ལེའུ་དང་པོ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ།
གཉིས་པ་བཤད་བྱ་དངོས་ལ། བསྟན་བཅོས་ཀྱི་མཚན་དང༌། མཚན་དེ་ལྡན་གྱི་གཞུང་དངོས་བཤད་པ་གཉིས་ལས། དང་པོ་ལའང་མཚན་དངོས་དང༌། ཞར་བྱུང་དུ་འགྱུར་ཕྱག་བཤད་པ་གཉིས་ལས། དང་པོ་ནི།
རྒྱ་གར་སྐད་དུ།བོ་དྷི་སཏྭ་ཙརྱ་ཨ་བ་ཏ་ར།
བོད་སྐད་དུ།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
གཉིས་པ་ཞར་བྱུང་དུ་འགྱུར་ཕྱག་བཤད་པ་ནི།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
གཉིས་པ་ལ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས། མཇུག་ཡོངས་སུ་རྫོགས་པའི་བྱ་བ་བཤད་པ་དང་གསུམ་ལས། དང་པོ་ལའང་བཞི་ལས། དང་པོ་མཆོད་པར་བརྗོད་པ་ནི།
བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང༌།།
ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ།།
བདེ་བའི་སྒྲ་ནི་མཛེས་པ་ལ་སོགས་པ་དོན་གསུམ་ལ་འཇུག་སྟེ།ཆོས་ཐམས་ཅད་རང་བཞིན་མེད་པའི་དེ་ཁོ་ན་ཉིད་དུ་རྟོགས་པས་མཛེས་པར་གཤེགས་པ་དང༌།སྐྱེ་བ་དང་འདོད་ཆགས་ལ་སོགས་པ་ཉེས་པ་རྣམས་ཀྱི་རྒྱུ་ངར་འཛིན་པའི་ས་བོན་མ་རིག་པ་རྣམ་པ་ཐམས་ཅད་དུ་སྤངས་པས་སླར་མི་ལྡོག་པར་གཤེགས་པ་དང༌།ཉེས་པ་ཐམས་ཅད་ཀྱི་བག་ཆགས་ལུས་དང་ངག་དང་སེམས་ཀྱི་གནས་ངན་ལེན་གྱི་མཚན་ཉིད་དང་རང་གིས་རྟོགས་པའི་ལམ་སྟོན་པ་ལ་མི་གསལ་བ་སྤངས་པས་མ་ལུས་པར་གཤེགས་པ་སྟེ།དེ་ལྟར་བདེ་བར་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྟོགས་པ་དང་བསྟན་པ་ཆོས་ཀྱི་སྐུ་མངའ་བ་ས་རབ་ཏུ་དགའ་བ་ལ་སོགས་པ་བརྙེས་པ་རྒྱལ་བའི་གདུང་འཛིན་པ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་གདུལ་བྱའི་ལྷག་མ་སྐྱོང་བ་སྟེ་རྒྱུ་གསུམ་དང་ལྡན་པའི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དང༌།།གཞན་ཡང་ཕྱག་བྱ་བར་འོས་པ་མཁན་པོ་དང་སློབ་དཔོན་ལ་སོགས་པ་ཀུན་ལའང་སྒོ་གསུམ་གུས་པར་བྱས་ནས་ཕྱག་འཚལ་ཏེ།།
གཉིས་པ་བརྩམ་པར་དམ་བཅའ་བ་ནི།
བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི།།
ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ།།
བདེ་བར་གཤེགས་པའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པའམ་བསླབ་པར་བྱ་བ་དག་ལ་ཇི་ལྟར་འཇུག་པ་ནི། །བཅོམ་ལྡན་འདས་ཀྱིས་གསུང་རབ་ཏུ་ཇི་ལྟར་བསྟན་པའི་ལུང་བཞིན་དུ་བདག་གིས་མདོར་བསྡུས་ནས་ནི་བརྗོད་པར་བྱ་སྟེ།།མདོ་སྡེ་སྣ་ཚོགས་པ་རྣམས་སུ་ཤིན་ཏུ་རྒྱས་པར་བསྟན་པ་དེ་ཁོ་བོས་མདོར་བསྡུས་ནས་བསྟན་པར་བྱའོ་ཞེས་པའི་དོན་ནོ།།
གསུམ་པ་ཁེངས་པ་སྐྱུང་བ་ནི།
སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།།
སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།།
དེ་ཕྱིར་གཞན་དོན་བསམ་པ་བདག་ལ་མེད།།
རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས།།
དོན་ཟབ་མོ་ལུང་ལས་སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་པ་མེད་ལ།།ཚིག་གི་སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་པ་མིན་ཏེ། །དེ་ཉིད་ཀྱི་ཕྱིར་བཀའ་དང་བསྟན་བཅོས་སྔ་མ་དག་ལས་ལྷག་པའི་གཞན་དོན་འབྱུང་བའི་བསམ་པའང་བདག་ལ་མེད་ཀྱང༌།།རང་གི་ཡིད་ལ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་གོམས་པར་བྱ་བའི་ཕྱིར་ངས་བསྟན་བཅོས་འདི་བརྩམས། །འདས་པའི་རྐྱེན་བསྟན་པ་ནི་ནང་གི་དངོས་པོ་རྫོགས་པར་ཐུགས་ལ་བཞག་པ་ཡིན་ནོ།།
བཞི་པ་སྤྲོ་བ་བསྐྱེད་པ་ནི།
དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས།།
འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ།།
བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང༌།།
ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར།།
ཡིད་ལ་བྱེད་པའི་དགེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ་བསྐྲུན་པའི་ཕྱིར་བདག་གི་དད་པའི་ཤུགས་ཏེ་སེམས་དང་བའི་རྒྱུན་བསྟན་བཅོས་བརྩམས་པ། །འདི་དག་གིས་ཀྱང་རེ་ཞིག་སྟེ་ཐོག་མར་གོང་ནས་གོང་དུ་འཕེལ་བར་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་གཞན་གྱིས་ཀྱང༌། །ཅི་སྟེ་གཞུང་ངམ་དོན་འདི་དག་མཐོང་ཞིང་རྟོགས་ན་དོན་ནམ་དགོས་པ་ཡོད་པར་འགྱུར་རོ།།
གཉིས་པ་བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་བཤད་པ་ལ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། ། མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་ཡང༌། ། གོང་ནས་གོང་དུ་འཕེལ་བར་ཤོག། ཅེས་གསུངས་པ་ལྟར་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ལེའུ་གསུམ། སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། མི་ཉམས་པར་གོང་ནས་གོང་དུ་སྤེལ་བར་བྱེད་པའི་ལེའུ་གསུམ། དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་ལ་བསྔོ་བ་དང་སྨོན་པའི་ལེའུ་གཅིག་སྟེ། གཞུང་ལེའུ་བཅུའི་རང་བཞིན་ས་བཅད་བཞིས་ཡོངས་སུ་བསྡུས་ཏེ་འཆད་པར་བྱེད་པ་ལས། དང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་གི་རྒྱུད་ལ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ལེའུ་གསུམ་ནི། དང་པོ་ཕན་ཡོན་གྱི་སྒོ་ནས་བྲོད་པ་བསྐྱེད་པའི་ལེའུ། གཉིས་པ་མི་མཐུན་ཕྱོགས་སྡིག་པ་བཤགས་པའི་ལེའུ། གསུམ་པ་མཐུན་ཕྱོགས་བྱང་སེམས་ཡོངས་བཟུང་གི་ལེའུ་དང་གསུམ་ལས། དང་པོ་བྲོད་པ་བསྐྱེད་པ་ཕན་ཡོན་གྱི་ལེའུ་ལ། གཞུང་དང༌། མཚན་གཉིས་ལས། དང་པོ་གཞུང་ལའང་བྱང་ཆུབ་སེམས་ཀྱི་རྟེན་བཤད་པ་དང༌། བརྟེན་པ་སེམས་བསྐྱེད་ཀྱི་ཕན་ཡོན་བཤད་པ་གཉིས་ལས། དང་པོ་ལའང་ལུས་རྟེན་དང༌། སེམས་རྟེན་བཤད་པ་གཉིས་ལས། དང་པོ་ནི། སྡོམ་པ་ལ་འཇུག་པའི་ཕྱིར་གླེང་བསླང་བ་ནི།
དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ།།
གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན།།
ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར།།
དལ་འབྱོར་གྱི་ཆོས་བཅོ་བརྒྱད་པོ་ཚོགས་པ་འདི་ནི་རྙེད་པར་ཤིན་ཏུ་དཀའ།སྐྱེས་བུའི་དོན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དེ་དེ་སྒྲུབ་པའམ་རྫོགས་པར་བྱེད་པའི་ཡན་ལག་ཏུ་གྱུར་པའི་ལུས་རྟེན་ཐོབ་པར་གྱུར་པ་ལ།གལ་ཏེ་དེ་ལྟ་བུར་གྱུར་པ་འདི་ལ་རང་དང་གཞན་གྱི་དོན་དུ་ཕན་པ་དམ་པའི་ཆོས་ཤིག་མ་བསྒྲུབས་ན།ཕྱིས་ནི་འདི་འདྲ་བ་ཡང་དག་པར་འབྱོར་པའམ་ཕྲད་པར་ག་ལ་འགྱུར་ཏེ།མི་ཁོམས་པའི་གནས་སྐབས་ན་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་ན་ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱ་བར་མི་ནུས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།།
གཉིས་པ་སེམས་རྟེན་བཤད་པ་ནི།
ད་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་དོན་དུ་དེ་ལ་འདོད་པ་བསྐྱེད་པའི་ཕྱིར་ཕན་ཡོན་བསྟན་པ་ནི།
ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན།།
གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།།
དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།།
འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌།།
ཇི་ལྟར་ན་ཉི་མ་མེད་པའི་མཚན་མོ་ཟླ་བ་མེད་པའི་མུན་ནག་སྐར་མ་མེད་པའི་སྤྲིན་རུམ་ན། །གློག་འགྱུ་བ་ན་སྐད་ཅིག་ཙམ་ལ་དངོས་པོར་གྱུར་པ་རྣམས་རབ་ཏུ་སྣང་བར་སྟོན་པ་ལྟར། །དེ་བཞིན་དུ་སངས་རྒྱས་ཀྱི་བྱིན་གྱིས་བརླབ་ཀྱི་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་གྱི་སྐྱེ་བོའི་རྒྱུད་ལ་ཕན་པ་དང་བདེ་བའི་རྒྱུར་གྱུར་པའི་བསོད་ནམས་ཀྱི་བློ་གྲོས་ཐང་འགའ་ཙམ་འབྱུང་ངོ༌།།
གཉིས་པ་བརྟེན་པ་སེམས་བསྐྱེད་ཀྱི་ཕན་ཡོན་བཤད་པ་ལའང་སེམས་བསྐྱེད་སྤྱིའི་ཕན་ཡོན། སྨོན་འཇུག་སོ་སོའི་ཕན་ཡོན། སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བཤད་པ་དང་གསུམ་ལས། དང་པོ་ལའང་དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན། མིང་དོན་གནས་འགྱུར་བའི་ཕན་ཡོན། ཕན་ཡོན་དཔེའི་སྒོ་ནས་བསྟན་པ་དང་གསུམ་ལས། དང་པོ་ནི།
དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག།སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ།།
དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ།།
དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར།།
བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི།།
ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།།
འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས།།
བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད།།
སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌།།
སེམས་ཅན་མི་བདེ་བསལ་བར་འདོད་པ་དང༌།།
བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང༌།།
བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ།།
དེ་ལྟ་བས་ན་དགེ་བ་ཉམ་ཆུང་ངུ་སྟོབས་དང་བྲལ་བ་ཉིད་ཡིན་ལ་དུས་རྟག་ཏུ།།སྡིག་པ་སྟོབས་ཆེན་པོ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པས་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་ཉིད་ལ་སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་སེམས་མིན་པ། །དགེ་བ་གཞན་གང་ཞིག་གིས་ཟིལ་གྱིས་གནོན་པར་འགྱུར། །སྔོན་སློབ་པ་ལམ་གྱི་དུས་ན་བསྐལ་པ་དུ་མར་འབད་པས་རབ་ཏུ་དགོངས་པར་མཛད་པ་ཡི། །ཐུབ་དབང་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཉིད་ཕན་བདེ་ཐམས་ཅད་ཀྱི་རྒྱུ་ཡིན་པར་གཟིགས་ཏེ།།འདིས་ནི་ཚད་མེད་ཅིང་གཞལ་དུ་མེད་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས།།བདེ་བའི་མཆོག་རྫོགས་པའི་བྱང་ཆུབ་བདེ་བླག་སྟེ་མྱུར་བ་ཉིད་དུ་ཐོབ་པར་བྱེད་དོ། །རང་དང་གཞན་ལ་ཕན་པའི་རྒྱུ་ཉིད་ཡིན་པ་འདིའི་ཕྱིར་ཡང་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར།སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་སྟེ་མཐར་ཐུག་པ་མེད་པ་དག་གཞོམ་པར་འདོད་ཅིང༌། །བདག་ཉིད་འབའ་ཞིག་གི་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་མི་བདེ་བ་མཐའ་དག་བསལ་བར་འདོད་པ་དང༌། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་མང་པོ་བརྒྱ་ཕྲག་དག་ལ་སྤྱོད་པར་འདོད་པས་ཀྱང༌། །བྱང་ཆུབ་ཀྱི་སེམས་འདི་ཉིད་དུས་རྟག་ཏུ་གཏང་བར་མི་བྱའོ།།
གཉིས་པ་མིང་དོན་གནས་འགྱུར་བའི་ཕན་ཡོན་ནི།
བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས།།
འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།།
བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌།།
འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར།།
བྱང་ཆུབ་ཀྱི་སེམས་རང་གི་རྒྱུད་ལ་སྐྱེས་པར་གྱུར་ན་སྐད་ཅིག་གཅིག་གིས། །འཁོར་བའི་བཙོན་རར་འདོད་ཆགས་ལ་སོགས་པས་བསྡམས་པའི་ཉམ་ཐག་པ་རྣམས། །མིང་གནས་འགྱུར་ཏེ་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང༌། །དོན་གནས་འགྱུར་ཏེ་འཇིག་རྟེན་གྱི་ལྷ་དང་ལྷ་མིན་དང་མིར་བཅས་པས་ཕྱག་བྱ་བར་འགྱུར་རོ།།
གསུམ་པ་ལའང་གསེར་འགྱུར་གྱི་དཔེས་སངས་རྒྱས་ཐོབ་པར་བསྟན་པ། རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ། འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་དུ་འཕེལ་བར་བསྟན་པ། སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ། དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུངས་ནས་འབྱིན་པར་བསྟན་པ། འདིར་མ་བཤད་པ་གཞན་དུ་ཞལ་འཕང་བ་དང་དྲུག་ལས། དང་པོ་ནི། ཡོན་ཏན་དང་ཕན་ཡོན་མཐོང་བ་འདི་ལས་ཀྱང་བྱང་ཆུབ་ཀྱི་སེམས་བླང་བ་ལ་འབད་པར་བྱའོ་ཞེས་བསྟན་པ་ནི།
གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ།།
མི་ གཙང ་ལུས་འདི་བླངས་ནས་རྒྱལ་བའི་སྐུ།།
རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན།།
བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང༌།།
གསེར་འགྱུར་གྱི་རྩི་ཡི་རྣམ་པ་ཤིན་ཏུ་ཆེར་སྒྱུར་བར་བྱེད་པའི་མཆོག་ལྟ་བུ། །མི་ གཙང ་བའི་རང་བཞིན་གྱི་ལུས་འདི་བླངས་ཏེ་བཟུང་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བར་བྱེད་པས་ན། །དེ་སྒྱུར་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་འདི་ཇི་ལྟར་བླང་བ་བཞིན་གཡོ་བ་མེད་པར་རབ་ཏུ་བརྟན་པར་ཟུང་ཞིགའཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས།རིགས་ཀྱི་བུ་འདི་ལྟ་སྟེ།དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ།དེ་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་བསྒྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ་ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་བཅུད་ཀྱིས་ལེན་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ།ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་གསེར་གྱི་ཁ་དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིེད་དུ་སེམས་བསྐྱེད་པའི་བཅུད་ཀྱིས་ལེན་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཉོན་མོངས་པའམ་ཟད་པར་བྱ་བར་མི་ནུས་སོ། །ཞེས་གསུངས་སོ།།
གཉིས་པ་རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ་ནི།
སྲིད་པའི་འགྲོ་བ་རྣམས་སུ་འབྱོར་བར་འདོད་པ་རྣམས་ཀྱིས་ཀྱང་འདིར་ཐེ་ཚོམ་དང་ཕྱིན་ཅི་ལོག་མི་བྱའོ་ཞེས་བསྟན་པ་ནི།
འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས།།
ལེགས་པར་ཡོངས་སུ་བརྟགས་ན་རིན་ཆེ་བས།།
འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས།།
རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུང༌།།
འགྲོ་བའི་དེད་དཔོན་གཅིག་པུ་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚད་མེད་ཅིང་གཞལ་དུ་མེད་པའི་བློས། །ལེགས་པར་ཡོངས་སུ་བརྟགས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རིན་ཐང་ཆེ་བས། །འགྲོ་བ་ལྔའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་ཀྱི་སེམས་འདི་ཉིད་དྲན་པའི་སྒོ་ནས་ལེགས་པར་དང་ཤེས་བཞིན་གྱི་སྒོ་ནས་བརྟན་པར་ཟུང་ཞིགདེའང་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས།རིགས་ཀྱི་བུ་འདི་ལྟ་སྟེ།དཔེར་ན་ཇི་སྲིད་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་སྣང་བར་བྱེད་པ་དེ་སྲིད་དུ་ནོར་དང༌།འབྲུ་དང༌།རིན་པོ་ཆེ་དང༌།ས་ལེ་སྦྲམ་དང༌།དངུལ་དང༌།མེ་ཏོག་དང༌།སྤོས་དང༌།ཕྲེང་བ་དང༌།བྱུག་པ་དང༌།གོས་དང༌།ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་བཟོད་དོ། །དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མིའི་སེམས་ཅན་ཐམས་ཅད་དང༌།ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང༌།ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ་ཞེས་གསུངས་སོ།།
གསུམ་པ་འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་དུ་འཕེལ་བར་བསྟན་པ་ནི།
མཆོག་ཏུ་ཐུན་མོང་མ་ཡིན་པ་ཕུལ་དུ་བྱུང་བ་དང་ལྡན་པའི་དཔག་བསམ་གྱི་ཤིང་ལྟ་བུ་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར།
དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།།
འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད།།
བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌།།
འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར།།
སེམས་བསྐྱེད་ཀྱིས་ཟིན་པ་མ་ཡིན་པའི་དགེ་བ་གཞན་ཀུན་ཆུ་ཤིང་གིས་འབྲས་བུ་ལན་གཅིག་བསྐྱེད་ནས་སླར་མི་བསྐྱེད་པ་བཞིན་དུ་ནི། །ལྷ་དང་མིའི་བདེ་བའི་འབྲས་བུ་བསྐྱེད་ནས་དགེ་བ་རང་ཉིད་ཟད་པར་འགྱུར་བ་ཉིད་ཡིན་ལ།།བྱང་ཆུབ་སེམས་ཀྱི་དགེ་བ་ནི་ལྗོན་ཤིང་བཟང་པོ་བཞིན་དུ་དུས་རྟག་པར་ཡང༌། །ལྷ་དང་མིར་སྐྱེས་པ་རྣམས་ལ་བདེ་བ་ཕུན་སུམ་ཚོགས་པའི་འབྲས་བུ་འབྱིན་པས་ཀྱང་མི་ཟད་པར་གོང་ནས་གོང་དུ་འཕེལ་བར་འགྱུར་རོ།།དེའང་བློ་གྲོས་མི་ཟད་པས་བསྟན་པ་ལས།བཙུན་པ་ཤཱ་ར་དྭ་ཏིའི་བུ།འདི་ལྟ་སྟེ།དཔེར་ན་རྒྱ་མཚོ་ཆེན་པོར་ཆུའི་ཐིགས་པ་ལྷུང་བ་ནི་བསྐལ་པའི་མཐར་ཐུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ་ཞེས་གསུངས་སོ།།
བཞི་པ་སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ་ནི།
ཡང་མི་དགེ་བའི་ཕྱོགས་ཟད་པར་བྱེད་པའི་རྒྱུ་ཡང་ཡིན་པར་བསྟན་པ་ནི།
སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང༌།།
དཔའ་ལ་བསྟེན་ནས་འཇིགས་པ་ཆེན་པོ་ལྟར།།
གང་ལ་བསྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ།།
དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན།།
སྡིག་པ་ཤིན་ཏུ་མི་བཟད་པ་མཚམས་མེད་པའི་ལས་ལྟ་བུར་བྱས་ན་ཡང༌། །སྐྱེས་བུ་དཔའ་བོ་སྟོབས་དང་ལྡན་པ་དག་ལ་བསྟེན་ནས་འཇིགས་པ་ཆེན་པོོ་ལས་སྒྲོལ་བ་ལྟར། །བྱང་ཆུབ་ཀྱི་སེམས་གང་ལ་བསྟེན་ནས་སྐད་ཅིག་ཡུད་ཙམ་ཉིད་ཀྱིས་སྒྲོལ་བར་འགྱུར་བ་ཡིན་པས།།དེ་ལ་བག་ཡོད་པ་ཅན་རྣམས་ཀྱིས་ཅིས་མི་བསྟེན། །དེའང་བློ་གྲོས་མི་ཟད་པས་བསྟན་པ་ལས།རིགས་ཀྱི་བུ་འདི་ལྟ་སྟེ།དཔེར་ན་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བསྟེན་པ་ན་དགྲ་བོ་ཐམས་ཅད་ལ་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ཡང་དག་པར་བསྟེན་པའི་བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱོད་པའི་དགྲ་བོ་ཐམས་ཅད་ལ་མི་འཇིགས་སོ་ཞེས་གསུངས་སོ།།
ལྔ་པ་དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུངས་ནས་འབྱིན་པར་བསྟན་པ་ནི།
དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས།།
སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད།།
བྱང་ཆུབ་སེམས་ཀྱིས་སྡིག་པ་ཟད་པའི་དཔེ་གཞན་ཡང་དེས་ནི་དུས་མཐའི་མེས་བསམ་གཏན་དང་པོ་མན་ཆད་སྲེག་པ་དེ་བཞིན་དུ་སྡིག་པ་ཆེན་པོ་ངན་སོང་གི་རྒྱུར་གྱུར་པ་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད་པས་དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན།།
དྲུག་པ་འདིར་མ་བཤད་པ་གཞན་དུ་ཞལ་འཕང་བ་དང་དྲུག་ལས་ནི།
དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དག།
བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད།།
བྱང་ཆུབ་ཀྱི་སེམས་དེ་ཡི་ཕན་ཡོན་དེ་ངོ་བོ་ཉིད་དུ་གྱུར་པའི་ཡོན་ཏན་དཔག་ཏུ་མེད་པ་དག།བྱམས་མགོན་བློ་དང་ལྡན་པས་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་ལ་བཤད་དོ།།དེ་ལྟར་ཡང་སྡོང་པོ་བཀོད་པ་ལས།རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བརྟེན་པས་ས་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྲུང་བས་ཕ་ལྟ་བུའོ། །དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ།།
གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་ལ། སྨོན་འཇུག་གི་དབྱེ་བ་དང༌། ཕན་ཡོན་གྱི་ཁྱད་པར། ལུང་རིགས་ཀྱི་སྒོ་ནས་སྒྲུབ་པ་དང་གསུམ་ལས། དང་པོ་ནི།
ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར།
བྱང་ཆུབ་སེམས་དེ་མདོར་བསྡུས་ན།།རྣམ་པ་གཉིས་སུ་ཤེས་བྱ་སྟེ།།
བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ།།
འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར།།
དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ།།
ཕན་ཡོན་བསྟན་མ་ཐག་པའི་བྱང་ཆུབ་ཀྱི་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། །འགྲོ་བ་ཐམས་ཅད་འཁོར་བ་ལས་སྒྲོལ་ཏེ་རྫོགས་པའི་བྱང་ཆུབ་ཆེན་པོར་བཀོད་པར་སྨོན་པའི་སེམས་དང་ནི། །སེམས་སྔ་མ་དེ་སྔོན་དུ་སོང་ནས་སྡོམ་པ་བླངས་ཏེ་བྱང་ཆུབ་ཐོབ་པའི་ཕྱིར་ཚོགས་རྣམས་ལ་འཇུག་པ་ཉིད་ཡིན་ནོ། །ཉིད་ཀྱི་སྒྲས་འདི་གཉིས་ཁོ་ནའོ་ཞེས་པའི་དོན་ནོ།།དེ་སྐད་དུའང་སྡོང་པོ་བཀོད་པ་ལས། །རིགས་ཀྱི་བུ་སེམས་ཅན་གྱི་འཇིག་རྟེན་ན་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་གསུངས་སོ། །ད་ནི་དབྱེ་བ་དེ་ཉིད་དཔེས་གསལ་བར་བྱེད་པ་ནི།དཔེར་ན་སྐྱེས་བུ་འགའ་ཞིག་མངོན་པར་འདོད་པའི་ཡུལ་དུ་ཕྱིན་པར་བྱ་བའི་ཆེད་དུ་འགྲོ་བར་འདོད་པ་དང་ཡང་གཞན་ཞིག་ནི་དེར་ཕྱིན་པར་བྱ་བའི་ཆེད་དུ་དངོས་སུ་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་སོ་སོར་ཤེས་པ་ལྟར། །དེ་བཞིན་དུ་མཁས་པ་རྣམས་ཀྱིས་སྨོན་པ་དང་འཇུག་པའི་སེམས་འདི་གཉིས་ཀྱི། །བྱེ་བྲག་རིམ་པ་བཞིན་དུ་ཤེས་པར་བྱའོ།།
གཉིས་པ་སྨོན་འཇུག་གི་དབྱེ་བ་དང་ནི།
བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌།།
ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན།།
གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར།།
མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ།།
དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས།།
རྒྱུན་མི་འཆད་པ་དུ་མ་ཞིག།ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌།།
དེའང་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས།རིགས་ཀྱི་བུ་འདི་ལྟ་སྟེ།དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང༌།རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ།དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ།རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་བས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང༌།བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ།འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ་ཞེས་གསུངས་ཤིང༌།འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང༌།རྒྱལ་པོ་ཆེན་པོ་ཁྱོད་བྱ་བ་མང་བ་ལ་བྱེད་པ་མང་བ་སྟེ།རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི།དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌།དད་པ་དང༌།དོན་དུ་གཉེར་བ་དང༌།སྨོན་པ་འགྲོ་ཡང་རུང༌།འགྲེང་ཡང་རུང༌།འདུག་ཀྱང་རུང༌།ཉལ་ཡང་རུང༌།སད་ཀྱང་རུང༌།ཟ་ཡང་རུང༌།འཐུང་ཡང་རུང༌།རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་བཟུང་སྟེ་སྒོམས་ཤིག་ཅེས་པ་ནས།རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས་ལན་དུ་མར་ལྷའི་ནང་དུ་སྐྱེས་ཤིང༌།ལན་དུ་མར་མིའི་ནང་དུ་སྐྱེས་ཏེ་ལྷ་དང་མི་ཐམས་ཅད་དུ་སྐྱེས་པ་ན་དབང་པོ་བྱེད་པར་གྱུར་ཀྱང་ད་དུང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར།བྱང་ཆུབ་སྨོན་པའི་སེམས་བསྐྱེད་པ་ལས་ནི། །འཁོར་བར་འཁོར་བའི་ཚེ་དེ་ལྟར་འབྲས་བུ་རྒྱ་ཆེ་བར་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་ཉིད་རྒྱུན་ཆགས་ཤིང་བར་མེད་པར་འབྱུང་བ་མིན་ནོོ།།དུས་གང་ནས་བཟུང་སྟེ་སེམས་ཅན་གྱི་ཁམས། །མཐའ་ཡས་པ་རྣམས་རབ་ཏུ་དགྲོལ་བར་བྱ་བའི་ཕྱིར། །སྦྱིན་སོགས་ལ་འཇུག་པ་མི་ལྡོག་པ་ཡི་སེམས་ཀྱིས་སུ། །འཇུག་པ་བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་བླངས་པར་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་པ་དང༌།འགྲོ་བ་དང༌།འགྲེང་བ་དང༌།འདུག་པ་དང༌།ཟ་བ་དང༌།བརྒྱལ་བ་ལ་སོགས་པར་གྱུར་ཀྱང་བསོད་ནམས་ཀྱི་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག།སྐད་ཅིག་རེ་རེ་ལ་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་ངོ་། །དེའང་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས།དེ་ལྟ་བས་ན་གཞོན་ནུ་ཁྱོད་ཀྱིས་སྒྲུབ་པ་སྙིང་པོར་གྱུར་པ་ལ་བསླབ་པར་བྱ་སྟེ།ཅིའི་ཕྱིར་ཞེ་ན།གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ་ཞེས་གསུངས་སོ།།
གསུམ་པ་ལའང་ལུང་དང་རིགས་པའི་སྒོ་ནས་སྒྲུབ་པ་གཉིས་ལས། དང་པོ་ནི།
འདི་ནི་འཐད་པ་དང་བཅས་པར།།
ལག་བཟང་གིས་ནི་ཞུས་པ་ལས།།
དམན་མོས་སེམས་ཅན་དོན་གྱི་ཕྱིར།།
དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས།།
འདི་ནི་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པའི་འཐད་པ་དང་བཅས་པར། །ལག་བཟངས་ཀྱིས་ནི་ཞུས་པ་ལས། །ཐེག་པ་དམན་པ་ལ་མོས་པའི་སེམས་ཅན་རྣམས་དེ་ལས་བཟློག་པའི་དོན་གྱི་ཕྱིར་དུ།།དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་སོ།།
གཉིས་པ་རིགས་པའི་སྒོ་ནས་སྒྲུབ་པ་ལའང་སྨོན་སེམས་ཀྱི་ཕན་ཡོན་རིགས་པའི་སྒོ་ནས་སྒྲུབ་པ་དང༌། འཇུག་པའི་ཕན་ཡོན་རིགས་པའི་སྒོ་ནས་སྒྲུབ་པ་གཉིས་ལས། དང་པོ་ནི།
དེ་ཇི་ལྟར་གསུངས་ཞེ་ན།
སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ།།བསལ་ལོ་སྙམ་དུ་བསམས་ན་ཡང༌།།
ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་གྱུར་ན།།
སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང༌།།
རེ་རེའང་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་སྨོས་ཅི་དགོས།།
ཕ་འམ་ཡང་ན་མ་ཡང་རུང༌། །སུ་ལ་འདི་འདྲའི་ཕན་སེམས་ཡོད།།
ལྷ་དང་དྲང་སྲོང་རྣམས་ཀྱང་རུང༌། །ཚངས་པ་ལ་ཡང་འདི་ཡོད་དམ།།
སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས།།
རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ།།
གཞན་དག་རང་གི་དོན་དུ་ཡང༌། །མི་འབྱུང་སེམས་ཅན་དོན་སེམས་གང༌།།
སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་གཅིག་འཁྲུངས།།
འགྲོ་བ་ཀུན་གྱི་དགའ་བའི་རྒྱུ། །སེམས་ཅན་སྡུག་བསྔལ་རྩིར་གྱུར་པ།།
རིན་ཆེན་སེམས་ཀྱི་བསོད་ནམས་གང༌། །དེ་ལ་ཇི་ལྟར་གཞལ་གྱིས་ལང༌།།
སྔགས་དང་སྨན་གྱིས་སེམས་ཅན་ཀླད་ནད་ཅན་རྣམས་ཀྱི་ཀླད་པའི་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང༌། །ཕན་འདོགས་པའི་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ན། །འགྲོ་བ་ཚད་མེད་པ་ལས་སེམས་ཅན་རེ་རེའི་མི་བདེ་བ།།ཁམས་གསུམ་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་དག་བསལ་བར་འདོད་ཅིང༌། །རེ་རེའང་མྱ་ངན་ལས་འདས་པའི་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་ལ་བསོད་ནམས་ཀྱི་ཤུགས་ནམ་མཁའ་དང་མཉམ་པར་འབྱུང་བ་སྨོས་ཅི་དགོས། །འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང༌། །བསོད་ནམས་རྒྱ་མཚོ་སྡུད་བྱེད་པས། །ཉན་ཐོས་རྣམས་ལས་མཆོག་ཏུ་བཤད། །ཅེས་ཀྱང་འཆད་པར་འགྱུར་རོ། །དེ་ལྟར་བརྩོན་པར་བྱེད་པ་དེ་ལ་བསྔགས་པར་བསྟན་པ་ནི།རང་གི་ཕའམ་ཡང་ན་མ་ཡང་རུང་སྟེ།སུ་ལ་འདི་འདྲ་བའི་ཕན་སེམས་ག་ལ་ཡོད། །བརྒྱ་བྱིན་ལ་སོགས་པ་ལྷ་དང་སེར་སྐྱ་ལ་སོགས་པ་དྲང་སྲོང་རྣམས་ཀྱང་རུང༌། །མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ཡང་ཕན་པ་ལ་སྦྱོར་བའི་སེམས་འདི་ལྟ་བུ་ཡོད་དམ་ཅི།།སྨོས་མ་ཐག་པའི་སེམས་ཅན་དེ་དག་ཉིད་ལ་སྔོན་ཆད། །རང་གི་དོན་དུ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འདོད་པ་འདི་འདྲ་བའི་སེམས། །མཚན་མོ་རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་དེ་འདྲ་བའི་བློ་ག་ལ་སྐྱེ། །གཞན་དག་རང་གི་དོན་དུ་ཡང༌།།སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་འདོད་པའི་བློ་མི་འབྱུང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའི་དོན་ལ་སེམས་པ་གང༌། །རྨད་དུ་བྱུང་བའི་ལས་བྱེད་པས་སེམས་ཀྱི་རིན་ཆེན་ཁྱད་པར་ཅན་འདི་ནི།།སྔ་ན་མེད་པའི་ངོ་མཚར་གྱི་ཆོས་རྨད་གཅིག་འཁྲུངས་སོ།།འགྲོ་བ་ཀུན་གྱི་ལྷ་ལ་སོགས་པའི་ཕུན་སུམ་ཚོགས་པའི་དགའ་བའི་རྒྱུ་དང༌།།སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པ་སེལ་བར་བྱེད་པའི་སྨན་ཆེན་པོའི་རང་བཞིན་གྱི་རྩིར་གྱུར་པ། །རིན་ཆེན་བྱང་ཆུབ་སེམས་ཀྱི་བསོད་ནམས་གང་ཡིན་པ།།དེ་ལ་བློས་ཇི་ལྟར་གཞལ་གྱིས་ལང་སྟེ།།འཕགས་པ་དཔལ་བྱིན་གྱིས་ཞུས་པ་ལས།བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ།།
གཉིས་པ་འཇུག་པའི་ཕན་ཡོན་རིགས་པའི་སྒོ་ནས་སྒྲུབ་པ་ནི།
ཡང་འདི་ཅི་ལྟར་རིགས་པ་ཡིན་སྙམ་དུ་དོགས་པ་ལ་འཐད་པ་བསྟན་པའི་ཕྱིར།
ཕན་པར་བསམས་པ་ཙམ་གྱིས་ཀྱང༌། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན།།
སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས།།
སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག།
བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས།།
གང་ཞིག་བདེ་བས་ཕོངས་པ་དང༌། །སྡུག་བསྔལ་མང་ལྡན་དེ་དག་ལ།།
བདེ་བ་ཀུན་གྱིས་ཚིམ་པ་དང༌། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང༌།།
གཏི་མུག་ཀྱང་ནི་སེལ་བྱེད་པ།།དེ་དང་དགེ་མཚུངས་ག་ལ་ཡོད།།
དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲའང་ག་ལ་ཡོད།།
འགྲོ་བ་ཐམས་ཅད་བསྐྱབ་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་ཕན་པར་བསམས་པ་ཙམ་གྱིས་ཀྱང༌།།
སངས་རྒྱས་ཐམས་ཅད་ལ་མཆོད་པ་ལས་ཁྱད་པར་འཕགས་པར་གསུངས་ན། །དེ་དག་གང་ལས་གསུངས་ཞེ་ན།དཔལ་བྱིན་གྱིས་ཞུས་པ་ལས།གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ནི་མི་གང་གིས། །རིན་ཆེན་བདུན་གྱིས་བཀང་བྱས་ཏེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་ཞིག་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །གང་ལ་མཐའ་ནི་མ་མཆིས་པའི། །མཆོད་པ་འདི་ནི་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་བས་ན་སེམས་ཅན་མ་ལུས་པ་ནམ་མཁའི་མཐའ་དང་མཉམ་པ་ཐམས་ཅད་ཀྱི། །བདེ་བའི་དོན་དུ་དངོས་སུ་བརྩོན་པ་ལ་བསོད་ནམས་ཁྱད་པར་ཅན་འབྱུང་བར་སྨོས་ཅི་དགོས། །བདེ་བ་སྒྲུབ་པ་དང་སྡུག་བསྔལ་སྤང་བའི་ཐབས་ལ་སེམས་ཅན་རང་ཉིད་མཁས་པ་མ་ཡིན་ནམ།དེ་ལ་གྲོགས་ཅི་དགོས་ཞེ་ན།དེ་ནི་མ་ཡིན་ཏེ།སྡུག་བསྔལ་འདོར་བར་འདོད་པའི་སེམས་ཡོད་ཀྱང༌། །སྡུག་བསྔལ་གྱི་རྒྱུ་སྲོག་གཅོད་པ་ལ་སོགས་པ་ཉིད་ལ་མངོན་པར་རྒྱུག་སྟེ་དེ་ལ་འཇུག་པ་དང༌།།བདེ་བ་ཐོབ་པར་འདོད་ཀྱང་གཏི་མུག་པའི་དབང་གིས། །རང་གི་བདེ་བ་ཐོབ་པའི་རྒྱུ་དགྲ་ལྟར་དུ་འཇོམས་པར་བྱེད་དོ། །རྒྱལ་སྲས་གང་ཞིག་སེམས་ཅན་བདེ་བ་མ་རྙེད་པས་བདེ་བས་ཕོངས་པ་དང༌། །སྡུག་བསྔལ་བརྒྱ་ཕྲག་མང་པོ་དང་ལྡན་པ་དེ་དག་ལ། །བྱམས་པ་ཆེན་པོས་བདེ་བ་ཀུན་གྱིས་ཚིམ་པར་བྱེད་པ་དང༌།།སྙིང་རྗེ་ཆེན་པོས་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད་ཅིང༌། །ཤེས་རབ་ཆེན་པོས་བླང་དོར་གྱི་གནས་ཚུལ་བཞིན་དུ་བསྟན་ནས་གཏི་མུག་ཀྱང་ནི་སེལ་བར་བྱེད་པ། །བདག་ཉིད་ཆེན་པོ་དེ་དང་དགེ་ལེགས་ཀྱི་རང་བཞིན་མཚུངས་པ་གཞན་ག་ལ་ཡོད། །དེ་འདྲ་བའི་ཕན་བདེ་ལ་སྦྱོར་བའི་བཤེས་ཀྱང་ག་ལ་ཡོད། །བྱང་ཆུབ་སེམས་དཔའི་བསོད་ནམས་དེ་འདྲའང་ག་ལ་ཡོད།།
གསུམ་པ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བཤད་པ་ནི།
ཡང་དེ་ལྟར་ཅིའི་ཕྱིར་བརྗོད་ཅེ་ན།
ཕན་བཏགས་ལན་ལོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན།།
མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས།།
འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ།།
སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང༌།།
བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང༌།།
དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར།།
སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ།།
བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད།།
ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས།།
གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ།།
གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ།།
ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི།།
དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས།།
འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ།།
རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང༌།།
སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།
གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌།།
གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།།
བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།།
སྔར་འཇིགས་ཤིང་དོགས་པ་དང་ཉོན་མོངས་པ་རྣམས་ལ་ཕན་བཏགས་པ་ན་འདིས་ཕན་བཏགས་སོ་ཞེས་དྲིན་ལན་ལོན་པ་གང་ཡིན་པ། །དེ་ཡང་རེ་ཞིག་འཇིག་རྟེན་པ་རྣམས་ཀྱིས་བསྔགས་པར་འོས་ན། །མ་བཅོལ་བཞིན་དུ་ལེགས་པར་དགེ་བ་ལ་སྦྱོར་བར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་ལ་བསྔགས་པར་འོས་པ་སྨོས་ཅི་དགོས། །འགྲོ་བ་ཉུང་ཟད་དེ་ཚད་ཡོད་པ་དག་ལ་དུས་ནར་མའི་ཟས་སྦྱོར་བ་ན།།སྐད་ཅིག་ཡུད་ཙམ་ལ་ཟས་ངན་ངོན་ཙམ་སྦྱིན་པར་བྱེད་པ་དང༌། །སྦྱིན་པའི་ཚུལ་བརྙས་པ་དང་བཅས་པས་ཕན་པའི་ཁྱད་པར་ཉིན་ཕྱེད་ཙམ་འགྲངས་པར་བྱེད་པ་ཡང༌། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོ་ཕལ་གྱིས་བཀུར་བར་བྱེད་ན། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་དེ་ལས་ལྡོག་པས་སེམས་ཅན་གྲངས་མེད་པ་མཐའ་ཡས་པ་རྣམས་ལ་དུས་རིང་པོ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ།།ཕན་པའི་ཁྱད་པར་བདེ་བར་གཤེགས་པ་རྣམས་ཀྱི་བདེ་བ་བླ་ན་མེད་པ་ཉིད།།ཡིད་ལ་བསམ་པ་མཐའ་དག་རྫོགས་པར་བྱེད་པའི་ཚུལ་གྱིས།།རྟག་ཏུ་སྦྱིན་པ་བྱེད་པ་ལ་བཀུར་སྟི་འོས་པ་ནི་ལྟ་ཞིག་སྨོས་ཅི་དགོས། །གང་ཞིག་དེ་འདྲ་བའི་རྒྱལ་སྲས་སྦྱིན་པའི་བདག་པོ་རྣམས་ལ། །གལ་ཏེ་ངན་སེམས་ཏེ་སྡིག་པའི་སེམས་སྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་སྐད་ཅིག་གི་གྲངས་བཞིན་དུ་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས།།དེའང་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས།འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་བརྙས་པའི་སེམས་བསྐྱེད་པ་དེ་སྲིད་དུ་དེས་བདག་བསྐལ་པར་དམྱལ་བར་གནས་པར་བྱའོ་ཞེས་གོ་ཆ་བགོ་བར་བྱའོ་ཞེས་གསུངས་སོ། །ཡང་གང་ཞིག་དེ་ལ་སེམས་དང་བ་བསྐྱེད་པ་དེའི་བསོད་ནམས་ཀྱི་འབྲས་བུ་ཇི་ཙམ་ཞིག་སྐྱེ་བར་འགྱུར་ཞེ་ན།འོན་ཏེ་གང་ལ་ལ་ཞིག་རྒྱལ་སྲས་དེ་ལ་ཡིད་རབ་དང་བར་བྱེད་ན། །དེ་ཡི་འབྲས་བུ་སྡིག་པའི་འབྲས་བུ་དེ་བས་ལྷག་པར་འཕེལ་ཏེ། །ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས།འཇམ་དཔལ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ།ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་བཏོན་པར་གྱུར་ལ།ཡང་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ།གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱམས་པའི་སེམས་ལ་གནས་པ་འགའ་ཞིག་གིས་དེ་དག་ཐམས་ཅད་ཀྱི་མིག་སྐྱེད་པར་བྱེད་པ་བས།འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་སེམས་དང་བས་ལྟ་ན།འདི་ནི་དེ་བས་བསོད་ནམས་ཆེས་ལྷག་པར་སྐྱེའོ་ཞེས་གསུངས་སོ། །དེ་ལྟ་བས་ན་བསོད་ནམས་ཀྱི་ཞིང་ཆེན་པོ་ལ་མཁས་པ་རྣམས་ཀྱིས་དགེ་བའི་སེམས་ཉིད་དུ་བྱའོ། །རྒྱལ་སྲས་རྣམས་ལ་དོ་གལ་ཏེ་དཀའ་ཚེགས་ཆེན་པོས་ཀྱང༌། །སྡིག་པ་མི་འབྱུང་ཞིང་བསྡུ་དངོས་བཞིས་སེམས་ཅན་ལ་ཕན་འདོགས་པའི་དགེ་བ་ངང་གིས་འཕེལ་བར་འགྱུར་རོ།།ད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་བསྟན་བཅོས་བྱེད་པ་པོ་ཤིན་ཏུ་ཡང་ཡིད་རབ་ཏུ་དང་བ་གསལ་བར་བྱེད་པ་ནི།སེམས་ཅན་གང་ལ་སེམས་ཀྱི་དམ་པ་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་ཉིད། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །བྱང་ཆུབ་སེམས་དཔའ་མཆོག་ཏུ་དགེ་བའི་ཐུགས་མངའ་བ་གང་ལ་བརྙས་ཏེ་གནོད་པ་བྱས་ཀྱང་གནོད་བྱེད་དེ་འཕྲལ་དང་ཡུན་དུ་བདེ་བ་དང་འབྲེལ་བར་བྱེད་པས། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆིའོ།།
གཉིས་པ་ལེའུའི་མཚན་ནི།
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།། །།