བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པ་སོགས་ཀྱི་སྐོར།
༈ དེར་རྒྱལ་པོའི་དགོངས་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚད་གསུམ་པོ་གང་དུ་བཞུགས་སར་བསྟན་པ་སྤྱི་དང་ཁྱད་པར་ཐེག་ཆེན་དར་བ་ཡིན་ལ། སོ་ལྔ་པའི་སྐུ་ཚད་སྤྱན་མི་འདྲོངས་ཀྱང་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སྤྱན་འདྲེན་དགོས་དགོངས་ཏེ། རྟེན་རང་བྱུང་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་འོད་ཟེར་སྒྲ་དང་བཅས་པ་བྱུང་ཞིང་བོད་ཀྱི་སེམས་ཅན་རྣམས་སྤྲེའུ་དང་བྲག་སྲིན་ལས་མཆེད་པའི་ཕྱིར་གདུལ་བར་དཀའ་བས་ན་སྤྲུལ་སྐུ་གཉིས་སྤྱན་དྲོངས་ལ་ཐུལ་ཅིག་ཅེས་པའི་སྒྲ་བྱུང༌། ཡང་སྤྲུལ་སྐུ་གང་ནས་སྤྱན་འདྲེན་ཞེས་ཞུས་པས། ཐུགས་ཀ་ནས་འོད་ཟེར་གཉིས་འབྱུང་བ་བལ་པོ་དང༌། རྒྱ་ནག་ཏུ་སོང་བ་དེར་སྤྲུལ་པའི་ལྷ་མོ་རེ་རེ་བཞུགས་པར་གཟིགས་ཏེ། དེ་གཉིས་སྤྱན་དྲངས་ན་སྐུ་ཚད་གཉིས་དང་རྒྱ་བལ་གྱི་ཆོས་ཐམས་ཅད་བོད་དུ་དར་བར་མཁྱེན་ནས། ནངས་པར་བློན་པོ་རྣམས་ཕྱག་འབུལ་དུ་འོངས་པ་ན་བཀའ་མཆིད་མཛད་པའི་ཚེ། ཡེངས་མ་གཏམ་དུ་རྒྱལ་པོའི་ཞལ་ནས་མདང་ངའི་རྨི་ལམ་དུ་ནུབ་ཕྱོགས་བལ་པོའི་ཡུལ་དུ་བུ་མོ་དཀར་མོ་སྙིང་དུ་སྡུག་པ་ཞིག་དང༌། ཤར་ཕྱོགས་རྒྱ་ནག་གི་ཡུལ་ན་བུ་མོ་སྔོན་མོ་ཡིད་དུ་འོང་བ་ཞིག་འདུག་པ་རྨིས་གསུངས་པས། གཡས་ནས་མགར་སྟོང་བཙན་ཡུལ་བཟུང་དང༌། གཡོན་ནས་ཐོན་མི་སམ་བྷོ་ཊ་མི་ཆུང་གཉིས་ཀས་བཻ་ཌཱུརྱའི་ཕོར་པ་འབྲས་ཆང་གིས་བཀང་སྟེ་རྒྱལ་པོ་ལ་སྟོབ་ཅིང༌། མནལ་ལམ་དེ་སུ་ལ་ཡང་མི་གསུང་བར་ཞུ། དེ་གཉིས་ངེད་རྣམས་ཀྱིས་ཁབ་ཏུ་བསུའོ་ཞེས་ཞུས་ནས་སོང་སྟེ། དེ་གཉིས་ཁབ་ཏུ་བསུའམ་ཞེས་གླེང་ཞིང་གྲོང་ཁྱེར་བདུན་ན་གཙོ་བོ་མི་བདུན་ལ་གྲོས་འདྲི་བར་ཁ་འཆམ། ནངས་པར་འཚོག་རྐྱེན་རེ་ཁྱེར་ལ་འོ་ཐང་གི་མཚོ་འགྲམ་ནེའུ་སིང་དང་གླ་བའི་ཚལ་སྟར་ཁ་སྡོང་པོའི་རྩར་འདུས་ཤིག་ཅེས་བྱས་ཏེ། ནངས་པར་བློན་པོ་རྣམས་དང་གཙོ་བོ་མི་བདུན་ཚོགས་པ་ན་མི་བདུན་གྱིས་འཚོག་ཆས་བསྡུས་པས་ཤ་ཁོག་མ་ཉམས་པ་གཅིག་ཏུ་འགྲིག་པ་བྱུང་སྟེ། ཐོན་མི་ན་རེ། འདུན་མ་འདུན་རྐྱེན་གྱིས་བཅད་པ་བྱ་བ་ཤིན་ཏུ་བཀྲ་ཤིས་ཤིང་བསམ་པ་འགྲུབ་པས་འདུན་མ་རྒྱ་མ་ཆུང་ཞིག་ཟེར། མགར་གྱིས་ན་རེ། རྒྱ་བལ་གྱི་རྒྱལ་པོའི་སྲས་མོ་མཆོག་གཉིས་ཡོད་པར་འདུག་པ་རྗེའི་བཙུན་མོར་བསུའམ་ཞེས་བགྲོས་པས་ཐམས་ཅད་ཀྱིས་ལེགས་ཞེས་དིར་གྱིས་བྱུང༌། སློང་བའི་ཐབས་དྲིས་པས། རྒྱལ་པོ་ཉིད་ཐུགས་ཟབ་ལ་རྒྱ་ཆེ། གཞན་གྱིས་ཁོང་དུ་མི་ཆུད་པས་རྒྱལ་པོ་ཉིད་ལ་ཞུ་བར་ཁ་འཆམ། བློན་པོ་རྣམས་རྒྱལ་པོའི་མདུན་དུ་ཕྱིན་ཏེ་མགར་གྱིས་ཇི་ལྟར་སྤྱན་དྲངས་ཞུས་པར། རྒྱལ་པོའི་ཞལ་ནས་མགར་གྱིས་སྣ་དྲངས་པའི་བློན་པོ་རྟ་པ་བརྒྱ་སྟོན་ཟླ་ར་བའི་ཚེས་བརྒྱད་སྐར་མ་རྒྱལ་དང་ལྡན་པའི་སྔ་ཞོག་ཕོ་བྲང་དམར་པོའི་རི་ལ་ཉི་མ་ཤར་བ་ན་སོང་ལ། ལམ་ཐམས་ཅད་དུ་ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ། བལ་རྗེ་ལ་ཕྱག་རྟེན་དུ་གསེར་གྱི་དོང་ཙེ་སྟོང༌། ཞུ་རྟེན་གསེར་ཕྱེ་བྲེ་གང༌། རིན་དུ་མིའི་རིན་པོ་ཆེ་གསེར་གྱི་ཁྲབ་ལ་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཏབ་པའི་ཁྲབ་གཅིག་རྣམས་ཁྱེར། རྒྱལ་པོ་དེས་བཀའ་ལུང་མི་འདྲ་བ་གསུམ་བཏུད་མར་འོང་གིས། དེའི་ལན་དུ་སྒྲོམ་བུ་འདི་རྣམས་གོ་རིམ་མ་ལོག་པར་གཏོད་ཅིག་གསུངས། བློན་པོ་རྣམས་ཀྱིས་དེ་ལྟར་བྱས་ནས་ཕྱིན་ཏེ་བར་ཆད་མེད་པར་བལ་ཡུལ་དུ་བརྟོལ། བལ་རྗེ་འོད་ཟེར་གོ་ཆའམ་དགེ་བའི་གོ་ཆར་གྲགས་པ་ལ་ཕྱག་རྟེན་ཕུལ་ནས་ཕྱག་བྱས། ཞུ་རྟེན་མདུན་དུ་བཞག རིན་པོ་ཆེའི་ཁྲབ་སྐུ་ལ་གསོལ་ཏེ། ང་བོད་ཡུལ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་ཞིག་བཞུགས་པའི་བློན་པོ་ཡིན། ཁྱེད་ཀྱི་སྲས་མོ་ལྷ་གཅིག་ཁྲི་བཙུན་དེ་ངེད་ཀྱི་རྒྱལ་པོའི་བཙུན་མོར་ཞུའོ་ཞུས་པས། རྒྱལ་པོས་ཡུན་རིང་དུ་སྤྱན་བཙུམ་ནས་མ་ཕྱེ། ཇི་ཞིག་ནས་ན་རེ། བོད་མཐའ་འཁོབ་ཀྱི་རྒྱལ་པོ་ངའི་གཉེན་ཟླར་མི་འོས། ང་སངས་རྒྱས་འོད་སྲུང་གི་དུས་ནས་དམ་པའི་ཆོས་རྒྱུན་མ་ཆད་ཅིང་སྐུ་གསུང་ཐུགས་ཀྱི་རྟེན་ཡོད། ཁྱེད་ལ་དེ་ལྟར་མེད། འོན་ཀྱང་ཐག་རིང་པོ་ནས་འོངས་ཏེ་འདུག་པས། བོད་ཀྱི་རྒྱལ་པོས་དཀོན་མཆོག་གསུམ་གྱི་རྟེན་བཞེངས་ནུས་སམ་དེ་ནུས་ན་སྟེར་བས་དྲིས་ལ་ཤོག་ཟེར་བས། མགར་གྱིས་འཕྲིན་རེའི་བར་བོད་བལ་དུ་ཕར་ཚུར་འགྲོ་དགོས་ན་ལྷ་གཅིག་སྤྱན་མི་འདྲོང༌། དེའི་ལན་དུ་སྒྲོམ་བུ་དང་པོ་འདི་བསྐུར་བ་ལགས་པས་གཟིགས་ཤིག་བྱས་ནས་གསེར་གྱི་སྒྲོམ་བུ་གཏད་པས། མཐིང་ཤོག་ལ་གསེར་གྱི་བྲིས་པ་བལ་པོའི་ཡི་གེར་བྱུང་སྟེ། མཐའ་འཁོབ་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱིས་བལ་པོའི་རྒྱལ་པོ་ལ་བཀའ་སྩལ་པ། ཁྱོད་ལྷོ་བལ་ན་ཆོས་ཡོད། ང་ལ་ཆོས་དང་མཆོད་གནས་མེད། དེ་ལ་དགའ་བའི་ལྷ་གཅིག་སྟེར་ན་ངས་ཉིན་གཅིག་ལ་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བརྩིགས་ཏེ་སྒོ་ཐམས་ཅད་བལ་པོའི་ཡུལ་དུ་བསྟན་ལ་འཇོག་གིས་དེ་ངོ་མཚར་མི་ཆེའམ་བྱ་བ་བྱུང༌། ཡང་བལ་རྗེ་ན་རེ། དགེ་བ་བཅུའི་ཁྲིམས་འཆའ་ནུས་ན་བྱིན་གྱིས་དྲིས་ལ་ཤོག་ཟེར་བ་ལ། དངུལ་གྱི་སྒྲོམ་བུ་གཏད་པས། དེ་ལྟ་ན་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་སྤྲུལ་ནས་ཉིན་གཅིག་ལ་དགེ་བ་བཅུའི་ཁྲིམས་འཆའ་ཡི་ཟེར་བ་བྱུང་བས་ཅུང་ཟད་སྐྲག་སྟེ་སྟེར་བར་བསམས་ཀྱང་ད་དུང་བསྒམ་པའི་ཕྱིར། བོད་རྒྱལ་པོ་ཁ་ཕོ་ཆེ་བར་འདུག་སྟེ་ང་སངས་རྒྱས་འོད་སྲུང་ཚུན་ནས་ཐབ་ཏུ་མེ་རྒྱུན་མ་ཆད་པའི་ལོངས་སྤྱོད་ཡོད་པ་ཡིན། འདོད་ཡོན་གྱི་ལོངས་སྤྱོད་ང་དང་མཉམ་པ་བྱེད་ནུས་ན་སྟེར་བས་དྲིས་ལ་ཤོག་ཟེར་བ་ལ། ཟངས་ཀྱི་སྒྲོམ་བུ་གཏད་པས། ངས་སྤྲུལ་པ་ལྔ་སྟོང་གིས་སྒོ་ལྔའི་ཡུལ་རེ་རེར་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་མི་འདྲ་བ་སྟོང་སྟོང་ལ་སྤྱོད་དུ་ཡོད་པར་བྱ། རིན་པོ་ཆེའི་ཁུང་ཐམས་ཅད་ཁ་ཕྱེ། ཕྱོགས་ཀྱི་ལས་སྒོ་རྣམས་ཕྱེ་སྟེ་ཁྱེད་ལྷོ་བལ་གྱི་གསེར་ཐམས་ཅད་ངའི་རྒྱལ་ཁམས་ལ་རག་ལུས་པར་བྱ་ཡི་དེ་ངོ་མཚར་མི་ཆེའམ། དེས་ཀྱང་མི་སྟེར་ན་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས་བལ་ཡུལ་བརླག་པར་བྱས་ཏེ་ལྷ་གཅིག་ཁྱེར་རོ་ཞེས་བྱུང་བས། ཤིན་ཏུ་སྐྲག་ཅིང་སྤྲུལ་པའི་རྒྱལ་པོར་ཤེས་པས་ཅུང་ཟད་དད་པར་ཡང་གྱུར་ཏེ་སྦྱིན་པར་ཞལ་གྱིས་བཞེས་སོ།།
དེ་ནས་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་ཁྱོད་བོད་ཀྱི་རྒྱལ་པོའི་བཙུན་མོར་འགྲོ་དགོས་སོ་གསུངས་པས། ལྷ་གཅིག་ན་རེ། ཡབ་ཀྱི་བཀའ་མི་གཅོག་པས་འགྲོ་དགོས་ན། བོད་ཀྱི་རྒྱལ་པོ་དེ་དད་པ་ཅན་ཞིག་ཡོད་པར་འདུག་ཀྱང་མཆོད་གནས་ཀྱི་རྟེན་མེད་ཟེར་བས། མཆོད་གནས་སུ་ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙནྡན་གྱི་སྒྲོལ་མ་རང་བྱུང་དང་གསུམ་པོ་བསྐུར་ཞིག བོད་ཡུལ་ལོངས་སྤྱོད་ཆུང་ཟེར་བས་རིན་པོ་ཆེ་གླང་པོ་ཆེའི་རྒྱབ་ཁལ་བདུན་ཡང་བསྐུར་ཞིག་ཅེས་ཞུས་པས། ཡབ་རྒྱལ་པོས་ཀྱང་ཞལ་གྱིས་བཞེས་ཏེ། སྐུ་ངོ་མཚར་ཅན་གསུམ་དང༌། རིན་པོ་ཆེ་སྟག་ཤ་དེ་ཝ། རཏྣ་དེ་ཝ། བཻ་ཌཱུརྱའི་ལྷུང་བཟེད་རྣམས་དང༌། རིན་པོ་ཆེ་གཞན་ཡང་གླང་པོ་ཆེའི་རྒྱབ་ཁལ་བདུན་གནང༌། བོད་བློན་རྣམས་ལ་དགའ་སྟོན་རྒྱ་ཆེར་མཛད། ལྷ་གཅིག་ལ་ཡབ་ཀྱི་བསླབ་བྱ་སྙིང་གཏམ་དུ་བསྙད་ནས། གླང་པོ་ཆེ་མཆོག་ཞིག་གི་གཉའ་བར་ལྷ་གཅིག་གིས་བཅིབས་ཏེ་ཙནྡན་གྱི་སྒྲོལ་མ་རང་བྱུང་ཕྱག་ཏུ་བསྣམས། རྟེན་གཞན་གཉིས་གླང་པོ་ཆེའི་རྒྱབ་ཏུ་བསིལ་ཁང་ལ་སྤྱན་དྲངས། རིན་པོ་ཆེའི་གླང་རྒྱབ་བདུན་དང་བཅས་ཏེ་རྒྱལ་བློན་རྣམས་ཀྱིས་བལ་ཡུལ་ནས་ཡུལ་ལྗོན་ཤིང་གི་ཚལ་ཡངས་པའི་བར་དུ་བསྐྱལ་ནས། བོད་ཀྱི་རྒྱལ་ཁམས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་རྒྱལ་བློན་རྣམས་ལོག གླང་པོ་ཆེ་རྣམས་ལམ་འཕྲང་ལ་མ་ཐར་བ་ན་ཕྱིར་སློག འཕྲང་བགྲོད་དཀའ་བ་རྣམས་ལ་རིན་པོ་ཆེ་རྣམས་འབྲེང་བསྐྱལ་བྱས། ལྷ་གཅིག་དང་སྐུ་གཉིས་ཀྱང་ཞབས་ཀྱིས་བྱོན་སྐད། མང་ཡུལ་ནས་སྐུ་གཉིས་མཛོ་མོ་དཀར་མ་ོརེས་གདན་དྲངས། ལྷ་གཅིག་གིས་དྲེའུ་དཀར་མོ་ཞིག་ལ་བཅིབས། རིན་པོ་ཆེ་རྣམས་རྟ་བརྒྱ་ལ་བཀལ་ཏེ་ལྷ་མོ་ཁྲོ་གཉེར་ཅན་གྱི་མཚན་ནས་བརྗོད་ཅིང་འོངས་པས། རྒྱལ་པོ་དགུང་ལོ་བཅོ་བརྒྱད་དུ་སོན་པ་བོད་ཤིང་ཕོ་རྟ། སྤྱི་ལོ་ ༦༣༤ པར་བོད་ཡུལ་དབུས་ཀྱི་ཕོ་བྲང་དུ་ཞབས་འཁོད། རྒྱལ་པོ་དང་མཇལ་ཏེ་བཙུན་མོར་མངའ་གསོལ་ཞིང་དགའ་སྟོན་རྒྱ་ཆེན་པོ་མཛད་དོ། །དེར་རྒྱལ་པོ་དུས་རྟག་ཏུ་ཡི་དམ་གྱི་དྲུང་དུ་བཞུགས་ནས་མཆོད་པ་དང་ཏིང་ངེ་འཛིན་ཁོ་ནར་མཉམ་པར་འཇོག་པ་ལས། སྐྱོ་བསང་དང་རྩེད་མོའི་བྱེ་བྲག་མི་མཛད་པ་ལ། བལ་མོ་བཟའ་འདི་སྙམ་དུ་སེམས་པར་གྱུར་ཏེ། རྒྱལ་པོ་འདི་གཟུགས་དང་ཡོན་ཏན་རྨད་དུ་བྱུང་བ་ཞིག་འདུག་ཀྱང༌། ཕོ་བྲང་གི་ཕྱི་ན་ཡེ་མི་འབྱོན་པ་འདི་ནི་ཕ་རོལ་གྱི་དམག་ཚོགས་ལ་འཇིགས་པ་ཡིན་ཏེ་འོང་བས། དམག་གིས་མི་བརྫི་བའི་ཕོ་བྲང་ཞིག་བརྩིག་དགོས་སྙམ་ནས། བཻ་ཌཱུརྱའི་ལྷུང་བཟེད་ལ་གསོལ་བ་བཏབ་པས་ཟས་སྐོམ་འཛད་པ་མེད་པ་བྱུང་བ་དང༌། རིན་པོ་ཆེ་རྣམས་ལ་ཆ་རྐྱེན་བྱས་ཤིང་གནོད་སྦྱིན་ཕོ་མོ་སོགས་བྲན་དུ་བཀོལ་ཏེ། དམར་པོ་རི་རྩེ་ཁོངས་སུ་བཅུག་ནས་སོ་ཕག་གི་ལྕགས་རི་ལོགས་རེར་རྒྱང་གྲགས་རེ་རེ། དཔངས་སུ་གྱང་ཕྲེང་སུམ་ཅུ་རྩ་དྲུག་གི་ཚད་བསྐོར། སྒོ་བཞི་རྟ་བབས་དང་བཅས་པ་དང༌། སྒོ་ཆུང་ཁང་པ་ཤར་བུ་མདའ་ཡབ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་དང་དངུལ་གྱི་བང་ཆུང་གིས་བསྐོར། མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་ལས་ དྲིལ་བུ ་གཡེར་ཁ་འཁྲོལ་བ་རྔ་ཡབ་དང་བ་དན་གྱིས་བརྒྱན་པར་བྱས། དེའི་ནང་དུ་མཁར་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡང་རྩེ་དང་མཁར་སྟོང་དུ་ཚང་བ། དེའི་རྩེར་དར་དམར་ལྕེ་ཁྲ་ཅན་བཏགས་པའི་མདུང་དམར་བཅུ་རེ་བཙུགས་ཤིང་མཚོན་ཆ་སྣ་ཚོགས་པ་གཟིངས་པ་དར་གྱི་ཆུན་འཕྱང་སྣ་ཚོགས་པས་བྲེས། ལྷོའི་ལྕགས་རིའི་ནང་དུ་སོག་པོའི་མཁར་ལ་དཔེ་བླངས་ཏེ་བཙུན་མོའི་ཕོ་བྲང་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ་དགུ་ཐོག་རྒྱལ་པོའི་སྐུ་མཁར་དང་མཉམ་པ་བརྩིགས་ཏེ། རྒྱལ་པོའི་སྐུ་མཁར་དང་དེ་གཉིས་ཀྱི་བར་ལ་དངུལ་ཟམ་སྐར་ཁུང་བཀྲ་ཞིང་རྒྱན་མཐའ་ཡས་པ་ཅན་གྱིས་སྦྲེལ་བ་ལ་ཡབ་ཡུམ་ཕན་ཚུན་དུ་གཤེགས་བཞུད་མཛད། དམག་དུང་ཕྱུར་ལྷགས་ཀྱང་སྲུང་མཁན་མི་ལྔས་ཐུབ་པ་རྣམ་པར་རྒྱལ་བའི་ཁང་བཟང་ལྟར་ལེགས་ཤིང་ལྟ་བས་མི་ངོམས་པ་ཉི་མའི་དཀྱིལ་འཁོར་བཞིན་འོད་ཟེར་འབར་བ། སྲིན་ཡུལ་ལངྐ་པུ་རི་ལྟར་འཇིགས་ཤིང་རྔམ་པ་ཞིག་བརྩིགས། དེའི་ཤར་སྒོའི་ཕྱིར་རྒྱལ་པོའི་ཆིབས་དཀྱུས་ཀྱི་ས་འདོམ་དགུ་བརྒྱ་དང་ཞེང་འདོམ་བཅོ་བརྒྱད་པ་ཟབས་སུ་འདོམ་དོ་བྲུས་པར་ཤིང་དང་སོ་ཕག་གིས་ཕུབ་སྟེ་སྟེང་ནས་ཟངས་མས་གཡོགས་པ། ལོགས་ལ་དྲྭ་བ་དྲྭ་ཕྱེད་དང་བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་པ་བྲིས་ཤིང་འབུར་དུ་གཏོད་པ་ལ་ཚོན་སྣ་ཚོགས་པ་བྱུགས་པས་བཀྲ་བ། དེའི་ནང་དུ་རྒྱལ་པོའི་ཆིབས་དཀྱུས་སའི་རྨིག་སྒྲ་རེ་རེ་ལ་ཡང་རྟ་པ་འབུམ་གྱི་རྨིག་སྒྲ་འུར་དིར་སིལ་ཁྲོལ་གྱི་སྒྲ་སྐད་རོལ་མོ་སྣ་ཚོགས་པར་གྲགས་པ་བྱས་སོ། །ཕོ་བྲང་བརྩིགས་ཚུལ་འདི་ར་སའི་ཀླུ་ཁང་གི་ནུབ་ལོགས་ལ་བྲིས་ནས་ཡོད་སྐད་དོ།།
༈ ཡང་རྒྱལ་པོའི་ཞལ་ནས་མགར་གྱི་སྣ་དྲངས་པའི་བློན་པོ་བརྒྱས་རྒྱ་རྗེ་ལ་ཕྱག་རྟེན་གསེར་གྱི་དོང་ཙེ་དང༌། ཞུ་རྟེན་གསེར་བང་མིག་བདུན། རིན་དུ་བཻ་ཌཱུརྱའི་རྨོག་ཞུ་རིན་ཐང་མེད་པ་འདི་ཁྱེར་ལ་བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ན་ལམ་ཕར་ཚུར་སྒྲོལ་མ་ལ་གསོལ་བ་འདེབས་ཤིང་སོང་ཞིག་གསུངས་པ་བཞིན། བློན་པོ་རྣམས་བཤུལ་དུ་ཞུགས་ནས་ཕྱིན་ཏེ་རྒྱ་ནག་ཟིན་ཤིང་བཀྲ་ཤིས་ཁྲི་སྒོར་སླེབས། རྒྱལ་པོ་ཐིང་ཐའི་ཙུང་གིའམ་ཀོང་ཙེ་འཕྲུལ་རྒྱལ་སེངྒེ་བཙན་པོ་ཞེས་པ་དེ་དང་མཇལ་ནས། ཕྱག་རྟེན་ཞུ་རྟེན་རིན་བཅས་ཕུལ་ཏེ་ལྷ་གཅིག་ཞུ་ཞུས་པས། སྲས་རྒྱལ་བུ་ཐེ་བ་ན་རེ། བོད་ཀྱིས་རྒྱའི་ཡུལ་མང་པོ་བཅོམ། གཅེན་པོ་རྣམས་བསད་པས་ཁོང་ལ་མི་སྟེར། གེ་སར་དམག་དཔུང་ཆེ་བས་དེ་ལ་སྟེར་ཟེར། ཡུམ་གྱིས་བོད་ལོངས་སྤྱོད་ཆུང་བས་མི་སྟེར། སྟག་གཟིག་གི་རྒྱལ་པོ་ལོངས་སྤྱོད་ཆེ་བས་དེ་ལ་སྟེར་ཟེར། ཡབ་རྒྱལ་པོས་རྒྱ་གར་དམ་པའི་ཆོས་དར་བས་རྒྱ་གར་ལ་སྟེར་ཟེར། ལྷ་གཅིག་རང་ནི་མི་ཚེ་རིལ་གྱིས་འགྲོ་དགོས་པས་ན་མི་རང་གལ་ཆེ་བས་ཁྲོམ་གྱི་རྒྱལ་པོ་གཟུགས་བཟང་བས་ཁྲོམ་པ་ལ་འགྲོ་ཟེར་ནས་བོད་ལ་དགའ་མཁན་གཅིག་ཀྱང་མ་བྱུང༌། རྒྱལ་ཁབ་ཀྱི་གཉེ་བོ་རྟ་པ་བཞི་བརྒྱ་ཡང་ཚོགས་སྐད། དེར་བོད་ཀྱིས་ངེད་ཁ་སྔ་བས་ངེད་ལ་ཞུ་ཟེར། ཁྲོམ་དང༌། སྟག་གཟིག་དང༌། རྒྱ་གར་དང༌། གེ་སར་རྣམས་ཀྱིས་རིམ་པ་ལྟར་ངེད་ལ་མི་སྟེར་ན་དམག་འདྲེན། མེས་བསྲེག རྒྱ་ཡུལ་ཆུས་འགེངས་ཟེར་སྐད། དེར་རྒྱ་ནག་ཁྲིམས་དམ་པས་གང་དགའ་ལ་སྦྱིན་དབང་མེད་དེ། རྒྱལ་པོའི་ཞལ་ནས་གཉེ་བོ་རྣམས་རིག་པ་སུ་རྣོ་བ་ཞིག་ལ་སྟེར་ཟེར་ནས། གཉེ་བོ་བརྒྱ་རེ་ལ་ལུག་བརྒྱ་རེ་དང་ཆང་ཚོད་བརྒྱ་རེ་གཏད་དེ། ཉིན་གཅིག་ལ་ཤ་ཆང་བཟའ་བཏུང་ཟིན་པ་ལྤགས་པ་ཐུལ་བ་ཁང་པ་གཙང་མ་སུ་བྱུང་བ་དེ་ལ་སྟེར་བྱ་བ་དང༌། ཡང་གཡུ་འོད་ཆེན་ཕུབ་ཆུང་ཙམ་པ་མིག་གཅིག་དབུས་དང་གཅིག་མཐའ་ན་ཡོད་པ་བར་གྱི་མིག་ཕུབ་ཀྱི་སྦ་སྒོར་བཞིན་ཡོད་པ་གཅིག་དང་དར་ཡུག་གཅིག་གཏད་ནས་གཡུ་མིག་ཏུ་དར་ཡུག་སུས་ཚུད་པ་ལ་སྟེར་བ་དང༌། བྱ་མ་བརྒྱ་བུ་བརྒྱ་དང༌། རྟ་མ་བརྒྱ་བུ་བརྒྱ་མ་བུ་སོ་སོར་སུས་ཤེས་པ་ལ་སྟེར་བ་དང༌། ཤིང་དུམ་བརྒྱ་གཏད་པའི་རྩ་རྩེ་སུས་ཤེས་པ་ལ་སྟེར་བ་དང༌། ཕྱི་དྲོ་ཕོ་བྲང་དུ་སྟོན་མོ་བྱས་ནས་ཆང་གིས་བཟི་བ་དང་སྲོད་ལ་བཏང་སྟེ་སྒོ་མ་འཁྲུལ་བར་རང་རང་གི་གནས་ཁང་སུས་རྙེད་པ་ལ་སྟེར་བར་བྱས་པ་ལ། གཞན་རྣམས་ཀྱིས་གང་ཡང་མ་བྱུང༌། བློན་པོ་མགར་གྱིས་ལུག་རྣམས་གུད་དུ་བསད། ཤ་གཟུགས་རེ་ནས་བྲིམས་ཏེ་ཏིག་ག་ཆུང་ངུ་རེ་བཅད་ཅིང་ཚྭ་ལ་བསྒྲེས་ཏེ་ཟོས་ནས་བསྐོར། ཆང་ཧུབ་བསྐོར་དུ་བྱས། ལྤགས་པ་གྲལ་ལ་འགྲིམས་ཏེ་འཕུར་ཙམ་རེ་བྱས་པས། ཤ་ཆང་ཡོག ལྤགས་པ་ཐུལ། མ་བཟི་མ་སྐྱུགས་ཏེ་ཁང་པ་གཙང་མར་བྱུང༌། རྒྱ་གྲོག་ཞིག་ཟན་དང་འོ་མས་གསོས་ཏེ་དར་སྐུད་ཀྱིས་དར་ཡུག་སྣ་བསྡུས་པ་བཙེམས་ནས་དར་སྐུད་གྲོག་མའི་སྐེད་པ་ལ་བཏགས་ཏེ་མཐའི་མིག་ནས་བཅུག་ཕུ་བཏབ་པས་དབུས་སུ་ཐོན་ཏེ་གཡུ་མིག་ཏུ་དར་ཡུག་ཚུད། ཐང་ལ་སྦང་སྐམ་གཏོར་ནས་བྱ་རྣམས་བཏང་བས་མ་བུ་གཉིས་གཉིས་སྟབས་སུ་ཟོས་ཏེ་སྐེའི་འོག་ནས་ཟ་ཞིང་སྤྱོད་པ་འཚུབ་པ་འདི་བུ་ཡིན་ཞེས་ངོ་ཤེས། རྟ་རྣམས་རྟེའུ་ཕྱོགས་གཅིག་ཏུ་བཟུང་སྟེ་ཞག་གཅིག་ཆུ་མ་བྱིན་པར་གསོས་ཏེ་སྐོམ་དུ་བཅུག་ནས་ནངས་པར་མ་ཁྱུའི་གསེབ་ཏུ་བཏང་བས་རང་རང་གི་མ་བཙལ་ཏེ་འོ་མ་འཐུང་པས་མ་བུ་སོ་སོར་ཤེས། ཤིང་དུམ་རྣམས་ཆུ་ལ་བསྐུར་བས་རྩ་བ་ཐུར་དུ་བྱིང་སྟེ་རྩ་རྩེ་ངོ་ཤེས། མར་མེའི་ཆས་སྦས་ཏེ་ཁྱེར་ཁ་ནང་དུ་རམ་དང་མཚལ་བཅུག་ནས་སྒོ་སུམ་བརྒྱ་དྲུག་ཅུ་ཙམ་ཡོད་པ་ལ་མཚན་མ་འདེབས་ཤིང་ཕྱིན། ཆང་ལ་ཚོད་ཟིན་པར་བྱས་ནས་སྲོད་དུས་མར་མེ་སྤར་ཏེ་མཚན་མ་བལྟ་ཞིང་ཡོང་བས་གནས་ཁང་དུ་མ་འཁྲུལ་བར་སླེབས་པས། དེ་ཐམས་ཅད་ལ་རིག་པ་བོད་རྣོ་ཡང་བརྙས་པ་བྱས་ནས་མ་བྱིན། ད་ནི་སང་ཉིན་ལྷ་གཅིག་བུ་མོ་བརྒྱའི་གསེབ་ཏུ་གཏོང་བས་སུས་ངོ་ཤེས་པ་ལ་སྟེར་རོ་ཟེར་བས། མགར་གྱིས་གནས་མོ་དེ་སྔར་ནས་ཟས་ཆང་གིས་བྲིད་ཅིང་བརྔན་པ་བྱིན་ཏེ་མཛའ་བར་བྱས་ནས་ལྷ་གཅིག་དེ་ཁྱོད་དང་མཛའ་བར་ཡོད་འདུག་པས་སྟོན་དགོས་བྱས་པས། མོས་སྐེ་ལ་འབྲས་ཀྱི་སོག་མ་བཙུགས་ཏེ་ཆད་པ་ཡོང་ཟེར་བའི་བརྡ་བྱས། མགར་གྱིས་རྩིས་ཀྱིས་མི་ཐིག་པའི་ཐབས་ངའི་ཤེས་ཟེར་བའི་བརྡ་བྱས་པས། འཛུམ་དམུལ་ཕྱུང་སྟེ་འོ་ན་སྨྲ་ཡི་ཟེར་སྐད། དེར་སྒྱེད་པུ་གསུམ་གྱི་ཁར་ཟངས་སྣོད་ཆུས་བཀང་བ་བཞག་ནས་ཁ་ཕུབ་ཀྱིས་བཅད་པའི་སྟེང་དུ་གནས་མོ་དེ་བཞག སྟེང་དུ་རྫ་ཞིག་གཡོགས་པ་དྲྭ་བས་བཀབ། རྫའི་བུག་པ་ནས་ཁ་ལ་ལྕགས་མཆུ་གཏད་དེ་སྨྲར་བཅུག་པ། མགར་གྱི་རྣ་བར་ཟངས་ཀྱི་སྦུ་གུ་བཅུག་ནས་ཉན་པས། ཀོང་ཇོ་ལ་གཡོག་མོ་བཅུ་དྲུག་ཡོད་པའི་ཐུགས་ཆེས་པ་གཅིག་ང་ཡིན། སང་ཉིན་ལྔ་བཅུ་ཕར་ཐལ་ཞེ་གུ་ཚུར་ལུས་པའི་དབུས་མ་དེ་གཟུགས་བྱད་ལེགས་པ། མི་ཆེ་མི་ཆུང་བ་ཁ་ནས་ཨུཏྤ་ལའི་དྲི་མནམ་པ། བེར་བདུན་བརྩེགས་ཀྱི་ཕྱི་མ་དྲི་ཆགས་ཙམ་གསོལ་བ། གཡུའི་སྦྲང་བུ་མཐེ་བོང་ཙམ་ཞིག་ནམ་མཁའ་མདའ་གང་གི་སར་ལྡིང་བ་ཞིག་ཡོད། ངས་ཀྱང་དཔྲལ་མཚམས་ལ་མཚལ་གྱི་གཡུང་དྲུང་རིས་གཅིག་བྲིས་ལ་བཞག་གིས་ཟེར། ནངས་པར་གཉེ་བོ་རྣམས་སྒོ་ན་བསྒུག བུ་མོ་བརྒྱ་པོ་རིམ་བཞིན་བྱུང་བ་ལ། གཉེ་བོ་གཞན་རྣམས་ཀྱིས་གང་མཛེས་དང་ཆས་གང་བཟང་གཉིས་གཉིས་ཁྲིད་ནས་ལྷ་གཅིག་ངེད་ཀྱིས་ཐོབ་བོ་ཟེར་ནས་སོང༌། བློན་པོ་མགར་གྱིས་ལག་པ་དར་གྱིས་དྲིལ་མདའ་རྒོད་སྒྲོ་མ་ཞིག་ཐོགས་ནས་སྒོ་བར་དུ་བསྡད་དེ། ལྷ་གཅིག་བྱུང་བ་དང་མདའ་ལྟོང་གིས་གོང་པ་ནས་དྲིལ་ཏེ་འཐེན་པ་དང༌། ཧེ་ཟེར་ཏེ་ཁ་ལོག་བྱས་བྱུང་བས་ཨུཏྤ་ལའི་དྲི་ངད་ཆིལ་གྱི་བྱུང༌། གཡུའི་སྦྲང་བུ་དང་མཚལ་གྱི་གཡུང་དྲུང་ཡང་གདའ་སྐད། དེར་གཉེ་བོ་གཞན་རྣམས་སོ་སོས་འདམས་པའི་བུ་མོ་བསྐུར་ཏེ་ཕྱིར་སློག དེ་ནས་ཡབ་རྒྱལ་པོས་ལྷ་གཅིག་ལ་ད་ནི་ཁྱོད་བོད་དུ་འགྲོ་དགོས་སོ་གསུངས་པས། ལྷ་གཅིག་ན་རེ། འོ་ན་གསེར་གྱི་ལྷ་ཤཱཀྱ་མུ་ནེ་དེ་ངའི་མཆོད་པའི་རྟེན་དུ་ཞུ། བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ། རྩིས་ཀྱི་སྤོར་ཐང་བརྒྱད་ཅུ་རྣམས་ཀྱང་བསྐུར་བར་ཞུ་ཞུས་པས། རྒྱལ་པོས་ཀྱང་དེ་རྣམས་དང༌། གཞན་ཡང་རིན་པོ་ཆེའི་རིགས་དར་ཟབ་སོགས་མཐའ་ཡས་པ་བརྫངས། ལྷ་གཅིག་གི་མགར་ལ་བོད་ན་ལ་ཉུང་དང༌། ས་ཁམས་པ། རྩ་དྲེས་མ། རྡོ་སྲན་ཟན། ཤིང་སེ་བ་རྣམས་ཡོད་དམ་དྲིས་པས། གཞན་ཡོད་དེ་ལ་ཉུང་མེད་ཟེར་བས། འོ་ན་ཡུལ་བཟུང་དུ་བཏུབ་ཀྱི་གསུངས་ཏེ་ལ་ཉུང་གི་ས་བོན་བསྣམས། བློན་པོ་མགར་གྱིས་ལྷ་གཅིག་ཡུན་རིང་དུ་མ་བྱིན་པ་ལ་སྙིང་ནད་ཀྱིས་ལུག་ནག་པོའི་མཚེར་ཁྲག་བྲེ་གང༌། དར་ཟབ་ཀྱི་ཐལ་བ་བྲེ་གང༌། སོལ་བའི་མདུང་ཤིང་འདོམ་གང་རྣམས་བརྫོངས་སུ་བསྐུར་ན་བོད་རྣམས་ངོ་མཚར་སྐྱེ་སྟེ་འོང་བྱས་པས། ལུག་ཐམས་ཅད་བསད། དར་ཟབ་བསྲེགས། ནགས་ལ་མེ་བཏང་ཡང་སོལ་མདུང་མ་བྱུང་ཞིང་རྒྱ་ཡུལ་ངན་པར་སོང་སྐད། སྐྱེལ་ཐུང་གི་སར་འབྲི་སེ་རུ་གུང་སྟོན་གྱི་མགར་ལ་ཕྲག་དོག་བྱས་ཏེ་ལྷ་གཅིག་གི་ཚབ་ཏུ་བློན་པོ་རིག་པ་ཅན་ཞིག་རྒྱ་ནག་ཏུ་བསྡད་ན་བོད་རྒྱ་མཛའ་བར་འོང་ཏེ་ཞེས་མགར་ལ་ཆེར་བལྟས་པས། རྒྱ་རྗེས་བློན་པོ་རིག་པ་ཅན་མི་ཚབ་ཏུ་སྡོད་དགོས་གསུངས། བློན་པོས་ཀྱང་འབྲི་སེ་རུ་གུང་སྟོན་གྱི་ཕྲག་དོག་ཏུ་གོ་ནས་ངས་བསྡད་ལ་བོད་རྒྱ་མཛའ་བར་བྱའོ་ཞེས་ཟེར་ཏེ་བསྡད། ལྐོག་ཏུ་བོད་བློན་གཞན་རྣམས་ལ་ངས་རྒྱ་ནག་ཏུ་གནོད་པ་བསྐྱལ་ནས་མྱུར་དུ་འོང་གིས་བརྫུས་མའི་སྤྲང་པོ་གཅིག་ངའི་རྩར་ཐོང་ཞིག་ཟེར། ཇོ་བོ་ཤཱཀྱ་མུ་ནེ་ཤིང་རྟ་ལ་བཞུགས་སུ་གསོལ་ཏེ་གྱད་ལྷ་དགའ་དང་ཀླུ་དགས་ཤིང་རྟ་དྲངས། ཀོང་ཇོ་དྲེའུ་དཀར་མོ་ཞིག་ལ་བཅིབས་ནས་དར་རྒྱལ་མང་པོ་རྗེས་ཆིབས་སྣ་ཁྲིད། རིགས་བཟང་གི་བུ་མོ་བཅུ་དྲུག གྱད་རྩལ་ཅན་མི་བརྒྱ། བོད་བློན་གོ་དགུ་དང་བཅས་པ་བོད་ལ་ཆས་སོ།།
དེ་ཡང་བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ལ་གདན་བཏེགས། སྔ་དྲོ་ས་ཕྱོགས་བདེ་བར་གདན་ཕབ། དར་དཀར་གྱི་གུར་དུ་རིན་པོ་ཆེའི་ཁྲི་དང་ཟ་འོག་གི་འབོལ་ལ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་སུ་གསོལ། འབྲས་ཆན་དང་མཆོད་པ་སྣ་ལྔས་མཆོད་ཅིང༌། ལྷ་གཅིག་གིས་དངུལ་དཀར་གྱི་པི་ཝང་བསྒྲེངས་པས་རམ་བཏེགས་ཏེ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་ཅིང་ལྷ་ལ་གསང་བུ་འདྲེན། ཕམ་ཕབ་གཡོག་མོ་བཅུ་དྲུག་དང་གཞན་རྣམས་ལ་སྟེར། ལ་ལ་མཆོད་པ་དང་བསྟོད་པ་བྱེད། ལ་ལ་རྩེད་མོ་དང་གླུ་བྲོ་སོགས་འདོད་ཡོན་ལྔ་ལ་སྤྱོད། དེ་ལྟ་བུ་སྔ་དྲོ་བཞིན་ལན་རེ་བརྗོད་ཅིང་འོངས་སྐད། དེར་རྒྱལ་བུ་ཐེ་བོས་ལྷ་གཅིག་གི་སྨྲ་མཆུ་བ་སུ་ཡིན་བརྟག་པའི་རྩིས་བྱས་པ་ན། རི་ཆེན་པོ་གསུམ་གྱི་སྟེང་ན་མཚོ་སྟེང་ཐང་གིས་ཆོད་པ། བར་ནས་མེ་འབར་བ། ཐང་གི་སྟེང་ན་བུད་མེད་རྫ་མའི་དབྱིབས་ལ་མིག་གིས་ཁེངས་པ་ལྕགས་ཀྱི་མཆུ་རིང་པོ་ཡོད་པ་ཞིག་གིས་བཤད་འདུག་ཅེས་ཁ་མ་མཐུན་པས། རྒྱལ་བུ་ཐེ་བོ་ཁྲོས་ཏེ་དེ་ལྟ་བུ་མི་སྲིད་ཟེར་ནས་སྤོར་ཐང་སུམ་བརྒྱའི་རྩིས་དཔེ་མེར་བསྲེགས་པས་རྒྱ་ཡུལ་དུ་རྩིས་ཉམས། མགར་གྱིས་རྒྱལ་པོ་ལ་བོད་ན་ས་བོན་ཅུང་ཟད་བརྔོས་ཏེ་བཏབ་པས་ལྗང་པ་ལེགས་པར་འོང་བྱས་པས་ས་བོན་ཐམས་ཅད་དེ་ལྟར་འདེབས་སུ་བཅུག་སྐད། དེ་ནས་ཇི་ཞིག་ན་མགར་གྱིས་ན་བརྫུ་ཆེན་པོ་བྱས་ཏེ་ནད་འདི་ལྟ་བུས་ཤི་ན་ཤུལ་དུ་ལྟས་ངན་པ་བཅོ་བརྒྱད་འོང་བ་ཡིན། ང་ཞག་བདུན་ན་འཆི་བར་འདུག ཤི་བ་བཟོད་དེ་ཤུལ་དུ་རྒྱ་ཡུལ་ཕུང་བ་འདི་མ་ལེགས་བྱས་པས། ངེད་ཀྱི་རྩིས་ཡིག་རྣམས་ནི་བསྲེགས་ཟིན། ཁྱེད་རང་རིག་པ་ཅན་ཡིན་པས་ཐབས་ཅི་ཡོད་ཟེར་བ་ལ། དེ་ན་རེ། ང་ལ་རོ་རྟ་རོ་གོས་རོ་ཟས་དང་བཅས་ཏེ་ཁྱེད་རང་གི་དགྲ་སྙིང་ན་བ་བོད་ཀྱི་ཕྱོགས་སུ་སྐྱོལ་ལ་ཕྱི་མིག་མི་བལྟ་བར་ལོག་ན་མི་ལ་ཉེས་པ་ནི་མི་འབྱུང༌། ལོ་ཏོག་ལ་གནོད་པ་ཞིག་འབྱུང་ཡང་ཁམ་ཆུང་ཟེར་བས་དེ་བཞིན་བྱས་ཏེ་བསྐྱལ་སྐད། སྤྱིར་ཀོང་ཇོ་བོད་ཀྱི་དོན་ཁོ་ནར་བྱོན་པ་ཡིན་ཞིང་སྤྲུལ་པའི་ལྷ་མོ་ཡབ་ཡུམ་མཆེད་ཟླའང་བྱང་ཆུབ་སེམས་དཔའ་ཡིན་པས་འཁྲུལ་པ་མི་འབྱུང་ནའང༌། སུ་ལ་ནུས་པ་ཅི་ཡོད་མི་ཤེས་པས། །གཞན་ལ་བརྙས་པ་མི་བྱ་སེམས་མི་བསྲེག །ནམ་ཞིག་སུ་ལ་རེ་དགོས་ཆ་མེད་པས། །སུའི་ཡང་སེམས་སུན་མི་བྱུང་དགྲར་མི་བསླང༌། །རྫུན་པའི་རྒྱབ་རྟེན་ལྷས་ཀྱང་མི་ཐུབ་པས། །ཅི་བྱེད་ཀུན་ལ་དྲང་ཞིང་ཕན་བདེ་སྒྲུབ། །ཅེས་ཡ་རབས་ཀྱི་ལུགས་སྒྲུབ་དགོས་ཀྱི། ཧ་ཅང་བརྙས་པ་དང༌། ཉེ་རིང་ཆེས་ན་འདི་ལྟ་བུ་འབྱུང་ངོ་ཞེས་ཕྱི་རབས་ལ་སྟོན་པའི་ཕྱིར་རྒྱལ་པོས་ཉེ་རིང་བྱེད་པ་དང༌། བློན་པོའི་ཕྲུལ་གྱིས་རྒྱ་ཡུལ་ཕུང་བར་བྱས་པ་ལྟར་བསྟན་ལ། དཀོན་པའི་འདུ་ཤེས་བསྐྱེད་པའི་ཕྱིར་སྤྱན་འདྲོངས་དཀའ་བར་བསྟན་གྱི་རང་རྒྱུད་པ་ནི་མ་ཡིན་ནོ། །དེ་ནས་ཀོང་ཇོ་དཔོན་གཡོག་གིས་ཁམས་སུ་ཕེབས་ནས་མགར་སྒུག་པའི་ཕྱིར་བྲག་ལོགས་ལ་འབུམ་རྒྱས་པའི་དབུ་དུམ་དང་བཟང་སྤྱོད་བརྐོས། རྡོ་སྐུ་ཁྲུ་བརྒྱད་ཅུ་པའང་བརྐོས། ཤ་བ་བཟུང་ནས་ཞིང་རྨོས། ཆུ་སྐོར་བཙུགས། ནགས་ཁྲོད་ལ་རྡུགས་པ་ལྟར་བྱས། རྒྱ་མོ་འཕྲང་ལམ་བཅོས་ཤིང༌། ཤིང་སེ་བ་སོགས་བལྟར་འགྲོ་ཟེར་ནས་ཀོང་ཇོས་ཡུལ་ཐམས་ཅད་དུ་བྱོན་པས། བློན་པོ་ལས་མ་དག་པ་ལ་ལས་ལམ་དུ་ཅི་འགོར་བྱེད་པ་མཐོང༌། ཐ་མལ་པ་རྣམས་ཀྱིས་ཤིང་སེ་བ་སོགས་བལྟ་བར་མཐོང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲོལ་མ་དང་ཐུབ་པའི་སྐུས་བོད་ཁམས་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རློབ་པར་གཟིགས་སོ། །དེ་ནས་སྒོ་དོང་སྒོ་མོའི་རྩར་ཕེབས་ཚེ་རྒྱ་ནག་གི་ཕྱྭ་གཡང་ཉམས་པས་རྒྱའི་ལྷ་སྲུང་འཁྲུགས་ཏེ་ཁ་བ་ཚད་མེད་དུ་བབས་ནས་ནགས་ཐམས་ཅད་ཕན་ཚུན་འཛིངས་པ་ལྟར་བསྒྱེལ་བས་ལམ་འགགས་ཏེ་ཟླ་བ་གཉིས་ལུས། དེ་དུས་བློན་པོ་མགར་སླེབས་ཏེ་བསང་དང་ཕུད་གཏོར་ནས་རྒྱའི་ལྷ་ལ་མཆོད་པས་ཁ་བ་ཆད། ནགས་མ་རྣམས་ལངས་ཏེ་ལམ་དོད་པ་ལ་བྱོན། བོད་དུ་ཉེ་བར་སླེབས་པ་ན་ཕོ་ཉ་མངགས་ཏེ་བསུ་བ་དང་དགའ་སྟོན་ཞུས་པས། རྒྱལ་པོའི་ཞལ་ནས་ལྷ་གཅིག་དེ་སྒྲོལ་མའི་སྤྲུལ་པ་ཡིན་པར་འདུག་པས་འཕྲུལ་ཆེ་བས་ན་གང་ནས་འོང་མི་ཤེས་ཀྱིས་ཕྱོགས་བཞི་གར་བསུ་བའི་དྲིལ་སྒྲོགས་ཤིག་ཅེས་གསུངས། རྒྱལ་པོ་དགུང་གྲངས་ཉི་ཤུར་སོན་པ་མེ་སྤྲེལ། སྤྱི་ལོ་ ༦༣༦ པ་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ཉིན་ཕྱོགས་བཞིར་བསུ་བ་རྣམས་ལ། ཀོང་ཇོ་ཤཱཀྱ་མུ་ནེ་བོད་བློན་བརྒྱ་གྱད་མི་བརྒྱ་རྟ་བརྒྱ་དང་བཅས་པ་ཕྱོགས་སོ་སོ་ནས་བྱོན་པའི་སྣང་བ་རེ་བྱུང་སྟེ། ཤར་ཕྱོགས་པ་རྣམས་ཀྱིས་མཁར་སྣ་གདོང་གི་རབ་བརྒལ་ནས་བྱོན་པ་དེ་ལ་རྒྱལ་མོ་རབ་ཁར་བཏགས། ལྷོ་ཕྱོགས་པ་རྣམས་ཀྱིས་གྲིབ་སེ་སྒྲོམ་གྱི་ཕུ་ནས་བྱོན་ཏེ་ཁྱག་པ་ལ་དངུལ་གྱི་རྟ་ལྕགས་བཙུགས་ནས་དུང་གཡས་སུ་འཁྱིལ་བ་འདྲ་སྟེ་བཟང་གསུངས་པ་དེ་དུས་བྱུང་ཟེར། ནུབ་ཕྱོགས་པ་རྣམས་ཀྱིས་རྐྱང་ཐང་གི་སྒོ་ནགས་ཚལ་གྱི་དཀྱིལ་ནས་བྱོན་ཏེ། རྒྱལ་པོའི་ཕོ་བྲང་ལ་ས་དགྲའི་གནོད་པ་གནམ་སྒོ་ཕྱེ་བ་རལ་གྲི་ཤུབ་ནས་ཕྱུང་སྟེ་ནམ་མཁའ་ལ་འཕྱར་བ་འདྲ་བ་འདུག ས་སྒོ་ཕྱེ་བ་སྦལ་པ་ཚལ་གྱི་བྲག་ཕག་སྣ་འདྲ་བ་འདུག་པས་དེར་མགོན་པོ་ལྕམ་དྲལ་བྲིས་ལ་གནོན་ཞིག་གསུངས་པ་བཞིན་རྒྱ་ནག་གི་བཟོ་བོས་འབུར་དུ་བརྐོས་པས་ཕག་གདོང་སྣར་གྲགས། བྱང་ཕྱོགས་པ་རྣམས་ཀྱིས་འཕན་པོ་སྒོ་ལ་ནས་བྱོན་པར་ལྷ་ལ་བསུ་བ་བྱས་པས་ལྷ་བསུ་གདོང་དུ་མིང་ཆགས་ཏེ། ཕྱོགས་བཞི་ཀའི་མི་རྣམས་ལ་དུས་གཅིག་ཏུ་མཐོང་སྣང་མི་འདྲ་བ་ཤར། འོ་ཐང་གི་མཚོ་འགྲམ་ནགས་ཚལ་དང་བྱེ་མའི་གླིང་ནེ་ཆུང་གི་སྟོད་ན་ཆུ་མིག་ཡོད་སར་ཕེབས་ཚེ། ཇོ་བོའི་ཤིང་རྟ་བྱིངས། ས་གཡོས། ཁལ་ཐམས་ཅད་ཉལ། གྱད་ལྷ་དགའ་ཀླུ་དགས་བཏེགས་ཀྱང་མ་ཐེག་པའི་ཚེ། ཀོང་ཇོས་སྤོར་ཐང་བཏིང་ནས་བརྩིས་པས། སྤྱིར་འཛམ་བུའི་གླིང་ན་ཡུལ་གྲུ་ཆེན་པོ་བཞི་སྟེ། རི་བོ་འབིགས་བྱེད་ཀྱི་ཤར་དུ་བཅད་པའི་བྱང་ན་གླང་པོ་ཆེའི་རྒྱལ་ཁམས་པདྨ་ཁ་ཕྱེ་བ་འདྲ། རི་གངས་ཅན་གྱི་ཤར་དུ་བཅད་པའི་བྱང་ན་བོད་ཁ་བ་ཅན་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ། མ་ལ་ཡའི་ཚལ་གྱི་བཅད་པའི་བྱང་ན་ཡུལ་དབུས་རིན་པོ་ཆེའི་གླིང་དང་འདྲ། ཆུ་བོ་མཛེས་ལྡན་གྱིས་བཅད་པའི་བྱང་ན་གླང་པོ་ཆེའི་གླིང་མེ་ཏོག་གི་གླིང་དང་འདྲའོ།།
དེ་ལས་ཁ་བ་ཅན་གྱི་ཡུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དབུས་ན་སྲིན་མོའི་སྙིང་ཡོད་དེ། འོ་ཐང་གི་མཚོ་སྙིང་ཁྲག་ཏུ་མཁྱེན། ཐང་གི་རི་བོ་གད་ཆད་གཉིས་འདུག་པ་སྲིན་མོའི་སྙིང་གི་རུས་པས་སེམས་ཅན་གྱི་སྲོག་ཟ་བར་འདུག་སྟེ་རྒྱལ་པོའི་ཕོ་བྲང་གིས་ནོན་ནས་འདུག དེའི་ཕྱོགས་བཞི་ན་རི་རུས་སྦལ་ལམ་སྡིག་པ་འདྲ་བ་རེ་འདུག་པ་སྲིན་མོའི་འཁོར་དུ་མཁྱེན། རི་སྣ་དེ་ཐམས་ཅད་དབུས་སུ་ཟུག་པས་ལྷ་ས་དེ་ཇག་རྐུན་གྱིས་གང་བ་དང་མི་སྤྱོད་པ་ངན་པ་འོང་བར་གཟིགས། ས་དགྲ་རྣམ་པ་ལྔ་འདུག་པའི་ཀླུའི་ཕོ་བྲང་དེ་ཇོ་བོ་ཤཱཀྱ་མུ་ནེས་མནན་པར་མཁྱེན་ནས། ཕྱོགས་བཞིར་ཀ་བ་བཙུགས་ཏེ་དར་དཀར་གྱི་ཡོལ་བ་བྲེས་ནས་གྱད་མི་བཞིས་བསྲུང་བཞིན་དེ་ཉིད་དུ་བཞུགས་སུ་གསོལ། ཕོ་བྲང་དུ་དགའ་སྟོན་གྱི་རྔ་བོ་ཆེ་བརྡུངས། མི་ཐམས་ཅད་རྒྱན་གྱིས་བརྒྱན་ནས་འཕྲུལ་སྣང་གི་ལམ་གྱི་སྲང་ཁའི་སྟེང་ན་ཕར་འུར་སྒྲ་ས་གཡོ་བ་ཙམ་བྱས་ཏེ་རྒྱུག ཀོང་ཇོ་འཁོར་བཅས་ཕོ་བྲང་གི་ཤར་སྒོར་ཕེབས་པ། ཕོ་བྲང་སོག་པོ་མཁར་ནས་ཁྲི་བཙུན་གྱིས་གཟིགས་པས། ཇོ་བོ་ཤཱཀྱ་མུ་ནེ་བཞུགས་ས་ཡ་གིར་ས་གནས་ཀྱི་ལྷ་ཁང་ཞིག་བརྩིགས་པར་ངེས། རྒྱ་ནག་ས་དཔྱད་ལ་མཁས་པས་ལྷ་ཁང་གཞན་ཡང་བརྩིག་ཏུ་འོང༌། ང་ཆེན་མ་ལ་ལྷ་ཁང་མེད་པར་མོ་ལ་ལྷ་ཁང་སྔོན་ལ་བརྩིག་ཏུ་འཇུག་པ་མི་འོང་སྙམ་ནས་ཀོང་ཇོ་བོས་ཏེ། ཁྱེད་ལ་ལྷ་འདུག་སྟེ་ང་ལ་ཡང་རྟེན་ངོ་མཚར་ཅན་གསུམ་ཡོད། ང་ཆེན་མ་ཡང་ཡིན། ཆོས་ཀྱི་འབྱུང་གནས་ནས་ཀྱང་འོངས། ལག་རིས་སུ་ཕོ་བྲང་ཆེན་པོ་འདི་ལྟ་བུ་ཡང་བྱས་པས། ངས་ལྷ་ཁང་མ་བརྩིག་བར་དུ་ཁྱེད་ཀྱིས་མ་རྩིགས་ཤིག་ཅེས་ནན་ཆེ་བར་བསྒོས་པས། ཀོང་ཇོ་ན་རེ། དེ་ཙུག་ལགས་སོ།།
ཁྱེད་ལྷ་ཁང་བརྩིག་ན་མཚོ་མ་གིའི་ཁར་རྩིགས་ཤིག ཐང་ཁོད་སྙོམས་ཡ་གི་འདྲ་བ་ལ་ངས་ཀྱང་ལྷ་ཁང་འབྱོངས་མཆི་ཞེས་དངུལ་དཀར་གྱི་རྟ་ལྕག་འོ་ཐང་མཚོ་དང༌། ཇོ་བོ་བཞུགས་ས་ལ་བཙུགས་པས། ཁྲི་བཙུན་སྐྱེངས་པས་ལན་མ་བྱུང་སྟེ། རྒྱལ་པོ་དང་ཀོང་ཇོ་མཇལ་དུ་མ་སྟེར་ཞིང༌། ང་དང་ཁྱོད་གཉིས་ཁྱད་པར་ཆེ། །ང་ནི་ཐེམ་པ་སྔ་བརྒལ་ཡིན། །བལ་རྗེའི་སྲས་མོ་ང་ཡང་ཡིན། །ཆེན་མ་རྒྱལ་པོའི་བཙུན་མོ་ཡིན། །ཆུན་མ་བཙུན་མོའི་གཡོག་མོ་ཡིན། །ཞེས་སོགས་ཀྱི་གླུ་དང༌། ཁོ་མོ་སྡོད་པའི་གནས་ཀྱང་མ་རྙེད་ཅིང༌། །ཐེམ་པ་མ་བརྒལ་རྗེ་དང་མ་མཇལ་བར། །བཙུན་མོ་ཁྱོད་ཀྱི་འགྲན་ཚིག་སྔས་པ་ཡིན། །ཆེན་ཆུན་བྱུང་བ་མིང་གི་ཁྱད་པར་ཡིན། །མཐུན་པར་འགྲོགས་ན་ཚེ་འདིའི་སྤུན་ལས་ལྷག །ཆགས་སྡང་བྱེད་ན་རང་མགོ་སུ་གྲུང་ཡིན། །ཞེས་སོགས་ལན་གྱི་གླུ་དང༌། མགར་གྱིས་ཀོང་ཇོ་སྤྱན་འདྲེན་དཀའ་བའི་སྙིང་ནད་དུ་ཡོ་བྱད་སོགས་མ་བསྐྱལ། རྗེ་དང་མཇལ་དུ་མ་བཅུག་པར་ཟླ་བ་གཅིག་བཞག་པས། ཀོང་ཇོ་ཕྱིར་ལྡོག་པར་དགོངས་པ་ལ་མགར་གྱིས་གྲོས་བཏབ་སྐད། དེ་ནས་རྒྱལ་པོ་དགའ་སྟོན་གྱི་ཁྲི་ལ་ཕེབས་ཏེ་ཀོང་ཇོ་བཙུན་མོར་དབང་བསྐུར་རོ། །དེ་ལྟར་སྤྲུལ་པའི་ལྷ་མོ་རྣམ་གཉིས་ཕེབས་པའི་ཚེ་ན། རྒྱལ་བ་རྣམས་ཀྱིས་སྤྱན་རས་གཟིགས་དང༌། ཁྲོ་གཉེར་ཅན་དང༌། སྒྲོལ་མ་གསུམ་གྱིས་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་རྣམས་ཀྱི་དོན་མཛད་པར་གཟིགས། རྒྱལ་སྲས་བྱང་སེམས་རྣམས་ཀྱིས་སྤྲུལ་པའི་སྐུ་གསུམ་པོས་བོད་ཁམས་ཐམས་ཅད་བྱིན་གྱིས་བརླབས་ཤིང་སྐྱེ་འགྲོ་རྣམས་ཐར་པའི་ལམ་དུ་དབུགས་དབྱུང་བར་གཟིགས། བོད་འབངས་ཕལ་པ་རྣམས་ཀྱིས་རྒྱལ་པོ་དང་བཙུན་མོ་འཇིག་རྟེན་མཐུན་འཇུག་གི་སྤྱོད་པ་སྟོན་པར་མཐོང་ངོ༌། །དེར་བླ་བོན་གྱིས་ཕྱྭ་གཡང་འགུགས། རྒྱལ་པོ་དང་བཙུན་མོ་དབུ་སྐྲ་སྦྲེལ། སྐུད་པ་ཁེལ་སྙེད་མཛད། ཤ་ཁུ་དང་སྐྱེམས་གསོལ་རེས་དང༌། གཡང་རིལ་དང་མར་ཁུའི་སྐྱུ་བརྗེ་ལེན་བྱེད་སྐད། གཞན་ཡང་གཙུག་ལག་ཁང་བཞེངས་པ་དང་ལྷ་སྲས་བསྐྱེེད་པའི་ཕྱིར། ཞང་ཞུང་གི་རྒྱལ་པོ་ལི་མིག་སྐྱའི་སྲས་མོ་ཞང་ཞུང་བཟའ་ལི་ཐིག་སྨན་དང༌། མི་ཉག་གི་རྒྱལ་པོའི་བུ་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན་དང༌། སྟོད་ལུང་མོང་ནས་ཞང་བློན་གྱི་བུ་མོ་མོང་བཟའ་ཁྲི་ལྕམ་སྟེ། སྤྱིར་བཙུན་མོ་ལྔ་ཁབ་ཏུ་བཞེས་སོ། །དེ་ནས་ཁྲི་བཙུན་གྱིས་དངུལ་ཟམ་ལ་བྱོན་ནས། ཁོ་མོ་ལ་ལྷ་ཁང་བརྩིགས་པའི་ས་གཞི་ཞིག་ཞུའོ་བྱས་པས། རྒྱལ་པོའི་ཞལ་ནས། ཁྱོད་རང་གང་འདོད་སར་བརྩིགས་ཤིག་གསུངས། དེར་ཁྲི་བཙུན་གྱིས་རྟ་པ་མང་པོའི་ཁྲོམ་ཁྲིད། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་ཏེ། ཁ་དོང་གི་ནེ་ཐང༌། བ་རག་ཕུག ཡར་ཀླུངས་སོགས་ཡུལ་གང་བཟང་བ་ཐམས་ཅད་དུ་རྨང་བཏིང་ཡང་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་བར་དུ་ནུབ་མོ་ལྷ་འདྲེས་རྗེས་མེད་དུ་བཤིག་པས་ས་དཔྱད་བརྟག་དགོས་པར་གོ་སྟེ། གཡོག་མོ་ལ་གསེར་ཕྱེ་བྲེ་གང་བསྐུར་ནས། ཀོང་ཇོ་ཇོ་བོ་ཤཱཀྱ་མུ་ནེ་ལ་མཆོད་པ་བྱེད་པའི་རྩར་བཏང་སྟེ། ཁ་སེང་གི་དེ་འདྲ་མ་གསུངས་པར་ངའི་ལྷ་ཁང་བརྩིགས་པའི་ས་དཔྱད་ལེགས་པར་སྟོན་པར་ཞུ། ངའི་ལྷ་ཁང་ཟིན་ནས་ཁྱོད་ཀྱིས་ཡང་བརྩིག་ཏུ་གཞུག་གིས་ཞེས་འཕྲིན་བསྲིངས། ཀོང་ཇོས་སྤོར་ཐང་བཀྲམ་སྟེ་བརྩིས་པས། བོད་ཡུལ་འདིར་ལྷ་ཁང་གི་ས་གཞི་བཙལ་ན་སྤྱིར་སའི་དབྱེ་བ་སུམ་བརྒྱ་དྲུག་ཅུ། ས་བརྟག་པ་བརྒྱ་རྩ་བརྒྱད། ངོས་བཟུང་བ་བདུན་ཅུ་དོན་གཉིས། ནོར་ར་རེ་བཞི་བཅུ་རྩ་ལྔ། ས་དགྲ་ངོས་བཟུང་བ། དེའི་སྐྱོན་བསལ་བ། ཡོན་ཏན་གྱི་འབྲས་བུ་ཆུད་མི་ཟ་བ་རྣམས་སྟོན་པ་ལས། མདོར་བསྡུ་ན། སྐྱེ་བོ་མང་པོ་འདུ་བ་གྲོང་དང་གྲོང་ཁྱེར་གྱི་ས། དབང་ཕྱུག་དང་མངའ་ཐང་འཕེལ་བ་རྒྱལ་པོ་ཆེན་པོའི་ས། དྲང་སྲོང་འདུ་བའི་གནས་དགོན་པ་བས་མཐའི་ས། རེ་ཞིག་བདེ་བར་གནས་པ་སྐྱེ་བོ་ཐ་མལ་པའི་ས་སྟེ་བཞི་ལས། འདི་རྒྱལ་པོའི་ས་དང་གཅིག་པ་ཡིན།
དེ་ཡང་བོད་ཀྱི་རྒྱལ་ཁམས་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་གཟུགས་སུ་འདུག་པས། དཔུང་མགོ་གཉིས། དཔྱི་གཉིས། གྲུ་མོ་གཉིས། པུས་མོ་གཉིས། མཐིལ་བཞི་རྣམས་གནོན་པའི་ལྷ་ཁང་རེ་རེ་དགོས་ལ། མ་གྲུབ་ཀྱང་ལྕགས་ཀྱི་ཕུར་པ་རེ་ཐོབ། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་ཡིན་ལ་ངན་སོང་གི་སྒོ་ཞིག་ཀྱང་འདུག་པས་བསུབས་ནས་ལྷ་ཁང་བརྩིག་དགོས། ས་དགྲ་བརྒྱད་འདུག་སྟེ། ལྷོ་ནུབ་ན་འདྲེའི་འདུན་ས་འདུག་པ་གཏོར་ཞིག ནུབ་བྱང་ན་ཀླུ་བདུད་ནག་པོའི་ཉལ་ས་འདུག་པ་འཕྲོགས་ལ་ལྷ་ཁང་རྩིགས་ཤིག ལྷོ་བྱང་ན་བཙན་གྱི་རྒྱུ་སྲང་འདུག་པ་མཆོད་རྟེན་གྱིས་ཆོད་ཅིག ར་མོ་ཆེའི་ཀླུའི་ཕོ་བྲང་ཇོ་བོ་བཞུགས་པ་འདིས་ནོན་ནས་འདུག ཤར་ན་བ་ལམ་གྲུམ་པ་རི་ཆུ་སྲིན་དེའུའི་ཁར་ཐོན་པ་འདྲ་བ་ལ་དུང་དཀར་སྟོན། ཤར་ལྷོ་བྱང་སྟོད་སེ་ཕུག་སྲིན་མོ་འདོམས་བཟེད་པ་འདྲ་བ་ལ་དབང་ཕྱུག་ཆེན་པོ་སྟོན། ལྷོ་ནུབ་ཡུག་མའི་ཤར་རི་སྡིག་ནག་གཟན་ལ་རུབ་པ་འདྲ་བ་ལ་བྱ་ཁྱུང་ག་རུ་ཌ་སྟོན། ནུབ་ན་ཤུན་གྱི་བྲག་བདུད་ནག་པོ་བྱ་ར་བྱེད་པ་ལྟ་བུ་དང༌། རི་སྲིན་མོ་རལ་པ་གཟིངས་པ་འདྲ་བ་འདུག་པ་ལ་རྡོའི་མཆོད་རྟེན་ཞིག་སྟོན། བྱང་ན་ཉང་བྲན་དོག་སྡེའི་དབུས་རི་གླང་ཆེན་གཡུལ་དུ་ཞུགས་པ་འདྲ་བ་ལ་རྡོའི་སེང་གེ་ཞིག་སྟོན། ས་དགྲ་དེ་རྣམས་ནོན་པ་དང་ཡོན་ཏན་ཐམས་ཅད་དུས་གཅིག་ལ་འཆར་ཏེ། ཤར་ན་བན་ཁོས་གུང་བ་རི་མཆོད་རྟེན་ལྟ་བུ། ལྷོ་ན་གྲིབ་རི་རིན་པོ་ཆེ་སྤུངས་པ་ལྟ་བུ། ནུབ་ཏུ་སྟོད་ལུང་བྲང་ཕུའི་རི་མཉྫའི་ཁར་དུང་ཕོར་བཞག་པ་ལྟ་བུ། བྱང་དུ་དོག་སྡེ་ལྷ་རི་པདྨ་ཁ་བྱེ་བ་ལྟ་བུ་སྟེ། ཡོན་ཏན་གྱི་རི་བཞི་འདུག་པས་ཕྱོགས་ཐམས་ཅད་ནས་དད་པ་ཅན་གྱི་སྐྱེ་བོ་འདུ་ཞིང༌། སྟོན་པའི་རིང་བསྲེལ་ལ་མཆོད་པ་རྒྱས། ཆོས་བྱར་བཏུབ། རང་བཞིན་གྱིས་ཡོན་ཏན་མང་པོ་འབྱུང་བའི་ས་ཡིན། གནམ་འཁོར་ལོ་རྩིབས་བརྒྱད་དང༌། ས་པདྨ་འདབ་བརྒྱད་ཀྱི་དབྱིབས། ཉང་བྲན་ཕན་དཀར་གྱི་རི་ལ་དབུ་གདུགས། མལ་གྲོང་གི་རྒྱབ་རིར་སྤྱན་གསེར་ཉ། གདོང་དཀར་གྱི་བྲག་ལ་ལྗགས་པདྨ། གྲིབ་ཕུའི་ཆབ་རོམ་ལ་གསུང་དུང་དཀར། རྫོང་བཙན་གྱི་རི་ལ་མགུལ་བུམ་པ། ཡུག་མའི་རི་ལ་ཐུགས་དཔལ་བེའུ། འཕན་དར་གྱི་རི་ལ་སྐུ་རྒྱལ་མཚན། བྲང་ཕུའི་སྤང་ལ་ཕྱག་ཞབས་འཁོར་ལོ་སྟེ་ལོགས་བཀྲ་ཤིས་རྟགས་བརྒྱད་དུ་ཚང༌། གར་པའི་ཇོ་མོ་ཟེ་ཟེ་ལ་ལྕགས། ར་ཁ་ལ་དོང་དུ་ཟངས་དང་དངུལ། ལྕགས་ཀ་རི་ལ་གསེར་ཏེ་རིན་ཆེན་སྣ་བཞིའི་གཏེར་ཡོད། ཤར་གྱི་སྟག་སྐྱ་བོ་དགའ་གདོང་འོག་མ། ལྷོའི་གཡུ་འབྲུག་སྔོན་མོ་སྐྱིད་ཆུ། ནུབ་ཀྱི་བྱ་དམར་པོ་ཤུན་གྱི་བྲག་དམར་སྙེ་གདོང༌། བྱང་གི་རུས་སྦལ་ནག་པོ་ཉག་བྲན་ཕ་བོང་ཁ་སྟེ་དཔྱད་བཞི་ཚང་བས་བཀྲ་ཤིས། དེ་ལྟར་ས་དགྲ་རྣམས་མནན་པ་དང་ཡོན་ཏན་ཐམས་ཅད་ཀྱི་ནུས་པ་དོད་ནས་ཡོང༌། གཏེར་རྣམས་ཁ་བྱེ། ཐུགས་དམ་གྱི་ལྷ་ཁང་ཡང་གཟོད་བརྩིགས་སུ་བཏུབ་པས། རྟེན་འབྲེལ་དུ་ར་དཀར་མོ་ལ་འཕན་ཡུལ་ནས་ས་བཀལ་བས་མཚོ་བསུབས་ལ། དེར་ལྷ་ཁང་བརྩིགས་ན་ལེགས་རྒུ་ཐམས་ཅད་འབྱུང༌། ཉེས་རྒུ་ཐམས་ཅད་འགྲིབ་པར་འགྱུར་རོ། །ཞེས་ལན་དུ་བསྐུར། དེར་བྲན་མོས་འཕྲིན་གོ་རིམ་ནོར་ཏེ། དང་པོ་ར་ལ་ས་ཁོལ་ལ་མཚོ་བསུབས་བྱ་བ་སྨྲས་པས། ཁྲི་བཙུན་གྱིས་དེ་ལྟར་མཛད་ཀྱང་མཚོ་རྙོགས་ལོང་གིས་སོང་སྟེ་བྱེ་བའི་ཆ་ཡང་མ་བསུབས་ནས་ཡིད་མ་ཆེས་ཏེ་རྒྱལ་པོ་ལ་ཞུས་པས། རྒྱལ་པོས། ངས་ཡི་དམ་ལ་འདྲི་ཡི་གསུངས་ཏེ་ཐུགས་དམ་རང་བྱུང་ལ་མཆོད་པ་མཛད་ནས་གསོལ་བ་བཏབ་པས། སྐུ་དེའི་ཞབས་མཐེབ་གཡས་པ་ནས་འོད་ཟེར་བྱུང་བ་འོ་ཐང་གི་མཚོར་ཐིམ་མོ། །དེར་ནངས་རེ་བཞིན་རྒྱལ་པོ་ཆིབས་དཀྱུས་སུ་འཆག་པའི་འུར་ཁྲོལ་གྱི་སྒྲ་བྱུང་ཚེ་སྐྱེ་བོ་རྣམས་བལྟ་བ་ལས། དེའི་ནངས་པར་ཁྲི་བཙུན་གྱིས་སྣ་དྲངས་ནས་ཆིབས་དཀྱུས་སུ་གཤེགས་ཏེ་འོ་ཐང་གི་མཚོ་ཁར་བརྟོལ་བ་ན། རྒྱལ་པོས། སོར་གདུབ་ཕུད་དེ་འདི་གར་ལྷུང་བ་དེར་རྩིགས་ཤིག་ཅེས་མཁའ་ལ་འཕངས་པས་མཚོ་ནང་དུ་སོང་བ་དང༌། རྒྱལ་པོས་ཀྱང་ཀོང་ཇོ་དང་གྲོས་མཛད་དོ་སྙམ་ནས་ཁྲི་བཙུན་སྤྱན་མཆི་མས་གང༌། རྒྱལ་པོས་མཆི་མ་ཕྱིས་ནས་ལྟོས་ཤིག་གསུངས། རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་མཚོ་ནང་དུ་སོང་བ་མཐོང༌། ཀོང་ཇོ་ཡང་ཕྲག་དོག་མིན་པ་ང་ལ་རྒྱུས་ཡོད། འདིར་རྩིགས་ཤིག་དང་ངས་གྲོགས་བྱའོ་གསུངས་པས་ཁྲི་བཙུན་རབ་ཏུ་དགྱེས་ཏེ་བཀའ་བཞིན་དུ་འཚལ་ཟེར་རོ།།
དེར་རྒྱལ་པོའི་ཞལ་ནས་ཐོག་མར་མཚོ་འགྲམ་འདིར་ངའི་ཕོ་བྲང་ཞིག་རྩིགས་ཤིག་གསུངས་ཏེ་སུམ་ཐོག་གཅིག་བརྩིགས་པ་ལ་ཕོ་བྲང་གི་བསྐྱས་མཛད་དེ་མཆོད་གནས་རྣམས་ཀྱང་སྤྱན་དྲངས་ནས་མཆོད་པ་ཆེན་པོ་མཛད། ཁྲི་བཙུན་གྱིས་ཀླུ་ནག་པོ་ཀླུ་རྡོལ་དང༌། རྒྱུན་བརྡལ་དང༌། ཟུར་ཕུད་རྐྱང་ཚལ་གྱི་ཀླུ་སོགས་ལ་ལས་བཅོལ་ཏེ་སྐྱིད་ཆུ་ལྷོ་ངོས་དཀར་ཆུང་ལྦུ་བ་གདོང་དུ་བསྒྱུར་བས་མཚོ་གུད་དུ་ལུས། མཚོ་ནང་གི་ཕྱོགས་བཞིར་རྡོ་ཡི་དཔེའུ་བྱས་ཏེ་གླ་བའི་ཤིང་གིས་འཕུབ་པ་ན་དབུས་སུ་མ་སླེབས་ནས། རྒྱལ་པོས་རྟེེན་རང་བྱུང་ལ་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས། སྐུའི་བ་སྤུ་ནས་འོད་ཟེར་བྱུང་བ་མཚོ་ལ་དྲྭ་ཕྱེད་དུ་བྲེས། རྩ་ཞལ་ནས་འོད་ཟེར་བྱུང་བ་མཚོ་སྟེང་དུ་སྤྲིན་ལྟར་འཁྲིགས་པ་ལས་འོད་ཞགས་པ་ལྟ་བུ་མཚོ་ལ་ཆར་པ་ལྟར་བབས་ནས་མཚོ་ནང་དུ་འོད་ཀྱི་ལྦུ་བ་མཆོད་རྟེན་བང་རིམ་གསུམ་པའི་རྣམ་པར་ཆགས་པའི་ཚེ། རྡོ་རྣམས་མཚོ་དཀྱིལ་གྱི་འོད་ཟེར་ལ་རྒྱོབ་ཅིག་གསུངས་ཏེ་བལ་པོའི་རྡོ་བཟོ་བས་གསང་ཕུ་ནས་རྡོ་དྲངས་པ་ལ་བཟོ་བྱས་ནས། བློན་པོ་རྣམས་ཀྱིས་ཡིག་དྲུག་སྒྲ་དང་བཅས་ཏེ་དབུས་སུ་བསྐྱུར་བས་མཁར་གྱི་རྣམ་པ་གྲུ་བཞི་པ་ཞིག་བྱུང༌། དེའི་དཀྱིལ་དུ་གཏེར་བཅུགས་ཤིང་དེ་ལ་སྣ་གཏད་ནས་ཕུབ་པས་མཚོ་མི་མངོན་པར་བསུབས་ཏེ་ལྟེ་བ་དེ་དེང་སང་གི་དཀྱིལ་འཁོར་མཐིལ་འདི་ཡིན། ཀླུ་ཡུལ་ནས་རྡོ་རྗེའི་འཇིམ་པ་བླངས་ཏེ་ཤིང་ཐམས་ཅད་ལ་བྱུགས་པས་ཤིང་ཐམས་ཅད་མི་བང་མི་རུལ་བ་རྡོ་རྗེ་ཕ་ལམ་ལྟར་བྱས། དེའི་སྟེང་དུ་ཁྲོ་ཆུའི་ཕག་གུ་བཏིང་བ་ཁྲོ་ཞུན་གྱིས་བསྡམས། སླར་སོ་ཕག་དང༌། སྤང་ལེབ་དང༌། རྡོ་ལེབ་དང༌། བྱེ་མ་དང༌། ས་བཟང་པོ་རྣམས་བཏིང་བས་ས་གཞི་དང་དབྱེར་མེད་པར་བྱས་ཏེ་བརྩིག་རྨང་བཏིང་བ་མཚན་མོ་ལྷ་འདྲེས་བཤིག དེར་ནམ་མཁའ་ལས་རྒྱལ་པོ་ཉིད་ཀྱི་སྐུ་འབག་ཞིག་ཐོག་མར་བཞེངས་ན་བར་ཆད་མི་འབྱུང་ཞེས་སྒྲ་བྱུང་བས། བལ་པོའི་ལྷ་བཟོ་བ་ལ་ཁྱོད་ཀྱིས་ངའི་སྐུ་འབག་ཏུ་མིང་བཏགས་པའི་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞེངས་ཤེས་སམ་གསུངས་པས། ཁོ་བོ་སྤྲུལ་པའི་བཟོ་བོ་ཡིན་པས་ཤེས་ཟེར་ཏེ། སྔོན་སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་པ་གནས་ཆེན་བརྒྱད་ཀྱི་ས། རྒྱ་མཚོའི་འགྲམ་དང༌། ནཻ་རཉྫ་ནའི་བྱེ་མ་དང༌། ཙནྡན་སྦྲུལ་སྙིང་དང༌། ས་མཆོག བུ་མོ་གཙང་མ་དུ་མས་བའི་འོ་མ་དང་བདར་བའི་ལྡེ་གུ་བསྲེས། རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་བཏབ་པའི་ལྡེ་གུ་རྒྱལ་པོའི་དབུས་སྔས་སུ་སྤུངས། བྱང་ཆུབ་ཤིང་གི་སྲོག་ཤིང༌། ཙནྡན་སྦྲུལ་སྙིང་གི་ཞབས་ངར། སྐུའི་དབྱིབས་གཏོད་པའི་ཕྱིར་རྒྱ་མཚོའི་གླིང་གི་འཇག་མ། ཟེ་མེ་རུའི་གཟེར། རིན་པོ་ཆེའི་སྤྱན་འབྲས། འཇམ་བྱེད་པའི་ལྡེ་བན། ཁ་བསྒྱུར་བའི་ཚོན་རྣམས་སྟ་གོན་བྱས་ཏེ་དབུ་སྔས་ཀྱི་འགོར་བཞག་གོ།
ཐོ་རངས་ཀྱི་དུས་སུ་མཐོངས་ཀ་ནས་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉི་ཟེར་གྱི་རྡུལ་ཙམ་བྱོན་ཏེ་འཇིམ་པ་ལ་ཐིམ་པར་གཟིགས་པས་བྱིན་རླབས་ཅན་ཞིག་འོང་བར་འདུག ཕྱག་སྟོང་སྤྱན་སྟོང་ཞིག་བྱའམ། ཞལ་བཅུ་གཅིག་པ་དང༌། ཡི་གེ་དྲུག་པ། འཇིག་རྟེན་དབང་ཕྱུག ཡིད་བཞིན་འཁོར་ལོ། དོན་ཡོད་ཞགས་པ། ཧྱ་གྲཱི་ཝ། ཁ་སརྤ་ཎི་ཞིག་བྱའམ་ཞེས་སོགས་སྤྱན་རས་གཟིགས་ཀྱི་བྱེ་བྲག་ལྔ་བཅུ་རྩིས་ལ་བཏབ་ནས་གཟིམས་པ་ལས། ནམ་ལངས་པའི་ཚེ་དབུ་སྔས་ན་རྒྱུ་དེ་རྣམས་ཀྱི་ཤུལ་ན་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུ་རྩ་ཕྱག་བརྒྱད་དང་ཞལ་བཅུ་གཅིག་ཏུ་ཀྲོང་ངེར་བྱོན་ནས་འདུག་གོ །དེར་ལྷ་བཟོ་བས་ཆེད་དུ་འོངས་པ་ལས། རྒྱལ་པོའི་ཞལ་ནས། ལྷ་མྱུར་ཞིང་ལེགས་པར་ཟིན་འདུག་ཀྱང་ཙནྡན་སྦྲུལ་སྙིང་གི་སྐུ་རང་བྱུང་དང་མཆོད་སྡོང་གསུམ་པོ་འདིའི་ནང་དུ་གཞུག་རྒྱུ་ཡིན་ཏེ་གསུངས་པས། བཟོ་བོ་ན་རེ། བདག་ནི་ལྷ་བཞེངས་དགོས་སྙམ་ནས་གདོད་མཆིས་པ་ལགས་ཏེ་འདི་ནི་རང་བྱུང་དུ་བྱོན་པར་གདའོ་ཟེར་སྐད། དེ་མ་ཐག་ཏུ་སྐུ་དེ་གཡས་ནས་ཕྱག་གཡས་ཀྱིས་དར་ཤམ་པུས་གོང་དུ་བརྫེས་ཏེ་ཞབས་གཡས་པ་ནས་འོད་ཟེར་བྱུང་བས། རྟེན་དེ་རྣམས་སྤྱན་དྲངས་ཏེ་ཐུགས་ཀར་ཆགས་པས་སྐུ་ཤིན་ཏུ་སྦྲམ་པར་གྱུར་ཅིང་གཡོན་དུ་ཅུང་ཟད་འགྱིང་བའང་དེ་དུས་བྱུང་བར་གྲགས་ལ། དར་ཤམ་པུས་གོང་དུ་བརྫེས་པ་ད་ལྟའང་མཇལ་དུ་ཡོད་དོ།།
དེ་ནས་བར་ཆུ་ཁར་མཆོད་རྟེན་ཀེ་རུ་བརྩིགས་ཏེ་བོད་ཀྱི་སྔགས་བཙུན་དང་སྒྲུབ་པ་པོ་ལ་མི་གནོད་པའི་ཕྱིར་དུ་གྲིབ་ནས་ཉང་བྲན་གྱི་ཕུ་རུ་བཙན་གྱི་འགྱུ་སྲང་ཡོད་པ་བཅད། རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་བྲག་ལོགས་ལ་ཕོག་པས་བྲག་ལྷ་ཀླུ་ཕུག་གི་ཀླུ་བདུད་དང་མ་མོའི་ཉལ་ས་འཕྲོག་པ་དེར་རྣམ་སྣང་ཀུན་ཏུ་ཞལ་དང་འཇམ་དཔལ་ཁྲོ་བོ་སོགས་བྲག་ལ་རང་བྱོན་དུ་བྱུང༌། གནམ་སྟོང་གི་ནུབ་མོ་རྒྱལ་པོ་འོ་ཐང་གི་ཆུ་ལ་ཁྲུས་མཛད་དེ་བཞུགས་པའི་ཚེ། ལྷོ་ནུབ་གླ་བའི་ཚལ་གྱི་བྲག་རྩ་ན་མེ་འབར་བ་གཟིགས་ནས་དེར་བྱོན་པས། ཁ་བ་ཅན་གྱི་འདྲེ་ཐམས་ཅད་དུག་ཤིང་གི་སྡོང་པོ་རྐང་གཅིག་གི་རྩར་འདུས་ཏེ་གྲོས་བྱེད་པ་གསན་པས། འདྲེ་རྒན་པོ་གཅིག་ན་རེ། ཁ་བ་ཅན་གྱི་རྒྱལ་ཁབ་འདི་སངས་རྒྱས་ཀྱིས་ཞབས་ཀྱིས་མ་བཅགས་ཤིང་གསུང་གིས་མ་ཁྱབ་པས། ངེད་རང་མི་མ་ཡིན་རྣམས་ཀྱིས་དབང་བ་ཡིན་པ་ལ། རྒྱལ་པོ་མགོ་གཉིས་པ་འདིས་ལམ་བཅད། ཉལ་ས་འཕྲོག ཆོས་ཁྲིམས་བྱས་བྱུང་བས། ད་ངེད་རང་རྣམས་ཀྱང་ནུས་པ་བསྐྱེད་ལ། དཀོན་མཆོག་གསུམ་ལ་དད་པར་བྱེད་པའི་སྲོག་གཅོད། དགེ་བ་བྱེད་པ་ལ་མི་རུང་བ་ཐོངས། ལྷ་ཁང་བརྩིགས་པ་ལ་རྡོ་ཆར་ཕོབ་ལ་ཤིགས། དེ་སྔ་བལ་བཟས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བ་བཤིག་པ་དེ་ཡང་ལེགས་སོ་ཟེར་ནས་གྱེས་སོ། །དེའི་ཕྱི་ནུབ་རྒྱལ་པོས་རྟེན་རང་བྱུང་ལ་གསོལ་བ་བཏབ་པས། ཁྲོ་ཞལ་ལས་འོད་དམར་ལྗང་གཉིས་ཀྱི་རྩེ་ལ་ཁྲོ་བོ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་བྱུང༌། དེ་གཉིས་ཀྱི་ཞལ་ནས་མེ་ཕུང་བྱུང་བ་གནམ་ལྕགས་ཀྱི་ཐོག་ལྟར་འདྲེའི་འདུན་སའི་དུག་ཤིང་གི་སྡོང་པོ་ལ་ཕོག་པས་དེ་འགྱེལ་ཞིང་འཐོར། དུག་ཁོལ་བ་རླུང་གིས་གཏོར་ཏེ་འདྲེའི་འདུན་ཕུང་ཐམས་ཅད་འཐོར་ཞིང་འགྱེལ། ཁྲོ་བོ་གཉིས་དང་བསྐལ་པའི་མེས་དེད་དེ་འདྲེ་ཐམས་ཅད་རྒྱ་མཚོའི་ཕ་མཐར་བསྐྱལ། ཁྲོ་བོ་གཉིས་དང་མེ་ཕུང་སླར་གླ་བའི་བྲག་ལ་ཐིམ་པས། འོད་དཔག་མེད། ཁ་སརྤ་ཎི། དཔལ་རྟ་མགྲིན་གསུམ་རང་བྱུང་དུ་ཤར། སང་ཉིན་རྒྱལ་པོ་དེར་བྱོན་ཏེ་མཆོད་པ་མཛད་ཅིང༌། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཐུབ་པའི་དབང་པོས་སྤྱི་གཙུག་བརྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ། །ཉོན་མོངས་མ་གོས་པདྨ་བཞིན། །ཐུགས་རྗེ་ཆེ་ཞིང་མཐུ་ལྡན་པ། །སེམས་ཅན་ཉམ་ཐག་ཕོངས་རྒུ་ཡི། །ནད་དང་སྡུག་བསྔལ་ཞི་མཛད་པ། །མགོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་བསྟོད།
དེ་ནས་སྐུ་རང་བྱུང་འོད་ཀྱི་རྣམ་པ་དེ་འདྲ་བ་ཞིག་སླར་བལ་པོའི་བཟོ་བོས་བྲག་ལ་འབུར་དོད་དུ་གསལ་བར་བརྐོས་པ་བྲག་ལྷ་བཙན་གདོང་དུ་གྲགས་སོ། །རྒྱལ་པོས་བཟོ་བོ་ལ་འོད་ཟེར་གྱི་སྣ་ལས་བྱུང་བའི་ཁྲོ་བོ་དེ་གཉིས་ཁྱོད་ཀྱིས་མཐོང་ངམ་ཞེས་དྲིས་པས། བཟོ་བོས་མཐོང་ལགས་ཟེར། རྒྱལ་པོས་དེ་གཉིས་ཀྱི་གཟུགས་ཀྱང་གྱིས་ཤིག་ཅེས་གསུངས་ཏེ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་བཞེངས་པར་བྱས། ཡང་རྒྱལ་པོས་ཐུགས་རྗེ་ཆེན་པོའི་འཁོར་ཉུང་པས་ད་དུང་དེ་བཞིན་གྱིས་ཤིག་གསུངས་ནས། འཇིག་རྟེན་དབང་ཕྱུག་དང༌། ཁ་སརྤ་ཎི། སྒྲོལ་མ། ཁྲོ་གཉེར་ཅན། འོད་ཟེར་ཅན། དབྱངས་ཅན་མ་དེ་རྣམས་ཀྱང་བཞེངས་པར་མཛད། ནུབ་ཕྱོགས་སུ་མཆོད་རྟེན་སི་ཏུ་བརྩིགས་ནས་ནུབ་ཀྱི་ས་དགྲ་གནོན་པ་ལ་སོགས་ས་དགྲ་བཞི་མནན་པར་མཛད། དེ་རྗེས་ལྷ་ཁང་གི་རྨང་བཏིང་པ་ཡང་ཞིག་སྟེ་བརྩིག་ཏུ་མ་བཏུབ་པས། སྲིན་མོའི་དཔུང་པ་གཡོན་གནོན་པའི་ཕྱིར་ཡར་ཀླུངས་སུ་བྱོན་ནས། མཚོ་སོག་ཁ་ལ་ཀླུ་གདུག་པ་ཅན་གནས་པ་དེ་སྐམ་པའི་ཤུལ་དུ་ལྷ་ཁང་བརྩིག་དགོས་པར་དགོངས་ཏེ། བོད་འབངས་རྣམས་བསགས་ནས་ཀླུ་འདི་སུས་འདུལ་ནུས་པ་ལ་བྱ་དགའ་ཆེ་ཐང་དུ་སྟེར་རོ་ཞེས་བཀའ་སྩལ་པས། སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་བྱ་བ་དང༌། བོན་པོ་ཚེ་མི་སྣང་གྲགས་འབྱུང་གྲགས་བྱ་བ་གཉིས་ཀྱིས་འདུལ་ནུས་པར་ཁས་བླངས་ཏེ། ཟོ་དང་གོང་པོ་རི་ལ་དགྲ་བཅོམ་པ་བརྒྱ་རྩ་བརྒྱད་འགོག་པ་ལ་བཞུགས་པར་གྲགས་པའི་ས་དེར་ཁོང་གཉིས་ཀྱིས་ནམ་མཁའ་ལྡིང་བསྒྲུབས་ནས་གྲུབ་སྟེ་རྒྱལ་པོ་ལ་ཞུས་པ་ན། མི་ཀུན་ཡང་ཀླུ་འདུལ་བའི་ཐབས་ལ་ལྟད་མོ་བལྟའོ་ཟེར་ནས་ཚོགས་པའི་ཚེ། བོན་པོ་ན་རེ། སྔོན་ལ་ངས་བཏུལ་གྱིས་གལ་ཏེ་མ་ཐུལ་ན་ཁྱོད་ཀྱིས་བརྩོན་པ་བསྐྱེད་ཅིག་ཟེར་ཏེ་ཆོ་ག་བྱས་ནས་མཉམ་པར་བཞག་པས། དེ་མ་ཐག་ནམ་མཁའ་ནས་བྱ་ཁྱུང་ཆེན་པོ་ཞིག་འོངས་ནས་མཚོ་སྟེང་དུ་ལྡིང་བ་ན་མཚོ་ཁོལ་ཏེ་ཀླུ་སྦྲུལ་མགོ་ལྔ་པ་ཞིག་རོང་ངེ་བར་བྱུང་བས། བོན་པོས་ངས་ནི་མ་ཐུལ་ལོ། །ཅོག་ལ་ཁྱོད་ཀྱིས་བརྩོན་འགྲུས་སྐྱེད་ཅིག་ཅེས་ཟེར་བས། སྔགས་པས་ཆོ་ག་བྱས་ནས་མཉམ་པར་བཞག་པ་ན་གནམ་ས་རལ་བ་ལྟ་བུའི་སྒྲ་ཆེན་པོ་གྲགས་པས་སྐྱེ་བོ་ཐམས་ཅད་བྲེད་ཅིང་ས་གཞི་འགུལ། ནམ་མཁའ་ནས་བྱ་ཁྲ་འདྲ་བ་སྐད་འབྲུག་ལྟར་འདོན་པ་གཅིག་བྱུང་ནས་དེའི་གཤོག་པ་སྤུ་གྲི་ལྟ་བུས་སྦྲུལ་མགོ་ལྔ་སྐད་ཅིག་གིས་བཅད་པས། མཚོ་དེ་ཁྲག་ཏུ་སོང་ནས་བྱེ་མ་ལ་ཆུ་ཕོ་བ་ལྟར་སྐམ་པའི་ཤུལ་ན་རིན་པོ་ཆེའི་ཁྲོན་པ་འདུག་པའི་དབུས་སུ་ནོར་བུ་དབང་གི་རྒྱལ་པོ་སྦས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་མཆོད་པ་ཕུལ། གཙང་ཁང་ཁྲོ་ཆུའི་ཕ་གུས་ཕུབ། ཕྱོགས་བཞིར་གསེང་ཁུང་བཞི་སྒྲོམ་དུ་བྱས་པའི་སྒྲོམ་ཁར་མཆོད་རྟེན་བརྩིགས། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་ཏེ་དེའི་སྟེང་དུ་ལྷ་ཁང་བརྩིགས་ནས་གསང་བ་འདུས་པ་ལྷ་བཅུ་དགུ་པའི་ལུགས་སུ་བཞེངས། གཙོ་བོ་གསུམ་ནི། རྡོ་སྐུ་རང་བྱུང་དུ་བྱོན་པ་ཟོ་དང་གོང་པོ་རི་ནས་སྤྱན་དྲངས་ཤིང་སླར་བཟོ་བོས་རྣམ་པ་དོད་པར་བརྐོས་པའི་རྡོ་ཕྱེ་རྣམས་ཀྱང་རིང་བསྲེལ་དུ་སོང་བར་གྲགས། འཁོར་སེམས་དཔའ་རྣམས་ནི་ལི་ཡུལ་གྱི་སྤྲུལ་པའི་བཟོ་བོས་ལི་ལས་ལུགས་སུ་བླུགས་པ་རིན་པོ་ཆེའི་ཕྲ་ཅན་བལ་ཡུལ་ནས་ཞབས་ཀྱིས་བྱོན། དེའི་གྲས་འཇམ་དཔལ་ཆོས་དབྱིངས་གསུང་དབང་བལ་ཡུལ་དུ་བཞུགས་པའི་ཚབ་ཏུ་རྡོ་སྐུ་རང་བྱུང་ཞིག་བྱོན་སྐད། ཡང་གསེར་བྲེ་བརྒྱད། བྲེ་བདུན། བྲེ་དྲུག བྲེ་ལྔ། བྲེ་བཞི་རྣམས་ལ་རྒྱུ་བྱས་ཏེ་གནོད་སྦྱིན་གྱི་བཟོ་བོས་བླུགས་ནས་རིམ་པར། རྣམ་སྣང༌། རྡོར་སེམས། རིན་འབྱུང༌། སྣང་མཐའ། དོན་གྲུབ་རྣམས་ཆ་ལུགས་མི་འདྲ་བར་བཞེངས། དེ་ལས་འོད་དཔག་མེད་རིན་པོ་ཆེའི་གཏེར་ཁང་ན་བཞུགས། གཞན་བཞི་དང་རྒྱལ་པོའི་སྐུ་འབག་གཙང་ཁང་ན་བཞུགས། བོད་འབངས་ཀྱི་དུས་མ་ཡིན་པའི་འཆི་བ་བཟློག་པའི་ཕྱིར་ལྷ་མོ་ཡིད་བཞིན་འཁོར་ལོའི་སྐུ་དང༌། རིན་པོ་ཆེའི་གཏེར་ཁ་ཕྱེ་བ་དང་ལས་སྒོ་རྣམས་འདུ་བའི་ཕྱིར་གནོད་སྦྱིན་ཆུ་དབང་གི་སྐུ་ཡང་བཞེངས། རྒྱལ་པོའི་དཀོར་མཛོད་ཆེན་པོ་ཞིག་ཀྱང་གཏེར་ཁང་དུ་སྦས་ཏེ་ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་གཉེར་དུ་གཏད། ཀླུ་འདུལ་མཁན་སྔགས་པའི་སྒྲིབ་པ་སྦྱོང་བ་དང་ཀླུ་དེའི་དོན་དུ་མཆོད་རྟེན་རྩེ་ལྔ་པ་བཞེངས་པས་ཀླུ་དེ་ཡང་ལྷར་སྐྱེས་སོ། །དེ་ལ་བྱམས་པ་མི་འགྱུར་བའི་ལྷ་ཁང་ཞེས་མཚན་དུ་བཏགས་ལ་ཀླུ་བཏུལ་བྱེད་བྱ་ཁྲའི་མིང་དང་སྐད་ལས་ཁྲ་འབྲུག་ཏུའང་གྲགས་ཏེ། དེ་ནི་བོད་ཀྱི་ལྷ་ཁང་བརྩིགས་པ་ལ་སྔ་ཞིང་འཇིག་པ་ལ་ཕྱི་བ་ཞིག་སྟེ་རྒྱལ་པོའི་ཐུགས་དམ་གྱི་སྙིང་པོ་གཙུག་ལག་ཁང་ཐམས་ཅད་ཀྱི་རྩ་བ་ཡིན་ནོ།།
ཚེ་སྤོང་བཙན་འདྲ་དོང་ཆུང་ཞེས་བྱ་བའི་བློན་པོ་གཅིག་གིས་ཀྱང་ལྷ་ཁང་གློ་འབུར་ཅན་ཞིག་བྱས་སོ། །དེར་རྒྱལ་པོའི་ཞལ་ནས། ངའི་ཐུགས་དམ་གྱི་ལྷ་ཁང་འདི་འཛམ་གླིང་ན་བྱིན་ཆེ་བ་ཞིག་ཡིན་ཏེ། འདི་ལ་དད་ཅན་གྱི་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་ན་ཅི་འདོད་པ་ཐམས་ཅད་མི་འགྲུབ་མི་སྲིད། འདི་ལྷ་ཁང་ཐམས་ཅད་ཀྱི་ཡང་སྙིང་ཡིན་ཡང་རྒྱན་སྲུང་བ་ཞིག་མེད་ཅེས་བཀའ་སྩལ་པ་ན། བལ་པོའི་བཟོ་བོ་ན་རེ། ངེད་ལྷོ་བལ་གྱི་ཡུལ་ན་བྷ་དནྟ་ཞེས་བྱ་བ་དབུ་རེག་ཞབས་རྗེན་ངུར་སྨྲིག་གི་ན་བཟའ་ཅན་དེ་བཞིན་གཤེགས་པའི་ཆ་ལུགས་སུ་བཞུགས་པ་ལྷ་མིའི་མཆོད་གནས་སུ་འོས་པ་མང་པོ་ཡོད། དེ་ལྟ་བུ་ཞིག་བྱུང་ན་རྒྱན་སྲུང་བ་ཡོང་བར་འདུག་པ་ལ་ཟེར་བས། རྒྱལ་པོས་ཕྱག་ཐལ་མོ་སྦྱར་ཏེ་རབ་ཏུ་བྱུང་བ་དེ་ལྟ་བུའི་གཟུགས་འཆང་བ་ཙམ་ལ་ཡང་ངས་སྤྱི་བོས་བཏུད་དེ་ཕྱག་འཚལ་ལོ་ཞེས་དམ་བཅའ་བར་མཛད་དོ། །དེའི་སང་ཉིན་རྒྱལ་པོ་འཁོར་བཅས་ཕྱི་རོལ་དུ་བྱོན་པ་དང༌། མཆོད་རྟེན་རྩེ་ལྔ་པའི་འགྲམ་ན་དགེ་སློང་གི་ཆ་བྱད་ཅན་མགོ་ཆེ་ཞིང་དཔྲལ་བ་འབུར་བ་སྣ་ཉག་ཅིང་མིག་ཚག་པ་སྟོད་ཆུང་ཞིང་སྨད་ཆེ་ལ་ཚང་ར་འབུར་བ་ཞིག་ཚེམ་བུ་ཚེམས་ཤིང་འདུག་པ་གཟིགས་པས། ངས་རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་ཡང་ཕྱག་འཚལ་བར་དམ་བཅས་པ་ན་འདི་ལྟ་བུའི་རབ་ཏུ་བྱུང་བ་དངོས་ལ་ཅི་ཕྱིར་ཕྱག་མི་བྱ་དགོངས་པ་ལ། འོན་ཀྱང་འདི་གཟུགས་བྱད་ངན་པས་བློན་པོ་རྣམས་དད་པ་ལྡོག་སྟེ་འོང་སྙམ་དུ་དགོངས་ནས་མཆོད་རྟེན་གྱི་ཕག་ཏུ་དེའི་ཞབས་ལ་གཏུགས་ཏེ་ཕྱག་མཛད་ནས་བཞེངས་ཏེ། ང་ས་བདག་གི་རྒྱལ་པོས་ཁྱོད་དགེ་སྦྱོང་གི་ཞབས་ལ་མགོས་གཏུགས་ནས་ཕྱག་བྱེད་པ་འདི་ངོ་མཚར་མི་ཆེའམ་ཞེས་གསུངས་པས། དགེ་སློང་ན་རེ། དེ་ངོ་མཚར་ཆེ་སྟེ་ངའི་རྫུ་འཕྲུལ་འདིའང་ངོ་མཚར་མི་ཆེའམ་ཟེར་ནས་མཆོད་རྟེན་རྩེ་ལྔ་པ་ལག་པ་གཡས་པས་ནམ་མཁའ་ལ་ཡེར་གྱིས་བཏེགས་པར་བྱས། རྒྱལ་པོས་དེ་ཡང་ངོ་མཚར་ཆེ་སྟེ་ང་སྐྱེ་བོ་ཐ་མལ་པའི་མགོ་ལ་སངས་རྒྱས་དངོས་སུ་བཞུགས་པ་འདི་ངོ་མཚར་མི་ཆེའམ་ཞེས་ལ་ཐོད་ཕུད་དེ་ཨ་མི་ཏཱ་བྷའི་ཞལ་བསྟན་པས། དེ་ན་རེ། རྒྱལ་པོ་ལ་ལྷ་གཅིག་ལས་མི་འདུག་ང་ལ་འདི་ཙམ་ཡོད་ཟེར་ནས་གྲི་གུག་གིས་བྲང་ཁ་ཕྱེ་སྟེ་གསང་བ་འདུས་པའི་ལྷ་ཚོགས་བཅུ་དགུ་ཁྲ་ལམ་གྱིས་བསྟན་པས། རྒྱལ་པོ་ཤིན་ཏུ་དགྱེས་ཏེ་རབ་ཏུ་བྱུང་བ་རྣམས་ལ་ཡོན་ཏན་འདི་ལྟ་བུ་ཡོད་ཀྱིས། ངའི་འབངས་ཐམས་ཅད་ཀྱིས་རབ་བྱུང་གི་རྟགས་ཙམ་འཛིན་པ་མཐོང་ནའང་ཞབས་སྤྱི་བོར་ལོངས་ཤིག་ཅེས་དྲིལ་བསྒྲགས་སོ།།
འདི་ནི་དགེ་སྦྱོང་གཟུགས་བྱད་ངན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྙས་པ་སྤངས་དགོས་པར་བསྟན་པ་དང༌། རྒྱལ་པོ་རང་ཉིད་ཀྱང་སྤྱན་རས་གཟིགས་སུ་དོན་གྱིས་ཞལ་བཞེས་མཛད་པ་དང༌། སྤྲུལ་པའི་དགེ་སློང་དེས་ཀྱང་རྒྱལ་པོའི་ལྷ་ཁང་དང་ང་མཉམ་མོ་ཞེས་བསྟན་པ་ཡིན་ནོ། །ཁྲ་འབྲུག་གི་ཡན་ལག་ཏུ་བཙན་ཐང་བཏབ། དེ་ནས་སྲིན་མོའི་དཔུང་མགོ་གཡས་གནོན་པ་ལ་ཙེ་ནེ་གདོང་དུ་སྒྲུབ་པ་མཛད་ནས་དབུ་རུ་ཀ་ཚལ་དང༌། ཡན་ལག་ཏུ་གསེར་ཤང་གིར་ཏི་བཞེངས། དཔྱི་གཡས་གནོན་པ་ལ་རྩེ་ཕུག་ཏུ་སྒྲུབ་པ་མཛད་དེ་གཡས་རུ་གཙང་འགྲམ་དང༌། ཡན་ལག་ཏུ་དགེ་དྲུང་གི་ལྷ་ཁང་བཞེངས། དཔྱི་གཡོན་གནོན་པ་ལ་བརྒྱད་ཕུག་ཏུ་སྒྲུབ་པ་མཛད་ནས་རུ་ལག་གྲོམ་པ་རྒྱང་དང༌། ཡན་ལག་ཏུ་འབྲོ་ལྷ་ཁང་རྣམས་བཞེངས་པ་སྟེ་མཐའ་འདུལ་བཞིའོ། །གྲུ་མོ་གཡས་ལ་ཤར་སྟག་གི་མགོར་ཀོང་པོ་བུ་ཆུང༌། གཡོན་པ་ལ་ལྷོ་འབྲུག་གི་ཟེ་སྟེང་དུ་ལྷོ་བྲག་མཁོ་མཐིང༌། པུས་མོ་གཡས་པ་ལ་ནུབ་བྱ་དམར་མོའི་སྒལ་སྟེང་དུ་དགེ་རྒྱས། གཡོན་པ་ལ་བྱང་རུས་སྦལ་གྱི་དཔྲལ་སྟེང་དུ་སྤྲ་དུན་རྩེའི་ལྷ་ཁང་རྣམས་བཏབ་པ་སྟེ་ཡང་འདུལ་བཞིའོ། །ལག་མཐིལ་གཡས་གནོན་པ་ལ་མི་ཉག་གིས་ལག་དཔོན་བྱས་ཏེ་ཁམས་ཀྱི་ཀློང་ཐང་སྒྲོལ་མ། གཡོན་ལ་ཐོ་གར་གྱིས་ལག་དཔོན་བྱས་ཏེ་མོན་གྱི་སྤ་གྲོ་སྐྱེར་ཆུ། རྐང་མཐིལ་གཡས་ལ་ཧོར་གྱིས་ལག་དཔོན་བྱས་ཏེ་མཚན་རིགས་སྒྲོལ་མ། གཡོན་ན་བལ་པོས་ལག་དཔོན་བྱས་ཏེ་ཚངས་པ་རླུང་གནོན་གྱི་ལྷ་ཁང་རྣམས་བཞེངས་པ་སྟེ་རུ་གནོན་བཞིའོ། །ཤར་དུ་སའི་ཁ་གནོན་ཉི་ཟླ་གཟའ་སྐར་གཏན་ལ་འབེབས་པའི་ཕྱིར་ཀ་ཆུ་ཀམ་ཆུ་གླིང་ཆུ་གསུམ། ལྷོར་མེའི་ཁ་གནོན་སྣང་གྲོང་དང་གླིང་ཐང་གཉིས། ནུབ་ཏུ་ཆུའི་ཁ་གནོན་གུ་ལང་དང་ཤིང་ཀུན་གཉིས། བྱང་དུ་རླུང་གི་ཁ་གནོན་དགེ་རིང་དང་དཔལ་རི་གཉིས་ཏེ་འབྱུང་བའི་ཁ་གནོན་གཙུག་ལག་ཁང་དགུའོ། །དེ་ནས་ར་སའི་གཙུག་ལག་ཁང་བརྩིག་པར་བརྩམ་པ་ན་ཡང་ལྷ་འདྲེས་བརྩིག་ཏུ་མ་སྟེར་ཏེ། ས་རྡོ་བཞག་ཚད་ནམ་མཁའ་ལ་འཕངས་ཤིང་རླུང་གིས་བརྡལ། ས་གཞིའང་གཡོས་པས་མི་ཐམས་ཅད་དཔའ་འཁུམ། ལྷ་སྲིན་ཐམས་ཅད་ཀྱིས་བསྭོ་སྒྲ་དང་ཆ་སྒྲ་སྒྲོགས་ནས་བྱུང་བའི་ཚེ། སྤྲུལ་པའི་རྒྱལ་པོས་ཡི་དམ་ལ་མཆོད་པ་བཤམས་ཤིང་དཔང་བཙུགས་ནས་དམ་བདར་བས། དེའི་མོད་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཞིག་ནམ་མཁའ་ལ་བྱོན་ཏེ་སྤྱན་ཡེར་པའི་རི་ལ་གཟིགས་ཤིང་ཐུགས་ཡེར་པའི་བྲག་ལ་གཏད། ཡང་ཁྲོ་གཉེར་ཅན་དང་སྒྲོལ་མས་ཡེར་པ་ཞབས་ཀྱིས་བཅགས། ཆོས་སྐྱོང་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པས། ལྷ་འདྲེ་ཐམས་ཅད་ཀྱང་རང་དབང་མེད་པར་རྒྱལ་པོ་ལ་ཕྱག་འཚལ་ཏེ་བཀའ་འབངས་བགྱིད་པར་ཁས་བླངས། ནམ་མཁའ་ནས་ལྷའི་མེ་ཏོག་དང་སྤོས་ཀྱི་ཆར་བབས། ཡེར་པར་བྲག་ལྷ་མགོན་པོ་རང་བྱུང་དུ་བྱོན། བདུད་རྩིའི་ཆུ་རྒྱུན་རྣམས་རང་བྱུང་དུ་བརྡོལ། དེའི་ཚེ་ལྷ་སའི་ས་ཕུད་རྡོ་ཕུད་ཤིང་ཕུད་སོགས་ལས་ཡེར་པའི་བྲག་རྡོ་རྗེ་རྩེ་ལྔ་རང་བྱུང་གི་རྨང་དུ་སྐུའི་རྟེན་དུ་སྤེའུ་དམར་སེར་གཉིས། གསུང་གི་རྟེན་དུ་ཡིག་དྲུག་འབུམ། ཐུགས་ཀྱི་རྟེན་དུ་མཆོད་རྟེན་གསུམ་བཞེངས། ཆོས་སྐྱོང་གི་རྟེན་དུ་ཤུག་པའི་ནགས་ཚལ་བཙུགས། ཏིང་ངེ་འཛིན་སྒོམ་པ་ལ་འོད་ཀྱི་བྲག་ཕུག་བརྒྱ་རྩ་བརྒྱད་སྤྲུལ། ཕྲིན་ལས་ཀྱི་རྟེན་དུ་རི་བོ་སྒྲོལ་མའི་སྐུར་སྤྲུལ། དབང་དུ་འདུས་པའི་ཕྱིར་སྤང་རི་ཁྲོ་མོར་སྤྲུལ། ནད་སེལ་བའི་ཕྱིར་ཆུ་རྣམས་བདུད་རྩིར་བསྒྱུར། དེའི་ཚེ་རྒྱལ་པོ་ཉིད་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུར་གྱུར་ནས་འོད་ཟེར་གྱིས་སྔགས་ཕྱི་ནང་གི་ལྷ་ཚོགས་དང་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་བསྟིམ་པས་ས་རྡོ་ཐམས་ཅད་ལྷར་བྱིན་གྱིས་བརླབས། ཁྲོ་གཉེར་ཅན་དང་སྒྲོལ་མའི་ཐུགས་ཀ་ནས་མེ་ཏོག་གི་ཆར་བབས། ནམ་མཁའ་ནས་བཀྲ་ཤིས་ཀྱི་སྒྲ་སྒྲོགས། རོལ་མོ་རྣམས་མ་དཀྲོལ་བར་རང་སྒྲ་འབྱིན། ལྷ་འདྲེ་རྣམས་ཀྱིས་བཀའ་སྲུང་དུ་ཁས་བླངས། དེར་འདུས་པ་ཐམས་ཅད་ཀྱང་བདེ་བ་ཅན་དུ་སྐྱེ་བར་ལུང་བསྟན་ཏོ།།
གཞན་ཡང་མཐའ་འདུལ་སོགས་ཀྱི་ལྷ་ཁང་ཐམས་ཅད་ཀྱི་ས་ཕུད་ཀྱང་ཡེར་པར་བསྐྱལ་ལོ། །དེ་ནས་རྒྱལ་པོའི་ཞལ་ནས། བོད་འབངས་རྣམས་ངའི་གཙུག་ལག་ཁང་བཞེངས་པའི་གྲོགས་བྱ་དགོས་སོ་ཞེས་བཀའ་སྩལ་པས། འབངས་ཐམས་ཅད་ཡུལ་གྲུ་སོ་སོར་འདུས་ནས་ལྷ་ཁང་བརྩིག་པའི་འདུན་མ་བྱེད། དེའི་ཚེ་རྒྱལ་པོས་སྐུའི་བཀོད་པ་ལྔ་སྟོང་བཀྱེས་ནས་རྒྱའི་རྟེན་ཁང་བི་ཧར་ལ་དཔེ་བླངས་ནས་རྒྱ་མཚོའི་གྲུ་གཟིངས་འབྲིང་གི་ཚད་དུ་གཙུག་ལག་ཁང་གི་རྨང་བཏིང་སྟེ། རབ་བྱུང་གི་དོན་དུ་འདུལ་བའི་ལུགས་ཀྱི་དྲི་གཙང་ཁང་དང་བཅས་པར་བྱང་ཕྱོགས་སོ་བདུན་མཚོན་པའི་རེ་མིག་སོ་བདུན་དུ་མཛད། སྐྱེ་བོ་སྤྱིའི་དོན་དུ་ཆོས་གང་བྱེད་ལས་ཀྱི་སྒྲོས་ཚང་བར་བྱེད་དགོས་པའི་བརྡར་ཕྱི་གྲུ་བཞིར་མཛད། བོན་པོའི་དོན་དང་ཆོས་ཉིད་མི་འགྱུར་བ་མཚོན་ཕྱིར་ཟུར་བཞི་གཡུང་དྲུང་རིས་མཛད། སྔགས་པའི་དོན་དང་འབྲས་བུ་སངས་རྒྱས་ཀྱི་ས་མཚོན་པའི་ཕྱིར་དབུས་སུ་ངག་གི་དབང་ཕྱུག་དྲག་པོའི་དཀྱིལ་འཁོར་གྱི་ཚུལ་དུ་མཛད། སྐྱེ་བོ་སྤྱིས་མི་མཐོང་བའི་ཕྱིར་དུ་ན་བུན་འཁྲིགས་ཤིང་ཆར་ཟིམ་བུར་འབེབས་པའི་གསེབ་ན་ཅ་ཅོ་འདྲེན་པ་སོགས་ཁྱུ་དི་རི་རི་མང་པོ་བྱུང་བའི་སྒྲ་གཞན་རྣམས་ཀྱིས་ཀྱང་ཐོས་སྐད། དེ་ལྟའི་སྤྲུལ་པ་རྣམས་ཀྱིས་སོ་ཕག་གི་ར་སའི་གཙང་ཁང་ཉིན་གཅིག་ལ་བརྩིགས། ན་བུན་འཁྲིགས་པ་སངས་ནས་བློན་འབངས་རྣམས་བརྩིག་ཏུ་ཕྱིན་པ་ན་རྩིག་པ་ཟིན་ནས་འདུག རྒྱལ་པོའི་ཞལ་ནས། ནངས་པར་བོད་འབངས་རྣམས་ཀྱིས་ངའི་ལྷ་ཁང་གི་ཤིང་ཆོད་ཅིག་གསུངས་ནས་འབངས་རྣམས་དེའི་འདུན་མ་བྱེད། རྒྱལ་པོས་སྤྲུལ་པ་ལྔ་སྟོང་གིས་ནུབ་མོ་དེ་ག་ལ་ལྷ་ཁང་ཤིང་གིས་བཀང་བར་བྱས་ནས། ནངས་པར་སྤྲུལ་པའི་བཟོ་བོ་སུམ་བརྒྱ་བཀྱེས་ཏེ་ཤིང་བཟོ་རྣམས་མཛད་པའི་ཚེ། ལྷ་གཅིག་ཁྲི་བཙུན་སྐྲ་འཁྲུ་བས་ནངས་པར་རྒྱལ་པོའི་གསང་བུ་འདྲེེན་དུ་མ་ཁོམས་ཏེ། བྲན་མོ་ལ་དངུལ་གཞོང་དུ་ཤ་གསར་དང་མར་གསར་ལ་སོགས་པ་གཡོས་སྣ་བཅུ་གསུམ་དང་འབྲས་ཆང་དང་རྒུན་ཆང་སོགས་ཀྱི་གསང་བུ་འདྲེན་དུ་བཏང་བས། དེས་ངོ་མི་ཤེས་པའི་བཟོ་བོ་སུམ་བརྒྱ་བཟོ་བྱེད་པ་མཐོང་ནས་རྒྱལ་པོ་ངོ་མ་ཤེས་ཏེ་ལོག དེར་ལྷ་གཅིག་ཁྲི་བཙུན་རང་ཉིད་འདྲེན་དུ་སོང་བའི་ཕྱི་ནས་གཡོག་མོས་བལྟར་ཕྱིན་པས། ལྷ་གཅིག་གིས་སྤྲུལ་པའི་བཟོ་བོ་རྣམས་ལ་འགོང་ཞིང་སོང་སྟེ། དབུས་ཀྱི་དཀྱིལ་འཁོར་སྟེང་ན་རྒྱལ་པོ་བེར་ནག་གྱོན་པ་ཐོད་དམར་པོ་ཅན་འཕྲུལ་ཐིག་གི་སྣ་ནས་ཕྱག་གིས་བཟུང་བ་ཞིག་ལ་དྲངས་པ། དེས་བསང་བུ་ཕྱག་གིས་བླངས་པས་འཕྲུལ་ཐིག་ལྷོད་ཤིག་གེ་སོང་སྟེ་བཟོ་བོ་སུམ་བརྒྱ་པོ་འགྱེལ་ནས་འཇག་མ་ཉུག་ཉུག་ཐིག་གུ་ཟིང་ངེ་བྱས་བྱུང་བ་མཐོང་ནས། བྲན་མོ་ན་རེ། རྒྱལ་པོའི་བཟོ་བོ་འཕྲུལ་དུ་སྣང་བ་ལ་ཞེས་བགད་པས། རྒྱལ་པོ་སྤྱན་ཡེངས་ནས་སྟེའུ་གཅིག་ཁ་ཐལ། གསོར་གཅིག་ཁ་ཐལ། སོག་ལེ་གཅིག་ཁ་ཐལ་བས། བཟོ་བོ་བརྒྱས་སེང་གེ་བརྒྱའི་སྣ་བཅད། བུག་པ་བརྒྱ་ཕུག ཀ་བ་བརྒྱའི་ཟུར་ཉམས་སོ། །དེར་རྒྱལ་པོའི་ཞལ་ནས། འབངས་མོ་མ་ཚུགས་པས་ངའི་སྤྲུལ་པ་ངོ་ཤེས་སོ་ཞེས་གསུངས་ནས་སྤྲུལ་པ་བཤིག་པར་མཛད་པས། གཞན་རྣམས་ཀྱིས་རྒྱལ་པོས་ཤིང་དང་འདག་པའི་མི་ལ་སྟྭེ་ལྟག་རེ་བརྒྱབ་པས་ཤི་བར་མཐོང༌། བློན་པོ་རྣམས་ཀྱིས་ཤིང་བཟོ་བ་རྣམས་རྩིག་ཕུག་ན་ཕར་རྐང་པ་ཉུག་ཉུག་སོང་བར་མཐོང༌། ཐུན་མོང་དུ་ཤིང་བཟོས་པ་དང༌། བརྐོས་པ་དང༌། ཚོན་རྩི་ཐམས་ཅད་བཏང་ཚར་བར་མཐོང་ངོ༌། །དེར་ཉི་མ་རྒས་ནས་ས་སྲོས་རན་པ་ན་བློན་པོ་མགར་ན་རེ། སྤྲིན་འཁྲིགས་ཤིང་གློག་འགྱུ་བ་དེ་ཆར་ཆེན་འབབ་པའི་ངོ་ཡིན། དེས་ཤིང་རྩི་རྣམས་བྱི་དོགས་པས་ན་ཁེབ་བྱེད་དགོས་ཟེར་ནས་ལས་ཀྱི་རྔ་བོ་ཆེ་བརྡུངས་སོ།།
གྲོང་ཁྱེར་བ་རྣམས་ན་རེ། རྒྱལ་པོས་དེ་ཙམ་ཞིག་བརྩིག་པ་ལ་ལས་རྔ་མ་བརྡུང་ན་ད་ལྟ་མཚན་མོ་ལས་རྔ་བརྡུངས་པ་ཅི་ཡིན་ཟེར། དེར་གྲོང་པའི་རེ་ཕྱར་ཐམས་ཅད་བསྡུས་ནས་ཤིང་རྩི་རྣམས་ལ་འགེབས་སུ་ཕྱིན་པ་ན། སྲོད་དེ་ཀ་ལ་སྤྲུལ་པ་ལྔ་སྟོང་གིས་ར་སའི་ཐོག་བཀབ་ཟིན་འདུག་སྟེ། སྟེང་ན་སྤྲུལ་པའི་མི་ལག་ན་ཕ་གུ་ཐོགས་པ་ཡད་ཡུད་དུ་འདུག་པ་བློན་པོ་རྣམས་ཀྱིས་མཐོང་ནས་ངོ་མཚར་སྐྱེས་ཏེ་རེ་ཕྱར་རྣམས་མཐོངས་ཀ་ལ་བཀབ་ནས་ལོག་སྐད། དེ་ལྟར་ཞག་གཉིས་ཀྱི་རིང་ལ་ར་སའི་འོག་ཁང་གི་ཕྱི་ཐམས་ཅད་ལེགས་པར་ཟིན་པར་བྱས་རྗེས། རྒྱལ་པོས་གཙང་ཁང་དེ་རྣམས་གང་ལེགས་པ་ཞིག་ཏུ་ངའི་ཡི་དམ་རང་བྱུང་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་པོ་བཞུགས་སུ་གསོལ་དགོས་སྙམ་དགོངས་ནས་དེའི་ནངས་པར་གཟིགས་སུ་བྱོན་དུས། གཙང་ཁང་དབུས་མའི་སྒོ་ཕྱེ་བས་གུང་ལ་སངས་རྒྱས་མར་མེ་མཛད་ལ་འཁོར་ཉེ་བའི་སྲས་བརྒྱད་བཞེངས་པས་བསྐོར་ཞིང་ཁྲོ་བོ་གཉིས་ཀྱིས་སྒོ་སྲུང་བ། དབུས་ན་མི་འཁྲུགས་པ་སྐྱབས་སྦྱིན་ཅན་བཅས་བཞུགས་པར་གཟིགས། གཙང་ཁང་གཡས་ན་འོད་དཔག་མེད་ལ་བྱང་སེམས་བརྒྱད་སྐྱིལ་ཀྲུང་ཅན་གྱིས་བསྐོར་བ་དང༌། སྒོ་འགྲམ་ཕྱིའི་གཡས་ན་ཕྱག་རྡོར་དང༌། གཡོན་ན་སྨེ་བརྩེགས་བྱེ་རུའི་མདོག་ཅན་གྲིབ་སེལ་གྱི་ཕྱག་རྒྱ་མཛད་པ་བཅས་བཞུགས་པར་གཟིགས། གཙང་ཁང་གཡོན་ན་བྱམས་པ་ཆོས་ཀྱི་འཁོར་ལོ་ཆོས་འཁོར་བསྐོར་བའི་ཕྱག་རྒྱ་ཅན་ལ་སྒྲོལ་མ་བརྒྱད་ཀྱིས་བསྐོར་ནས་བཞུགས་པ་དེ་རྣམས་ཆོས་ཀྱི་བགྲོ་བ་མཛད་པར་གཟིགས། གཙང་ཁང་ལྷོ་མ་ན་ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་འཁོར་སྟོང་ཆེན་རབ་འཇོམས་ཕྱག་བཞི་མ་དང༌། སོ་སོར་འབྲང་མ་ཕྱག་དྲུག་པ། གཤིན་རྗེ་མཐར་བྱེད་མཐིང་ནག་ཞལ་དྲུག་ཕྱག་དྲུག་ཞབས་དྲུག་པ། ཤེས་རབ་མཐར་བྱེད་དཀར་པོ་ཞལ་བཞི་ཕྱག་བརྒྱད་པ། པདྨ་མཐར་བྱེད་དམར་པོ་ཕྱག་བཞི་པ། བགེགས་མཐར་བྱེད་མཐིང་ནག་ཕྱག་བཞི་པ་རྣམས་གནོད་སྦྱིན་རྣམས་ཀྱིས་བསྐོར་ནས་ཁ་བ་ཅན་གྱི་འདྲེ་སྲིན་འདུལ་ཐབས་སྟོན་ཅིང་བཞུགས་པ་དང༌། རྣམ་སྲས་དང་ཛམྦྷ་ལ་གཏེར་གྱི་བུམ་པ་སྟོབ་པ་གཉིས་བཅས་གསལ་བར་གཟིགས། གཙང་ཁང་བྱང་མ་དེ་ཤིན་ཏུ་ལེགས་ཤིང་ཉམས་དགའ་བར་གཟིགས་ལ། དེར་ལྷ་སུ་ཡང་མི་སྣང་བས་ངའི་ལྷ་རྣམས་འདིར་བཞུགས་པར་བྱའོ་སྙམ་དུ་དགོངས་ནས་ཕྱིར་བྱོན་པ་དང༌། ཕྱི་སྒོའི་རྩར་ཀླུའི་རྒྱལ་པོ་དཀར་པོ་མིག་གསུམ་པ་སྦྲུལ་མགོ་ཉི་ཤུ་རྩ་གསུམ་པ་གཅིག་གིས་ཞབས་ལ་གཏུགས་ཤིང་ཕྱག་བྱས་ཏེ་སྦྲུལ་ཞགས་དཀར་པོ་ཞིག་ཕུལ་ནས། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་ལྷ་ཁང་འདི་སྟོང་གསུམ་གྱི་སྟོང་ཆེན་པོར་ངས་རྒྱས་པར་བསྐྱང་གིས་ངའི་གཟུགས་གཅིག་ཀྱང་མཛོད་ཅིག་ཟེར་ནས་མི་སྣང་བར་གྱུར་ཅིང༌། དེ་བཞིན་དུ་ཀླུ་དགའ་བོ་དམར་པོ་སྦྲུལ་མགོ་དགུ་པས་སྟོང་གཉིས་པ་བར་མའི་བར་དང༌། ཀླུ་ཉེར་དགའ་དམར་སེར་སྦྲུལ་མགོ་བདུན་པས་སྟོང་ཆུང་ངུའི་བར་བསྐྱང་ངོ་ཟེར། དེ་བཞིན་དུ་གནོད་སྦྱིན་ནཱ་ག་ཀུ་བེ་ར་དམར་པོ་ཞལ་གསུམ་ཕྱག་བཞི་པས་གསེར་གྱི་ཐག་བཟང་ཞིག་ཕུལ་ནས་ངས་མེའི་འཇིགས་པ་ལས་བསྲུང་ངོ་ཟེར། དྲི་ཟ་ཟུར་ཕུད་ལྔ་པ་དེ་འདྲ་བས་མེ་ཏོག་གཅིག་ཕུལ་ཏེ་མི་མ་ཡིན་གྱི་གནོད་པ་ལས་བསྲུང་ངོ་ཟེར། སྲིན་པོ་ལངྐ་མགྲིན་བཅུ་མཐིང་ག་མགོ་དགུ་སྟེང་ན་རྟ་མགོ་དཔངས་མཐོ་བ་ཅན་ཞིག་གིས་གསེར་གཞོང་པ་གང་ཕུལ་ཏེ་མིའི་གནོད་པ་ལས་བསྲུང་ངོ་ཟེར། དཔལ་ལྡན་ལྷ་མོས་ལྕགས་ཀྱི་བྲེ་སོ་ཞིག་ཕུལ་ནས་ཆུའི་འཇིགས་པ་ལས་བསྲུང་ངོ་ཟེར། དཔལ་མགོན་པོས་མཐའ་དམག་གི་འཇིགས་པ་ལས་བསྲུང་ངོ་ཞེས་ཁས་བླངས་ཏེ། ཐམས་ཅད་ཀྱི་གུས་པས་ཞབས་ལ་གཏུགས་ཏེ་རང་རང་གི་གཟུགས་མཛོད་ཅིག་པར་གསོལ་བ་བཏབ། རྒྱལ་པོས་ཀྱང་ཞལ་གྱིས་བཞེས་སོ།།
དེ་ནས་རྒྱལ་པོས་འཁོར་རྣམས་ལ་ནངས་པར་རྟེན་སྤྱན་དྲངས་པའི་བཀའ་བསྒོས་པས། ལྷ་གཅིག་ཁྲི་བཙུན་གྱིས་དགའ་སྟོན་གྱི་ཡོ་བྱད་ཉེར་བསྡོགས་དང་བློན་པོ་རྣམས་ཀྱིས་ཤིང་རྟ་སོགས་སྟ་གོན་བྱས་ནས། ནངས་པར་བུ་མོ་བཅུ་དྲུག་པོས་མཆོད་པ་བྱེད་དུ་འོང༌། བཙུན་མོ་དང་བློན་པོ་རྣམས་ཀྱང་རྟེན་སྤྱན་འདྲེན་དུ་འོངས་པ་ན། དེར་ལྷ་རྣམས་མ་བཞུགས་པར་སྤོས་དང་མེ་ཏོག་ཐོར་རེ་འདུག་པས་ཁོང་རྣམས་འཇིགས་ཏེ་རྟབ་དི་རི་བྱས། དེའི་ཡང་ཐོག་ན་ནེ་ཙོ་སྨྲ་མཁན་ཞིག་ཡོད་པ་ན་རེ། ཁྱེད་རྣམས་ཐུགས་ཅིའི་ཕྱིར་རྟབ་ཟེར་བ་ལ། ལྷ་རྣམས་གར་གཤེགས་ཆ་མེད་པར་གཤེགས་པས་སོ་བྱས་པས། ནེ་ཙོ་དེ་ན་རེ། མདང་ནམ་ཕྱེད་ཙམ་ན་ལྷ་རྣམས་གཅིག་ལ་གཅིག་ཕྱག་བྱས་ཤིང་སྤོས་དང་མེ་ཏོག་གིས་མཆོད་ནས་ཕོ་བྲང་གི་མཐོངས་ཀ་ནས་ཡར་ཐོན་ཏེ་བྱང་ཕྱོགས་བྱེ་མའི་གླིང་གི་ཕྱོགས་ན་ཕར་ཞལ་བལྟས་ནས་གཤེགས་སོང་བས་ང་ཡང་མ་དགའ་བ་ཞིག་བྱུང་ཟེར་སྐད། ཁོང་རྣམས་ཀྱིས་ཕྱོགས་དེར་བལྟར་ཕྱིན་པས། བྱེ་མའི་གླིང་ན་ལྷ་རྣམས་ཀྱི་ཞབས་རྗེས་ལ་པདྨ་དམར་ལམ་ལམ་དུ་འདུག་པ། དེར་རླུང་འཚུབས་གཅིག་བྱུང་བས་ཞབས་རྗེས་རྣམས་མི་གསལ་དུ་སོང་ཞིང་མིག་རྡུལ་གྱིས་གང་སྟེ་ཕར་ཅམ་ཚུར་ཅམ་བྱེད་པའི་ཚེ། དྲེའུ་དཀར་མོ་དེས་ར་ས་ལ་བསྐོར་བ་བྱེད་ཅིང་སྐད་འདོན་ནས་སྣ་ས་ལ་ནོམ་ཞིང་སོང་བའི་ཕྱི་བཞིན་ཕྱིན་པས། ར་སའི་གཙང་ཁང་བྱང་མ་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་པོ་གདན་ཁྲི་མེད་པར་གྲལ་བྱས་ཏེ་བཞེངས་ནས་འདུག་པ་ལ། རྒྱལ་པོ་ཐུགས་དགྱེས་ཤིང་བློན་པོ་རྣམས་ངོ་མཚར་སྐྱེས་ནས་ཕན་ཚུན་གཅིག་ལ་གཅིག་བལྟ་ཞིང་ཐལ་མོ་སྦྱར་ཏེ་མོས་གུས་བྱེད། བུ་མོ་བཅུ་དྲུག་པོས་རྟེན་ལ་མཆོད་ཅིང་བསྟོད་པར་བྱེད་དོ།།
དེ་ནས་རྒྱལ་པོས་བལ་པོའི་ལྷ་བཟོ་བ་ལ་བཀའ་བསྒོས་ཏེ་ཀ་བ་ཤིང་ལོ་ཅན་གྱི་འགྲམ་དུ་ཚོན་རྩི་དང་པིར་སོགས་སྟ་གོན་བྱས། དེའི་སང་ཉིན་ལྷ་ཇི་ལྟར་འབྲི་བ་བགྲོ་བའི་ཕྱིར་རྒྱལ་བློན་བཟོ་བོར་བཅས་པ་ལྷ་ཁང་དུ་བྱོན་པ་དང༌། ལྷོ་ངོས་ཀྱི་ལོགས་ལ་ཁ་སརྤ་ཎི་འཇིགས་པ་བརྒྱད་སྐྱོབ་ཀྱི་གླིང་དང་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་གླིང་གཉིས་ཁ་དོག་རྫོགས་པར་བྲིས་པ་ལས་ལྷག་པར་རང་བྱུང་དུ་བྱོན་ནས་འདུག་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་ཕྱག་མཆོད་བྱས། སྤྲུལ་པའི་བཟོ་བོ་དེས་གཞན་རྣམས་བྲིས་སོ། །དེ་ནས་ཆོས་ཀྱི་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་བཀའ་སྩལ་པ། ཁྱོད་ཀྱིས་ང་དང་ཡབ་ཀྱི་ཐུགས་དགོངས་སྐོང་བ་དང་ཆད་བཙན་པའི་ཕྱིར། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་ཁ་བ་ཅན་པའི་མི་དང་མི་མ་ཡིན་པ་ཐམས་ཅད་ལ་ཕྱག་དང་མཆོད་པའི་རྟེན་མང་དུ་བཞེངས། ངའི་ཆོས་ཀྱི་བཀའ་སྲོལ་ཐོག་མར་བཏོད་པའི་གྲོགས་ཀྱང་ཁྱོད་ཀྱིས་བྱས་པ་ཡིན། སླར་ཡང་ནག་པོའི་ཕྱོགས་འགྲིབ་ཅིང་དཀར་པོའི་ཕྱོགས་དར་བའི་ཕྱིར་ལྷ་ཁང་འདི་ཁྱོད་ཀྱིས་ཚར་བར་གྱིས་ཤིག ལྷ་གཅིག་ཁྱོད་ཀྱི་ཡབ་རྒྱལ་པོ་དང་གཉེ་བོ་རྣམས་ཆད་བྱས་ནས། ངས་བོད་ཡུལ་འདིར་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་སྒོ་བལ་ཡུལ་དུ་སྟོན་པར་ཆད་པས་ད་དེ་རྣམས་བཞེངས་པའི་ཕྱིར་འགྲོའོ་ཞེས་བཀའ་སྩལ་པས། ལྷ་གཅིག་མཉེས་ཏེ་བཀའ་བཞིན་བགྱིད་འཚལ་ཞེས་གསོལ་ནས་བར་ཁང་སོགས་ལྷག་མ་ཐམས་ཅད་ཚང་བར་མཛད། དེ་ཡང་མཐིལ་ཞལ་ཐམས་ཅད་བཻ་ཌཱུརྱ་སྔོན་པོ་ལྟར་དྭངས་པ་ཆུའི་རི་མོ་ཅན་ལ། སྟེང་ཁང་གི་ཉ་དང་ཆུ་སྲིན་དང་བྱ་ལ་སོགས་པའི་རི་མོ་དང་འཕྲུལ་གྱི་གཟུགས་རྣམས་སྣང་བ་དང༌། ཀ་བ་ཐམས་ཅད་རྡོ་རྗེ་ཕུར་བུའི་དབྱིབས་ཀ་ཞུ་གདུང་མ་གདུང་ཁེབས་སོགས་བརྩེགས་ལེགས་ཤིང་དབྱིབས་སྣ་ཚོགས་པ་ཅན་དུ་བྱས། སྡིངས་འོག་གི་མཐོངས་ཀའི་ཕྱམ་སྣ་ཐམས་ཅད་སེང་གེ་དཀར་མོ་གཡུ་རལ་ཅན་བརྒྱ་རྩ་བརྒྱད་འཕྱོངས་པ་ལྟར་བྱས། རྩིག་པ་ཐམས་ཅད་ཀྱང་སོ་ཕག་ཁ་དོག་སྣ་ལྔ་པས་བར་ཁྲུ་རེ་ལྷག་ཙམ་དུ་བཞག་ནས་ཕྱི་ནང་ལྔ་རིམ་དུ་བརྩིགས་ཏེ་སྐབས་སུ་ཐོག་ཕུབ་ཅིང་ཡང་བརྩིགས་ནས་གཞལ་ཡས་ཁང་གི་ཚུལ་ཅན་དུ་བྱས། སྟེང་གི་ཕ་གུ་དང༌། མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་དང༌། གཡུ་པད་སྔོན་པོ་ཤིན་ཏུ་མཛེས་པའི་མདའ་ཡབ་དང་ཤར་བུ་ཅན་ཐམས་ཅད་རིན་པོ་ཆེས་བརྒྱན་པ། དར་གྱི་ཅོད་པན་དང༌། གདུགས་དང༌། རྒྱལ་མཚན་དང༌། རྔ་ཡབ་དང༌། ཁོར་ཡུག་ལྕགས་ཐག་གིས་བསྐོར་བ་དང་བཅས་པ་ལས་དྲིལ་བུའི་ཚོགས་ཀྱིས་ཆོས་སྒྲ་འཁྲོལ་བ། དེའི་སྟེང་དུ་གསེར་གྱི་གཉྫི་ར་གཟི་འོད་རབ་ཏུ་འབར་བས་སྤྲས་པར་བྱས་སོ།།
གཙང་ཁང་གི་ལྷ་གཞན་རྣམས་ཀྱང་རྒྱལ་པོས་ཇི་ལྟར་གཟིགས་པ་བཞིན་དུ་ཙནྡན་གྱི་ལྡེ་གུ་རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་དང་དར་ཟབ་སྦྱར་བའི་རྒྱུ་ལས་སོ་སོར་བཞེངས། དཀྱིལ་འཁོར་རིས་ཀྱི་སྒོ་འགྲམ་གཡས་སུ་གནོད་སྦྱིན་གྱི་ཁང་པ་དང་གཡོན་དུ་ཀླུའི་ཁང་པ་མཛད། ཤར་ལྷོའི་གཡུང་དྲུང་ཁུག་ཏུ་ཟུར་ལྕོག་སྟེང་ཁང་གྲུ་སྐས་དང་བཅས་པ་བྱས་ཏེ་དཔལ་ལྡན་ལྷ་མོའི་རྟེན་བཙུགས། ལྷོ་ཕྱོགས་ན་རང་བྱུང་གི་རི་མོའི་གླིང་གཉིས་ཀྱི་ཁར་འཇམ་དབྱངས་དང་བདེ་བ་ཅན་གྱི་ཞིང་བཀོད། ལྷོ་ནུབ་ཏུ་རིགས་གསུམ་མགོན་པོ། ནུབ་ཕྱོགས་ལ་རིགས་ལྔ་དང་སྤྲུལ་པའི་ཆོས་རྒྱལ་གྱི་རྣམ་ཐར། ནུབ་བྱང་དུ་དུས་གསུམ་སངས་རྒྱས། བྱང་དང་བྱང་ཤར་ལ་ཐུབ་པའི་མཛད་རྣམ། ཤར་ལོགས་ལ་སྒྲོལ་མ་དང་སྤྱན་རས་གཟིགས་དང་ཐུབ་པ་བདུད་འདུལ་སེམས་དཔའི་ཚོགས་བཅས། ཤར་ལྷོ་སྨན་པའི་རྒྱལ་པོའི་ལྷ་ཚོགས། བར་ཁང་དུ་རྟ་མགྲིན་དཀར་པོ་དང་ཇོ་མོ་སྒྲོལ་མ་སོགས་ལེགས་པར་བྲིས། གདུང་རྣམས་ལ་མངོན་པའི་རྒྱུད་རིས། གདུང་རྩར་མདོ་སྡེའི་རྒྱུད་རིས། ཀ་བ་ལ་འདུལ་བའི་རྒྱུད་རིས་ཏེ་མ་འོངས་པའི་དབོན་སྲས་དང་རབ་བྱུང་གི་དོན་དུ་སྡེ་སྣོད་གསུམ་གྱི་རྒྱུད་རིས་རྣམས་བྲིས། ཕྱི་རབས་རྣམས་ཀྱིས་རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་གག་སྤང་དང་ཀ་ཞུ་དང་གདུང་ཕྲན་སོགས་ལ་སྒྲུང་དང་ལྡེའུ་དང་བོན་ཤ་བ་ནམ་མཁའ་ལ་འགྲོ་བ་སོགས་བྲིས། བོན་གྱི་དཔེ་ཕལ་ཆེར་ཀ་བའི་འོག་ཏུ་སྦས། རི་མོ་རྣམས་མ་འོངས་པ་ན་ཉམས་པ་གསོ་བའི་ཆེད་དུ་ཕྱི་མོ་བེ་བུམ་དུ་བྱས་ཏེ་དཀོར་མཛོད་དང་ཀེ་ཚང་དུ་བཞག་གོ །ར་སའི་ལྷ་ཁང་རྨང་མ་ཐིང་གི་བར་དུ་ཀོང་ཇོ་ལ་ལྷ་ཁང་བརྩིག་པའི་དབང་མ་བྱུང་བས། ར་མོ་ཆེར་ཀ་བའི་བར་དུ་ཤིང་དང་ལོ་མས་བརྩིགས་པ་སྒོ་ཤར་དུ་ཕྱེ་བའི་ཞལ་དང་པོ་ནུབ་ཏུ་གཟིགས་པ་དེ་ཕྱིས་སུ་ཤར་དུ་རང་འགྱུར་དུ་བྱུང༌། དེ་ནས་སླར་སོ་ཕག་གིས་ལེགས་པར་བརྩིགས་ཏེ་རྒྱ་ཕུབ་སྟག་ལྟར་བཀྲ་བས་ན་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་དུ་གྲགས། ཞང་ཞུང་བཟའ་ལི་ཐིག་སྨན་གྱིས་ཐེམ་བུ་བཀོག་པའི་ལྷ་ཁང་བཞེངས། རུ་ཡོངས་བཟས་བྲག་ལྷ་ཀླུ་ཕུག་གི་རང་བྱུང་རྣམས་གསལ་བར་བརྐོས། མོང་བཟའ་ཁྲི་ལྕམ་གྱིས་ཡེར་པའི་གཙུག་ལག་ཁང་བཞེངས་སོ།།
དེ་ནས་སྤྲུལ་པའི་རྒྱལ་པོས་བློན་པོ་ཆེན་པོ་བཅུ་དྲུག་དང་བཅས་པའི་སྐུའི་སྣང་བ་བོད་ཡུལ་ཐམས་ཅད་དུ་སོ་སོར་བསྟན་ནས། ནུབ་ཕྱོགས་བལ་པོའི་ཡུལ་དུ་སྒོ་བསྟན་པའི་ལྷ་ཁང་བརྒྱ་རྩ་བརྒྱད་དང༌། རྒྱའི་སོ་ཁ་ཕྱིར་འཕུལ་བ་དང་རྒྱ་རྗེ་ལ་ཞལ་གྱིས་བཞེས་པ་ཆད་བཙན་པར་བྱ་བའི་ཕྱིར་རྒྱ་ནག་རི་བོ་རྩེ་ལྔའི་བར་དུ་ལྷ་ཁང་བརྒྱ་རྩ་བརྒྱད་སྒོ་རྒྱ་ནག་ལ་བསྟན་པ་རྣམས་བཞེངས་པར་མཛད་ཅིང༌། དེ་ཐམས་ཅད་ཀྱི་མཐར་མེ་ཉག་ར་བ་སྒང་དུ་ཡོངས་རྫོགས་རབ་དགའི་ལྷ་ཁང་བཞེངས་པར་མཛད་པ་སྟེ། མཐའ་འདུལ་ནས་འདིའི་བར་གྱི་ལྷ་ཁང་རེ་རེ་ལ་ཡང་ངོ་མཚར་བའི་ལོ་རྒྱུས་མང་དུ་ཡོད་པར་སྣང་ངོ༌། །དེ་རྣམས་ལོ་བཅུ་གསུམ་གྱི་རིང་ལ་ཐེམས་པར་མཛད་དེ། རྒྱལ་པོ་ཆེན་པོ་ཕོ་བྲང་དུ་གདན་འཁོད་པ་ཉིད་ན་ར་སར་སྤྱན་དྲངས་པས། དེར་མཐིལ་ཞལ་ཆུ་འདྲ་བའི་ནང་དུ་འཕྲུལ་གྱི་གཟུགས་བརྙན་རྣམས་གཡོ་བ་ལྟར་གཟིགས་ཏེ་མཚོ་དེ་བརྡོལ་ནས་སྣང་བ་གསུངས་སྐད། བལ་བཟས་མཚོ་མ་ལགས་བྱས་པས། རྒྱལ་པོས་ཆིབས་ལྕག་བོར་བ་ཆུ་སྟེང་དུ་ལྡིང་བ་འདྲ་བ་ཞིག་བྱུང་ནས་ཐུགས་མ་ཆེས། དེར་ཁྲི་བཙུན་གྱིས་རིན་པོ་ཆེའི་སོར་གདུབ་བོར་བས་སིང་སྒྲ་ཁྲ་ལ་ལ་གྲགས་ནས་དཀྱིལ་འཁོར་གྱི་རྩར་སོང་བས། རྒྱལ་པོ་གཟོད་ཐུགས་ཆེས་ཏེ་ལྷ་ཁང་རྣམས་སུ་བྱོན་ནས་གཟིགས་པས་སྤྲུལ་པའི་སྐུ་དངོས་སུ་མཁྱེན། སྟེང་ཁང་དུ་གཟིགས་ནས་ཁྱོད་ཀྱི་ཤིང་བཟོ་བ་ལ་སོགས་པ་འདི་རྣམས་ཤིན་ཏུ་ལེགས་པ་འདུག་སྟེ་ངའི་འཕྲུལ་གྱི་བཟོ་དང་ཁྱད་མི་སྣང་གསུངས་པ་ལས་འཕྲུལ་སྣང་དུ་མཚན་ཐོགས་ཤིང༌། དེ་ཡང་དང་པོ་ར་ལ་ས་བཀལ་བས་ར་ས་འཕྲུལ་སྣང་དུ་མཚན་ཆགས། གཞན་ཡང་ལྷ་ཀླུ་མི་དང་གནོད་སྦྱིན་དགའ་བས་དགའ་བཞི་འཕྲུལ་གྱི་ལྷ་ཁང་ཞེས་ཀྱང་གྲགས་སོ། །ཀོང་ཇོས་ཀྱང་རྒྱལ་པོ་ར་མོ་ཆེར་སྤྱན་དྲངས་ཏེ་ལྷ་ཁང་གཟིགས་སུ་གསོལ་བས་རབ་ཏུ་དགྱེས་པ་ཐོབ། བཙུན་མོ་གཞན་གསུམ་གྱིས་ཀྱང་རང་རང་གི་ཐུགས་དམ་གྱི་ལྷ་ཁང་གཟིགས་སུ་ཕུལ་བར་བྱས་སོ།།
དེ་ལྟར་གཙུག་ལག་ཁང་ཡོངས་སུ་རྫོགས་པ་བཞེངས་གྲུབ་པ་ན། རབ་ཏུ་གནས་པའི་དགའ་སྟོན་གྱི་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་བཤམས་ཏེ། ཆོས་རྒྱལ་ཡབ་ཡུམ་བློན་འབངས་དང་བཅས་པ་དཀྱིལ་འཁོར་སྟེང་དུ་བྱོན། རྒྱལ་པོས་ཕྱག་ཏུ་མེ་ཏོག་གི་ཕྲེང་བ་བཟུང་ནས་ཐལ་མོ་སྦྱར་ཏེ་བདེན་ཚིག་བརྗོད་པ་འདི་ལྟ་སྟེ། རྐང་གཉིས་གཙོ་བོ་ཐུབ་དབང་ཤཱཀྱའི་སྲས། །གྲངས་མེད་སྤྲུལ་པས་འགྲོ་བའི་དོན་མཛད་པ། །སྟོན་པ་བདེ་བར་གཤེགས་པ་ལ་སོགས་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བདེ་ལེགས་སྩོལ། །ཐབས་མཁས་ཐུགས་རྗེ་ལྡན་པའི་ཆུ་རྒྱུན་གྱིས། །གང་ལ་གང་འདུལ་སྨིན་ཅིང་གྲོལ་བར་མཛད། །རྗེ་བཙུན་སྤྱན་རས་གཟིགས་དབང་ལ་སོགས་པ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདེ་ལེགས་སྩོལ། །རྣམ་དག་དྲི་མ་མེད་པ་རྒྱལ་བའི་བཀའ། །བསྡུ་བ་རྣམ་བཞིས་དམ་ཆོས་རྒྱས་མཛད་པ། །རྒྱལ་སྲས་གནས་བརྟན་རབ་འབྱོར་ལ་སོགས་པ། །འཕགས་པའི་གནས་བརྟན་རྣམས་ཀྱིས་བདེ་ལེགས་སྩོལ། །གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ན། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །གནས་འདིར་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསུངས་ཤིང་མེ་ཏོག་འཐོར་བར་མཛད་པ་ན། ཡེ་ཤེས་སེམས་དཔའི་ཚོགས་ནམ་མཁའ་གང་བར་མངོན་སུམ་དུ་བྱོན་ཏེ་དམ་ཚིག་པ་ལ་དབྱེར་མེད་དུ་བརྟན་པར་གྱུར་པ་ལ། བར་སྣང་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་རང་འཁྲོལ། དྲི་ཞིམ་པོའི་སྤོས་ངད་ཀྱིས་གོ་མཚམས་མེད་པར་ཁྱབ། ལྷ་དང་ལྷ་མོ་རྣམས་ཀྱིས་བསྟོད་པའི་དབྱངས་སྙན་པོས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ་མངོན་པར་བསྟོད་པ་སོགས། དེར་འདུས་པའི་བློན་འབངས་ཕལ་ཆེ་བས་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་མངོན་སུམ་དུ་མཐོང་བས་ཤིན་ཏུ་ངོ་མཚར་སྐྱེས་ནས་རྒྱལ་པོ་ཉིད་ལ་བསྔགས་པར་བྱེད་དོ།།
དེ་ནས་རྒྱལ་པོ་ཡབ་ཡུམ་བློན་འབངས་བཅས་བཀྲ་ཤིས་པའི་དགའ་སྟོན་གྱི་གྲལ་བཤམས་པ་ལ་འཁོད་ཅིང༌། བཟའ་བཅའ་བཏུང་བའི་འདོད་ཡོན་ལྷའི་ཞལ་ཟས་ལྟ་བུ་ལ་ལོངས་སྤྱོད་པའི་ཚེ། རྒྱལ་པོས་དགྱེས་པའི་གླུ་གསུངས་པ་འདི་ལྟར། ཐུགས་རྗེའི་བདག་ཉིད་དཀོན་མཆོག་གསུམ། །ཐར་པའི་ལམ་སྟོན་སྤྱན་རས་གཟིགས། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །བཀྲ་ཤིས་པའི་གླུ་ལ་དགོངས་སུ་གསོལ། །དེ་རིང་མདུན་གྱི་ནམ་མཁའ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྤྲིན་ཕུང་ལྟ་བུར་བཞུགས་པ་མཐོང༌། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །ཚངས་པ་ལ་སོགས་ལྷ་རྣམས་ཀྱིས། །སིལ་སྙན་རོལ་མོའི་སྒྲ་ཡང་འཁྲོལ། །མེ་ཏོག་མནྡའི་ཆར་ཕབ་པས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །ནག་པོའི་ཕྱོགས་ལས་རྣམ་པར་རྒྱལ། །བདུད་དཔུང་བཅོམ་པའི་མཐུ་དཔལ་གྱིས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །དམ་པའི་ཆོས་ཀྱི་རྔ་ཆེན་བརྡུངས། །དུག་ལྔ་གཏི་མུག་རང་སར་ཞི། །དཀོན་མཆོག་གསུམ་གྱི་རྔ་སྒྲ་ཡིས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །དེ་རིང་སྐྱིད་པའི་ཉི་མ་ཤར། །རང་དབང་མེད་པའི་དགའ་སེམས་སྐྱེས། །འདོད་རྒུའི་ལོངས་སྤྱོད་ཆར་བཞིན་བབས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །ཡི་དམ་ལྷ་ཡི་བཀྲ་ཤིས་ཀྱིས། །སྲོང་བཙན་སྒམ་པོ་བཀྲ་ཤིས་པས། །བཀྲ་ཤིས་གླུ་རུ་བླངས་པ་ཡིན། །ངའི་བོད་འབངས་རྣམས་ལ་བཀྲ་ཤིས་ཤོག །ཅེས་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་པས་དེར་འདུས་པའི་སྐྱེ་བོ་རྣམས་དགའ་མགུ་ཡི་རངས་ཀྱི་གནས་ལ་བཀོད་པ་དང༌། གཞན་ཡང་གླུ་གར་གྱི་ལྟད་མོ་ལ་སོགས་པ་བོད་འབངས་རྣམས་ཀྱི་ཡིད་དང་མཐུན་པའི་དགའ་སྟོན་རྒྱ་ཆེན་པོ་ལོ་ཟླ་མང་པོར་མཛད་དོ། །སྐབས་འདི་དག་གི་ཚེ། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤང་ཀ་ར། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་ཡཱ་ན་ལ་སོགས་པ་སྤྱན་དྲངས། ལོ་ཙཱ་བ་ཐོན་མི་དང་དེའི་སློབ་བུ་དྷརྨཱ་ཀོ་ཤ་སོགས་ཀྱིས་བྱས་ཏེ། མདོ་སྡེ་ཟ་མ་ཏོག་བཀོད་པ་སོགས་སྡེ་སྣོད་གསུམ་དང༌། རྒྱུད་ཀྱི་ཆ་ལག་མང་རབས་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད་པར་མཛད།