༄༅།། མཚན་དོན་དང་འགྱུར་ཕྱག་བཤད་པ།
བླ་མ་དང་གཉིས་སུ་མེད་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ།།
དད་པའི་འདབ་སྟོང་བཞད་པའི་གེ་སར་ལ།།
གུས་པས་རྟག་ཏུ་ལེགས་མཆོད་ཆོས་ཀྱི་རྗེ།།
གཞོན་ནུ་སྨྲ་བའི་ཉི་མ་གང་དེ་ཡིས།།
འགྲོ་འདིར་མཁའ་ཁྱབ་བློ་གྲོས་སྣང་བ་སྩོལ།།
ཀུན་མཁྱེན་རྒྱལ་བ་མཆོག་དང་རྒྱལ་བའི་སྲས།།
མ་ཕམ་འཇམ་དབྱངས་གསང་བདག་ཀུན་ཏུ་བཟང༌།།
ཕྱོགས་གླང་ཆོས་གྲགས་ཞི་འཚོ་ཡབ་སྲས་སོགས།།
བརྒྱུད་པའི་བླ་མ་རྣམས་ལ་མགོས་ཕྱག་འཚལ།།
ཚད་མར་གྱུར་པ་རྒྱལ་དང་རྒྱལ་བའི་གསུང༌།།
དངོས་སྟོབས་ཚད་མའི་ལམ་ནས་གསལ་བྱེད་པ།།
ཆོས་ཀྱི་གྲགས་པའི་གཞུང་བཟང་སྲིད་པའི་མིག།
རིགས་པའི་ནང་ན་རིགས་པའི་སྙིང་པོ་ཡིན།།
དེ་ཕྱིར་གཞན་ལ་ཕན་འདོད་བརྩེ་བའི་བློས།།
གསལ་བར་བརྗོད་པའི་འགྲེལ་བཤད་འདི་བགྱིད་ན།།
མཁའ་ཁྱབ་ཞིང་གི་རྒྱལ་བ་སྲས་བཅས་ཀྱི།།
ཡེ་ཤེས་གཟིགས་པས་བསྟན་འགྲོར་སྨན་པར་མཛོད།།དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷཱ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང༌། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །ཅེས་ལུང་བསྟན་པ་བཞིན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཞེས་སྙན་པའི་བ་དན་ཆེན་པོ་ས་གསུམ་དུ་ཁྱབ་པར་བསྒྲེངས་པ་གང་གི་རིགས་ལམ་སེངྒེའི་ང་རོས་བདུད་དང་མུ་སྟེགས་ཀྱི་རྒོལ་བ་མཐའ་དག་ཚར་བཅད་དེ་ཡང་དག་པའི་ཆོས་ཀྱི་སྣང་བ་མཁའ་ཁྱབ་ཏུ་སྤེལ་བར་མཛད་པའི་ལེགས་བཤད་ཆེན་པོ་ཆེས་རྨད་དུ་བྱུང་བའི་ངོ་མཚར་དང་ལྡན་པ་ཚད་མ་རིགས་པའི་སྡེ་བདུན་གྱི་གཙོ་བོ།
རྒྱས་པའི་བསྟན་བཅོས་ཚད་མ་རྣམ་པར་འགྲེལ་པ་འདི་འཆད་པ་ལ་དོན་བཞི་སྟེ། མཚན་དོན་འགྱུར་ཕྱག་གཞུང་དང་མཇུག་དོན་ནོ། །དང་པོ།
རྒྱ་གར་སྐད་དུ། པྲ་མ་ཎ་བཱར་ཏཱི་ཀ་ཀཱ་རི་ཀཱ།བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།རྒྱ༷་ག༷ར་སྐད༷་དུ༷་པྲ༷་མཱ༷་ཎ༷་ཚད་མ། བཱ༷ར་ཏཱི་ཀ༷་རྣམ་པར་འགྲེལ་པ། ཀཱ༷་རི་ཀཱ༷་ཚིག་ལེའུར་བྱས་པ་སྟེ། པྲ་ནི་རབ་དང་དང་པོ་སོགས་ལ་འཇུག མཱ་ཎ་འཇལ་བ་ལ་འཇུག་པས་དང་པོར་འཇལ་བའམ་རབ་ཏུ་འཇལ་བ་སྟེ། དོན་མ་ནོར་བར་འཇལ་བའམ། གསར་དུ་མི་སླུ་བའི་རིག་པ་ལ་འཇུག་ཅིང༌། དེ་ལ་དོན་འགྱུར་དུ་ཚད་མ་ཞེས་པར་མཛད་ལ། དེ་ལྟ་བུ་བརྗོད་བྱར་བསྟན་པའི་གཞུང་ཚད་མ་ཀུན་ལས་བཏུས་པ་ནི་སྐབས་འདིའི་ཚད་མ་ཡིན་ལ། དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་གཞུང་འདི་ཉིད་ཀྱིས་རྣམ་པར་འགྲེལ་བས་ན་ཚད་མ་རྣམ་པར་འགྲེལ་པ་ཞེས་བྱའོ། །ཡི་གེ་བརྒྱད་པ་རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཅན་དུ་མཛད་པས་ན་ཚིག་ལེའུར་བྱས་པ་ཞེས་སོ།།
གཉིས་པ་འགྱུར་ཕྱག་ནི།
འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།སྔ་འགྱུར་གྱི་དུས་སུའང་གཞུང་འདི་བསྒྱུར་ཟིན་ཀྱང་ཞུས་དག་མ་གྲུབ་པ་དཀར་ཆག་ལྡན་དཀར་མ་སོགས་སུ་གསལ་ལ། ཕྱིས་རྨ་དགེ་བློ་དང༌། རྔོག་ལོ་ཆེན་པོ། ས་སྐྱ་པཎ་ཆེན་རྣམས་ཀྱིས་བསྒྱུར་ཞུས་གཏན་ལ་ཕབ་པའི་ཚེ་འགྱུར་ཕྱག་ཏུ་བཀོད་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་སོ།།
གསུམ་པ་གཞུང་དོན་ལ། རྩོམ་པའི་ཡན་ལག་བརྩམ་བྱ་གཞུང་དང་ནི། །རྩོམ་པ་རྫོགས་པ་མཇུག་གི་དོན་དང་གསུམ། །དང་པོ་ལ། མཆོད་པར་བརྗོད་དང་རྩོམ་པའི་ དགོས་པ ་བསྟན། །དང་པོ།
རྟོག་པའི་དྲྭ་བ་རྣམ་བསལ་ཅིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ།།ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།།བདག་ཏུ་འཛིན་པ་སོགས་ཁམས་གསུམ་གྱི་སེམས་དང་སེམས་བྱུང་གང་ཞིག་གཟུང་འཛིན་གྱི་ཀུན་ཏུ་རྟོག་པ༷འི་དྲྭ༷་བ༷་ལྟ་བུ་འཁོར་བར་འཆིང་བྱེད་དང་རང་རྒྱུད་འཆིང་བར་བྱེད་པ་རྣམས། གཉེན་པོའི་ཡེ་ཤེས་ཀྱིས་སླར་མི་སྐྱེ་བའི་ཆོས་ཅན་དུ་རྣ༷མ་པར་བས༷ལ་ཅིང༌། མཆོག་ཏུ་ཟབ་པ་སོ་སྐྱེ་དང་ཉན་རང་གིས་མི་དཔོག་པའི་ཇི་ལྟ་བ་གཟིགས་པས་ཟ༷བ་ཅིང༌། རྒྱ༷་ཆེ་བ་ཤེས་བྱ་མཐའ་ཡས་པ༷འི་དོན་གཅིག་ཅར་གཟིགས་པའི་མཁྱེན་གཉིས་ཡེ་ཤེས་ཀྱི་སྐུ༷་མང༷འ་བ༷་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འགྲོ་བ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་ཕུན་སུམ་ཚོགས་པར་མཛད་པའི་ཕྲིན་ལས་རྣམ་པར་དཀར་བ་ཉེས་པའི་དྲི་མ་ཡོང་ཡེ་མི་མངའ་བའི་ཀུ༷ན་ཏུ༷་བཟ༷ང་པོའི་འོད་ཟེར་ད༷ག ཕྱོགས་དང་དུས་ཀྱི་མུ་མཐར་ཀུ༷ན་ན༷ས་འཕྲོ་བར་མཛད་པ་དེ་ལ༷་ཕྱག༷་འཚ༷ལ་ལོ། །ཞེས་པ་སྟེ་ཚིག་འདི་སྐུ་བཞི་ཕྲིན་ལས་དང་བཅས་པ་ལ་སྦྱར་བ་དང༌། སྤངས་རྟོགས་ཕྲིན་ལས་གསུམ་དང་སྦྱར་བ་དང༌། ཕྲིན་ལས་ཀྱི་སྐབས་སུ་མི་ཤེས་པའི་མུན་པ་སེལ་ཞིང་ཤེས་བྱའི་དེ་ཉིད་སྟོན་པའི་གསུང་གི་མཛད་པ་གཙོ་བོར་གྱུར་པའི་ཕྲིན་ལས་ཀུན་ཏུ་བཟང་པོའི་འོད་ཟེར་དག་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་ཀུན་ནས་འཕྲོ་བ་ཞེས་ཚིག་གི་ནུས་པ་འདོན་པ་དང༌། ཡང་ཆོས་ཀྱི་གྲགས་པ་ཉིད་བྱང་སེམས་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པའང་ཡིན་ལ། སྐབས་འདིའི་མཆོད་བརྗོད་ཀྱང་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་བའོ་ཞེས་འདོད་པ་དང༌། ཡང་ཚིག་རྐང་དང་པོ་གཉིས་ཀྱིས་རྟོག་པའི་གྲྭ་ཟུར་ཞི་བ་འཇམ་པའི་དོན་དང༌། མཁྱེན་གཉིས་ཡེ་ཤེས་ཀྱི་སྐུ་དེ་ནི་དོན་གཉིས་ཀྱི་དཔལ་དང་ལྡན་པར་བརྗོད་པས་འཇམ་དཔལ་ལ་ཕྱག་མཛད་པར་འདོད་པ་སོགས་འགྲེལ་ཚུལ་སྣ་ཚོགས་མཛད་ཀྱང༌། དོན་སྤངས་རྟོགས་མཐར་ཕྱིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱག་མཛད་པས་གང་ལྟར་ཡང་འགལ་བ་མེད་པར་ཤེས་པར་བྱའོ།།
སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།།དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང༌།།ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད།།སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས།།འདི་ན་ཕྱི་ནང་གི་མཁས་པར་རློམ་པའི་སྐྱེ་བོ་ཕ༷ལ་ཆེར་ཕྱོགས་རེར་ཞེན་པའི་གཞུང་དང་བྱ་བ་ངན་པ་ཕ༷ལ་ལ༷་ཆ༷གས་ཤིང་མཆོག་འཛིན་དང་ཞེན་ལྟའི་ཁོང་སྐྲན་གྱིས་ཁེངས་ནས་གནས་ཤིང༌། ཤིན་ཏུ་ཟབ་མོ་རྟོགས་པའི་ཤེས་ར༷བ་ཀྱི་རྩ༷ལ་མེད་པ༷ས་ན༷། ཚད་མ་ཀུན་ལས་བཏུས་པ་སོགས་ཕུལ་དུ་བྱུང་བའི་དོན་གྱི་མྱང་བྱ་དང་ལྡན་པའི་ལེགས་པར་བཤ༷ད་པ་རྣ༷མས་དོན་དུ༷་མི་གཉེར་བ་ཁོ་ན༷ར་མ༷་ཟ༷ད། ཕྲ༷ག་དོག་གི་དྲི་མ༷་ད༷ག་གིས་ལེགས་བཤད་ཟབ་མོ་དེ་དག་དང་དེ་འཛིན་པ་རྣམས་ལ་སྡ༷ང་བ༷ར་ཡ༷ང་ཡོངས་སུ་གྱུ༷ར་པ་དེས་ན༷། ཆོས་ཀྱི་གྲགས་པ་བད༷ག་ལ༷་བསྟན་བཅོས་འདི་ནི་དེ་འདྲའི་སྐྱོན་ལྡན་གཞ༷ན་ལ༷་ཕ༷ན་པ༷ར་འགྱུར་བ་ཡིན་ཞེས་བས༷མ་པ༷འ༷ང་མེད་མོད། འོ་ན་བརྩམས་པས་ཅི་བྱ་ཞེ་ན། རང་གི་སེམས་ནི་ཡུ༷ན་རིང་པོར་ལེགས་པར་བཤ༷ད་པ་རྣམས་ལ་གོམས་ཤིང་འདྲིས་པ༷་ལྷུ༷ར་ལེན་པ་བསྐྱེད་པའི་ཕྱིར་འདི་ལྟ་བུ་རྩོམ་པ་ལ༷་དག༷འ་བ༷འམ་སྤྲོ་བ་སྐྱེས་ནས་བརྩམས་པ་ཡིན་ནོ་ཞེས་སོ། །དེ་ཡང་གཞན་ཕལ་ཆེ་བ་ནི་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བས་བློ་གཟུ་བོར་མི་གནས་པ་དང༌། ཟབ་མོ་རྟོགས་པའི་བློ་གྲོས་མེད་པ་དང༌། ལེགས་བཤད་དོན་དུ་མི་གཉེར་བའི་རྒྱུ་མཚན་དེས་ན་དེ་འདྲའི་སྐྱོན་ལྡན་ལ་མི་ཕན་ནའང༌། བཟློག་ཕྱོགས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་གསུངས་པ་ལྟ་བུའི་དོན་དུ་འགྱུར་བ་དང༌། ལེགས་པར་བཤད་པ་ཀུན་ལས་བཏུས་སོགས་ལ་སྨད་པའི་དོན་མིན་གྱི་ཕུང་གྲོལ་ཆེན་པོ་བཟློག་པའི་ཕྱིར་སྙིང་རྗེས་བརྩམས་པར་ཡང་སྟོན་ཏེ། རྣམ་ངེས་ལས། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླང་བ་གསལ་པོར་མི་ཤེས་པས། །ཉེར་བརྟེན་འཇིག་རྟེན་རྒྱས་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ནའང༌། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་འདིར་གསལ་བྱ། །ཞེས་གསུངས་པ་བཞིན་ནོ།།