རབ་བྱེད་བཅུ་གཉིས་པ་ལྟ་བ་དགག་པ་བསྒོམ་པ་བསྟན་པ།
༼༈ གཉིས་པ་ལྟ་བ་བདག་མེད་ཟབ་མོའི་རྣལ་འབྱོར་ལ། གང་ལ་བསྟན་པར་བྱ་བའི་སྣོད་ཀྱི་ཁྱད་པར་དང༌། གང་འཆད་པར་བྱ་བའི་ཆོས་ཀྱི་ཁྱད་པར་གཉིས། དང་པོ་ལ།
སྣོད་ལྡན་གང་ཟག་གི་ཆེ་བ་བརྗོད་པ་དང༌། སྣོད་མིན་གང་ཟག་གི་ཉེས་སྐྱོན་བཤད་པ། དེ་ལྟར་དབྱེ་བའི་གྲུབ་དོན་བསྡུ་བ་གསུམ། དང་པོ་ནི།༽
གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད།།
སྨྲ་པོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པོ་ལ་ཡང་མིན།།
སྟོན་པ་བདེ་བར་གཤེགས་པས་བདག་མེད་སྟོང་པ་ཉིད་ཀྱི་དོན་རྒྱ་ཆེར་བསྟན་ཅིང༌། ཁྱོད་ཀྱིས་ཀྱང་བདག་མེད་པའི་དོན་ཆེས་གསལ་ཞིང་རྒྱས་པར་བཤད་ན། འོ་ན་འདི་ཉན་པ་པོ་སུ་ཞིག་ལ་བསྟན་པར་བྱ་ཞེ་ན། དེ་ནི་རང་ཕྱོགས་ལ་རྗེས་སུ་ཆགས་པ་དང་གཞན་ཕྱོགས་ལ་ཞེ་སྡང་བ་དང་བྲལ་བའི་གཟུ་བོར་གནས་པ་དང༌། ལེགས་བཤད་དང་ཉེས་བཤད་ཀྱི་དོན་ལ་རྣམ་པར་དཔྱོད་པའི་བློ་དང་ལྡན་པ་དང༌། ལེགས་བཤད་དོན་དུ་གཉེར་བའི་མོས་པ་དང་ལྡན་པ་སྟེ་ཁྱད་ཆོས་གསུམ་ལྡན་གྱི་གང་ཟག་དེ་ནི་ཉན་པ་པོ་ཆོས་ཀྱི་སྣོད་དུ་གྱུར་པ་ཞེས་བྱ་བར་བཤད་དེ། དེ་ལྟ་བུའི་སྣོད་ཀྱི་ཁྱད་པར་དང་ལྡན་པ་ལ་བཤད་ན་སྨྲ་བ་པོའི་ཡོན་ཏན་ལ་རྣམ་པ་གཞན་དུ་སྐྱོན་དུ་མཐོང་བར་མི་འགྱུར་ཞིང༌། ཉན་པ་པོ་ལ་ཡང་ཡོན་ཏན་ཁོ་ན་ལས་གཞན་སྐྱོན་འབྱུང་བ་མིན་ནོ།།
༼གཉིས་པ་ལ། གཟུ་བོར་མི་གནས་པའི་སྐྱོན་བསྟན་པ་དང༌། རྣམ་དཔྱོད་མི་ལྡན་པའི་སྐྱོན་བསྟན་པ། དོན་གཉེར་མི་ལྡན་པའི་ཉེས་སྐྱོན་བསྟན་པ་གསུམ། དང་པོ་ལ། དངོས་དང༌།
འཕྲོས་དོན་གཉིས། དང་པོ་ནི།༽
སྲིད་དང་སྲིད་ཐབས་ཞི་བ་ཡི། །ཐབས་དང་དེ་བཞིན་ཞི་གསུངས་ཏེ།།
འཇིག་རྟེན་ཡོངས་སུ་མི་ཤེས་གང༌། །དེ་ནི་ཐུབ་པའི་ལྟ་བུར་མངོན།།
ཐམས་ཅད་བཏང་བས་མྱ་ངན་ལས། །འདའ་བར་ཡ་མཚན་ཅན་ཀུན་འདོད།།
ཀུན་སུན་འབྱིན་ལ་དེ་དག་ནི། །མི་དགར་འགྱུར་བ་རྒྱུ་ཅི་ཞིག།
དེ་ལ་བཅོམ་ལྡན་འདས་ཀྱིས་ཟག་བཅས་འབྲས་འགྱུར་གྱི་སྲིད་པ་སྡུག་བསྔལ་གྱི་བདེན་པ་དང༌། སྲིད་པའི་ཐབས་རྒྱུ་ཀུན་འབྱུང་གི་བདེན་པ་དང༌། འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་གྱི་ཞི་བ་ཡི་ཐབས་ལམ་གྱི་བདེན་པ་དང༌། དེ་བཞིན་དུ་སྡུག་ཀུན་ཉེ་བར་ཞི་བ་འགོག་པའི་བདེན་པ་སྟེ་ལམ་འཕགས་པའི་བདེན་པ་བཞི་གསུངས་ཀྱང༌། དེ་ལ་འཇིག་རྟེན་པ་རྣམས་བློ་གཟུ་བོར་མི་གནས་པའི་དབང་གིས་བདེན་བཞིའི་དོན་ཟབ་མོ་རང་གིས་ཡོངས་སུ་མི་ཤེས་པའི་སྐྱོན་གང་ཡིན་པ་དེ་ནི། རང་སྐྱོན་དུ་མི་སེམས་པར་ད་དུང་ཐུབ་པས་ཇི་བཞིན་མ་བསྟན་པའི་སྐྱོན་ལྟ་བུར་མངོན་པར་འཛིན་ཏོ། །གལ་ཏེ་བློ་གཟུ་བོར་གནས་ན་ཀུན་ནས་ཉོན་མོངས་པའི་དངོས་པོ་ཐམས་ཅད་བཏང་བས་མྱ་ངན་ལས་འདའ་བར་གྲངས་ཅན་པ་སོགས་ཡ་མཚན་ཅན་ཀུན་གྱིས་འདོད་པས་ནི། སྟོན་པ་སངས་རྒྱས་ཀྱིས་བདག་དང་བདག་གིར་འཛིན་པ་ཀུན་སྟོང་པར་བསྟན་པའི་སྒོ་ནས་ཀུན་ཉོན་ཕྱོགས་སུན་འབྱིན་པར་བྱས་པ་ལ་ཡ་མཚན་ཅན་དེ་དག་ནི་མི་དགའ་བར་འགྱུར་བ་ལ་རྒྱུ་ཅི་ཞིག་ཡོད། འོན་ཀྱང་གཟུ་བོར་མི་གནས་པའི་དབང་ལས་སྐྱོན་དུ་མཐོང་བར་ཟད་དོ།།
༼གཉིས་པ་ནི།༽
གང་ཞིག་གཏོང་ཐབས་མི་ཤེས་དེ། །ཅི་ཞིག་གཏོང་བར་བྱེད་པར་འགྱུར།།
དེས་ན་ངེས་པར་ཐུབ་པ་ཡིས། །གཞན་དུ་ཞི་བ་མེད་ཅེས་གསུངས།།
འོ་ན་ཡ་མཚན་ཅན་རྣམས་ཀྱང་དེ་ལྟར་ཁས་ལེན་ན་ཁྱད་པར་ཅི་ཞིག་ཡོད་སྙམ་ན། མུ་སྟེགས་ཅན་གང་ཞིག་ཀུན་ཉོན་ཕྱོགས་སྤོང་བའི་བསམ་པ་ཙམ་ཡོད་ཀྱང་གཏོང་བའི་ཐབས་ཡོངས་སུ་མི་ཤེས་པ་དེ་ནི་ཅི་ཞིག་གཏོང་བར་བྱེད་པར་འགྱུར། དེས་ན་ངེས་པར་ཐུབ་པ་རྫོགས་པའི་སངས་རྒྱས་དེ་ཡིས་ཆོས་འདི་ལས་གཞན་དུ་གྱུར་པ་ལ་ཞི་བ་ཐོབ་པ་མེད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་པ། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཤེས་གྱིས། །ཞེས་གསུངས་སོ།།
༼གཉིས་པ་ནི།༽
སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ།།
དེ་ཡིེས་སྟོང་པ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ།།
གང་གིས་འཇིག་རྟེན་འདི་མཐོང་དཀའ། །དེ་ནི་གཞན་ལ་བླུན་པ་ཉིད།།
གང་དག་དེ་རྗེས་འགྲོ་དེ་དག།།ཤིན་ཏུ་ཡུན་རིང་བསླུས་པར་འགྱུར།།
སངས་རྒྱས་ཀྱིས་གསུངས་པའི་བདེན་པ་བཞི་ཡི་དོན་ཟབ་མོ་གཞལ་བྱ་ལྐོག་གྱུར་གྱི་དོན་ལ་གང་ཟག་གང་ཞིག་བློ་རྣམ་དཔྱོད་དང་མི་ལྡན་པའི་སྐྱོན་གྱིས་ཇི་བཞིན་མ་རྟོགས་པར་དེ་ལྟར་མིན་ནོ་སྙམ་དུ་ཐེ་ཚོམ་སྐྱེ་བར་འགྱུར་བ་ཡིན་ནོ། །གང་ཚེ་ཐེ་ཚོམ་ཙམ་སྐྱེས་པ་དེ་ཡིས་ནི་སྟོང་པ་ཉིད་ཀྱི་དོན་ལ་བརྟེན་ནས་ཤེས་རབ་གསུམ་གྱི་བློ་ཡོངས་སུ་སྦྱངས་ཏེ་འདི་ཉིད་ཁོ་ནར་ངེས་པའི་ཤེས་པ་གཏིང་ཚུགས་པའི་སྒོ་ནས་ཡིད་ཆེས་པར་བྱ་དགོས་སོ། །དེ་ལྟ་མིན་པར་མུ་སྟེགས་བྱེད་གང་གིས་གཞལ་བྱ་མངོན་གྱུར་འཇིག་རྟེན་འདི་ཉིད་ཀྱི་དངོས་པོ་རགས་པ་རྣམས་ཀྱང་ཇི་བཞིན་མཐོང་བར་དཀའ་ན། དེ་ནི་དེ་ལས་གཞན་གཞལ་བྱ་ལྐོག་གྱུར་གྱི་དོན་ལ་ཆེས་ཤིན་ཏུ་བླུན་པར་གྱུར་པ་ཉིད་ཁོ་ནའོ། །རྨོངས་པ་གང་དག་བློ་རྣམ་དཔྱོད་དང་བྲལ་བའི་སྐྱོན་གྱིས་དེ་དག་གི་རྗེས་སུ་འགྲོ་བ་དེ་དག་ཤིན་ཏུ་ཡུན་རིང་པོར་ཡ་མཚན་ཅན་དེ་དག་གིས་བསླུས་ཏེ་ཡོངས་སུ་འཁྱམས་པར་འགྱུར་རོ།།
༼གསུམ་པ་ལ། རྣམ་བྱང་རྒྱུ་འབྲས་ལས་ཉམས་པའི་ཚུལ་དང༌། ཀུན་ཉོན་འཁོར་བ་མི་ལྡོག་པའི་སྐྱོན་དང༌། ཟབ་མོ་ལྟ་བའི་དོན་ལ་མོས་པར་གདམས་པ་གསུམ། དང་པོ་ལ། ཐོབ་བྱ་འབྲས་བུ་ལས་ཉམས་པའི་སྐྱོན། གཞི་ལྟ་བ་ལས་ཉམས་པའི་སྐྱོན། ལམ་འཇུག་ལྡོག་ལས་ཉམས་པའི་སྐྱོན་བསྟན་པ་གསུམ། དང་པོ་ནི།༽
མྱ་ངན་འདས་པར་རང་འགྲོ་གང༌། །དེ་ནི་ཤིན་ཏུ་བྱ་དཀའ་བྱེད།།
འདྲེན་པའི་སླད་བཞིན་དམ་པ་ནི། །མ་ཡིན་ཡིད་འགྲོ་སྤྲོ་མ་ཡིན།།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གིས་རྙེད། །ཅེེས་གསུངས་པ་ལྟར་སྟོན་པ་བདེ་བར་གཤེགས་པ་ཉིད་ཀྱིས་གནས་ལུགས་ཟབ་མོའི་དོན་ཐུགས་སུ་ཆུད་དེ་ཞི་བ་མྱ་ངན་ལས་འདས་པར་རང་ཉིད་འགྲོ་བར་མཛད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ངོ་མཚར་བའི་བྱ་དཀའ་བ་བྱས་པ་ཉིད་དོ། །དེ་ལྟར་ན་ཡང༌། འདྲེན་པའི་སླད་བཞིན་དུ་ཡང་དམ་པ་ནི་མ་ཡིན་པའི་གང་ཟག་རྣམས་ནི་དོན་གཉེར་གྱི་མོས་པ་མེད་པའི་སྐྱོན་གྱིས་ཡིད་འགྲོ་བར་སྤྲོ་བ་མ་ཡིན་ནོ།།
༼གཉིས་པ་ནི།༽
མ་མཐོང་སྐྲག་པ་མི་རྩོམ་སྟེ། །མཐོང་ན་རྣམ་ཀུན་དེ་ལྡོག་འགྱུར།།
དེས་ན་ངེས་པར་ཅུང་ཟད་ཅིག །ཤེས་ལ་སྐྲག་པར་བརྗོད་པར་བྱ།།
སྤྱིར་ཟབ་མོ་སྟོང་ཉིད་ཀྱི་དོན་མ་མཐོང་ན་སྐྲག་པ་མི་རྩོམ་སྟེ་ཕྱོགས་ཙམ་ཡང་མ་མཐོང་བའི་ཕྱིར། ཇི་བཞིན་མཐོང་ན་རྣམ་པ་ཀུན་ཏུ་རྒྱུ་མཚན་ཤེས་པའི་སྒོ་ནས་སྐྲག་པ་དེ་ལྡོག་པར་འགྱུར་བ་དེས་ན་ངེས་པར་ཅུང་ཟད་ཅིག་ནི་ཤེས་ལ་མོས་པ་མེད་པའི་གང་ཟག་རྣམས་ནི་སྐྲག་པ་སྐྱེ་བར་བརྗོད་པར་བྱའོ།།
༼གསུམ་པ་ནི།༽
བྱིས་རྣམས་ངེས་པར་ཁོ་ནར་ནི། །འཇུག་བྱེད་ཆོས་ལ་གོམས་པ་སྟེ།།
དེ་དག་གོམས་པ་མེད་པ་ཡིས། །ལྡོག་བྱེད་ཆོས་ལ་འཇིགས་པར་འགྱུར།།
བྱིས་པའི་སྐྱེ་བོ་རྣམས་ནི་ངེས་པར་ཁོ་ནར་ནི་བདག་ཏུ་འཛིན་པ་སོགས་འཁོར་བར་འཇུག་བྱེད་ཀྱི་ཆོས་ལ་ཤིན་ཏུ་གོམས་པ་སྟེ། དེའི་ཕྱིར་དེ་དག་དུས་ནམ་ཡང་བདག་མེད་པའི་དོན་ལ་གོམས་པ་མེད་པ་ཡིས་འཁོར་བ་ལྡོག་བྱེད་ཀྱི་ཆོས་བདག་མེད་པར་རྟོགས་པའི་དོན་ལ་མོས་པ་མེད་པར་འཇིགས་ཤིང་སྐྲག་པར་འགྱུར་རོ།།
༼གཉིས་པ་འཁོར་བ་མི་ལྡོག་པའི་སྐྱོན་ནི།༽
གང་ཞིག་གཏི་མུག་འབའ་ཞིག་གིས། །བསྒྲིབས་ཤིང་དེ་ཉིད་གེགས་བྱེད་པ།།
དེ་ལ་དགེ་ལེགས་འགྲོ་བ་ཡང༌། །མེད་ན་ཐར་པ་ག་ལ་ཡོད།།
ཟབ་མོའི་དོན་ལ་མོས་པ་དང་བྲལ་བ་གང་ཞིག་གཏི་མུག་འབའ་ཞིག་གིས་རྒྱུད་བསྒྲིབས་ཤིང་དེ་ཁོ་ན་ཉིད་ཉན་པ་སོགས་ལ་གེགས་བྱེད་པ་དེ་ལ་དགེ་ལེགས་ལྷ་མིའི་འགྲོ་བ་ཡང་མེད་ན་ཐར་པ་ལྟ་ག་ལ་ཡོད་དེ་མེད་དོ།།
༼གསུམ་པ་ཟབ་མོ་ལྟ་བའི་དོན་ལ་མོས་པར་གདམས་པ་ནི།༽
ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ཏེ།།
ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྱུར།།
གལ་ཏེ་ཚུལ་ཁྲིམས་ལས་ནི་ཉམས་པར་གྱུར་ན་ངན་སོང་ནི་རྒྱུ་ཙམ་བྱས་པས་སླ་ཡི། ལྟ་བ་ལས་ནི་ཅིས་ཀྱང་ཉམས་པར་བྱེད་པ་མ་ཡིན་ཏེ། རང་གཞན་གཉིས་ཀ་ཡུན་རིང་དུ་བརླག་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལ་ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་འགྲོ་བའི་རྒྱུ་བྱེད་ལ། ལྟ་བས་ནི་རང་གཞན་ཐམས་ཅད་གོ་འཕང་མཆོག་ཏུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་རབ་ཏུ་འགྲོ་བར་འགྱུར་བས། ཟབ་མོ་ལྟ་བ་མཆོག་གི་དོན་ལ་གཅིག་ཏུ་མོས་པའི་སྒོ་ནས་འཇུག་པར་བྱ་དགོས་པར་གདམས་པའོ།།
༼གསུམ་པ་དེ་ལྟར་དབྱེ་བའི་གྲུབ་དོན་བསྟན་པ་ནི།༽
དམ་པ་མིན་ལ་བདག་འཛིན་མཆོག།།བདག་མེད་སྟོན་པ་མ་ཡིན་ཏེ།།
གཅིག་ནི་ངན་འགྲོ་ཉིད་འགྲོ་ལ། །ཐ་མལ་མ་ཡིན་ཞི་ཉིད་དུའོ།།
དེ་ལྟར་སྣོད་ཀྱི་དབྱེ་བ་ངེས་པར་བྱས་ནས། དམ་པ་མིན་པ་རྣམས་ལ་བདག་འཛིན་དང་མི་འགལ་བའི་ཆོས་བསྟན་པ་ནི་མཆོག་ཡིན་གྱི། དང་པོ་ཉིད་དུ་དེ་ལ་བདག་མེད་པའི་དོན་སྟོན་པར་བྱེད་པ་མ་ཡིན་ཏེ། མདོ་ལས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་སླ་ཡི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་བས་ན་ཅིག་ཤོས་དམ་པ་མིན་པ་ལ་ནི་སྟོང་པ་ཉིད་བསྟན་ན། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་པ་ལྟར། ཕྱིན་ཅི་ལོག་ཏུ་འཛིན་པ་དང་སྤོང་བ་སོགས་ཀྱིས་ངན་འགྲོ་ཉིད་དུ་འགྲོ་ལ། ཐ་མལ་མ་ཡིན་པའི་གང་ཟག་མཆོག་དེ་ལ་སྟོང་པ་ཉིད་བསྟན་པས་ཞི་བ་མཆོག་གི་གོ་འཕང་ཉིད་དུ་འགྲོ་བའོ།།
༼གཉིས་པ་གང་འཆད་པར་བྱ་བའི་ཆོས་ཀྱི་ཁྱད་པར་ལ། ལྟ་བ་བདག་མེད་སྟོང་པའི་རྣལ་འབྱོར་བསྟན་པ་དང༌། ཆོས་དང་ཆོས་མིན་ལམ་གྱི་རབ་དབྱེ་བཤད་པ། ཚུལ་དེས་བླང་དོར་འཇུག་ལྡོག་ལ་གདམས་པ་དང་གསུམ། དང་པོ་ལ། ལྟ་བ་བདག་མེད་སྟོང་པའི་རང་བཞིན། དེ་ཉིད་ཡོངས་སུ་རྟོགས་པའི་བྱེད་ལས་བསྟན་པ་གཉིས། དང་པོ་ནི།༽
ཞི་སྒོ་གཉིས་པ་མེད་པ་དང༌། །ལྟ་བ་ངན་རྣམས་འཇིག་བྱེད་ཅིང༌།།
སངས་རྒྱས་ཀུན་གྱི་ཡུལ་འགྱུར་ལ། །བདག་མེད་ཅེས་ནི་བྱ་བར་བརྗོད།།
ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། གང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་དང༌།
མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་སོགས་ཀྱིས་བསྟན་པ་ལྟར། སྤྱིར་བདག་མེད་སྟོང་པ་ཉིད་ནི་ཞི་བའི་སྒོ་གཉིས་པ་མེད་པའི་ལམ་དུ་གྱུར་པ་དང༌། འདིས་ནི་ལྟ་བ་ངན་པ་རྣམས་ཀྱང་འཇིགས་པར་བྱས་ཤིང་སངས་རྒྱས་ཀུན་གྱི་ཡུལ་དུ་གྱུར་པ་དེ་ལ་བདག་མེད་པ་ཞེས་ནི་བྱ་བར་བརྗོད་པ་ཡིན་ནོ། །དེ་ལ་ཞི་སྒོ་གཉིས་སུ་མེད་པ་ཞེས་དང༌། སངས་རྒྱས་ཀུན་གྱི་ཡུལ་ཞེས་པ་འདི་དག་གི་དོན་ལ། ཟླ་བའི་འགྲེལ་ཆེན་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོར་རང་བཞིན་ཏེ་ཞེས་པས་དགག་བྱ་ངོས་བཟུང༌། དེ་མེད་པ་ནི་བདག་མེད་པའོ་ཞེས་བདག་མེད་སྤྱིར་བསྟན། དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ་ཞེས་པས་དེ་ལ་བྱེ་བྲག་གི་དབྱེ་བས་བདག་མེད་གཉིས་སུ་ཕྱེ། དེ་ལ་གང་ཟག་ཅེས་བྱ་བ་ནི་གང་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པ་སྟེ་ཞེས་པས་གང་ཟག་བརྟེན་ནས་བཏགས་པར་བསྟན། དེ་ནི་ཕུང་པོ་ལྔ་ལ་རྣམ་པ་ལྔས་བཙལ་བ་ན་མི་རྙེད་དོ་ཞེས་པས་གང་ཟག་གི་བདག་མེད་གཏན་ལ་དབབ་ཚུལ་བསྟན། ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བའི་དངོས་པོ་རྣམས་སོ་ཞེས་པས་ཆོས་ཀྱི་ཁྱད་པར་བྱེ་བྲག་ཏུ་བསྟན། དེའི་ཕྱིར་ཆོས་དེ་རྣམས་དང་གང་ཟག་ལ་བདག་ཉིད་ཇི་ལྟ་བའི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེས་པའི་ཕྱིར་དང༌། བརྟེན་ནས་བཏགས་པའི་ཕྱིར་ཞེས་པས་སྤྱིར་ཆོས་དང་གང་ཟག་གཉིས་ཀ་ཡང་བརྟེན་ནས་བཏགས་པའི་ཆོས་ཙམ་དུ་ཁྱད་པར་མེད་པར་བསྟན། བདག་གི་རང་གི་ངོ་བོ་རང་ལ་རག་ལས་ཤིང་གཞན་ལ་རག་མ་ལས་པ་ཡོད་པ་མ་ཡིན་པས་ཞེས་པས་སྤྱིར་ཆོས་ཐམས་ཅད་སྟོང་པར་གཏན་ལ་འབེབས་ཚུལ་བསྟན། གང་ཟག་དང་ཆོས་རྣམས་རང་བཞིན་མེད་པར་རྣམ་པར་བཞག་གོ་ཞེས་པས་སྟོང་ཚུལ་ཆོས་ཅན་གྱི་དབྱེ་བས་བདག་མེད་གཉིས་ཀ་ཡང་སྤྱིར་ཆོས་རང་བཞིན་མེད་པའི་སྟོང་ཉིད་དུ་འདུས་པར་བསྟན། དེ་ལྟར་གཞི་ལྟ་བ་བདག་མེད་གཉིས་སྤྱི་དང་བྱེ་བྲག་གི་ཚུལ་དུ་གཏན་ལ་ཕབ་ནས། རང་བཞིན་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཐོང་བ་རྣམས་ཀྱིས་སྒོམ་པ་ན་ཞེས་པས་གཉེན་པོ་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་བསྟན། ཆོས་དང་གང་ཟག་གཉིས་ལ་ཆགས་པ་ཡོངས་སུ་ཟད་པ་འདྲེན་པར་འགྱུར་ཞེས་པས་སྤང་བྱ་བདག་འཛིན་གཉིས་སྤོང་བར་བསྟན། ཆགས་པ་ཡོངས་སུ་ཟད་པ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ལ་ཞེས་པས་སྤང་བྱ་དེ་གཉིས་ལས་གྲོལ་བའི་རིམ་པས་ཐེག་པ་ཆེ་ཆུང་གི་མྱང་འདས་གཉིས་ཐོབ་པར་བསྟན་ཏེ། དེ་ཉིད་ཀྱི་ཕྱིར། ཟླ་བས། བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་དང༌། དེའི་ཐད་ཀྱི་རང་འགྲེལ་ལས། ཉན་ཐོས་ཀྱིས་ཉོན་སྒྲིབ་སྤོང་བའི་ཕྱིར་གང་ཟག་གི་བདག་མེད་པ་བསྟན་པ་དང༌། བྱང་སེམས་ལ་ཤེས་སྒྲིབ་སྤོང་བའི་ཕྱིར་ཆོས་ཀྱི་བདག་མེད་བསྟན་པའི་ཚུལ་གསུངས་པ་དང་གནད་གཅིག་པ་ལགས་སོ། །རང་བཞིན་མེད་པར་ལྟ་བ་ལས་མ་གཏོགས་པའི་ཆོས་འགའ་ཞིག་དེ་ལྟར་ཆགས་པ་ཡོངས་སུ་ཟད་པའི་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་པས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་པ་ལྟར། བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་ལས་གཞན་ཉོན་ཤེས་ཀྱི་སྒྲིབ་པ་སྤོང་བའི་གཉེན་པོ་མེད་པར་བསྟན། དེ་ལ་ཆོས་རང་བཞིན་མེད་པར་རྟོགས་པས་ཉོན་མོངས་པའི་སྒྲིབ་པ་སྤོང་ཞེས་འཆད་དགོས་ཀྱི། ཤེས་སྒྲིབ་སྤོང་བར་འཆད་མི་རིགས་ཏེ། ཆགས་པ་ཡོངས་སུ་ཟད་པའི་རྒྱུ། །ཞེས་བཤད་པའི་ཕྱིར་ཞེ་ན། དེ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་སོགས་ཀྱི་གཞུང་མ་མཐོང་བར་ཟད་དོ། །གལ་ཏེ་དེ་ལྟར་མིན་ན། དེ་མ་ཐག་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི་ཞི་སྒོ་གཉིས་པ་མེད་པ་སྟེ་ཞེས་པ་ཇི་ལྟར་འཆད་སོམས་ཞིག་གུ ལུང་དེ་ཉིད་ཀྱི་མཇུག་ཏུ་དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བ་ལ་འདི་གཅིག་པུ་ཁོ་ན་ཟླ་མེད་པའི་སྒོ་ཡིན་ནོ་ཞེས་པས། སྤྱིར་ཐེག་པ་ཆེ་ཆུང་གི་མྱང་འདས་གསུམ་ག་བདག་མེད་རྟོགས་པ་ལ་རག་ལས་པ་ན་ཞི་སྒོ་གཉིས་སུ་མེད་པའི་ལམ་དུ་བསྟན་ཏེ། སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང༌། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཞེས་གསུངས་པ་ལྟར་རོ། །སངས་རྒྱས་ཀུན་གྱི་ཡུལ་ཞེས་པའི་དོན། འགྲེལ་ཆེན་ལས། སངས་རྒྱས་ཀུན་གྱི་ཡུལ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །ཞེས་སྤྱིར་སྲས་འཕགས་བཞིའི་ཡུམ་དུ་བསྟན། དེའི་རྒྱུ་མཚན་ཡང༌། ཡེ་ཤེས་ཀྱི་ཁྱད་པར་གྱིས་ཡུལ་ཉིད་དུ་གནས་པའི་ཕྱིར་ན་སངས་རྒྱས་ཀུན་གྱི་ཡུལ་ཞེས་བྱའོ་ཞེས་བདག་མེད་གསུམ་རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར་གསུམ་གྱིས་བྱང་ཆུབ་གསུམ་ཐོབ་པར་བསྟན་ཏོ། །ཡང་དེ་ཉིད་ལས། ཡང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལས་ཐ་མི་དད་པར་བཞུགས་པ་ཐམས་ཅད་ཀྱི་ཡུལ་ཡིན་པར་བསྟན་པའི་ཕྱིར་སངས་རྒྱས་ཀུན་གྱི་ཞེས་བཤད་དོ། །ཞེས་མཐར་ཐུག་ཆོས་ཀྱི་བདག་མེད་རྫོགས་པར་ཐུགས་སུ་ཆུད་པ་ལས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཡུམ་དུ་བསྟན་ཏེ། སྡུད་པ་ལས། འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་དང༌། ཟླ་བས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བསྟེན་མིན་ཞིང༌། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་གཞུང་ལུགས་ཆེན་པོ་རྣམས་ཀྱི་དགོངས་པ་ཇི་བཞིན་འཆད་པ་ལས། གཞན་དང་གཞན་དུ་འཆད་པ་ནི། རྒྱལ་ཚབ་མ་ཕམ་པས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་པའི་རྣམ་པ་དེ་གང་ཞིག །ཅེས་གསུངས་པ་ཐུགས་མོད་དོ། །དེ་དག་གི་རྣམ་གཞག་རྒྱས་པར་འཇམ་མགོན་སྨྲ་བའི་སེངྒེས་བརྒལ་ལན་རྣམས་སུ་རྒྱ་ཆེར་བསྟན་ཟིན་པ་ལས་རྟོགས་པར་བྱའོ།།
༼གཉིས་པ་བདག་མེད་རྟོགས་པའི་བྱེད་ལས་ལ། སྤྱིར་སྟོང་ཉིད་ཟབ་མོ་རྟོགས་དཀའ་བ་དང༌། དེ་ཉིད་ཡོངས་སུ་རྟོགས་པའི་བྱེད་ལས་དངོས་དང་གཉིས། དང་པོ་ནི།༽
ཆོས་འདི་ཡི་ནི་མིང་ལས་ཀྱང༌། །དམ་པ་མིན་པ་འཇིགས་པ་སྐྱེ།།
གཞན་ལ་འཇིགས་པ་མི་སྐྱེད་པའི། །སྟོབས་ལྡན་ཞེས་བྱ་གང་ཞིག་མཐོང༌།།
དེ་ལྟ་བུའི་བདག་མེད་པ་ཞེས་བྱ་བའི་ཆོས་འདི་ཡི་ནི་མིང་ཙམ་ཐོས་པ་ལས་ཀྱང་དམ་པ་མིན་པ་རྣམས་ལ་འཇིགས་པ་སྐྱེ་བར་འགྱུར་སྟེ་བློ་ཞན་པ་རྣམས་ལ་འཇིགས་པ་མི་བསྐྱེད་པའི་སྟོབས་ལྡན་ཞེས་བྱ་བ་དེ་ནི་གང་ཞིག་མཐོང་བར་འགྱུར་ཏེ་ཤིན་ཏུ་ཟབ་མོ་སྟོབས་དང་ལྡན་པའི་ཆོས་དེ་ལ་བློ་དང་མི་ལྡན་པ་རྣམས་ནི་སྐྲག་པ་སྐྱེ་བ་ཙམ་ལས་རྟོགས་པར་དཀའ་བ་ཁོ་ནའོ།།
༼གཉིས་པ་ལ། རང་གི་ཐུན་མིན་གྱི་གནས་ལུགས་རྟོགས་པའི་ཆེ་བ་དང༌། གཞན་ལ་སྙིང་རྗེ་རྩོལ་མེད་དུ་འབྱུང་བའི་ཆེ་བ་གཉིས། དང་པོ་ལ།
སྤང་བྱ་དངོས་འཛིན་འཇོམས་པའི་ཆེ་བ་དང༌། ངེས་ཤེས་ཀྱིས་གཞན་དྲིང་མི་འཇོག་པའི་ཆེ་བ། མི་སྐྲག་པའི་བཟོད་པ་ཐོབ་པའི་ཆེ་བ་གསུམ། དང་པོ་ནི།༽
ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་ཆེད་དུ་མ་གསུངས་ཏེ།།
དེ་ལྟའང་འདིས་ནི་གཞན་སྨྲ་རྣམས། །སྲེག་སྟེ་མེ་ཡིས་བུད་ཤིང་བཞིན།།
དེ་ལྟ་བུའི་བདག་མེད་པའི་གནས་ལུགས་ཉི་ཚེ་བ་ཙམ་མ་ཡིན་པར་མཐའ་ཀུན་བྲལ་བའི་སྟོང་པ་ཉིད་ཀྱི་ཆོས་འདི་ནི་སྟོན་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྩོད་པའི་ཆེད་དུ་མ་གསུངས་ཏེ། དེ་ལྟར་ནའང་ཉི་མ་ཤར་བ་ན་མུན་པ་ངང་གིས་སེལ་བར་འགྱུར་བ་ལྟར་སྟོང་པ་ཉིད་ཀྱི་ཆེ་བའི་ཡོན་ཏན་འདིས་ནི། གཞན་གྱིས་ཡོད་མེད་དུ་སྨྲ་བའི་ལོག་པར་རྟོག་པ་རྣམས་ལྷག་མེད་དུ་སྲེག་སྟེ། དཔེར་ན་མེ་ཡིས་བུད་ཤིང་བཞིན་ནོ།།
༼གཉིས་པ་ནི།༽
ཆོས་འདི་གང་གིས་ཤེས་གྱུར་པ། །དེ་ནི་གཞན་ལ་མི་དགའ་སྟེ།།
དེས་ན་བདག་ལ་ཆོས་འདི་ནི། །འཇིགས་པའི་སྒོ་དང་འདྲ་བར་སྣང༌།།
སྟོང་ཉིད་ཟབ་མོ་བདུད་རྩི་ལྟ་བུའི་ཆོས་འདི་གང་གིས་ཤེས་པར་གྱུར་པ་དེ་ནི་གཞན་གྱི་དྲིང་ལ་རེ་ལྟོས་འཆའ་བ་ལྟ་བུའི་སྒོ་ནས་རྣམ་པར་མི་དགའ་སྟེ། དེས་ན་ཟབ་མོའི་དོན་ལ་ངེས་པ་རྙེད་པའི་སྒོ་ནས་བདག་ལ་སྟོང་ཉིད་ཟབ་མོའི་ཆོས་འདི་ནི་ལྟ་བ་ངན་པའི་སྤྲོས་པ་ཐམས་ཅད་འཇིགས་པར་བྱེད་པའི་སྒོ་དང་འདྲ་བར་སྣང་བར་གྱུར་ཏོ་ཞེས་དང༌། ཡང་སྡུག་བསྔལ་ཐམས་ཅད་གཏན་དུ་འཇིགས་པ་མྱ་ངན་ལས་འདས་པ་ལ་འཇུག་པའི་སྒོ་དང་འདྲ་བ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ་ཞེས་འགྲེལ་ཚུལ་གཉིས་སུ་འགྲེལ་ཆེན་ལས་གསུངས་སོ།།༼གསུམ་པ་ནི།༽
དེ་ཉིད་དུ་བདག་མེད་སྙམ་དུ། །དེ་ལྟར་གང་ལ་དགོངས་གནས་པ།།
དེ་ནི་ཡོད་པས་ག་ལ་དགའ། །མེད་པས་འཇིགས་པར་ག་ལ་འགྱུར།།
དེ་ཁོ་ན་ཉིད་དུ་ཕྱི་དང་ནང་གི་ཆོས་ཐམས་ཅད་བདག་མེད་དོ་སྙམ་དུ་དེ་ལྟར་ཆོས་ཉིད་ཟབ་མོའི་དོན་གང་ལ་བཟོད་པ་ཐོབ་པའི་དགོངས་པ་གནས་པ་ཡི་འཕགས་པ་དེ་ལ་ནི་ཡོད་པར་བསྟན་པས་ཀྱང་ག་ལ་དགའ། ཆོས་ཐམས་ཅད་མེད་པར་ཐོས་པས་འཇིགས་པར་ག་ལ་འགྱུར་ཏེ་མི་སྐྲག་པའི་བཟོད་པ་ཐོབ་པའི་ཕྱིར་རོ།།
༼གཉིས་པ་གཞན་ལ་སྙིང་རྗེ་རྩོལ་མེད་དུ་འབྱུང་བའི་ཚུལ་ནི།༽
དོན་མིན་ས་བོན་གྱུར་པ་ཡི། །མུ་སྟེགས་ཅན་མང་མཐོང་ནས་ནི།།
ཆོས་འདོད་པ་ཡི་སྐྱེ་བོ་ལ། །སུ་ཞིག་སྙིང་བརྩེ་སྐྱེ་མི་འགྱུར།།
སློབ་དཔོན་གྱིས། འདོད་ནས་སྐྱེ་མེད་སྟོང་པ་ཉིད། །བློ་ཡི་གཏིང་ནས་རྟོགས་གྱུར་ན། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་ངང་གིས་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། སྟོང་པ་ཉིད་མངོན་དུ་རྟོགས་པའི་སྟོབས་ཀྱིས། གཞན་དག་འདི་དང་ཕྱི་མའི་དོན་དུ་འགྱུར་བ་མིན་པར་སྡུག་བསྔལ་གྱི་ས་བོན་དུ་གྱུར་པ་ཡི་མུ་སྟེགས་ཅན་མང་པོས་ཆོས་མིན་སྟོན་པར་མཐོང་ནས་ནི་ཆོས་འདོད་པ་ཡི་སྐྱེ་བོ་ལམ་སྒོམ་པར་གྱུར་པ་རྣམས་ལ། སུ་ཞིག་སྙིང་བརྩེ་བ་ཇི་ལྟར་སྐྱེ་བར་མི་འགྱུར་ཏེ་སྙིང་རྗེ་ངང་གིས་འབྱུང་བར་འགྱུར་རོ།།
༼གཉིས་པ་ཆོས་དང་ཆོས་མིན་ལམ་གྱི་རབ་དབྱེ་བཤད་པ་ལ། ཕྱི་ནང་ཆོས་ཀྱི་ཚུལ་ལུགས་མདོར་བསྟན་པ་དང༌། དེ་ཡི་རྣམ་པར་དབྱེ་བ་རྒྱས་པར་བསྟན་པ་གཉིས། དང་པོ་ནི།༽
ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །གསུམ་པོ་རྣམས་ཀྱིས་ཆོས་ཡིད་དང༌།།
མིག་དང་རྣ་བ་ཡིས་འཛིན་པ། །དེ་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ།།
ཤཱཀྱའི་རྒྱལ་པོའི་རྗེས་སུ་འཇུག་པ་རྣམས་ཀྱི་ལུགས་དང༌། གོས་མེད་གཅེར་བུ་པའི་ལུགས་དང༌། བྲམ་ཟེ་རྣམས་ཀྱི་ལུགས་ཏེ་གསུམ་པོ་རྣམས་ཀྱིའང་ཆོས་ནི་རིམ་པ་ལྟར། མཉམ་བཞག་སྣང་བ་མེད་པ་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པར་བྱས་པས་གཞན་གྱིས་ཇི་བཞིན་རྟོགས་དཀའ་བས་ཡིད་ཀྱིས་རྟོགས་པར་བྱ་བ་ཙམ་དང༌། འགྲེལ་ཆེན་ལས། དངོས་པོ་ཐམས་ཅད་རང་བཞིན་མེད་པར་ལྟ་བས་ཉི་མས་སེམས་རྒྱུད་སྣང་བར་བྱས་ཤིང་སོགས་ཀྱིས་སྣང་མེད་དང༌། འདུས་བྱས་རྨི་ལམ་དང་མིག་འཕྲུལ་དང་སྒྱུ་མའི་ན་ཆུང་དང་གཟུགས་བརྙན་དང་སྤྲུལ་པ་ལྟར་མཐོང་བ་སོགས་ཀྱིས་སྣང་བཅས་དང༌། དེ་ལྟར་མཉམ་པར་བཞག་པ་ཁོ་ནས་མཐོང་བས་ཞེས་ཏིང་ངེ་འཛིན་དུ་བསྟན་ཏོ། །གཅེར་ བུ་པ་རྣམས་ནི། གཅེར་བུར་རྒྱུ་བ་དང་སྐྲ་འབལ་བ་རྐང་པར་དྲིལ ་གཡེར་འདོགས་པ་སོགས་བྱས་པས་མིག་གིས་འཛིན་པར་བྱ་བ་དང༌། བྲམ་ཟེ་རྣམས་གསང་སྔགས་འདོན་པ་སྙིང་པོར་བྱས་པས་རྣ་བ་ཡིས་འཛིན་པར་བྱ་བ་ཡིན་པ་དེའི་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ་ཞིང་ཟབ་པའི་ཆོས་ཡིན་གྱི་གཞན་དག་ནི་ཆོས་ལྟར་སྣང་བ་ཁོ་ནའོ། །དེ་ཡང་འགྲེལ་ཆེན་དུ་བཞུགས་པའི་རྩ་བའི་ཡི་གེ་དག་པ་ལྟར་འབྲུ་འགྲེལ་པར་བྱས་སོ།།
༼གཉིས་པ་རྒྱས་བཤད་ལ། སྤང་བྱ་ཆོས་མིན་གྱི་ཕྱོགས་བསྟན་པ་དང༌། བླང་བྱ་ཆོས་ཀྱི་ཚུལ་བཤད་པ་གཉིས། དང་པོ་ནི།༽
ཇི་ལྟར་བྲམ་ཟེ་རྣམས་ལ་ཆོས། །ཕལ་ཆེར་ཕྱི་འཆོས་བརྗོད་པ་ལྟར།།
དེ་བཞིན་གཅེར་བུ་རྣམས་ལ་ཆོས། །ཕལ་ཆེར་བླུན་པ་བརྗོད་པ་ཡིན།།
ཇི་ལྟར་རིགས་པ་བླངས་པ་ལས། །བྲམ་ཟེར་གུས་པ་སྐྱེ་བ་ལྟར།།
དེ་བཞིན་ཉོན་མོངས་བླངས་པ་ལས། །གཅེར་བུ་པ་ལ་བརྩེ་བར་འགྱུར།།
སྡུག་བསྔལ་ལས་ཀྱི་རྣམ་སྨིན་ཕྱིར། །ཇི་ལྟར་ཆོས་སུ་མི་འགྱུར་བ།།
དེ་བཞིན་སྐྱེ་བ་ལས་ཀྱི་ནི། །རྣམ་སྨིན་ཡིན་ཕྱིར་ཆོས་མ་ཡིན།།
ཆོས་མིན་ཆོས་ལྟར་འཆོས་པའི་ཚུལ་ཇི་ལྟར་ན་བྲམ་ཟེ་རྣམས་ཀྱི་ལུགས་ལ་ནི་ཆོས་ཕལ་ཆེར་རྙེད་བཀུར་གྱི་ཕྱིར་གསང་སྔགས་འདོན་པ་དང༌། སྦྱིན་སྲེག་སོགས་ཆོས་ལྟར་སྣང་བ་ཕྱི་ཡི་ཚུལ་འཆོས་ཙམ་ལས་ཐར་པ་འདོད་པ་རྣམས་ཀྱིས་ལེགས་པར་བརྟགས་ན་བླང་བར་བྱ་བའི་ཆོས་མིན་པར་བརྗོད་པ་ལྟར། དེ་བཞིན་དུ་གཅེར་བུ་པ་རྣམས་ཀྱི་ལུགས་ལ་ཡང་ཁྱི་དང་བ་ལང་གི་བརྟུལ་ཞུགས་སོགས་ཆོས་ལྟར་སྣང་བའི་སྤྱོད་པ་ཕལ་ཆེར་བླུན་པོ་བརྗོད་པ་ཡིན་གྱི་བསྟེན་པར་བྱ་བའི་ཆོས་མིན་ནོ། །དེ་ལྟར་ན་ཡང་འཇིག་རྟེན་པ་རྣམས་རྨོངས་པའི་དབང་ལས་ཇི་ལྟར་ན་གསང་སྔགས་འདོན་པ་སོགས་རིགས་པ་བླང་བ་ལས་སེམས་རངས་པར་གྱུར་ཏེ་བྲམ་ཟེར་གུས་པ་སྐྱེ་བ་ལྟར། དེ་བཞིན་དུ་མེ་ལྔ་བསྟེན་པ་སོགས་ལུས་སྡུག་བསྔལ་གྱིས་ཉོན་མོངས་པའི་དཀའ་ཐུབ་དྲག་པོ་བླང་བ་ལས་གཅེར་བུ་པ་རྣམས་ལ་བརྩེ་བ་སྐྱེ་བར་འགྱུར་གྱི། ལེགས་པར་བརྟགས་ན་གོས་མེད་གཅེར་བུར་རྒྱུ་བ་སོགས་ལུས་སྡུག་བསྔལ་གྱིས་གདུང་བའི་སྤྱོད་པ་ནི་ལས་ཀྱི་རྣམ་སྨིན་ཙམ་ཡིན་པའི་ཕྱིར་ཇི་ལྟར་ན་ཆོས་སུ་མི་འགྱུར་བ་དེ་བཞིན་དུ། བྲམ་ཟེའི་རིགས་སུ་སྐྱེ་བ་ཡང་ལས་ཀྱི་ནི་རྣམ་པར་སྨིན་པ་ཙམ་ཡིན་པའི་ཕྱིར་གུས་པར་བྱ་བའི་ཆོས་མ་ཡིན་ནོ།།
༼གཉིས་པ་བླང་བྱ་ཆོས་ཀྱི་རང་བཞིན་ནི།༽
ཆོས་ནི་མདོར་ན་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།།
སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ།
ཆོས་ཞེས་བྱ་བ་ནི་མདོར་བསྡུས་ན་གཞན་གནོད་གཞི་བཅས་སྤོང་བ་སོགས་གཞན་ལ་ཡོངས་སུ་མི་འཚེ་བ་ཉིད་དུ་འདུས་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། གང་ཅུང་ཟད་གཞན་ལ་ཕན་འདོགས་པའི་དགེ་བཅུ་ཁྱད་པར་བ་རྣམས་ཀྱང་མི་འཚེ་བའི་ཁོངས་སུ་འདུས་པར་གསུངས་པ་ལྟ་བུ་དགེ་བ་ཟག་བཅས་ཀྱི་ཆ་དང༌། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་མྱ་ངན་འདས་པར་རྟོགས་པ་ལམ་གྱི་བདེན་པ་ལ་བརྟེན་ནས་སྡུག་བསྔལ་ཡོངས་སུ་ཟད་པའི་མྱ་ངན་ལས་འདས་པ་མངོན་དུ་གྱུར་པ་ཟག་མེད་ཀྱི་དགེ་བ་སྟེ་འདིར་ནི་དེ་གཉིས་འབའ་ཞིག་གོ །འདི་ཡང་འགྲེལ་ཆེན་གྱི་དགོངས་པ་ལྟར་བྲིས་སོ།།
༼གསུམ་པ་བླང་དོར་འཇུག་ལྡོག་གི་ཚུལ་ལ་གདམས་པ་ལ། །ཆོས་མིན་ལ་ཞེན་པ་སྤོང་བར་འདོམས་པ་དང༌། ལེགས་བཤད་ཟབ་མོའི་ཆོས་ལ་འཇུག་པར་འདོམས་པ་གཉིས། དང་པོ་ནི། ༽
རང་ཕྱོགས་འཇིག་རྟེན་ཐམས་ཅད་ལ། །སྐྱེས་ས་བཞིན་དུ་སྡུག་གྱུར་ན།།
དེ་ཡི་ལྡོག་པར་བྱེད་པའི་རྒྱུ། །ཁྱོད་ལ་གང་གིས་སྡུག་པར་འགྱུར།།
འོ་ན་ཕྱི་རོལ་པ་འདི་དག་ཇི་སྐད་བསྟན་པའི་ཆོས་གཉིས་པོ་འདི་ལ་གུས་པས་འཇུག་པར་མི་བྱེད་ཅེ་ན། དེ་ནི་རང་ཕྱོགས་ལ་ཞེན་པའི་དབང་གིས་ཏེ་རང་ཕྱོགས་ནི་སྐྱོན་དང་ལྡན་ཡང་འཇིག་རྟེན་པ་ཐམས་ཅད་ལ་དཔེར་ན་རང་ཉིད་སྐྱེ་བའི་གནས་བཞིན་དུ་སྙིང་དུ་སྡུག་པར་འགྱུར་བའི་ཕྱིར་ན་སྐྱོན་དེ་ཡི་ལྡོག་པར་བྱེད་པའི་རྒྱུ་ནི་རིགས་པ་དང་ལྡན་ཡང་ཁྱོད་ལ་རྒྱུ་མཚན་གང་གིས་སྙིང་དུ་སྡུག་པར་འགྱུར་ཏེ་མི་འགྱུར་བས་ན་རང་ཕྱོགས་ལ་ཞེན་པ་སྤང་བར་བྱའོ།།
༼གཉིས་པ་ནི།༽
རིགས་པའི་དོན་ནི་གཞན་ལས་ཀྱང༌། །བློ་ལྡན་ལེགས་པ་འདོད་པས་བླང།།
ཉི་མ་ས་སྟེང་མིག་ལྡན་ལ། །ཀུན་གྱི་སྤྱི་མཐུན་མ་ཡིན་ནམ།།
དེ་བས་ན་ཕྱོགས་ལྷུང་སྤངས་ཏེ་རིགས་པའི་དོན་ནི་གཞན་སུ་ལ་ཡོད་པ་དེ་ལས་ཀྱང་ལེགས་བཤད་དང་ཉེས་བཤད་རྣམ་པར་དཔྱོད་པའི་བློ་དང་ལྡན་ཞིང་ལེགས་པ་ཉིད་དུ་འདོད་པས་བླང་བར་བྱ་སྟེ། དཔེར་ན་ཉི་མ་ནི་ས་སྟེང་གི་སྐྱེ་བོ་མིག་དང་ལྡན་པ་རྣམས་ལ་ཀུན་གྱི་སྤྱི་མཐུན་གྱི་དཔལ་དུ་གྱུར་པ་མ་ཡིན་ནམ་ཅི། དེ་བས་ན་རྣམ་པར་དཔྱོད་པའི་མིག་ལྡོང་བར་མ་གྱུར་པ་རྣམས་ཀྱིས་ལེགས་པར་བཤད་པའི་ཆོས་དང་དུ་བླང་བར་བྱའོ།།
༼ལེའུའི་མཚན་ནི།༽
རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་ལྟ་བ་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའི་འགྲེལ་པའོ།། །།