་པོ་ནི།
གཟུགས་སོགས་དོན་དེ་དག་རྣམས་འཛིན་པའི་རྣམ་པར་ཤེས་པའི་རྟེན་གཟུགས་དྭང་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཡིན་ནོ་ཞེས་པ་སྟེ། མདོ་ལས། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་དེ་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་གཟུགས་དྭང་བའོ་ཞེས་སོ། །ཡང་ན་དེ་དག་དབང་པོ་ལ་སྦྱར་ན་དབང་པོ་ལྔ་པོ་དེ་དག་རྣམས་ཀྱི་རྣམ་ཤེས་ནི་མིག་གི་རྣམ་ཤེས་ལ་སོགས་པ་ཡིན་པས་མིག་གི་རྣམ་ཤེས་ཀྱི་རྟེན་གཟུགས་དྭང་བ་ལ་སོགས་པ་ནི་མིག་ལ་སོགས་པའི་དབང་པོའོ་ཞེས་པ་སྟེ། རབ་ཏུ་བྱེད་པ་ལས། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དྭང་བའོ་ཞེས་སོ། དེ་གཉིས་ཀ་ཡང་ལེགས་པར་བཤད་པ་ཡིན་མོད་ཀྱི་འོན་ཀྱང་སྔ་མ་ལྟར་གཟུང་སྟེ། མིག་གི་མཚན་ཉིད་ནི་རང་ཡུལ་གཟུགས་ཀྱི་སྐྱེ་མཆེད་འཛིན་པའི་རྣམ་ཤེས་ཀྱི་བདག་རྐྱེན་དུ་རུང་བ་གང་ཞིག་གཟུགས་དྭང་བའོ། །མཚན་གཞི་ནི་མིག་རྟེན་བཅས་དང་དེ་མཚུངས་སོ། །གཞན་ལའང་དེ་བཞིན་ནོ།།
གཉིས་པ། དོན་ལྔ་ལ་གཉིས་ལས་དང་པོ་དངོས་ནི།
མིག་གི་ཡུལ་གཟུགས་ལ་བསྡུས་པའི་དབྱེ་བ་ཁ་དོག་དང་དབྱིབས་རྣམ་པ་གཉིས་དང༌། རྒྱས་པར་དབྱེ་ན་རྣམ་པ་ཉི་ཤུ་སྟེ། སྔོན་པོ་དང༌། སེར་པོ་དང་། དམར་པོ་དང༌། དཀར་པོ་སྟེ་རྩ་བའི་ཁ་དོག་བཞི་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་སྟེ་ཡན་ལག་གི་ཁ་དོག་བརྒྱད་དང་བསྡོམས་པས་ཁ་དོག་བཅུ་གཉིས་དང༌། དབྱིབས་ནི་རིང་པོ་དང༌། ཐུང་ངུ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། མཐོ་བ་དང༌། དམའ་བ་དང༌། ཕྱལ་ལེ་བ་དང༌། ཕྱལ་ལེ་བ་མ་ཡིན་པ་སྟེ་བརྒྱད་དོ། །དེ་དག་ཀྱང་འགྲེལ་པར། ཕྱལ་ལེ་བ་ནི་དབྱིབས་མཉམ་པའོ། །ཕྱལ་ལེ་བ་མ་ཡིན་པ་ནི་དབྱིབས་མི་མཉམ་པའོ། །ཁུག་རྣ་ནི་ལྷོ་བུར་མོའོ། །ཉི་མ་ནི་ཉི་མའི་འོད་དོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང་མེ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་དག་གོ །གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བའོ། །བཟློག་པ་ནི་མུན་པའོ། །ལྷག་མ་ནི་བརྡའ་ཕྲད་པར་སླ་བས་མ་ཕྱེའོ་ཞེས་གསུངས་ལ། རྒྱལ་པོའི་སྲས་ཀྱིས་ལྷམ་པ་ནི་གྲུ་བཞིའོ། །ཟླུམ་པོ་ནི་རིལ་རིལ་པོའོ་ཞེས་པ་ལ་སོགས་པ་བཤད་པས་དེ་ལྟར་གཟུང་ང་ོ། །ཁ་ཅིག་ནམ་མཁའ་ཁ་དོག་གཅིག་པ་དང་ཉི་ཤུ་རྩ་གཅིག་ཏུ་འདོད་དོ། །བསྡུ་ན་སྤྲིན་ལ་སོགས་པ་བརྒྱད་ཅར་རྩ་བའི་ཁ་དོག་བཞི་ལས་རྫས་གཞན་མ་ཡིན་ཏེ། འགྲེལ་པར། གཞན་དག་ནི་དེའི་བྱེ་བྲག་གོ་ཞེས་འབྱུང་བའི་ཕྱིར་རོ། །འོན་ཀྱང་ལོགས་སུ་སྟོན་པའི་རྒྱུ་ནི་སྔོན་གྱི་ཊཱིཀ་བྱེད་དག་གིས་མ་བཤད་ཀྱང༌། རྒྱལ་པོའི་སྲས་ཀྱིས། འདིདག་ཐག་རིང་པོ་ནས་རྩིག་པ་ལྟ་བུར་སྣང་ཡང་བསྙེན་པ་ན་མི་སྣང་བས་གཟུགས་མ་ཡིན་ནམ་སྙམ་པའི་རྟོག་པ་དགག་པའི་ཕྱིར་བསྟོན་ཏོ་ཞེས་ལེགས་པར་བཤད་དོ། །འཆད་པ་པོ་དག་ནི་དང་པོ་བཞི་དེ་ལྟར་ཡིན་ལ། གཞན་བཞི་ལ་རྟོག་པ་དེ་མེད་ཀྱང་རྩིག་ངོས་ལ་སོགས་པའི་གཞི་ལས་རྫས་གཞན་མ་ཡིན་ནོ་སྙམ་པའི་རྟོག་པ་བཟློག་པའི་ཕྱིར་རོ་ཞེས་འཆད་དོ། །ལྗང་གུ་ལ་སོགས་པ་ནི། པནྜི་ཏ་ཁ་ཅིག་ན་རེ་གཞན་དག་ནི་ཞེས་པ་སྤྲིན་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ལྗང་གུ་ལ་སོགས་པའང་རྩ་བའི་ཁ་དོག་ཕྲད་པའི་ཁྱད་པར་ལས་ཡིན་པས་དེ་ལས་རྫས་གཞན་མ་ཡིན་པར་བསྟན་ཏོ་ཞེས་འཆད་དོ། །དེའི་ཕྱིར་ཁ་དོག་ལ་རྩ་བའི་ཁ་དོག་བཞི་ལས་རྫས་གཞན་མེད་པ་གསལ་བར་བསྟན་ཏོ།།
སྒྲ་ནི་དབྱེ་ན་རྣམ་པ་བརྒྱད་ཡོད་དེ་ཟིན་པའི་འབྱུང་བ་ལས་གྱུར་པ་དང༌། མ་ཟིན་པའི་འབྱུང་བ་ལས་གྱུར་པ་གཉིས་སོ། །དེ་དག་ལ་ཡང་སེམས་ཅན་དུ་སྟོན་མི་སྟོན་ལས་ཡིད་དུ་འོང་བ་རྣ་བར་སྙན་པ་དང༌། ཡིད་དུ་མི་འོང་བ་རྣ་བར་མི་སྙན་པ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དཔེར་ན། ཆོས་འཆད་པ་དང༌། ཚིག་གིས་སྤྱོ་བ་དང༌། ཕེབ་རྡོབ་པ་ཐལ་མོའི་སྒྲ་དང༌། རྡེག་པའི་ལུས་ནང་ཐུག་པ་ལྟ་བུའི་སྒྲ་སྟེ་བཞི་དང༌། སྤྲུལ་པའི་ཆོས་འཆད་པ་དང༌། དེ་དག་ཕན་ཚུན་ཚིག་གིས་སྤྱོ་བ་དང༌། འཁར་རྔའི་སྒྲ་དང༌། བྲག་རལ་བའི་སྒྲ་ལྟ་བུ་སྟེ་བཞིའོ། །སྤྲུལ་པ་མ་ཟིན་པར་འོག་ཏུ་འཆད་དོ། །རོ་ནི་མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། ཚ་བ་དང༌། ཁ་བ་དང༌། བསྐ་བ་སྟེ་རྣམ་པ་དྲུག་ཡིན་ལ། བསྐ་བ་ནི་ཨ་རུ་རའི་རོ་ལྟ་བུའོ། །དྲི་རྣམ་པ་བཞི་ནི། དྲི་ཞིམ་པ་དང༌། ང་བ་དང༌། ཤས་ཆེ་བ་མ་ཡིན་པའི་མཉམ་པ་དང༌། ཤས་ཆེ་བའི་མི་མཉམ་པའོ། །ཁ་ཅིག་ན་རེ་དེ་དག་ཀྱང་མིང་གི་སྒོ་ནས་ཡིན་གྱི་རྫས་སུ་ནི་མ་ཡིན་ཏེ། སྔ་མ་གཉིས་ཤས་ཆེ་ཆུང་མེད་པ་དང༌། ཆེ་ཆུང་ཅན་ལ་ཕྱི་མ་གཉིས་གཞག་ལ། བསྟན་བཅོས་ལས་ནི་དྲི་ཞིམ་པ་དང༌། ང་བ་དང༌། མཉམ་པ་གསུམ་འབྱུང་ཡང་སྒྲ་ཙམ་ཞིག་ཐ་དད་པར་ཟད་དོ་ཞེས་ཟེར་རོ། །ཁ་ཅིག་དྲི་མི་མཉམ་པ་ནི། དྲི་ཞིམ་པ་དང་ང་བའི་བྱེ་བྲག་ཡིན་ལ། མཉམ་པ་ནི་དེ་གཉིས་ལས་གཞན་པའི་གསུམ་པ་ཡིན་ནོ་ཞེས་ཁས་ལེན།
རེག་བྱ་ནི་རྒྱུའི་རེག་བྱ་འབྱུང་བ་བཞི་དང༌། འབྲས་བུའི་རེག་བྱ་འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པ་དང་བདུན་ཏེ་བཅུ་གཅིག་གི་བདག་ཉིད་དོ། །དེ་ཡང་གཞན་རྣམས་ནི་སླ་བས་འདིར་མ་སྨོས་ལ། ཕྱི་མ་གསུམ་ནི་དྲོ་བ་དང་ཟས་དང་བཏུང་བ་འདོད་པར་བྱེད་པའི་རེག་བྱ་ཞིག་གོ །སོས་ཀའི་གྲང་བ་ནི་དེ་མི་འདོད་ཀྱང་དེ་དང་རིགས་མཐུན་པའི་ཕྱིར་བཤད་དོ། །ཅི་འདོད་པ་སེམས་བྱུང་འདུན་པ་ཡིན་པའི་ཕྱིར་དྲོ་བ་ལ་སོགས་པ་འདོད་པར་བྱེད་པ་རེག་བྱར་མི་རིགས་སོ་ཞེ་ན་བདེན་མོད་ཀྱི། འོན་ཀྱང་བཀྲེས་པ་དང་སྐོམ་པ་ཞེས་པའི་རེག་བྱ་ཞིག་རྒྱུ་ལྟོའི་ནང་དུ་གནས་པས་ཟས་དང་སྐོམ་འདོད་པར་བྱེད་པས་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་སྟེ། དཔེར་ན། འཇིག་རྟེན་དུ་སངས་རྒྱས་འབྱུང་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཡིན་པས། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་གསུངས་པ་བཞིན་ནོ།།
གཉིས་པ། ཞར་ལ་ཁྱད་པར་གྱི་ཆོས་གཞན་བསྟན་པ་ལ་བཞི་ལས། དང་པོ་དེ་དག་ཁམས་གང་ན་ཡོད་པ་ནི།
འདོད་པ་ན་ཐམས་ཅད་དང་གཟུགས་ན་དྲི་རོ་བཀྲེས་སྐོམ་ལས་གཞན་ཡོད་དོ་ཞེས་འཆད་ཀྱང༌། ཁུག་རྣ་དང་ཉི་མ་དང༌། སྒྲ་མི་སྙན་པ་རྣམས་ཀྱང་མེད་པར་རིགས་ལ། འགྲེལ་པ་ལས། ལྷག་མ་ནི་ཡོད་དོ་ཞེས་པ་རེག་བྱའི་དབང་དུ་བྱས་པ་སྟེ། དེའི་ཕྱིར་གང་སྤེལ་གྱིས་ཡང་བ་ཉིད་ལ་སོགས་པ་ལྷག་མ་ལྔ་ཡོད་དོ་ཞེས་བཤད་པའི་ཕྱིར་རོ། གྲང་བ་ནི་གནོད་པར་བྱེད་པ་མེད་ཀྱང་ཕན་པར་བྱེད་པ་ཡོད་པར་ཁས་ལེན་ཏོ། །སློབ་དཔོན་ནི་ཏིང་ངེ་འཛིན་ཁོ་ན་ཕན་བྱེད་ཡིན་པས་གྲང་བར་བཏགས་པས་ཅི་ཞིག་བྱ་ཞེས་སོ།།
གཉིས་པ། ཡུལ་གྱིས་རྣམ་ཤེས་སྐྱེད་ཚུལ་ནི།
དང་པོ་བཞིའི་རང་རང་གི་ནང་ཚན་དེ་དག་ལས་རེས་འགའ་གཅིག་དང་རེས་འགའ་མང་པོས་སྐྱེད་དེ། བྱེ་བྲག་ཏུ་གཅོད་པ་དང་མི་གཅོད་ནའོ། །རེག་བྱ་ནི་བྱེ་བྲག་ཏུ་གཅོད་པ་ན་འབྱུང་བའམ་འབྱུང་བ་ལས་གྱུར་པ་གཅིག་དང༌། བྱེ་བྲག་ཏུ་མི་གཅོད་ན་འབྱུང་བ་གཉིས་སམ་འབྱུང་བ་གཅིག་དང་འབྱུང་གྱུར་གཅིག་སྟེ་དེ་ལྟར་གཉིས་དང༌། ཤིན་ཏུ་མང་ན་འབྱུང་བ་བཞི་དང༌། འབྱུང་གྱུར་འཇམ་པ་ལྟ་བུ་གཅིག་སྟེ་ལྔའི་བར་གྱིས་གཅིག་ཆར་སྐྱེད་པར་རུང་གི དེའི་ཚེ་རྩུབ་པ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ཏེ། འབྱུང་བ་ལས་གྱུར་པ་དེ་དག་འབྱུང་བ་བཞི་ཚན་སོ་སོ་ལ་བརྟེན་པའི་ཕྱིར་ཏེ་ཊཱི་ཀར། འདི་ལ་གཏན་ཚིགས་ཅི་ཡོད་ཅེ་ན། རྩུབ་པ་ཉིད་ལ་སོགས་པ་འབྱུང་བ་བཞི་ཚན་གཞན་ལ་བརྟེན་པའི་ཕྱིར་རོ་ཞེས་སོ། །ཁ་ཅིག་ལུས་ཀྱི་ཕྱོགས་དུ་མས་འཛིན་པ་ན་ཐམས་ཅད་ཀྱིས་ཀྱང་སྐྱེད་དོ་ཞེས་སོ། །གལ་ཏེ་སྔོ་སེར་ལ་སོགས་པ་ནས་རེག་བྱའི་བར་བྱེ་བྲག་ཏུ་མི་གཅོད་པ་ན་མང་པོས་བསྐྱེད་པ་དེ་ལྟ་ན་དབང་པོའི་ཤེས་པ་ཚོགས་པ་སྤྱི་ལ་དམིགས་པའི་ཕྱིར་རང་མཚན་ཡུལ་ཅན་མ་ཡིན་པར་སྤྱིའི་ཡུལ་ཅན་དུ་འགྱུར་ལ། འདོད་ན་གསུང་རབ་ལས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་བཤད་པ་དང་འགལ་ལོ་ཞེ་ན། དེའི་ལན་དུ་འགྲེལ་པར། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོད་ཀྱི་རྫས་ཀྱི་རང་གི་མཚན་ཉིད་ཀྱི་ནི་མ་ཡིན་པས་ཉེས་པ་མེད་དོ་ཞེས་གསུངས་སོ། །དེའི་དོན་ནི་གང་སྤེལ་གྱིས། མིག་ཤེས་ལ་སོགས་པ་མཚུངས་ལྡན་དང་བཅས་པའི་རྟེན་དང་དམིགས་པར་རུང་བ་ནི་དབང་དོན་གྱི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དང་། རྫས་ཀྱི་མཚན་ཉིད་ནི་སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་ཐུན་མོང་མ་ཡིན་པ་མིག་ཤེས་སོགས་ཀྱིས་ཤེས་པར་བྱ་བ་ལ་འཆད་པས། གང་དབང་པོའི་ཤེས་པ་ཡུལ་གྱི་སྐྱེ་མཆེད་རིགས་མི་འདྲ་སྤྱི་ལ་དམིགས་ན་སྐྱོན་དུ་འགྱུར་བ་ཞིག་ན། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱིས་རང་གི་ངོ་བོ་ལ་དམིགས་པའི་ཕྱིར་དང༌། ཁ་དོག་དང་དབྱིབས་འདུས་པ་ལ་ལྟ་བའི་མིག་ཤེས་སྐྱེ་བས་རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཁོ་ན་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་སློབ་དཔོན་གྱི་བཞེད་པ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་དེར་དོན་དུ་མས་བསྐྱེད་པའི་ཕྱིར། རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །ཞེས་བཤད་དོ།།
གསུམ་པ། ཞར་ལ་དབང་པོ་རྣམ་ཤེས་སྐྱེད་ཚུལ་ནི།
ཕྱོགས་རེ་དང་རིལ་པོ་ཅི་རིགས་པས་སྐྱེད་ལ། ལུས་རིལ་པོས་ནི་མ་ཡིན་ཏེ། འབར་བའི་སེམས་ཅན་དམྱལ་བར་ལུས་རིལ་པོས་མེར་འཛིན་རྣམ་ཤེས་སྐྱེད་པས་ལུས་ཞིག་པར་འགྱུར་རོ་ཞེས་ཟེར་རོ། །འོན་ཀྱང་སྐྱོན་དེར་མི་འགྱུར་ཏེ། །ལས་ཀྱིས་མི་འཇིག་པའི་ཕྱིར་དང༌། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །ཅེས་པས་དབང་པོ་མེས་བསྲེག་བྱ་ཡིན་པའི་ཕྱིར་རོ་སྙམ་མོ། །ལྕེ་དང་ལུས་ཅིག་ཅར་ཡུལ་དང་ཕྲད་དེ་རྣམ་ཤེས་གང་སྐྱེ་བ་ནི་ཡུལ་གང་ཤས་ཆེ་བ་སྔར་སྐྱེ་ལ། མཉམ་ན་ཟ་བར་འདོད་པས་རྒྱུད་གཏད་པའི་ཕྱིར་ལྕེའི་རྣམ་ཤེས་སྔར་སྐྱེའོ།།
གསུམ་པ། རིག་བྱེད་མ་ཡིན་པ་ལ་གཉིས་ལས་དང་པོ་དངོས་ནི།
ཚིགས་བཅད་གཅིག་གིས་ཏེ། མཚན་གཞི་ནི་སྡོམ་པ་སྡོམ་མིན་བར་མ་གསུམ་སྟེ་རྒྱས་པ་འོག་ཏུ་འཆད་དོ། །མཚན་ཉིད་ནི་ཆོས་གང་ཞིག་ཁྱད་པར་བཞི་དང་ལྡན་པ་སྟེ། གནས་སྐབས་ཀྱི་ཁྱད་པར་ནི་གཡེངས་དང་ཞེས་པ་ལ་སོགས་པ་སྟེ། གཡེངས་པའི་སྒྲ་གཅིག་ཉིད་དོན་དུ་མ་ལ་འཇུག་ཀྱང་འདིར་རང་ཀུན་ནས་སློང་བའི་སེམས་ལས་གཞན་གྱི་སེམས་ལ་གནས་པ་སྟེ་དེའི་རྗེས་སུ་བྱེད་དུ་རུང་བ་དང༌། སེམས་མེད་པའི་ཞེས་པ་ནི་སྙོམས་འཇུག་གཉིས་ཏེ། འདིའི་ཆ་ཤས་འགའ་ཞིག་དེ་དག་གིའང་རྗེས་སུ་བྱེད་དུ་རུང་བའོ། །འདི་ལ་གང་སྤེལ་ལྟར་ན་ངག་གི་རིག་བྱེད་ལས་ཁྱད་པར་དུ་བྱེད་ཅེས་དང༌། རྒྱལ་སྲས་ལྟར་ན་སྔ་མས་རིག་བྱེད་དང་ཕྱི་མས་སེམས་དང་སེམས་བྱུང་ལས་ཁྱད་པར་དུ་བྱེད་ཅེས་སོ། །ཡང་ཞེས་པ་ནི་མ་གཡེངས་པ་ཀུན་སློང་གི་སེམས་དང་བཅས་པའི་རྗེས་སུ་བྱེད་དུ་རུང་བ་སྟེ། སེམས་དང་འགལ་བ་མེད་པར་བསྟན་ཏོ།།
ངོ་བོའི་ཁྱད་པར་ནི་དགེ་དང་མི་དགེ་སྟེ་ལུང་བསྟན་པ་ཞེས་པ་ཡིན་ལ། དེས་ནི་མིག་ལ་སོགས་པ་བསལ་ཏེ་སྔ་མ་དེ་དག་མིག་ལ་སོགས་པའི་རྒྱུན་ལའང་ཡོད་པའི་ཕྱིར་རོ།།
དུས་ཀྱི་ཁྱད་པར་ནི་རྗེས་འབྲེལ་གང་སྟེ་རྒྱུན་མཆོག་ཏུ་རྗེས་སུ་འབྲེལ་བར་འབྱུང་བ་ཞེས་པའོ། །དེས་ནི་ལུས་ཀྱི་རིག་བྱེད་ལས་ཁྱད་པར་དུ་བྱེད་དེ། དེ་ནི་རྒྱུན་རྗེས་སུ་འབྲེལ་བར་འབྱུང་བ་ཙམ་ཡིན་གྱི། རིག་བྱེད་མ་ཡིན་པ་བཞིན་དུ་རྒྱུན་མཆོག་ཏུ་རྗེས་སུ་འབྲེལ་བར་འབྱུང་བ་མ་ཡིན་པའི་ཕྱིར་རོ་ཤེས་ཊཱིཀ་བྱེད་དག་འཆད་དོ།།
རྒྱུའི་ཁྱད་པར་ནི་དེ་ཙམ་དགེ་མི་དགེའི་ཐོབ་པའི་རྒྱུན་ལའང་ཡོད་པས་དེ་བསལ་བའི་དོན་དུ་འབྱུང་བ་ཆེན་པོ་རྣམས་ཀྱིས་སྐྱེད་རྟེན་གནས་རྟེན་འཕེལ་བའི་རྒྱུར་བྱས་པ་ཞེས་པའོ། །དེའང་གཞིའི་འབྱུང་བ་རྒྱུར་བྱས་པ་སྟེ། རྒྱལ་པོའི་སྲས་ཀྱིས་ཅི་གཞིའི་འབྱུང་བ་ཆེན་པོ་དག་གམ། འོན་ཏེ་རྟེན་གྱི་འབྱུང་བ་ཆེན་པོ་དག་ཡིན་ཞེ་ན་སྨྲས་པ། གཞིའི་འབྱུང་བ་ཆེན་པོ་དག་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ན་གང་བཤད་པ་དེ་ལྟ་བུ་དེ་ནི་རྣམ་པར་རིག་བྱེད་མིན་པའི་གཟུགས་ཡིན་ནོ། །ཞེས་བྱེ་བྲག་ཏུ་སྨྲ་བའི་འདོད་པ་སློབ་དཔོན་གྱིས་བརྗོད་པའོ། །དེའི་ཕྱིར་འགྲེལ་པར། བརྗོད་ཅེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ་ཞེས་འབྱུང་སྟེ། བསྟན་བཅོས་མཁན་པོའི་ཚིག་ཡིན་པར་སྟོན་པའོ། །ཞེས་པའི་དོན་ཏོ།།
ཡང་ན་རིག་བྱེད་མ་ཡིན་པའི་གཟུགས་དེ་བདེ་བླག་ཏུ་ཁོང་དུ་ཆུད་པར་བསྟན་པར་ཐུགས་ལ་བཞག་ནས་འགྲེལ་པར། མདོར་ན་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་དགེ་བ་དང་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པའོ་ཞེས་འབྱུང་ངོ༌། དེའི་དོན་ནི་འདི་ཡིན་ཏེ། ལུས་ངག་གི་རིག་བྱེད་ལས་བྱུང་བའི་སོ་ཐར་དང་བར་མས་བསྡུས་པའི་དགེ་བ་དང༌། སྡོམ་མིན་དང་བར་མས་བསྡུས་པའི་མི་དགེ་བ་དང༌། ཟག་བཅས་དང་ཟག་མེད་ཀྱི་ཏེང་ངེ་འཛིན་ལས་བྱུང་བའི་སྡོམ་པ་སྟེ་རྒྱུར་བྱས་པའི་གཟུགས་དེ་ལྟ་བུའོ། །དོན་དེ་ཉིད་གང་སྤེལ་གྱིས། རིག་བྱེད་སོགས་སྟོབས་ཀྱིས་དྲངས་ཤིང༌། །དགེ་དང་མི་དགེ་རྗེས་འབྲེལ་གང༌། །དགེ་སློང་སོགས་བྱེད་གཟུགས་ཅན་དེ། །རྣམ་རིག་བྱེད་མིན་མ་གོས་པའོ། །ཞེས་བཤད་དོ། །དེའི་ཕྱིར་ཁ་ཅིག་ནི་ལུང༌བསྟན་པ་གང་ཞིག་ཐོགས་པ་མེད་པའི་གཟུགས་ཞེས་པ་མཚན་ཉིད་དུ་བཞེད་དོ། །སློབ་དཔོན་འདུས་བཟང་ནི། འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་བྱ་བས་གཞུང་དུ་བཀོད་པ་དེ་སུན་འབྱིན་པར་མཛད་དེ། འདི་ལྟར་རིག་བྱེད་མ་ཡིན་པ་སྐད་ཅིག་དང་པོ་རྒྱུན་མ་ཡིན་པས་རྒྱུན་མཆོག་ཏུ་རྗེས་སུ་འབྲེལ་བར་འབྱུང་བ་མ་ཚང་བ་དང༌། རྒྱུན་རྫས་སུ་མེད་པའི་ཕྱིར་དེ་ཡང་རྫས་སུ་མེད་པར་འགྱུར་ན་བསྟན་བཅོས་ལས་རྫས་སུ་བཤད་པ་དང་འགལ་བ་དང་ཏིང་ངེ་འཛིན་ལས་བྱུང་བའི་རིག་བྱེད་མ་ཡིན་པ་གཡེངས་པ་དང་སེམས་མེད་ཀྱི་རྗེས་སུ་བྱེད་པ་མེད་པའི་ཕྱིར་རིག་བྱེད་མ་ཡིན་པ་ཡིན་པ་ཉམས་ཏེ་དེ་མ་ཡིན་པར་ཐལ་བ་དང༌། གལ་ཏེ་མ་གཡེངས་པ་དང་སེམས་བཅས་ཀྱི་རྗེས་སུ་བྱེད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། དེ་མིན་པ་རིག་བྱེད་ཀྱང་དེ་ཉིད་དུ་ཐལ་བ་དང་སེམས་གཡེངས་པའི་རྗེས་སུ་བྱེད་པར་བསྟན་པས་སེམས་བཅས་ཀྱི་རྗེས་སུ་བྱེད་པར་གོ་བའི་ཕྱིར་ཡང་གི་སྒྲ་ལྷག་པར་ཐལ་བ་དང༌། སེམས་མེད་པའི་དབང་དུ་བྱས་ཏེ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པའི་རྗེས་སུ་འབྲེལ་བ་ཡིན་ནོ་ཞེས་པ་དང་ཐོགས་པ་མེད་པའི་གཟུགས་ཞེས་པ་དེ་གཉིས་ཀྱིས་ཁྱད་པར་དུ་བྱ་དགོས་པ་ཁྱད་པར་དུ་མ་བྱས་སོ་ཞེས་བྱ་བའོ། །རང་གི་ལུགས་ནི་བྱས་པ་དང་ཡང་མི་འདྲ་བའི། །སེམས་ལའང་སེམས་མེད་པ་ལ་གང༌། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །ཅེས་པའོ། །རྒྱལ་སྲས་ཀྱིས་དེའི་ལན་སྐྱོན་བརྗོད་དང་བཅས་པ་མཛད་ཀྱང་མང་པས་འཇིགས་པའི་ཕྱིར་མ་སྤྲོས་སོ། །སྒྲ་དོན་ནི་གཟུགས་དང་བྱེད་པ་ལས་ཀྱི་རང་བཞིན་གཉིས་ཀ་ཡིན་ཡང་རིག་བྱེད་བཞིན་དུ་ཀུན་སློང་གཞན་ལ་རིག་པར་བྱེད་པ་མ་ཡིན་པས་ན་རྣམ་རིག་བྱེད་མིན་ནོ། །རིག་བྱེད་བཞིན་དུ་ཞེས་པ་ནི་བཟློག་པའི་དཔེར་རྒྱལ་སྲས་འཆད་དོ།།
གཉིས་པ། ཞར་ལ་འབྱུང་བ་བཤད་པ་ནི།
འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་པའི་འབྱུང་བ་དག་ནི་སའི་ཁམས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་སོ། །དེ་དག་ནི་གཟུགས་རྣམ་པ་སྣ་ཚོགས་མངོན་པར་འགྲུབ་པ་ལ་དེ་དང་དེ་དག་གི་རྣམ་པར་འབྱུང་བས་སམ། འཁོར་བ་ཐོག་མ་མེད་པ་ནས་མི་འབྱུང་མ་མྱོང་བས་ན་འབྱུང་བ་དང༌། རང་རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ཁམས་དང༌། འབྲས་བུའི་གཟུགས་ཀྱི་རྟེན་ཉིད་དུ་རིགས་པའི་ཕྱིར་ན་ཆེན་པོའམ། ཡང་ན་ས་ལ་སོགས་པ་ལ་རང་གི་བྱ་བ་གསལ་ཞིང་ཤས་ཆེ་བས་ན་ཆེན་པོ་སྟེ། འགྲེལ་པ་ལས། ཡང་ན་ས་དང་ཆུ་དང་མེ་དང་རླུང་གི་ཕུང་པོ་དེ་དག་བྱ་བ་ལ་ཤས་ཆེ་བ་དག་ལ་དེ་རྣམས་ཆེན་པོར་གནས་པའི་ཕྱིར་རོ་ཞེས་སོ།།
དེ་དག་གི་ལས་ནི། སའི་ཁམས་ཀྱིས་འབྲས་བུའི་གཟུགས་ཐུར་དུ་མི་ལྟུང་བར་འཛིན་པ་དང༌། ལ་སོགས་ཏེ་ཆུས་མི་འགྱེས་པར་སྡུད་པ་དང༌། མེས་སྨིན་པར་བྱེད་པ་དང་། རླུང་གིས་འཕེལ་ཞིང་རྒྱས་པར་བྱེད་པ་སྟེ་དེ་དག་ནི་བྱེད་ལས་སུ་གྲུབ་ཅེས་པའོ། །དེ་ལྟ་བུ་དག་ནི་ངོ་བོ་དང་ཐ་མི་དད་པར་འཇུག་པས་ས་ལ་སོགས་པ་དག་ལ་སྡུད་པ་ལ་སོགས་པ་མཐོང་བའི་ཕྱིར་ན་ཆུའི་ཁམས་ལ་སོགས་པ་ཡོད་དོ་ཞེས་རྗེས་སུ་དཔག་གོ །དེ་དག་གི་རང་བཞིན་སྲ་བ་དང་གཤེར་བ་དང་དྲོ་བ་དང་གཡོ་བ་རྣམས་ཏེ་དེ་དག་ལ་རེག་བྱ་གང་ཞིག་ཅེས་སྦྱར་བ་ནི་སྐྱོན་གསུམ་དང་བྲལ་བའི་མཚན་ཉིད་དོ། །ཅི་གསུང་རབ་ལས་ས་ལ་སོགས་པ་དང་སའི་ཁམས་ལ་སོགས་པ་གསུངས་ན་དེ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན་ཕྱི་མ་ནི་རེག་བྱ་ཡིན་ལ། དང་པོ་འཇིག་རྟེན་གྱི་ནི་ཐ་སྙད་དུ་ཁ་དོག་དང་དབྱིབས་ལས་ཞེས་བརྗོད་དེ་ས་དཀར་པོ་དང་ཟླུམ་པོ་ཞེས་པ་ལྟ་བུ་དང༌། ཆུ་མེ་ཡང་ངོ་ཞེས་པ་ནི་ས་ལ་ཇི་ལྟ་བ་བཞིན་དུ་དེ་དག་ཀྱང་ཁ་དོག་དང་དབྱིབས་ལ་དེར་ཐ་སྙད་འདོགས་པར་བྱེད་དོ་ཞེས་པའི་དོན་ཏོ། །རླུང་ཚོགས་ནི་འཇིག་རྟེན་པ་ཁ་ཅིག་རླུང་གི་ཁམས་ཉིད་ལ་རླུང་དུ་ཐ་སྙད་འདོགས་པར་བྱེད་པ་ཡིན་ལ། ཁ་ཅིག་ནི་ཁ་དོག་དང་དབྱིབས་ལ་ས་ཞེས་བརྗོད་པ་དེ་དང་འདྲ་བའང་ཡིན་ཏེ། རླུང་སྔོན་པོ་དང་རླུང་ཟླུམ་པོ་ཞེས་བརྗོད་དོ། དེ་བཞིན་དུ་ཁོ་བོ་ཅག་ཀྱང་འཇིག་རྟེན་དང་མཐུན་པར་ཐ་སྙད་བྱེད་པས་དེ་དག་གཟུགས་ཀྱི་སྐྱེ་མཆེད་དུ་ཁས་ལེན་ཏོ། །དེའི་ཕྱིར་ཟད་པར་དང་པོ་བརྒྱད་ཀྱི་སྤྱོད་ཡུལ་གཟུགས་ཀྱི་སྐྱེ་མཆེད་དུ་འཆད་པའི་རྒྱུ་མཚན་ཡང་འདི་ཡིན་ལ། ཁ་ཅིག་ནི་འཇིག་རྟེན་པ་གང་དག་རླུང་གི་ཚོགས་རླུང་གི་ཁམས་ལ་འདོད་པ་དེ་ལྟར་ཁས་ལེན་པས། ཟད་པར་རླུང་གི་སྤྱོད་ཡུལ་རེག་བྱའི་སྐྱེ་མཆེད་དུ་འཆད་པའི་རྒྱུ་མཚན་ཡང་འདི་ཡིན་ནོ།།
འདི་ལས་གཞན་དུ་ས་ལ་སོགས་པ་ཁ་དོག་དང་དབྱིབས་སུ་འཇིག་རྟེན་ལ་གྲགས་ཀྱི་ཆོས་མངོན་པ་པ་དག་ནི་དེ་ལྟར་ཁས་མི་ལེན་པ། གསུང་རབ་ལས་དེ་ལྟར་མ་བཤད་དོ་ཞེས་འཆད་པ་དེ་དག་གིས་ནི་གཞུང་འདིའང་ལེགས་པར་མ་བཤད་ལ། བསྟན་བཅོས་ལས་ཆུ་དང་རླུང་ལ་ཁ་དོག་དང་དབྱིབས་བཤད་པ་དང་ཡང་འགལ་བར་སྨྲས་སོ། །དེ་སྐྱེ་མཆེད་དང་ཁམས་སུ་གཞག་པ་ནི་ཚོར་བའི་ཕུང་པོ་ལ་སོགས་པར་བཤད་པར་བྱ་བ་ཡིན་ཡང༌། སློབ་དཔོན་ཚིག་ཟོར་ཡང་བ་ལ་མཉེས་པས་འདི་ལྟར་མདོ་ལས་སྐྱེ་མཆེད་དང་ཁམས་གཟུགས་ཅན་བཅུ་བཤད་པ་གང་དག་ཅེ་ན། དབང་པོ་ལྔ་དང་དོན་ལྔ་པོ་དེ་དག་ཁོ་ན་ལ་སྐྱེ་མཆེད་གཟུགས་ཅན་བཅུ་དང་ཁམས་གཟུགས་ཅན་བཅུར་འདོད་དེ། དགོས་པའི་དབང་གིས་མིང་ཐ་དད་བསྟན་ཀྱང་དབང་དོན་ལས་རྫས་གཞན་མ་ཡིན་པའི་ཕྱིར་རོ། །ཁོ་ནའི་སྒྲ་ནི་ཡིད་དབང་དང་ཆོས་ཀྱི་སྐྱེ་མཆེད་བསལ་བའི་ཕྱིར་ཏེ་རྒྱལ་སྲས་ཀྱིས། ཁོ་ན་ལ་ཞེས་བྱ་བའི་ཁྱད་པར་ནི་དབང་པོ་གཞན་བསལ་བའི་ཕྱིར་དང་དོན་གཞན་བསལ་བའི་ཕྱིར་རོ་ཞེས་སོ།།
གཉིས་པ། གཟུགས་སེམས་ལས་གཞན་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམ་བཞག་གི་ཚོར་བའི་མཚན་ཉིད་ནི།
བློ་གང་ཞིག་རང་སྟོབས་ཀྱིས་རང་ཡུལ་མྱོང་བའོ། །འདི་རྣམས་ལ་མི་སྐྱེ་བའི་ཆོས་ཅན་བསྡུ་བའི་དོན་དུ་རུང་བ་ཞེས་སྦྱོར་བའང་སྣང་ངོ་། མཚན་གཞི་ནི་བདེ་སྡུག་བཏང་སྙོམས་གསུམ་མམ་བདེ་བ་ལ་སོགས་པ་ལྔའོ།།
གསུམ་པ། འདུ་ཤེས་ནི།
བློ་གང་ཞིག་རང་སྟོབས་ཀྱིས་རང་ཡུལ་མཚན་མར་འཛིན་པའི་བདག་ཉིད་དོ། །མཚན་མ་ནི་སྔོ་སེར་ལ་སོགས་པ་ཡིན་ལ་དེ་འཛིན་པ་ནི་སྤུ་རིས་མ་འདྲེས་པར་ཡོངས་སུ་གཅོད་པའོ། །མཚན་གཞི་ནི་འདུ་ཤེས་ཀྱི་ཚོགས་དྲུག་གོ།
བཞི་པ། འདུ་བྱེད་ཀྱི་མཚན་ཉིད་ནི།
གཟུགས་ཚོར་བ་འདུ་ཤེས་རྣམ་ཤེས་ཏེ་ཕུང་པོ་བཞི་ལས་རྫས་གཞན་པའི་འདུས་བྱས་སམ། དེ་རྣམས་མ་ཡིན་པའི་འདུས་བྱས་ཞེས་པའོ། །མཚན་གཞི་ནི་མཚུངས་ལྡན་གྱི་འདུ་བྱེད་དང༌། མི་ལྡན་པའི་འདུ་བྱེད་གཉིས་སོ།།
འོ་ན་མདོ་ལས། འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན་སེམས་པའི་ཚོགས་དྲུག་གོ་ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་ལས་ཀྱི་རང་བཞིན་ཡིན་པས་འདི་དང་འདི་ལྟར་དུ་བྱའོ་ཞེས་མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་པའི་ཕྱིར་དེ་སྐད་གསུངས་སོ། །དེ་ལྟ་མ་ཡིན་པར་དེ་དག་ཁོ་ན་འདུ་བྱེད་ཡིན་ན་གཞན་སེམས་བྱུང་ལྷག་མ་རྣམས་དང་མི་ལྡན་པའི་འདུ་བྱེད་ནི་ཕུང་པོ་ལྔ་གང་ཡང་མ་ཡིན་པས་སྡུག་བསྔལ་དང་ཀུན་འབྱུང་དུ་མི་འགྱུར་ལ། འདོད་ན་ཤེས་བྱ་དང་སྤང་བྱའང་མ་ཡིན་པར་གྱུར་རོ།།
བཤད་མ་ཐག་པའི་ཕུང་པོ་དེ་གསུམ་དང་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་འདུས་མ་བྱས་གསུམ་པོ་རྣམས་དང་བཅས་པ་ཆོས་བདུན་པོ་དེ་དག་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་ཆོས་ཀྱི་སྐྱེ་མཆེད་དང་ཁམས་བཅོ་བརྒྱད་ཀྱི་ཆོས་ཀྱི་ཁམས་ཞེས་བྱའི། དེ་དག་ལས་རྫས་གཞན་ནི་མ་ཡིན་ནོ།།
ལྔ་པ། རྣམ་པར་ཤེས་པའི་ཕུང་པོ་དང་སྐྱེ་མཆེད་ཁམས་རྣམ་གཞག་ལ་གཉིས་ཀྱི་དང་པོ་ཕུང་པོ་ནི།
རྣམ་ཤེས་ཀྱི་ཕུང་པོའི་མཚན་ཉིད་བློ་གང་ཞིག་རང་སྟོབས་ཀྱིས་རང་གི་གཟུང་དོན་གྱི་ངོ་བོ་རྣམ་པར་རིག་པ་ཞེས་པའོ། །སོསོར་ཅེས་པ་ནི་མིག་ཤེས་ཀྱིས་གཟུགས་ནས་ཡིད་ཤེས་ཀྱིས་ཆོས་ཀྱི་བར་དུ་རིག་པའི་ཕྱིར་སྨོས་སོ། །མཚན་ཉིད་ནི་ཉན་ཐོས་སྡེ་པ་གཉིས་རྣམ་ཤེས་ཚོགས་དྲུག་ཏུ་འདོད་ལ། སློབ་དཔོན་སྐུ་མཆེད་ནི་དམིགས་པ་ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་དམིགས་ནས་རྣམ་པ་མི་གསལ་ཞིང་མ་ཆད་པར་འཛིན་པའི་ཀུན་གཞིའི་རྣམ་ཤེས་དང༌། དེ་ཉིད་ལ་དམིགས་ནས་ངར་འཛིན་པའི་རྣམ་པ་ཅན་ཉོན་མོངས་པ་ཅན་གྱི་ཡིད་དེ་ཚོགས་བརྒྱད་བཞེད་དོ།།
གཉིས་པ། དེ་སྐྱེ་མཆེད་དང་ཁམས་སུ་གཞག་པ་ནི།
སྐྱེ་མཆེད་བཅུ་གཉིས་ཀྱི་ཡིད་ཀྱི་སྐྱེ་མཆེད་ཀྱང་རྣམ་ཤེས་ཀྱི་ཕུང་པོ་དེ་ཉིད་ཡིན་ལ། ཁམས་བཅོ་བརྒྱད་སྟོན་པ་ན་དེ་དག་ཁམས་བདུན་དག་ཏུའང་འདོད་པ་སྟེ། མིག་ཤེས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་དང་ཡིད་ཀྱི་ཁམས་སོ། །འོ་ན་དེ་དག་ལས་ཐ་དད་པའི་ཡིད་ཀྱི་ཁམས་གང་ཞེ་ན། ཐ་དད་མེད་ཀྱི་རྣམ་ཤེས་དྲུག་པོ་དེ་དག་ལས་གང་ཡང་རུང་བ་འདས་མ་ཐག་པ་ཡི་རྣམ་ཤེས་གང་ཡིན་པ་དེ་ལྟ་བུ་ཡིད་ཀྱི་ཁམས་ཏེ། དཔེར་ན་བུ་དེ་ཉིད་གཞན་གྱི་ཕར་འགྱུར་ལ། འབྲས་བུ་དེ་ཉིད་གཞན་གྱི་ས་བོན་ཡིན་པ་ལྟ་བུའོ།།
འདས་མ་ཐག་ཅེས་པ་ནི་རྣམ་ཤེས་གཞན་གྱིས་བར་ཆོད་པ་བསལ་བའི་དོན་ཡིན་པར་ཊཱིཀ་བྱེད་དག་འཆད་པས་དེ་ལྟར་གཟུང་གི དུས་དེ་མ་ཐག་པ་མ་ཡིན་ཏེ་སྙོམས་པར་འཇུག་སེམས་འདས་ནས་ཡུན་རིང་དུ་ལོན་ཡང་ལྡང་སེམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །འདས་པའི་སྒྲ་ནི་རྣམ་ཤེས་འདས་མ་ཐག་པས་རྣམ་ཤེས་ད་ལྟར་བའི་དངོས་ཀྱི་བདག་རྐྱེན་བྱེད་པ་འདི་ལྟ་བུ་ཡིད་ཀྱི་ཁམས་སོ་ཞེས་གསལ་བར་དཔེར་མཚོན་པའི་དོན་ཏོ། །དེའི་ཕྱིར་རྒྱལ་པོའི་སྲས་ཀྱིས། འདས་པ་སྨོས་པ་ནི་ད་ལྟར་བྱུང་བ་བསལ་བའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ན་དེའི་གནས་སྐབས་ནི་རྟེན་ཅན་ཡིན་ནོ་ཞེས་སོ། །དེས་ན་རྣམ་ཤེས་ཕྱི་མའི་དངོས་ཀྱི་བདག་རྐྱེན་མི་བྱེད་པར་སྣང་ཡང་རྐྱེན་ཚོགས་ན་དེ་ལྟར་བྱེད་ནུས་པས་རྣམ་ཤེས་ཐམས་ཅད་ཡིད་ཀྱི་ཁམས་ཀྱི་ངོ་བོར་གནས་པའི་ཕྱིར་ཡིད་ཀྱི་ཁམས་སུ་གཞག་གོ །དེའི་ཕྱིར་འགྲེལ་པར། འོ་ན་དགྲ་བཅོམ་པའི་སེམས་ཐ་མ་ཡང་མ་ཡིན་པར་འགྱུར་ཏེ། དེ་གོང་གི་མཚུངས་པ་དེ་མ་ཐག་པ་འདས་པར་འགྱུར་བ་དེ་ནི་མེད་དོ་ཞེ་ན། དེ་ཡང་ཡིད་ཀྱི་ངོ་བོར་གནས་པའི་ཕྱིར་ན་ཡིན་ཏེ། རྒྱུ་གཞན་མ་ཚང་བའི་ཕྱིར་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བར་ཟད་དོ་ཞེས་རྒོལ་ལན་མཛད་པའི་རྒྱུ་མཚན་ཡང་འདི་ཡིན་ནོ།།
འོ་ན་རྣམ་ཤེས་ཁམས་དྲུག་དང༌། ཡིད་ཀྱི་ཁམས་རྣམས་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་རྫས་སུ་ན་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་ལ། འདོད་ན་ཁམས་བཅོ་བརྒྱད་དུ་གཞག་པ་མི་རིགས་སོ་ཞེ་ན། རྫས་སུ་ན་དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་རྣམ་ཤེས་ཚོགས་ལྔ་ལ་བདག་རྐྱེན་དབང་པོ་གཟུགས་ཅན་རེ་ཡོད་ལ། འདི་ལ་མེད་པས་དྲུག་པ་ཡིད་ཀྱི་རྣམ་ཤེས་འདིའི་རྟེན་ཏེ་བདག་རྐྱེན་ནི་རབ་ཏུ་བསྒྲུབ་པའི་ཕྱིར་ཏེ་ཆེད་དུ་ཡིད་ཀྱི་ཁམས་ཞེས་ལོགས་ཤིག་ཏུ་བྱས་ནས་བདག་རྐྱེན་དྲུག་དང༌། དམིགས་རྐྱེན་དྲུག་དང༌། འབྲས་བུ་རྣམ་ཤེས་ཀྱང་དྲུག་ཏུ་འཇོག་པའི་ཕྱིར་ཁམས་ནི་བཅོ་བརྒྱད་དག་ཏུ་འདོད་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་ནི་ཉོན་ཡིད་ཁས་ལེན་པས་རྣམ་ཤེས་དྲུག་ལས་རྫས་ཐ་དད་པའི་ཡིད་ཀྱི་ཁམས་ཀྱང་ཁས་ལེན་ཏོ། །གོས་དམར་བའི་སྡེ་པ་ནི་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ནི་སྙིང་གི་དངོས་པོར་འདོད་དེ། འདིའི་ལྟར་གཟུགས་མེད་ནའང་གཟུགས་ཡོད་པར་འདོད་པས་དེར་ཀྱང་ཡིད་ཤེས་ཀྱི་རྟེན་དུ་འགལ་བ་མེད་དོ།།
གཉིས་པ། ཤིན་ཏུ་བསྡུ་བའི་ཚུལ་ནི།
ཕུང་པོས་འདུས་བྱས་དང༌། སྐྱེ་མཆེད་དང་ཁམས་ཀྱིས་ཆོས་ཐམས་ཅད་བསྡུས་ན་དེ་བས་ཀྱང་མདོར་བསྡུས་ཏེ་བསྡུར་ཡོད་དམ་ཞེ་ན་ཡོད་དེ། གཟུགས་ཀྱི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་གཅིག་སྟེ་རྣམ་པ་གསུམ་པོ་དེ་དག་གིས་ནི་ཆོས་ཐམས་ཅད་བསྡུས་ཏེ། འདི་ལྟར་གཟུགས་ཀྱི་ཕུང་པོས་ནི་སྐྱེ་མཆེད་དང་ཁམས་གཟུགས་ཅན་བཅུ་བཅུ་སྟེ་ཉི་ཤུ་དང༌། ཡིད་ཀྱི་སྐྱེ་མཆེད་ཀྱིས་སེམས་ཀྱི་ཁམས་བདུན་དང་རྣམ་ཤེས་ཀྱི་ཕུང་པོ་སྟེ་བརྒྱད་དང༌། ཆོས་ཀྱི་ཁམས་ཀྱིས་ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དང༌། ཆོས་ཀྱི་སྐྱེ་མཆེད་དང་བཞི་བསྡུས་སོ།།
རིག་བྱེད་མ་ཡིན་པ་ནི་འདིར་ཆོས་ཁམས་སུ་བསྡུས་པར་མ་ཟད་གཟུགས་ཀྱི་ཕུང་པོར་ཀྱང་བསྡུས་ཏེ། དེའི་ཕྱིར་རྒྱལ་པོའི་སྲས་ཀྱིས། འདིར་རྣམ་པར་རིག་བྱེད་མ་ཡིན་པ་ནི་ལན་གཉིས་སུ་བསྡུས་སོ་ཞེས་སོ། །དེ་ལྟར་བསྡུས་པ་ནི་སྡུད་བྱེད་གསུམ་པོའི་རང་གི་ངོ་བོ་ཡིན་པ་ཉིད་ཀྱིས་བསྡུས་པ་ཡིན་ཏེ། དེས་བསྡུས་པ་ནི་ཡིན་ལ། གསུམ་པོ་དེ་ལས་རྫས་གཞན་གྱི་དངོས་པོ་དང་མི་ལྡན་པ་སྟེ་རྫས་གཞན་གྱི་དངོས་པོར་མེད་པའི་ཕྱིར་རོ། །དེའི་ཕྱིར་བསྡུ་དངོས་བཞིས་འཁོར་རྣམ་བཞི་བསྡུས་པ་ལྟར་མ་ཡིན་གྱི་སྒྲས་མཉན་བྱ་བསྡུས་པ་ལྟར་བསྡུ་བ་མཚན་ཉིད་པའོ།།
ཁམས་མང་བར་ཐལ་བ་སྤང་བ་ནི་མིག་རྣ་བ་སྣ་དང་གསུམ་ནི་གཉིས་གཉིས་ཡོད་པའི་ཕྱིར་ཁམས་བཅོ་བརྒྱད་པས་མང་བར་འགྱུར་རོ་ཞེས་ན་མི་འགྱུར་ཏེ། འདི་ལྟར་མིག་ལ་སོགས་པ་རྣ་བ་དང་སྣ་གཉིས་གཉིས་ཡོད་མོད་ཀྱི། འོན་ཀྱང་དེ་དག་ཁམས་གཅིག་ཉིད་ཡིན་པའི་ཕྱིར་རོ་ཞེས་སྦྱར་རོ། །དེའི་རྒྱུ་མཚན་ནི་མིག་གཉིས་ཀ་ཡང་རང་ཡུལ་གཟུགས་འཛིན་པའི་རྣམ་ཤེས་ཀྱི་བདག་རྐྱེན་གཟུགས་དྭང་བར་རིགས་འདྲ་བའི་ཕྱིར་དང༌། སྤྱོད་ཡུལ་གཟུགས་སུ་འདྲ་བའི་དབང་པོ་གཟུགས་ཅན་ཡིན་པའི་ཕྱིར་དང༌། རང་གི་འབྲས་བུ་མིག་གི་རྣམ་ཤེས་ཀྱི་བདག་རྐྱེན་དུ་རུང་བའི་དབང་པོ་གཟུགས་ཅན་དུ་འདྲ་བའི་ཕྱིར་ནའོ། །དེ་བཞིན་དུ་གཞན་གཉིས་ལའང་སྦྱར་རོ། །གཉིས་གཉིས་བྱུང་ཡང་དགོས་པ་མེད་པའི་ཕྱིར་མི་འབྱུང་བར་འགྱུར་རོ་ཞེ་ན། རྟགས་མ་གྲུབ་སྟེ། རྟེན་མཛེས་པར་བྱ་བའི་དགོས་པ་ཡོད་པའི་ཕྱིར་ན་གཉིས་གཉིས་བྱུང་ངོ་། །དེ་ཡང་འདི་ལྟར་ཐོག་མ་མེད་པ་ནས་སེམས་ཅན་རྣམས་དེ་ལྟ་བུ་དག་ལ་ཀུན་ཏུ་སྲེད་པས་ལས་བསགས་པའི་དབང་གིས་འབྱུང་ངོ་ཞེས་བཤད་དོ། །ཡང་ན་གསལ་བར་བྱ་བའི་ཕྱིར་རོ་ཞེས་ཀྱང་ཟེར་རོ།།
གསུམ་པ་སོ་སོའི་སྒྲ་དོན་ནི།
ཆོས་དུ་མ་སྤུངས་པའི་དོན་གྱིས་ན་ཕུང་པོ་སྟེ། མདོ་ལས་ཀྱང༌། གཟུགས་གང་ཅི་ཡང་རུང་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བ་ན་ཡོད་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་དང༌། དེ་བཞིན་དུ་རྣམ་ཤེས་ཀྱི་བར་དུ་གསུངས་པའི་ཕྱིར་རོ།།
འདི་ལ་བྱེ་བྲག་ཏུ་སྨྲ་བ་ནི་གཟུགས་བྱུང་ལ་མི་རྟག་པས་འགག་པ་དང༌། བྱུང་ལ་མ་འགགས་པ་དང༌། མ་བྱུང་བ་ནི་དུས་གསུམ་རིམ་པ་བཞིན་དང༌། རང་གི་རྒྱུད་ལ་མིག་སོགས་དང་གཟུགས་སོགས་ཡོད་པ་ནང་དང༌། དེ་གཉིས་གཞན་གྱི་རྒྱུད་ལ་ཡོད་པ་དང་སེམས་ཅན་དུ་གྲང་བ་མ་ཡིན་པ་ཕྱིའོ། །ཡང་ན་རང་གཞན་གཉིས་ཀའི་མིག་སོགས་ནང༌། གཉིས་ཀའི་གཟུགས་སོགས་ལྔ་དང་སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་རིག་མིན་ཕྱིའོ་ཞེས་ཀྱང་བཤད་དོ། །རགས་ཕྲ་ནི་ཐོགས་བཅས་ཐོགས་མེད་ཀྱི་གཟུགས་སོ། །ཡང་ན་ལྟོས་ནས་གཞག་སྟེ། དེ་ལྟ་ན་ཐོགས་བཅས་དག་ནི་རགས་པ་དང་ཕྲ་བ་གཉིས་ཀ་ཡིན་ལ་ཐོགས་མེད་ཀྱི་གཟུགས་ཕྲ་བ་ཁོ་ནའོ་ཞེས་འཆད་དོ། །གལ་ཏེ་ལྟོས་པས་མ་གྲུབ་བོ་ཞེ་ན། གང་ལ་ལྟོས་ཏེ་རགས་པ་དེ་ནི་ནམ་ཡང་དེ་ལ་ལྟོས་ནས་ཕྲ་བ་མ་ཡིན་པས་སྐྱོན་མེད་དོ། །ངན་པ་དང་གྱ་ནོམ་པ་ནི་ཉོན་མོངས་ཅན་དང་དེ་མ་ཡིན་པའོ། །རིང་བ་ནི་འདས་མ་འོངས་དང༌། ཉེ་བ་ནི་ད་ལྟར་བ་སྟེ་རྣམ་ཤེས་ཀྱི་བར་དུའོ། །ཁྱད་པར་ནི་དབང་པོ་ལྔ་ལ་བརྟེན་པ་རགས་པ་དང་ཡིད་ལ་བརྟེན་པ་ཕྲ་བ་ཞེས་སམ། ཡང་ན་ས་ལ་ལྟོས་ནས་སོ། ལུགས་གཞན་ནི་འདིར་མ་སྤྲོས་སོ། །འོ་ན་ཕུང་པོ་རྫས་སུའང་བཏགས་ཡོད་ཡིན་ཞེ་ན། ཁ་ཅིག་ནི་རྫས་སུ་སྟེ་རྡུལ་ཕྲ་རབ་གཅིག་ཀྱང་ཕུང་པོ་ཡིན་ལ། མདོ་ལས་ཆོས་བཅུ་གཅིག་གསུངས་པའང་སོ་སོར་ཕུང་པོ་ཡིན་ནོ། །ཞེས་བསྟན་པའི་དོན་དུའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྡུལ་ཕྲ་རབ་ལ་སྤུངས་པ་མེད་པའི་ཕྱིར་དང༌། མདོ་ལས་ཀྱང་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་ཞེས་གསུངས་པའི་ཕྱིར་ཕུང་པོ་བཏགས་ཡོད་ཡིན་ནོ་ཞེའོ། །བྱེ་བྲག་ཏུ་བཤད་པ་ལས་ནི། གཉི་ག་འབྱུང་སྟེ་ཆོས་མངོན་པ་བ་ཞིག་ཕུང་པོ་བཏགས་པའི་ཡོད་པར་ལྟ་ན་ནི་རྡུལ་ཕྲ་རབ་ཁམས་གཅིག་དང༌། སྐྱེ་མཆེད་གཅིག་དང༌། ཕུང་པོ་གཅིག་གི་ཕྱོགས་ཡིན་ནོ། །འོན་ཏེ་མི་ལྟ་ན་ནི་རྡུལ་ཕྲ་རབ་ཁམས་གཅིག་དང༌། སྐྱེ་མཆེད་གཅིག་དང༌། ཕུང་པོ་གཅིག་ཡིན་ནོ་ཞེས་སོ། །སེམས་དང་སེམས་བྱུང་སྐྱེ་ཞིང་མཆེད་པའི་སྒོ་བྱེད་པ་ནི་སྐྱེ་མཆེད་ཀྱི་དོན་ཏེ། དེ་ཡང་མིག་སོགས་དྲུག་གིས་བདག་རྐྱེན་དང༌། གཟུགས་སོགས་དྲུག་གིས་དམིགས་རྐྱེན་བྱས་ནས་སོ། །རིགས་ཀྱི་དོན་གྱིས་ན་ཁམས་རྣམས་ཡིན་ཏེ། དཔེར་ན་རི་འགའ་ཞིག་ལ་གསེར་དངུལ་ལ་སོགས་པའི་རིགས་མང་པོ་ཡོད་པ་ལ་ཁམས་རྣམས་ཞེས་བརྗོད་པ་བཞིན་དུ་རྟེན་ནམ་རྒྱུད་གཅིག་ལ་རིགས་བཅོ་བརྒྱད་ཡོད་པས་ན་ཁམས་བཅོ་བརྒྱད་ཅེས་བྱའོ། །རིགས་ནི་འབྱུང་གནས་སམ་རྒྱུ་སྟེ་མིག་སོགས་རྣམས་རང་རང་གི་རིགས་འདྲ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར་རམ། ཡང་ན་འདུས་མ་བྱས་ལ་དེ་མེད་པས་སེམས་དང་སེམས་བྱུང་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་དག་ནི་རིགས་ཀྱི་དོན་ཁམས་ལ་འདོད་པས་ཐམས་ཅད་རང་རང་གི་མཚན་ཉིད་འཛིན་པས་ན་ཁམས་ཞེས་བྱའོ་ཞེའོ།།
བཞི་པ། དགོས་པ་ནི།
ཆོས་གཅིག་ཉིད་ཕུང་པོ་ལ་སོགས་པའི་སྒོ་ནས་རྣམ་པ་གསུམ་དུ་སྟོན་པར་མཛད་ཅེ་ན། གདུལ་བྱ་ཁ་ཅིག་སེམས་བྱུང་ལ་རིལ་པོ་གཅིག་ཏུ་བཟུང་ནས་བདག་ཏུ་རྨོངས་པ་དང༌། ཁ་ཅིག་གཟུགས་ལ་རིལ་པོ་གཅིག་དང༌། ཁ་ཅིག་གཟུགས་དང་སེམས་གཉིས་ཀ་ལ་རིལ་པོ་གཅིག་ཏུ་རྨོངས་ལ། །དེ་ལ་ཕུང་པོར་སེམས་བྱུང་ལ་ཚོར་སོགས་གསུམ་དང༌། སྐྱེ་མཆེད་དུ་གཟུགས་ཅན་བཅུ་དང་ཁམས་ལ་གཟུགས་ཅན་བཅུ་དང་སེམས་ལ་བདུན་དུ་ཕྱེ་བ་རྟོག་པས་དེ་དག་སེལ་བས་རྨོངས་པ་གསུམ་བསལ་བའི་ཕྱིར་དང༌། དད་སོགས་དབང་པོ་རྣོན་པོ། འབྲིང་པོ། རྟུལ་པོ་སྟེ་རིམ་པ་གསུམ་ཡོད་ལ་རྣོན་པོ་མགོ་སྨོས་པས་གོ་བ་སྟེ། དགེ་སློང་ཞིག་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་གང་ཁྱོད་མ་ཡིན་པ་དེ་ནི་ཁྱོད་ཀྱིས་སྤང་པར་བྱའོ། །གསོལ་བ་བཅོམ་ལྡན་འདས་གློ་བར་ཆུད་དོ། །དགེ་སློང་མདོར་བསྡུས་ཏེ་བཤད་པ་འདིའི་དོན་ཇི་ལྟར་ཤེས། བཙུན་པ་གཟུགས་ནི་བདག་མ་ལགས་ཏེ་ཆོས་དེ་ནི་བདག་གིས་སྤང་བར་བགྱིའོ་ཞེས་འབྱུང་བ་ལྟ་བུའོ། །འབྲིང་ནི་སྤྲོས་ལ་བསྟན་དགོས་པ་ཡིན་ལ། རྟུལ་པོ་ནི་ཚིག་ལྷུར་ལེན་པ་ཤིན་ཏུ་སྤྲོས་ལ་བསྟན་དགོས་པ་སྟེ་གསུམ་ཡོད་པའི་ཕྱིར་དང༌། ཡང་གདུལ་བྱ་ཚིག་མདོར་བསྡུས་པ་དང༌། བར་མ་དང༌། རྒྱས་པ་འདོད་སྟེ་རྣམ་པ་གསུམ་གྱི་ཕྱིར་ཡང་ཕུང་པོ་ལ་སོགས་པ་གསུམ་རིམ་པ་བཞིན་བསྟན་ཏོ། །དེ་ལྟར་འདོད་པ་ནི་སྔོན་གོམས་པའི་དབང་གིས་ཏེ་ཞི་གནས་དང༌། དེ་དང་ལྷག་མཐོང་གཉི་ག་དང༌། ལྷག་མཐོང་ཉིད་ལ་གོམས་པས་སོ།།
ལྔ་པ། དེ་དག་ངེས་པའི་རྒྱུ་མཚན་ལ་བཞི་ལས། དང་པོ་ནི།
ཚོར་བ་དང་འདུ་ཤེས་འདི་གཉིས་ཕལ་ཆེ་བ་འཇིག་རྟེན་པ་ཀུན་གྱིས་རྩོད་པའི་རྩ་བར་གྱུར་པ་སྟེ། འདི་ལྟར་དོན་འདོད་པ་དང༌། ལྟ་བ་ལྷག་པར་ཞེན་པས་ཡིན་ལ། དེ་གཉིས་ཀྱི་རྒྱུའི་གཙོ་བོ་ཡང་ཟག་བཅས་ཀྱི་ཚོར་བ་དང་འདུ་ཤེས་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་མདོ་ལས། བྲམ་ཟེ་དབྱུག་པ་ཅན་གྱིས་འཕགས་པ་ཀཱ་ཏྱ་ཡཱ་ན་ལ་རྒྱུ་གང་དང་རྐྱེན་གང་གིས་རྒྱལ་པོ་ལ་རྒྱལ་པོས། ཞིང་པ་ལ་ཞིང་པས་བྲམ་ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ་བདག་གིས་ལྷན་ཅིག་རྩོད་པར་གྱུར། བྲམ་ཟེ་འདོད་པ་ལ་ཆགས་པ་དང༌། ཞེན་པ་དང༌། འབྲེལ་བ་དང༌། མངོན་པར་འདོད་པ་དང༌། ཡང་དག་པར་ཆགས་པའི་རྒྱུས་རྩོད་དོ། །རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་བས་རྩོད་པར་གྱུར། བྲམ་ཟེ་ལྟ་བ་ལ་ཆགས་པ་མེད་པ་དང༌། ཞེན་པ་ལ་སོགས་པའི་རྒྱུས་རྩོད་པར་གྱུར་ཏོ། །ཀཱ་ཏ་ཡཱ་ན་རྒྱུ་དེ་དག་ལས་འདས་པ་ཡོད་དམ། ཡོད་དེ་བདག་གི་སྟོན་པ་བཅོམ་ལྡན་འདས་བཞུགས་སོ་ཞེས་དང་། བསྟོད་པ་ལས་ཀྱང༌། འདོད་པ་མི་སྣང་འབྲེལ་མེད་ཅིང༌། །ལྟ་བའི་དྲ་བ་བཅོམ་གྱུར་པ། །དེས་ན་རྩོད་པ་མི་འབྱུང་སྟེ། །རྩ་བ་མེད་པར་གང་ལས་འབྱུང༌། །ཞེས་སོ། །དང་ནི་རྒྱུ་མཚན་གཞན་སྡུད་པའོ། །གང་དག་ཅེ་ན། དེ་གཉིས་འཁོར་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང་ཕུང་པོའི་རིམ་པ་སྟོན་པའི་རྒྱུ་དེའི་ཕྱིར་ཞེས་པའོ། །འགྲེལ་པར། འདི་དག་ནི་ཆེས་རགས་པ་དང༌། ཀུན་ནས་ཉོན་མོངས་པའི་གོ་རིམ་གྱི་རྒྱུ་དང༌། ཟས་དང་ཚོད་མ་ལྟ་བུ་དང༌། དེ་དག་གིས་ཁམས་གཉིས་རབ་ཏུ་ཕྱེ་བའི་གོ་རིམ་གྱི་རྒྱུ་དེ་ཉིད་ཀྱི་ཕྱིར་ཚོར་བ་དང་འདུ་ཤེས་ནི་འདུ་བྱེད་རྣམས་ལས་ལོགས་ཤིག་ཏུ་ཕུང་པོར་བྱས་སོ་ཞེས་སོ། །དེ་ལྟར་ན་ཚོར་བ་དང་འདུ་ཤེས་ནི་སེམས་བྱུང་རྣམས་ལས་ལོགས་ཤིག་ཏུ་ཕུང་པོར་གཞག་པར་བྱ་བ་ཡིན་ལ། སོ་སོར་ཕུང་པོར་འཇོག་པ་ནི་དེ་ལྟར་ལོགས་ཤིག་ཏུ་གཞག་པར་བྱ་བའི་སེམས་བྱུང་རིགས་མི་འདྲ་རྫས་ཐ་དད་ཡིན་པའི་ཕྱིར་རོ།།
གཉིས་པ་ནི།
འདུས་མ་བྱས་ནི་ཕུང་པོ་ལྔ་པོ་དག་ཏུ་མ་བཤད་པ་སྟེ་བཤད་པར་བྱ་བ་མ་ཡིན་ཅེས་སྦྱར་རོ། །རྒྱུ་མཚན་ནི་ཕུང་པོའི་དོན་དུ་སྟེ་གཟུགས་ནས་རྣམ་ཤེས་ཀྱི་བར་གྱི་ངོ་བོར་མི་རུང་བའི་ཕྱིར་དང༌། ཕུང་པོ་དྲུག་པར་ཀྱང་མི་བརྗོད་དེ། འདས་པ་ལ་སོགས་པའི་དོན་དུ་མི་རུང་བའི་ཕྱིར་རོ། །ཡང་ན་ཀུན་ནས་ཉོན་མོངས་པའི་གཞི་ཤེས་པར་བྱ་བའི་ཕྱིར་ཉེར་ལེན་གྱི་ཕུང་པོ་དང༌། ཉོན་མོངས་དང་རྣམ་བྱང་གཉིས་ཀའི་གཞི་ཤེས་པར་བྱ་བའི་ཕྱིར་ཕུང་པོར་གཞག་ན་འདུས་མ་བྱས་ནི་གཉིས་ཀའི་གཞིར་མི་རུང་བའི་ཕྱིར་རོ་ཞེས་སོ།།
གསུམ་པ་ལ།
ཕུང་པོ་ལྔའི་རིམ་པ་ནི་གཟུགས་ཕལ་ཆེ་བ་ཐོགས་བཅས་ཡིན་པས་རགས་པའི་ཕྱིར་དང༌། གཟུགས་ཅན་མ་ཡིན་པ་རྣམས་ལས་ཚོར་བ་ནི་ངའི་ལག་པ་དང་རྐང་པ་ལ་ཚོར་རོ་ཞེས་རགས་པ་དང༌། དེ་ནས་མཚན་མར་འཛིན་པས་ཤེས་སླ་བའི་ཕྱིར་འདུ་ཤེས་རགས་པ་དང༌། དེ་ནས་འདུ་བྱེད་རགས་ཏེ་བདེ་བར་འགྱུར་བ་དང་སྡུག་བསྔལ་བར་མི་འགྱུར་བར་བྱའོ་ཞེས་འདུ་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་རྒྱལ་སྲས་འཆད་ལ། ཡང་ན་དོན་གྱི་ཁྱད་པར་རིག་པས་སོ་ཞེས་བླ་མ་དག་གསུང་ངོ༌། རྣམ་ཤེས་ནི་དོན་གྱི་ངོ་བོ་ཙམ་རིག་པས་ཕྲ་བའི་ཕྱིར་མཐར་བསྟན་ཏོ། །ཕྲ་རགས་ནི་རྟོགས་དཀའ་སླའོ། །ཡང་ན་ཀུན་ནས་ཉོན་མོངས་པའི་རིམ་པ་དང་མཐུན་པར་བསྟན་ཏེ། ཐོག་མ་མེད་པ་ནས་ཕོ་མོ་དག་གཟུགས་ལ་དགའ་ཞིང་དེ་ནི་ཚོར་བ་ལ་ཆགས་པས་དང༌། དེ་ཡང་འདུ་ཤེས་ཕྱིན་ཅི་ལོག་ལས་གྱུར་ཅིང༌། དེ་ཀུན་ནས་ཉོན་མོངས་པ་དག་གིས་ཡིན་ལ་དེས་སེམས་ཀྱང་ཉོན་མོངས་ཅན་དུ་བྱས་པའི་ཕྱིར་རོ་ཞེས་འགྲེལ་པར་འབྱུང་ངོ༌། །དེའི་དོན་ནི་ཀུན་ནས་ཉོན་མོངས་པ་གཞིར་བཟུང་ནས་གང་ནས། གང་གི་དོན་དུ། ཇི་ལྟར། གང་དག་གིས། གང་གི་ངོ་བོ་ཀུན་ནས་ཉོན་མོངས་པའི་རིམ་པ་དང་མཐུན་པར་བསྟན་པའི་ཕྱིར་རོ་ཞེས་གང་སྤེལ་འཆད་དོ། །འཆད་པ་པོ་མཆིམས་སྔ་མ་དག་ནི། ཐོག་མར་ཕོ་མོ་དག་གཟུགས་ལ་དགའ་ཞིང་དེ་སྡུག་མི་སྡུག་ལས་ཚོར་བ་བདེ་སྡུག་འབྱུང་ལ་དེ་ལས་འདུ་ཤེས་ཕྱིན་ཅི་ལོག་དང་དེས་འདུ་བྱེད་ཆགས་སྡང་ལ་སོགས་པ་འཕེལ་ཞིང༌། དེས་རྣམ་ཤེས་ཉོན་མོངས་ཅན་དུ་བྱེད་པའི་ཕྱིར་རོ་ཞེའོ།།
ཡང་ན་ཟས་ལ་སྤྱོད་པ་ན་སྣོད་དང༌། སོགས་པས་བསྡུས་པ་བཟའ་བྱའི་དངོས་པོ་ཟས་དང༌། ཚོད་མ་དང༌། བྱན་པོ་དང༌། ཟ་བ་པོ་དང་ཆོས་མཐུན་པའི་དོན་གྱི་རིམ་པའི་ཕྱིར་དང༌། ཡང་ན་ཁམས་གསུམ་རབ་ཏུ་ཕྱེ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པ་ཡིན་ནོ་ཞེས་ཀྱང་བྱ་སྟེ། དེ་ཡང་འདི་ལྟར་འདོད་ཁམས་ནི་འདོད་པའི་ཡོན་ཏན་གཟུགས་ཀྱིས་རབ་ཏུ་ཕྱེ་བ་དང༌། བསམ་གཏན་དང༌། གཟུགས་མེད་དང་པོ་གསུམ་དང༌། སྲིད་རྩེ་ནི་རིམ་པ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བའི་རིམ་པས་དང༌། རྣམ་ཤེས་ནི་དེ་དག་ལ་བརྟེན་ནས་གནས་པའི་ཕྱིར་མཐར་བསྟན་ཏེ། དཔེར་ན་ཞིང་དང་ས་བོན་གྱི་གོ་རིམ་ལྟ་བུའོ། །འདིས་ནི་དགོས་པ་དེ་དག་ལ་ལྟོས་ནས་གྲངས་ངེས་པའང་བསྟན་ཏོ།།
སྐྱེ་མཆེད་དང་ཁམས་ཀྱི་རིམ་པ་ནི་མིག་སོགས་སྐྱེ་མཆེད་དྲུག་གི་རིམ་པ་བསྟན་པས་གཞན་ཤུགས་ལ་རྟོགས་པའི་ཕྱིར་དེ་ཉིད་སྟོན་པར་མཛད་དོ། །དེ་ལ་མིག་སོགས་དང་པོ་ལྔ་ནི་ད་ལྟ་བ་ཡིན་པའི་རང་གི་གཟུང་དོན་ཡུལ་དུ་བྱེད་པས་རྟོགས་སླ་བའི་ཕྱིར་ཡིད་ཀྱི་སྔོན་དུ་བསྟན་ལ། དེ་ནི་ཆོས་དུས་གསུམ་པ་དང་འདུས་མ་བྱས་ལའང་དམིགས་པས་རྟོགས་དཀའ་བའི་ཕྱིར་དེ་དག་གི་ཕྱིས་བསྟན་ཏོ། །དེ་དག་ལས་ཀྱང་འབྱུང་བ་ལས་གྱུར་པ་ཡིན་པའི་གཟུང་དོན་ཡུལ་དུ་བྱེད་པའི་ཕྱིར་མིག་རྣ་བ་སྣ་ལྕེ་བཞི་དང་པོར་བསྟན་ལ། ལུས་ནི་འབྱུང་བ་ལས་འགྱུར་བ་གཉི་ག་ཅི་རིགས་པར་ཡུལ་དུ་བྱེད་པས་ཕྱིས་བསྟན་ཏོ། །བཞི་པོ་ལས་ཀྱང་གཞན་མིག་དང་རྣ་བ་ནི་རིང་བ་ལ་འཇུག་པས་སྔར་བསྟན་ལ། དེ་གཉིས་ལས་ཀྱང་མིག་ནི་རྣ་བ་བས་ཆེས་རིང་བ་ལ་འཇུག་སྟེ། དཔེར་ན་ཐག་རིང་པོའི་ཆུ་ཀླུང་གི་གཟུགས་མཐོང་ཡང་སྒྲ་མི་ཐོས་པ་བཞིན་ཞེས་བཤད་དོ། །འོན་ཀྱང་འདི་ནི་ཕལ་ཆེ་བ་ལ་དགོངས་པ་སྟེ་ཐག་རིང་པོའི་དུང་གི་གཟུགས་མི་མཐོང་ཡང་སྒྲ་ཐོས་པ་ལྟ་བུ་ཞེས་གསུང་ངོ༌། །སྣ་ལྕེ་གཉིས་ལས་སྣ་དང་པོར་སྟོན་པ་ནི་ལྕེས་རོ་མྱངས་བའི་སྔོན་དུ་སྣས་དྲི་ཚོར་བས་ཆེས་མྱུར་དུ་འཇུག་པའི་ཕྱིར་རོ། །དེལྟར་ཡང་སྣས་ནི་ཟས་དེའི་ཆ་ཤས་དང་ལྷན་ཅིག་པའི་དྲི་འཛིན་ལ། ལྕེ་ནི་ཟས་ཀྱི་གོང་བུ་དང་ལྷན་ཅིག་པའི་རོ་འཛིན་པའི་ཕྱིར་རོ་ཞེས་རྒྱལ་སྲས་འཆད་དོ། །ཡང་ན་དབང་རྟེན་རྣམས་ཇི་ལྟར་གནས་པ་བཞིན་དུ་དེ་དག་གི་རིམ་པ་བསྟན་ལ། ལུས་ནི་ཐམས་ཅད་ལ་ཁྱབ་མོད་ཀྱི་མགྲིན་པ་མན་ཆད་ན་ཕལ་ཆེར་གནས་པས་དེའི་དབང་དུ་མཛད་དོ། །ཡིད་ཀྱི་སྐྱེ་མཆེད་ནི་གཟུགས་ཅན་མ་ཡིན་པས་ཡུལ་ན་མི་གནས་པའི་ཕྱིར་ཕྱིས་བསྟན་ཏོ། །དེ་དག་གིས་ཕྱིའི་སྐྱེ་མཆེད་དང༌། འབྲས་བུ་རྣམ་ཤེས་དྲུག་གི་རིམ་པ་འགྲུབ་སྟེ། དཔེར་ན་རྒྱལ་པོ་དྲུག་གི་རིམ་པ་ལྟར་བཙུན་མོ་དང་རྒྱལ་བུའི་རིམ་པ་འགྲུབ་པ་བཞིན་ནོ།།
བཞི་པ་ནི།
སྐྱེ་མཆེད་བཅུ་ཅར་གཟུགས་ཡིན་ན་གཞན་ལ་གཟུགས་ཞེས་མི་སྨོས་པར་མིག་གི་ཡུལ་གཅིག་པུ་གཟུགས་ཀྱི་སྐྱེ་མཆེད་དུ་བརྗོད་ཅེ་ན། ཐམས་ཅད་ལ་གཟུགས་ཞེས་བསྟན་ན་ཡུལ་དེའི་ཡུལ་ཅན་ཉིད་དུ་རྣམ་པར་གཞག་པའི་སྒོ་ནས་བཅུ་པོ་སོ་སོར་སྐྱེ་མཆེད་ཡིན་པ་དེ་ཉིད་མི་རྟོགས་ལ། གཞན་རྣམས་ལ་སོགས་པ་དང༌། མིག་གི་ཡུལ་ལ་གཟུགས་ཞེས་བསྟན་པ་ཉིད་ཀྱིས་བཅུ་པོ་སྐྱེ་མཆེད་བྱེ་བྲག་སོ་སོའི་དོན་ཡིན་པར་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་མིག་གི་ཡུལ་གཅིག་པུ་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་བརྗོད་ཅེས་སྦྱར་རོ། །དང་ནི་སྡུད་པའི་ཚིག་གོ །དགོས་པ་ཡོད་ཀྱང་འདི་ལ་གཟུགས་ཞེས་པའི་སྤྱི་མིང་དེ་མ་ཡིན་པའི་མིང་གཞན་ཞིག་མི་བརྗོད་ཅེ་ན། གཞན་རྣམས་ལ་མིང་སོ་སོར་བསྟན་པས་འདི་ལ་གཞན་མ་བཏགས་ཀྱང་འདིས་མིག་གི་ཡུལ་ལ་གོ་བའི་ཕྱིར་ཏེ། དཔེར་ན་བ་ལང་གཞན་རྣམས་ལ་མཚན་མ་བཏབ་པས་གཅིག་ལ་མ་བཏབ་ཀྱང་མཚན་མར་འགྱུར་བ་བཞིན་ནོ། །ཡང་འདི་ཉིད་གཙོ་བོ་ཡིན་པའི་ཕྱིར་འདི་ལ་གཟུགས་ཞེས་པའི་སྤྱི་མིང་གིས་བརྗོད་པར་རིགས་སོ། །དེ་ནི་རྒྱུ་གསུམ་གྱིས་ཏེ་ལག་པས་འདུས་ཏེ་རེག་པ་ལ་སོགས་པས་གནོད་པའི་སྒོ་ནས་གཟུགས་སུ་རུང་བ་དང༌། མིག་ཤེས་ལ་བསྟན་དུ་རུང་བ་དང༌། འཇིག་རྟེན་ན་ཡང་འདི་ཁོ་ན་ལ་གཟུགས་སུ་གྲགས་པའི་ཕྱིར་རོ་ཞེས་པའོ། །ཁ་ཅིག་ན་རེ་གཟུགས་ཉི་ཤུས་རགས་པ་དང༌། ཤ་དང་ལྷ་དང་ཤེས་རབ་ཀྱི་མིག་སྟེ་གསུམ་ཅར་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་ཀྱང་ཟེར་རོ།།
ཡང་ཐམས་ཅད་ཆོས་ཡིན་ན་གཞན་ལ་ཆོས་ཞེས་མི་སྨོས་བར་ཆོས་བདུན་པོ་ཁོ་ན་ལ་ཆོས་ཀྱི་སྐྱེ་མཆེད་དུ་བརྗོད་ཅེ་ན། སྔ་མ་བཞིན་དུ། ཐམས་ཅད་ལ་ཆོས་ཞེས་བསྟན་ན་ཡུལ་དང་ཡུལ་ཅན་ཉིད་དུ་རྣམ་པར་གཞག་པའི་སྒོ་ནས་བཅུ་གཉིས་པོ་སོ་སོར་སྐྱེ་མཆེད་ཡིན་པ་དེ་ཉིད་མི་རྟོགས་ལ། གཞན་རྣམས་ལ་མིག་ལ་སོགས་པ་དང་། ཆོས་བདུན་པོ་ལ་ཆོས་ཞེས་པསྟན་པ་ཉིད་ཀྱིས་བཅུ་གཉིས་པོ་སྐྱེ་མཆེད་བྱེ་བྲག་སོ་སོའི་དོན་ཡིན་པར་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་ཆོས་བདུན་པོ་ཕྱོགས་གཅིག་བསྡོམས་པ་དེ་གཅིག་པུ་ལ་ནི་ཆོས་ཞེས་བྱ་བའི་སྐྱེ་མཆེད་ཡིན་པར་བརྗོད་དོ། །དགོས་པ་དེ་ཡོད་ཀྱང་དེ་ལ་ཆོས་ཞེས་པའི་སྤྱི་མིང་དེ་མ་ཡིན་པའི་མིང་གཞན་ཞིག་མི་བརྗོད་ཅེ་ན། འདི་ཉིད་ཀྱིས་གོ་བའི་ཕྱིར་ཏེ་མཚན་མ་མ་བཏབ་པ་མཚན་མར་འགྱུར་བ་བཞིན་ནོ། །ཞེས་སྔར་བཞིན་སྦྱར་རོ། གཞན་ཡང་འདི་ཁོ་ན་ལ་སྤྱི་མིང་དེས་བརྗོད་པར་རིགས་ཏེ། འདིས་ནི་ཚོར་བ་ལ་སོགས་པའི་ཆོས་མང་པོ་བསྡུས་པའི་ཕྱིར་དང༌། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པའང་བསྡུས་པའི་ཕྱིར་རོ། །དཔེ་ཡང་རིམ་པ་བཞིན་མི་མང་པོ་དང༌། མིའི་གཙོ་བོ་རྒྱལ་པོ་ཡོད་པ་ལ་མི་འདུག་ཅེས་བརྗོད་པ་བཞིན་ནོ།།
གཉིས་པ། དེ་གསུམ་གཞན་ཡང་འདིར་བསྡུ་བ་ནི།
མདོ་ལས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་གཞན་ཡང་གསུངས་ན་དེ་དག་འདི་དག་གིས་བསྡུས་སམ་མ་བསྡུས་ཤེ་ན།
འདི་ལ་གསུམ་ལས། དང་པོ་ནི།
མདོ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཞེས་གསུངས་པ་དག་གང་ཡིན་པ་རྣམས་སྐུ་གསུང་ཐུགས་ཐུབ་པ་ཐུན་མོངས་མ་ཡིན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་པས། དེ་དག་མདོ་སྡེ་པ་ལྟར་ན་ཚིག་སྟེ་ངག་གི་རིག་བྱེད་ཀྱི་ངོ་བོ་ཡིན་ལ། བྱེ་བྲག་ཏུ་སྨྲ་བ་གཞན་དག་གི་ལྟར་ན་མིང་ཚིག་ཡི་གེའི་ཚོགས་ཡིན་པས་དེ་དག་ནི་རིམ་པ་ལྟར་གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་དག་ཏུ་འདུས་སོ། །འདིར་མིང་ཡིན་ཅེས་གསུངས་པ་ནི་མཚོན་པའི་དོན་ཏེ། གང་སྤེལ་གྱིས་འདིར་མིང་ནི་དཔེ་ཙམ་ཞིག་ཏུ་ཟད་དེ་སངས་རྒྱས་ཀྱི་གསུང་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་སོ། །ཆོས་མངོན་པ་བ་རྣམས་ཀྱི་ལྟར་ན་གཉི་གའི་རང་བཞིན་ཡིན་པར་འདོད་དེ། ཡེ་ཤེས་ལ་འཇུག་པ་ལས། སངས་རྒྱས་ཀྱི་གསུང་གང་ཞེ་ན། གང་དེ་བཞིན་གཤེགས་པའི་བཀའ་དང༌། གསུང་དང༌། བརྗོད་པ་དང༌། དབྱངས་དང༌། ངེས་པའི་གསུངས་དང༌། གསུང་གི་ལམ་དང༌། གསུང་དབྱངས་དང༌། གསུང་གི་ཕྲིན་ལས་དང༌། གསུང་གི་རྣམ་པར་རིག་བྱེད་དོ་ཞེས་དང༌། སངས་རྒྱས་ཀྱི་གསུང་ཞེས་བྱ་བ་འདི་ཆོས་གང་ཞིག་ཡིན་ཞེ་ན། གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་གོ་རིམ་དུ་བཀོད་པ་དང༌། གོ་རིམ་དུ་གཞག་པ་དང༌། གོ་རིམ་དུ་ཡང་དག་པར་སྦྱར་བའོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་གཉི་གས་བསྡུས་སོ། །ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཇི་ཙམ་ཞེ་ན། ཁ་ཅིག་ན་རེ་མངོན་པའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་པ་རེ་ལ་བྱེད་ཅེས་ཟེར་ཏེ་དེ་ལ་ཤློ་ཀ་དྲུག་སྟོང་ངོ་། །དེའི་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལ་ཚིགས་བཅད་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་བརྒྱད་དུ་འགྱུར་རོ། །གཞན་དག་ནི་རྗོད་བྱེད་ཀྱི་ཚད་ངེས་པ་མེད་ཀྱི་བརྗོད་བྱ་ཕུང་པོ་ལ་བརྩམས་པ་དང་སོགས་པས་སྐྱེ་མཆེད་དང་ཁམས་དང་རྟེན་འབྲེལ་ལ་སོགས་པ་གང་ལ་བརྩམས་པ་དེའི་གཏམ་རྒྱུད་རྫོགས་པ་དེ་ཡིན་ནོ་ཞེས་ཟེར་རོ། །ཡང་ན་སེམས་ཅན་གང་དག་འདོད་ཆགས་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་སྤྱོད་པ་རྣམས་ཀྱི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེའི་གྲངས་དང་མཐུན་པར་གསུངས་པས་བརྒྱད་ཁྲིར་འདོད་དོ། །ནི་ཞེས་པའི་སྒྲ་ནི་སྔར་བཤད་པའི་ཕྱོགས་བསལ་བའི་ཕྱིར་རམ་ངེས་བར་གཟུང་བའི་དོན་ཡིན་ནོ་ཞེས་རྒྱལ་སྲས་འཆད་དོ། །འོན་ཀྱང་གཞུང་འདི་ནས་དེ་སྐད་དུ་འབྱུང་ལ་གཞན་ཕལ་ཆེར་ལས་ནི་བརྒྱད་ཁྲི་བཞི་སྟོང་དུ་གསུངས་སོ།།
གཉིས་པ་ནི།
ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཕུང་པོ་ལྔར་བསྡུས་པ་དེ་བཞིན་དུ་གཞན་ཡང་ཅི་རིགས་པར་མདོ་ལས་འབྱུང་བའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་རྣམས་ནི་རང་རང་གི་མཚན་ཉིད་ལེགས་པར་དཔྱད་དེ་ཇི་སྐད་བཤད་པའི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོར་བསྡུ་བར་བྱ་ཞེས་བསྟན་ཏོ། །དེ་ལ་ཕུང་པོའི་མིང་ཅན་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་སྟེ་རྣམ་གྲོལ་ཀྱི་ཕུང་པོ་ལྔ་ནི་བྱེ་བྲག་ཏུ་སྨྲ་བ་ལྟར་ན་རིམ་པ་ལྟར་རིག་བྱེད་མ་ཡིན་པའི་གཟུགས་དང༌། སེམས་བྱུང་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། མོས་པ་དང༌། ཤེས་རབ་ཀྱི་བྱེ་བྲག་ཡིན་པས་དང་པོ་གཟུགས་ཀྱི་ཕུང་པོ་དང་ལྷག་མ་བཞི་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །སྐྱེ་མཆེད་ཀྱི་མིང་ཅན་ཟད་པར་བཅུ་ལས་དང་པོ་བརྒྱད་ནི་མ་ཆགས་པ་ཡིན་པས་ཆོས་ཀྱི་སྐྱེ་མཆེད་དང༌། འཁོར་རྣམས་ཕུང་པོ་ལྔའི་རང་བཞིན་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཟད་པར་ནམ་མཁའ་དང་རྣམ་ཤེས་དང༌། གཟུགས་མེད་སྐྱེ་མཆེད་རིས་བཞི་ནི་མིང་བཞིའི་ཕུང་པོ་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ལ། ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ཀྱང་མ་ཆགས་པ་དང༌། འཁོར་དང་བཅས་ན་ཕུང་པོ་ལྔ་ཡིན་པས་སྔ་མ་བཞིན་ནོ། །སྐྱེ་མཆེད་ཀྱི་མིང་ཅན་གཞན་གྱི་བསྡུ་བ་ཡང་རིག་པར་བྱའོ།།
ཁམས་ཀྱི་མིང་ཅན་ནི་ཁམས་མང་པོ་པའི་མདོ་ལས་དྲུག་ཅུ་རྩ་གཉིས་བྱུང་བའི་སྡོམ་ནི། མིག་སོགས་ཁམས་ནི་བཅོ་བརྒྱད་དང༌། །འབྱུང་བཞིན་ནམ་མཁའ་རྣམ་ཤེས་དང༌། །ཚོར་བ་ལྔ་དང་མ་རིག་པ། །འདོད་ཁམས་གནོད་སེམས་རྣམ་པར་འཚེ། །ངེས་འབྱུང་གནོད་སེམས་མེད་པ་དང༌། །རྣམ་མི་འཚེ་སྟེ་དྲུག་ཚན་གསུམ། །གཟུགས་མ་གཏོགས་པའི་ཕུང་པོ་བཞི། །འདོད་དང་གཟུགས་དང་གཟུགས་མེད་ཁམས། །ངན་པ་བར་མ་གྱ་ནོམ་ཁམས། །གཟུགས་དང་གཟུགས་མེད་འགོག་པའི་ཁམས། །དགེ་དང་མི་དགེ་ལུང་མ་བསྟན། །སློབ་དང་མི་སློབ་གཉི་ག་མིན། །འདས་དང་མ་འོངས་ད་ལྟར་ཏེ། །དེ་ལྟར་ན་ནི་གསུམ་ཚན་དྲུག །ཟག་བཅས་ཟག་པ་མེད་ཁམས་དང༌། །འདུས་བྱས་འདུས་མ་བྱས་ཁམས་ཏེ། །ཁམས་ནི་དྲུག་ཅུ་རྩ་གཉིས་སོ། །ཞེས་པའོ། །དེ་དག་གི་བསྡུ་བ་ནི། དྲུག་ཚན་གསུམ་པའི་འདོད་ཁམས་ནི། །འདོད་ཆགས་ངེས་འབྱུང་དེ་ལས་ཟློག །གཉིས་འཆད་གཞན་རྣམས་རང་མིང་གིས། །བསྟན་ཏོ་མཚན་ཉིད་དཔྱད་པས་ཤེས།།
གསུམ་པ་ནི།
འདུས་མ་བྱས་ནམ་མཁའ་དང་རྣམ་ཤེས་ཐམས་ཅད་ཁམས་དྲུག་གི་ནམ་མཁའ་དང་རྣམ་ཤེས་ཀྱི་ཁམས་ཡིན་ནམ་ཞེ་ན། འདིར་བསྟན་པའི་ནམ་མཁའ་ནི་འདུས་མ་བྱས་དང་རྒྱན་ནམ་མཁའ་མ་ཡིན་གྱི་བུ་ག་ནམ་མཁའི་ཁམས་སོ། །དེ་ནི་ཁ་དང་སྣ་ལ་སོགས་པའི་བུ་ག་སྟེ་ཉིན་པར་སྣང་བ་དང་མཚན་མོ་མུན་པའི་རང་བཞིན་དུ་ཕལ་ཆེར་གནས་པ་དག་ཡིན་པས་རང་གི་ངོ་བོ་གནོད་པ་བྱ་རུང་བའི་ཐོགས་བཅས་ཡིན་ལ་ཐོགས་བཅས་གཞན་གྱི་ཉེ་འཁོར་ན་གནས་པས་ཐོགས་བཅས་ཉེ་འཁོར་རོ། །ལོ་ཞེས་པ་ནི་ཕ་རོལ་གྱི་ལུགས་ཡིན་པར་བསྟན་པའོ། །སློབ་དཔོན་རང་གི་ལུགས་ནི་མདོ་སྡེ་པ་དང་མཐུན་ཏེ། འདི་ལྟར་ནམ་མཁའ་ནི་ཐོགས་པའི་རེག་བྱ་དང་བྲལ་བ་ཡིན་ལ་དེ་གཟུགས་གཞན་གྱི་ཉེ་འཁོར་ན་གནས་པས་ཐོགས་མེད་ཉེ་འཁོར་རོ་ཞེས་ཟེར་རོ། །ཡང་རྣམ་ཤེས་ཀྱི་ཁམས་ནི་ཟག་པ་དང་བཅས་པའི་རྣམ་ཤེས་ནི་རྣམ་པར་ཤེས་པའི་ཁམས་ཡིན་གྱི་ཟག་མེད་ཀྱི་རྣམ་ཤེས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉིང་མཚམས་སྦྱོར་སེམས་ནས་འཆི་སེམས་ཀྱི་བར་དུ་སྲིད་པ་སྐྱེ་བའི་རྟེན་དུ་གསུངས་པའི་ཕྱིར་རོ། །དེ་སྐད་དུའང་མདོ་ལས། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་དང༌། ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་འཇུག་གོ་ཞེས་སོ།།
གསུམ་པ་རྣམ་པའི་རབ་དབྱེ་ལ་གཉིས་ཀྱི་དང་པོ་དགོས་པ་ནི།
རྣམ་པའི་རབ་དབྱེ་བྱས་པས་སློབ་མ་ཆོས་ཀྱི་བྱེ་བྲག་ལ་མཁས་ཤིང༌། ཁྱད་པར་དུ་ཁམས་ལ་བྱས་པས་གཟུགས་དང་སེམས་གཉི་གའི་རབ་དབྱེ་ལ་མཁས་པར་འགྱུར་བ་ཡིན་ལ། གྲངས་དང་གོ་རིམ་ངེས་པ་མེད་དོ།།
/གཉིས་པ།6རྣམ་པའི་རབ་དབྱེ་དངོས་ལ་བདུན་གྱི་དང་པོ་གཉིས་མཚན་གྱི་རབ་དབྱེ་ལ། ཁམས་བཅོ་བརྒྱད་ལས་བསྟན་དུ་ཡོད་པ་ནི་དུ་བསྟན་དུ་མེད་པ་ནི་དུ་ཞེ་ན། བསྟན་དུ་ཡོད་པ་ནི་ཁམས་བཅོ་བརྒྱད་པོ་འདིར་ནི་གཟུགས་ཀྱི་ཁམས་གཅིག་པུ་ཞེས་གཞན་ལྡན་རྣམ་དཔྱོད་དུ་སྦྱར་གྱི་མི་ལྡན་རྣམ་དཔྱོད་ཀྱི་ངེས་གཟུང་དུ་སྦྱོར་བ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་ལ་མ་ཁྱབ་པའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པ་ལས་རྡུལ་ཕྲ་རབ་ནི་མི་མཐོང་བའི་ཕྱིར་བསྟན་དུ་མེད་པ་ཡིན་ནོ་ཞེས་སོ། །ལྷག་མ་བཅུ་བདུན་ནི་བསྟན་དུ་མེད་པ་ཡིན་ཏེ་དེ་ཡང་འདིའི་འདི་ནའོ་ཆེ་གེ་མོ་ཞིག་ནའོ་ཞེས་མིག་ཤེས་ལ་བསྟན་དུ་རུང་བ་ནི་བསྟན་ཡོད་ཡིན་ན་དེ་ནི་གཟུགས་ཀྱི་ཁམས་གཅིག་པུ་ལ་རུང་གི་གཞན་བཅུ་བདུན་པོ་ལ་མེད་པའི་ཕྱིར་རོ།།
དེ་བཞིན་དུ་དྲི་བ་དེ་ནི་ཐོགས་བཅས་ཐོགས་མེད་ལ་སོགས་པ་རྣམ་པའི་རབ་དབྱེ་ཐམས་ཅད་ལ་སྦྱར་བར་བྱ་ཞིང་། དེ་དག་གི་ལན་ཡང་རིམ་པ་བཞིན་སྟོན་པས་ཁམས་བཅོ་བརྒྱད་ལས་ཐོགས་པ་དང་བཅས་པ་ཡིན་པ་ནི་གཟུགས་ཅན་བཅུའོ། །དེ་ཡང་འདིར་ཐོགས་པའི་དོན་ནི་རྡུགས་པ་སྟེ། དེ་ལ་ཡང་གཟུགས་ཅན་གཅིག་གི་གོ་སར་གཞན་འཇུག་པ་དེ་ལ་ཐོགས་ནས་གཞན་གྱི་གེགས་བྱེད་པའི་སྒྲིབ་པ་ལ་ཐོགས་པ་དང་མིག་ལ་སོགས་པས་རང་ཡུལ་གཅིག་འཛིན་པ་ན་དེ་ལ་ཐོགས་ནས་ཡུལ་གཞན་འཛིན་པའི་གེགས་བྱེད་པའི་ཡུལ་ཐོགས་དང་། སེམས་དང་སེམས་བྱུང་གིས་རང་གི་དམིགས་པ་གཅིག་འཛིན་པ་ན་དེ་ལ་ཐོགས་ནས་དམིགས་པ་གཞན་འཛིན་པའི་གེགས་བྱེད་པའི་དམིགས་ཐོགས་དང་གསུམ་ལས་འདིར་སྒྲིབ་པ་ལ་ཐོགས་པའི་ཐོགས་བཅས་ཡིན་པའི་ཕྱིར་རོ། །ཁམས་ལྷག་མ་བརྒྱད་ནི་དེ་མ་ཡིན་པའི་ཕྱིར་ཐོགས་མེད་དུ་གྲུབ་བོ། །ཡུལ་དང་དམིགས་པའི་ཁྱད་པར་ནི་རང་གི་ཡུལ་ཅན་དབང་པོ་ལ་ལྟོས་ནས་ཡུལ་དང་། རང་གི་ཡུལ་ཅན་སེམས་དང་སེམས་བྱུང་ལ་ལྟོས་ནས་ཡུལ་དང་དམིགས་པ་གཉིས་ཀ་སྟེ། འགྲེལ་པ་ལས། གང་ལ་གང་ཞིག་བྱེད་པ་དེ་ནི་དེའི་ཡུལ་ཡིན་ལ་གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པ་དེ་ནི་དམིགས་པ་ཡིན་ནོ་ཞེས་དང༌། རྒྱལ་པོའི་སྲས་ཀྱིས་ཀྱང༌། དམིགས་པ་ནི་སེམས་དང་སེམས་ལས་བྱུང་བ་ཁོ་ནའི་ཡིན་ལ། ཡུལ་ནི་སེམས་དང་སེམས་ལས་བྱུང་བ་འབའ་ཞིག་གི་མ་ཡིན་གྱི་མིག་ལ་སོགས་པའི་ཡང་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ།།
གཉིས་པ། གསུམ་ཚན་གྱི་རབ་དབྱེ་ནི།
ཁམས་བཅོ་བརྒྱད་ལས་མ་བསྒྲིབས་ལ་ལུང་མ་བསྟན་དུ་ངེས་པ་བརྒྱད་དེ་ཐོགས་བཅས་སུ་བཤད་པ་དེ་དག་ཉིད་ལས་གཟུགས་སྒྲའི་ཁམས་མ་གཏོགས་པ་རྣམས་ཏེ། དེ་དག་ནི་དགེ་མི་དགེ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར་རོ། །བརྒྱད་པོ་ལས་གཞན་པའི་ལྷག་མ་བཅུ་ལ་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཀ་ཡོད་དེ། དགེ་མི་དགེའི་སེམས་ཀྱིས་བསླང་བའི་ལུས་ངག་གི་རིག་བྱེད་ཀྱི་གཟུགས་སྒྲ་ནི་ཀུན་སློང་དེའི་སྟོབས་ཀྱིས་དགེ་མི་དགེ་ཡིན་ལ། གཞན་ནི་ལུང་མ་བསྟན་ནོ། །འོ་ན་དེའི་དྲི་རོ་རེག་བྱ་ཡང་དགེ་མི་དགེར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཀུན་སློང་གིས་དེ་གསུམ་ལ་མ་དམིགས་པས་སོ། །ཁམས་ཐོགས་མེད་བརྒྱད་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཅི་རིགས་པར་ཡོད་དེ། ཆོས་ཀྱི་ཁམས་བརྟགས་འགོག་ནི་དོན་དམ་པར་དགེ་བ་དང་། གཞན་རྣམས་ལ་ངོ་བོ་ཉིད་དང་མཚུངས་ལྡན་གྲོགས་དང་ཀུན་སློང་གིས་གསུམ་པོ་ཅི་རིགས་པར་འགྱུར་བའི་ཕྱིར་རོ། །ཞིབ་ཏུ་ལས་བསྟན་པར་འཆད་དོ། །མཚན་ཉིད་ནི་ལུང་བསྟན་པ་གང་ཞིག་མཁས་པས་བསྔགས་པར་འོས་པ་དང༌། ལུང་བསྟན་པ་གང་ཞིག་མཁས་པས་སྨད་པར་འོས་པ་དང༌། ཆོས་གང་ཞིག་དགེ་མི་དགེ་གང་དུའང་མི་རུང་བའོ།།
གསུམ་པ། ཁམས་སུ་གཏོགས་པའི་དོན་ནི།
དེ་དང་མ་བྲལ་བ་སྟེ་ཁམས་དེའི་ཉོན་མོངས་རྒྱས་སུ་རུང་བ་ལ་བཞེད་པས་འདོད་པའི་ཁམས་སུ་གཏོགས་པ་ནི་ཁམས་བཅོ་བརྒྱད་པོའི་རིགས་ཐམས་ཅད་དོ། །གཟུགས་ཀྱི་ཁམས་སུ་གཏོགས་པ་ནི་བཅུ་བཞིའོ། །དེ་དག་ཀྱང་གང་ཞེ་ན། དྲི་དང་རོའི་ཁམས་དང་སྣ་དང་ལྕེའི་རྣམ་ཤེས་ཀྱི་ཁམས་ཏེ་བཞི་པོ་མ་གཏོགས་པ་རྣམས་ཏེ་སྐྱེ་མཆེད་དྲུག་ལ་སྲེད་པ་དང་མ་བྲལ་བས་སྣ་ལྕེའི་དབང་པོ་ཡོད་པར་འདོད་དོ། །དྲི་རོ་གཉིས་ནི་མེད་དེ་ཁམས་ཟས་ཀྱི་ཡིན་ལ་དེ་ལས་འདོད་ཆགས་དང་བྲལ་བའི་ས་ཡིན་པའི་ཕྱིར་རོ། །དེ་གཉིས་མེད་པའི་ཕྱིར་སྣ་ལྕེའི་རྣམ་ཤེས་གཉིས་ཀྱང་མེད་དོ། །དེ་ལྟ་ན་རེག་བྱ་ཡང་མེད་པར་འགྱུར་ཏེ་ཁམས་ཟས་ཡིན་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་སྟེ་གོས་དང་རྒྱན་ལ་སོགས་པའི་རེག་བྱ་དུ་མ་ཡོད་ལ་ཁམས་ཟས་མ་ཡིན་པའི་དྲི་རོ་མེད་པའི་ཕྱིར་རོ་ཞེས་སོ། །གལ་ཏེ་ཁམས་དང་ཟས་ལ་མུ་བཞིར་ཕྱེ་བའི་སྐབས་ནས་དབང་པོ་རྟེན་འབྱུང་བ་དང་བཅས་པ་ལ་གནོད་པའི་དྲི་རོ་གཉིས་ཁམས་ཡིན་ལ་ཟས་མ་ཡིན་པར་བཤད་པས་དྲི་རོ་ལ་ཡང་ཁམས་ཟས་ཀྱིས་མ་ཁྱབ་བོ་ཞེ་ན། དེ་ནི་དབང་པོ་རྟེན་བཅས་རྒྱས་པའི་ཟས་མ་ཡིན་པས་སྐྱོན་མེད་དོ། །དེའི་ཕྱིར་རྒྱལ་སྲས་ཀྱིས། རྒྱས་པར་འགྱུར་པའི་ཟས་ལ་དགོངས་ཏེ་མུ་བཞི་གསུངས་ལ་ཞེས་གསུངས་པ་ཡིན་ནོ། །གཟུགས་མེད་དུ་གཏོགས་པའི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་གྱི་ཆ་སྟེ། དེ་ལ་དེའི་ཉོན་མོངས་རྒྱས་སུ་རུང་བའི་ཕྱིར་རོ།།
བཞི་པ། བཅས་མ་བཅས་ཀྱི་རབ་དབྱེ་ནི།
ཁམས་བཅོ་བརྒྱད་ལས་བཤད་མ་ཐག་པའི་ཁམས་ཐ་མ་གསུམ་དེ་གསུམ་ལ་ཟག་བཅས་དང་ཟག་པ་མེད་པ་གཉིས་ཀ་ཡོད་ལ། ལྷག་མ་བཅོ་ལྔ་པོ་རྣམས་ནི་ཟག་བཅས་ཏེ་འཕགས་པའི་མཉམ་བཞག་འཁོར་བཅས་མ་ཡིན་པའི་འདུས་བྱས་ཡིན་པའི་ཕྱིར་རོ།།
ཡང་ཁམས་བཅོ་བརྒྱད་ལས་རྣམ་པར་ཤེས་པའི་ཁམས་དང་པོ་ལྔ་ནི་གྲོགས་རྟོག་དཔྱོད་དང་ངེས་པར་མཚུངས་པར་ལྡན་པའི་ཕྱིར་རྟོག་དང་བཅས་པ་ཁོ་ནའོ། །ནི་ཞེས་པའི་སྒྲ་མི་ལྡན་རྣམ་གཅོད་ཀྱི་ངེས་གཟུང་སྟེ། འགྲེལ་པ་ལས་ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དོན་ཏོ་ཞེས་དང༌། རྒྱལ་སྲས་ཀྱིས་ནི་ཞེས་བྱ་བའི་སྒྲ་ནི་རྟོག་པ་དང་དཔྱོད་པ་དང་བཅས་པ་ཁོ་ནའོ་ཞེས་ངེས་པར་གཟུང་བ་ཡིན་ནོ་ཞེས་སོ། །ཁ་ཅིག་བསམ་གཏན་ཁྱད་པར་ཅན་གྱི་དབང་ཤེས་གསུམ་ལ་མ་ཁྱབ་བོ་ཞེ་ན། སྙོམས་འཇུག་གི་བསམ་གཏན་ལ་དབང་ཤེས་མེད་པའི་ཕྱིར་དང༌། དེའི་འབྲས་བུ་ཚངས་ཆེན་ལ་བསམ་གཏན་ཁྱད་པར་ཅན་དུ་བརྗོད་པ་ཡིན་ན་དེའི་དབང་ཤེས་གསུམ་ལ་གྲོགས་སུ་རྟོགས་དཔྱོད་ངེས་པར་ཡོད་ཅིང་དེ་ཉིད་དངོས་གཞི་ཙམ་པོའི་སར་གཏོགས་པས་རྟོག་མེད་དུ་བཤད་པ་དང་ཡང་འགལ་བ་མེད་དོ། །ཐ་མ་གསུམ་ལ་ནི་རྟོག་བཅས་དཔྱོད་བཅས་ལ་སོགས་པ་རྣམ་པ་གསུམ་མོ་ཞེས་བྱ་སྟེ། འདི་ལྟར་འདོད་པ་དང་བསམ་གཏན་དང་པོའི་རྟོག་དཔྱོད་ལས་གཞན་པའི་མཚུངས་ལྡན་རྣམས་ནི་རྟོག་དཔྱོད་ངེས་པར་ལྡན་པས་རྟོག་བཅས་དཔྱོད་བཅས་དང༌། ས་དེ་གཉིས་ཀྱི་རྟོག་པ་དང་ཁྱད་པར་ཅན་གྱི་དཔྱོད་པ་ལས་གཞན་མཚུངས་ལྡན་རྣམས་གྲོགས་སུ་རྟོག་པ་ནི་མེད་ལ་དཔྱོད་པ་ངེས་པར་ལྡན་པའི་ཕྱིར་རྟོག་མེད་དཔྱོད་བཅས་སོ། །གཉིས་པ་ནས་སྲིད་རྩེའི་བར་གྱི་དེ་གསུམ་རྟོག་དཔྱོད་ལས་འདས་པའི་ས་ཡིན་པ་དང༌། ཁྱད་པར་ཅན་གྱི་དཔྱོད་པ་ལ་དཔྱོད་པ་གཉིས་པ་མེད་པ་དང༌། དེ་ནས་འདོད་པའི་བར་གྱི་ཆོས་ཀྱི་ཁམས་མཚུངས་ལྡན་མ་ཡིན་པ་རྣམས་བེམ་པོ་ཡིན་པས་རྟོག་མེད་དཔྱོད་མེད་དོ། །འོ་ན་འདོད་པ་དང་དང་པོའི་དངོས་གཞི་ཙམ་པོའི་དཔྱོད་པ་ལ་དཔྱོད་པ་གཉིས་པ་མེད་ལ་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་དཔྱོད་མེད་རྟོག་བཅས་སུ་འགྱུར་ལ། འདོད་ན་ཐ་མ་གསུམ་རྣམ་པ་བཞིར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་ཡིན་ནོ།།
འོན་ཀྱང་མདོ་ལས། ས་ནི་གསུམ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་དང་ཞེས་པ་ལ་སོགས་པ་གསུམ་དང༌། ཏིང་ངེ་འཛིན་གསུམ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་པ་ལ་སོགས་པ་དང་མཐུན་པར་གསུམ་དུ་བཤད་དོ་ཞེས་འཆད་དོ། །ཁམས་ལྷག་མ་གཟུགས་ཅན་བཅུ་པོ་རྣམས་ནི་བེམ་པོ་ཡིན་པས་རྟོག་དཔྱོད་དང་མཚུངས་པར་མི་ལྡན་པའི་ཕྱིར་དེ་གཉིས་ཀ་སྤངས་པའི་རྟོག་མེད་དཔྱོད་མེད་དོ། །འོ་ན་མདོ་ལས། མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ཞེས་པ་ལ་སོགས་པས་རྟོག་མེད་དུ་གསུངས་པ་དང་འགལ་ལོ་ཞེ་ན། འགལ་བ་མེད་དེ་རྟོག་གསུམ་ལས་ངེས་པར་རྟོག་པའི་རྣམ་རྟོག་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་སྟེ་སྒོ་ལྔའི་རྣམ་ཤེས་རྟོག་མེད་དུ་གསུངས་སོ། །དཔེར་ན་རྐང་གཅིག་ལ་རྐང་མེད་ཅེས་པ་བཞིན་ནོ།།
འདིར་ནི་ངོ་བོ་ཉིད་ཀྱི་རྟོག་པ་ཡོད་པས་རྟོག་བཅས་སུ་བཤད་པའི་ཕྱིར་རོ། །ངོ་བོ་ཅི་ཞེ་ན། དེ་དག་ལས་ངོ་བོ་ཉིད་ཀྱི་རྣམ་རྟོག་ནི་འོག་ཏུ་འཆད་ལ། ངེས་པར་རྟོག་པའི་རྣམ་རྟོག་ནི་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་གཡེང་བ་སྟེ་མཉམ་པར་མ་བཞག་པ་མིང་ལ་ལྟོས་ནས་རང་གི་དམིགས་ཡུལ་ལ་ངེས་པར་རྟོག་པའི་རྣམ་པར་འཇུག་པའོ། །རྗེས་དྲན་གྱི་རྣམ་རྟོག་ནི་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་དྲན་པ་གང་ཞིག་མིང་ལ་མི་ལྟོས་པར་དམིགས་པའི་དོན་ཉམས་སུ་མྱོང་བ་ཙམ་ལ་འཇུག་པ་མཉམ་པར་བཞག་མ་བཞག་ཐམས་ཅད་དེ་གཉི་གར་རུང་བ་ཉིད་དོ། །ཁམས་བཅོ་བརྒྱད་ལས་དམིགས་པ་དང་བཅས་པ་ནི་སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ཀྱི་ཕྱེད་སེམས་བྱུང་རྣམས་ཀྱང་ཡིན་ཏེ་དེ་དག་ནི་རང་གི་དམིགས་ཡུལ་འཛིན་པའི་ཕྱིར་རོ། །ཡང་ན་རང་གི་ངོ་བོ་སྐྱེ་བ་དམིགས་པའི་ཡུལ་ལ་ངེས་པར་ལྟོས་པའི་ཕྱིར་རོ་ཞེས་ཀྱང་འཆད་དོ།།
ལྔ་པ། སྒྲུབ་པ་གཟུགས་ཅན་གྱིས་བསྡུས་པའི་དབྱེ་བ་ནི།
ཁམས་བཅོ་བརྒྱད་ལས་མ་ཟིན་པ་ནི་དགུ་སྟེ་བཤད་མ་ཐག་པའི་སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ཏེ་ཁམས་ཐོགས་མེད་བརྒྱད་པོ་དེ་དག་རྣམས་དང་སྒྲའི་ཁམས་སོ། །དེ་ལས་གཞན་གཟུགས་ཅན་དགུ་པོ་ལ་ནི་ཟིན་མ་ཟིན་རྣམ་པ་གཉིས་ཅར་ཡོད་དེ་དབང་པོ་ལྔ་ད་ལྟར་བ་དང་དེ་དག་དང་ཚོགས་པ་ཐ་མི་དད་དུ་སྐྱེས་པའི་གཟུགས་དྲི་རོ་རེག་བྱ་རྣམས་ཟིན་པ་དང༌། དེ་དག་ལས་གཞན་པའི་དབང་པོ་དང་གཟུགས་དྲི་རོ་རེག་བྱ་རྣམས་མ་ཟིན་པའོ། །ཟིན་མ་ཟིན་གྱི་དོན་ནི་ཕན་གནོད་བྱས་པས་ཚོར་བ་སྐྱེ་བའི་རྟེན་དུ་རུང་པའི་གཟུགས་ཅན་དང༌། དེའི་རྟེན་དུ་མི་རུང་བའོ།།
ཁམས་བཅོ་བརྒྱད་ལས་རེག་བྱ་ལ་རྒྱུའི་རེག་བྱ་རྣམས་འབྱུང་བ་དང་འབྲས་བུའི་རེག་བྱ་རྣམས་འབྱུང་གྱུར་ཡིན་པས་རྣམ་པ་གཉིས་ཡིན་ཏེ། མདོ་ལས་ཀྱང༌། དགེ་སློང་རེག་བྱ་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་སོ། །ལྷག་མ་གཟུགས་ཅན་དགུ་པོ་ནི་འབྱུང་བ་ལས་གྱུར་པ་དང་དེ་བཞིན་དུ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་ཡིན་ཏེ། རང་གི་རྒྱུ་འབྱུང་བཞི་རྒྱུར་བྱས་པའི་ཚུལ་གྱིས་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་ཡིན་ཏེ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་པས་དབང་པོ་ལྔ་དང༌། གཟུགས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་པས་ཕྱི་རོལ་གྱི་ཁམས་བཞི་ལ་སྦྱར་ནས་གསུངས་སོ། །དབང་པོ་ལྔ་དང་ཡུལ་ལྔ་སྟེ་གཟུགས་ཅན་བཅུ་ནི་རྡུལ་ཕྲན་འདུས་པ་ཡིན་པའི་ཕྱིར་བསགས་པ་ཡིན་ལ། ཁམས་ཐོགས་མེད་བརྒྱད་ནི་དེ་ལྟ་མ་ཡིན་པའི་ཕྱིར་མ་བསགས་པའོ། །གཅོད་བྱེད་སྟྭ་རེ་དང༌། གཅད་པར་བྱ་བ་ཤིང་ལྟ་བུ་ནི་ཁམས་བཅོ་བརྒྱད་ལས་ཕྱི་རོལ་གྱི་ཁམས་བཞི་ཡིན་གྱི་གཞན་རྣམས་ནི་མ་ཡིན་ནོ། །གཅོད་ཅེས་པ་ཡང་གཟུགས་ཅན་འདུས་པའི་རྒྱུན་བར་བཅད་ནས་དུམ་བུར་བྱེད་པ་ཡིན་ན་ཐོགས་མེད་བརྒྱད་ནི་ཐོགས་བཅས་མ་ཡིན་པ་དང༌། སྒྲ་ལ་རྒྱུན་མེད་པ་དང༌། དབང་པོ་རྣམས་ནོར་བུའི་འོད་ལྟར་དྭང་བའི་ཕྱིར་རོ། །དེ་དག་ཕྱི་རོལ་གྱི་ཁམས་བཞི་ཡིན་པ་དེ་བཞིན་དུ་བསྲེག་བྱ་བུད་ཤིང་ལྟ་བུ་དང་འཇལ་བར་བྱེད་པ་སྲང་ལྟ་བུ་ཡང་ཕྱི་རོལ་གྱི་ཁམས་བཞིའོ། །སྲེག་བྱེད་དང་གཞལ་བྱ་ལ་ནི་མི་མཐུན་པར་སྨྲ་སྟེ་ཁ་ཅིག་ཕྱི་རོལ་གྱི་ཁམས་བཞི་ཡིན་ཅེས་ཟེར་ལ། ཁ་ཅིག་ནི་རིམ་པ་བཞིན་དུ་མེ་དང་རེག་བྱ་ལྕི་བ་ཡིན་ནོ་ཞེས་ཟེར་རོ།།
དྲུག་པ། བྱུང་བ་གསུམ་ལ་སོགས་པའི་རབ་དབྱེ་ནི།
ཁམས་བཅོ་བརྒྱད་ལས་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བའི་ཁམས་ནི་མིག་ལ་སོགས་པ་ནང་གི་ཁམས་ལྔ་སྟེ། མཐོ་རིས་ཀྱི་དགེ་བ་དང་ངན་སོང་གི་མི་དགེ་བ་ལས་བྱུང་བས་རྣམ་སྨིན་གྱི་རྒྱུ་ལས་སྐྱེས་པ་ཡིན་ཀྱང་རྒྱུའི་ཚིག་མི་མངོན་པར་བྱས་ནས་རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་སྟེ། བ་ལང་གི་ཤིང་རྟ་ཞེས་པ་བཞིན་ནོ། །རྒྱས་པའི་རྒྱུ་ནི་ཁ་ཟས་དང་ལེགས་པར་བྱ་བ་དང་གཉིད་དང་ཏིང་ངེ་འཛིན་ཏེ་བཞི་ཡིན་ལ། ཁ་ཅིག་ནི་ཚངས་སྤྱོད་ལྔར་བཞེད་དེ། མི་གནོད་པ་ཙམ་དུ་ཟད་ཀྱི་རྒྱས་པའི་རྒྱུ་ནི་མ་ཡིན་ནོ་ཞེས་བཤད་དོ། །དེ་གཉིས་མ་ཡིན་པའི་རྒྱུ་མཐུན་ལས་བྱུང་བ་ནི་མེད་པའི་ཕྱིར་མ་སྨོས་སོ། །སྒྲའི་ཁམས་ནི་རྣམ་སྨིན་ལས་སྐྱེས་པ་མིན་ཏེ་མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་རྒྱུད་ཀྱིས་མ་བསྡུས་པའི་ཕྱིར་དང༌། ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་འདོད་དགུར་འབྱུང་བའི་ཕྱིར་རོ། །གཞན་གཉིས་ནི་ཅི་རིགས་པ་སྟེ་རྒྱས་བྱུང་ནི་རྒྱས་པའི་རྒྱུས་ལུས་སྟོབས་དང་ལྡན་པས་ང་རོ་གསང་མཐོ་བ་ལྟ་བུའི་ངག་གི་སྒྲ་ཡིན་ལ། རྒྱུ་མཐུན་ནི་ངག་གི་རིག་བྱེད་ཉོན་མོངས་ཅན་ནི་ཀུན་འགྲོ་དང་སེམས་ཅན་གྱི་སྒྲ་ཐམས་ཅད་རང་དང་སྐལ་བ་མཉམ་པ་ཅི་རིགས་པའི་སྐལ་མཉམ་དང༌། ཕྱི་རོལ་གྱི་སྒྲ་ནི་གཟུགས་གཞན་གྱིས་སྐལ་མཉམ་བྱས་པའི་རྒྱུ་མཐུན་ཡིན་དུ་རུང་གི་སྒྲའི་སྐལ་མཉམ་གྱི་རྒྱུ་སྒྲ་སྔ་མ་ནི་མ་ཡིན་ཏེ་རྒྱུན་མེད་པའི་ཕྱིར་རོ།།
འོ་ན་གདགས་པ་ལས། དེ་བཞིན་གཤེགས་པའི་གསུང་སྒྲ་གདངས་ཀྱི་མཚན། །གང་གིས་འཐོབ་པར་འགྱུར་བ་མཉན་པར་གྱིས། །ཚིག་རྩུབ་དང་ནི་ཀྱལ་པ་རྣམས་སྤངས་པས། །དེ་བཞིན་གཤེགས་པའི་མཚན་ནི་འཐོབ་པར་འགྱུར། །ཞེས་པའི་རྒྱལ་བའི་གསུང་རྣམ་སྨིན་གྱི་རྒྱུ་དེ་ལས་སྐྱེས་པའི་ཕྱིར་རྣམ་སྨིན་སྐྱེས་སུ་ཐལ་བར་འགྱུར་རོ་ཞེ་ན། ཉི་འོག་པ་ནི་ངག་གི་ཉེས་པ་དེ་སྤངས་པའི་དགེ་བའི་ལས་ལམ་དེ་ཉིད་ལས་མགུར་དུ་རྣམ་སྨིན་ཡིན་པའི་འབྱུང་བ་འགྲུབ་ལ་དེ་ལས་གསུང་སྒྲ་འགྲུབ་ཅེས་ཟེར་ལ། ཁ་ཆེ་བ་ནི་རྣམ་སྨིན་གྱི་འབྱུང་བ་དེ་ལས་ནི་ཟས་དང་ཏིང་ངེ་འཛིན་གྱིས་རྒྱས་པར་བྱས་པས་རྒྱས་བྱུང་གི་འབྱུང་བ་དང༌། དེ་ལས་རྒྱུ་མཐུན་ལས་བྱུང་བའི་འབྱུང་བ་དང་དེ་ལས་གསུང་སྒྲ་འགྲུབ་ཅེས་འདོད་དེ་དེ་ལྟར་ན་རྣམ་སྨིན་རྒྱུ་ལས་བརྒྱུད་ནས་སྐྱེས་པའི་ཕྱིར་དེར་ཐལ་བར་མི་འགྱུར་རོ། །དེ་ལས་སྐྱེས་པས་དེར་འགྱུར་ན་ནི་རྣམ་སྨིན་གྱི་རྒྱུ་རིགས་འདྲ་སྔ་མ་ལས་ཕྱི་མ་སྐྱེས་པ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ། །རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་སྐྱེས་ཅི་རིགས་པ་ཡིན་པ་ནི་ཁམས་ཐོགས་མེད་བརྒྱད་ཡིན་ལ། ཐོགས་མེད་ཡིན་པས་རྒྱས་བྱུང་མ་ཡིན་ནོ།།
གཞན་གཟུགས་དྲི་རོ་རེག་བྱ་བཞི་པོ་རྣམ་སྨིན་སྐྱེས་ཀྱི་དབང་པོའི་ཚོགས་པར་སྐྱེས་པ་རྣམ་སྨིན་སྐྱེས་དང༌། རྒྱས་བྱུང་གི་དབང་པོ་དང་རྒྱས་བྱུང་གི་སྒྲའི་ཚོགས་པར་སྐྱེས་པ་རྒྱས་བྱུང་དང༌། དེ་དག་མ་ཡིན་ཀྱང་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་རྒྱུ་འབྱུང་བ་ཡང་རྒྱས་བྱུང་དང༌། དེ་དག་རིགས་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུ་མཐུན་དང༌། ལུས་ཀྱི་རིག་བྱེད་གཟུགས་ཉོན་མོངས་ཅན་ནི་སྐལ་མཉམ་ཀུན་འགྲོ་གཉིས་ཀའི་རྒྱུ་མཐུན་དང༌། ཕྱི་རོལ་གྱི་བཞི་པོ་ཐམས་ཅད་རང་གི་རིགས་འདྲ་སྐལ་མཉམ་ཁོ་ནའི་རྒྱུ་མཐུན་ཡིན་པས་རྣམ་པ་གསུམ་མོ། །རྫས་དང་སྐད་ཅིག་མ་ནི་མི་འཇིག་པར་བརྟན་པའི་ཕྱིར་རྫས་ཡིན་ལ་དེ་དང་ལྡན་པ་ནི་ཁམས་བཅོ་བརྒྱད་ལས་ཆོས་ཀྱི་ཁམས་གཅིག་པུ་ཡིན་ཏེ། འདིའི་བྱེ་བྲག་ཡིན་ཞིང་གཞན་བཅུ་བདུན་པོ་ལ་དེ་མེད་པའི་ཕྱིར་རོ། །དེའི་ཕྱིར་ལྷག་མ་བཅུ་བདུན་པོ་རྫས་དང་ལྡན་པ་མ་ཡིན་ནོ། །རྒྱུ་མཐུན་ལས་མ་བྱུང་བའི་སྐད་ཅིག་མ་ནི་ཁམས་ཐ་མ་གསུམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དེའི་སྐད་ཅིག་མ་དང་པོ་ནི་རྒྱུ་མཐུན་ལས་མ་བྱུང་བའི་སྐད་ཅིག་མ་ཡིན་ལ། དེ་ལས་གཞན་པའི་ཁམས་ལྷག་མ་རྣམས་ནི་མ་ཡིན་ཏེ་དེའི་འདུས་བྱས་ལ་རྒྱུ་མཐུན་ལས་མ་བྱུང་བ་འགའ་ཡང་མེད་པའི་ཕྱིར་དང༌། འདུས་མ་བྱས་སྐད་ཅིག་མ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་ཤེས་གཉིས་ཇི་ལྟར་འཐད་ཅེ་ན། རྫས་ཐ་དད་མེད་ཀྱི་རྟེན་དང་བརྟེན་པའི་ཆ་ནས་མིང་གཉིས་སུ་བརྗོད་པའི་ཕྱིར་སྐྱོན་མེད་དོ། །འདི་ལ་འཆད་པ་པོ་དག་བྱུང་བ་གསུམ་དུ་མ་གཏོགས་པའི་དམིགས་བསལ་དུ་འཆད་ཀྱང་བསྟན་བཅོས་མཛད་པ་པོའི་བཞེད་པ་ནི་འདི་ཡིན་ལ། དྲི་བ་ཡང་རབ་དབྱེ་གཞན་དང་འདྲ་བར་སྦྱར་རོ།།
འཐོབ་པའི་བྱེ་བྲག་ནི།
གང་མིག་གི་ཁམས་དང་མི་ལྡན་པ་ལས་ལྡན་པ་ཐོབ་ན་མིག་གི་རྣམ་ཤེས་ཀྱང་དེ་བཞིན་འཐོབ་བམ་ཞེ་ན། མིག་དང་མིག་གི་རྣམ་ཤེས་ཀྱི་ཁམས་གཉིས་པོ་དག་སོ་སོ་ཞེས་པས་ནི་མིག་གསར་དུ་འཐོབ་ལ་རྣམ་ཤེས་མི་འཐོབ་པ་དང༌། རྣམ་ཤེས་གསར་དུ་འཐོབ་ལ་མིག་མི་འཐོབ་པ་དང་གཉིས་བསྟན་ཏེ། དེ་ལ་དང་པོ་ནི་འདོད་པའི་ཁམས་ན་སྐྱེ་མཆེད་དྲུག་རིམ་གྱིས་དོད་པ་དང༌། གཟུགས་མེད་ནས་ཤི་ནས་བསམ་གཏན་གཉིས་པ་ནས་བཞི་པའི་བར་དུ་སྐྱེས་པ་སྟེ། དེ་ལ་སྔ་མ་ནི་དགེ་བའམ་ཉོན་མོངས་ཅན་གྱི་ཐོབ་པ་སྔར་ནས་ཡོད་པ་དང་ཕྱི་མ་རང་ས་ན་མེད་པས་སོ། །གཉིས་པ་ནི་གཉིས་པ་ཡན་ཆད་ཀྱི་གཟུགས་ནས་ཤི་ནས་འདོད་པ་དང་དང་པོའི་བར་སྲིད་དུ་ཉིང་མཚམས་སྦྱར་བ་དང༌། གཉིས་པ་ཡན་ཆད་དུ་དང་པོའི་མིག་ཤེས་མངོན་དུ་བྱེད་པ་ན་སྟེ། དེ་ལ་མིག་སྔར་ནས་ཡོད་པས་སོ། །ལྷན་ཅིག་སྟེ་གཉིས་ཀ་དུས་མཉམ་དུ་གསར་དུ་ཐོབ་པ་ནི་གཟུགས་མེད་ནས་འདོད་པའམ་དང་པོའི་བར་སྲིད་དུ་སྐྱེ་བའི་ཚེའོ། །བཞི་པ་ནི། རྒྱལ་སྲས་ཀྱིས་རྟོགས་སླ་བས་མ་བསྟན་ཅེས་ཏེ་ཤུགས་ལ་བསྟན་པའམ་ཡང་ཞེས་པས་ལྡན་པ་ཙམ་གྱི་མུ་བཞི་བསྟན་པར་མ་ཟད་འདིའང་བསྟན་ཞེས་སོ། །དེ་ནི་གཟུགས་མེད་ནས་ཤི་ནས་གཟུགས་མེད་དུ་སྐྱེས་པ་ལྟ་བུའོ། །གཙོ་ཆེར་ཡང་གི་སྒྲས་ལྡན་པ་ཙམ་གྱི་མུ་བཞི་བསྟན་ཏེ། འགྲེལ་པར་ཡང་གི་སྒྲ་ནི་ཞར་ལ་འོངས་པ་འདིར་བསྡུ་བའི་དོན་ཏོ་ཞེས་སོ། །དེ་ལ་མིག་དང་ལྡན་ལ་མིག་གི་རྣམ་ཤེས་དང་མི་ལྡན་པ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་དང་པོའི་མིག་ཤེས་མངོན་དུ་མི་བྱེད་པ་ན་སྟེ། དེའི་ཚེ་དེ་མངོན་དུ་མ་བྱས་ཤིང་རང་ས་ན་མེད་པས་སོ། །དེ་ལས་བཟློག་པ་ནི་འདོད་ཁམས་ན་མིག་མ་ཐོབ་པའམ་ཉམས་པ་སྟེ། དེ་ལ་མིག་གིས་དགེ་བའམ་ཉོན་མོངས་ཅན་གྱི་ཐོབ་པ་ཡོད་པས་མིག་ཤེས་ནི་ལྡན་ནོ། །གཉིས་ཀ་དང་ལྡན་པ་ནི་འདོད་པར་མིག་ཐོབ་ལ་མ་ཉམས་པ་དང༌། བསམ་གཏན་དང་པོར་སྐྱེས་པ་དང༌། གཉིས་པ་ལ་སོགས་པར་སྐྱེས་པ་གཟུགས་ལ་ལྟ་བ་ལྟ་བུའོ། །བཞི་པ་ནི་སྔ་མ་ལྟར་རོ། །མུའི་དབྱེ་བ་འདི་གཞན་ལའང་སྦྱར་རོ།།
བདུན་པ། ཕྱི་ནང་ལ་སོགས་པའི་བྱེ་བྲག་ལ་བདུན་ལས། དང་པོ་ཕྱི་ནང་གི་དབྱེ་བ་ནི།
ཁམས་བཅོ་བརྒྱད་ལས་ནང་གི་ཁམས་ནི་བཅུ་གཉིས་ཏེ་གཟུགས་ལ་སོགས་པ་ཡུལ་དྲུག་མ་གཏོགས་པ་རྣམས་ཡིན་ལ། དེ་དྲུག་ནི་ཕྱིའི་ཁམས་སོ། །འདི་ལ་ཕྱི་རོལ་པ་དག་ན་རེ་བདག་གི་དབང་དུ་བྱས་པའམ། བདག་གི་ཆེད་དུ་བྱས་པ་ནི་ནང་སྟེ་བདག་གི་རྟེན་བྱེད་པ་ཡིན་ལ། དེ་ལས་གཞན་ནི་ཕྱི་ཡིན་ན། སངས་རྒྱས་པ་བདག་ཁས་མི་ལེན་པས་ཕྱི་ནང་མི་འཐད་པར་འགྱུར་རོ་ཞེ་ན། ཁོ་བོ་ཅག་དེ་ལྟ་བུ་ཁས་མི་ལེན་ཀྱང་སེམས་ལ་བདག་ཏུ་ཐ་སྙད་འདོགས་པར་བྱེད་དེ། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །མཁས་པས་བདག་ཉིད་ཤིན་ཏུ་ནི། །དུལ་བས་མཐོ་རིས་ཐོབ་པར་འགྱུར། །ཅེས་དང༌། གཟུང་བར་དཀའ་ཞིང་མྱུར་བར་འཇུག །གང་དུ་འདོད་པ་དེར་འཇུག་བྱེད། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བ་ནི་བདེ་བ་འདྲེན། །ཅེས་གང་གསུངས་པ་ལྟར་ངར་འཛིན་པའི་རྟེན་སེམས་ལ་བདག་ཏུ་བཏགས་པས་ཁས་ལེན་པས་དེའི་རྟེན་གྱི་ངོ་བོར་རུང་མི་རུང་ལ་ནང་དང་ཕྱིར་འཇོག་པས་འཐད་དོ། །འོ་ན་རྣམ་ཤེས་དྲུག་ནི་འདས་པར་མ་གྱུར་པའི་ཤེས་པ་ཡིན་པས་སེམས་ཀྱི་རྟེན་མ་ཡིན་པའི་ཕྱིར་ནང་གི་མ་ཡིན་པར་འགྱུར་རོ་ཞེ་ན། ཡིད་ཀྱི་ཁམས་ནི་འདས་པ་ཁོ་ན་མ་ཡིན་གྱི་མ་འོངས་པ་དང་ད་ལྟར་བྱུང་བ་དག་ཀྱང་རྣམ་ཤེས་ཕྱི་མའི་རྟེན་དུ་རུང་བས་སེམས་ཀྱི་རྟེན་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེ་ལྟ་མ་ཡིན་ན་ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་འགྱུར་བ་ཞིག་ན་ཁམས་བཅོ་བརྒྱད་ནི་དུས་གསུམ་པ་ཡིན་པར་ཡང་འདོད་དོ། །གལ་ཏེ་རྣམ་ཤེས་མ་འོངས་པ་དང་ད་ལྟར་བ་ཡིད་ཀྱི་ཁམས་མ་ཡིན་ན་འདས་པའི་དུས་ནའང་དེ་མ་ཡིན་པར་འགྱུར་ཏེ། མཚན་ཉིད་ནི་དུས་རྣམས་སུ་འཁྲུལ་པ་མེད་པས་སོ།།
གཉིས་པ་རྟེན་བཅས་དེ་མཚུངས་ལ་གསུམ་ལས། དང་པོ། དངོས་ནི།
ཁམས་བཅོ་བརྒྱད་ལས་ཆོས་ཀྱི་ཁམས་ཤེས་བྱ་བ་ནི་རྟག་ཏུ་རྟེན་པ་དང་བཅས་པ་ཡིན་ཏེ། ཁམས་གང་ཞིག་རང་གི་ལས་བྱེད་པ་ནི་རྟེན་བཅས་ཡིན་ན་འདིས་ནི་ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་དང་དམིགས་པ་བྱེད་པས་ཁམས་གང་ཞིག་རང་གི་ལས་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ནི་འདི་ལྟར་འཕགས་པའི་གང་ཟག་ལ་ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་སེམས་སྐྱེ་ཞིང༌། དེའི་དམིགས་ཡུལ་དུ་རང་གི་ངོ་བོ་དང་དེ་དང་ལྷན་ཅིག་འབྱུང་བ་མ་གཏོགས་པའི་ཆོས་ཐམས་ཅད་འགྱུར་ལ་དེ་ཉིད་སྐད་ཅིག་ཕྱི་མའི་ཡུལ་སྐད་ཅིག་སྔ་མ་ཡང་འགྱུར་བས་ཆོས་ཐམས་ཅད་ཀྱང་ཡིད་ཤེས་ཀྱི་ཡུལ་དང་དམིགས་པ་བྱེད་དོ། །ཁམས་ལྷག་མ་བཅུ་བདུན་པོའི་ཕྱོགས་གཅིག་ནི་དེ་དང་མཚུངས་པ་དག་སྟེ་ཁམས་གང་ཞིག་རང་གི་ལས་མི་བྱེད་པའི་ཕྱིར་རོ། །ཀྱང་གི་སྒྲས་ཕྱོགས་གཅིག་ནི་རྟེན་པ་དང་བཅས་པའང་ཡིན་ཏེ། ཁམས་གང་ཞིག་རང་གི་ལས་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་རྟེན་བཅས་ནི་མིག་གང་གིས་གཟུགས་མཐོང་ནས་འདས་པར་སོང་བ་དང༌། ད་ལྟར་ལྟ་བཞིན་པ་དང༌། ལྟ་བར་འགྱུར་བ་སྟེ་ལུས་ཀྱི་བར་དང༌། གཟུགས་ནི་མིག་གིས་མཐོང་ནས་འདས་པར་སོང་བ་དང༌། ད་ལྟ་མཐོང་བཞིན་པ་དང༌། མཐོང་བར་འགྱུར་བ་སྟེ་རེག་བྱའི་བར་དང༌། སེམས་ཀྱི་ཁམས་བདུན་པོ་ད་ལྟར་བ་ནི་རང་གི་ཡུལ་འཛིན་པར་ངེས་པའི་ཁམས་ཡིན་ལ་དེ་ཉིད་འདས་པར་སོང་བ་དང༌། མ་འོངས་པ་སྐྱེ་འགྱུར་ནི་དུས་དེར་རང་ཡུལ་མི་འཛིན་ཀྱང་སྔར་བཟུང་བ་དང་ཕྱིས་འཛིན་པར་འགྱུར་བ་དེ་ཉིད་རང་གི་ལས་བྱེད་པ་ཡིན་པའི་ཕྱིར་རྟེན་བཅས་སོ། །དེ་མཚུངས་ནི་མིག་གིས་གཟུགས་མ་མཐོང་བར་འདས་པས་སོང་བ་དང་ད་ལྟར་འགག་བཞིན་པ་དང༌། ད་ལྟར་དུ་སྐྱེས་ནས་འགག་པར་འགྱུར་པ་དང༌། མི་སྐྱེ་བའི་ཆོས་ཅན་གང་ཡིན་པའོ་ཞེས་ཁ་ཆེ་བ་ཟེར་ལ། ནུབ་ཕྱོགས་པ་ནི་མི་སྐྱེ་བའི་ཆོས་ཅན་དེ་ཉིད་ལ་རྣམ་ཤེས་དང་ལྡན་པ་དང་མི་ལྡན་པ་གཉིས་སུ་འབྱེད་དེ། དེ་དག་ནི་རིམ་པ་བཞིན་དང་པོ་མན་ཆད་དང་དེ་ཡན་ཆད་ཀྱི་མིག་སྟེ། དེ་གཉིས་ལ་ཡུལ་འཛིན་ལ་མ་སྐྱེས་པའི་མི་སྐྱེ་བའི་ཆོས་ཅན་དང༌། ཡུལ་མི་འཛིན་ལ་མ་སྐྱེས་པའི་མི་སྐྱེ་བའི་ཆོས་ཅན་ཞེས་ཀྱང་འཆད་དོ། །དེ་བཞིན་དུ་ལུས་ཀྱི་བར་དུའོ། །མ་འོངས་པ་སྐྱེ་འགྱུར་དང༌། མི་སྐྱེ་བའི་ཆོས་ཅན་གྱི་ཁྱད་པར་ནི་མ་འོངས་པ་ཡིན་ནས་ད་ལྟར་དུ་སྐྱེ་མི་སྐྱེའོ། །གཟུགས་ནི་མིག་གིས་མ་མཐོང་བར་འདས་པར་སོང་བ་དང༌། ད་ལྟར་འགག་བཞིན་པ་དང༌། ད་ལྟར་དུ་སྐྱེས་ནས་འགག་འགྱུར་དང༌། མི་སྐྱེ་བའི་ཆོས་ཅན་ཏེ་རེག་བྱའི་བར་དང༌། སེམས་ཀྱི་ཁམས་བདུན་གྱི་ནི་མི་སྐྱེ་བའི་ཆོས་ཅན་ཁོ་ན་དེ་མཚུངས་ཏེ་ཁམས་གང་ཞིག་རང་གི་ལས་མི་བྱེད་པ་ཡིན་པའི་ཕྱིར་རོ། །གང་ལ་ལྟོས་ནས་རྟེན་བཅས་དེ་མཚུངས་སུ་གཞག་པ་ནི་དབང་པོ་དང་རྣམ་ཤེས་ནི་གཅིག་གི་རྟེན་བཅས་ཡིན་པ་དེ་གཞན་ལ་ལྟོས་ནས་ཀྱང་རྟེན་བཅས་ཡིན་ཏེ། དཔེར་ན་ལྷས་བྱིན་གྱི་མིག་དང་མིག་ཤེས་རྟེན་བཅས་ད་ལྟར་བ་དེ་གཉིས་ལྷས་བྱིན་ལ་གནས་ནས་གཟུགས་ལ་ལྟ་བ་དང་མིག་ཤེས་ཀྱི་བདག་རྐྱེན་བྱེད་པ་དང༌། གཟུགས་འཛིན་པ་རང་གི་ལས་ཡིན་གྱི། མཆོད་སྦྱིན་སོགས་ལ་གནས་ནས་མ་ཡིན་པས་དེ་དག་ལ་ལྟོས་ནས་ཀྱང་རང་གི་ལས་བྱེད་པ་ཡིན་པའི་ཕྱིར་རོ། །དབང་པོ་དང་རྣམ་ཤེས་དེ་མཚུངས་ཀྱང་དེ་བཞིན་ནོ།།
གཉིས་པ། ཡུལ་རྣམས་ནི།
ཐུན་མོང་བ་ཡིན་པས་གཟུགས་ལྟ་བུས་ཀྱང་ལྷས་བྱིན་ཁོ་ནའི་མིག་གི་ཡུལ་དང༌། མིག་ཤེས་ཀྱི་ཡུལ་དང༌། དམིགས་པ་བྱས་ནས་མིག་ཤེས་སྐྱེད་པར་ངེས་པ་མེད་པས་རྒྱུད་ཐ་དད་ལ་ལྟོས་ནས་རྟེན་བཅས་དེ་མཚུངས་ཅི་རིགས་པར་གཞག་གོ །འོ་ན་དྲི་རོ་རེག་བྱ་ཕྲད་ནས་འཛིན་པའི་ཕྱིར་གཅིག་དང་ཕྲད་པ་དེ་གཞན་དང་མི་འཕྲད་པས་མིག་ལ་སོགས་པ་བཞིན་དུ་གཞག་པར་རིགས་སོ་ཞེ་ན། མ་ཡིན་ཏེ་དེ་དག་ལ་རྒྱུད་འདི་ཁོ་ནས་འཛིན་གྱི་གཞན་གྱི་མི་འཛིན་ནོ་ཞེས་པའི་ངེས་པ་མེད་པས་གཅིག་དང་ཕྲད་པ་དེ་གཞན་གྱི་མ་བཟུང་ཡང་འཛིན་དུ་རུང་བ་ཡིན་པའི་ཕྱིར་རོ་ཞེས་འཆད་དོ། །དེའི་ཕྱིར་འགྲེལ་པ་ལས་ཀྱང༌། གཅིག་གི་སྣ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་བའི་དྲི་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་གཞན་དག་གི་ཡང་ཡིན་པ་སྲིད་པ་དེ་ནི་ཡོད་ཀྱི་མིག་ལ་སོགས་པའི་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་སོ། །འདི་ལ་རྒྱལ་པོའི་སྲས་ཀྱིས་གཞན་དག་གི་ཡང་ཡིན་པ་སྲིད་ཅེས་པའི་དོན་ནི་ལྷས་བྱིན་གྱི་སྣའི་རྣམ་ཤེས་སྐྱེད་པ་བཞིན་དུ་སྣའི་ནང་གི་སྲིན་བུའི་རྣམ་ཤེས་ཀྱང་སྐྱེད་པ་ཡོད་ཅེས་བཤད་པ་ལ། འཆད་པ་པོ་སྔ་མ་དག་ནི་དེ་གཉིས་དྲི་ཕྲ་རགས་རྫས་ཐ་དད་པས་ལན་དུ་མི་རུང་ངོ་ཞེས་འཆད་དོ། །སྲིན་བུའི་སྣའི་དྲི་དེ་ལྷས་བྱིན་གྱི་སྣའི་དྲི་དེའི་བྱེ་བྲག་ཡིན་པས་དེ་དང་ངོ་བོ་གཅིག་ཏུ་ཁས་ལེན་དགོས་ཏེ་དེའི་ཕྱིར་འདི་ལན་དུ་མི་རུང་བ་མ་ཡིན་ནོ།།
གསུམ་པ། སྒྲ་དོན་ནི།
འགྲེལ་པར། རྟེན་པ་དང་བཅས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་བརྟེན་པའམ། བྱེད་པ་ལ་བརྟེན་པ་ནི་རྟེན་པའོ། །དེ་འདི་དག་ལ་ཡོད་པས་ན་རྟེན་པ་དང་བཅས་པ་རྣམས་སམ། འབྲས་བུ་རེག་པ་འདྲ་བའི་ཕྱིར་རྟེན་པ་མཚུངས་པའོ། །ཞེས་འབྱུང་སྟེ། དེ་ནི་འདི་ལྟར་དབང་པོ་རྣམས་ནི་རྣམ་པར་ཤེས་པའི་རྟེན་གྱི་ངོ་བོར་རྟེན་པར་བྱེད་ལ། ཡུལ་རྣམས་ཀྱི་ཡུལ་ཅན་གྱི་ངོ་བོར་དང༌། ཡུལ་རྣམས་ཀྱང་རང་གི་དབང་པོའི་ཡུལ་ཅན་གྱི་ངོ་བོར་རྟེན་ལ། རྣམ་པར་ཤེས་པའི་ཡུལ་དང་དམིགས་པའི་ངོ་བོར་དང༌། རྣམ་པར་ཤེས་པ་དག་ཀྱང་རང་རང་གི་དབང་པོ་རྣམས་ཀྱི་རྟེན་ཅན་གྱི་ངོ་བོར་དང༌། ཡུལ་རྣམས་ཀྱི་ཡུལ་ཅན་དང་དམིགས་པ་ཅན་གྱི་ངོ་བོར་རྟེན་ཏེ་དེ་ལྟར་ཕན་ཚུན་བརྟེན་པས་སམ། ཡང་ན་མིག་ལ་སོགས་པའི་བྱེད་པ་ནི་ལྟ་བ་ལ་སོགས་པ་ཡིན་ལ། རྣམ་ཤེས་ནི་ཡུལ་རྣམ་པར་ཤེས་པ་དང་། ཡུལ་རྣམས་ནི་དབང་པོའི་ཡུལ་དང་རྣམ་ཤེས་ཀྱི་ཡུལ་དང་དམིགས་པ་བྱེད་པ་སྟེ། བྱེད་པ་དེ་ལ་བརྟེན་པས་ན་རྟེན་པ་ཡིན་ལ་དེ་འདི་དག་ལ་ཡོད་པས་ན་རྟེན་པ་དང་བཅས་པ་དང་། དབང་པོ་དང་ཡུལ་དང་རྣམ་ཤེས་གསུམ་འདུས་པ་ལས་འབྲས་བུ་རེག་པ་འདྲ་བའི་ཕྱིར་རྟེན་པ་མཚུངས་པའོ། །ཡང་ན་བཅས་པ་དང་མཚུངས་པའི་དོན་ལ་རྒྱལ་པོའི་སྲས་ནི། རྟེན་པ་དང་ལྷན་ཅིག་འདུག་པས་རྟེན་པ་དང་བཅས་པའམ། འདི་དག་ལ་རྟེན་པ་འདྲ་བ་ཡོད་པས་རྟེན་པ་མཚུངས་པའོ་ཞེས་ཀྱང་འཆད་དོ། །དེ་མཚུངས་ནི་རྟེན་བཅས་དང་རིགས་འདྲ་བའི་ཕྱིར་ཏེ། གང་དག་རྟེན་པ་དང་བཅས་པ་མ་ཡིན་པ་དེ་དག་ནི་རྟེན་པ་དང་བཅས་པ་དེ་དག་དང་རིགས་འདྲ་བའི་ཕྱིར་དེ་དང་མཚུངས་པ་དག་གོ་ཞེས་སོ།།
གསུམ་པ་མཐོང་སྤང་ལ་སོགས་པའི་དབྱེ་བ་ལ་གཉིས་ཀྱི་དངོས་ནི།
ཁམས་བཅོ་བརྒྱད་ལས་གཟུགས་ཅན་བཅུ་ནི་སྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ལ། དེར་མ་ཟད་རྣམ་པར་ཤེས་པའི་ཁམས་ལྔ་ཡང་སྒོམ་སྤང་ཁོ་ན་ཡིན་ནོ། །ཁམས་ཐ་མ་གསུམ་ལ་ནི་མཐོང་སྤང་སྒོམ་སྤང༌། སྤང་བྱ་མ་ཡིན་པ་རྣམ་པ་གསུམ་ཅར་ཡོད་དེ། འདི་ལྟར་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་འཁོར་བཅས་མཐོང་སྤང་དང༌། ཕྲ་རྒྱས་བཅུ་འཁོར་བཅས་དང་དེ་གསུམ་གྱིས་བསྡུས་པ་མཐོང་སྤང་མ་ཡིན་པའི་ཟག་བཅས་ཐམས་ཅད་སྒོམ་སྤང་དང༌། ཟག་མེད་རྣམས་སྤང་བྱ་མ་ཡིན་པས་སོ།།
གཉིས་པ། དེ་དག་གི་མཚན་ཉིད་ནི།
རིམ་པ་ལྟར་རང་གི་གཉེན་པོ་མཐོང་ལམ་གྱི་སྤང་བར་བྱ་བ། མཐོང་སྤང་མ་ཡིན་ཞིང་རང་གི་གཉེན་པོ་སྒོམ་ལམ་གྱིས་སྤང་བར་བྱ་བ། ཟག་མེད་དུ་རུང་བ་ཞེས་པའོ། །གཞན་གྱི་ལོག་རྟོག་དགག་པ་ནི་གནས་མ་བུའི་སྡེ་པ་དག་ན་རེ། མ་ཐོབ་པ་སོ་སོའི་སྐྱེ་བོ་དང་ངན་སོང་དུ་སྐྱེ་བའི་ལུས་ངག་གི་ལས་ནི་མཐོང་ལམ་སྐྱེས་པས་ལྡོག་པའི་ཕྱིར་མཐོང་སྤང་ཡིན་ནོ་ཞེས་ཟེར་རོ། །དེ་འགོག་པ་ནི་མ་ཐོབ་པ་སོ་སོའི་སྐྱེ་བོ་མཐོང་སྤང་མིན་ཏེ་ཉོན་མོངས་ཅན་མིན་པའི་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །འདི་མ་གྲུབ་པ་མ་ཡིན་ཏེ། ཁམས་གསུམ་ས་དགུ་ན་མ་ཐོབ་པ་སོ་སོའི་སྐྱེ་བོ་རེ་རེ་ཡོད་ལ། འདོད་པ་ན་ཡོད་པ་ཡང་དེའི་ཉོན་མོངས་ཅན་ཡིན་པས་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་སྐྱེ་བའི་སམ་འཕོས་པ་དེ་ལ་མི་ལྡན་པ་ཐལ་བར་འགྱུར་བའི་ཕྱིར་དང༌། དགེ་བའང་མ་ཡིན་ཏེ། དགེ་རྩ་ཆད་པ་ལ་མི་ལྡན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །ཞེས་འཆད་པར་འགྱུར་རོ།།
གལ་ཏེ་ཉོན་མོངས་ཅན་མིན་པའི་ལུང་མ་བསྟན་ཡིན་ཀྱང་མཐོང་སྤང་མིན་པར་ཇི་ལྟར་འགྱུར་ཞེ་ན། འཕགས་པའི་བདེན་པ་ལ་དངོས་སམ་བརྒྱུད་ནས་ལོག་པར་མི་འཇུག་ཅིང༌། ལོག་པར་འཇུག་པའི་འཁོར་གང་ཡང་མ་ཡིན་པའི་ཕྱིར་རོ་ཞེས་ཁྱབ་པ་སྒྲུབ་བོ། །གཞན་ཡང་སྡུག་བསྔལ་ཆོས་བཟོད་ལ་གནས་པའི་གང་ཟག་དེ་ཉིད་འཆིང་བ་ཀུན་ལྡན་གྱི་གང་ཟག་ཡིན་པའི་ཕྱིར་དེའི་རྒྱུད་ལ་མཐོང་སྤང་ཡིན་པའི་མ་ཐོབ་པ་སོ་སོའི་སྐྱེ་བོ་ལྡན་པར་ཡང་ཐལ་བར་འགྱུར་རོ། །འདོད་པར་ནི་མི་ནུས་ཏེ་དེ་ཉིད་སོ་སོའི་སྐྱེ་བོའི་གང་ཟག་ཏུ་ཐལ་བའི་ཕྱིར་རོ། །ངན་སོང་དུ་སྐྱེ་བའི་ལུས་ངག་གི་ལས་ནི་དེར་སྐྱེ་བའི་རྒྱུར་རིག་བྱེད་དང་རིག་བྱེད་མ་ཡིན་པ་སྟེ། དེ་ནི་ཉོན་མོངས་ཅན་ཡིན་ཡང་མཐོང་སྤང་མིན་ཏེ་གཟུགས་ཡིན་པའི་ཕྱིར་རོ། །ཁྱབ་སྒྲུབ་སྔ་མ་བཞིན་སྦྱར་རོ།།
གལ་ཏེ་ཉོན་མོངས་ཅན་ཡིན་ཞིང་གཟུགས་མ་ཡིན་ན་མཐོང་སྤང་ཡིན་པར་ངེས་སམ་ཞེ་ན། དྲུག་པ་ནི་ཡིད་ཀྱི་སྐྱེ་མཆེད་ཡིན་ལ་དེ་མིན་པ་དབང་པོ་ལྔ་ལས་སྐྱེས་པ་ནི་རྣམ་ཤེས་ཚོགས་ལྔ་སྟེ། འགྲེལ་པར་དྲུག་པ་ཞེས་བྱ་བ་ནི་ཡིད་ཀྱི་སྐྱེ་མཆེད་དོ། །དེ་ལས་གཞན་པ་ལས་སྐྱེས་པ་ནི་དྲུག་པ་ལས་མ་སྐྱེས་པ་སྟེ། དབང་པོ་ལྔ་ལས་སྐྱེས་པ་གང་ཡིན་པ་སྟེ་ཞེས་སོ། །དེ་ནི་ཉོན་མོངས་ཅན་ཡིན་ཞིང་གཟུགས་མ་ཡིན་ཀྱང་མཐོང་སྤང་མིན་ཏེ། འཕགས་པའི་བདེན་པ་ལ་དངོས་སམ་བརྒྱུད་ནས་ལོག་པར་མི་འཇུག་ཅིང་རང་ཡུལ་ལ་ཁ་ཕྱིར་བལྟས་པར་ཞུགས་པའི་ཤེས་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་རྒྱལ་པོའི་སྲས་ཀྱིས། བདེན་པ་དག་ལ་ལོག་པར་མི་རྟོག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་དྲུག་པ་མ་ཡིན་པ་ལས་སྐྱེས་པ་ལ་ཡང་བསྒྲེ་བར་བྱའོ་ཞེས་དང༌། གང་སྤེལ་གྱིས་ཀྱང༌། དེ་ཡང་ཁ་ཕྱིར་བལྟས་པར་ཞུགས་པའི་ཕྱིར་མཐོང་བས་སྤང་པར་བྱ་བ་མ་ཡིན་ནོ་ཞེས་སོ། །ལོག་པར་མི་རྟོག་པའི་དོན་ནི་ཕྱིན་ཅི་ལོག་གི་ངོ་བོར་མི་འཇུག་པ་ལ་རྒྱལ་སྲས་འཆད་དོ། །གཞུང་འདི་དག་འདི་ལས་གཞན་དུ་འཆད་པ་དེ་དག་གིས་ནི་བསྟན་བཅོས་མཁན་པོ་དང༌། ཊཱིཀ་བྱེད་དག་གི་བཞེད་པ་གསལ་བར་མ་བྱས་སོ།།
བཞི་པ་ལྟ་བ་དང་ལྟ་བ་མ་ཡིན་པའི་དབྱེ་བ་ལ་གཉིས་ལས། དང་པོ། དངོས་ནི།
ཁམས་བཅོ་བརྒྱད་ལས་མིག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་ལྟ་བ་ཡིན་ལ། དེ་ལས་གཞན་ནི་ལྟ་བ་མ་ཡིན་ནོ། །ཕྱོགས་གཅིག་ཀྱང་རྟེན་བཅས་དང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་དང༌། འཇིག་རྟེན་པ་དང༌། སློབ་པ་དང༌། མི་སློབ་པའི་ཡང་དག་པའི་ལྟ་བ་སྟེ་རྣམ་པ་བརྒྱད་དོ། །དེ་ལ་ལྟ་བ་ལྔ་ནི་འོག་ཏུ་འཆད་ལ། གཞན་གསུམ་ནི་རིམ་པ་བཞིན་དུ་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་དགེ་བ་ཟག་བཅས་ལས་འབྲས་ཡོད་པར་ལྟ་བ་དང༌། སློབ་པའི་ཟག་མེད་ཀྱི་ཤེས་རབ་དང༌། ཟད་མི་སྐྱེ་ཤེས་མ་ཡིན་པའི་མི་སློབ་པའི་ཟག་མེད་ཀྱི་ཤེས་རབ་བོ།།
དེ་དག་གི་ལྟ་ཚུལ་ནི། ལྟ་བ་ལྔ་ནི་ཟག་མེད་ཀྱི་ཡེ་ཤེས་ཀྱི་སྣང་བ་མེད་ཅིང་ཉོན་མོངས་ཅན་གྱིས་ཆོས་ལ་ལྟ་བས་ཤིན་ཏུ་མི་གསལ་བ་སྟེ་སྤྲིན་དང་བཅས་པའི་མཚན་མོ་གཟུགས་ལ་ལྟ་བ་བཞིན་ནོ། །འཇིག་རྟེན་པའི་ནི་ཡེ་ཤེས་ཀྱི་སྣང་བ་མེད་པས་མི་གསལ་ལ་ཉོན་མོངས་ཅན་མ་ཡིན་པས་ཤིན་ཏུ་མི་གསལ་བ་མ་ཡིན་པ་སྟེ་སྤྲིན་མེད་པའི་མཚན་མོ་གཟུགས་ལ་ལྟ་བ་ལྟ་བུའོ། །སློབ་པའི་ནི་ཡེ་ཤེས་ཀྱི་སྣང་བ་མངོན་དུ་གྱུར་པས་གསལ་ལ་སྤྲིན་ལྟ་བུའི་མ་རིག་པའི་སྒྲིབ་བྱེད་ལྷག་མ་དང་བཅས་པས་ཤིན་ཏུ་གསལ་བ་མ་ཡིན་ཏེ་སྤྲིན་དང་བཅས་པའི་ཉིན་མོ་གཟུགས་ལ་ལྟ་བ་ལྟ་བུའོ། །མི་སློབ་པའི་ནི་ཡེ་ཤེས་ཀྱི་སྣང་བ་མངོན་དུ་གྱུར་པས་གསལ་ལ་སྤྲིན་ལྟ་བུའི་མ་རིག་པའི་དྲ་བ་མཐའ་དག་དང་བྲལ་བས་ཀྱང་ཤིན་ཏུ་གསལ་བ་ཡིན་ཏེ་སྤྲིན་མེད་པའི་ཉིན་མོ་གཟུགས་ལ་ལྟ་བ་ལྟ་བུའོ།།
གཉིས་པ། དེ་ལས་འཕྲོས་པའི་ཚུལ་ལ་བདུན་གྱི་རྣམ་ཤེས་ཚོགས་ལྔའི་ཤེས་རབ་ལྟ་བ་མ་ཡིན་པ་ནི།
འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིད་ཤེས་དང་མཚུངས་ལྡན་ཁོ་ནར་གཞག་གི་གཞན་ཅིའི་ཕྱིར་མ་ཡིན་ཞེ་ན། རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་ཤེས་རབ་ནི་ངེས་པར་རྟོག་པ་མེད་པའི་ཕྱིར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མ་ཡིན་ནོ།།
གཉིས་པ། ངེས་རྟོག་གི་དོན་ནི།
ཤེས་རབ་གང་ཞིག་ཡུལ་ལ་ངེས་པར་སྤྱོད་པ་སྔོན་དུ་འགྲོ་བའི་ངེས་པ་འདྲེན་པ་སྟེ་རྒྱལ་པོའི་སྲས་ཀྱིས། རྟོག་པ་ནི་ཡུལ་ལ་ངེས་པར་སྤྱོད་པ་སྔོན་དུ་འགྲོ་བའི་ངེས་པ་འདྲེན་པ་ཡིན་ནོ་ཞེས་སོ། །དེ་ལ་བརྩད་པ་སྤང་བས་མིག་ལྟ་བར་སྒྲུབ་པ་ནི་དེ་ལྟ་ན་མིག་རྟེན་བཅས་ཀྱང་ལྟ་བ་མ་ཡིན་པར་འགྱུར་རོ་ཞེ་ན། ངེས་པར་རྟོག་པ་མེད་ཀྱང་རྟེན་པ་དང་བཅས་པའི་མིག་གིས་ནི་གཟུགས་རྣམས་མཐོང་བས་གཟུགས་ལ་ལྟ་བའི་ཕྱིར་ཡིན་ནོ། །མིག་ཐམས་ཅད་ཀྱིས་སམ་ཞེ་ན། རྣམ་ཤེས་དང་བཅས་པའི་མིག་རྟེན་བཅས་ཀྱིས་མཐོང་གི་དེ་དང་མཚུངས་པས་ནི་མ་ཡིན་ནོ། །དེ་ལྟ་ན་རྣམ་ཤེས་དེ་ཡོད་ན་མཐོང་བ་ཡོད་ལ་དེ་མེད་ན་མཐོང་བ་མེད་པའི་ཕྱིར་མིག་གི་རྣམ་ཤེས་ཁོ་ནས་མཐོང་བར་འགྱུར་རོ་ཞེ་ན། དེའི་ལན་ནི་མིག་དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་གཟུགས་མཐོང་བ་མིན་ནོ། །གལ་ཏེ་མཐོང་ན་གང་གི་ཕྱིར་ཏེ་འདི་ལྟར། དེས་མིག་གིས་གཟུགས་མཐོང་བ་ལ་མི་ལྟོས་པར་ཁྱོད་ཀྱིས་གཟུགས་མཐོང་བའི་ཕྱིར། དེས་སྒྲིབ་བྱེད་འཐུག་པོས་བར་དུ་ཆད་པ་ཡི་གཟུགས་མཐོང་བར་ཐལ་བ་ལས་དེ་ནི་མཐོང་བ་མིན་པའི་ཕྱིར་ན་དེས་མིག་གིས་གཟུགས་མཐོང་བ་ལ་མི་ལྟོས་པར་གཟུགས་མཐོང་བ་མིན་ཞེས་སྒྲུབ་བྱེད་འཕེན་པའི་ཐལ་བར་འགྱུར་རོ། །གལ་ཏེ་ཁྱབ་པ་མེད་དོ་ཞེ་ན། དེ་ལ་མི་ལྟོས་པར་གཟུགས་མ་མཐོང་བ་ཡིན་ན་སྒྲིབ་པ་ལ་ཐོགས་མེད་ཡིན་པའི་ཕྱིར། དེ་མཐོང་བ་ལ་སུ་ཞིག་གེགས་བྱེད་པར་འགྱུར། དེའི་ཕྱིར་ཁྱབ་པ་གྲུབ་བོ།།
དེས་ན་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་སྨྲ་བ་དག་གིས་མིག་གིས་མཐོང་བ་དང༌། མིག་ཤེས་ཀྱིས་གཟུགས་འཛིན་པའམ་རྣམ་པར་ཤེས་སོ་ཞེས་བྱ་བ་དེ་ཁོ་ན་ལྟར་ཐ་སྙད་བྱ་སྟེ། འགྲེལ་པར་མིག་གིས་མཐོང་ངོ༌། །རྣ་བས་ཐོས་སོ། །སྣས་ཚོར་རོ། །ལྕེས་མྱོང་ངོ༌། །ལུས་ཀྱིས་རེག་གོ །ཡིད་ཀྱིས་རྣམ་པར་ཤེས་སོ་ཞེས་བྱ་བ་འདི་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་མཐའ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ལོ་ཞེས་པ་ནི་ཕ་རོལ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་པར་སྟོན་པའོ། །མདོ་སྡེ་པ་ནི་མིག་ཤེས་ཀྱིས་གཟུགས་མཐོང་ཞིང་རྩིག་པ་ལ་སོགས་པ་ལ་ཐོགས་པ་མེད་ཀྱང་དེ་ཐམས་ཅད་མཐོང་བར་མི་འགྱུར་ཏེ། སྒྲིབ་བྱེད་ཀྱིས་བར་དུ་མ་ཆོད་ཀྱང་རྒྱུ་མ་ཚང་ན་རྣམ་ཤེས་མི་སྐྱེ་ཞིང༌། རྒྱུ་ཚང་ན་ཆུ་དང་ཤེལ་དང་ལྷང་ཚེར་ལ་སོགས་པས་ཆོད་ཀྱང་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་མིག་གིས་གཟུགས་མི་མཐོང་གི་དེ་ལ་བརྟེན་པའི་རྣམ་ཤེས་ཀྱིས་གཟུགས་མཐོང་བ་དང་རྣམ་ཤེས་སོ་ཞེས་ཟེར་རོ། །འོ་ན་མདོ་ལས། མིག་གིས་གཟུགས་རྣམས་མཐོང་ནས་ཞེས་གསུངས་སོ་ཞེ་ན། དེ་ནི་མིག་ལ་བརྟེན་ནས་མཐོང་བ་ལ་དགོངས་པ་སྟེ། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་ཞེས་པའམ། ཡང་ན་བརྟེན་པ་རྣམ་ཤེས་ཀྱི་ལས་མཐོང་བ་དེ་ཉིད་རྟེན་མིག་ལ་ཉེ་བར་བཏགས་པ་སྟེ་ཁྲིའུ་དག་འབོད་དོ་ཞེས་བྱ་བ་ལྟ་བུའོ།།
གལ་ཏེ་རྣམ་ཤེས་དང་བཅས་པའི་མིག་རྟེན་བཅས་ཀྱིས་གཟུགས་མཐོང་བ་དེ་ལྟ་ན་མིག་གཉིས་ཀའམ་གཅིག་གིས་མཐོང་ཞེ་ན། མིག་ནི་གཉིས་ཀ་དག་གིས་མཐོང་སྟེ། གཅིག་གིས་མཐོང་བའི་གཟུགས་དེ་ཉིད་ལ་གཉིས་ཀས་བལྟས་ན་ཤིན་ཏུ་གསལ་བར་མཐོང་བའི་ཕྱིར་རོ། །ཀྱང་ཞེས་པ་ནི་གཅིག་གིས་ཀྱང་མཐོང་བར་སྟོན་པའོ། །གཉིས་ཀས་མཐོང་བ་དེ་ལྟ་ན་རྟེན་རྣམ་པར་ཆད་པས་བརྟེན་པ་རྣམ་པར་ཆད་པར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། རྣམ་ཤེས་ནི་ལུས་ཅན་མ་ཡིན་པས་ཡུལ་ན་མི་གནས་པའི་ཕྱིར་སྐྱོན་མེད་དོ།།
གསུམ་པ། དབང་པོ་ཡུལ་ལ་འཛིན་པའི་ཁྱད་པར་ནི།
ཕྲད་མ་ཕྲད་དམ་མཉམ་མི་མཉམ་ཇི་ལྟ་བུ་ཞིག་འཛིན་ཅེ་ན། མིག་དང་ཡིད་དང་རྣ་བ་གསུམ་གྱིས་ནི་ཡུལ་དང་མ་ཕྲད་པར་འཛིན་ཏེ། འདིར་ཕྲད་པའི་དོན་ནི་རྡུལ་ཕྲ་རབ་འདབས་ཆགས་པ་ཡིན་ན་མིག་དང་རྣ་བས་ནི་རྒྱང་རིང་དུ་གནས་པའི་གཟུགས་དང་སྒྲ་འཛིན་གྱི་རང་དང་འདབས་ཆགས་པའི་ཡུལ་མི་འཛིན་པའི་ཕྱིར་དང༌། ཡིད་ནི་གཟུགས་ཅན་མ་ཡིན་པས་ཕྲད་ནས་འཛིན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ལྷའི་མིག་དང་རྣ་བའི་མངོན་ཤེས་ཀྱང་མི་སྲིད་པར་ཐལ་བར་འགྱུར་རོ། །འོན་ཀྱང་མིག་གིས་མ་ཕྲད་པར་འཛིན་པས་ཤིན་ཏུ་རིང་བ་དང་བར་ཆོད་པ་དག་ཀྱང་མཐོང་བར་ཐལ་བའི་སྐྱོན་ནི་མེད་དོ། །ཁབ་ལེན་གྱིས་ལྕགས་འདྲེན་ཀྱང་རུང་ཡུལ་ན་གནས་པ་འགའ་ཞིག་འདྲེན་གྱི་གཞན་འདྲེན་མི་ནུས་པ་བཞིན་ནོ། །ཁ་ཅིག་ན་རེ་རྣ་བའི་ནང་དུའང་སྒྲ་ཐོས་པའི་ཕྱིར་དེས་ནི་ཕྲད་མ་ཕྲད་གཉིས་ཀའོ་ཞེས་ཟེར་རོ། །སྣ་ལྕེ་ལུས་གསུམ་ནི་མ་ཕྲད་པ་ལས་གཞན་དུ་ཕྲད་ནས་འཛིན་ཏེ་རང་དང་རང་གི་ཡུལ་གྱི་རྡུལ་ཕྲ་རབ་རྣམས་འདབས་ཆགས་པར་འབྱུང་བ་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་རྡུལ་ཕྲན་རྣམས་འདུས་ཏེ་རགས་པ་རྩོམ་པ་ན་ཕྱོགས་ཐམས་ཅད་ནས་ཕྲད་ན་ངོ་བོ་གཅིག་ཏུ་འདྲེས་པར་འགྱུར་ལ། ཕྱོགས་རེས་ཕྲད་ན་ཆ་བཅས་སུ་འགྱུར་བས་ཕན་ཚུན་རེག་པ་ནི་མེད་ལ། བར་ཅུང་ཟད་ཡོད་ཀྱང་རྡུལ་གཞན་འཇུག་པའི་སྐབས་མེད་པར་གྱུར་པའོ། །དེ་དག་སོ་སོར་གྱེས་པར་ཡང་མི་འགྱུར་ཏེ་རླུང་གི་ཁམས་ཀྱིས་བཟུང་བའི་ཕྱིར་རོ། །དེ་ཡང་དེའི་ནུས་པས་ཡིན་གྱི་བར་དེར་དེ་ཞུགས་པས་མ་ཡིན་ནོ། །ནུས་པ་དེ་ལྟར་འབྱུང་བ་དང༌། སྣ་ལྕེ་ལུས་གསུམ་དང་ལྷན་ཅིག་པའི་དྲི་རོ་རེག་བྱ་མི་འཛིན་ཅིང་ཡུལ་དུ་བྱས་པའི་དྲི་རོ་རེག་བྱ་རྣམས་འཛིན་པ་ནི་དངོས་པོའི་རང་བཞིན་དུ་ཁས་ལེན་ཏོ། །རིགས་པའི་དབང་ཕྱུག་གིས་ཀྱང་འདི་ལ་དངོས་པོའི་རང་བཞིན་ཉིད་ལན་འདེབས་པར་བྱེད་པ་ཡིན་ནོ་ཞེས་གང་གསུངས་པ་ལྟ་བུའོ། །བཙུན་པ་ནི་རྡུལ་ཕྲན་རེག་པ་ནི་མེད་ཀྱི་འདབས་ཆགས་པ་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ་ཞེས་ཟེར་ལ། སློབ་དཔོན་ནི་བཙུན་པའི་ལུགས་འདོད་པར་བྱའོ། །བྱེ་བྲག་ཏུ་སྨྲ་བ་གཞན་ལྟར་ན་རྡུལ་ཕྲན་བར་དང་བཅས་པའི་བར་སྟོང་པ་དག་ཏུ་འགྲོ་བ་ལ་སུ་ཞིག་འགོག་པར་བྱེད་ཅེས་གསུངས་སོ། །བཙུན་པ་ཞེས་པ་ནི་གང་སྤེལ་དཔེ་སྟོན་པ་གནས་བརྟན་ཆོས་སྐྱོབ་ཏུ་འདོད་ལ་སྐལ་ལྡན་ཁྱད་པར་ཅན་ཡང་གནས་བརྟན་ཆོས་སྐྱོབ་ཡིན་ནོ་ཞེས་ཟེར་རོ།།
རྒྱལ་པོའི་སྲས་ནི་དེ་མ་ཡིན་ཏེ་ཆོས་སྐྱོབ་ཡིན་ན་འདས་མ་འོངས་ཡོད་པ་ཉིད་དུ་སྨྲ་བས་མདོ་སྡེ་པ་མ་ཡིན་པར་འགྱུར་ལ། འདི་ནི་མདོ་སྡེ་པའི་ལྟ་བ་ལ་འཆེལ་བ་ཡིན་པའི་ཕྱིར་དང༌། བྱེ་བྲག་ཏུ་བཤད་པའི་ནང་དུ་བཙུན་པ་ན་རེ་ཞེས་པ་དང་། བཙུན་པ་ཆོས་སྐྱོབ་ན་རེ་ཞེས་རང་མིང་གིས་བྲིས་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་གནས་བརྟན་འགའ་ཞིག་གམ། ཡང་ན་མིང་དེ་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །འོན་ཀྱང་འགྲེལ་པར་ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ་མ་རིག་པར་ཁས་ལེན་པའི་བཙུན་པ་ཆོས་སྐྱོབ་གསུངས་པའི་ཕྱིར་ཅུང་ཟད་བརྟག་དགོས་སོ། །སྣ་ལ་སོགས་པ་གསུམ་གྱིས་ནི་རང་དང་ཇི་ཙམ་ཕྲད་པ་དེ་འཛིན་པའི་ཕྱིར་ཡུལ་ནི་རང་དང་མཉམ་པ་འཛིན་པར་འདོད་ལ། མིག་དང་རྣ་བས་ནི་རང་དང་མཉམ་མི་མཉམ་ཅི་རིགས་པར་འཛིན་ཅིང་། ཡིད་ནི་ལུས་ཅན་མ་ཡིན་པས་ཚད་ངེས་པ་མེད་པའི་ཕྱིར་ཡུལ་ཀྱང་རང་དང་མཉམ་མི་མཉམ་གང་དུ་ཡང་ངེས་པ་མེད་དོ། །དབང་པོ་རྣམས་ཀྱི་བཀོད་པ་ནི་མིག་གི་རྡུལ་ཕྲ་རབ་ནི་མིག་འབྲས་ལ་གོ་སྙོད་ནག་པོའི་མེ་ཏོག་བཞིན་དུ་སིལ་བུར་གནས་ལ་ཁ་དོག་དང་བས་བཀབ་པས་མི་འགྱེས་སོ།།
གཞན་དག་ནི་གོང་བུ་བཞིན་དུ་བླ་འོག་ཀུན་ཏུ་གནས་ཏེ་ཤེལ་བཞིན་དང་བས་མཐའ་དབུས་ཕན་ཚུན་མི་སྒྲིབ་པར་འདོད་དོ། །རྣ་བའི་རྡུལ་ཕྲ་རབ་ནི་རྣ་བའི་ནང་ན་འབྲུག་ཅེས་པ་གྲོ་བའི་ཁ་དོག་ལྟ་བུ་ཡོད་པའི་ནང་ན་གནས་ལ། སྣའི་རྡུལ་ཕྲ་རབ་ནི་སྣའི་རྒྱུད་མཚུལ་པའི་ནང་ན་གནས་ཏེ་དེ་དག་ཕྲེང་བ་བཞིན་མ་འགྲུས་པར་སྐོར་སྐོར་པོར་གནས་སོ། །ལྕེའི་རྡུལ་ཕྲ་རབ་ནི་ཟླ་བ་བཀས་པ་ལྟ་བུ་སྟེ་ཟླུམ་པོར་གནས་པའི་དབུས་ནས་སྐྲ་རྩེའི་ཁྱོན་ཙམ་ཞིག་གིས་མ་ཁེབས་པའོ། །སའི་རྩ་ལག་དེ་ནི་ཀླད་རྒྱས་འཛག་པའི་ལམ་ཡིན་པས་མེད་ན་ཡི་ག་འཆུས་ཤིང་དང་ག་མི་བདེ་བར་འགྱུར་བར་བཤད་དོ། །ལུས་ཀྱི་རྡུལ་ཕྲ་རབ་རྣམས་ནི་དབང་རྟེན་བཞིན་དུ་གནས་ལ། མོ་དང་ཕོའི་དབང་པོའི་རྡུལ་ནི་རིམ་པ་ལྟར་རྔའི་སྦུབས་དང་མཐེ་བོ་ལྟ་བུར་གནས་སོ། །རྟེན་གྱི་དུས་ངེས་པ་ནི་ལྔ་དང་དྲུག་པའི་ཡུལ་ད་ལྟར་བ་དང་དུས་གསུམ་པ་ཡིན་པ་བཞིན་རྟེན་ཀྱང་དེ་ལྟར་ངེས་སམ་ཞེས་ན་མ་ཡིན་ཏེ། འདི་ལྟར་ཐ་མ་ཡིད་ཀྱི་ཤེས་པའི་རྟེན་ཏེ་བདག་རྐྱེན་ནི་འདས་མ་ཐག་པའི་ཡིད་ཁོ་ན་ཡིན་ལ། རྣམ་ཤེས་དང་པོ་ལྔ་པོ་རྣམས་ཀྱི་རྟེན་ནི་རྣམ་ཤེས་དེ་དག་དང་ལྷན་ཅིག་སྐྱེས་པ་སྟེ་དུས་མཉམ་པའི་དབང་པོ་གཟུགས་ཅན་ད་ལྟར་བ་དང༌། འང་གི་སྒྲས་ཡིད་འདས་པ་སྡུད་པས་བདག་རྐྱེན་གཉིས་གཉིས་ཡོད་དོ། །དེ་ལྟ་ན་མིག་ཤེས་ཀྱི་རྟེན་གྱི་དངོས་པོ་ཡིན་པ་དེ། དེའི་མཚུངས་པ་དེ་མ་ཐག་རྐྱེན་གྱི་དངོས་པོའང་ཡིན་ནམ་ཞེ་ན། མུ་བཞི་སྟེ། དང་པོ་མིག་དང༌། གཉིས་པ་ཆོས་ཁམས་ཀྱི་སེམས་བྱུང་འདས་མ་ཐག་པ་དང༌། གསུམ་པ་འདས་མ་ཐག་པའི་ཡིད་དང༌། བཞི་པ་དེ་དག་མ་ཡིན་པ་སྟེ་ལུས་ཤེས་ཀྱི་བར་དུ་སྦྱར་རོ། །ཡིད་ཤེས་ལ་ནི་རྟེན་ཉིད་དེ་མ་ཐག་རྐྱེན་ཡིན་པས་མུ་དང་པོ་མེད་ཀྱི་གཞན་སྔ་མ་བཞིན་ནོ། །རྟེན་ཉིད་དུ་འཇོག་པའི་རྒྱུ་མཚན་ནི་རྣམ་ཤེས་ཚོགས་ལྔ་དབང་པོ་ཡུལ་གཉིས་ལས་སྐྱེད་ན་དབང་པོ་ཁོ་ན་རྟེན་དུ་འཇོག་ཅེ་ན། དབང་པོ་དེ་དག་སྨན་དང་རྡུལ་ལ་སོགས་པས་ཕན་གནོད་བྱས་ཏེ་གྱུར་པས་རྣམ་ཤེས་བདེ་སྡུག་དང་ལྡན་པར་འགྱུར་བ་ཉིད་ཀྱི་ཕྱིར་དང༌། དབང་པོ་གསལ་མི་གསལ་དུ་གྱུར་པས་རྣམ་ཤེས་གསལ་མི་གསལ་དུའང་འགྱུར་བའི་ཕྱིར་དེ་དག་གི་རྟེན་ནི་མིག་ལ་སོགས་པ་ཡིན་གྱི་གཟུགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་པས་རྟེན་མ་ཡིན་ནོ། །ཡུལ་སྡུག་མི་སྡུག་ལས་རྣམ་ཤེས་བདེ་སྡུག་དང་ལྡན་པར་འགྱུར་བ་ནི་ཉོན་མོངས་པའི་དབང་གིས་ཆགས་ཅན་ལ་འབྱུང་གི་ཡུལ་གྱི་སྟོབས་ལས་མ་ཡིན་ཏེ་ཆགས་བྲལ་ལ་དེ་མེད་པའི་ཕྱིར་རོ།།
ཡང་ཡུལ་གསལ་མི་གསལ་གྱི་རྗེས་སུ་རྣམ་ཤེས་ཅུང་ཟད་བྱེད་ཀྱང་དབང་པོ་གཙོ་བོ་སྟེ། ཐག་རིང་པོའི་གཟུགས་མི་གསལ་ཡང་བྱ་རྒོད་ཀྱི་མིག་གསལ་བས་མིག་ཤེས་གསལ་པོ་སྐྱེ་བ་བཞིན་ཏེ། རྣམ་འགྲེལ་ལས། གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་པ་ལྟ་བུའོ། །རྣམ་ཤེས་རྟེན་གྱིས་ཁྱད་པར་དུ་བྱས་ནས་སྟོན་པ་ནི་ཡུལ་དང་དབང་པོ་གཉིས་ཅར་གྱིས་བསྐྱེད་ན་མིག་གི་རྣམ་ཤེས་ཞེས་པ་ལ་སོགས་པ་དབང་པོ་ཁོ་ནས་མཚོན་པའི་རྒྱུ་ཅི་ཞེ་ན། དེ་དག་རྟེན་བདག་རྐྱེན་ཡིན་པ་དེའི་ཕྱིར་དང་། ཡུལ་རྣམས་ནི་ཐུན་མོང་གི་རྒྱུ་ཡིན་ལ། འདི་དག་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ལྟར་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་དེ་དག་གིས་ནི་རྣམ་ཤེས་ཞེས་བསྟན་ཏོ། །དེ་ནི་འདི་ལྟར་མིག་གིས་ནི་རྣམ་ཤེས་དྲུག་ལས་མིག་ཤེས་ཁོ་ནའི་རྒྱུ་དང༌། གཟུགས་ཀྱིས་མིག་ཤེས་དང་ཡིད་ཤེས་གཉིས་ཀའི་རྒྱུ་བྱེད་ལ། ལྷ་བྱིན་གྱི་མིག་གིས་ཀྱང་རང་གི་མིག་ཤེས་ཁོ་ནའི་རྒྱུ་བྱེད་ཀྱི་མཆོད་སྦྱིན་སོགས་ཀྱི་མ་ཡིན་ཞིང༌། གཟུགས་ཀྱིས་ནི་དེ་ལ་ལྟ་བའི་མཆོད་སྦྱིན་སོགས་ཀྱིའང་མིག་ཤེས་ཀྱི་རྒྱུ་བྱེད་དེ་ལུས་ཀྱི་བར་དུའང་དེ་བཞིན་ནོ།།
བཞི་པ། དབང་པོ་དང་ཡུལ་ལ་སོགས་པའི་ངེས་པ་ལ་གསུམ་ལས།དང་པོ། མིག་དང་ལུས་ལ་སོགས་པ་ནི། མིག་གིས་གཟུགས་ལ་ལྟ་ན་ལུས་མིག་ཤེས་དང་བཅས་ལ་ས་གཅིག་པའམ་ཐ་དད་ཅེ་ན། ཅི་རིགས་པ་སྟེ་འདི་ལྟར་ལུས་ནི་དབང་རྟེན་ཁོག་པ་ཡིན་ལ། དེ་འདོད་པར་སྐྱེས་པ་དེའི་མིག་གིས་འདོད་པའི་གཟུགས་ལ་ལྟ་ན་མིག་ཤེས་དང་བཅས་པ་ཐམས་ཅད་རང་གི་ས་པའོ། །དེ་ལ་བསམ་གཏན་དང་པོའི་མིག་མངོན་དུ་བྱས་ཏེ་འདོད་པའི་གཟུགས་ལ་ལྟ་ན་འདོད་པར་གཉིས་དང་དང་པོར་གཉིས་སོ། །དང་པོར་ལྟ་ན་གསུམ་དེའོ། །གཉིས་པའི་མིག་གིས་འདོད་པར་ལྟ་ན་གཉིས་འདོད་པ། མིག་དང་མིག་ཤེས་གཉིས་པ་དང་པོའོ། །དང་པོ་དང་གཉིས་པར་ལྟ་ན་གཉིས་གཉིས་སོ། །བཞི་པས་གསུམ་པར་ལྟ་ན་བཞི་ཅར་ཐ་དད་པའི་བར་རོ། །གཞན་ལའང་ཅི་རིགས་པར་སྦྱར་རོ། །འོན་ཀྱང་འདི་དག་ནི་ངེས་པ་སྟེ། གོང་སའི་ལུས་ལ་ས་འོག་མའི་མིག་མངོན་དུ་བྱེད་པ་མ་ཡིན་ཏེ། མིག་མངོན་དུ་བྱེད་པ་ནི་གཟུགས་ལ་ལྟ་བའི་དོན་ཡིན་ལ། དེ་ན་གཟུགས་ལ་ལྟ་བྱེད་མིག་མཆོག་ཏུ་གྱུར་པ་ཡོད་པའི་ཕྱིར་རོ། །འོག་སའི་མིག་གིས་ས་གོང་མའི་གཟུགས་མཐོང་བ་མ་ཡིན་ཏེ། ས་གོང་མའི་གཟུགས་པས་དམན་པའི་དབང་པོ་གཟུགས་ཅན་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའང་ཞེས་པ་ནི། མིག་ལ་གོང་མའི་ཤེས་མ་ཡིན། ཞེས་པ་སྟེ་འདོད་པའི་མིག་ལ་དང་པོའི་མིག་ཤེས་རྟེན་པ་མ་ཡིན་ཏེ། དམན་པས་རྟེན་དུ་མི་རུང་བའི་ཕྱིར་རོ། །མིག་ཤེས་དེའི་ཡུལ་དུ་ནི་གོང་འོག་དང་རང་གི་ས་པའི་དོན་གཟུགས་ཀྱི་རིགས་ཐམས་ཅད་འགྱུར་དུ་རུང་ངོ་། །ལུས་ཀྱིའང་གཟུགས་དང་མིག་ཤེས་གཉིས་ཀ་རང་དང་གོང་འོག་གི་ས་ཐམས་ཅད་དུ་ཡིན་ནོ་ཞེས་བྱ་སྟེ། འདི་ལྟར་འདོད་པའི་ལུས་ཁོག་པ་ནི། གཟུགས་དང་རྣམ་ཤེས་རང་དང་གོང་ས་ཡིན་ལ། དང་པོའི་ལུས་ཀྱི་ནི་རྣམ་ཤེས་རང་དང༌། གཟུགས་ནི་རང་དང་གོང་འོག་གི་ས་པ་དང༌། གཉིས་པ་ལ་སོགས་པའི་ལུས་ཀྱི་ནི་རྣམ་ཤེས་འོག་ས་ཁོ་ན་སྟེ་དང་པོའི་རྣམ་ཤེས་ཁོ་ན་མངོན་དུ་བྱེད་པའི་ཕྱིར་རོ། །གཉིས་པ་དང་གསུམ་པའི་ས་པའི་ལུས་ཀྱི་ནི་གཟུགས་རང་དང་གོང་འོག་གི་ས་པ་དང༌། བཞི་པའི་ལུས་ཀྱི་གཟུགས་རང་དང་འོག་ས་པ་སྟེ་ཡན་ཆད་ན་གཟུགས་མེད་པའི་ཕྱིར་རོ།།
གཉིས་པ། རྣ་བ་དེ་དང་མཐུན་པར་སྦྱར་བ་ནི།
རྣ་བའང་དེ་བཞིན་ཞེས་པ་སྟེ། དྲི་བ་དང་ལན་སྔ་མ་ལྟར་བྱས་ནས་ངེས་པ་ནི། ལུས་ལ་འོག་མའི་རྣ་བ་མིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་ཀྱང་དེ་ཡི་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་པའི་བར་སྦྱར་རོ།།
གསུམ་པ། སྣ་ལ་སོགས་པའི་ངེས་པ་ནི།
ལུས་ལ་བརྟེན་པའི་སྣ་ལ་སོགས་པས་དྲི་ལ་སོགས་པ་འཛིན་ན་རྣམ་ཤེས་དང་བཅས་པས་གཅིག་པའམ་ཐ་དད་ཅེ་ན། སྣ་ལ་སོགས་པ་གསུམ་པོ་དག་གི་ནི་ཡུལ་དང་རྣམ་ཤེས་དང་ལུས་ཁོག་པ་སྟེ་ཐམས་ཅད་རང་གི་ས་པར་གཅིག་པ་ཉིད་དོ། །འོན་ཀྱང་དམིགས་བསལ་ནི་གཉིས་པ་ཡན་ཆད་ཀྱིས་རེག་བྱ་འཛིན་ན་ལུས་ཀྱི་རྣམ་ཤེས་འོག་ས་དང༌། འདོད་པ་དང༌། དང་པོ་པས་འཛིན་ན་རང་གི་ས་པར་ངེས་སོ། །དེ་དག་ལས་གཞན་དུ་མ་ཡིན་ཏེ། དེ་ལྟ་མ་ཡིན་པར་དེ་དག་གོང་འོག་གང་དུའང་མངོན་དུ་བྱེད་པའི་ཕྱིར་རོ། །ཡིད་ནི་མིག་དང་རྣ་བའི་ངེས་པ་ལྟར་མ་ངེས་ཏེ་འདི་ལྟར་ཡིད་དང་ཆོས་དང་ཡིད་ཤེས་རྣམ་པ་དགུ་པོ་ཐམས་ཅད་ན་ཡོད་པས་འདོད་པར་སྐྱེས་པ་ཞིག་གིས་འདོད་པའི་ཡིད་ཀྱི་མཇུག་ཐོགས་སུ་འདོད་པའི་ཆོས་ལ་དམིགས་པའི་ཡེ་ཤེས་འདོད་པར་གཏོགས་པ་བསྐྱེད་ན་ཐམས་ཅད་ས་གཅིག་པ་དང༌། སྐྱེ་བ་དང་སྙོམས་པར་འཇུག་པའི་ཚེ་དང་སྦྱར་ན་ས་མི་གཅིག་པར་འགྱུར་ཏེ་འོག་ནས་སྟོན་ཏོ།།
ལྔ་པ་རྣམ་ཤེས་དུས་ཤེས་པར་བྱ་བ་ནི།
ཁམས་བཅོ་བརྒྱད་པོ་རྣམ་ཤེས་དྲུག་ལས་གང་གིས་ཤེས་པར་བྱ་ཞེས་པའམ། རབ་དབྱེ་གཞན་གྱི་དྲི་བ་ལྟར་བྱས་ནས་རྣམ་ཤེས་གཉིས་ཀྱིས་ཤེས་པར་བྱ་བ་ནི་ཕྱིའི་ཁམས་ལྔ་སྟེ། ལུས་ཤེས་ཀྱི་བར་གྱིས་ཉམས་སུ་མྱོང་ནས་ཡིད་ཤེས་ཀྱིས་ཤེས་པའི་ཕྱིར་རོ། །དེ་སྐད་དུ་མདོ་ལས། དགེ་སློང་དག་གཟུགས་ཤེས་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ་དབང་པོ་ལ་བརྟེན་པ་དང༌། ཡིད་ལ་བརྟེན་པའོ་ཞེས་སོ། །ཉམས་སུ་མྱོང་བ་ནི་ཡུལ་དུ་བྱས་པའོ། །ལྷག་མ་བཅུ་གསུམ་ནི་དབང་ཤེས་ཀྱི་ཡུལ་མ་ཡིན་པས་ཡིད་ཤེས་གཅིག་པུས་ཤེས་པར་བྱ་བ་ཡིན་ནོ།།
དྲུག་པ་རྟག་མི་རྟག་ཁམས་རིལ་པོ་རྟག་པ་ནི་མེད་ཀྱི་ཆོས་ཁམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་ཆོས་རྟག་ལ་ལྷག་མ་རྣམས་མི་རྟག་པའོ།།
བདུན་པ་དབང་པོ་དང་དབང་པོ་མ་ཡིན་པ་ནི།
བཅོམ་ལྡན་འདས་ལ་བྲམ་ཟེ་རང་བཞིན་ཉན་གྱིས། གོའུ་ཏམ་དབང་པོ་རྣམས་ནི་དུ་ཞིག་མཆིས་ཞེས་ཞུས་པའི་ལན་དུ་དབང་པོ་ཉི་ཤུ་རྩ་གཉིས་གསུངས་ན། ཁམས་བཅོ་བརྒྱད་ལ་དབང་པོ་ཡིན་པ་ནི་དུ། མ་ཡིན་པ་ནི་དུ་ཞེ་ན། ཆོས་ཀྱི་ཕྱེད་དེ་ཆོས་ཁམས་ཀྱི་ཕྱོགས་གཅིག་ཏུ་གྱུར་པ་ཚོར་བ་ལྔ་དང་སྲོག་དང་དད་སོགས་ལྔ་དང་ཀུན་ཤེས་བྱེད་སོགས་གསུམ་གྱི་ཆ་དང་གང་དག་ནང་གིར་བཤད་པའི་བཅུ་གཉིས་པོ་དབང་པོ་ཡིན་ལ། ལྷག་མ་རྣམས་ནི་དབང་པོ་མ་ཡིན་ནོ།།
བློ་ལྡན་གང་ཞིག་ཆོས་རབ་རྣམ་འབྱེད་པ།།
དེ་ཐོབ་བྱ་ཕྱིར་ཟག་བཅས་ཟག་མེད་དང༌།།
འདུས་བྱས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།།
གསལ་བར་འཆར་འདི་དང་པོར་མཉན་པར་གྱིས།།
ཆོས་མངོན་གསལ་བྱེད་ལེགས་བཤད་རྒྱ་མཚོ་ལས་ཁམས་བསྟན་པ་ཞེས་བྱ་བ་གནས་དང་པོའི་བཤད་པའོ།། །།