དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་བ་ལས་བརྟན་པའི་དངོས་པོ་བརྟག་པ་སྟེ་བཅུ་གསུམ་པ།།
ཡང་ན་གང་ཕྱིར་སྐད་ཅིག་མ། །འཇིག་པ་རབ་ཏུ་གྲུབ་ཉིད་ཀྱིས། །རང་བཞིན་ལ་སོགས་སུན་ཕྱུང་བས། །གནས་མེད་ཉིད་ལ་འབད་འདི་བྱེད། །བཤད་དང་འཆད་པར་འགྱུར་བ་ཡི། །རིགས་སོགས་ཁྱད་པར་མེད་པ་ནི། །དགག་པའི་དོན་དུ་དེ་ཡི་ཕྱིར། །སྐད་ཅིག་འཇིག་པ་གསལ་བསྒྲུབ་བྱ། །བྱས་དང་མ་བྱས་ཉིད་སྒོ་ནས། །འགའ་ཞིག་ཕུང་པོ་གཉིས་སུ་འདོད། །སྐད་ཅིག་སྐད་ཅིག་མ་ཡིན་པས། །གཞན་གྱིས་དངོས་རྣམས་ལ་འདོད་འདི། །དེ་ལ་བྱས་པའི་དངོས་པོ་གང༌། །དེ་ཀུན་སྐད་ཅིག་མར་འཇིག་ཅན། །ཐམས་ཅད་དག་ནི་འཇིག་པ་ལ། །ལྟོས་མེད་ཉིད་དུ་གནས་ཕྱིར་རོ། །གང་ཞིག་དངོས་གང་ཡིན་པ་ལ། །རྒྱུ་གཞན་ལ་ལྟོས་མེད་ཉིད་དེ། །དེ་ལྟར་རང་རྒྱུད་ལས་སྐྱེ་ཕྱིར། །དེ་ནི་དེ་ལས་ངེས་ཞེས་བྱ། །དཔེར་ན་རང་འབྲས་སྐྱེ་བ་ལ། །གེགས་བྱེད་མེད་པའི་ཚོགས་པ་བཞིན། །སྐྱེ་བ་ཅན་ནི་ཐམས་ཅད་ཀྱང༌། །འཇིག་པ་ལ་ནི་ལྟོས་པ་མེད། །གལ་ཏེ་འདི་ལྟོས་མེད་ཡིན་ནའང༌། །ཡུལ་དང་དུས་གཞན་ལ་འགྱུར་ན། །དེ་དག་ལ་ནི་ལྟོས་ཉིད་ཕྱིར། །ལྟོས་མེད་ཐལ་བ་ཉིད་འགྱུར་ན། །སྐྱེ་བ་ཅན་ཀུན་འཇིག་པ་ལ། །ཐམས་ཅད་དུ་ནི་ལྟོས་པ་མེད། །འཇིག་པའི་རྒྱུ་རྣམས་རྣམ་ཀུན་དུ། །ད་ལ་ཅུང་ཟད་བྱེད་མེད་ཕྱིར། །འདི་ལྟར་འཇིག་པར་བྱེད་པའི་རྒྱུ། །དངོས་ལ་ཐ་དད་མེད་བ་ཡི། །འཇིག་པའི་བྱེད་པོར་མི་རིགས་ཏེ། །དངོས་པོ་རང་རྒྱུ་ལས་སྐྱེ་ཕྱིར། འདི་ལ་སྒྲིབ་སོགས་ཀྱང་མི་རིག །འཇིག་པ་ཞེས་བྱའི་དངོས་པོ་ཡི། །དངོས་པོའི་འཇིག་བྱེད་ཅེས་བྱ་བརྫུན། །གཞན་ཉིད་ལ་སོགས་རྣམ་རྟོག་དག །དོན་དེ་ལ་
ཡང་འཇུག་ཕྱིར་རོ། །དངོས་པོའི་ངོ་བོ་མེད་བདག་ཉིད། །འཇིག་པ་ཞེས་བྱའི་མེད་གཞན་ཅན། །འཇིག་བྱེད་ཅེ་ན་དེ་ལ་ཡང༌། །བྱེད་པ་རིག་པ་ལྡན་མ་ཡིན། །མེད་པ་ཡང་ནི་འབྲས་ཉིད་ན། །མྱུ་གུ་སོགས་བཞིན་དངོས་ཉིད་དུ། །ཐལ་འགྱུར་བསྐྱེད་བྱའི་ངོ་བོ་ནི། །རྒྱུ་ཡི་ནུས་པས་སྐྱེད་ཕྱིར་རོ། །དེ་ལྟར་དངོས་མེད་སྒྲུབ་སྒོ་ནས། །བྱས་ཡིན་མ་ཡིན་དགག་རྟེན་ཕྱིར། །གང་ཡིན་དེ་ལ་ཐ་དད་སོགས། །སླར་ཡང་རྣམ་རྟོག་འཇུག་པར་འགྱུར། །འོན་ཏེ་བྱ་བ་བཀག་པ་འདི། །དངོས་ཉིད་བྱེད་པ་མ་ཡིན་ཉིད། །དེ་ལྟ་ན་ཡང་རྒྱུ་མེད་གྲུབ། །བྱེད་པོ་མིན་ན་རྒྱུ་ཉམས་ཕྱིར། །འོ་ན་དངོས་པོ་ཡོད་དུས་སུ། །འཇིག་པ་འདི་ཡོད་མ་ཡིན་ཉིད། །སྔོན་མིན་ཡུན་རིང་ཕྱིས་ཀྱང་མིན། །དངོས་པོའི་དེ་མ་ཐག་ཏུ་འདི།། དེ་ལྟ་ན་ཡང་དུས་ངེས་ཕྱིར། །འདི་ནི་རྒྱུ་ལྡན་རེགས་པ་ཡིན། །ལྟོས་མེད་པ་ལ་རེས་འགའ་དང༌། །འབྲེལ་པ་སུན་ནི་ཕྱུང་བ་ཡིན། །དངོས་པོའི་དེ་མ་ཐག་ཏུ་ནི། །འབྱུང་བའི་ཕྱིར་དང་མ་བྱུང་ལས། །འབྱུང་ཕྱིར་འདི་ནི་རྒྱུ་ལྡན་རིགས། །དཔེར་ན་སྐད་ཅིག་གཞན་བཞིན་འདོད། །མོ་གཤམ་གྱི་ནི་བུ་བཞིན་དུ། །རྒྱུ་མེད་ཕྱིར་འདི་ཅུང་ཟད་མེད། །ཡང་ན་མཁའ་བཞིན་རྟག་གྱུར་ཏེ། །གང་ཕྱིར་རྣམ་པ་གཞན་མེད་དོ། །མེད་པ་ཡིན་ན་འཇིག་མེད་ཕྱིར། །དངོས་པོ་ཐམས་ཅད་རྟག་པར་འགྱུར། །འདུས་བྱས་ཐམས་ཅད་འཇིག་པ་ཡི། །ཤེས་པའང་རྒྱུ་མཚན་མེད་པ་ཅན། །རྟག་པ་ཉིད་ནའང་འཇིག་པ་མེད། །ལྷན་ཅིག་གནས་འགྱུར་འགལ་མེད་ཕྱིར། །སྐྱེ་བ་མེད་ལའང་འཇིག་བཤད་པ། །རིགས་པའི་རྗེས་འབྲངས་ཉིད་མ་ཡིན། །དེ་ལྟ་བུ་ལ་གཞན་དག་གིས། །ཇི་ལྟ་བུ་ཞིག་འཇིག་པར་རྟོག །སྐད་ཅིག་མར་གནས་ཆོས་རྣམས་ཀྱི། །དངོས་ཉིད་མིན་ནམ་འོན་ཏེ་ན། །དངོས་པོའི་ངོ་བོ་ལྡོག་གྱུར་པ། །ཞིག་མྱོང་ཅན་ལ་དེ་ལྟར་བརྗོད། །དེ་འདིར་འཇིག་པའི་རང་བཞིན་གང༌། །ཆོས་རྣམས་སྐད་ཅིག་མར་གནས་
པའི། །དངོས་མེད་དེ་ལྟར་བརྗོད་དམ་ཅི། །གཞན་ལ་བརྒལ་ཞིང་བརྟག་པ་མཚུངས། །འོན་ཏེ་དངོས་པོའི་རང་ངོ་བོ། །ལྡོག་པ་འཇིག་པའི་མིང་ཡིན་ན། །སྔ་མ་ལ་ནི་རྟག་བྱེད་པ། །འགལ་བ་ཅུང་ཟད་མེད་པ་ཉིད། །སྐད་ཅིག་མར་གནས་དངོས་གང་ལ། །འཇིག་པ་ཞེས་ནི་རྗོད་བྱེད་ན། །དེ་ནི་རྒྱུ་དང་རྣམ་པར་འདོད། །གཞན་དངོས་མེད་ཕྱིར་རྒྱུ་མེད་ཅན། །དངོས་པོའི་དེ་མ་ཐག་འབྱུང་ཉིད། །དེ་འདྲ་དེ་ལ་ཡོད་མིན་ཏེ། །གཡོ་བ་དངོས་པོའི་རང་ངོ་བོ། །དངོས་དང་ལྷན་ཅིག་སྐྱེ་ཕྱིར་རོ། །དེ་ཕྱིར་འཇིག་པ་ཡོད་པའི་ཕྱིར། །འདུས་བྱས་ཐམས་ཅད་རྟག་པ་མིན། །འཇིག་པ་ཞེས་པའི་བློ་དག་ཀྱང༌། །རྒྱུ་མཚན་མེད་པར་ཐལ་མི་འགྱུར། །ཞིག་པ་ཉིད་ནི་བདག་མེད་ཕྱིར། །དེ་མ་ཐག་འབྱུང་ཡོད་པ་མིན། །མ་བྱུང་བྱུང་བ་ལྡན་པ་ཡང༌། །ནམ་མཁའི་པདྨ་ལ་སོགས་བཞིན། །ཞིག་འགྱུར་ཞེས་བྱ་དེ་ལྟར་འདིར། །དངོས་པོར་མ་གྱུར་ཞེས་བྱ་ཡི། །དོན་འདི་རྟོགས་པར་བྱེད་ཡིན་གྱི། །བསྒྲུབ་པ་འགའ་ཡང་མི་འདོད་དོ། །མི་འགའ་ཞིག་ལ་བོང་བུ་ཞེས། །དེ་ལྟར་མིང་ཙམ་བྱས་པ་ན། །བོང་བུའི་ཆོས་རྣམས་ཐམས་ཅད་ནི། །འདི་ལས་ཐོབ་འགྱུར་མ་ཡིན་ནོ། །ཞིག་པ་ཞེས་བྱའི་དངོས་པོ་ནི། །དངོས་པོ་བཅོམ་པ་ཞེས་བྱ་བ། །སྒྲུབ་པ་ན་ཡང་དངོས་འདི་ལ། །ཅུང་ཟད་ཀྱང་ནི་སྐྱེ་མེད་ཕྱིར། །འདི་ནི་ཇི་ལྟར་ལྡོག་པར་འགྱུར། །འཇིག་པ་དངོས་པོ་ཞིག་བདག་ཉིད། །ཇི་ལྟར་དངོས་པོའི་ངོ་བོ་དང༌། །བྲལ་ཕྱིར་མེད་པ་ཉིད་འདོད་ཀྱི། །དངོས་པོ་ངོ་བོ་མིན་ཕྱིར་མིན། །འདི་ལ་ལྡོག་པའི་དངོས་ཉིད་ཀྱང༌། །སྒྲུབ་པའི་སྒོ་ནས་རྗོད་མི་བྱེད། །དངོས་པོ་ཡི་ནི་རྗེས་འཇུག་པ། །སྐད་ཅིག་ལས་ཕྱིས་འགེགས་པར་བྱེད། །དེ་ཕྱིར་འདི་ཡི་རྣམ་གཞག་གི །ངོ་བོ་སྒྲུབ་པ་ཅུང་ཟད་མེད། །དེ་ཕྱིར་འདི་ལ་རྟག་པ་ཡི། །རྣམ་རྟོག་བྱེད་པ་གནས་མེད་དོ། །ནམ་མཁའ་ལ་སོགས་དངོས་གང་དང༌། །མ་བྱས་པར་ནི་ཡང་དག་འདོད། །
དངོས་པོ་འཇུག་པ་ཡོད་མིན་ཏེ། །དེ་དག་ཡོད་ནུས་བྲལ་ཕྱིར་རོ། །སྐད་ཅིག་སྐད་ཅིག་མིན་སོགས་རྟོག །དེ་ཚེ་དེ་ལ་གནས་མེད་དོ། །གང་གིས་དངོས་ཉིད་སྐད་ཅིག་མའམ། །གལ་ཏེ་རྣམ་པ་གཞན་དུ་འགྱུར། །སྐད་ཅིག་གནས་པའི་རང་བཞིན་གང༌། །དངོས་པོ་སྐད་ཅིག་མ་རུ་བརྗོད། །བརྟེན་པའི་ངོ་བོར་གནས་པ་ཡི། །དངོས་ཉིད་སྐད་ཅིག་པ་མ་ཡིན། །སྐྱེས་མ་ཐག་ཏུ་མི་གནས་པའི། །དངོས་པོའི་ངོ་བོ་གང་ཡིན་པ། །སྐད་ཅིག་ཏུ་བརྗོད་དེ་གང་ལ། །ཡོད་པ་སྐད་ཅིག་མར་འདོད་དོ། །དོན་ལ་ཐ་དད་མེད་ན་ཡང༌། །དེ་འདི་ལ་འདི་ཞེས་གནོད་མེད། །འདོད་པས་སྦྱར་བའི་བརྡ་ཙམ་གྱི། །དངོས་པོ་རྗོད་པར་བྱེད་པ་ཡིན། །བྱུང་མ་ཐག་ཏུ་མི་གནས་པའི། །དངོས་ལ་དེ་ལྟར་བརྗོད་འདོད་པ། །དེ་ལ་སྒྲ་ནི་རྐྱེན་བཅས་པ་འམ། །རྐྱན་མེད་རབ་ཏུ་སྦྱོར་བར་འགྱུར། །གལ་ཏེ་ནམ་མཁའ་དུས་ལ་སོགས། །དེ་དག་ཡོད་འགྱུར་དེ་ལྟར་ན། །དེ་དག་ཀྱང་ནི་བྱས་བཞིན་དུ། །སྐད་ཅིག་འཇིག་འདི་ལས་མི་འདའ། །འདི་ལྟར་གང་ཟག་ཡོད་ཅེས་པས། །དེ་ཀུན་སྐད་ཅིག་འཇིག་ཅན་དེ། །དཔེར་ན་འདུས་བྱས་དངོས་པོ་དག །དེ་ལྟར་དེ་མ་ཐག་གྲུབ་བཞིན། །ནམ་མཁའ་དུས་དང་དབང་ཕྱུག་སོགས། །འདི་ཡང་ཁྱོད་ཀྱི་ཡོད་པར་འདོད། །དེ་དག་སྐད་ཅིག་མ་ཉིད་དང༌། །བྲལ་ན་མེད་པར་ཐལ་བར་འགྱུར། །གང་ཕྱིར་བརྟན་པའི་དངོས་པོ་རྣམས། །རིམ་གྱིས་སམ་ནི་ཅོག་ཅར་དུའང༌། །དོན་གྱི་བྱ་བ་བྱེད་མིན་པ། །དེ་ཕྱིར་དེ་དག་མེད་པར་འདོད། །རྒྱུ་ནི་ཉེ་བ་མེད་པའི་ཕྱིར། །འབྲས་བུ་རྣམས་ནི་སྡོད་པར་བྱེད། །ནུས་པའི་རྒྱུ་ནི་ཡོད་གྱུར་ན། །དེ་དག་སྡོད་པར་གང་གིས་བྱས། །འོན་ཏེའང་རྟག་ལ་རིམ་ཅན་གྱི། །ལྷན་ཅིག་བྱེད་རྣམས་ཡོད་གྱུར་ན། །འདི་ནི་གང་དག་ལ་ནི་ལྟོས། །འབྲས་བུའི་ཚོགས་རིམ་རྟེན་པར་བྱེད། །འདི་ལེགས་འོན་ཀྱང་དེ་ལ་ནི། །ལྷན་ཅིག་བྱེད་དེ་རྣམས་ཡོད་པ། །རུང་བའི་ངོ་བོའི་རྒྱུ་ཉིད་
ཕྱིར། །དོན་གཅིག་བྱེད་པས་ཡིན་ནམ་ཅི། །རུང་བའི་ངོ་བོའི་རྒྱུ་ཉིད་ན། །དངོས་དེ་དག་གི་བྱས་འགྱུར་ན། །དེ་ཡང་བྱ་བར་མི་ནུས་ཕྱིར། །དེ་རང་བཞིན་དུ་རྟག་གནས་པ། །འདི་ཡི་རང་བཞིན་བྱས་ན་ཡང༌། །འདི་ཡི་རྟག་པ་ཉམས་པར་འགྱུར། །དེ་ལས་ཁྱད་པར་ཐ་དད་ནི། །འདི་ནི་བྱེད་པོར་ཇི་ལྟར་འགྱུར། །དེ་ཡོད་ན་ནི་འབྲས་བུ་དག །སྐྱེད་པའི་ཕྱིར་དང་དེ་མེད་ན། །མི་སྐྱེད་ཕྱིར་ཏེ་དེ་ལྟར་ན། །དེ་ཉིད་རྒྱུ་ཉིད་རྣམ་པར་གནས། །འོན་ཏེ་དེ་དང་འབྲེལ་པའི་ཕྱིར། །དེ་ལའང་རྒྱུ་ཉིད་ཡོད་པ་ན། །དེ་དག་ལས་འབྲེལ་གང་ཡིན་འདོད། །ཐ་དད་ཕྱིར་ན་དེ་བདག་མིན། །དེ་ནི་དེ་ལས་འབྱུང་བའང་མིན། །ཅིག་ཅར་པར་དུ་ཐལ་ཕྱིར་རོ། །དེ་ལས་ཀྱང་ནི་འབྲས་བུ་རྣམས། །ཅིག་ཅར་ཉིད་དུ་སྐྱེད་པར་འགྱུར། །དེ་ལའང་གཞན་ལ་ལྟོས་པ་ན། །ཐུག་པ་མེད་པར་ཐལ་བར་འགྱུར། །དེ་ལས་འབྲས་བུ་དུས་གཅིག་ནའང༌། །འབྲེལ་པ་མེད་ཕྱིར་བརྟག་མི་བྱ། །གལ་ཏེ་འབྲེལ་པ་འདུ་བ་ཡིན། །དེ་ལའང་འདིར་ནི་དཔྱང་བྱ་སྟེ། །དེ་ནི་དེ་ལ་འགྱུར་བའམ། །དེ་ལྟ་མ་ཡིན་ཞེས་བྱ་བ། །འདུ་བ་ཅན་དུ་འདོད་དམ་ཅི། །གལ་ཏེ་རྟོག་པ་དང་པོ་འཛིན། །དེ་ལས་བྱུང་བ་དེ་ཉིད་ཐོབ། །དེ་ཡང་དེ་མ་ཐག་གསལ་ཟིན། །གལ་ཏེ་ན་ནི་དེ་ལ་འདི། །ཕན་མི་བྱེད་པར་འདོད་གྱུར་ན། །དངོས་གཞན་ཀུན་ཀྱང་དེ་བཞིན་དུ། །འདུ་བ་ཅན་འགྱུར་ཁྱད་པར་མེད། །ཐ་དད་ཐ་དད་མེད་རྣམ་རྟོག །སོ་སོ་དག་ཏུ་བཀག་པའི་ཕྱིར། །ངོ་བོ་གཉིས་ཅན་ཁྱད་པར་ནི། །དངོས་པོ་དེ་ལ་བསལ་བ་ཡིན། །གང་ཟག་ལ་སོགས་རྟགས་རྣམས་སུ། །ཕུང་པོ་གཉིས་ནི་བསྟན་པའི་ཕྱིར། །ངོ་བོ་གཉིས་ཅན་ཁྱད་པར་མེད། །གཉིས་མེད་བདག་ཉིད་ཅན་ཡང་མེད། །འོན་ཏེ་ལྷན་ཅིག་བྱེད་པ་ཡི། །རྐྱེན་ལས་འཇུག་པ་མི་ལྟོས་པ། །དེ་ལྟ་ན་ཡང་དེ་བྲལ་འདི། །བྱེད་པ་མ་ཡིན་མཐའ་རྒྱུ་བཞིན། །དེ་ཡི་བདག་གི་རང་བཞིན་འདི། །དེ་དག་ཉིད་ནི་ཉེ་བ་ན། །བྱེད་
པོ་ཉིད་ཡིན་དེ་ཕྱིར་དེ། །ཡོད་ནའང་ཀུན་ཚེ་འབྲས་བུ་མིན། །དེ་ལྟ་ཡིན་ན་འོན་ཀྱང་ནི། །ཚོགས་པ་ན་དེ་རང་བཞིན་འདོད། །གང་དེ་མཚོགས་ན་འདོད་ན། །དེར་འབྲེལ་རང་བཞིན་ཡོད་ན་ནི། །དེ་དག་ཀྱང་ནི་འདི་གནས་ཕྱིར། །བྲལ་བའི་ངོ་བོའི་གཞན་ཡིན་ན། །གཅིག་པ་ཉིད་ནི་ཉམས་པར་འགྱུར། །དེ་ཕྱིར་དེ་ལྟར་ལྟོས་པས་ཀྱང༌། །འབྲས་བུ་རྣམས་ནི་རིམ་སྐྱེའམ་མིན། །ཅིག་ཅར་མི་འདོད་ཉིད་དང་ནི། །དེ་འབྲས་རིམ་གྱིས་མཐོང་ཕྱིར་རོ། །གལ་ཏེ་འབྲས་བུ་མ་ལུས་རྣམས། །ཅིག་ཅར་བྱས་ནས་ནུས་པ་ཡི། །བདག་ཉིད་དོན་དེ་ལྡོག་འགྱུར་ན། །འདི་ནི་སྐད་ཅིག་འཇིག་ཅན་གྲུབ། །དེ་དངོས་ཅན་ནི་རྗེས་འཇུག་ན། །སླར་ཡང་འབྲས་བུ་སྐྱེ་བར་འགྱུར། །ཅུང་ཟད་མི་བྱེད་ངོ་བོ་ནི། །ཇི་ལྟར་ཡང་ནི་ཉིད་དུ་འདོད། །ནུས་པ་ཀུན་གྱིས་སྟོང་ཉིད་ཕྱིར། །རྒྱུ་སྐར་ལམ་གྱི་པདྨ་བཞིན། །སྐད་ཅིག་ཡིན་པར་ཐམས་ཅད་མེད། །གང་ཕྱིར་ནུས་པ་དངོས་མཚན་ཉིད། །ནུས་པའི་མཚན་ཉིད་དངོས་ཉིད་འདི། །ཅི་སྟེ་ཁས་ལེན་མི་བྱེད་ན། །གལ་ཏེ་དེ་ལྟར་གཞན་དག་གིས། །དངོས་པོའི་མཚན་ཉིད་གཞན་སྟོན་གྱིས། །གལ་ཏེ་དངོས་པོའི་མཚན་ཉིད་ནི། །ཡོད་ཉིད་དང་འབྲེལ་འདོད་དེ་མིན། །འདུ་སོགས་མ་གྲུབ་ཕྱིར་དང་ནི། །ཇི་ལྟར་གཞན་ནི་གཞན་མཚན་ཉིད། །དོན་བྱེད་དོན་དུ་གཉེར་བྱེད་པ། །གཡེང་བ་མེད་པའི་བློ་ཅན་གྱི། །དོན་ལ་དཔྱོད་སོགས་བྱ་བ་ཀུན། །རིགས་ཀྱི་སྨྱོན་པ་ཉིད་ཀྱིས་མིན། །མྱོས་པར་གྱུར་པས་ཀྱང་མ་ཡིན། །དེ་ལ་གང་དག་འགའ་ཞིག་ལ། །ལ་ལར་དུས་འགར་ཇི་ལྟར་ཡང༌། །ཉེ་བར་མཁོ་གྱུར་དེ་ཉིད་ལ། །ཡོད་ཉིད་རྣམ་གཞག་རིག་པ་ཡིན། །དེ་ཡི་དངོས་ཅན་དོན་ཉིད་ལ། །སྐད་ཅིག་མ་ཉིད་རབ་སྒྲུབ་བྱེད། །ཐམས་ཅད་སྡུད་ཕྱིར་ཁྱད་པར་ནི། །དེ་ཉིད་ལ་ནི་བརྗོད་པར་བྱ། །མོ་གཤམ་གྱི་ནི་བུ་ལྟ་བུའི། །ནུས་པ་མ་ལུས་སྟོང་པ་གང༌། །ཐམས་ཅད་མཁྱེན་པའི་ཐུགས་ཀྱི་ཡང༌། །ནམ་
ཡང་རྒྱུ་ཉིད་མ་ཡིན་པ། །དེ་ལ་མཁས་པས་ཡོད་ཉིད་ཀྱི། །རྣམ་གཞག་འདི་ནི་ཡོད་མི་བྱ། །རྒྱུ་མེད་ཕྱིར་རོ་འབྲས་བུ་དང༌། །ངོ་བོ་འབྲས་སོགས་མ་མཐོང་ཕྱིར། །དེ་ལ་སྐད་ཅིག་མ་ཉིད་དུ། །བསྒྲུབས་པས་དོན་ནི་ཅུང་ཟད་མེད། །དེ་ལ་བརྒལ་ཞིང་བརྟག་པ་ཡང༌། །བྱེད་པའང་འབྲས་བུ་མེད་པ་ཡིན། །འོན་ཏེ་ནམ་མཁའི་པདྨ་སོགས། །རང་གིས་ཤེས་པའི་རྒྱུར་གྱུར་ཕྱིར། །དོན་གྱི་བྱ་བ་བྱེད་ནུས་ཀྱང༌། །དེ་དག་དངོས་པོར་ཡོད་མ་ཡིན། །ནམ་མཁའི་ཆུ་སྐྱེས་པད་སོགས་ལ། །དེར་རྟོགས་བག་ཆགས་ཙམ་ལས་ནི། །འབྱུང་བ་དམིགས་པ་མེད་ཉིད་ནི། །ཤེས་པ་འདི་ནི་རབ་ཏུ་བྱེད། །མེད་པ་རྒྱུ་ཉིད་ཡིན་ན་ནི། །རྒྱུན་མི་འཆད་པར་འབྱུང་བར་འགྱུར། །རྟག་ཏུ་ཁྱད་པར་མེད་ཉིད་ཕྱིར། །དངོས་མེད་ལྟོས་པ་ཅི་ཡང་མེད། །སྐད་ཅིག་པ་ཡི་དངོས་རྣམས་ཀྱང༌། །ཇི་ལྟར་དོན་བྱེད་པ་ཉིད་ཡོད། །ཐོག་མའི་ལྷན་ཅིག་བྱེད་རྣམས་ནི། །ཕན་ཚུན་ཁྱད་པར་བྱེད་མིན་ཏེ། །སྐྱེས་ན་བདག་ཀུན་གྲུབ་ཕྱིར་དང༌། །མ་སྐྱེས་རང་བཞིན་མེད་ཕྱིར་རོ། །ཁྱད་པར་མེད་ལས་ཁྱད་པར་ནི། །འབྱུང་ན་འབྲས་བུ་ཅིས་མི་འབྱུང༌། །གཞན་ལ་ཁྱད་པར་ཅན་དེ་མིན། །བརྒལ་ཞིང་བརྟག་པ་མཚུངས་ཕྱིར་རོ། །ཁྱེད་ལ་ལྷན་ཅིག་བྱེད་པའི་ཚོགས། །ཐུག་པ་མེད་པར་ཡང་འགྱུར་རོ། །དེ་ལྟར་གང་ཕྱིར་དེ་དག་ནི། །རིམ་དང་ཅིག་ཅར་དོན་བྱ་མེད། །མི་འགྱུར་དེ་ཕྱིར་དེ་དག་ནི། །སྐད་ཅིག་མ་ཉིད་རྟེན་དོན་མེད། །དེ་ལྟར་ལྷན་ཅིག་བྱེད་བྱས་པས། །གང་ཚེ་ལ་ལར་ཁྱད་མེད་ན། །དེ་ཚེ་དེ་ཕྱིར་དུས་ཀུན་དུ། །རྒྱུན་ཡང་ཁྱད་པར་མེད་པ་ཉིད། །དེ་ཚེ་དེ་ཕྱིར་རྒྱུན་ལ་ཡང༌། །གལ་ཏེ་འཇིག་པ་རྒྱུ་མེད་ནི། །འདི་ནི་ཐོག་མ་ཉིད་དུ་འགྱུར། །གལ་ཏེ་ཐོག་མ་འདི་མེད་ན། །མཐའ་ཡང་དེ་ནི་ཇི་ལྟར་འགྱུར། །གལ་ཏེ་དངོས་པོ་འཇིག་པ་ལ། །རང་གི་རྒྱུ་ལས་རྒྱུ་གཞན་ནི། །མི་འདོད་ན་ནི་དེ་དག་ལ། །འགའ་ཞིག་ཏུ་ནི་ཇི་ལྟར་
ལགས། །སྨྲས་པ་ཐོག་མའི་གནས་སྐབས་རྣམས། །ཕན་ཚུན་ཕན་པ་བྱེད་ཉིད་ན། །དེ་དག་དོན་ཅིག་བྱེད་ཉིད་ཀྱིས། །ལྷན་ཅིག་བྱེད་རྣམས་སུ་འགྱུར་ཏེ། །ཕན་ཚུན་ཕན་བྱེད་མིན་ན་ཡང༌། །འདི་དག་ཁྱད་པར་ཡོད་གང་ཕྱིར། །རང་གི་ཉེར་ལེན་སྟོབས་ལས་བྱུང༌། །སྐྱེ་བྱེད་ཚོགས་པའི་ཐ་དད་ཡིན། །དེ་ལས་བརྩམས་ནས་གང་སྐྱེས་པའི། །ཁྱད་པར་དེ་དག་དེས་བྱས་པའོ། །དེ་ལ་ དགོངས་པ ་དེ་དག་ནི། །དངོས་དེའི་རང་བཞིན་ཅན་ཡིན་ཕྱིར། །དངོས་རྣམས་སྐད་ཅིག་སོ་སོར་ནི། །ནུས་པ་ངེས་པ་བསམ་མི་ཁྱབ། །འབྱུང་བ་བརྟག་པར་བྱ་མིན་ཏེ། །མེ་ལ་སྲེག་པར་བྱེད་ཉིད་བཞིན། །རྒྱུན་ཆད་ངོ་བོ་གང་ཡིན་པའི། །འཇིག་པ་རྒྱུ་དང་ལྡན་པ་མིན། །དེ་ནི་མཐར་ཡང་འབྱུང་ཡོད་མིན། །དེ་ལྟར་སྐྱེ་བ་བཀག་པ་ཡིན། །གྱོ་མོ་ལ་སོགས་མི་འདྲ་བའི། །སྐྱེ་བ་རྒྱུ་དང་བཅས་པ་སྟེ། །དེ་ཡང་ཐོག་མར་སྐྱེས་མིན་ཉིད། །དེ་ཚེ་རྒྱུ་ནི་མེད་ཕྱིར་རོ། །དངོས་པོ་སྐད་ཅིག་མ་རྣམས་ནི། །རྣམ་གཉིས་ཁ་ཅིག་འགྲིབ་པའི་རྒྱུ། །གྲང་བ་སོགས་ཀྱིས་མེ་སོགས་བཞིན། །གཞན་དག་དེ་ལྟ་མིན་པ་ཡི། །ཐོག་མར་སྨྲས་པ་རྒྱུ་འབྲས་བུ། །ཡིན་ནའང་དེ་ཉིད་མ་མཐོང་བའི། །འཇིག་རྟེན་པ་ཡིས་འགལ་བ་ནི། །རྣམ་པ་དུ་མར་མངོན་པར་ཞེན། །དངོས་པོ་རྣམས་ལ་གནོད་བྱ་དང༌། །གནོད་བྱེད་དངོས་པོ་དོན་དམ་པར། །ཡོད་མིན་དེ་ཉིད་ཕྱིར་ན་ཡང༌། །འགལ་བ་རྟོགས་པ་ཞེས་བཤད་དོ། །འོ་ན་དབང་པོ་བྱ་བ་ནི། །ཡོད་ན་མི་གཡོ་གནོད་མེད་ཅན། །དེ་ཉིད་འདི་ཡིན་ཞེས་བྱ་བའི། །ངོ་ཤེས་པ་ནི་ཉེ་བར་སྐྱེ། །དེ་ཕྱིར་སྐད་ཅིག་གིས་འཇིག་པར། །བསྒྲུབ་ཕྱིར་བཀོད་པའི་གཏན་ཚིགས་ནི། །ཀུན་ལ་མངོན་སུམ་གྱིས་གནོད་འདི། །བཟློག་དཀའ་བར་ནི་ཐལ་བར་འགྱུར། །ངོ་ཤེས་པར་ནི་གྱུར་ན་ནི། །མངོན་སུམ་ཡིན་པར་མི་འཐད་དེ། །གང་ཕྱིར་དེ་ནི་རྣམ་རྟོག་བཅས། །དངོས་པོའི་ངོ་བོ་བསྟན་བྱ་མིན། །ངོ་ཤེས་པ་ནི་འཁྲུལ་པ་
སྟེ། །མངོན་སུམ་མཚན་ཉིད་དེ་ལས་གཞན། །ཐ་དད་མིན་པའི་ཞེན་པ་ཡིས། །ཐ་དད་དངོས་ལའང་འཇུག་ཕྱིར་རོ། །མངོན་སུམ་དེ་ལས་གཞན་པ་ཡིན། །གལ་ཏེ་འདི་ནི་སྔར་རྟོགས་པའི། །རྣམ་པའི་སྤྱོད་ཡུལ་ཅན་འགྱུར་ན། །འདི་ནི་སྔར་ཉིད་སྐྱེ་འགྱུར་ཏེ། །དེ་དོན་ཅན་ཕྱིར་སྔོན་བློ་བཞིན། །དེ་ལྟར་མ་ཡིན་དེས་ན་འདི། །དོན་དེ་འཛིན་བྱེད་འདོད་མིན་ཏེ། །དེ་ཤེས་དུས་སུ་མི་སྐྱེ་ཕྱིར། །ཡུལ་གཞན་གྱི་ནི་བློ་བཞིན་ནོ། །ཐ་དད་མིན་པའི་ཞེན་པ་ཡིས། །ཐ་དད་དངོས་ལ་འང་འཇུག་ཕྱིར་རོ། །སྒོང་གི་འཁྲུལ་པའི་ཤེས་པ་བཞིན། །འདི་ནི་འཁྲུལ་པར་གནས་པ་ཡིན། །བྱ་བ་བསྒྲུབ་པའི་དོན་ལ་ཡང༌། །འཇུག་པའི་ཕྱིར་དྲན་སོགས་བཞིན་ཏེ། །བྱེད་པའི་དོན་ནི་རྣམ་ཉམས་ཕྱིར། །འདི་ནི་ཚད་མར་རིགས་མ་ཡིན། །ད་ལྟར་དུས་སུ་ཡོད་པ་ཉིད། །སྔ་མའི་བློ་ཡིས་ཤེས་པ་ཉིད། །དེ་ཕྱིར་དྲན་པ་ལ་མེད་གང༌། །ཁྱད་པར་འདི་ལ་ཡོད་མིན་ཏེ། །གང་ཕྱིར་སྔར་ནི་ཤེས་ཙམ་ལ། །དེ་ཡིན་ཞེས་བྱས་དྲན་པ་སྐྱེ། །དེ་ཉིད་འདི་ཞེས་བྱ་བ་ཡི། །ངོ་ཤེས་པར་ནི་ཁྱད་པར་ཅན། །ཐེ་ཚོམ་ཕྱིན་ཅི་ལོག་གང་དང༌། །དེ་དག་སྤངས་ནས་ངོ་ཤེས་པ། །ཚད་མ་ཉིད་ནི་ཐོབ་པར་བྱེད། །ཤེས་པར་གྱུར་ལ་མེད་ཕྱིར་རོ། །ཅིག་ཤོས་ཀྱིས་ནི་རྟོགས་དོན་ཡོད། །མངོན་སུམ་གྱིས་ནི་བཅད་པ་ལ། །ཅིག་ཤོས་སྐྱེ་བ་སྲིད་པ་མིན། །ཚང་མ་གཙོ་བོ་བརྟན་པ་ཡིས། །ངེས་པར་བཟུང་བའི་དོན་ཉིད་ལ། །ཅིག་ཤོས་སྟོབས་ཆུང་དག་གིས་ཕྱིར། །བཟློག་པར་སུ་ཞིག་ཞེན་པར་བྱེད། །འོ་ན་ད་ལྟ་ཡོད་དེ་ཉིད། །གང་ཚེ་ཁྱོད་ཀྱིས་ཐ་དད་འདོད། །དེ་ཚེ་སྔར་ཡོད་དངོས་པོ་ལས། །ཐ་དད་ཁྱོད་ཉིད་ཀྱིས་བསྟན་ཏོ། །ཡོད་པ་གཞན་ཉིད་མ་ཡིན་ནའང༌། །ཇི་ལྟར་སྔར་བློས་ཤེས་པ་མིན། །དེ་ཤེས་མིན་ན་དངོས་པོ་ཉིད། །མ་དམིགས་བར་ནི་ཐལ་བར་འགྱུར། །རྗེས་དཔག་ལ་སོགས་ཀྱི་སྤྱོད་ཡུལ། །མངོན་སུམ་གྱིས་ནི་གནོད་པ་ན། །རྗེས་དཔག་ལ་
སོགས་ཚད་མ་མེད། །གནོད་ཕྱིར་རབ་རིབ་ཅན་སོགས་བཞིན། །དོན་ལ་མི་སླུ་བ་ཉིད་དུ། །མཚུངས་ན་འདི་ཅིས་གཙོ་བོ་ཡིན། །དེ་ཡོད་མིན་ན་རྗེས་དཔག་སོགས། །ཚད་མར་འགྱུར་པ་མ་ཡིན་ཉིད། །འོ་ན་གཏན་ཚིགས་ཐམས་ཅད་ཀྱི། །ཐམས་ཅད་ཉེ་བསུས་ཁྱབ་པ་ལ། །རྗེས་སུ་དཔག་པ་འདིས་གནོད་ཅིང༌། །དམ་བཅའི་དོན་ལ་གནོད་པ་ཡང༌། །བརྗོད་འདོད་ཉི་ཟླ་སོགས་པ་ཡི། །ཡུལ་ཅན་ཤེས་པ་གང་ཡིན་གཞན། །དེ་དུས་དང་འབྲེལ་ཉི་སོགས་ཀྱི། །ཡུལ་ཅན་དུ་ནི་འཇུག་བྱེད་དེ། །ས་ལས་བྱུང་ཡུལ་ཅན་མིན་པ། །དེ་ཤེས་ཉིད་དུ་བརྗོད་པའི་ཕྱིར། །དཔེར་ན་དང་པོའི་ཤེས་པ་ནི། །རང་དུས་ཉི་སོགས་ཡུལ་ཅན་བཞིན། །གཟུགས་ཉིད་སོགས་པ་རྟེན་ཀུན་དང༌། །དེ་དག་གི་ནི་རྟེན་གང་དང༌། །དེ་རྣམས་གང་ལ་ཡང་དག་རྟེན། །འགའ་ཞིག་དེ་ཡི་ཡུལ་གང་ཡིན། །འགའ་ཞིག་དེ་ལྟར་སྐྱེ་འགྱུར་བ། །དེ་དག་སྐྱེས་མ་ཐག་ཏུ་ནི། །འཇིག་ལ་རྟེན་པ་ཉིད་མིན་ཏེ། །གཞལ་བྱ་ཉིད་དང་བརྗོད་བྱ་ཉིད། །གཏན་ཚིགས་ཕྱིར་ནི་མཁའ་པད་བཞིན། །རྣམ་པར་རྩོད་པའི་ཡུལ་གྱུར་པའི། །ཤེས་པ་རིམ་གྱིས་འབྱུང་གང་དག །དེ་རྣམས་ཐམས་ཅད་ཡུལ་གཅིག་ཅན། །ཡིན་ནོ་ཞེས་ནི་བརྗོད་བྱ་སྟེ། །གནོད་མེད་རྟེན་གཅིག་ཅན་ཉིད་ན། །བརྗོད་པ་མཐུན་བར་སྦྱོར་བའི་ཕྱིར། །དཔེར་ན་ད་ལྟའི་སྐད་ཅིག་མ། །གཅིག་ལ་དུ་མའི་བློ་རྣམས་བཞིན། །རེ་ཞིག་གཏན་ཚིགས་དང་པོ་ལ། །དཔེར་ན་བསྒྲུབ་བྱས་སྟོང་པ་སྟེ། །ཡུལ་ཉིད་རྒྱུད་ཉིད་ཡིན་པའི་ཕྱིར། །ཤེས་པའི་རང་གི་དུས་ཅན་མིན།། གང་ཚེ་ཉི་མ་སོགས་པའི་སྒྲ། །འདོད་པ་ཙམ་གྱིས་འབྱུང་དག་རྣམས། །མར་མེ་སོགས་ལ་སྦྱར་བྱ་བ། །དེ་ཤེལ་དག་གིས་འཁྲུལ་པ་ཉིད། །རིགས་སོགས་རང་བཞིན་མེད་པའི་ཕྱིར། །སྐད་ཅིག་གིས་འདོད་ཅན་འདོད་
མིན། །དེ་མེད་པར་ནི་བསྒྲུབ་པའི་ཕྱིར། །སྒྲུབ་བྱེད་བསྟན་པ་དོན་མེད་ཡིན། །སྒྲ་མཚུངས་པ་ཡིས་བརྗོད་བྱ་ཉིད། །མར་མེ་ལ་སོགས་ཤེས་པ་ལའང༌། །འཇུག་པ་དེ་ཕྱིར་དེ་ཡིས་ནི། །གཏན་ཚིགས་འདི་ནི་འཁྲུལ་བར་འགྱུར། །དེ་དག་ལ་ནི་གཞི་མཐུན་ཉིད། །གནོད་འགྱུར་དུ་ནི་རྟོག་ཅེ་ན། །བརྗོད་པར་འདོད་པའང་གནོད་པ་འདི། །གསལ་བར་ཅི་ཡི་ཕྱིར་མ་མཐོང༌། །རྩོད་པའི་གནས་སུ་གྱུར་པ་ཡི། །བློ་རྣམས་དོན་ཞིག་ཡུལ་ཅན་མིན། །རིམ་གྱིས་འབྱུང་བ་ཉིད་ཀྱི་ཕྱིར། །གློག་དང་མར་མེ་སོགས་བློ་བཞིན། །དོན་གཅིག་ལས་བྱུང་ཤེས་རྣམས་ལ། །རིམ་གྱིས་འབྱུང་བ་འགལ་བ་ཡིན། །གཞན་གྱིས་ཐ་དད་བྱ་མིན་པ། །དེ་ལ་ལྟོས་པ་འགལ་ཕྱིར་རོ། །གཏན་ཚིགས་དེ་རྣམས་ཐམས་ཅད་ལ། །ལྡོག་པ་ཐེ་ཚོམ་ཟ་ཉིད་དེ། །མི་མཐུན་ཕྱོགས་ལ་ཞུགས་པ་ལ། །གནོད་བྱེད་བསྟན་ པ་མེད་ཕྱིར་རོ། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་བ་ལས་བརྟན་པའི་དངོས་པོ་བརྟག་པ་སྟེ་བཅུ་གསུམ་པའོ།། །།