གཉིས་པ་བསྟན་བཅོས་དངོས་ལ།
གཉིས་པ་བསྟན་བཅོས་དངོས་ལ། གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། སྐབས་དོན་སུམ་ཅུ་པ་དངོས་རྒྱས་པར་བཤད་པའོ། །དང་པོ་ལ་མཆོད་བརྗོད་དང་། བཤད་པར་དམ་བཅའ་བ་གཉིས། དང་པོ་ལའང་། དཀོན་མཆོག་གསུམ་ལ་སྤྱིར་ཕྱག་འཚལ་བ། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ། དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ། །དང་པོ་ནི།
གང་ལ་ཡོན་ཏན་མཆོག་མངའ་བའི།།
དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།།
ཞེས་པས་བསྟན་ཏེ། དཀོན་མཆོག་གང་ལ། རྒྱུད་བླ་མ་ལས།
འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།།
རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་ཅོག་ཉིད། །ཅེས་ཆོས་མཚུངས་དྲུག་གིས་ནོར་བུ་རིན་པོ་ཆེ་ལྟར་ཡོན་ཏན་མཆོག་ཏུ་གྱུར་པ་མངའ་བའི་དཀོན་མཆོག་དེ་ཡི་ཞབས་ལ་བསྟན་བཅོས་རྩོམ་པ་པོས་བསོད་ནམས་བསོག་ཕྱིར་ཕྱག་འཚལ་ལོ། །ཞེས་པའོ།།
གཉིས་པ་ནི།
གང་གིས་སྒྲ་དབྱངས་ཀུན་གསུངས་པའི།།
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
ཞེས་པས་བསྟན་ཏེ། རྗེ་བཙུན་འཇམ་པའི་དབྱངས་གང་གིས་འཇིག་རྟེན་ན་ཁྱད་གཞི་སྒྲ་དང༌། ཁྱད་ཆོས་དབྱངས་མ་ལུས་པ་ཀུན་བྱིན་གྱིས་བརླབས་པའི་ཚུལ་གྱིས་གསུངས་པར་མཛད་པ་སྟེ། དེ་ལྟ་བུའི་ཐུགས་རྒྱུད་ལ་སྒྲིབ་པའི་རྩུབ་རེག་མི་མངའ་བ་འཇམ་པའི་དཔལ་དང་ལྡན་པ་མཆོག་གིས་གདུལ་བྱའི་ཁམས་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོགས་ཚངས་པའི་དབྱངས་ཀྱིས་བསྙད་པར་མཛད་པོའི་ཞབས་ལའང་དམིགས་ཀྱིས་བཀར་ནས་རྩོམ་པ་པོས་ཕྱག་འཚལ་ལོ་ཞེས་ཤེས་རབ་ཅན་གྱི་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པའོ།།
གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ།།
ཞེས་པས་བསྟན་ཏེ། ལྷ་དབང་ཕྱུག་ཆེན་པོ་གང་གིས་མིང་གི་གཞི་མ་ཡི་གེ་འཇིག་རྟེན་ན་སྔོན་དུ་གསུང་བ་པོ་ཡིན་ཞེས་རིག་བྱེད་ཀྱི་གཞུང་དུ་གྲགས་པའི་གཏམ་དང་སྦྱར་ཏེ་བྲམ་ཟེའི་སློབ་དཔོན་ངོ་བསྲུང་བའི་དགོས་པ་དང་བཅས་ཏེ་ལེགས་སྦྱར་ལ་ས་དཱ་ཤི་བ་ཞེས་གྲགས་པའི་རྟག་ཞི་བ་དེ་ལའང་ཕྱག་འཚལ་ལོ་ཞེས་པའོ།།
བཞི་པ་ནི།
སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང༌།།
བླ་མ་ལ་ཡང་ཕྱག་འཚལ་ནས།།
ཞེས་པས་བསྟན་ཏེ། རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གཉིས་སྡེབ་པའི་ཚིག་སྦྱོར་ལེགས་པར་མཛད་པའི་རྒྱ་གར་འཕགས་ཡུལ་གྱི་མཁས་པ་ཆེན་པོ་ཙནྡྲ་གོ་མི་དང་སློབ་དཔོན་དཔའ་བོ་ལ་སོགས་པ་རྣམས་དང༌། ཐུ་མི་རང་གི་བླ་མ་པཎ་ཌི་ཏ་ལྷ་རིག་པའི་སེང་གེ་སོགས་ལའང་དྲིན་གཟོ་བའི་ཕྱིར་ཕྱག་འཚལ་བར་བྱས་ནས་བསྟན་བཅོས་རྩོམ་པར་དམ་བཅའོ་ཞེས་ནས་ནི་ལྷག་བཅས་ཀྱི་སྒྲའོ།།
གཉིས་པ་རྩོམ་པར་དམ་བཅའ་བ་ནི།
བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།
མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ།།
ཞེས་པས་བསྟན་ཏེ། ནང་པ་སངས་རྒྱས་པའི་བསླབ་ པ་གསུམ ་ལ་སོགས་པའི་བསླབ་པར་བྱ་བ་ཀུན་གྱི་གཞི་ལྟོས་པའི་སྒོ་ནས་འཛིན་ཅིང༌། རིག་པའི་གནས་བཅུ་དང༌། ཕྱི་རོལ་པའི་རིག་བྱེད་བཞི་ཡན་ལག་དང་བཅས་པ་སྨྲ་བ་རྣམས་ཀྱི་རྒྱུར་གྱུར་པ་དང༌། དོན་གྱི་ངོ་བོ་སྟོན་པའི་མིང་དང༌། དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་སྟོན་བྱེད་ཀྱི་ཚིག་དང༌། མིང་ཚིག་ཡི་གེའི་ཕྲེང་བ་སྤེལ་བའི་ངག་གི་རྒྱུན་དོན་མཚོན་བྱེད་བརྗོད་པ་དང་བཅས་པ་ཀུན་གྱི་གཞི་མ་ཡི་གེའི་སྦྱོར་བ་འོག་ནས་འབྱུང་བ་བཞིན་བཤད་པར་བྱའོ་ཞེས་སོ།།
དེ་ལ་བསླབ་ པ་གསུམ ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་ པ་དང་གསུམ ་མོ། །རིག་པའི་གནས་བཅུ་ནི། སྒྲ། ཚད་མ། བཟོ། གསོ་བ། ནང་དོན་རིག་པ། མངོན་བརྗོད། ཟློས་གར། སྐར་རྩིས། སྡེབ་སྦྱོར། སྙན་ངག་སྟེ་བཅུའོ། །ཕྱི་རོལ་པའི་རིག་བྱེད་བཞི་ནི། ངེས་བརྗོད། མཆོད་སྦྱིན། སྙན་ཚིག སྲིད་སྲུང་རྣམས་སོ། རིག་བྱེད་ཀྱི་ཡན་ལག་དྲུག་ནི། བསླབ་པ་རྟོག་པ་བརྡ་སྤྲོད་པ། །ངེས་ཚིག་སྐར་རྩིས་ཐོས་པ་དང༌། །སྡེབ་སྦྱོར་རྣམ་པར་ཕྱེ་བ་དྲུག །རིག་བྱེད་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། མཆན་བསླབ་པ་ཆོ་ག་ལུང་སྟོན་དང༌། །ངེས་ཚིག་སྐར་དཔྱད་ཐོས་པ་དང༌། །སྡེབ་སྦྱོར་རྣམ་པར་སེམས་པ་སྟེ། །རིག་བྱེད་ཡན་ལག་དྲུག་ཏུ་འདོད། །ཅེས་འགྱུར་གཞན་ཡིན། ནང་པ་སངས་རྒྱས་པ་དང༌། གཅེར་བུ་པ། རྒྱང་འཕེན་ པ་གསུམ ་གྱིས་རིག་བྱེད་ཚད་མ་མིན་ཞེས་འདོད་ཅིང་དགག རིག་བྱེད་འདོད་ པ་རྣམས་ཀྱིས་དེ་གསུམ ་ལ་ཆད་ལྟ་བ་ཡིན་ཞེས་ཟེར་རོ།།
བོད་ཡིག་གི་དབྱངས་གསལ་ངོས་གཟུང་བ།
༈ གཉིས་པ་སྐབས་དོན་སུམ་ཅུ་པ་དངོས་ལ། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང༌། གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ། སྦྱར་བྱ་ཡི་གེའི་རྣམ་གཞག་དང༌། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པའོ། །དང་པོ་ལ། བོད་ཡིག་གི་དབྱངས་གསལ་ངོས་གཟུང་བ་དང༌། ཁྱད་པར་གྱི་དབྱེ་བ་བསྟན་པ་གཉིས། དང་པོ།
ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི།།
ཀཱ་ལི་སུམ་ཅུ་ཐམ་པའོ།།
ཞེས་པས་བསྟན་ཏེ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཡི་གེའི་མཚན་ཉིད། ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་དུ། ཨ་ཀྵར་ཞེས་པ་འགྱུར་མེད་ཀྱི་དོན་དང༌། བྱཉྫན་ཞེས་པ་གསལ་བྱེད། ཝརྞ་ཞེས་ པ་རྗོད་བྱེད་དང་གསུམ ་ཡོད་དེ། སྨྲ་སྒོ་ལས།
རྣམ་གྲངས་དུ་མ་མེད་པ་དང༌། །མིང་ཚིག་གསལ་བར་བྱེད་པ་དང༌།།
དོན་རྣམས་རྗོད་པར་བྱེད་པའི་ཕྱིར། །རང་བཞིན་ལས་དང་དགོས་ཆེད་ཀྱི།།
མིང་ཚིག་ཡིན་ཏེ་གོ་རིམ་བཞིན། །ཞེས་གསུངས་སོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་ཨཱ་ལི་ཀཱ་ལི་གཉིས་སོ། །དང་པོ་ཨཱ་ལིའི་བྱ་བ་གསལ་བྱེད་གི་གུ་དང་ཞབས་ཀྱུ་འགྲེང་བུ་རྣ་རུ་སྟེ་ཨི་དང་སོགས་སྒྲས་ཨུ་ཨེ་ཨོ་བཅས་མཚོན་བྱེད་བཞི་རུ་ངེས་པ་དང༌། གཉིས་པ་ལ་ཀཱ་ལི་ཀ་ནས་ཨའི་བར་གྱི་སུམ་ཅུ་ཐམ་པ་རུ་གྲངས་ངེས་པའོ་ཞེས་སོ།།
གཉིས་པ་ཁྱད་པར་གྱི་དབྱེ་བ་བསྟན་པ།
གཉིས་པ་ཁྱད་པར་གྱི་དབྱེ་བ་བསྟན་པ་ལ། མདོར་བསྟན་དང༌། རྒྱས་བཤད་གཉིས། དང་པོ་ནི།
དེ་ལས་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག།
མི་འཇུག་པ་ནི་ཉི་ཤུ་འོ།།
ཞེས་པས་བསྟན་ཏེ། ཀཱ་ལི་སུམ་ཅུ་པོ་དེ་ལ་ནང་གསེས་སུ་དབྱེ་ན་རྗེས་འཇུག་གི་ཡི་གེ་བཅུ་ཡོད་པ་ཡིན་ཏེ། རྗེས་འཇུག་བཅུ་པོ་དེ་དག་ལས་ཀྱང་ལྔ་ནི་སྔོན་དུའང་འཇུག་པའི་ཡི་གེ་ཡིན་ཅིང༌། སྔོན་རྗེས་གང་དུའང་མི་འཇུག་པ་ནི་ཉི་ཤུ་ཐམ་པའོ་ཞེས་སོ།།
གཉིས་པ་རྒྱས་བཤད་ལ། དབྱེ་སྒོ་སྤྱིར་བསྟན་པ་དང༌། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི།
ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས།།
ཞེས་པས་བསྟན་ཏེ། ཀཱ་ལི་སུམ་ཅུ་པོ་དེ་དག་ཡི་གེ་བཞི་བཞི་སྡེ་པ་རེ་རེ་བྱས་པས་སྡེ་པ་ཕྱེད་དང་བཅས་བརྒྱད་ཚན་གྱི་སྡེ་ཡོད་པ་དེ་ནི་ཡི་གེ་བཞི་བཞི་སྡེ་པ་རེ་རེ་དག་ཏུ་ཕྱེ་བ་ལས་ཞེས་པའོ། །དེའང་ཀ་ཁ་ག་ང་ཀ་སྡེ་སྟེ་སྡེ་པ་དང་པོའོ། །སོགས་ནས་ཧ་ཨ་སྡེ་པ་ཕྱེད་པ་སྟེ་བརྒྱད་པའོ།།
གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ། རྗེས་འཇུག་བཤད་པ། སྔོན་འཇུག་བཤད་པ། མི་འཇུག་པ་བཤད་ པ་དང་གསུམ ་ལས། དང་པོ་ནི།
དང་པོ་ གསུམ་པ ་བཞི་པ་ཡི། །མས་གཉིས་དྲུག་པའི་ གསུམ་པ ་དང༌།།
བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད།།
ཞེས་པས་བསྟན་ཏེ། སྡེ་པ་དང་པོ་དང༌། གསུམ་པ ་དང༌། བཞི་པ་ཡི་མས་ཀྱི་ཡི་གེ་གཉིས་གཉིས་ཏེ་ཀ་སྡེའི་ག་ང་གཉིས། ཏ་སྡེའི་ད་ན་གཉིས། པ་སྡེའི་བ་མ་གཉིས་ཏེ་དྲུག་དང༌། སྡེ་པ་དྲུག་པའི་ གསུམ་པ ་སྟེ་ཞ་སྡེའི་འ་དང་བདུན། སྡེ་པ་བདུན་ པ་ལ་ནི་ཤ་མ་གཏོགས་ཏེ་ར་སྡེའི་ར་ལ་ས་གསུམ ་བཅས་བཅུ་ནི་མིང་གཞི་རྣམས་ཀྱི་རྗེས་སུ་འཇུག་པའི་མཐའ་རྟེན་གྱི་ཡི་གེ་བཅུ་རུ་འདོད་དོ་ཞེས་སོ། །སྡོམ་ནི། ག་ང་ད་ན་བ་མ་དང༌། །འ་ར་ལ་ས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་འཐོབ། །ཅེས་སོ། །རྟགས་འཇུག་ལས།
གང་ལ་ཡི་གེ་ཐམས་ཅད་ལ། །ཞེས་གསུངས་བ་ལྟར་རྗེས་འཇུག་གི་འཇུག་ཡུལ་ནི་ཡི་གེ་ཐམས་ཅད་ཡིན་ནོ། །ཀེག་ཀོང༌། ཀླད། བཀན། ཀབ། ཀམ། དཀའ། ཀོར། སྐལ། སྐོས་ལྟ་བུ་སོགས་སོ།།
གཉིས་པ་སྔོན་འཇུག་ལྔ་བཤད་པ་ནི།
རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་ གསུམ་པ ་ལྔ་པ་དྲུག།
བདུན་པ་རྣམས་ནི་སྔོན་དུའང་འཇུག།
ཞེས་པས་བསྟན་ཏེ། གོང་དུ་ངོས་འཛིན་མ་ཐག་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ཉིད་ལས་དང་པོ་ག་ གསུམ་པ ་ད་ལྔ་པ་བ་དྲུག་པ་མ་བདུན་པ་འ་རྣམས་ནི་མིང་གཞིའི་ཡི་གེ་རྣམས་ཀྱི་སྔོན་དུའང་འཇུག་པ་ཡིན་ནོ་ཞེས་སོ། །ག་ད་བ་མ་འ་སྔོན་འཇུག །སྡོམ་མོ། སྔོན་འཇུག་ལྔ་ཡི་འཇུག་ཡུལ་ནི། གས་འཕུལ་བཅུ་གཅིག་སྟེ། ཅ་ཏ་ཙ་ཉ་ད་ན་ཞ་ཟ་ཡ་ཤ་ས་བཅུ་གཅིག་གོ །དས་འཕུལ་དྲུག་སྟེ། ཀ་པ་ག་མ་ང་བ་སྟེ་དྲུག་གོ བས་འཕུལ་བཅུ་དྲུགསྟེ། ཀ་ཅ་ཏ་ཙ་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་སྟེ་བཅུ་དྲུག་གོ །མས་འཕུལ་བཅུ་གཅིག་ནི། ཁ་ཆ་ཐ་ཚ་ག་ཇ་ད་ཛ་ང་ཉ་ན་སྟེ་བཅུ་གཅིག་གོ །འས་འཕུལ་བཅུ་ནི། ག་ཇ་ད་བ་ཛ་ཁ་ཆ་ཐ་ཕ་ཚ་སྟེ་བཅུའོ། །དེ་ལྟར་བསྡོམས་པས་འཕུལ་ཅན་གྱི་ཡི་གེ་ལྔ་བཅུ་ང་བཞིའོ།།
འདིར་ཅུང་ཟད་དཔྱད་ན། དཔེར་ན། བསྒྲུབས་ལྟ་བུའི་བ་སྔོན་འཇུག་དང་རྗེས་འཇུག་ཡང་འཇུག་བཅས་ཀྱི་འཇུག་ཡུལ་མིང་གཞི་དངོས་ནི་ས་ག་ར་ གསུམ་དང༌། དེ་ཡང་ག་འཇུག་ཡུལ་གྱི་གཙོ་བོ་དང༌། ས་མགོ་དང་ར་བཏགས་གཉིས་ཕལ་པ ་དང༌། ཞབས་ཀྱུ་མིང་གཞིའི་ཡན་ལག་ཏུ་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ཡང་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་མིང་གཞི་དབྱངས་གསལ་གཉིས་ཀ་ལ་གོ་དགོས་པ་དང༌། སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་ནི་གསལ་བྱེད་ཀཱ་ལི་སུམ་ཅུ་ཐམ་པའོ། །སྔོན་རྗེས་མིང་ གསུམ་གྱི་ཟླས་ཕྱེ་བའི་མིང་གཞི་ཁོ་ན་ཡིན་པའམ་མི་འཇུག་པ ་ནི། ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་ཉི་ཤུ་ཐམ་པ་ཁོ་ན་ལ་གོ་དགོས་སོ། །འདི་ཅུང་ཟད་གལ་ཆེ་བ་ཡིན་སྙམ་མོ།།
མིང་གཞི་གཉིས་སམ་སུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང༌།།
གང་དུའང་འཇུག་མིན་སྦྱར་བའང་མིན།།
ཞེས་པས་བསྟན་ཏེ། མིང་གཞི་ཁོ་ན་ཡིན་པ་ཉི་ཤུ་པོ་དེ་དག ཀཁ་ལྟ་བུ་གཉིས་སམ། ཀགཕ་ལྟ་བུ་སུམ་སྦྲེལ་ལམ། ཀཁིཕ་ལྟ་བུ་དེ་ལ་དབྱངས་གང་ཡང་རུང་བ་ཉིད་ཀྱི་བཞི་ལྡན་ན་ཡང་བོད་ཀྱི་ཐ་སྙད་གང་དུའང་འཇུག་པ་མིན་ལ་དེ་དག་ནང་ཕན་ཚུན་སྔོན་རྗེས་མིང་ གསུམ་བྱས་ནས་སྦྱར་རུང་བའང་མིན་ཞེས་པའོ། །མི་འཇུག་པ ་ཁོ་ནའི་སྡོམ་ནི། ཀ་ཁ་ཅ་ཆ་ཇ་ཉ་ཏ། །ཐ་པ་ཕ་ཙ་ཚ་ཛ་ཝ། །ཞ་ཟ་ཡ་ཤ་ཧ་ཨ་སྟེ། །ཉི་ཤུ་མི་འཇུག་པ་ཁོ་ནའོ།།
རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ།
༈ གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང༌། ཕྲད་རང་དབང་ཅན་བཤད་པ་གཉིས། དང་པོ་ལ། སླར་བསྡུ། ལ་དོན། ཨི་ལྡན་གྱི་རྣམ་དབྱེ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། བོད་པའི་སྒྲ་བསྟན་པ་སྟེ་བརྒྱད་དོ། །དང་པོ་ལ།
རྗེས་འཇུག་ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་མཐར་སྦྱར་བ།།
དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། གོང་དུ་བཤད་མ་ཐག་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་ནི་མིང་དང་ཚིག་གང་གི་མཐར་སྦྱར་བ་དེ་ལ་ཨཱ་ལི་བཞི་པ་ཨོ་སྟེ་རྣ་རུ་སྦྱར་བས་གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་བཅུ་དངོས་བསྟན། ད་དྲག་ཅན་གྱི་མཐར་ཏོ་ཤུགས་བསྟན་བཅས་བཅུ་གཅིག་པོ་དེ་ནི་སླར་བསྡུའམ་རྫོགས་ཚིག་གམ་ཟླ་སྡུད་ཅེས་བྱ་བ་ནི་ཡིན་པ་ཤེས་པར་བྱའོ། །སྡོམ་ནི། གོ་ངོ་དོ་ནོ་བོ་མོ་དང༌། །འོ་རོ་ལོ་སོ་དངོས་བསྟན་བཅུ། །ཤུགས་བསྟན་ཏོ་བཅས་བཅུ་གཅིག་ནི། །སླར་བསྡུའི་རྐྱེན་གྱི་ཡི་གེའོ། །དེ་དག་ལའང་སྒྲ་སྦྱོར་ཚུལ་ནི། འདུག་གོ །བྱུང་ངོ༌། །ཡོད་དོ། །ཡིན་ནོ། །ཐོབ་བོ། །སྙམ་མོ། །འདའ་འོ། །འགྱུར་རོ། །འཕེལ་ལོ། །བྱས་སོ། །ཞེས་པ་ལྟ་བུ་རྗེས་འཇུག་བཅུ་པོ་རང་རང་གི་མཐར་སྒྲ་མཐུན་རང་རང་སྦྱར་དགོས་ པ་དང༌། འདས་ཚིག་མང་ཚིག ཞེ་སའི་ཚིག་དང༌། སྐུལ་ཚིག་ལ་ན་ར་ལ་གསུམ ་གྱི་རྗེས་སུ་ཡང་འཇུག་ད་དྲག་མཐར་ཏོ་ཡིག་གི་སྒྲ་སྦྱོར་ཚུལ་ཡང༌། དེར་ཕྱིནད་ཏོ། །གྱུརད་ཏོ། །བྲལད་ཏོ། །ལྟ་བུ་སྦྱར་དགོས་སོ། །དོན་སྦྱོར་ཚུལ་ཡང་དེ་དག་དང་མཚུངས་པ། འདུས་བྱས་ཐམས་ཅད་ནི་མི་རྟག་གོ །ཟག་བཅས་ཐམས་ཅད་ལས་ནི་སྡུག་བསྔལ་འབྱུང་ངོ༌། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ་ཉིད་དོ། །མྱ་ངན་ལས་འདས་པ་ནི་ཞི་བ་ཉིད་ཡིན་ནོ། །ཆོས་ཀྱི་སྡོམ་བཞི་པོ་དེ་ཤེས་ཤིང་སྒོམ་ན་ཐར་ པ་གསུམ ་གང་རུང་ཐོབ་བོ། དེའི་ཕྱིར་ན་དེ་དག་གི་དོན་སྒོམ་མོ། །དེ་དག་ལ་ཡང་དང་ཡང་དུ་འདྲིས་པར་བྱའོ། །ཐབས་དེས་གོམས་པ་མཐར་ཕྱིན་པར་འགྱུར་རོ། གོམས་པའི་ཤུགས་དག་ཀྱང་ཆེས་ཆེར་འཕེལ་ལོ། །དེ་ལྟར་བྱས་ན་མཐར་སངས་རྒྱས་པར་གསུངས་སོ། །ན་ར་ལ་གསུམ་གྱི་རྗེས་སུ་ཏོ་ཡིག་འཐོབ་པའི་དཔེར། རིག་གནས་ཀུན་སྦྱངས་ཟིནད་ཏོ། །དེས་མཁས་པར་གྱུརད་ཏོ། །བློ་གྲོས་ཡང་དག་པར་འཕེལད་ཏོ། །ལྟ་བུ་གང་བདེར་སྦྱར་བར་བྱའོ།།
གཉིས་པ་ལ་དོན་བཤད་པ་ནི།
རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས།།
དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས།།
དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་ གསུམ་པ ་གནས།།
དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ།།
ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།།
ཞེས་པས་བསྟན་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ལས་གང་ཡང་རུང་བའི་མིང་དང་ཚིག་གི་མཐའ་སྟེ་ཕ་རོལ་ན་རྗེས་འཇུག་བཅུ་པ་ས་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་སྟེ་ཞབས་ཀྱུ་སྦྱར་བས་སུ་ཞེས་གྲུབ་པ་དང༌། དེ་བཞིན་གང་ཡང་རུང་བའི་མིང་ཚིག་གི་མཐའ་ན་རྗེས་འཇུག་བརྒྱད་པ་ར་ཡིག་གནས་པ་དང༌། མིང་ཚིག་དེའི་ཕ་རོལ་ན་ར་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡང་སྟེ་ཞབས་ཀྱུ་སྦྱར་བས་རུ་ཞེས་གྲུབ་པ་དང༌། ཡང་སྒྲས་ར་དང་རུ་གཉིས་དོན་གཅིག་ཏུ་སྡུད་པའོ། །ཡང་གང་ཡང་རུང་བའི་མིང་ཚིག་གི་མཐའ་འམ་ཕ་རོལ་ན། རྗེས་འཇུག་ གསུམ་པ ་ད་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་སྟེ་ཞབས་ཀྱུ་སྦྱར་བས་དུ་ཞེས་གྲུབ་པ་དང༌། རྗེས་འཇུག་བཞི་པ་ན་དང་དགུ་པ་ལ་གཉིས་ནི་དབྱངས་ཀྱིས་མ་བརྒྱན་པའི་དངོས་པོའང་སྟེ་སུ་ར་རུ་དུ་ན་ལ་དྲུག་དང་ཀྱང་སྒྲས་བསྟན་པ་ཏུ་སྟེ་ཡི་གེ་བདུན་པོ་དེ་ནི་ལ་དོན་གྱི་རྐྱེན་གྱི་ཡི་གེ་ཡིན་ལ། སྒྲ་སྦྱོར་ཚུལ་རྩ་བ་ལས་དངོས་སུ་མ་གསུངས་མོད་འོན་ཀྱང་སྔོན་གྱི་མཁས་པ་རྣམས་ཀྱིས་བཀྲལ་བ་ལྟར་ན། སྡོམ་ནི། ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །ན་ལ་གཉིས་ནི་ཅི་བདེར་སྦྱོར། །ཞེས་སོ།།
དེའི་དཔེར་བརྗོད་ནི། ཤར་ཕྱོགས་སུ། ཤར་ཕྱོགས་དག་ཏུ། རྒྱབ་ཏུ། ཤིནད་ཏུ། བསྒྱུརད་ཏུ། འཕེལད་ཏུ། ནང་དུ། ཉིད་དུ། མདུན་དུ། ལམ་དུ། བར་དུ། ཕྲལ་དུ། དེར། དེ་རུ། ཤར་ཕྱོགས་ལ། ཤར་ཕྱོགས་ན་ལྟ་བུའོ། །དོན་སྦྱོར་ཚུལ་ནི། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ལ་སྦྱར་བ་ནི། ཤར་ཕྱོགས་སུ་འགྲོ་ལྟ་བུ། དེ་ཡང་ཤར་ཕྱོགས་ནི་འགྲོ་བའི་བྱ་བ་བྱ་བའི་ཡུལ་ལམ་ལས། འགྲོ་བ་ནི་རྐང་པས་གོམ་པ་འདོར་བའི་བྱ་བ། སུ་སྒྲ་ནི་དེ་ལྟ་བུའི་བྱ་བ་དེ་བྱ་ཡུལ་ཤར་ཕྱོགས་ཡིན་པའི་དོན་གཙོ་བོར་སྟོན་པས་ན་ལས་སུ་བྱ་བ་ཞེས་ཐ་སྙད་ཆགས་སོ། །དེ་ལའང་རྒྱུ་མཚན་ལྔ་ཚང་དགོས་ཏེ། ༡སྤྱིར་བྱ་བ་ཡོད་པ།༢ བྱ་ཡུལ་ཡོད་པ།༣ སུ་ལ་སོགས་པ་བདུན་པོ་གང་རུང་འཐོབ་པ།༤ བྱ་བ་དང་བྱ་ཡུལ་ཐ་དད་པ།༥ བྱ་བས་བྱ་ཡུལ་དང་བྱ་ཡུལ་དང་འབྲེལ་བའི་ལས་ལ་ཕན་མི་ཐོགས་པ་དང་ལྔའོ།།
དེ་བཞིན་རྣམ་དབྱེ་བཞི་པ་དགོས་ཆེད་ལ་ལ་དོན་འཇུག་པ་ནི། ནད་པ་ལ་སྨན་སྦྱིན། ཚོགས་རྫོགས་པའི་ཕྱིར་དུ་དཀོན་མཆོག་མཆོད་ལྟ་བུ་སྟེ། དེ་ཡང་ནད་པ་ནི་སྨན་སྦྱིན་པའི་བྱ་བ་བྱ་ཡུལ་དང༌། སྨན་སྤྲད་པ་ནི་སྦྱིན་པའི་བྱ་བ། ལ་སྒྲས་ནི་སྨན་སྦྱིན་པའི་བྱ་བ་དེས་བྱ་ཡུལ་ནད་པ་ལ་ཕན་ཐོགས་པ་གཙོ་བོར་སྟོན་པས་དགོས་ཆེད་ཅེས་བྱ་བ་ཡིན་ཞིང༌། དཔེར་བརྗོད་ཕྱི་མ་ལ་ཡང༌། མཆོད་པ་འབུལ་བ་ནི་བྱ་བ། དཀོན་མཆོག་ནི་མཆོད་པ་འབུལ་བའི་བྱ་བ་བྱ་ཡུལ། ཆེད་དུ་ཞེས་པའི་དགོས་ཆེད་གསལ་བྱེད་ཀྱི་སྒྲས་ནི་མཆོད་པའི་བྱ་བ་དེས་བྱ་ཡུལ་དཀོན་མཆོག་ལ་ཕན་མི་ཐོགས་ནའང་བྱ་ཡུལ་དཀོན་མཆོག་དེ་དང་འབྲེལ་བའི་ལས་ཚོགས་རྫོགས་པ་ལ་ཕན་ཐོགས་པ་གཙོ་བོར་སྟོན་པས་ན་དེའང་དགོས་ཆེད་ཡིན་ནོ། །དེ་ལའང་རྒྱུ་མཚན་ལྔ་ཚང་དགོས་ཏེ། ༡སྤྱིར་བྱ་བ་ཡོད་པ། ༢བྱ་ཡུལ་ཡོད་པ། ༣སུ་ལ་སོགས་པ་བདུན་པོ་གང་རུང་འཐོབ་པ། ༤བྱ་བ་དང་བྱ་ཡུལ་ཐ་དད་པ། ༥བྱ་བས་བྱ་ཡུལ་དང་བྱ་ཡུལ་དང་འབྲེལ་བའི་ལས་ལ་ཕན་ཐོགས་པ་དང་ལྔའོ།།
རྣམ་དབྱེ་གཉིས་པ་བཞི་པ་འདི་གཉིས་ཀ་ལ་གོ་རུང་བ། ཀ་བ་ལ་ཚོན་བྱུག་ལྟ་བུ་ནི་སྒྲ་དངོས་དབང་གིས་འཇུག་པ་མེད་པས་རྗོད་པ་པོའི་བསམ་ངོ་ལ་ལྟོས་དགོས་པ་ནི། དཔལ་ཆོས་ཀྱི་གྲགས་པས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་གསུངས་པ་ལྟར་ཡིན་པས་ངག་དེ་ཀ་བ་མཛེས་པའི་ཆེད་དུ་བསམ་སྟེ་བྱུགས་པ་བརྗོད་ན་དགོས་ཆེད་དང༌། ཀ་བ་ལ་ཚོན་བྱུག་རུང་བའི་བྱ་བ་ལ་བསམ་སྟེ་བརྗོད་ན་ལས་སུ་བྱ་བ་ཡིན་དགོས་པ་འདྲ་སྙམ་མོ།།
རྣམ་དབྱེ་བདུན་པ་རྟེན་གནས་ལ་ལ་དོན་སྦྱོར་ཚུལ་ནི། ཤིང་ལ་བྱ་གནས་ལྟ་བུ་ཤིང་རྟེན་བྱ་དེ་ལ་བརྟེན་པ་སྟེ། ལ་སྒྲས་བྱ་བརྟེན་པའམ་གནས་པའི་གཞི་ཤིང་ཡིན་པ་གཙོ་བོར་སྟོན་པས་ན་རྟེན་གནས་སུ་གྲགས་པ་དང༌། རྣམ་དབྱེ་གཉིས་པ་ལ་གཙོ་བོ་དང་ཕལ་པ་གཉིས་ཡོད་པ་ལས་ཕལ་པ་བྱ་ཡུལ་དང་བྱ་བ་གཉིས་གཅིག་ཡིན་པ་དཔེར་ན་ལྷ་རུ་གྱུར་ལྟ་བུ། ཚིག་སྦྱོར་ཚུལ་ལ་ལས་དང་བྱ་བ་གཉིས་ཐ་དད་པར་འདྲ་ཡང༌། དོན་དུ་བྱ་ཡུལ་གང་ཡིན་པ་དེ་ཉིད་བྱ་བའང་ཡིན། བྱ་བ་གང་ཡིན་དེ་ཉིད་བྱ་ཡུལ་ཡང་ཡིན་པས་དེ་ཉིད་དུ་གྲགས་པ་ལ་འཇུག་པའོ། །འདི་རྣམ་དབྱེ་གཉིས་པའི་བྱེ་བྲག་ཏུ་བཤད་ཀྱང་དངོས་མ་ཡིན་ཏེ་རྒྱལ་པོའི་འཁོར་ལ་རྒྱལ་པོར་བཏགས་པ་ལྟར་ཤེས་པར་བྱའོ།།
རྣམ་དབྱེ་བདུན་པའི་བྱེ་བྲག་དུས་བརྗོད་ པ་ཚེ་སྐབས་ལ་སྦྱར་བ་ནི། ཚེས་གསུམ ་ལ་ཚོགས་འཁོར་བསྐོར་ལྟ་བུ་དུས་སྒྲས་ཟིན་པ་བརྗོད་པ་དང༌། སློབ་གྲྭ་ཚོགས་པ་ན་དཔེ་ཆ་སྦྱོང་ལྟ་བུ་དུས་ཤུགས་ལ་བརྗོད་པ་གཉིས་ཡོད་པ་སྟེ། དེ་ལྟ་བུའི་འཇུག་ཡུལ་ལྔ་པོ་དེ་ལ་ལ་སྒྲས་སྨོས་པའི་ལ་དོན་གྱི་རྐྱེན་སུ་ར་རུ་དུ་ན་ལ་ཏུ་བདུན་པོ་འཇུག་པ་ཡིན་པས་གོང་བཤད་རྣམས་ཀྱིས་སྒྲ་སྦྱོར་ཚུལ་དང་བསྟུན་ཏེ་དཔེར་བརྗོད་རྒྱས་པ་རིག་པའི་འཕྲུལ་གྱིས་ཤེས་པར་བྱ་དགོས་སོ། །ན་ལ་གཉིས་ཀྱི་འཇུག་པ་གཞན་འདིར་བཤད་པའི་ནང་དུ་མ་འདུས་པའང་ཡོད་པ་ནི་སྨྲ་སྒོ་མཚོན་ཆ་སོགས་སུ་བལྟ་བར་གྱིས་ཤིག །ལ་དོན་གྱི་གཞུང་འདིར་སྒྲའི་སྦྱོར་ཚུལ་རྩ་བ་ནས་དངོས་སུ་མ་གསུངས་ཤིང་སུམ་ཅུ་པ་འཆད་ཉན་གྱི་སྲོལ་ཡང་ནུབ་ནས་ཡུན་རིང་ལོན་རྐྱེན་བོད་འགྲེལ་སྔ་མ་རྣམས་ལ་ཇི་བཞིན་མ་བཤད་པའི་སྐྱོན་ཡོད་པ་དག་བསལ་ནས་སྔོན་གནས་རྗེས་དྲན་དང་མཁྱེན་རབ་ཀྱི་རྩལ་གྱིས་སི་ཏུ་ཆོས་འབྱུང་གིས་ལེགས་པར་བཀྲལ་བས་ན་ཁོང་བཀའ་དྲིན་ཆེ་བ་ཡིན་ནོ།།
གསུམ་པ ་ཨི་ལྡན་གྱི་རྣམ་དབྱེ་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་སོ། དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ནི། །ཨི་དང་མཐུན་ལུགས་འདི་ཞེས་བྱ།།
ཞེས་པས་བསྟན་ཏེ། གོང་ལྟར་རྗེས་འཇུག་གི་ཡི་གེ་བཅུ་པོ་དང་ནི་ཨི་ལྡན་གྱི་རྐྱེན་གྱི་ཡི་གེ་རྣམས་དང་སྒྲ་མཐུན་པར་སྦྱོར་ལུགས་རྟགས་མཚུངས་འདྲེན་པ་དང་བརྗོད་བདེ་འདྲེན་པ་གཉིས་ཀྱི་དབང་དུ་བྱས་པ་ནི་འདི་ལྟ་བུ་ཞེས་བྱའོ་ཞེས་སོ།།
གཉིས་པ་རྒྱས་བཤད་ལ། འབྲེལ་སྒྲ་བཤད་པ་དང༌། བྱེད་པ་པོའི་སྒྲ་བཤད་པའོ། །དང་པོ་ནི།
དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།།
བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ།།
དེ་དག་ཨི་སྦྱར་འབྲེལ་བའི་ས།།
ཞེས་པས་བསྟན་ཏེ། རྗེས་འཇུག་ཡི་གེ་བཅུ་པོའི་དང་པོ་ག་ང་གཉིས་ལ་རྗེས་འཇུག་དང་པོ་ག་དང་སྒྲ་མཐུན་པ་སྟེ། དེ་ཡང་ག་མཐར་གི་འདྲེན་པ་རྟགས་མི་མཚུངས་པས་བརྗོད་བདེ་འདྲེན་པ་དང༌། ང་མཐར་གི་འདྲེན་པ་རྟགས་མཚུངས་ཤིང་བརྗོད་བདེ་བའང་ཡིན་ནོ། །རྗེས་འཇུག་གི་ཡི་གེ་ གསུམ་པ ་ད་དང་ལྔ་པ་བ་བཅུ་ པ་ས་གསུམ ་ལ་ཀྱ་ཉིད་དང་སྒྲ་མཐུན་ པ་སྟེ། དེ་ཡང་དེ་གསུམ ་རྟགས་མཚུངས་དང་བརྗོད་བདེ་འདྲེན་པ་གཉིས་ཀ་ཡིན་ནོ། །རྗེས་འཇུག་གི་ཡི་གེ་བདུན་པ་འ་ཉིད་ཀྱི་མཐའ་ལ་རྐང་པ་ཁ་སྐོང་མི་དགོས་ཚེ་གཞུང་ནས་དངོས་སུ་བསྟན་པའི་རྗེས་འཇུག་བདུན་པ་འ་ཉིད་སྦྱར་བ་དང༌། རྐང་པ་ཁ་སྐོང་དགོས་པའི་ཚེ་དེ་དང་སྒྲ་མཐུན་པ་ཡི་ཉིད་སྦྱར་བ་སྟེ། དེ་ལྟར་འ་མཐར་འི་དང་ཡི་འདྲེན་པ་ནི་རྟགས་མཚུངས་འདྲེན་པ་དང་བརྗོད་བདེ་བའང་ཡིན་ནོ། །གོང་དུ་བཤད་ཟིན་རྗེས་འཇུག་ལྷག་མ་ན་མ་ར་ལ་བཞི་རྣམས་ཀྱི་མཐའ་ལ་གྱ་སྒྲ་མཐུན་པར་སྦྱར་བ་སྟེ། དེ་ཡང་ན་ར་ལ་ གསུམ་གྱི་མཐར་གྱ་སྦྱར་བ་རྟགས་མི་མཚུངས་པས་བརྗོད་བདེ་འདྲེན་པ ་ཁོ་ན་དང༌། མ་མཐར་གྱ་སྦྱར་བ་རྟགས་མཚུངས་ཤིང་བརྗོད་བདེ་བའང་ཡིན་ནོ། །ག་ཀྱ་གྱ་འ་ཡ་དེ་དག་ལ་ཨི་སྟེ་གི་གུ་སྦྱར་བར་བྱས་ན་ཆོས་གཉིས་ཀྱི་འབྲེལ་བ་བརྗོད་པའི་སའམ་སྒྲ་ཡིན་ནོ། །ཞེས་སོ། །དེ་དག་གིས་རིགས་བསྒྲེས་ནས་སུམ་རྟགས་ཀྱི་གཞུང་གི་སྐབས་གོང་འོག་རྣམས་སུ་རྣམ་དབྱེ་དང་ཚིག་ཕྲད་ཀྱི་རྐྱེན་གྱི་ཡི་གེ་སྒྲ་སྦྱོར་ཚུལ་ལམ་སྒྲ་མཐུན་འདྲེན་ཚུལ་དེ་ལྟར་ཡིན་པ་ཤེས་པར་བྱ་དགོས་སོ།།
སྒྲ་མཐུན་སྦྱོར་ཚུལ་གྱི་དཔེར་བརྗོད་ནི། བདག་གི གང་གི ཁྱོད་ཀྱི། རྒྱབ་ཀྱི། གཡས་ཀྱི། མདུན་གྱི། ལམ་གྱི། བར་གྱི། འཁྲུལ་གྱི། དེའི། དེ་ཡི། ལྷ་ཡི་དཔལ་དང་ནི། ཞེས་པ་ལྟ་བུའོ། །སྡོམ་ནི། ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་བཞི་མཐར་གྱི། །འ་དང་མཐའ་མེད་འི་དང་ཡི། །ཞེས་སོ། །དོན་སྦྱོར་ཚུལ་ནི། ༡གསེར་གྱི་ཁ་དོག་ཅེས་པ་ལྟ་བུ་ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་དང༌། ༢ལྗོན་ཤིང་གི་འདབ་མ་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། ༣བདག་གི་གོས་ཞེས་པ་ལྟ་བུ་བདག་པོ་དང་ནོར་གྱི་འབྲེལ་བ། ༤སྒྲ་ཡི་ཤེས་པ་ལྟ་བུ་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ། ༥ནས་ཀྱི་མྱུ་གུ་ཞེས་པ་ལྟ་བུ་རྒྱུ་འབྲས་ཀྱི་འབྲེལ་བ་དང༌། ༦སྒྲ་ཡི་མི་རྟག་པ་ཞེས་པ་ལྟ་བུ་ཆོས་བརྗོད་པའི་འབྲེལ་སྒྲ་དང༌། ༧མི་རྟག་པའི་སྒྲ་ལྟ་བུ་ཆོས་ཅན་བརྗོད་པའི་འབྲེལ་སྒྲ་སོགས་ཡོད་པ་སྟེ། མདོར་ན་རྣམ་དབྱེ་དྲུག་པ་འདི་ལ་ཆོས་ཐ་དད་པ་གཉིས་འབྲེལ་བ་ཡོད་པ་བརྗོད་བྱར་བྱེད་པ་ཞིག་ཏུ་འདོད་པས་གྲུབ་བོ།།
གཉིས་པ་བྱེད་པ་པོའི་སྒྲ་ནི།
དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། གོང་དུ་བཤད་མ་ཐག་པའི་རྣམ་དབྱེ་དྲུག་པའི་རྐྱེན་གྱི་ཡི་གེ་གི་ཀྱི་གྱི་འི་ཡི་ལྔ་པོ་དེ་ཉིད་ལ་ནི་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས། གིས་ཀྱིས་གྱིས་འིས་ཡིས་ལྔ་གྲུབ་པ་ནི་རྣམ་དབྱེ་ གསུམ་པ ་བྱེད་པ་པོ་སྟོན་པའི་སྒྲ་རུ་ཤེས་པར་བྱའོ། །ཞེས་སོ། །བྱེད་སྒྲའི་སྒྲ་སྦྱོར་ཚུལ་ནི་འབྲེལ་སྒྲ་དང་འདྲ་ལ། དོན་སྦྱོར་ཚུལ་ནི། སངས་རྒྱས་ཀྱིས་ཆོས་གསུངས་ཞེས་པ་ལྟ་བུ་དང༌། གཞན་ཡང་དུ་བ་མཐོང་བས་མེ་ཡོད་པར་ཤེས་ཞེས་ པ་ལྟ་བུ་རྒྱུ་མཚན་དང་འབྲེལ་བའི་བྱེད་སྒྲའོ། །གོང་བཤད་གིས་གྱིས་སོགས་ཡིན་ཚད་རྣམ་དབྱེ་གསུམ ་པའི་རྐྱེན་དུ་འཁྲུལ་བར་མི་བྱ་སྟེ། ལས་གྱིས་ཤིག་ལྟ་བུ་སྐུལ་ཚིག་དང་ཚིག་ཕྲད་གཞན་ཡང་ཡོད་པར་ཤེས་པར་བྱ་དགོས་སོ། །འདི་ལ་བདག་གིས་རིག་སྔགས་ཀྱིས་ཚེ་སྒྲུབ་ཅེས་པ་ལྟ་བུའི་སྐབས་བདག་བྱེད་པོ་གཙོ་བོ་དང༌། རིགས་སྔགས་བྱེད་པ་པོ་ཕལ་པ་ཡིན་པས་གཉིས་ཀར་བྱེད་སྒྲ་སྦྱར་དགོས་ཞེས་ཀུན་མཁྱེན་སི་ཏུས་བཞེད་པ་ལགས་སོ།།
བཞི་པ་རྒྱན་སྡུད་ཀྱི་སྒྲ་ནི།
ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།།
ཞེས་པས་བསྟན་ཏེ། གོང་གི་ཀྱི་འི་ཡི་ གསུམ་གྱི་ཨཱ་ལི་དང་པོ་སྟེ་གི་གུ་ཕྱིས་ནས་རྗེས་འཇུག་གཉིས་པ ་ང་སྦྱར་བས་ཀྱང་འང་ཡང་ཞེས་གྲུབ་པ་དེ་ནི། མཛེས་ཀྱང་མཛེས་ཞེས་པ་ལྟ་བུ་ཚིག་སྔ་ཕྱི་མཐུན་པའི་ཚིག་རྒྱན་དང༌། ཁོང་ཁྲོ་ཡང་བྱམས་ལྟ་བུ་ཚིག་སྔ་ཕྱི་མི་མཐུན་པར་བརྗོད་པའི་ཚིག་རྒྱན་ཏེ་དེ་ལྟར་ཚིག་རྒྱན་གཉིས་དང༌། གཞན་ཡང་ལྷའང་རུང་སྟེ་བདུད་ཀྱང་རུང་ཞེས་པ་ལ་སོགས་པ་ལྟ་བུ་ཚིག་དོན་སྔ་ཕྱིའི་དོན་ཕྱོགས་གཅིག་ཏུ་སྡུད་པ་དང༌། གཡེངས་དང་སེམས་མེད་པ་ཡི་ཡང༌། །ཞེས་པ་ལྟ་བུ་ཚིག་དེའི་ཤུགས་ལ་དོན་གཞན་ཞིག་སྡུད་པའི་སྒྲ་རུ་འགྱུར་རོ་ཞེས་སོ།།
སྒྲ་སྦྱོར་ཚུལ་གྱི་དཔེར་བརྗོད་ནི། རྟག་ཀྱང༌། འཐད་ཀྱང༌། ཐོབ་ཀྱང༌། ཤེས་ཀྱང༌། ཕྱིནད་ཀྱང༌། གྱུརད་ཀྱང༌། བྲལད་ཀྱང༌། གང་ཡང༌། སྔོན་ཡང༌། ལམ་ཡང༌། མཐའ་ཡང༌། འགྱུར་ཡང༌། འཕེལ་ཡང༌། དེའང༌། དེ་ཡང༌། ཞེས་པ་ལྟ་བུའོ།། སྡོམ་ནི། ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་འ་ར་ལ་ཡང༌། །མཐའ་རྟེན་མེད་མཐར་འང་དང་ཡང༌། །ཞེས་སོ།།
ལྔ་པ་ལྷག་བཅས་ཀྱི་སྒྲ་བཤད་ པ་ནི།
ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ ་པའི་དང་པོ་སྦྱར།།
དེ་ལ་ཨཱ་ལི་ གསུམ་པ ་སྦྱར། །དེ་ནི་ལྷག་དང་བཅས་པའོ།།
ཞེས་པས་བསྟན་ཏེ། ལ་དོན་གྱི་རྐྱེན་གྱི་ནང་ཚན་སུ་ཡིག་ལ་ཨུ་སྟེ་ཞབས་ཀྱུ་ཕྱིས་ནས་ས་རྐྱང་གྲུབ་པ་དེ་ལ། སྡེ་པ་ གསུམ་པ ་ཏ་སྡེའི་ཡི་གེ་དང་པོ་ཏ་སྦྱར་བས་སྟ་ཞེས་གྲུབ་པ་དེ་ལ་ཨཱ་ལི་ གསུམ་པ ་སྟེ་འགྲེང་བུ་སྦྱར་བས་སྟེ་ཞེས་གྲུབ་ པ་དངོས་བསྟན་དང༌། ཏེ་རྐྱང་དང་དེ་གཉིས་ཤུགས་ལ་གོ་བས་དེ་གསུམ ་ནི་དྲང་བྱ་དོན་ལྷག་མ་དང་བཅས་པའི་སྒྲའོ་ཞེས་སོ། །སྒྲ་སྦྱོར་ཚུལ་གྱི་དཔེར་བརྗོད་ནི། བྱོན་ཏེ། གྱུར་ཏེ། འཁྲུལ་ཏེ། བྱས་ཏེ། ཕྱིནད་ཏེ། འབྱོརད་ཏེ། འཕུལད་ཏེ། འཐད་དེ། དག་སྟེ། བཟང་སྟེ། བཏབ་སྟེ། སྒོམ་སྟེ། འདའ་སྟེ། སྐྱེ་སྟེ་ལྟ་བུའོ། །སྡོམ་ནི། ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །ཅེས་སོ། །དོན་སྦྱོར་ཚུལ་ནི། སྨྲ་སྒོ་མཚོན་ཆ་རྩ་འགྲེལ་གཉིས་ལས་ཇི་ལྟར་གསུངས་པ་བཞིན། སི་ཏུ་འགྲེལ་ཆེན་ལས་དེ་ལྟར་གསུངས་པ་ལྟར་ན། ལྷག་མ་འདྲེན་ཚུལ་ལ་མཚམས་སྦྱོར་འདྲེན་པ། དམ་བཅའ་འདྲེན་པ། ལྷག་མ་གཞན་འདྲེན་ཏེ་རྩ་བའི་དབྱེ་བ་ གསུམ་ཡོད་པའི་དང་པོ་མཚམས་སྦྱོར་འདྲེན་པ ་ལའང༌། བྱེད་པས་བྱ་བ་དུས་རིམ་ཅན་དུ་འདྲེན་པ། དཔེར་ན། མིག་གིས་བལྟས་ཏེ་གཟུགས་མཐོང༌། གདམས་ངག་བཏབ་སྟེ་སེམས་ལ་ཕན་ལྟ་བུ་དང༌། བྱ་བ་གཉིས་དུས་རིམ་ཅན་དུ་འདྲེན་པ་དཔེར་ན། སློབ་གྲྭ་ཚོགས་ཏེ་ཆོས་ཉན་ལྟ་བུ་དང༌། བྱ་བ་གཉིས་དུས་གཅིག་ཅར་འདྲེན་པ། དཔེར་ན། ཁ་གདངས་ཏེ་མིག་བགྲད་ལྟ་བུ་ གསུམ་ཡོད་པའོ། །དེ་བཞིན་དམ་བཅའ་འདྲེན་པ ་ལའང༌། དབྱེ་བ་འདྲེན་པ། གཏན་ཚིགས་འདྲེན་པ། ངེས་ཚིག་འདྲེན་པ། རྒྱས་བཤད་འདྲེན་པ་སོགས་ཡོད་ པ་ལས། དང་པོ་ནི། དཀོན་མཆོག་གསུམ ་སྟེ། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་ གསུམ་མོ་ལྟ་བུའོ། །གཉིས་པ ་ནི། སྒྲ་མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ལྟ་བུ་དང༌། གསུམ་པ ་ནི། དཀོན་མཆོག་སྟེ། འཇིག་རྟེན་འདི་ན་ཤིན་ཏུ་དཀོན་ཞིང་མཆོག་ཏུ་གྱུར་པས་སོ་ལྟ་བུ་དང༌། བཞི་པ་ནི། དག་དང་རང་ལས་དེ་ལས་གཉིས། །ཞེས་གསུངས་ཏེ། སྤྲུལ་སེམས་ནི་སྤྲུལ་པ་འཇུག་ཚེ་བསམ་གཏན་དག་པ་བ་དང༌། རྒྱུན་གྱི་ཚེ་རང་གཉིས་ལས་འབྱུང་ལ། སྤྲུལ་སེམས་དེ་ལས་སྤྲུལ་པ་ལས་ལྡང་ཚེ་སྙོམས་འཇུག་དག་པ་བ་དང༌། རྒྱུན་གྱི་ཚེ་རང་ཉིད་དེ་གཉིས་འབྱུང་ངོ་ཞེས་ཚིག་དོན་རྒྱས་པར་འགྲེལ་བ་འདྲེན་པ་ལ་བྱའོ། །ལྷག་མ་གཞན་འདྲེན་ནི། དེ་དག་ཏུ་མ་འཐུས་པ་ལྷག་མ་ཡོད་ཙམ་སྟོན་པ་སྟེ། ཤིང་ལ་བྱ་གནས་ཏེ་སྤྲེའུ་ཡང་གནས། མཁའ་ལ་ཉི་མ་ཤར་ཏེ་ཟླ་བའང་ཤར། ཞེས་པ་ལ་སོགས་པ་ལྟ་བུའོ།།
དྲུག་པ་འབྱེད་སྡུད་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན།།
ཞེས་པས་བསྟན་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་གི་མཐའ་ལ། རྗེས་འཇུག་དྲུག་པ་མ་ཡིག་སྦྱར་བར་བྱས་ན་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་བཅུ་དངོས་བསྟན་དང༌། ཤུགས་ལ་གོ་བ་ཏམ་བཅས་བཅུ་གཅིག་པོ་ནི་རྣམ་གྲངས་སོ་སོར་འབྱེད་པ་དང༌། དོན་དུ་མ་ཕྱོགས་གཅིག་ཏུ་སྡུད་བའི་སྒྲའང་ཡིན་ནོ་ཞེས་སོ། །དེ་ལ་སྒྲ་སྦྱོར་ཚུལ་ནི། སླར་བསྡུའི་སྐབས་བཞིན་རྗེས་འཇུག་བཅུ་པོ་རང་རང་གི་མཐར་རང་རང་སྦྱར་བ་དང་ད་དྲག་ཅན་གྱི་མཐར་ཏམ་སྦྱར་དགོས་ཏེ། དཔེར་ན། རྟག་གམ། བྱུང་ངམ། ཡོད་དམ། ཡིན་ནམ། ཁྱབ་བམ། སྒོམ་མམ། བྱ་འམ། ཕྱིར་རམ། འབྲལ་ལམ། བྱས་སམ། གྱུརད་ཏམ། ཕྱིནད་ཏམ། འཁྲུལད་ཏམ་ལྟ་བུའོ། །དོན་སྦྱོར་ཚུལ་ནི། དབྱེ་གཞི་ཆོས་གཅིག་ལས་དབྱེ་བ་གཉིས་འབྱེད་པ། དཔེར་ན། ཤེས་བྱ་ནི་གཉིས་ཏེ། ཟག་བཅས་སམ་ཟག་མེད་དོ་ལྟ་བུ་དང༌། ཡང་དབྱེ་གཞི་ཆོས་གཅིག་ལས་དུ་མ་འབྱེད་པ། དཔེར་ན། ཕུང་པོ་ནི་ལྔ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའི་ཕུང་པོའོ་ལྟ་བུ་དང༌། ཆོས་གཉིས་གཅིག་ཏུ་སྡུད་པའི་དོན་ལ་འཇུག་པ། དཔེར་ན། འདུས་བྱས་སམ་འདུས་མ་བྱས་ནི་ཆོས་སོ་ལྟ་བུ། ཆོས་དུ་མ་གཅིག་ཏུ་སྡུད་པ། དཔེར་ན། མིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་སམ། ཡིད་ནི་དབང་པོའོ་ལྟ་བུའོ། །གཞན་ཡང་དཔེ་ཆ་སྦྱངས་ན་ཤེས་སམ་མི་ཤེས་ལྟ་བུ་ཐེ་ཚོམ་གྱི་དོན་ལ་འཇུག་པ་དང༌། གངས་ཅན་ལ་འགྲོ་བའི་ལམ་འདི་ནས་ཡིན་ནམ་མིན་ལྟ་བུ་དྲི་བའི་དོན་ལའང་འཇུག་པར་བཤད་དོ།།
བདུན་པ་འབྱུང་ཁུངས་ལ། དངོས་དང༌། དེ་དགར་སྡུད་ལ་འཇུག་པའི་ཚུལ་གཉིས་ལས། དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ།།
སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ།།
ཞེས་པས་བསྟན་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་ཡི་ནང་ཚན་བཞི་པ་ན་དགུ་པ་ལ་གཉིས་ལ་བཅུ་པ་ས་སྦྱར་བས་ནས་ལས་ཞེས་གྲུབ་པ་ནི་ཆོས་གང་ཞིག་གང་ལས་བྲལ་བའམ་འབྱུང་བའི་ཁུངས་སྟོན་པའི་སའམ་སྒྲ་ཡིན་ཏེ་ཞེས་ལྷག་བཅས་ཀྱི་ཚིག་ཕྲད་དོ། །དེ་ལ་སྒྲ་སྦྱོར་ཚུལ་མེད་ལ་དོན་སྦྱོར་ཚུལ་ནི། དཔེར་ན། སངས་རྒྱས་ལས་ཆོས་འབྱུང༌། མཁས་པ་ལས་རིག་པ་འབྱུང༌། རྒྱ་མཚོ་ལས་ནོར་བུ་འབྱུང༌། བའི་ནུ་མ་ལས་འོ་མ་འབྱུང༌། ཞེས་པ་ལྟ་བུ་འབྱུང་ཁུངས་ཀྱི་ཚིག་ཕྲད་དངོས་དང༌། དེ་དང་ཆ་འདྲ་བ། རྟ་ལས་ལྷུང༌། རི་ལས་འགྲིལ། ཤར་ནས་འོད་འབྱུང༌། ས་བོན་ལས་མྱུ་གུ་འབྱུང༌། སྐས་ཐོག་ནས་བབ་ཅེས་པ་ལྟ་བུ་དང༌། དུ་བ་མཐོང་བ་ལས་མེ་ཡོད་པར་ཤེས། ལྟ་བུ་རྒྱུ་མཚན་དང་འབྲེལ་བའི་འབྱུང་ཁུངས་སུ་བཞེད་དོ།།
གཉིས་པ་དེ་དགར་སྡུད་ལ་འཇུག་པ་ནི།
དགར་དང་སྡུད་པའང་དེ་བཞིན་ཡིན།།
ཞེས་གསུངས་ཏེ། གཞི་གང་ལས་ཆོས་གང་ཞིག་ལོགས་སུ་དགར་བ་དང༌། གང་ཞིག་ནས་མཚམས་འཛིན་ཏེ་གང་ཞིག་གི་བར་གྱི་ཆོས་རྣམས་སྡུད་པའང་གོང་དུ་བཤད་པའི་འབྱུང་ཁུངས་དེ་བཞིན་ནས་ལས་གཉིས་འཇུག་པ་ཡིན་ནོ་ཞེས་སོ། །དོན་སྦྱོར་ཚུལ་ནི། སྔོན་པོ་ལས་སེར་པོ་ཐ་དད། ནེ་ཙོ་ལས་རྨ་བྱ་ཐ་དད། ལྷ་ལས་མི་ཐ་དད་ལྟ་བུ་རིགས་དགར་བ་དང༌། ཕྱག་འཚལ་བ་ལས་ཏིང་འཛིན་བསྒོམ་པ་འཐད། ཚོང་བྱེད་པ་ལས་སོ་ནམ་བྱས་ན་སྙམ་ལྟ་བུ་བྱ་བ་དགར་བ་དང༌། མཁས་པའི་ཡོན་ཏན་ལས་བཟང་པོའི་ཡོན་ཏན་མཆོག རིགས་མཐོ་བ་ལས་རིག་གནས་ཤེས་པ་བཟང་ལྟ་བུ་ཡོན་ཏན་དགར་བའོ། །དེ་ལའང་བྱང་སེམས་ལས་སངས་རྒྱས་མཆོག་ལྟ་བུ་མཆོག་ཏུ་དགར་བ་དང༌། མཁས་པ་ལས་བླུན་པོ་དམན་ལྟ་བུ་དམན་པར་དགར་བ་དང༌། ནས་ལས་གྲོ་ཐ་དད་ལྟ་བུ་ཐ་དད་པ་ཙམ་དུ་དགར་བ་ གསུམ་དུ་དབྱེར་ཡོད་པ ་དང༌། ཡང༌། ལྷ་དང༌། ཀླུ་དང༌། དྲི་ཟ་ལས་མི་འམ་ཅི་ཐ་དད་ལྟ་བུ་གཞི་རིགས་དུ་མ་ལས་རིགས་གཅིག་དགར་བ་དང༌། ལྷ་ལས་མི་འམ་ཅི་འམ་གནོད་སྦྱིན་ནམ་དྲི་ཟ་རྣམས་ཐ་དད་ལྟ་བུ་དགར་གཞི་རིགས་གཅིག་ལས་དུ་མ་དགར་བའང་ཡོད་པ་ཡིན་ནོ། །ཚོགས་ཀྱི་ནང་ནས་དགར་བ་ལ་ནས་སྒྲ་ཁོ་ན་འཇུག་པའི་དཔེར་བརྗོད་པ་ཡང༌། ལྷ་རྣམས་ཀྱི་ནང་ནས་བརྒྱ་བྱིན་དཔའ། མི་རྣམས་ཀྱི་ནང་ནས་འཁོར་ལོས་བསྒྱུར་རྒྱལ་མཆོག ཆོས་རྣམས་ཀྱི་ནང་ནས་རྫོགས་པ་ཆེན་པོ་ཟབ་ལྟ་བུའོ། །འདི་ལ་ལས་སྒྲ་མི་འཇུག་པ་སི་ཏུས་གསུངས། ནས་སྒྲ་སྡུད་པ་ལ་འཇུག་པའི་དཔེར། རྒྱ་གར་ནས་རྒྱ་ནག་བར་ཞེས་པ་ལྟ་བུ་ཡུལ་གྱི་མཚམས་འཛིན་ཅིང་སྡུད་པ་དང༌། མིག་ནས་ཡིད་བར་ལྟ་བུ་དངོས་པོའི་མཚམས་འཛིན་ཅིང་སྡུད་པ་ལ་འཇུག་པ་དང༌། གཅིག་ནས་བཅུའི་བར་ཞེས་པ་ལྟ་བུ་གྲངས་ཀྱི་མཚམས་འཛིན་ཅིང་སྡུད་པ་ལ་འཇུག་པའོ། །དེ་ལས་གཞན་ནས་སྒྲ་ལྷག་བཅས་ལ་འཇུག་པ་ཡང༌། བླ་མ་ལ་ཡང་ཕྱག་འཚལ་ནས། །ཞེས་གོང་དུ་མཆོད་བརྗོད་ཀྱི་གཞུང་དུ་ཡོད་པ་ལྟ་བུའང་ཤེས་པར་བྱའོ།།
བརྒྱད་པ་བོད་པའི་སྒྲ་ནི།
གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན།།
ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་སྟེ་ཐོག་མའམ་བར་རམ་མཐའ་མ་རུ་ཀྱེ་ཞེས་སྦྱར་བ་ནི་ཡུལ་དེ་ལ་བོད་པའི་སྒྲའམ་བརྡ་ཡིན་ནོ་ཞེས་སོ། །དེ་ཡང་ཀྱེ་ལྷའི་ལྷ་ཞེས་པ་ལྟ་བུ་མིང་གི་ཐོག་མར་སྦྱར་བ་དང༌། ལྷ་ཡི་ལྷ་ཀྱེ་བདག་ལ་དགོངས། །ལྟ་བུ་བར་ལ་སྦྱར་བ་དང༌། བདག་ལ་ཉེར་དགོངས་ལྷའི་ལྷ་ཀྱེ། ཞེས་པ་ལྟ་བུ་མཐའ་མ་ལ་སྦྱར་ཚུལ་ཡིན་ནོ། །དེ་ཡང་མཆོག་དང་འདྲ་མཉམ་ལ་བོད་སྒྲ་ཡིན་གྱི་དམན་པ་ལ་ཀ་ཡེ་ཞེས་པའི་བོད་སྒྲ་སྦྱར་བར་གསུངས་ཀྱང་དྲག་ཤུལ་དང་སྐུལ་ཚིག་གི་སྐབས་མཆོག་ལའང་ཀ་ཡེ་ཞེས་པའི་བོད་སྒྲའང་སྦྱར་རུང་བ་ཡིན་པ་ནི་འབྲུག་པ་པད་དཀར་གྱི་གུར་དྲག་སྐུལ་ཚིག་སྐབས་སུ་གསལ་ལོ། །དེས་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ་སོང་ལ། རྣམ་དབྱེ་མཐའ་དཔྱད་པ། སྤྱིར་རྣམ་དབྱེ་ཡིན་ན་ཚིག་ཕྲད་ཡིན་དགོས་ལ། ཚིག་ཕྲད་ཡིན་ན་རྣམ་དབྱེ་ཡིན་མི་དགོས་ཏེ་རྣམ་དབྱེ་རྣམས་ཚིག་སྔ་ཕྱིའི་བར་མཚམས་སྦྱོར་བའི་ཕྲད་ཡིན་པས་དང༌། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་དུ་མ་ཡོད་པའི་ཕྱིར་རོ། །སྐབས་འདིར་རྣམ་དབྱེའི་མཐའ་ཅུང་ཟད་དཔྱད་ན་ལེགས་སྦྱར་དང་བོད་གཉིས་ཀ་མཚུངས་པར་རྣམ་དབྱེ་ལ་བརྒྱད་ གསུམ་ཉི་ཤུ་རྩ་བཞི་ཡོད་པ ་སྟེ། དཔང་ལོ་ཙ་བའི་ཚོགས་གསུམ་གསལ་བྱེད་དུ།
མིང་ལ་རྣམ་དབྱེ་བརྒྱད་ཕྱེ་བ། །ཉི་ཤུ་རྩ་བཞི་སྦྱར་བ་དང༌།།
བྱིངས་ལ་ཏི་སོགས་སྦྱར་བ་ཡིས། །རང་རང་དོན་རྣམ་འབྱེད་པའི་ཚིག །ཅེས་གསུངས་ཏེ། དེ་ཡང་བྱིངས་ལ་ཏི་སོགས་སྦྱར་བ་ལེགས་སྦྱར་ཁོ་ན་ཡིན་ཡང་མིང་ལ་རྣམ་དབྱེ་བརྒྱད་ཕྱེ་བ་བོད་ལའང་ཡོད་པ་ནི། རྣམ་དབྱེ་དང་པོ་རང་གི་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ ་བྱེད་པ་པོ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་རྟེན་གནས་རྣམས་བཤད་ཟིན་པ་ལྟར་ངོ་བོའི་སྒོ་ནས་དབྱེ་བ་དང༌། བརྒྱད་པ་བོད་པ་རྣམ་དབྱེ་མགོ་ཐུབ་མ་ཡིན་ཡང་རྣམ་དབྱེ་དང་པོའི་ཡན་ལག་ཏུ་འགྱུར་བ་བཅས་རྩ་བ་བརྒྱད་པོ་དེ་ལ་ཡན་ལག་གི་དབྱེ་བ་རེ་རེ་ལའང་གཅིག་ཚིག་ཉིས་ཚིག་མང་ཚིག་ གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བཞིར་འགྱུར་བ་ཡིན་ཏེ། དེ་དག་གི་དཔེར། བུམ་པ ་ལྟ་བུ་མིང་རྐྱང་དང༌། རྣམ་དབྱེ་དང་པོའི་གཅིག་ཚིག་གཉིས་བོད་ལ་ཁྱད་པར་མེད་པ་དེས་ན་མིང་ཐམས་ཅད་རྣམ་དབྱེ་དང་པོའི་གཅིག་ཚིག་གི་དཔེར་བརྗོད་དུ་འགྱུར་བས། སངས་རྒྱས། ཆོས། དགེ་འདུན་ལྟ་བུ་དང༌། དེ་ལ་སངས་རྒྱས་དག ཆོས་དག དགེ་འདུན་དག་ལྟ་བུ་དག་སྦྱར་ན་རྣམ་དབྱེ་དང་པོའི་ཉིས་ཚིག་དང༌། སངས་རྒྱས་རྣམས། ཆོས་རྣམས། དགེ་འདུན་རྣམས་ལྟ་བུ་རྣམས་སྦྱར་བ་མང་ཚིག་ཡིན་པ་ཤེས་པར་བྱའོ། །དེས་ན་རྣམ་དབྱེ་དང་པོའི་གཅིག་ཚིག་ཡིན་ན་དོན་གྱི་ངོ་བོ་ཙམ་སྟོན་པ་ཡིན་ཀྱང་ཉིས་ཚིག་དང་མང་ཚིག་ལ་དེས་མ་ཁྱབ་སྟེ་ལྡོག་པ་ཅུང་ཟད་བཅས་སྟོན་པ་ཡིན་ནོ།།
དེ་བཞིན་རྣམ་དབྱེ་གཉིས་པ་ལའང༌། སངས་རྒྱས་ལ་ཕྱག་འཚལ་ལྟ་བུ་གཅིག་ཚིག སངས་རྒྱས་དག་ལ་ཕྱག་འཚལ་ལྟ་བུ་ཉིས་ཚིག་སངས་རྒྱས་རྣམས་ལ་ཕྱག་འཚལ་ལྟ་བུ་མང་ཚིག་གོ །རྣམ་དབྱེ་ གསུམ་པ ་ལའང༌། སངས་རྒྱས་ཀྱིས་ཆོས་གསུངས་ལྟ་བུ་གཅིག་ཚིག་སངས་རྒྱས་དག་གིས་ཆོས་གསུངས་ལྟ་བུ་ཉིས་ཚིག སངས་རྒྱས་རྣམས་ཀྱིས་ཆོས་གསུངས་ལྟ་བུ་མང་ཚིག་ཡིན། རྣམ་དབྱེ་བཞི་པ་ལའང༌། ནད་པ་ལ་སྨན་སྦྱིན་ལྟ་བུ་གཅིག་ཚིག །ནད་པ་དག་ལ་སྨན་སྦྱིན་ལྟ་བུ་ཉིས་ཚིག །ནད་པ་རྣམས་ལ་སྨན་སྦྱིན་ལྟ་བུ་མང་ཚིག་གོ །རྣམ་དབྱེ་ལྔ་པ་འབྱུང་ཁུངས་ལའང༌། སངས་རྒྱས་ལས་ཆོས་འབྱུང་ལྟ་བུ་གཅིག་ཚིག །སངས་རྒྱས་དག་ལས་ཆོས་འབྱུང་ལྟ་བུ་ཉིས་ཚིག །སངས་རྒྱས་རྣམས་ལས་ཆོས་འབྱུང་ལྟ་བུ་མང་ཚིག་གོ །རྣམ་དབྱེ་དྲུག་པ་ལའང༌། སངས་རྒྱས་ཀྱི་སྐུ་ལྟ་བུ་གཅིག་ཚིག །སངས་རྒྱས་དག་གི་སྐུ་ལྟ་བུ་ཉིས་ཚིག སངས་རྒྱས་རྣམས་ཀྱི་སྐུ་ལྟ་བུ་མང་ཚིག་གོ །རྣམ་དབྱེ་བདུན་པ་ལའང༌། ཤིང་ལ་བྱ་གནས་ལྟ་བུ་གཅིག་ཚིག །ཤིང་དག་ལ་བྱ་གནས་ལྟ་བུ་ཉིས་ཚིག །ཤིང་རྣམས་ལ་བྱ་གནས་ལྟ་བུ་མང་ཚིག་གོ །རྣམ་དབྱེ་བརྒྱད་པ་ལའང༌། ཀྱེ་སངས་རྒྱས་ལྟ་བུ་གཅིག་ཚིག །ཀྱེ་སངས་རྒྱས་དག་ལྟ་བུ་ཉིས་ཚིག །ཀྱེ་སངས་རྒྱས་རྣམས་ལྟ་བུ་མང་ཚིག་གོ། དེ་ཡང་དག་ཅེས་པས་གཉིས་ཡན་ཆད་དང༌། རྣམས་ཞེས་པས་གསུམ་ཡན་ཆད་ཅིག་ཡོད་པར་སྟོན་ པ་ཡིན་གྱི། གཉིས་དང་གསུམ ་ཁོ་ན་མ་གཏོགས་མེད་པར་སྟོན་པ་མིན་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་དང༌། གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །ཞེས་པ་ལྟ་བུས་ཤེས་སོ། །གཉིས་པ་སོགས་ཀྱིས་ནི་གཙོ་བོར་དོན་གྱི་ལྡོག་པ་སྟོན་པ་ཡིན་པ་ཤེས་པར་བྱ་དགོས་སོ།།
ཕྲད་རང་དབང་ཅན་ཁོ་ན་བཤད་པ།
༈ གཉིས་པ་ཕྲད་རང་དབང་ཅན་ཁོ་ན་བཤད་པ་ལ། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་བཤད་པ་དང་དྲུག་ལས། དང་པོ་ནི།
གང་མིང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ།།
དགར་དང་བརྣན་པའི་ཚིག་ཏུ་གྱུར།།
ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་དང་ཚིག་གི་མཐའ་དང་རྗེས་སུ་མཐུན་པ་ཡི་རྗེས་འཇུག་བཞི་པ་ན་ཡིག་ལ་ནི་ཨི་ཡིག་སྟེ་གི་གུ་སྦྱར་བས་ནི་ཞེས་གྲུབ་པའི་ཚིག་ཕྲད་དེ་ནི་དགར་གཞི་གང་ལས་མཆོག་དམན་བར་མ་གང་ཡང་རུང་བའི་དགར་བྱ་ཞིག་དགར་བ་དང་དོན་གང་ཡིན་པ་དེ་ཉིད་ལ་ནན་ཏན་དུ་བརྣན་པའི་ཚིག་ཕྲད་དག་ཏུ་འགྱུར་རོ་ཞེས་སོ། །འདི་ཡི་རིགས་ལ་སྒྲ་སྦྱོར་ཚུལ་མེད་དེ་ཕྲད་རང་དབང་ཅན་ཡིན་པས་སོ།།
དོན་སྦྱོར་ཚུལ་གྱི་དཔེར་བརྗོད་ནི། མཆོག་ཏུ་དགར་བ། རྐང་གཉིས་རྣམས་ཀྱི་ནང་ནས་ནི་སངས་རྒྱས་མཆོག་གོ ཞེས་པ་ལྟ་བུ་དང༌། དམན་པར་དགར་བ། འགྲོ་བ་རིགས་དྲུག་ལས་ནི་དམྱལ་བའི་འགྲོ་བ་དམན་པའོ་ལྟ་བུ་དང༌། ཐ་དད་དམ་བར་མར་དགར་བ། ཁ་དོག་སྔོན་པོ་ལས་ནི་སེར་པོ་ཐ་དད་ཅེས་པ་ལྟ་བུ། དགར་གཞི་དངོས་སུ་སྨོས་པ། ལྷ་རྣམས་ལས་ནི་བརྒྱ་བྱིན་མཆོག་ལྟ་བུ་དང༌། དགར་གཞི་དངོས་སུ་མ་སྨོས་པ། བརྒྱ་བྱིན་ནི་མཆོག་གོ་ལྟ་བུའོ། །རྫས་ཁོ་ན་དགར་བ་མེད་ཀྱང་རྫས་ཅན་དང་འབྲེལ་ཚེ་དགར་རྒྱུ་ཡོད་པར་ཤེས་དགོས་སོ། །རྡོ་རྗེ་རྩེ་བརྒྱ་པ་འཛིན་པ་ནི་བརྒྱ་བྱིན་ནོ་ཞེས་པ་ལྟ་བུ་རྫས་དགར་བའང་ཡིན་པར་གོ་དགོས་སོ། །གཞན་ཡང་ནི་སྒྲ་ཚིག་རྐང་པ་ཁ་སྐོང་དུ་འཇུག་པ། རིག་པའི་གནས་བཅུ་སྦྱངས་ནས་ནི། །ཞེས་པ་ལྟ་བུ་དང༌། བརྣན་པ་ལ་འཇུག་པ། རིག་པ་ནི་ཡོད། བརྩོན་འགྲུས་ནི་ཆེ། སློབ་སྦྱོང་ནི་བྱས། ད་ནི་མཁས་པར་འོས་སོ་ཞེས་པ་ལྟ་བུ་དང༌། ཇ་ནི་ལེགས། འོ་མ་ནི་བླུགས། ༼བྱེ་མ་ཀ་ར་༽ ཅི་ནི་ནི་བརྒྱབས། ད་ནི་མངར་ཇ་མ་ཞིམ་ཡང་ཅི་བྱེད་ལྟ་བུའོ།།
གཉིས་པ་དང་སྒྲ་བཤད་པ་ནི།
མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར།།
དེ་ནི་སྡུད་དང་འབྱེད་པད་ང༌། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།།
ཞེས་པས་བསྟན་ཏེ། རྗེས་འཇུག་ལ་མ་ལྟོས་པར་མིང་དང་ཚིག་གང་ཡང་རུང་བའི་བར་མཚམས་སུ་རྗེས་འཇུག་གི་ཡི་གེ་བཅུ་ཡོད་པའི་ གསུམ་པ ་ད་ཉིད་ལ་ནི་གཉིས་པ་ང་ཡིག་སྦྱར་བས་དང་ཞེས་གྲུབ་པ་དེ་ནི་དོན་དུ་མ་གཅིག་ཏུ་སྡུད་པ་དང༌། དོན་སོ་སོར་འབྱེད་པ་དང༌། རྒྱུ་མཚན་བསྟན་པ་དང༌། ཚེ་སྐབས་དང༌། གདམས་ངག་རྗེས་སུ་བསྟན་པ་ལྔ་ལ་འཇུག་པའོ་ཞེས་སོ། །དེ་ལས་དང་པོ་སྡུད་པ་ལ་འཇུག་པ་ནི། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནི་ཕུང་པོའོ། །རྟག་པ་དང་མི་རྟག་པ་གཉིས་ནི་ཤེས་བྱའོ་ལྟ་བུ་དང༌། འདི་དང་ཕྱི་མར་ཕན་པ་དེ་དང་དགའ། །སྙན་དང་གྲགས་དང་དཔལ་དང་ལྡན་པ་འཐོབ། །ཅེས་པ་ལྟ་བུ་དང༌།
གཉིས་པ་འབྱེད་པ་ལ་འཇུག་པ་ནི། ཆོས་ནི་གཉིས་ཏེ། ཟག་བཅས་དང་ཟག་མེད་དོ་ལྟ་བུ་དབྱེ་གཞི་གཅིག་ལས་གཉིས་སུ་འབྱེད་པ་དང༌། རིག་གནས་ནི་ལྔ་སྟེ། སྒྲ་རིག་པ་དང༌། ཚད་མ་རིག་པ་དང༌། བཟོ་རིག་པ་དང༌། གསོ་བ་རིག་པ་དང༌། ནང་དོན་རིག་པའོ་ཞེས་པ་ལྟ་བུ་དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་འབྱེད་པ་ལ་འཇུག་པའོ། །རྒྱུ་མཚན་ལ་འཇུག་པ་ནི། སྨན་ལེགས་པར་ཟོས་པ་དང་ནད་ལས་གྲོལ། བསྟན་བཅོས་རྩོམ་པ་ལ་ལྟོས་དང་མཁས་པ་ཡིན་པར་འདུག་གོ་ལྟ་བུ་དང༌། དུ་བ་འཕྱུར་བ་མཐོང་བ་དང་གྲོང་སོགས་ཡོད་པར་ཤེས་ཞེས་པ་ལྟ་བུའོ། །ཚེ་སྐབས་ལ་འཇུག་པ་ནི། ཆུ་ཚོད་དགུ་ཟིན་པ་དང་མལ་དུ་ཉལ། སྐྱ་རེངས་ཤར་བ་དང་མལ་ནས་ལྡང༌། གཟའ་ཉི་མ་ཤར་བ་དང་ཆུ་ཁྲུས་ ༼གུང་སེང་།༽ ཡོད་ཅེས་པ་ལྟ་བུའོ།།
གདམས་ངག་ལ་འཇུག་པ་ནི། ལེགས་པར་སྦྱོངས་དང༌། ཆོས་སྒྲུབས་དང༌། སྐྱབས་འགྲོ་གྱིས་དང༌། ཞི་དུལ་མཛོད་དང༌། སེམས་ལ་ཞོག་དང་ཞེས་པ་ལྟ་བུའོ།།
གང་མིང་གི་ནི་ཡ་མཐའ་རུ། །གསུམ་ པ་ལ་ནི་ཨེ་སྦྱར་བ།།
ཐ་སྙད་དབང་དུ་གསུམ ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར།།
དུས་ཀྱི་དབང་དུ་གཉིས་ཡིན་ནོ།།
ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་ཚིག་གི་ནི་ཡ་མཐའ་སྟེ་ཐོག་མ་རུ་རྗེས་འཇུག་ གསུམ་པ ་ད་ཡིག་ལ་ནི་ཨེ་ཡིག་སྟེ་འགྲེང་བུ་སྦྱར་བས་དེ་ཞེས་གྲུབ་པའི་ཚིག་ཕྲད་དེ་ནི་ཤེས་བརྗོད་འཇུག་པའི་ཐ་སྙད་ཀྱི་དབང་དུ་བྱས་ན་རྣམ་གྲངས་གཞན་ཅན་དང༌། ལྷག་མ་འདྲེན་པ་དང༌། དུས་འདས་ པ་སྟེ་གསུམ ་ལ་འཇུག་པ་ཡིན་ཏེ། དེ་ཡང་དུས་འདས་པ་ལ་འཇུག་པ་ནི་སྤྱི་དང༌། རྣམ་གྲངས་གཞན་ཅན་དང་ལྷག་མ་ཡོད་ཙམ་སྟོན་པ་གཉིས་ནི་བྱེ་བྲག་ཡིན་ནོ། །དོན་རང་གི་སྡོད་ལུགས་སམ་དངོས་པོའི་གནས་ལུགས་དབང་བཙན་དུ་བྱས་ན་བདེན་པའི་དངོས་པོའམ་མངོན་གྱུར་གྱི་དངོས་པོ་དང༌། གསང་བའི་དངོས་པོའམ་ལྐོག་གྱུར་གྱི་དངོས་པོ་དང༌། བདག་དང་འབྲེལ་བའི་དངོས་པོ་བདག་གི་བའི་དངོས་པོ་དང༌། བདག་དང་མ་འབྲེལ་བ་གཞན་གྱི་དངོས་པོ་སྟེ་བཞི་རུ་འཇུག་པར་འགྱུར་བའོ། །དུས་ཁོ་ནའམ་དུས་ཉིད་ཀྱི་ནི་དབང་དུ་བྱས་ན་འདས་པའི་དུས་དང་མ་འོངས་པའི་དུས་གཉིས་ལ་འཇུག་པ་ཡིན་ནོ་ཞེས་སོ།།
དེ་ཡང་ཐ་སྙད་ཀྱི་དབང་དུ་ གསུམ་ལ་འཇུག་པའི་དཔེར་བརྗོད། རྣམ་གྲངས་གཞན་ཅན་ལ་འཇུག་པ ་ནི། དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞེས་པ་ལྟ་བུ་རྣམ་གྲངས་གཞན་སྦྱོར་རྒྱུ་དེ་དངོས་སུ་ཚིག་གིས་མ་ཟིན་པ་དང༌། འཕགས་ཡུལ་པཎ་གྲུབ་དེ་བཞིན་བོད་མཁས་རྣམས། །ལྟ་བུ་རྣམ་གྲངས་གཞན་སྦྱོར་རྒྱུ་དེ་ཚིག་གིས་དངོས་སུ་ཟིན་པ་གཉིས་སུ་གསུངས་སོ། །ལྷག་མ་གཞན་འདྲེན་ལ་འཇུག་པ་ནི། ཞལ་ཕྱག་འཁྲུད་དེ་རྟེན་ལ་མཆོད་འབུལ་བགྱི་ཞེས་པ་ལྟ་བུའོ། །འཇུག་པ་དེ་གཉིས་ཀ་དུས་འདས་པ་ལ་འཇུག་པ་ཡིན་པས་དུས་འདས་པ་ལ་འཇུག་པའི་དཔེར་བརྗོད་ལོགས་སུ་མི་དགོས་ལ། དུས་འདས་པ་ལ་འཇུག་པ་ནི་སྤྱི་དང་གཞན་གཉིས་དེའི་བྱེ་བྲག་ཡིན་པའི་ཕྱིར།
སྐབས་འདིའི་ཐ་སྙད་ཅེས་པའི་དོན་ནི། ཆོས་གང་ལ་མཚན་མཚོན་གཞི་གསུམ་གྱི་དབང་དུ་བྱས་ནས་མཚོན་བྱ་དང་ཐ་སྙད་གཉིས་སུ་གསུངས་པའི་ཐ་སྙད་དེ་ལ་གོ་དགོས་སོ། །དེ་ཡང་བརྡ་དང་ཐ་སྙད་ཀྱི་ཁྱད་པར་ཡང༌། རྣམ་འགྲེལ་ལས། སྒྲ་རྣམས་ཀྱི་ནི་བརྡར་བཏགས་དོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཞེས་དང༌། འཇམ་དབྱངས་ས་པཎ་གྱིས་མཁས་པ་ལ་འཇུག་པའི་སྒོར། མིང་ཚིག་དེ་དག་རྒན་པོ་ཡིས། །ཐོག་མར་སྦྱར་བ་བརྡ་ཡིན་ལ། །ཕྱིས་ནས་དཔྱད་པ་ཐ་སྙད་ཡིན། །ཞེས་དང༌། ལྕེ་ཁྱི་འབྲུག་གིས་གནས་བརྒྱད་རྩ་བར། ཐ་སྙད་ནི་དངོས་པོ་མེད་པར་དངོས་པོ་བཏགས་པ་སྟེ། དེ་ཡང་བཏགས་པ་དང་བརྗོད་པ་དང་འཇུག་པ་དང་བཅས་པ་ཐམས་ཅད་དོ། །དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཅན་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར། ནོག་སོགས་འདུས་པའི་གོང་བུ་ལ་བ་ལང་ཞེས་བརྡ་སྦྱར་མ་ཤེས་པའི་དུས་སུ་བརྡ་སྦྱོར་བ་པོ་ཞིག་གིས་འདི་ནི་བ་ལང་ཞེས་བྱ་བ་ཡིན་ནོ་ཞེས་སྨྲས་ནས་མིང་དོན་འབྲེལ་བར་ཤེས་པའི་སྐབས་བརྡ་ཞེས་བྱ་བ་ཡིན་ནོ། །ཐབས་དེས་མིང་དོན་གྱི་འབྲེལ་བ་རྟོགས་ནས་ཕྱིས་སུ་བ་ལང་དུ་ཤེས་བརྗོད་འཇུག་པའི་སྐབས་ཐ་སྙད་ཅེས་བྱ་བ་ཡིན་ནོ། །ཐ་སྙད་དེ་ལའང་དབྱེ་ན། གནས་བརྒྱད་འགྲེལ་བར། ཐ་སྙད་ནི་དངོས་པོ་ལ་ཐ་སྙད་མེད་པ་ལ་ནན་གྱིས་བཏགས་པ་སྟེ། དེའང་བཏགས་པའི་ཤེས་པ་ནི་འདི་ཀ་བ་ཡིན་ནོ་སྙམ་པ་ལ་སོགས་པའི་ཤེས་པའོ། །བརྗོད་པ་ནི་འདི་ནི་ཀ་བའོ་ཞེས་བྱ་བའི་སྒྲའོ། །འཇུག་པ་ནི། ཀ་བ་ཡིན་པས་ཁང་ཁྱིམ་བྱེད་པར་རྩོམ་པ་ལ་སོགས་པའོ། །ཐ་སྙད་ཅེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་ཡིན་ནོ་ཞེས་གསུངས་པ་དང༌། གཞན་ཡང༌། མཁས་འཇུག་སྡོམ་བྱང་དུ།
མཐོང་ཐོས་བྱེ་བྲག་ཕྱེད་པ་དང༌། །མྱོང་བའི་ཐ་སྙད་རྣམ་པ་བཞི།།
ཡིན་ཡོད་སྒྲུབ་དང་མེད་མིན་དགག །དགག་སྒྲུབ་ཐ་སྙད་རྣམ་པ་བཞི། །ཞེས་གསུངས་པ་ལྟར་བུམ་པ་ལྟ་བུ་ལ་མཚོན་ན་སེམས་ཀྱིས་འདི་བུམ་པའོ་སྙམ་དུ་ཤེས་པ་ལྟ་བུ་ཤེས་པའི་ཐ་སྙད་དང༌། ངག་གིས་བུམ་པ་ཞེས་བརྗོད་པ་བརྗོད་པའི་ཐ་སྙད་དང༌། ལུས་ཀྱིས་ཆུ་ལེན་པའི་བྱ་བ་སོགས་ལ་འཇུག་པ་འཇུག་པའི་ཐ་སྙད་དེ་ཐ་སྙད་རྣམ་ པ་གསུམ ་དང༌། གཞན་ཡང་མངོན་སུམ་དུ་མཐོང་བ་དང༌། ལུང་ལས་ཐོས་པ་དང༌། ཡིད་ཆེས་ཀྱིས་བྱེ་བྲག་ཕྱེད་པ་དང༌། གསལ་པོར་མྱོང་བའི་ཐ་སྙད་དེ་བཞི་དང༌། ཡང་བུམ་པ་ཡོད་ཅེས་དང༌། མི་རྟག་པ་ཡིན་ལྟ་བུ་སྒྲུབ་པའི་ཐ་སྙད་གཉིས་དང༌། ཡང་བུམ་པ་མེད། རྟག་པ་མིན་ལྟ་བུ་དགག་པའི་ཐ་སྙད་རྣམ་པ་གཉིས་ཏེ་དགག་སྒྲུབ་ཀྱི་ཐ་སྙད་བཞི་ཡོད་པར་གསུངས་སོ། །མདོར་ན་ཐ་སྙད་ཅེས་ པ་ཡུལ་གང་ཞིག་གི་དངོས་པོའི་གནས་ཚོད་ལ་སྐྱེས་བུའི་ལུས་ངག་ཡིད་གསུམ ་གྱིས་སྒྲོ་བཏགས་པའི་ཆ་དེ་ལ་གོ་དགོས་སོ།།
དངོས་པོའི་དབང་དུ་བཞི་རུ་འགྱུར་བའི་དཔེར་བརྗོད་ནི། བདེན་པའི་དངོས་པོའམ་མངོན་གྱུར་གྱི་དངོས་པོ་ལ་འཇུག་པ་ནི། དེ་ནི་བདེན་ནོ། །དེ་དེ་ལྟར་རོ། །དེ་རྫུན་པའོ། །དེ་ཁོ་ནའོ། །དེ་ངོ་མའོ། །དེ་དངོས་གནས་སོ། །དེ་ག་རང་ཡིན། །དེའི་ཚུལ་ནི་དེ་ལྟ་བུའོ། །དེ་ལྟར་ངེས་སོ་ལྟ་བུ་དང༌། གསང་བའི་དངོས་པོའམ་ལྐོག་གྱུར་གྱི་དངོས་པོ་ལ་འཇུག་པ་ནི། དེ་མ་སྟོན་ཅིག་དེ་མ་ཉན་ཅིག་དེ་མ་བཤད་ཅིག་གང་ཡིན་དེ་ཞེས་པ་ལྟ་བུ་དོན་ནམ་མིང་དེ་དངོས་སུ་མ་བརྗོད་པར་ཤུགས་ལ་གསང་གྲོས་སོགས་ཀྱིས་གོ་བར་བྱས་ཏེ་བརྗོད་པའོ། །བདག་གི་བའི་དངོས་པོ་ལ་འཇུག་པ་ནི། བདག་གི་ལྷ་དེ། བདག་གི་ནོར་དེ། བདག་གིས་བརྩམས་པའི་བསྟན་བཅོས་དེ། བདག་གིས་བྲིས་པའི་གླེགས་བམ་དེ། ངེད་ཀྱི་གྲོགས་དེ། རང་གི་ཉེ་འཁོར་དེ་ཞེས་པ་ལྟ་བུ་དང༌། གཞན་གྱི་དངོས་པོ་ལ་འཇུག་པ་ནི། བུམ་པ་དེ། གཟུགས་སྐུ་དེ། ལྷ་བྲིས་པ་དེ། ཁྱེད་ཀྱིས་དེ་བྱས་སམ། ཀ་བ་དེ་སྦོམ་མམ་ཞེས་པ་ལྟ་བུ་དང༌། དེ་བཞིན་དུས་ གསུམ་ཀ་ལ་འཇུག་པ ་ཡིན་ཏེ། དཔེར་ན། ཁ་སང་གི་བུམ་པ་དེ་ཞེས་པ་ལྟ་བུ་འདས་པ་དང༌། དེ་རིང་གི་བུམ་པ་དེ་ལྟ་བུ་ད་ལྟ་བ་དང༌། སང་ཉིན་གྱི་བུམ་པ་དེ་ལྟ་བུ་དུས་མ་འོངས་པ་ལ་འཇུག་པ་ཡིན་པས་དེས་རིགས་འགྲེས་ནས་ཤེས་པར་བྱ་དགོས་སོ། །མདོར་ན་ཤེས་བརྗོད་འཇུག་པའི་སྒྲོ་བཏགས་པའི་ཆ་ལ་ཐ་སྙད་དང༌། སྒྲོ་བཏགས་པའི་ཡུལ་གྱི་དངོས་པོ་ལ་དངོས་པོར་གོ་ན་རུང་སྙམ་མོ། །དངོས་པོའི་དབང་གིས་འཇུག་ཚུལ་བཞི་པོའི་སྔ་མ་གཉིས་ཀྱི་ཐ་སྙད་བཏགས་ཚུལ་འདི་ཀུན་མཁྱེན་སི་ཏུའི་འགྲེལ་ཆེན་དང་ཅུང་མི་མཐུན་པ་འདྲ་ཡང་ཕྲན་གྱིས་སྔར་ཁམས་ལ་ཡོད་དུས་ཆོས་རྗེ་མི་ཕམ་འཇམ་པའི་དབྱངས་དངོས་ཀྱི་སུམ་ཅུ་པའི་ཕྱག་མཆན་ཞིག་མཇལ་མྱོང་བ་ལས་དེ་ལྟར་གནང་འདུག་པ་ཡིན་ནོ།།
དུས་ཀྱི་དབང་དུ་གཉིས་ལ་འཇུག་པའི་དཔེ་ནི། ན་ནིང་གི་ལོ་དེ་ལ། སྔོན་གྱི་དུས་དེ་ན། བསྟན་པ་སྔ་དར་གྱི་སྐབས་དེར་ཞེས་པ་ལྟ་བུ་དུས་འདས་པ་ལ་འཇུག་པ་དང༌། སང་གི་དུས་དེར། མ་འོངས་པ་རྒྱལ་བ་བྱམས་པས་ཆོས་འཁོར་བསྐོར་བའི་དུས་དེ་ན། ནམ་ཞིག་རང་ཅག་རྣམས་འཚང་རྒྱ་བའི་དུས་དེ་ན་ཞེས་པ་ལྟ་བུ་དུས་མ་འོངས་པ་ལ་འཇུག་པ་གཉིས་སོ། །སྐབས་འདི་ལྟ་བུའི་དུས་ད་ལྟ་བ་ལ་དེ་སྒྲ་མི་འཇུག་སྟེ། དེ་རིང་གི་ཉི་མ་འདི་ལྟ་བུ་ཉེ་ཚིག་འདི་སྒྲ་སྦྱར་དགོས་པས་སོ། །དེ་ཡང་ཐ་སྙད་ཀྱི་དབང་དུ་བྱས་པ་དང༌། དངོས་པོའི་དབང་དུ་བྱས་པ་གཉིས་ནི་དེ་སྒྲའི་འཇུག་ཚུལ་སྤྱི་དང༌། དུས་ཀྱི་དབང་དུ་བྱས་པ་ནི་བྱེ་བྲག་གི་འཇུག་ཚུལ་ཡིན་ནོ། །དེ་ལྟར་དེ་སྒྲའི་འཇུག་པ་དགུ་པོ་དེ་སྨྲ་སྒོ་མཚོན་ཆ་ལས་དེ་བཞིན་གསུངས་ཏེ། ཇི་ལྟར་གསུངས་ན།
དེ་ཞེས་བྱ་བའི་ཚིག་གི་དོན། །ཐ་སྙད་དངོས་དང་དུས་འཇུག་གསུམ།།
འདས་དང་རྣམས་གྲངས་གཞན་ཅན་དང༌། །ལྷག་མ་དག་དང་བཅས་པའོ།།
བདེན་པ་དག་དང་གསང་བ་དང༌། །བདག་གི་བ་དང་ཕ་རོལ་པོ།།
དངོས་པོ་དག་ལ་འཇུག་པ་བཞི། །འདས་པ་དང་ནི་མ་འོངས་པའི།།
དུས་གཉིས་ལ་ནི་འཇུག་པ་ཡིན། །བདག་ཉིད་ད་ལྟ་ཉིད་ལ་སྤང༌།།
དངོས་པོ་དུས་ནི་མི་འདོར་ཏེ། །ཀུན་ལ་རབ་ཏུ་སྦྱར་བར་བྱ། །ཞེས་གསུངས་ཤིང༌། བདག་རྐྱང་པ་ལ་བདག་དེ་ཞེས་མི་འཇུག་པ་དང་ད་ལྟའི་དུས་དེ་ཞེས་རིང་ཚིག་མི་འཇུག་པས་དེ་གཉིས་ལ་དེ་སྒྲ་སྤང་དགོས་པ་དང༌། དངོས་པོའི་དབང་གིས་འཇུག་ཚུལ་ལ་དུས་ གསུམ་ཀར་དེ་སྒྲ་མི་འདོར་བར་འཇུག་པ ་བཅས་གསལ་ལོ།།
བཞི་པ་གང་སྒྲ་བཤད་པ་ནི།
གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར།།
སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།།
ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་རུ་རྗེས་འཇུག་བཅུའི་དང་པོ་ག་ཡིག་ལ་ནི་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས་གང་ཞེས་གྲུབ་པའི་ཚིག་ཕྲད་དེ་ནི་ཆོས་གང་བྱེ་བྲག་ཏུ་དམིགས་ཀྱིས་མ་བསལ་བ་སྤྱི་ལ་ཁྱབ་པའི་དོན་བརྗོད་པའི་སྒྲ་ཉིད་དུ་འགྱུར་རོ་ཞེས་པའོ། །དེ་ཡང་སྤྱི་སྒྲ་དངོས་དང༌། དྲི་བ་ལ་སྦྱར་བ། སྤྱི་སྒྲ་བྱེ་བྲག་ལ་འཇུག་ པ་གསུམ ་ཡོད་པའི་དང་པོའི་དཔེར་བརྗོད་ནི།
གང་ཞིག་གིས་ནི་དགེ་བཅུ་ལ། རྟག་ཏུ་སྤྱོད་ན་རྣམ་སྨིན་འབྲས། །བདེ་བར་འབྱུང་བ་གདོན་མི་ཟ། །བསླུ་མེད་འདི་ནི་རྒྱུ་འབྲས་ཚུལ། །ཞེས་པ་ལྟ་བུ།
གཉིས་པ་དྲི་བ་ལ་འཇུག་པའི་དཔེ་ནི། ཁྱོད་ནི་གང་ནས་འོང་ནས་ནི། །ད་ནི་ཡུལ་ཕྱོགས་གང་དུ་འགྲོ། །དོན་དག་གང་ཞིག་སྒྲུབ་ཏུ་འདོད། །དེ་ནས་གང་ལ་འགྲོ་རྒྱུ་ཡིན། །ཞེས་པ་ལྟ་བུ།
གསུམ་པ ་བྱེ་བྲག་ལ་འཇུག་པ་ལ། སྐབས་ཀྱི་སྟོབས་ཀྱིས་དང༌། ཁྱད་པར་གྱི་ཚིག་དང་འབྲེལ་བའི་སྟོབས་ཀྱིས་དང༌། ཤུགས་ཀྱི་སྟོབས་ཀྱིས་དང༌། ལྡན་བྲལ་གྱི་སྟོབས་ཀྱིས་འཇུག་པ་སྟེ་བཞི་ཡོད་པར་གསུངས་ལ། དང་པོ་ནི། དཔེར་ན། རྒྱལ་པོས་སེནྡྷ་པ་གང་ཞིག་འོན་ཅིག་ཅེས་བརྗོད་ན། རྒྱལ་པོ་གཡུལ་ལ་ཆས་སྐབས་རལ་གྲི་དང༌། བཏུང་བ་བཞེས་སྐབས་ཕོར་པ་དང༌། གསོལ་ཟས་བཞེས་སྐབས་ལན་ཚྭ་དང༌། འཆག་སར་ཕེབས་སྐབས་རྟ་ལ་གོ་དགོས་པ་བཞིན་སྐབས་དང་བསྟུན་ཏེ་གང་སྒྲ་གང་ལ་འཇུག་ཤེས་དགོས་པའོ།།
གཉིས་པ་ནི། གང་གིས་སྒྲ་དབྱངས་ཀུན་གསུངས་པའི། ཞེས་པས་འཇིག་རྟེན་གྱི་སྒྲ་དབྱངས་ཇི་སྙེད་པ་ཀུན་བྱིན་གྱིས་བརླབས་ཏེ་གསུངས་པའི་ཁྱད་ཆོས་དང་ལྡན་པ་ནི་འཇམ་དཔལ་དབྱངས་ཁོ་ན་ལ་གོ་དགོས་པ་ལྟ་བུ་སྟེ། དཔེར་ན་བྲམ་ཟེ་རྣམས་ལས་སྨ་ར་ཨག་ཚོམ་དང་ལྡན་པ་གང་ལ་བྱིན་ཅིག་ཅེས་བརྗོད་ན། བྲམ་ཟེ་ཐམས་ཅད་ལ་མི་གོ་བར་ཁྱད་ཆོས་དེ་ལྡན་ཁོ་ན་ལ་གོ་བ་བཞིན་ཡིན་ནོ།།
གསུམ་པ ་ནི། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་པའི་སྐབས་ཆོས་འཁོར་བསྐོར་བ་དངོས་སུ་བརྗོད་པའི་ཤུགས་ཀྱིས་གང་སྒྲ་དེ་རྣམ་མཁྱེན་ཁོ་ན་ལ་གོ་བ་ལྟ་བུའོ།།
བཞི་པ་ནི། བེའུ་དང་བཅས་པའི་བ་དྲུས་མ་གང་འོན་ཅིག་ཅེས་བརྗོད་པ་བེའུ་དང་ལྡན་པའི་བ་ལ་གོ་ཡི་དེ་དང་བྲལ་བའི་བ་ལ་མི་གོ་བ་ལྟ་བུའོ། །གཞུང་ནས་གང་སྒྲ་མིང་གི་ཐོག་མར་སྦྱར་བ་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང༌། །ཞེས་པ་ལྟར། བར་དང་མཐར་སྦྱར་བའང་ཤེས་དགོས་སོ། །སུམ་ཅུ་པའི་གཞུང་འདི་ལས་གང་སྒྲ་ཙམ་ལས་སྤྱི་ལ་འཇུག་པའི་ཚིག་ཕྲད་མ་གསུངས་ཀྱང༌། དག་ཡིག་སོགས་ལས་བསྟན་པ་ལྟར་སྤྱིར་ཅི་དང་ཇི་དང་སུ་ཡང་སྤྱི་སྒྲ་ཡིན་ཏེ། ཅི་ཞིག་དང༌། ཇི་སྙེད། ཇི་ལྟར། སུ་དག་ཅེས་པ་ལྟ་བུའོ།།
ལྔ་པ་བདག་སྒྲ་བཤད་པ་ནི།
གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ།།
དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་གི་ནི་མ་མཐའ་ན་པུ་ལིང་ག་སྟེ་སྐྱེས་པ་ཡི་རྟགས་ཀྱི་སྒྲ་པ་པོ་གཉིས་སྔར་མེད་པ་དེ་ལ། གསར་དུ་པ་པོ་གཉིས་པུ་ལིང་ག་ཡི་སྒྲ་ཡིན་པས་དེ་སྦྱར་ན་དངོས་པོ་གང་ཡིན་པ་དེའི་བདག་པོ་སྟོན་པའི་སར་རམ་སྒྲ་ནི་ཡིན་པ་ཤེས་པར་བྱ་དགོས་སོ་ཞེས་པའོ། །དེ་ལ་དཔེར་ན། རྟ་ལྟ་བུའི་མིང་གི་མཐའ་ན་སྔར་མེད་པ་ལ་པ་ཞིག་གསར་དུ་སྦྱར་ན་རྟ་པ་ཞེས་གྲུབ་པ་དེས་ནི་རྟ་དེ་ཡི་བདག་པོ་སྟོན་པ་ལྟ་བུ་སྟེ། དེས་མཚོན་གསེར་པ། ལྷ་ས་པ། འབྲས་ལྗོངས་པ། རྒྱ་གར་པ། རྒྱ་ནག་པ། སློབ་གྲྭ་པ་ཞེས་པ་སོགས་དང༌། ཟ་བ་པོ། འཐུང་བ་པོ། ལས་བྱེད་པ་པོ། འགྲོ་བ་པོ། ཆོས་འཆད་པ་པོ། ཡི་གེ་འབྲི་བ་པོ། ཆོས་ཉན་པ་པོ། ལྟ་བུ་སོགས་ཀྱིས་རིགས་བསྒྲེས་ནས་རྟོགས་པར་བྱ་དགོས་སོ།།
འདི་སྐབས་སྤྱིར་ལེགས་སྦྱར་དང་ཧིནྡི་སོགས་ལ་མིང་ཐམས་ཅད་རྟགས་གསུམ་གྱི་དབྱེ་བ་ཡོད་ཀྱང༌། བོད་སྐད་ལ་དེ་ལྟར་མི་འབྱུང་ཞིང༌། སྐབས་འདིར་བསྟན་གྱི་བདག་སྒྲ་སྐྱེས་བུའི་རྟགས་དེས་གང་ཟག་ཕོ་ཞིག་སྟོན་བྱེད་དུ་འགྲོ་བའི་སྒྲ་པ་དང་པོ་གཉིས་གང་རུང་ཡིན་པའི་གཞི་མཐུན་ཞིག་ལ་འདོད་དགོས་ཀྱི། པ་པོ་གཉིས་ཡིན་ཚད་སྐབས་འདིའི་བདག་སྒྲ་མ་ཡིན་ཏེ། དཔེར་ན། ཆུ་སྐྱོར་བ་པོ་བུམ་པ། གདུང་མ་འདེགས་པ་པོ་ཀ་བ། སྔོན་དུ་འཇུག་པ་པོ་བ་ཡིག་ལྟ་བུ་འདིར་བསྟན་གྱི་བདག་སྒྲ་དངོས་མ་ཡིན་ལ། བདག་པོ་སྟོན་བྱེད་ཀྱི་སྒྲ་ཡིན་ཚད་འདིར་བསྟན་གྱི་བདག་སྒྲའང་མ་ཡིན་པ་ནི། ཇ་མ། ཆང་མ། ལས་བྱེད་པ་མོ་ལྟ་བུ་སྟེ། སྔ་མས་ནི་གང་ཟག་མི་སྟོན་པས་བདག་སྒྲ་མ་ཡིན་ལ། ཕྱི་མ་ནི་སྐྱེས་བུའི་རྟགས་མ་ཡིན་པས་བདག་སྒྲ་མ་ཡིན་པ་ཡིན་པས། དེ་ལྟ་བུ་འདི་ནི་ཀུན་མཁྱེན་སི་ཏུས་དགོངས་པ་ཡིན་པར་འདུག་ཀྱང་ཇི་བཞིན་མ་རྟོགས་ནས་མིང་མཐའི་པ་པོ་དང་བདག་སྒྲ་ཤན་མ་ཕྱེད་པ་སོགས་ནོར་འཁྲུལ་བ་ཐག་འཛིང་བ་ལྟ་བུ་ཞིག་བྱུང་ཡོད་པ་ནི་གཞུང་སོ་སོའི་སྐབས་སུ་དཔྱོད་དང་གསལ་པོར་ངེས་སོ།།
དྲུག་པ་དགག་སྒྲ་བཤད་པ་ནི།
གང་མིང་བརྗོད་པའི་ཡ་མཐའ་རུ། །སྟྲི་ལིངྒ་ཡི་སྒྲ་མེད་པ།།
དེ་ལ་སྟྲི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མ་རུ། སྟྲི་ལིང་ག་ཡི་སྒྲ་སྟེ་བུད་མེད་ཀྱི་རྟགས་མ་དང་མི་གཉིས་སྔར་མེད་པ་དེ་ལ་གསར་དུ་སྟྲི་ལིང་ག་ཡི་སྒྲ་བུད་མེད་ཀྱི་རྟགས་མ་དང་མི་གཉིས་སྦྱར་ན་མིང་གིས་གསལ་བའི་དངོས་པོ་དེ་ཉིད་དགག་པའི་གནས་སུ་ཤེས་པར་བྱའོ་ཞེས་སོ། །དཔེར་ན། མ་ཡིན་ཞེས་པའི་མ་དགག་སྒྲས་ཡིན་པ་དགག་པ་དང༌། མི་འགྱུར་ཞེས་པའི་མི་དགག་སྒྲས་དགག་བྱ་འགྱུར་བ་དགག་པ་ལྟ་བུའོ། །མིང་གི་ཐོག་མ་རུ་སྦྱར་བ་གཞུང་ལས་གཙོ་ཆེ་བའི་དབང་དུ་བྱས་ཀྱི། བྱ་མ་རྟ་ལྟ་བུ་མིང་གི་བར་དང༌། འདུས་བྱས་མ་ཡིན་ལྟ་བུ་མིང་གི་མཐའ་ནའང་ཡོད་པ་གསལ་ལ། བུམ་པ་མེད་ལྟ་བུ་དང་བུམ་པ་མིན་ལྟ་བུ་སྤྱིར་དགག་སྒྲ་ཡིན་ཀྱང་སྐབས་འདིར་བསྟན་པ་ནི་གོང་ལྟར་མ་མི་གཉིས་ཁོ་ནར་སི་ཏུས་བཞེད་པའོ།།
གདམས་ངག་བརྗོད་པས་མཇུག་བསྡུ་བ།
༈ གཉིས་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ་ལ་བཞི་སྟེ། ཚིགས་བཅད་འགྲེལ་ཚུལ་ལ་འདོམས་པ། ཉན་པོ་སྤྲོ་བསྲིང་བའི་སྒོ་ནས་འདོམས་པ། བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ། གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པའོ། །དང་པོ་ནི།
ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང༌།།
དེ་ནི་དེ་བཞིན་སྦྱར་བར་བྱ།།
ཞེས་པས་བསྟན་ཏེ། ཚིགས་སུ་བཅད་པའི་མཚམས་སྦྱོར་བསྡུས་པ་མང་བ་ཚིག་ལྷུག་པ་ལའང་རུང་སྟེ་རྣམ་དབྱེ་དང་ཚིག་ཕྲད་ནི་ཚིག་སྔ་ཕྱི་བར་མཚམས་སྦྱོར་བྱེད་ཡིན་པས་དེ་རྣམས་ཚིག་སྡུད་དྲུག་སོགས་ཀྱི་སྒོ་ནས་རྒྱ་ཆེན་པོ་བསྡུས་པ་ཡོད་ན་ལྟ་ཅི་སྨོས་ཅུང་ཟད་ཙམ་ཞིག་བསྡུས་པ་ཡོད་ན་ཡང་དེ་ནི་གོང་དུ་བཤད་ཟིན་རྣམས་མ་བསྡུས་པ་དེ་བཞིན་དུ་སྦྱར་ནས་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་དང་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་རྒྱ་མཚོ་ལྟ་བུའི་ཚིག་དོན་ལྷུག་པར་འགྲོལ་ཞིང་འཆད་པ་དང༌། རྩོད་པ་དང༌། རྩོམ་པ་སོགས་ལ་འཇུག་ཅིང་སྤེལ་བར་བྱའོ་ཞེས་སོ། །དཔེར་ན། རྒྱལ་གསུང་དགོངས་འགྲེལ་འཆད་རྩོམ་ཚེ། །ཕྲད་རྣམས་ལེགས་བསྡུས་ཚུལ་ཤེས་པ། །སྙན་ངག་ཡོན་ཏན་རྣམ་བཅུ་ཡི། །ནང་ཚན་བརྗིད་ཉམས་ཅིས་མི་ལྡན། །ལྟ་བུ་ལ། རྒྱལ་བའི་གསུང་རབ་དང་དེའི་དགོངས་པ་འགྲེལ་བ་བསྟན་བཅོས་ཀྱི་གཞུང་ལུགས་རྣམས་གཞན་ལ་འཆད་པ་དང༌། གསར་དུ་རང་གིས་གཞུང་ལུགས་རྩོམ་པ་སོགས་ཀྱི་ཚེ། རྣམ་དབྱེ་བརྒྱད་དང་ཚིག་ཕྲད་བཅུ་གཅིག་སོགས་ཚིག་སྔ་ཕྱིའི་མཚམས་སྦྱོར་གྱི་ཕྲད་རྣམས་ཚིག་སྡུད་དྲུག་སོགས་ནས་ལེགས་པར་བསྡུས་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་ནི་སྤྱིར་སྙན་ངག་གི་ཡོན་ཏན་བཅུ་ཡོད་པའི་ནང་ཚན་གྱི་བརྗིད་པ་ཞེས་བྱ་བའི་ཉམས་དང་ཅིས་ཕྱིར་ན་མི་ལྡན་ཏེ་ངེས་པར་ལྡན་ནོ་ཞེས་ཕྲད་རྣམས་ཕྲལ་ནས་དོན་དག་འགྲེལ་དགོས་པ་ལྟ་བུའོ།།
འདི་ལ་བློའི་ནུས་པ་ཡོད་ན་ཚིག་ཕྲད་བསྡུས་པའི་ཚིགས་བཅད་གཅིག་འདི་ལྟར་གསར་དུ་རྩོམ་ནས་དེའི་ཕྲད་རྣམས་ཕྲལ་ནས་དཔེར་བརྗོད་འབྲི་སྲོལ་ཡོད་ལ། དེ་ལྟར་མ་ནུས་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་ལ། ཟག་པ་ཉོན་མོངས་པ་དང་བཅས་པའི་ཆོས་དང་ཟག་པ་ཉོན་མོངས་པ་མེད་པའི་ཆོས་ཞེས་ཕྲལ་ཏེ་དཔེར་བརྗོད་བྱ་དགོས་སོ།།
གཉིས་པ་ལ། རྗེས་འཇུག་མེད་མི་རུང་དུ་བསྟན་པ། རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ། དེ་དོན་ལ་དབབ་པའི་ཚུལ་བསྟན་པའོ། །དང་པོ་ནི།
སྔོན་འཇུག་ཡོད་དམ་མེད་ཀྱང་རུང༌། །མིང་གཞིའི་ཡི་གེ་གང་ཡིན་ལ།།
ཉིས་འབྲེལ་ཡོད་དམ་སུམ་འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་ལྡན་ཡང༌།།
རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད།།
ཞེས་པས་བསྟན་ཏེ། ཚིག་སྦྱོར་གང་ཞིག་ལ་སྔོན་འཇུག་གི་ཡི་གེ་རྣམས་ཞུགས་པ་ཡོད་པ་ཉིད་དམ་ཡང་ན་མ་ཞུགས་པའམ་མེད་ཀྱང་རུང༌། མིང་གཞིའི་ཡི་གེ་གང་ཡིན་པ་དེ་ལ་སྐ་ལྟ་བུ་ཉིས་འབྲེལ་ཡོད་པ་ཉིད་དམ་ཡང་ན་ནི་སྐྱ་ལྟ་བུ་སུམ་འབྲེལ་ཡོད་པའམ་དེ་དག་ལ་ཨཱ་ལི་གི་གུ་ཞབས་ཀྱུ་འགྲེང་བུ་རྣ་རུ་བཞི་ལས་གང་ཡང་རུང་བ་ཞིག་ལྡན་པ་སྐྱུ་ལྟ་བུ་ཡང༌། རྗེས་འཇུག་གི་ཡི་གེ་བཅུ་པོ་ལས་གང་ཡང་རུང་བ་ཞིག་རྗེས་སུ་མ་ཞུགས་ན། ཡི་གེ་འདུས་པ་ལས་བྱུང་བའི་དོན་གྱི་ངོ་བོ་སྟོན་བྱེད་ཀྱི་མིང་གཞན་ཞིག་འགྲུབ་པའམ་སྦྱོར་བ་ནི་ནམ་ཡང་ཡོད་པ་མི་སྲིད་པ་ཡིན་ནོ། །གོང་གི་སྐྱུ་ལྟ་བུ་ལ་རྗེས་འཇུག་ར་ཞུགས་ན་སྐྱུར་ཞེས་དོན་སྟོན་པའི་མིང་དུ་གྲུབ་པ་ཡིན་པ་ལྟར་ཤེས་དགོས་སོ།།
གཉིས་པ་རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ་ནི།
རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འབྲི་དང་ཀློག་དང་བཤད་རྣམས་ཀྱི།།
མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང༌། །འབྲེལ་པ་སྨྲ་བའི་མཆོག་ཏུ་གྱུར།།
གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང༌།།
དོན་དང་མཐུན་པའི་སྦྱོར་བ་ཤེས།།
ཞེས་པས་བསྟན་ཏེ། གོང་དུ་བཤད་པའི་རྗེས་འཇུག་བཅུ་ཡི་དོན་མིང་གྲུབ་ཚུལ་མིང་མཐའ་འདྲེན་ཚུལ་རྣམ་དབྱེ་དང་ཚིག་ཕྲད་འདྲེན་ཚུལ་སོགས་ཐམས་ཅད་རྗེས་འཇུག་ལ་རག་ལས་པ་དང༌། རྟགས་འཇུག་ནས་བཤད་པ་ལྟར་གྱི་རྗེས་འཇུག་གི་འཇུག་པ་བཞིའི་སྦྱོར་བ་དང༌། དེ་དག་སྔོན་འཇུག་གི་འཇུག་པ་བཞི་དང་ཡང་འབྲེལ་དགོས་པས་མདོར་ན་སུམ་ཅུ་པ་ནས་བཤད་པའི་རྣམ་དབྱེ་དང་ཚིག་ཕྲད་རྟགས་འཇུག་ནས་བཤད་པའི་བདག་བཞན་དུས་ གསུམ་སྟོན་ཚུལ་སོགས་ཀུན་ཀྱང་རྗེས་འཇུག་བཅུ་དང་མ་འབྲེལ་བ་མེད་པས་མ་ལུས་པ ་ཡིན་ལ་དེ་དག་ཚུལ་བཞིན་དུ་ཤེས་ན་རང་གིས་ཡི་གེ་འབྲི་བ་དང༌། གཞན་གྱིས་བྲིས་ཟིན་པ་རྣམས་དག་པར་ཀློག་པ་དང༌། གསུང་རབ་དགོངས་འགྲེལ་དང་བཅས་པས་མཚོན་རིག་གཞུང་གཞན་ལ་བཤད་པ་བྱེད་པ་རྣམས་ཀྱི་སྐབས་སུ་ཕྲད་དང་རྣམ་དབྱེ་ལ་སོགས་པའི་ཚིག་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་ལ་བློ་གྲོས་ཐོགས་པ་མེད་པ་འཇུག་ཅིང་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་དང་རྗོད་བྱེད་ཀྱི་ཚིག་ཕུན་སུམ་ཚོགས་པ་གཉིས་དང་ལྡན་པའི་དོན་འབྲེལ་ཆགས་པ་འབྱུང་བ་ཉིད་ཀྱི་སྒོ་ནས་འཆད་པ་དང་རྩོད་པ་དང་རྩོམ་པ་ལ་དབང་འབྱོར་ཞིང་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་མཆོག་ཏུ་འགྱུར་རོ་ཞེས་དང༌། དགོས་པ་གཞན་ཡང་གོང་བཤད་རྗེས་འཇུག་བཅུ་ཡི་དོན་ཤེས་པ་དེ་ཡིས། བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་དོན་གྱི་སྦྱོར་བ་སྔར་མ་མཐོང་བ་ཞིག་ཡིན་ན་ཡང༌། རང་གི་བློའི་ནུས་པས་དོན་དེ་དང་རྗེས་སུ་མཐུན་པའི་མིང་ཚིག་གི་སྦྱོར་བ་དག་པ་ཤེས་པར་འགྱུར་ཞིང་དགོས་པའང་ཡོད་པའོ་ཞེས་སོ།།
གསུམ་པ ་དེ་དོན་ལ་དབབ་པའི་ཚུལ་ནི།
རྗེས་འཇུག་སྦྱོར་བ་མཁས་ པ་ན། །ལུང་གི་དོན་དང་སྦྱོར་བ་དང༌།།
བླ་མའི་མན་ངག་གསུམ ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ།།
ཞེས་པས་བསྟན་ཏེ། གོང་དུ་བཤད་མ་ཐག་པ་ལྟ་བུའི་རྗེས་འཇུག་གི་སྦྱོར་བ་ལ་མཁས་པར་གྱུར་ན་གཞུང་ལུགས་གང་ཡིན་གྱི་དོན་རགས་པ་རྣམས་ཚུལ་དེས་རྟོགས་ནུས་ལ། དེ་ལས་ཀྱང་རྟོགས་དཀའ་བའི་དོན་ཕྲ་བ་རྣམས་རྩ་བའི་གཞུང་འགྲེལ་བའི་ལུང་གིས་བཀྲལ་བ་ལྟ་བུས་མཚོན་ལུང་ཚད་མ་གཞན་དག་གི་དོན་དང་སྦྱོར་བའི་སྒོ་ནས་རྟོགས་ནུས་པ་དང༌། དེ་ལས་ཀྱང་ཆེས་ཕྲ་བ་རྟོགས་དཀའ་བ་རྣམས་བླ་མ་མཁས་པའི་མྱོང་ཁྲིད་ལས་བྱུང་བ་ལྟར་གྱི་མན་ངག་བཅས་གསུམ་པོ་དེ་སྦྱར་བར་བྱས་ནས་གང་ཡིན་པའི་གཞུང་ལུགས་དེ་ཉིད་ཀྱི་དོན་གྱི་ཐོག་ཏུ་ཚད་མས་ངེས་པ་རྙེད་པར་བྱས་ཏེ་གཏན་ལ་དབབ་པར་བྱ་དགོས་སོ་ཞེས་འདོམས་པའོ།།
གསུམ་པ ་བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པ་ནི།
བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང༌།།
སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན།།
རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར།།
ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབ།།
བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང༌།།
ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ།།
དེ་ནས་རྒྱས་པའང་མཉན་བྱས་ཏེ། །བསླབ་པ་གང་ལ་དད་པ་ཡི།།
གཞུང་ཉིད་བླ་མ་དག་ལས་མཉན།།
ཞེས་པས་བསྟན་ཏེ། རིག་གཞུང་བསླབ་པ་ལ་བརྩོན་པའི་གང་ཟག་གིས་དང་པོ་དབྱངས་དང་གསལ་བྱེད་རྣམས་རེ་རེ་ནས་བཀླག་པའི་སྒྲ་གདངས་དང་གསལ་བྱེད་སུམ་ཅུ་ལ་དབྱངས་བཞི་སྦྱར་བའི་སྒྲ་གདངས་དང་མགོ་ཅན་དང་འདོགས་ཅན་སོགས་བཀླག་པའི་སྒྲ་གདངས་སམ་ང་རོ་རྣམས་ལ་དཔྱིས་ཕྱིན་ པ་སྦྱང་བར་བྱ་ཞིང༌། དེ་རྗེས་སྔོན་འཇུག་དང་མིང་གཞི་དང་རྗེས་འཇུག་དང་གསུམ ་སྦྱར་བའི་སྒྲ་གདངས་ཀློག་ཚུལ་ལེགས་པར་འབྱུང་བ་དག་གི་ཆེད་དུ་བསླབ་པར་བྱ་དགོས་པ་ཡིན། དེ་ནས་རྟགས་འཇུག་ལས་བྱུང་བ་ལྟར་གྱི་རྗེས་འཇུག་བཞི་ཡི་སྦྱོར་བ་ནི་གཞུང་ལུགས་གང་དག་གཞན་ལས་མཉན་པ་དང༌། དེའི་དོན་བསམ་ པ་དང༌། དེ་དག་གཞན་ལ་བསྟན་པའི་དོན་དུ་སྦྱར་བར་བྱ་བ་ཡིན་ལ་ཡན་ལག་དེ་གསུམ ་པོ་དག་གི་མཐུ་ཡིས་ནི། འབྲས་བུའམ་དགོས་པའི་ཆེད་དུ་དོན་དེ་དག་གཏན་ལ་དབབ་པར་བྱ་དགོས་ལ། དེ་ལྟར་བསླབ་པའི་གོ་རིམ་ཇི་བཞིན་པ་མ་ནོར་བ་འདི་ཡིས་ནི་གང་ཟག་གང་ཞིག་གིས་འབད་པ་ཆུང་དུ་ཙམ་བྱས་པས་ཀྱང་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་པདྨོ་མྱུར་དུ་གྲོལ་བར་འགྱུར་རོ། །དེ་ཡི་ཕྱིར་ན་དང་པོ་སུམ་ཅུ་པའི་གཞུང་འདི་ཉིད་ལ་བསླབ་ཅིང་དེ་ནས་རྟགས་འཇུག་སོགས་སྒྲ་རིག་པའི་གཞུང་ལུགས་རྒྱས་པའང་མཉན་པར་བྱས་ཏེ། དེ་ནས་རང་གིས་བསླབ་པར་བྱ་བ་གང་ཞིག་ལ་དད་པ་ཡི་བློས་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་གང་ཉིད་བླ་མ་མཁས་པ་དག་ལས་མཉན་པར་བྱ་དགོས་སོ་ཞེས་གདམས་པའོ།།
བཞི་པ་གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པ་ནི།
སློབ་དཔོན་དེ་ཉིད་དུ་འཛིན་ཅིང༌། །ལེ་ལོ་གཡེང་བ་རྣམ་པར་སྤངས།།
ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ།།
དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོག་དེ་ལས་ལྡོག་པ་འོ།།
ཞེས་པས་བསྟན་ཏེ། སྒྲ་རིག་པའི་གཞུང་ལུགས་འདི་དག་གཞན་དག་རྣམས་ཀྱིས་གདམས་ངག་ཡང་དག་བསྟན་དུ་རུང་བའི་སྣོད་ལྡན་གྱི་གདུལ་བྱའམ་ཆེད་དུ་བྱ་བའི་ཡུལ་ནི། སློབ་དཔོན་ལ་སློབ་དཔོན་དེ་ཉིད་དུ་འཛིན་ཅིང་བཀའ་དྲིན་ཤེས་ཤིང་བྱས་པ་གཟོ་བ་དང༌། བསླབ་པའི་གེགས་ལེ་ལོ་དང་གཡེང་བ་རྣམ་པར་སྤངས་བའི་བརྩོན་འགྲུས་དང་ལྡན་པ་དང༌། ཟོ་བཟང་སྟེ་མི་གཤིས་རང་བཞིན་གྱིས་བཟང་བ་དང༌། བསླབ་པར་བྱ་བའི་གནས་ལ་དད་པ་མཆོག་ཏུ་གྱུར་པ་ཡོད་པ་ལ་བརྟེན་པའི་སྐྱེས་བུ་དེས་ནི་བརྡ་སྤྲོད་པའི་གཞུང་གི་དོན་མྱུར་དུ་རྟོགས་པ་ཡིན་ཏེ། རྒྱུ་མཚན་དེས་ན་དེ་ལྟ་བུའི་སྣོད་ལྡན་དེ་ལ་གདམས་ངག་སྟོན་པའི་དུས་སུ་རིག་ནས་མན་ངག་འདོམས་པའམ་བཤད་པར་བྱ་དགོས་ལ། དེ་ཡི་ཅིག་ཤོས་སློབ་དཔོན་ལ་སློབ་དཔོན་དུ་མི་འཛིན་པ་དང༌། གེགས་ལེ་ལོ་རྣམ་གཡེང་མི་སྤངས་པ་དང་མི་གཞི་རང་བཞིན་གྱིས་ངན་པ་དང༌། བསླབ་པའི་གནས་ལ་དད་པ་མེད་པ་དེ་ལ་དུས་མིན་དུ་ཤེས་ནས་གདམས་ངག་སྟོན་པར་མི་བྱ་ཞེས་གོང་གི་དངོས་བསྟན་གྱི་དོན་དེ་ལས་ལྡོག་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་གནས་སྐབས་ཙམ་དུ་གདམས་ངག་བསྟན་མི་རུང་བ་ཡིན་ཀྱང་སླར་སྐྱོན་སྤངས་ཤིང་ཡོན་ཏན་དང་ལྡན་པར་བྱས་ན་འདོམས་རུང་བའང་གསུངས་སོ།། །།