གནས་དང་པོ་ཁམས་བསྟན་པ།
གསུམ་པ་གཞུང་གི་དོན་ལ་གསུམ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན། མཇུག་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ། མཆོད་བརྗོད་སྔོན་དུ་འགྲོ་བས་བརྩམ་པར་དམ་བཅའ་བ། བརྗོད་བྱ་དོན་ལྡན་གྱི་མཚན་བཤད་པ། དགོས་པ་དང་གསུམ། དང་པོ།
གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌།།
འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ།།
དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས།།
ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ།།
གང་ཞིག་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཀུན་ལ་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པ་ཉོན་ཤེས་ཀྱི་སྒྲིབ་པའི་མུན་པ་བག་ཆགས་དང་བཅས་པ་དྲུང་ནས་སླར་མི་སྐྱེ་བར་གཏན་བཅོམ་ཞིང༌། དེས་ནི་སྤངས་པ་དང་ཤུགས་ལ་ཡེ་ཤེས་བསྟན་པས་རང་དོན་ཕུན་ཚོགས་བསྟན། དེ་ཡང་ཆགས་པ་སོགས་ཉོན་མོངས་པ་ཅན་དང༌། ཉོན་མོངས་ཅན་མིན་པ་ཡུལ་དང་དུས་ཀྱིས་བསྐལ་པ་དང༌། སངས་རྒྱས་ཀྱི་ཆོས་དང༌། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་མི་ཤེས་པ་བཞི་ལས། དང་པོ་མཽ་གལ་གྱི་བུས་རང་གི་མ་འོད་ཟེར་ཅན་གྱི་འཇིག་རྟེན་དུ་སྐྱེས་པ་མ་ཤེས་པ་དང༌། དུས་བསྐལ་ཤཱ་རིའི་བུས་ཁང་བདག་དཔལ་སྐྱེས་ཀྱིས་སྔོན་ཐར་ཆ་བསྐྱེད་པ་མ་ཤེས་པ་ལྟ་བུ་དང༌། སངས་རྒྱས་ཀྱི་ཆོས་ནི་སྟོན་པས་ཤཱ་རིའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཤེས་སམ་ཞེས་བཀའ་བསྩལ་པ་ན་མ་འཚལ་ཏོ། །ཞེས་གསོལ་བ་ལྟ་བུའོ། །དོན་དབྱེ་ནི། ཁམས་དང་འགྲོ་བ་སྐྱེ་གནས་སྐྱེ་བ་ལ་སོགས་པའི་བྱེ་བྲག་རྟོགས་པར་དཀའ་བ་སྟེ། རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་པའི་རྒྱུ་བཞིན་ནོ། །ཉན་ཐོས་པས་ཉོན་སྒྲིབ་ནི་ངོ་བོའང་སྤང༌། ཤེས་སྒྲིབ་ནི་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཏེ། དགེ་སློང་དག་ཁྱེད་ཀྱིས་མིག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་དང༌། དེ་ལྟ་ན་ཁྱེད་ཀྱིས་མིག་དེ་སྤང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །ཁམས་གསུམ་དུ་བརྒྱུད་མར་འཁོར་ཞིང་ཆགས་ཏེ་བྱིང་བའི་གནས་ལས་གཞན་ལ་བརྟེན་ནས་བརྒལ་དགོས་པ་འདམ་ལྟ་བུ་ལས་འགྲོ་བ་དྲངས་པར་མཛད་པ་ཇི་ལྟར་ན་རྫུ་འཕྲུལ་དང་དམ་པ་སྦྱིན་པས་ནི་མ་ཡིན་ཏེ་བདེན་བཞིའི་དོན་ཇི་ལྟ་བ་བཞིན་སྟོན་པར་མཛད་པ་ཞེས་པས་གཞན་དོན་ཕུན་ཚོགས་བསྟན། དེ་ལྟར་སྤངས་རྟོགས་དོན་གཉིས་མཐར་ཕྱིན་པའི་སྟོན་པ་དེ་ལ་ཕྱག་འཚལ་ནས་ཅི་ཕྱིར་བྱེད་ན་རང་སྤྱིའི་མཚན་འཛིན་པས་ཆོས་མྱང་འདས་ལ་མངོན་དུ་ཕྱོགས་པའི་ཕྱིར་དང༌། ཡང་ཡང་མངོན་པར་གཏན་ལ་འབེབས་པའི་དང༌། ཕས་རྒོལ་མངོན་པར་ཟིལ་གྱིས་གནོན་པའི་དང༌། མདོའི་དོན་མངོན་པར་རྟོགས་པའི་ཕྱིར་ཏེ། མངོན་དུའི་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །མཛོད་ཀྱི་སྒྲ་བཤད་འོག་ཏུ་འཆད་ལ། ཤཱསྟྲ་ཞེས་ཤཱ་ས་ན་འཆོས་པ། ཏྲ་ཡཱ་སྐྱོབ་པ་སྟེ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་ན། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་འཕགས་པ་ལྷས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བསྟན་བཅོས་རབ་ཏུ་བཤད་པར་བྱའོ། །ཞེས་དམ་བཅས་པའོ།།
གཉིས་པ་བརྗོད་བྱ་དོན་ལྡན་གྱི་མཚན་བཤད་པ།
ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས།།
དེ་འཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང༌།།
འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ།།
འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད།།
ཅིའི་ཕྱིར་ཆོས་མངོན་མཛོད་ཅེས་བྱ་ན། དོན་དམ་པའི་ཆོས་མངོན་པ་ནི་མཐོང་སྒོམ་མི་སློབ་ལམ་གསུམ་གྱི་ཤེས་རབ་ཟག་པའི་དྲི་མ་མེད་པ་རྗེས་འབྲང་ཕུང་པོ་ལྔའམ་བཞིར་བཅས་ཏེ། དེ་ཡང་བསམ་གཏན་ས་དྲུག་ལ་ལམ་གསུམ་པོ་དེ་བརྟེན་ན་ཕུང་པོ་ལྔ་སྟེ། ཟག་མེད་ཀྱི་སྡོམ་པ་དེ་གཟུགས། དང་པོ་དང་གཉིས་པའི་ཡིད་བདེ། གསུམ་པའི་བདེ་བ། དང་པོའི་ཉེར་བསྡོགས། དངོས་གཞི་ཁྱད་པར་ཅན། བཞི་པའི་དངོས་གཞི་རྣམས་བཏང་སྙོམས་ཡིན་པས་ཚོར་བ། འདུ་ཤེས་འདུ་བྱེད་རྣམ་ཤེས་ཀུན་ཚོགས་པ་གཅིག་ལ་འབྲལ་མི་ཤེས་སུ་ཡོད་དོ། །ལམ་ཕྱི་མ་གཉིས་གཟུགས་མེད་དང་པོ་གསུམ་ལ་བརྟེན་ན་དེ་ན་གཟུགས་མེད་པས་ཕུང་པོ་བཞིའོ། །འདིར་རྣམ་ཤེས་ཤེས་རབ་ཀྱི་འཁོར་དུ་བསྟན་ཀྱང་གཙོ་འཁོར་འཆོལ་བར་མི་འགྱུར་ཏེ། ཆོས་རབ་རྣམ་འབྱེད་ལ་ཤེས་རབ་གཙོ་སྟེ། དཔེར་ན་ཆུ་ལ་བརྒལ་ཚེ་གྲུ་པ་གཙོ་བ་བཞིན་ནོ། །དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་རྒྱུ་སྐྱེས་ཐོབ་དང་ཐོས་བསམ་སྒོམ་པའི་ཤེས་རབ་ཟག་བཅས་རྗེས་འབྲང་དང་བཅས་པ་གང་དང་དེ་རྗོད་བྱེད་ཀྱི་བསྟན་བཅོས་གང་ཡིན་པ་སྟེ། སྐྱེས་ཐོབ་ནི་ཁམས་གསུམ་ལ་ཡོད་རྗེས་འབྲང་གཟུགས་ནི་མེད། གཟུགས་ཀྱི་སྒོམ་བྱུང་ལ་དེ་ཡོད་པས་ཕུང་པོ་ལྔའོ། །གཟུགས་མེད་ཀྱི་དེ་བཞི་པའོ། །འདོད་ཁམས་ན་སྒོམ་བྱུང་དང༌། གཟུགས་ཁམས་ན་བསམ་བྱུང་དང༌། གཟུགས་མེད་ན་ཐོས་བྱུང་གང་ཡང་མེད་དོ། །བསྟན་བཅོས་ནི་ངག་གི་སྒྲ་རང་མཚན་པ་ནི་འདོད་པ་དང་བསམ་གཏན་དང་པོ་ལ་ཡོད་ཀྱི་གཞན་ན་མེད། མིང་ཚིག་ཡི་གེའི་ཚོགས་ནི་འོག་མ་གཉིས་ན་ཡོད་ཀྱི་གཟུགས་མེད་ན་མེད་དོ། །ཅིའི་ཕྱིར་མཛོད་ཅེ་ན་བསྟན་བཅོས་འདིར་སྡེ་བདུན་དང༌། བྱེ་བྲག་བཤད་མཛོད་ཀྱི་མངོན་པ་དེ་དོན་དུ་ཡང་དག་པར་ཏེ་གཅེས་པ་རྣམས་ཆུད་ཕྱིར་རམ་སྟེ་ནོར་བུ་གང་དུ་བཞག་པའི་གནས་ལྟ་བུའམ། ཡང་ན་འདི་ཡི་འབྱུང་ཁུངས་ཀྱི་གནས་མངོན་པ་དེ་ཡིན་པས་མཛོད་ནས་བྱུང་བའི་ནོར་བུ་ལ་མཛོད་ཅེས་བཏགས་པ་ལྟར་ཡིན་པས་ན་ཆོས་མངོན་མཛོད་ཅེས་བྱའོ། །ཆོས་མངོན་ལ་དབྱེ་ན་ཟག་མེད་ཀྱི་ཤེས་རབ་འབྲས་བུའི་ཆོས་མངོན་དང༌། སྐྱེས་ཐོབ་སོགས་བཞི་རྒྱུའི་ཆོས་མངོན། བསྟན་བཅོས་ནི་གཞུང་གི་ཆོས་མངོན་དང་གསུམ་མོ། །སྔ་མ་དངོས་དང༌། ཕྱི་མ་དག་འབྲས་མིང་རྒྱུ་ལ་དང༌། བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པས་དབྱེའོ།།
གསུམ་པ་དགོས་པ།
ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས།།
གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ།།
ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ།།
དེ་བས་དེའི་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ།།
ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་འདིའི་བརྗོད་བྱ་དང༌། དེ་དག་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ནི་དགོས་པ། དེ་མེད་པར་འཁོར་བའི་རྒྱུ་རྩ་བ་དང་ཉེ་བའི་ཉོན་མོངས་རྣམས་གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་གཞན་མེད་ལ། ཞེས་པ་དེའི་ལྡོག་ཕྱོགས་ནས་ཉེར་ཞིའི་མྱང་འདས་ཐོབ་པ་ཉིང་དགོས་དང་འབྲེལ་བ་ཤུགས་ལ་བསྟན། དེ་དག་ཉེ་བར་མ་ཞི་ན་ཉོན་མོངས་པས་ལས་བསགས་ནས་ཀྱང་འཇིག་རྟེན་པ་རྣམས་སྲིད་པའི་རྒྱ་མཚོ་ཆེན་པོ་འདིར་ཉེར་ལེན་ཕུང་པོ་ལྔ་འཁྱམས་པར་འགྱུར་ཏེ། རྒྱུ་མཚན་དེ་བས་ཉོན་མོངས་སྤང་ནས་ཐར་པ་ཐོབ་པ་དེའི་ཕྱིར་མངོན་པ་སྡེ་བདུན་འདི་ནི་སྟོན་པས་གསུངས་པ་རྣམས་བསྡུས་སོ། །ཞེས་བྱེ་སྨྲ་རྣམས་ཟེར་རོ་ལོ། །དེ་ལ་ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་གལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །ཞེས་དཔེར་ན་ཆོས་སྐྱོབས་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམ་བཞིན་དུ་ཤཱ་རིའི་བུ་ལ་སོགས་པས་ཀྱང༌། དང་པོར་སངས་རྒྱས་ཀྱིས་མ་གསུངས་པར་ཆོས་ཀྱི་མཚན་ཉིད་དང་རབ་ཏུ་དབྱེ་བར་མི་ནུས་པས་སིལ་བུར་གསུངས་པ་རྣམས་ཕྱིས་བསྡུས་སོ་ཟེར། མདོ་སྡེ་པས་དེ་མི་འདོད་དེ་འདུས་མ་བྱས་རྫས་གྲུབ་འདོད་པ་སོགས་རིགས་པ་དང་འགལ་བར་སྣང་བས་སོ་ཟེར་རོ།།
གཉིས་པ་བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་ལ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པ་དང༌། སྤང་བླང་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ།
ཟག་བཅས་ཟག་པ་མེད་ཆོས་རྣམས།།
བརྗོད་བྱ་བསྡུ་ན་ཟག་བཅས་ཟག་པ་མེད་པའི་ཆོས་རྣམས་ཏེ། དེ་ལས་གཞན་ཕུང་པོ་གསུམ་པ་མེད་དོ།།
གཉིས་པ་སྤང་བླང་བྱེ་བྲག་ཏུ་བཤད་པ་ལ། ཟག་བཅས་ཟག་མེད་ཀྱི་ངོ་བོ་ངོས་བཟུང་བ་དང༌། དེ་ཕུང་ཁམས་སྐྱེ་མཆེད་དུ་རྣམ་པར་འཇོག་ཚུལ་གཉིས། དང་པོ་ལ་ཟག་བཅས་བཤད་པ་དང༌། ཟག་མེད་བཤད་པ་གཉིས། དང་པོ་ལ་ཟག་བཅས་ཀྱི་ངོ་བོ་ངོས་བཟུང་བ་དང༌། དེ་ཟག་བཅས་ཡིན་པའི་རྒྱུ་མཚན་གཉིས་ལས། དང་པོ།
ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་་་་་་།
དེ་ལ་འཕགས་གསུམ་གྱི་ལམ་བདེན་མ་གཏོགས་པའི་སྡུག་ཀུན་འདུས་བྱས་རྣམས་ནི་ཟག་བཅས་ཡིན་ལ།
གཉིས་པ་དེ་ཟག་བཅས་ཡིན་པའི་རྒྱུ་མཚན།
་་་་་་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར།།
གང་གི་ཕྱིར་ན་འདུས་བྱས་དེ་དག་ལ་ཟག་པ་ཉོན་མོངས་རྣམས་ཀུན་ཏུ་རྒྱས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་འདུས་བྱས་འདུས་མ་བྱས་སོགས་གཉིས་སུ་སྡོམ་རུང་མོད་ཀྱི་འདིར་སྤང་བླང་གིའམ་གཞན་ཡང་མཚོན་པར་རུང་བའི་ཕྱིར་རོ། །དེ་ཡང་ཟག་པ་ནི་རྩ་བ་དང་ཉེ་བའི་ཉོན་མོངས་ཡིན་ལ། རྒྱས་པ་ནི་གནས་ཐོད་པས་རྒྱུན་ཆགས་སུ་འབྱུང་བའམ། ཟག་པ་རྣམས་ཀྱང་དེ་དག་དང་ཕན་ཚུན་འཕྲོད་ཅིང་མཐུན་པའི་ཕྱིར་རོ། །ཀུན་བཏུས་སུ་ཟག་པའི་སྒོ་དྲུག་དང་འབྲེལ་བས་ཟག་བཅས་སུ་གསུངས་པ། ཟག་པ་དེའི་བདག་ཉིད་ནི་རྩ་ཉོན་ཉེ་ཉོན་རྣམས་ཟག་པའི་ངོ་བོ། ཟག་པ་དང་འབྲེལ་བ་ནི་ཟག་པ་དང་ལྷན་ཅིག་འབྱུང་བའི་སེམས་སེམས་བྱུང་དང༌། དེའི་བདག་རྐྱེན་མིག་སོགས་དེ་དང་མཚུངས་པར་ལྡན་པ་དང་རྟེན་ཡིན་པ་དང༌། ཟག་པས་བཅིངས་པ་ནི་ཁམས་གསུམ་གྱི་དགེ་བ་ཟག་བཅས་རྣམས། ཟག་པའི་རྗེས་སུ་འབྲེལ་བ་ནི་ཟག་པའི་གནས་ངན་ལེན་དང་ལྡན་པ། ཟག་པའི་རྗེས་སུ་མཐུན་པ་ནི་དེའི་གཉེན་པོ་མིན་པར་དེ་ལ་འཕྲོད་པའམ། ཡང་ན་གཟུགས་སོགས་ཉོན་མོངས་པའི་དམིགས་པ་ཡིན་པས་ཟག་པའི་དམིགས་པའོ། །ཟག་པའི་རྒྱུ་ལས་བྱུང་བ་ནི་དེའི་འབྲས་བུ་ཡིན་པས་ཟག་བཅས་སོ། །དེ་ལ་ནམ་མཁའ་དང་བརྟགས་མིན་ཟག་པའི་དམིགས་པ་མིན་ལ། འགོག་ལམ་དམིགས་པ་ཡིན་ཡང་དེ་ཞི་བས་རྒྱས་པར་མི་འགྱུར་ཞིང་བདག་གིར་མ་བྱས་གཉེན་པོ་ཡིན་པས་སོ།།
གཉིས་པ་ཟག་མེད་ལ། སྤྱིར་བསྟན་པ་དང༌། འགོག་པ་གསུམ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ།
ཟག་མེད་ལམ་གྱི་བདེན་པ་དང༌། །འདུས་མ་བྱས་རྣམ་གསུམ་ཡང་སྟེ།།
ནམ་མཁའ་དང་ནི་འགོག་པ་གཉིས།།
ཟག་མེད་ནི་ལམ་གྱི་བདེན་པ་དང༌། རྒྱུ་རྐྱེན་འདུས་མ་བྱས་པ་རྣམ་པ་གསུམ་ཡང་ཡིན་ཏེ། ཟག་པའི་གནས་མི་ཐོད་ཅིང་ཕན་ཚུན་མི་འཕྲོད་པས་རྒྱས་སུ་མི་རུང་བའི་ཕྱིར་རོ། །ཅི་སྟེ་ལམ་མ་གཏོགས་པའི་འདུས་བྱས་ཟག་བཅས་སུ་བཤད་པས་ལམ་དང་འདུས་མ་བྱས་ཟག་མེད་དུ་གོ་བས་ཡང་བརྗོད་པ་དོན་མེད་ཅེ་ན། ལམ་ལ་འདས་མ་འདས་ཡོད་པས་འདིར་ལམ་བདེན་ནི་ཟག་མེད་དུ་གོ་བའམ། ཡང་ན་ཕུང་གསུམ་སེལ་བའི་ཕྱིར་སྨོས་པའོ། །དེ་གསུམ་གང་ཞེ་ན། ནམ་མཁའ་དང་ནི་བརྟགས་བརྟགས་མིན་གྱི་འགོག་པ་གཉིས་སོ། །གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ། ཅིའི་ཕྱིར་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་ཆོས་བདག་མེད་མི་འདོད་ལ། གང་ཟག་གི་བདག་མེད་འགོག་བདེན་ནི་བརྟགས་འགོག་དང༌། བདེན་པ་གཞན་གསུམ་གྱི་རྣམ་པ་འདུས་བྱས་ཡིན་པས་དེ་བཞིན་ཉིད་ཅེས་འདུས་མ་བྱས་ལོག་པ་ནི་མེད་དོ། །བརྟགས་འགོག་ནི་བྲལ་འབྲས་ཏེ་རྒྱུ་ལས་སྐྱེས་པར་མི་འདོད་དེ། བྲལ་རྫས་སུ་འདོད་དོ།།
གཉིས་པ་འགོག་པ་གསུམ་བྱེ་བྲག་ཏུ་བཤད་པ།
དེ་ལ་ནམ་མཁའ་མི་སྒྲིབ་༴པའོ། །1སོ་སོར་བརྟགས་པས་འགོག་པ་གང༌།།
བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ།།
འགོག་གཞན་སོ་སོར་བརྟགས་མིན་པས།།
དེ་ལ་ནམ་མཁའ་ནི་བསྒྲིབ་བྱ་སྒྲིབ་བྱེད་གཉིས་དང་བྲལ་བ་ཐོགས་རེག་མེད་པས་མི་སྒྲིབ་པའོ། །འོ་ན་སེམས་པ་སོགས་འདུ་བྱེད་རྣམས་དང༌། འགོག་པ་གཉིས་ཀྱང་ནམ་མཁར་ཐལ་ཏེ། མི་སྒྲིབ་པས་སོ་ཟེར་ན། རྟགས་མ་གྲུབ་སྟེ། ཏིང་ངེ་འཛིན་གྱིས་སེམས་གཡོ་སྡོད་ལ་སོགས་པའི་གེགས་བྱེད་པ་དང༌། འགོག་པ་གཉིས་ཀྱིས་སོ་སོའི་དགག་བྱ་ལ་སྒྲིབ་ཟེར་ཡང༌། དེ་ལྟ་ན་བྱེ་སྨྲའི་རང་ལུགས་ལ་ནམ་མཁས་རླུང་སོགས་ཐུར་ལྷུང་ལ་རྟེན་བྱེད་པ་ཡང་སྤང་དགོས་སོ། །འབྱུང་བ་གཞན་གྱི་གོ་ས་ན་ནམ་མཁའ་ཡོད་ཀྱང་འདྲེས་པར་མི་འགྱུར་ཏེ་ལུས་ལ་སེམས་བཞིན་ནོ་ཟེར། བདེན་པ་རྣམས་ལ་ཤེས་རབ་ཀྱིས་སོ་སོར་བརྟགས་པའི་སྟོབས་ཀྱིས་ཐོབ་པས་འགོག་པ་གང་ཡིན་པ་ནི་སྤང་བྱ་དང་བྲལ་བའོ། །སྤང་བྱ་སོ་སོ་བཞིན་དུ་བྲལ་ཆའི་རྫས་སོ་སོ་ཡིན་གྱི་གཅིག་མིན་ནོ། །གཅིག་ཡིན་ན་ལམ་ཕྱི་མ་དོན་མེད་དུ་ཐལ་བས་སོ་ཟེར། རྐྱེན་མ་ཚང་བས་མ་འོངས་པའི་ཆོས་ཟག་བཅས་ཟག་མེད་གང་ཡང་རུང་བ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ། དེ་ནི་བརྟགས་འགོག་ལས་གཞན་སོ་སོར་བརྟགས་པ་མིན་པས་འགོག་པའོ།།
གཉིས་པ་དེ་ཕུང་ཁམས་སྐྱེ་མཆེད་དུ་དབྱེ་ཚུལ་ལ། ཕུང་ཁམས་སྐྱེ་མཆེད་ཀྱི་ངོ་བོ་ངོས་བཟུང་བ་དང༌། དེ་དག་གི་རང་བཞིན་གཏན་ལ་དབབ་པ་གཉིས། དང་པོ་ལ་ཕུང་སོགས་སུ་དབྱེ་ཚུལ་དང༌། དབྱེ་བའི་གྲངས་ངེས་ལ་རྩོད་པ་སྤོང་བ་གཉིས། དང་པོ་ལ། གཞི་ཕུང་ལྔ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ལའང༌། དབྱེ་བ། རྣམ་གྲངས་གཉིས་ལས། དང་པོ།
འདུས་བྱས་ཆོས་རྣམས་དེ་དག་ཀྱང༌། །གཟུགས་ལ་སོགས་པའི་ཕུང་པོ་ལྔ།།
རྒྱུ་རྐྱེན་རྣམས་ཕྲད་ཅིང་འདུས་ནས་བྱས་པའི་ཆོས་རྣམས་དེ་དག་སྟེ་ཟག་བཅས་དང་ལམ་བདེན་ནོ། །མ་འོངས་མི་སྐྱེ་བའི་ཆོས་ཅན་ཡང་སྐྱེ་འགྱུར་གྱི་ཆོས་ཅན་དེ་དང་རིགས་མཐུན་པས་མི་འཇོ་བ་བ་གཞོན་གྱི་ལུས་ལ་ཡོད་པའི་འོ་མ་བཞིན་ནོ་ཟེར། ཀྱང་སྒྲས་འདུས་མ་བྱས་ལ་དབྱེ་བ་ཡོད་པར་མ་ཟད་ཅེས་སོ། །དེ་ཡང་གཟུགས་ཚོར་ལ་སོགས་པའི་ཕུང་པོ་ལྔའོ། །དེ་དག་འདུས་བྱས་ཀྱི་མཚན་གཞི་ཡིན་ལ། བྱེ་སྨྲས་ཕུང་པོ་རྫས་ཐ་དད་དུ་འདོད། མདོ་སྡེ་པས་ཕུང་པོ་བཏགས་པ་དང༌། གཟུགས་སེམས་རྫས་ཡོད་དེ། གཟུགས་ཕུང་གཞི་ཐ་དད་པའི་བསྡུ་བ་ལྷས་སྦྱིན་གྱི་རིལ་བ་བཞིན་ནོ་ཞེས་འདོད།
གཉིས་པ་རྣམ་གྲངས་ལ། ཕུང་ལྔ་སྤྱིའི་རྣམ་གྲངས་དང༌། བྱེ་བྲག་ཟག་ཕུང་གི་རྣམ་གྲངས་གཉིས། དང་པོ།
དེ་དག་ཉིད་དུས་གཏམ་གཞི་དང༌། །ངེས་པར་འབྱུང་བཅས་གཞི་དང་བཅས།།
ཕུང་པོ་དེ་དག་ཉིད་ལ་དུས་གསུམ་དུ་བཞག་ཅིང༌། གཏམ་གཞི་སྟེ་ཞེས་པས་བརྗོད་བྱ་དང༌། འདུས་མ་བྱས་བརྗོད་བྱ་ཉུང་བའམ་རང་ལ་དམིགས་པའི་ཡིད་ཀྱང་རྒྱུར་བྱས་ནས་མི་སྐྱེ་བས་དེར་མ་བཞག་གོ །འདུས་བྱས་ནི་སྡུག་བསྔལ་ལས་ངེས་པར་འབྱུང་བ་དང་བཅས་ཏེ་ལམ་བདེན་ཡང་སྤངས་པས་སོ། །གཞན་ཡང་རྒྱུའམ་གཞི་དང་བཅས་པ་ཞེས་ཀྱང་བྱའོ།།
གཉིས་པ་བྱེ་བྲག་ཟག་ཕུང་གི་རྣམ་གྲངས།
གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་ཀྱང༌།།
སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ལྟ་གནས་སྲིད་པའང་འདི་དག་ཡིན།།
བྱེ་བྲག་ཏུ་འདུས་བྱས་གང་དག་ཟག་བཅས་རྣམས་ནི་ཉེ་བར་ལེན་པའི་ཕུང་པོའང་ཡིན་ཏེ། ཉེ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ལ། དེ་ལས་དེ་བྱུང་བས་རྩྭ་དང་སོག་མའི་མེ་བཞིན་ནམ། ཕུང་པོ་དེ་ལས་ཉོན་མོངས་རྣམས་བྱུང་བའི་ཕྱིར་འབྲས་བུའི་ཤིང་བཞིན་ནམ། ཡང་ན་ཉོན་མོངས་ལ་རགས་ལས་པས་རྒྱལ་པོའི་མི་བཞིན་ནོ། །ཡང་ཟག་བཅས་དེ་དག་རང་གཞན་ལ་གནོད་པས་འཐབ་པ་ཉོན་མོངས་པ་དང་བཅས་པ་ཞེས་ཀྱང་བྱའོ། །སྡུག་བསྔལ་གསུམ་དང་ཅི་རིགས་ལྡན་པས་སྡུག་བསྔལ་དང༌། ཟག་བཅས་རྒྱུར་གྱུར་ལས་འབྲས་བུར་གྱུར་པའི་སྡུག་བསྔལ་མ་ལུས་པ་ཀུན་འབྱུང་བ་དང༌། འཇིག་པའི་རྟེན་དུ་གྱུར་པ་དང༌། ཟག་བཅས་འདི་ལ་བདག་ལྟ་སོགས་ལྟ་བ་རྒྱས་པར་འགྱུར་བས་ལྟ་གནས་ཞེས་བྱ། དེ་ཡང༌། དགྲ་བཅོམ་པའི་ཕུང་པོ་ཐ་མ་ལ་དམིགས་ནས་གཞན་རྒྱུད་ཀྱི་ཉེར་ལེན་འབྱུང་བས་སོ། །གལ་ཏེ་ཟག་བཅས་ལ་ཉོན་མོངས་ཐམས་ཅད་རྒྱས་པ་ཡིན་ན་ཅིའི་ཕྱིར་ལྟ་བ་ཁོ་ནའི་གནས་ཡིན་ཞེ་ན། ཟག་བཅས་ཀྱི་དངོས་པོ་ཐམས་ཅད་ལ་དུས་ཐམས་ཅད་ཀྱི་ཚེ་རྣམ་གྲངས་མེད་པར་བརྟན་པར་འཛིན་པས་སོ། །མ་རིག་པ་དུས་ཐམས་ཅད་ཀྱི་ཚེ་ཡིན་ཡང་ཆགས་སོགས་མཚུངས་ལྡན་རྣམ་གྲངས་མེད་པར་མིན་པས་མཚུངས་ལྡན་གྱི་ཆགས་སོགས་བཞིན་དུ་སོ་སོར་རྟོགས་པའི་ཕྱིར་རོ། །ཐེ་ཚོམ་ནི་བརྟན་པར་འཛིན་པ་མིན་པས་སོ། །འཁོར་བ་ཐོག་མེད་ནས་སྲིད་པའང་ཟག་བཅས་ཀྱི་ཕུང་པོ་དེ་དག་གི་མིང་གི་རྣམ་གྲངས་ཡིན་ནོ།།
གཉིས་པ་རྒྱས་བཤད་ལ་གསུམ། གཟུགས་ཕུང་བཤད་པ། ཚོར་འདུ་འདུ་བྱེད་གསུམ་བཤད་པ། རྣམ་ཤེས་ཀྱི་ཕུང་པོ་བཤད་པའོ། །དང་པོ་ལ། གཟུགས་ཕུང་དངོས་བཤད་པ་དང༌། དེ་སྐྱེ་མཆེད་དང་ཁམས་སུ་དབྱེ་ཚུལ་གཉིས། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ།
གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད།།
གཟུགས་ནི་མིག་སོགས་དབང་པོ་ལྔ་དང་གཟུགས་སོགས་དོན་ལྔ་དང་རྣམ་པར་རིག་བྱེད་མིན་ཉིད་དང་བཅུ་གཅིག་གོ །གཞན་དུ་བཅོ་ལྔ་བཤད་པ་ནི་རེག་བྱ་བཞི་ལོགས་སུ་ཕྱེ་བས་སོ། །མཚན་ཉིད་གཟུགས་སུ་རུང་བའོ། །དེ་ཡང་འབྱུང་བ་བཞི་དག་རྒྱུར་བྱས་པ་གཟུགས་དྭངས་པ་མིག་གི་རྣམ་ཤེས་སོགས་ཀྱི་རྟེན། ཟར་མའི་མེ་ཏོག གྲོ་གའི་འཛེར་བུ་གཅུས་པ། ཟངས་ཁབ་གཤིབ་པ། ཟླ་བ་བཀས་པ། བྱ་རེག་འཇམ་གྱི་པགས་པ་ལྟ་བུའོ།།
གཉིས་པ་རྒྱས་བཤད་ལ། འབྲས་བུ་འབྱུང་འགྱུར་གྱི་གཟུགས་དང༌། རྒྱུ་འབྱུང་བའི་གཟུགས་གཉིས། དང་པོ་ལ་གཟུགས་སྤྱི་དང༌། རྣམ་པར་རིག་མིན་གྱི་གཟུགས་གཉིས། དང་པོ་ལ། ནང་གི་སྐྱེ་མཆེད་ཀྱི་གཟུགས་དང༌། ཕྱིའི་སྐྱེ་མཆེད་ཀྱི་གཟུགས་གཉིས་ལས། དང་པོ།
དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དྭངས་པ་རྣམས།།
མིག་སོགས་སམ་གཟུགས་སོགས་དེ་དག་རྣམས་ཀྱི་སོ་སོའི་རྣམ་ཤེས་ཀྱི་རྟེན་དུ་གྱུར་པ་མིག་ལ་སོགས་གཟུགས་ཅན་དྭངས་པ་རྣམས་དབང་པོའོ།།
གཉིས་པ་ཕྱིའི་སྐྱེ་མཆེད་ཀྱི་གཟུགས།
གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ།།
རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ།།
མིག་ཡུལ་གཟུགས་ལ་དབྱིབས་ཁ་དོག་རྣམ་གཉིས་དང་ཕྱེ་ན་རྣམ་པ་ཉི་ཤུ་སྟེ། རྩ་བའི་ཁ་དོག་སྔོ་སེར་དཀར་དམར་བཞི། དེ་དག་གི་བྱེ་བྲག་སྤྲིན་དང༌། དུ་བ། རྡུལ་དང༌། ཁུག་སྣ། ཉི་མ། གྲིབ་མ། སྣང་མུན་ཏེ་ཡན་ལག་གི་ཁ་དོག་བརྒྱད། རིང༌། ཐུང༌། ལྷམ། ཟླུམ། མཐོ། དམའ། ཕྱལ་པ། ཕྱལ་པ་མིན་པ་སྟེ་དབྱིབས་གཟུགས་བརྒྱད་དོ། །དེ་ལ་ལྷམ་པ་གྲུ་བཞི། ཟླུམ་པོ་ནི་རིལ་བུའོ། །སྔོ་དམར་འདུས་པ་ནག་པོ་སོགས་སོ། །ཁ་ཅིག་དེའི་སྟེང་དུ་གནམ་སྔོན་དང་ཉེར་གཅིག་ཟེར། ཀུན་བཏུས་སུ་ཉེར་ལྔ་བཤད། ཡན་ལག་བརྒྱད་པོ་རྫས་སུ་མ་གྲུབ་པ་སོགས་ཀྱིས་གཟུགས་མིན་ནམ་སྙམ་པ་བཟློག་ཆེད་དོ། །མདོ་སྡེ་པས་དབྱིབས་རྫས་སུ་མེད་པར་འདོད། བྱེ་སྨྲས་དེ་གཉིས་ལ་ཡིན་མིན་མུ་བཞི་འདོད་དོ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། ཟིན་པའི་འབྱུང་བ་དང༌། མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་གཉིས། དེ་རེ་རེ་ལ་སེམས་ཅན་དུ་སྟོན་པ། དོན་རྗོད་པར་བྱེད་པ། དེ་མིན་པ་གཉིས། དེ་རེ་རེ་ལ་སྙན་མི་སྙན་གཉིས་ཏེ་བརྒྱད་དོ། །དེ་ལ་མ་ཟིན་པའི་རྒྱུ་བྱུང་སེམས་ཅན་དུ་སྟོན་པ་ལྷའི་རྔ་སྒྲ་ལྟ་བུའོ། །རོ་ནི་མངར། སྐྱུར། ལན་ཚྭ། ཚ་བ། ཁ་བ། བསྐ་བ་སྟེ་རྣམ་པ་དྲུག །དྲི་ནི་ཞིམ་མི་ཞིམ་གཉིས། དེ་རེ་རེ་ལ་མཉམ་མི་མཉམ་གཉིས་ཏེ་རྣམ་པ་བཞིའོ། །མཉམ་པ་དྲི་ཞིམ་དང་ང་བ་གཉིས་ཤས་ཆུང་ལ། ཅིག་ཤོས་ཆེ་བའོ། །བསྟན་བཅོས་ལས། དྲི་ཞིམ་པ་དང༌། ང་བ་དང༌། གཉིས་ཀའི་ཆ་ལྡན་དང་གསུམ་དུ་གསུངས། ཆ་ལྡན་ལ་མི་མཉམ་མཉམ་གཉིས་ཕྱེ་ན་ལེགས། རེག་བྱ་བཅུ་གཅིག་བདག་ཉིད་དོ། །གང་ཞེ་ན། རྒྱུའི་རེག་བྱ་ས་སོགས་འབྱུང་བ་བཞི། འབྲས་བུའི་རེག་བྱ། འཇམ་རྩུབ། ལྕི་ཡང༌། གྲང་བ། བཀྲེས་སྐོམ་བདུན་ནོ། །གྲང་བ་ཆུ་རླུང་ཤས་ཆེ་བ་ལས་དྲོ་བ་འདོད་པའོ། །བཀྲེས་པ་ཕོ་ནད་རླུང་ཤས་ཆེ་བས་ཟས་འདོད་པ། སྐོམ་པ་མེ་ཤས་ཆེ་བས་སྐོམ་འདོད་པའོ། །དེ་གཉིས་ལ་འདོད་པ་སྨོས་པ་ནི། རྒྱུ་ལ་འབྲས་མིང་བཏགས་པའོ། །ཡུལ་ལྔ་ལས་གཟུགས་ཁམས་ན་དྲི་རོ་བཀྲེས་སྐོམ་མེད་དོ། །ཡུལ་དུ་མ་དང་གཅིག་གིས་རྣམ་ཤེས་སྐྱེས་ཚུལ་ལ། སྒྲ་དང་གཟུགས་ལ་མུ་བཞི་ཡོད། གཞན་གསུམ་ལ་མེད། དེ་བཞིན་མིག་སོགས་བཞི་རིལ་པོས་རྣམ་ཤེས་སྐྱེད། ལུས་ཀྱི་ཕྱོགས་གཅིག་གིས་ཀྱང་སྐྱེད་ཟེར། ལུས་ལྕེའི་དབང་པོ་ཅིག་ཆར་ཡུལ་དང་འཕྲད་ན། ཡུལ་གང་ཤས་ཆེ་བའི་རྣམ་ཤེས་སྔར་བསྐྱེད་ལ། མཉམ་ན་ལུས་ལས་ལྕེ་ཡི་རྣམ་ཤེས་སྐྱེ་སྔ་སྟེ་ཟ་བར་འདོད་པའི་རྒྱུད་གཏད་པས་སོ།།
གཉིས་པ་རྣམ་པ་རིག་མིན་ནི།
གཡེང་དང་སེམས་མེད་པ་ཡི་ཡང༌། །དགེ་དང་མི་དགེ་རྗེས་འབྲེལ་གང༌།།
འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད།།
ཀུན་སློང་གི་སེམས་ལས་གཞན་དུ་གཡེང་བའི་སེམས་དང༌། དེས་ནི་རིག་བྱེད་ལས་ཁྱད་པར་བྱེད། སེམས་མེད་འདུ་ཤེས་མེད་དང་འགོག་སྙོམས་པ་ཡི་རྗེས་སུ་བྱེད་པ་དང༌། དེས་ནི་སེམས་སེམས་བྱུང་གཅོད། ཡང་སྒྲས་མ་ཡེངས་སེམས་བཅས་བཟུང་ངོ༌། །ངོ་བོ་དགེ་དང་མི་དགེ་གང་རུང་དུ་ངེས་པ་སྟེ། དེས་མིག་སོགས་ལུང་མ་བསྟན་བསལ། གཏོང་རྒྱུ་མ་བྱུང་གི་བར་རྒྱུན་རྗེས་སུ་འབྲེལ་བ་གང༌། འབྱུང་བ་ཆེ་རྣམས་སྐྱེད་རྟེན་གནས་འཕེལ་གྱི་རྒྱུར་བྱས་ནས་ཐོབ་པ། དེས་ཐོབ་པ་བསལ། ཁྱད་པར་གསུམ་ལྡན་དེ་ནི་རྣམ་པར་རིག་བྱེད་མིན་པའི་གཟུགས་སུ་བརྗོད་དོ། །དེ་ཡང་གཟུགས་དང་བྱེད་པ་ལས་ཀྱི་རང་བཞིན་གཉིས་ཀ་ཡིན་ཡང༌། ལུས་ངག་གི་ཕྱག་འཚལ་བ་སོགས་རྣམ་རིག་བཞིན་དུ་རང་ཀུན་ནས་སློང་བྱེད་གཞན་ལ་རིག་པར་མི་བྱེད་པས་སོ། །འདི་ལ་མུ་བཞི། གཟུགས་ཡིན་ལ་ལས་དང་རིག་བྱེད་མིན་པ་མིག་སོགས་དང་གཟུགས་སྒྲ་ཕལ་པ་ལྟ་བུ། ལས་ཡིན་གཞན་གཉིས་མིན་པ་སེམས་པ་ལྟ་བུ། གསུམ་ཀ་ཡིན་པ་ལུས་ངག་གི་རྣམ་པར་རིག་བྱེད། གཟུགས་དང་ལས་གཉིས་ཀ་ཡིན་ལ་གཞན་ལ་རིག་པར་མི་བྱེད་པས་རིག་མིན་ཞེའོ། །འདུན་བཟང་ན་རེ། འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་པའི་སྐྱོན་འཕེན་ནོ།།
གཉིས་པ་རྒྱུ་འབྱུང་ལ་དབྱེ་བ། ལས། མཚན་ཉིད། འཇིག་རྟེན་ཐ་སྙད་དུ་འདོགས་པའམ་ས་དང་ས་ཁམས་ཀྱི་ཁྱད་པར་བསྟན་པ་སྟེ་བཞི་ལས། དང་པོ།
འབྱུང་བ་དག་ནི་ས་ཁམས་དང༌། །ཆུ་དང་མེ་དང་རླུང་ཁམས་རྣམས།།
རྒྱུ་འབྱུང་བ་ཞེས་བྱ་བ་དག་ནི་ས་ཁམས་དང༌། ཆུ་དང་མེ་དང་རླུང་ཁམས་རྣམས། དེ་ལ་ཁམས་ནི་རང་གི་མཚན་ཉིད་དམ་འབྲས་བུའི་གཟུགས་ཀྱི་རྒྱུའི་ཕྱིར་དང༌། སེམས་ཅན་གྱི་ལས་ཀྱི་དབང་གིས་ཐོག་མེད་འཁོར་བ་ནས་ནམ་ཡང་མ་བྱུང་མ་མྱོང་བས་ན་འབྱུང་བ། ཆེན་པོ་ནི་རང་གི་བྱ་བ་ལ་ཤས་ཆེར་འཇུག་པའོ། །བློ་བརྟན་གྱིས་རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྟེན་ཡིན་པས་བརྟེན་པ་གཏོས་ཆེ། གཟུགས་འདུས་པ་ཐམས་ཅད་ལ་ས་སོགས་ཡོད་པས་ཡོད་པ་རྒྱ་ཆེ། གནས་པ་ཐ་གྲུ་ཆེ་ཕྱིར་ཆེན་པོ་ཞེས་བྱ་བའོ། །བྱེ་སྨྲས་འབྱུང་བ་གཅིག་གི་ཚོགས་པ་ན་བཞི་ཀ་ཡོད་པར་འདོད། མདོ་སྡེ་པས་གང་སྣང་བ་མངོན་གྱུར་མི་སྣང་བ་ས་བོན་གྱི་ཚུལ་དུ་ཡོད་ཟེར་རོ།།
གཉིས་པ་ལས་བསྟན་པ།
འཛིན་པ་ལ་སོགས་ལས་སུ་གྲུབ།།
སས་གཞི་འཛིན་པ་དང་ལ་སོགས་ཀྱི་སྒྲས་ཆུ་མེ་རླུང་གིས་རིམ་པར་སྡུད་སྨིན་རྒྱས་པའི་ལས་སུ་གྲུབ་བོ།།
གསུམ་པ་མཚན་ཉིད་བསྟན་པ།
སྲ་གཤེར་དྲོ་ཉིད་གཡོ་བ་རྣམས།།
ས་སོགས་རིམ་པར་སྲ་གཤེར་དྲོ་ཉིད་གཡོ་བ་རྣམས་མཚན་ཉིད་དོ།།
བཞི་པ་འཇིག་རྟེན་ཐ་སྙད་དུ་འདོགས་པའམ་ས་དང་ས་ཁམས་ཀྱི་ཁྱད་པར་བསྟན་པ།
འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད།།
ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན།།
འཇིག་རྟེན་གྱི་ནི་ཐ་སྙད་དུ་ནི། ཁ་དོག་དང་དབྱིབས་ལ་ས་ཞེས་བརྗོད་དོ། །ས་མཐོང་ངོ་ཞེས་ཟེར་བ་དང༌། དེ་བཞིན་དུ་ཆུ་དང་མེ་ཡང་ངོ་ཞེས་དེ་ཡང་ཁ་དོག་དབྱིབས་ལ་གྲགས། རླུང་ཚོགས་པའི་རེག་བྱའི་ཁམས་ཉིད་ཡིན་པར་ཡང་གྲགས་ལ། སྔ་མ་དེ་དང་འདྲ་བ། མདོག་དབྱིབས་ལ་གྲགས་པའང་ཡིན་ནོ།།
གཉིས་པ་དེ་སྐྱེ་མཆེད་དང་ཁམས་སུ་དབྱེ་ཚུལ།
དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད།།
དབང་པོ་ལྔ་དང་དོན་ལྔ་པོ་དེ་དག་ཁོ་ན་ལ་མིག་གི་སྐྱེ་མཆེད་སོགས་དང་ནི་མིག་གི་ཁམས་སོགས་བཅུར་འདོད། ཁོ་ན་ཞེས་པས་རིག་མིན་བསལ་ཏོ།།
གཉིས་པ་ཕུང་པོ་བར་མ་གསུམ་བཤད་པ་ལ་གཉིས། དངོས་དང༌། དེ་སྐྱེ་མཆེད་དང་ཁམས་གང་དུ་བསྡུ་བར་བསྟན་པའོ། །དང་པོ།
ཚོར་བ་མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ།།
འདུ་བྱེད་ཕུང་པོ་བཞི་ལས་གཞན།།
ཚོར་བ་རང་སྟོབས་ཀྱིས་དོན་གྱི་ཁྱད་པར་མྱོང་བའོ། །དེ་ལ་ངོ་བོའི་སྒོ་ནས་གསུམ་མམ་ལྔ། རྟེན་གྱི་ལུས་སེམས་གཉིས། ཡང་ན་དྲུག་ཏུ་འདོད་སེམས་སེམས་བྱུང་གཞན་ལ་མྱོང་བ་ཡོད་ན་དེ་དག་ཀྱང་ཚོར་བར་འགྱུར་ལ་མེད་ན་རིག་པ་ཙམ་དུ་མི་འགྱུར་རོ་ཞེ་ན། དེ་ནི་གཞན་སྟོབས་ཀྱིས་མྱོང་བ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདུ་ཤེས་ནི་སྔོ་སོགས་ཁྱད་པར་གྱི་མཚན་མར་ཡོངས་སུ་གཅོད་ཅིང་འཛིན་པའི་བདག་ཉིད་དོ། །དེ་ཡང་དོན་ལ་མཚན་མར་འཛིན་པ་སྔོ་སོགས་ལ་འཛིན་པ་དང༌། ཐ་སྙད་ལ་སྐྱེས་པ་དང་བུད་མེད་སོགས་དང༌། རྟེན་གྱི་སྒོ་ནས་འདུ་ཤེས་ཀྱི་ཚོགས་དྲུག་གོ།ཡང་འདོད་པའི་འདུ་ཤེས་རྒྱ་ཆུང༌། གཟུགས་ཀྱི་འདུ་ཤེས་རྒྱ་ཆེ། གཟུགས་མེད་པའི་འདུ་ཤེས་ཚད་མེད་པའོ། །དམིགས་པའི་སྒོ་ནས་ཀུན་བཏུས་ལས་དྲུག་སོགས་བཤད་དོ། །འཕགས་པའི་ཡེ་ཤེས་ལ་ཁྱད་པར་འཛིན་པ་ཡོད་མོད་ཀྱི་བདག་གཉིས་ཀྱི་མཚན་མ་ལས་གྲོལ་བར་བཤད་ཟེར་རོ། །འདུ་བྱེད་གཟུགས་ཚོར་འདུ་ཤེས་རྣམ་ཤེས་ཀྱི་ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་ཐམས་ཅད་དོ།།
དེ་ལ་སེམས་དང་མཚུངས་ལྡན་རྣམས་དང་མཚུངས་ལྡན་མིན་པའི་འདུ་བྱེད་ཐོབ་པ་སོགས་སོ། །སེམས་སེམས་བྱུང་ཁ་ཅིག་གིས་གཅིག་དང༌། ལ་ལས་ཐ་དད། ལ་ལས་འདུ་ཤེས། ཚོར་བ། རེག་པ། སེམས་པ་བཞི་སེམས་ལས་ཐ་དད་ལ། གཞན་སེམས་ཀྱི་གནས་སྐབས་ལ་བཏགས་སོ་ཟེར། སེམས་སེམས་བྱུང་གཅིག་ན་ཕུང་པོ་ལྔ་ཉིད་མི་འཐད་པ་དང་སེམས་ཀྱི་གནས་སྐབས་ལ་ཚོར་བ་སོགས་ཀྱི་དབྱེ་བ་ལ་སྐྱོན་ནི་མཚན་ཉིད་དང་བྱེད་པ་ཐ་དད་ཡོད་ན་དངོས་པོ་ཐ་དད་དུ་ཐལ་བ་དང༌། མེད་ན་གནས་སྐབས་དང་གནས་སྐབས་ཅན་གྱི་དབྱེ་བ་ཉིད་མི་འཐད་པར་འགྱུར་རོ། །སེམས་དང་སེམས་བྱུང་དག་ཡུལ་དབང་སོགས་བྱེད་རྒྱུ་ལ་བྱེ་བྲག་མེད་ན་འབྲས་བུ་ལ་ཁྱད་པར་མི་འཐད་པའི་ཕྱིར་དང༌། སེམས་སེམས་བྱུང་ཐ་དད་དུ་གསུངས་པའི་མདོའི་ལུང་འགལ་གྱི་སྐྱོན་དང༌། གཞན་ཡང་སེམས་ཀྱི་ངོ་བོ་མི་དགེ་བ་ལ་སོགས་སུ་འགྱུར་བ་དང༌། རྒྱུ་འབྲས་གཅིག་པར་ཁས་ལེན་པ་སོགས་ཀྱི་སྐྱོན་ཡོད་ཟེར།
གཉིས་པ་དེ་སྐྱེ་མཆེད་དང་ཁམས་གང་དུ་བསྡུ་བར་བསྟན་པ།
དེ་གསུམ་རྣམ་རིག་བྱེད་མིན་དང༌། །འདུས་མ་བྱས་རྣམས་བཅས་པ་ནི།།
ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ།།
ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དེ་གསུམ་དང་རྣམ་པར་རིག་བྱེད་མིན་པ་དང༌། འདུས་མ་བྱས་གསུམ་རྣམས་བཅས་པ་དེ་བདུན་པོ་དག་ལ་ནི། ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་བྱའོ།།
གསུམ་པ་རྣམ་ཤེས་ལའང༌། དངོས་དང༌། དེ་སྐྱེ་མཆེད་དང་ཁམས་སུ་འཇོག་ཚུལ་གཉིས། དང་པོ།
རྣམ་ཤེས་སོ་སོར་རྣམ་རིག་པ།།
རྣམ་ཤེས་ནི་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པ་སྟེ། དེ་ལ་ཚོགས་དྲུག་དང༌། རྣལ་འབྱོར་སྤྱོད་པ་བས་བརྒྱད། སློབ་དཔོན་ཡང་དག་བདེན་གྱིས་དྲི་མེད་ཀྱི་ཡིད་དང་དགུ་ཟེར། དགའ་བོ་དང་ཀླུའི་སྡེ་ལ་སོགས་པས་རྣམ་ཤེས་ནི་ཡིད་རྣམ་དང་རྫས་གཅིག་ཡིན་ལ། དབང་པོའི་སྒོ་སོ་སོ་ནས་མངོན་པས་འཇུག་ཏུ་སྣང་ཟེར་རོ།།
གཉིས་པ་དེ་སྐྱེ་མཆེད་དང་ཁམས་སུ་འཇོག་ཚུལ་ལ། དེ་སྐྱེ་མཆེད་གང་ཡིན་པ་དང༌། ཁམས་སུ་དབྱེ་ཚུལ་གཉིས། དང་པོ།
ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན།།
རྣམ་ཤེས་ཀྱི་ཕུང་པོ་དེ་ནི་ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན་ནོ།།
གཉིས་པ་ཁམས་སུ་དབྱེ་ཚུལ་ལ་གཉིས། ཁམས་བདུན་སྤྱིར་དབྱེ་བ་དང༌། ཡིད་ཁམས་བྱེ་བྲག་ཏུ་བཤད་པའོ། །དང་པོ།
ཁམས་བདུན་དག་ཏུའང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད།།
དེ་ནི་སེམས་ཀྱི་ཁམས་བདུན་དག་ཏུའང་འདོད་པ་སྟེ། དེ་ཡང་རྣམ་པར་ཤེས་པ་དྲུག་དང་ཡིད་ཀྱི་ཁམས་སོ།།
གཉིས་པ་ཡིད་ཁམས་བྱེ་བྲག་ཏུ་བཤད་པ།
དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ།།
རྣམ་ཤེས་དྲུག་པོ་སྔ་མ་འདས་མ་ཐག་པ་ཡི། རྣམ་ཤེས་གང་ཡིན་པ་དེ་ལ་ཡིད་ཅེས་བརྗོད་དོ།།
གཉིས་པ་གྲངས་ངེས་ཀྱི་དོགས་སྤོང་ལ། ཁམས་ཉུང་བར་ཐལ་བའི་རྩོད་སྤོང་དང༌། མང་བའི་རྩོད་སྤོང་གཉིས། དང་པོ་ལ། རིགས་པར་མི་མཐུན་པའི་ཉུང་བ་དགག རིགས་པར་མཐུན་པའི་ཉུང་ངུར་བསྡུ་ཚུལ་བཞག་པ་གཉིས། དང་པོ།
དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད།།
དྲུག་པ་ཡིད་ཀྱི་ཤེས་པའི་རྟེན་ནི་རབ་ཏུ་བསྒྲུབ་པའི་ཕྱིར་ཡིད་ཀྱང་བཤད་པས། ཁམས་ནི་བཅོ་བརྒྱད་དག་ཏུ་མདོ་ལས་གསུངས་པར་འདོད། དེ་ཡང་གོས་དམར་སྡེ་པས་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ནི་སྙིང་གི་ངོ་བོར་འདོད་དེ་གཟུགས་མེད་ན་ཡང་ཡོད་པར་འདོད་དོ།།
གཉིས་པ་ལ་བསྡུ་བ་དང༌། ཇི་ལྟར་བསྡུ་ཚུལ་གཉིས། དང་པོ།
ཕུང་པོ་དང་ནི་སྐྱེ་མཆེད་དང༌། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས།།
གཟུགས་ཀྱི་ཕུང་པོ་དང་ནི་ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་གཅིག་གིས་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྡུས་སོ། །དེ་ལྟ་ན་རྣམ་རིག་མིན་པ་ལན་གཉིས་བསྡུས་ཟེར།
གཉིས་པ་ཇི་ལྟར་བསྡུ་ཚུལ།
རང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་དང་མི་ལྡན་ཕྱིར།།
བསྡུ་བྱ་སོ་གཉིས་སྡུད་བྱེད་གསུམ་པོ་དེ་དག་གིས་བསྡུ་ཚུལ་ཡང་རང་གི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་བསྡུས་ཏེ། འདུས་བྱས་རྣམས་མི་རྟག་པས་བསྡུས་པ་བཞིན། རང་མིན་པ་གཞན་གྱི་དངོས་དང་མི་ལྡན་པའི་ཕྱིར། རྒྱལ་པོས་ཡུལ་འཁོར་བསྡུ་བ་ལྟ་བུ་མ་ཡིན་ནོ།།
གཉིས་པ་མང་བར་ཐལ་བ་ནི།
མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས།།
འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ༌།།
འོ་ན་མིག་རྣ་སྣ་དག་གཉིས་གཉིས་ཡོད་ཕྱིར་ཉེར་གཅིག་ཏུ་ཐལ་ཞེ་ན། མིག་དང་རྣ་བ་ལ་སོགས་པ་གཉིས་གཉིས་ཡོད་མོད་ཀྱི། གཉིས་པོ་མིག་སོགས་ཀྱི་རང་བཞིན་དུ་རིགས་འདྲ་ཞིང་མཚན་ཉིད་གཅིག་པ་དང༌། སྤྱོད་ཡུལ་གཟུགས་སོགས་སུ་འདྲ་བ་དང༌། འབྲས་བུ་གཟུགས་སོགས་སུ་འཛིན་པའི་རྣམ་པར་ཤེས་པ་འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད་དུ་བགྲང་ངོ༌། །འོ་ན་གཉིས་གཉིས་དགོས་པ་མེད་ཅེ་ན། རྟེན་ལུས་མཛེས་བྱའི་ཕྱིར་ན་སྲེད་པས་ལས་བསགས་པས་གཉིས་གཉིས་འབྱུང་ངོ༌།།
གཉིས་པ་དེ་དག་གི་རང་བཞིན་གཏན་ལ་དབབ་པ་ལ། ཕུང་ཁམས་ཀྱི་རྣམ་གཞག་སྤྱིར་བསྟན་པ་དང༌། གལ་ཆེ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་དངོས་དང༌། གནས་ཀྱི་མིང་གཉིས། དང་པོ་ལ་ཕུང་ཁམས་སྐྱེ་མཆེད་སྤྱིའི་རྣམ་གཞག་དང༌། ཁམས་ཀྱི་རབ་དབྱེ་གཉིས། དང་པོ་ལ་ཕུང་སོགས་སྤྱིའི་དོན་གཏན་ལ་དབབ་པ་དང༌། ཕུང་སོགས་ཀྱི་མིང་ཅན་གཞན་དེར་འདུ་བའི་ཚུལ་གཉིས། དང་པོ་ལ། བཞི་སྟེ། སྒྲ་དོན། དགོས་པ། གོ་རིམ། སྤྱི་མིང་བྱེ་བྲག་ལ་བཏགས་པའི་རྩོད་སྤོང་ངོ༌། །དང་པོ།
སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན།།
སྤུངས་དང་ཞེས་ཆོས་དུ་མ་སྤུངས་པའི་དོན་ནི་ཕུང་པོའི་མཚན་ཉིད་ཡིན་ཏེ། མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང༌། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱི་ཡིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་པོ་ན་ཡོད་པ་གང་ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནས་རྣམ་ཤེས་ཀྱི་བར་དུ་གསུངས་པས་སོ། །དེ་ལ་མདོའི་དོན་འདས་སོགས་དུས་གསུམ་གྱིས་བསྡུས་པའི་གཟུགས་དང༌། ནང་རང་རྒྱུད་ཀྱིས་བསྡུས་པ་དང༌། དེ་ལས་གཞན་ནི་ཕྱི་ཡིན་ནོ། །ཡང་ན་ནང་དང་ཕྱི་ཡི་སྐྱེ་མཆེད་ཀྱི་གཟུགས་སོ། །རགས་ཕྲ་ནི་ཐོགས་བཅས་ཐོགས་མེད་དམ། ཡང་ན་རྡུལ་སོགས་ལ་ལྟོས་ནས་སོ། །ངན་པ་དང་གྱ་ནོམ་ཉོན་མོངས་པ་ཅན་ཡིན་མིན་དང༌། རིང་བ་འདས་མ་འོངས་དང༌། ཉེ་བ་ད་ལྟའོ། །ཞེས་བྱེ་སྨྲས་ཟེར། དེ་བཞིན་རྣམ་ཤེས་བར་དུ་ཤེས་པར་བྱ་སྟེ། འོན་ཀྱང་ཁྱད་པར་འདི་ཡོད་དེ། ཡིད་སོགས་རགས་ཕྲ་ནི་དབང་པོ་དང་ཡིད་ལ་བརྟེན་པའམ་ཡང་ན་ལས་ལས་རིགས་པར་བྱའོ་ཟེར། བཙུན་པ་ནི། འདས་སོགས་རང་མིང་གིས་བསྟན། ཕྲ་རགས་དབང་ཡིད་ཀྱིས་གཟུང་བྱ། ངན་པ་གྱ་ནོམ་ཡིད་མི་འོང་དང༌། ཡིད་འོང༌། ཉེ་རིང་ཡུལ་སྣང་མི་སྣང་ཟེར། ཚོར་བ་སོགས་ལའང་དེ་བཞིན་ཤེས་པར་བྱ། ཕུང་པོ་ལྔ་པ་ལས་ནི། དང་པོ་གསུམ་དུས་དང༌། ཕྱི་ནང་རྒྱུད་དང༌། ཕྲ་རགས་རྣམ་པ། ངན་གྱ་ནོམ་འགྲོ་བ། ཐག་ཉེ་རིང་ཡུལ་ལོ། །སྐད་ཅིག་དང་རྡུལ་ལ། བྱ་བའི་ཁུར་ཁྱེར་ནུས་དང༌། ཕུང་པོར་ཡོངས་སུ་ཆད་པའི་དོན་ཚང་བ་ཕུང་པོ་ཡིན་ནོ། །ཡང་ན་ཕུང་པོ་བཏགས་པ་ཡིན་པས་དེ་རེ་རེ་ཕུང་པོ་མིན་པར་ཡང་འདོད་དེ། ཕུང་པོ་བཏགས་ཡོད་ཡིན་ན་རྡུལ་གཟུགས་ཕུང་མིན་པ་དེའི་ཕྱོགས་གཅིག་ཡིན་ལ། རྫས་ཡོད་ཡིན་ན་དེ་ཕུང་པོ་ཡིན་ནོ། །བདག་དམིགས་ཀྱི་རྐྱེན་དྲུག་ལ་བརྟེན་ནས་རྣམ་ཤེས་སྐྱེ་བའི་སྒོ་གྱུར་པའི་དོན་ནི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་ལ། རྒྱུའམ་རང་བཞིན་ནི་རིགས་ཀྱི་དོན་ཏེ། ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་རྣམས་ཀྱི་མཚན་ཉིད་ཡིན་ནོ།།
གཉིས་པ་དགོས་པ་ལ། ཕུང་སོགས་སྤྱིར་དབྱེ་བའི་དགོས་པ་དང༌། ཚོར་འདུ་བྱེ་བྲག་ཏུ་དབྱེ་བའི་དགོས་པ། ཞར་ལ་འདུས་མ་བྱས་ཕུང་པོར་མི་འཇོག་པའི་འཐད་པ་དང་གསུམ། དང་པོ།
རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ།།
དགོས་པ་རྨོངས་པ་གསུམ་བཟློག་པ་དང་དབང་པོ་གསུམ་དང༌། འདོད་པ་རྣམ་གསུམ་གྱི་སྤྱིར་ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །དེ་ལ་སེམས་སེམས་བྱུང་ལ་རིལ་པོ་གཅིག་ཏུ་འཛིན་པ་ཟློག་ཕྱིར་ཕུང་ལྔ་སྟེ། དེ་ལས་སེམས་ལ་བཞིར་དབྱེ། གཟུགས་ལ་དེ་ཟློག་ཕྱིར་སྐྱེ་མཆེད། གཉིས་ཀ་ལ་དེ་ཟློག་ཕྱིར་ཁམས་བཅོ་བརྒྱད་དོ། །དེ་གསུམ་ལ་རིམ་པར་གང་སྤེལ་གྱིས་དང་པོ་རྨོངས་ཚབས་ཆུང་སྟེ། དངོས་པོ་ཕྲ་བ་དང་རིགས་མཐུན་ལ་རྨོངས། གཉིས་པ་རྨོངས་ཚབས་འབྲིང་སྟེ། དངོས་པོ་རགས་པ་དང༌། རིགས་མཐུན་ལ་རྨོངས། གསུམ་པ་རྨོངས་ཚབས་ཆེ་སྟེ། དངོས་པོ་ཕྲ་རགས། རིགས་མཐུན་མི་མཐུན་ཐམས་ཅད་ལ་རྨོངས་པས་སོ་ཟེར། དབང་པོ་རྣོན་པོ་ལ་ཕུང་ལྔར་བསྡུས་ཏེ་བསྟན་པ་དང༌། དེ་བཞིན་འབྲིང་ལ་སྐྱེ་མཆེད། རྟུལ་པོ་ལ་ཁམས་བཅོ་བརྒྱད་དུ་བཤད་དོ། །ཡང་ཞི་གནས་སྤྱོད་པ་ཚིག་བསྡུས་པ་ལ་དགའ་བ་དང༌། ཞི་ལྷག་གཉིས་སྤྱོད་འབྲིང་ལ་དགའ་བ་དང༌། ལྷག་མཐོང་སྤྱོད་པ་རྒྱས་པ་ལ་དགའ་བའི་འདོད་པ་གསུམ་གྱི་ཕྱིར་གསུམ་དུ་དབྱེ་བར་འདོད་དོ་ཞེས་སོ།།
གཉིས་པ་ཚོར་འདུ་བྱེ་བྲག་ཏུ་དབྱེ་བའི་དགོས་པ།
རྩོད་པའི་རྩ་བར་གྱུར་པ་དང༌། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར།།
སེམས་བྱུང་རྣམས་ལས་ཚོར་བ་དང༌། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག།
ཚོར་འདུ་གཉིས་ཁྱིམ་པ་དང་རབ་བྱུང་གཉིས་ཀྱིས་འདོད་པ་དང་ལྟ་བ་ལ་རྩོད་པའི་རྩ་བར་གྱུར་པ་དང༌། ཚོར་བས་ཆགས་ལྡན་གྱིས་ལས་གསོག་ཅིང༌། དེའང་འདུ་ཤེས་ཕྱིན་ཅི་ལོག་གིས་ཡིན་པས་དེ་དག་འཁོར་བའི་རྒྱུ་ཡི་གཙོ་བོ་ཡིན་པའི་ཕྱིར་དང༌། འོག་ནས་འཆད་འགྱུར་གྱི་གོ་རིམ་ལྟར་སྟོན་པའི་རྒྱུ་མཚན་བཞི་ཡོད་པའི་ཕྱིར་ན། སེམས་བྱུང་རྣམས་ལས་ཚོར་བ་དང༌། འདུ་ཤེས་གཉིས་ནི་ལོགས་ཤིག་ཏུ་ཕུང་པོར་བཞག་པ་ཡིན་ནོ།།
གསུམ་པ་ཞར་ལ་འདུས་མ་བྱས་ཕུང་པོར་མི་འཇོག་པའི་འཐད་པ།
ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད།།
ཕུང་པོ་དག་ཏུ་འདུས་མ་བྱས་དུ་མ་སྤུངས་པའི་དོན་དུ་མི་རུང་བའི་ཕྱིར་ན་མ་བཤད་དེ། དེ་ཡང་འདུས་མ་བྱས་ཁམས་སྐྱེ་མཆེད་དུ་བསྟན། ཕུང་པོར་མི་སྟོན་པ་ནི། ཕུང་ལྔ་སོ་སོའི་མཚན་ཉིད་མེད་པས་དེ་རེ་རེ་ནས་མ་བསྡུས་ལ། ཕུང་པོ་དྲུག་པར་ཡང་མི་བཞག་སྟེ་དུ་མ་སྤུངས་པའི་དོན་མེད་པས་སོ། །གཞན་ཡང་ཀུན་ཉོན་གྱི་གཞི་ཤེས་ཕྱིར་ཉེར་ལེན་གྱི་ཕུང་ལྔ་དང༌། ཀུན་བྱང་གཉིས་ཀའི་གཞི་ཤེས་ཕྱིར་ཕུང་པོ་བསྟན་ལ། འདུས་མ་བྱས་དེ་གཉིས་ཀའི་དོན་དུ་མི་རུང་བ་དང༌། སྐྱེ་མཆེད་དང་ཁམས་སུ་ནི་དམིགས་པའི་ཚུལ་གྱིས་སྐྱེ་སྒོ་དང་རིགས་ཀྱི་དོན་ཡོད་པའི་ཕྱིར་བཤད་དོ།།
གསུམ་པ་གོ་རིམ་ལ། ཕུང་པོའི་གོ་རིམ་དང༌། ཁམས་སྐྱེ་མཆེད་ཀྱི་གོ་རིམ་གཉིས། དང་པོ།
རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་འདོད་ཁམས་ཇི་བཞིན་ནོ།།
གོ་རིམ་ནི། ཐོག་མར་གཟུགས་ནི་གཟུགས་ཅན་ཐོགས་བཅས་ཡིན་པས་ཀུན་ལས་རགས་པས་དང༌། དེ་ཚོར་བའི་རྒྱུ་བ་རགས་པ་སོགས་ཀྱི་ཕྱིར་ཏེ་རགས་ཕྲའི་གོ་རིམ་དང༌། ཐོགས་མེད་ནས་སྐྱེ་བོ་གཟུགས་ལ་མངོན་པར་དགའ། དེ་ལས་བདེ་སོགས་ཚོར་བ་ལ་རོ་མྱོང་བས་ཆགས། དེ་ལས་གཙང་བདེ་སོགས་འདུ་ཤེས་ཕྱིན་ཅི་ལོག་སྐྱེ། དེས་ཆགས་སོགས་ཉོན་མོངས་པ་འདུ་བྱེད། དེས་སེམས་ཉོན་མོངས་པར་བྱེད་པས། ཀུན་ནས་ཉོན་མོངས་པ་སྐྱེ་བའི་རིམ་པ་དང༌། ཡང་ན་སྣོད་དང་སོགས་པས་ཟས་དང་ཚོད་མ་བྱན་པོ་ཟ་པོ་དང་མཐུན་པའི་དོན་གྱིས་ཏེ། གཟུགས་ཚོར་བའི་རྟེན། ཚོར་བ་ཟས། འདུ་ཤེས་ཚོར་བ་གསལ་འདེབས་པ་ཚོད་མ། སེམས་པས་རྣམ་སྨིན་གྱི་ཚོར་བ་འདུ་བྱེད་ནས་ཉེ་བར་གཏོད་ཕྱིར་བྱན་པོ་སྟེ་ཟས་སྟོབ་པ་པོ་ལྟ་བུ་དང༌། རྣམ་ཤེས་དེ་ལ་ཚོར་བས་ཕན་འདོགས་པའི་ཟ་བ་པོ་ལྟ་བུ་ཡིན་ནོ། །ཡང་ན་འདོད་པ་སོགས་ཁམས་ཇི་ལྟ་བ་བཞིན་ནོ། །དེ་ཡང་འདོད་ཁམས་གཟུགས་ཀྱིས་ཕྱེ་སྟེ་འདོད་པའི་ཡོན་ཏན་གཟུགས་ཡིན་པས་སོ། །གཟུགས་ཁམས་ཚོར་བས་ཏེ། དང་པོ་ཡིད་བདེ་དང་བདེ་བ། གཉིས་པར་ཡིད་བདེ། གསུམ་པར་སེམས་བདེ། བཞི་པར་བཏང་སྙོམས། གཟུགས་མེད་དང་པོ་གསུམ་འདུ་ཤེས་ཀྱིས་ཕྱེ་ལ། སྲིད་རྩེ་འདུ་བྱེད་ཙམ་གྱིས་ཕྱེ་སྟེ་དེས་ཚེ་བསྐལ་པ་བརྒྱད་ཁྲིར་འཕེན་ཞིང༌། རྣམ་ཤེས་དེ་དག་གི་གཞི་ཡིན་པས་སོ།
གཉིས་པ་ཁམས་སྐྱེ་མཆེད་ཀྱི་གོ་རིམ།
ད་ལྟའི་དོན་ཕྱིར་དང་པོ་ལྔ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི།།
གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ཡང་ན་ཇི་ལྟར་གནས་བཞིན་རིམ།།
ད་ལྟའི་དོན་འཛིན་ཕྱིར་སྐྱེ་མཆེད་དང་པོ་ལྔ་སྔོན་ལ་བསྟན་ལ། ཡིད་ནི་དུས་གསུམ་དང་དུས་མིན་འདུས་མ་བྱས་ཀྱི་ཡུལ་ཅན་ཡང་ཡིན་པའི་ཕྱིར་ཕྱིས་བཤད་དོ། །ལྔ་པོ་དེ་ལས་ཀྱང་འབྱུང་བ་ལས་གྱུར་པའི་དོན་འབྲས་གཟུགས་ཁོ་ན་འཛིན་ཕྱིར་མིག་སོགས་དང་པོ་བཞི་བསྟན། ལུས་ནི་གཉིས་ཀའི་ཡུལ་ཅན་ཡིན་པས་ཕྱིས་བཤད། བཞི་པོ་དེ་ལས་ཀྱང་གཞན་མིག་རྣ་གཉིས་ནི་ཆེས་རྒྱང་རིང་པོ་ལ་འཇུག་པས་སྔར་བསྟན་ལ། རྣ་བ་ལས་ཀྱང་མིག་རྒྱང་རིང་ལ་འཇུག་པས་སྔར་བཤད། སྣ་ལྕེ་ནི་ཡུལ་ཕྲད་ནས་ཉེ་བ་ཁོ་ན་ལ་འཇུག་པས་ཕྱིས་བཤད་དོ། །སྣ་ནི་ལྕེ་བས་ཆེས་མྱུར་དུ་འཇུག་པའི་ཕྱིར་སྔར་བསྟན་ལ། ཡང་ན་ལུས་ལ་ཇི་ལྟར་མིག་སོགས་གནས་པའི་གོ་རིམ་བཞིན་ཏེ། མིག་དང་པོ་ན་གནས་པ་ནས། ལུས་བྱིངས་ཕལ་ཆེར་འོག་ཏུ་གནས་པའི་ཕྱིར་རོ། །ནང་གི་སྐྱེ་མཆེད་ཀྱི་གོ་རིམ་ལྟར་ཕྱིའི་ཡང་གྲུབ་སྟེ། ཡུལ་ཅན་གྱིས་ཡུལ་བསྟན་པ་དང༌། ཁམས་ཀྱི་གོ་རིམ་ཡང་དེས་གྲུབ་སྟེ། རྒྱུའི་གོ་རིམ་ལྟར་བསྟན་པའི་ཕྱིར་རོ།།
བཞི་པ་སྤྱི་མིང་བྱེ་བྲག་ལ་བཏགས་པའི་རྩོད་སྤོང་ངོ༌།
བྱེ་བྲག་དོན་དང་གཙོ་བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར།།
གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང༌། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད།།
སྐྱེ་མཆེད་བཅུ་ཆར་གཟུགས་ཡིན་ན་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་བརྗོད་ཅེ་ན། མིག་གི་ཡུལ་དེ་གཟུགས་ཞེས་བསྟན་པ་ཉིད་ཀྱིས་བཅུ་པོ་སྐྱེ་མཆེད་བྱེ་བྲག་སོ་སོའི་དོན་ཡིན་པར་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་དེ་ལྟར་བརྗོད་པ་དང༌། བསྟན་ཡོད་ཐོགས་བཅས་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར། གཟུགས་ཅན་གྱི་ཁམས་བཅུ་ལས་མིག་གི་ཡུལ་ཁོ་ནར་སྤྱི་སྒྲ་བྱེ་བྲག་ཏུ་སྦྱར་བ་དང༌། གཞན་རང་མིང་གིས་གོའོ། །ཐམས་ཅད་ཆོས་ཡིན་ཡང་ཁམས་བདུན་ལ་ཆོས་ཟེར་བ་མིང་མེད་མིང་དུ་གྱུར་བ་ལྟར་གཞན་སོ་སོ་རང་མིང་གིས་ཤེས་ལ། འདི་ལ་སྤྱི་སྒྲ་ཐོབ་པས་སོ། །ཡང་ན་ཚོར་སོགས་ཆོས་མང་པོ་བསྡུས་པ་དང༌། ཆོས་ཀྱི་མཆོག་མྱང་འདས་འདིས་བསྡུས་པའི་ཕྱིར་ན་རིམ་པར་མིག་གི་ཡུལ་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་ཁམས། ཡིད་ཡུལ་གཅིག་ནི་ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཞེས་བྱ་བར་བརྗོད་དོ།།
གཉིས་པ་ཕུང་ཁམས་ཀྱི་མིང་ཅན་གཞན་བསྡུ་བ་ལ། ཆོས་ཕུང་གི་བསྡུ་བ་དངོས་སུ་བཤད། དེས་མཚོན་ནས་གཞན་བསྡུ་བར་གདམས། ཁམས་གཉིས་ལ་འདོད་ཚུལ་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ་བསྡུ་བ་དངོས་དང༌། ཞར་ལ་ཆོས་ཕུང་གི་ཚད་འདོད་ཚུལ་གཉིས། དང་པོ།
ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག།
ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས།།
ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །མདོ་སྡེ་པས་རྣ་བའི་ཡུལ་གྱུར་སྒྲ་རང་མཚན་པའི་ཚིག་གམ། བྱེ་སྨྲས་ཡིད་ཡུལ་ལྡན་མིན་མིང་ཡིན་པར་འདོད་པས་དེ་དག་ནི་སྔ་མ་ལྟར་ན་གཟུགས་དང༌། ཕྱི་མ་ལྟར་ན་འདུ་བྱེད་དག་ཏུ་འདུས་སོ།།
གཉིས་པ་ཞར་ལ་ཆོས་ཕུང་གི་ཚད་འདོད་ཚུལ།
ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན།།
སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས།།
ཆོས་ཕུང་དེ་ཡང་ཁ་ཅིག་ཤཱ་རིའི་བུས་ཉེ་བར་བསྡུས་པའི་བསྟན་བཅོས་ཚད་ཙམ་རེ་ཡིན་ཞེས་ཟེར། དེ་ལ་ཤྭ་ལོ་ཀ་དྲུག་སྟོང་ཡོད་དོ། །དེ་ལྟ་ན། ཆོས་ཕུང་བརྒྱད་ཁྲི་ལ་ཚིག་ལེའུར་བྱས་པ་དུང་ཕྱུར་ཕྲག་བཞི་དང༌། བྱེ་བ་ཕྲག་བརྒྱད་དུ་འགྱུར་རོ། །བམ་པོ་ས་ཡ་ཕྲག་གཅིག་དྲུག་འབུམ་བརྒྱད་ཁྲིའོ། །ཚིག་ལེའུར་བྱས་པ་ཚིགས་བཅད་རྐང་པ་རེ་ལ་ཚིག་འབྲུ་སོ་གཉིས་ཞེས་བཤད་པས་བོད་ཀྱི་ཚེགས་བར་ཉེར་བརྒྱད་དུ་འགྱུར་རོ། །གཞན་དག་ཕུང་པོ་དང་ལ་སོགས་པས་ཁམས། སྐྱེ་མཆེད་རྟེན་འབྲེལ་སོགས་སྡེ་ཚན་རེ་རེ་རྫོགས་པར་སྟོན་པའི་གཏམ་རེ་རེ་ཆོས་ཕུང་རེ་ཡིན་གྱི། ཤྭ་ལོ་ཀའི་གྲངས་ངེས་མེད་ཟེར། ཆགས་སྡང་སོགས་ཉོན་མོངས་པ་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་རྣམས་ཀྱི་གཉེན་པོར་ནི། ཆོས་ཀྱི་ཕུང་པོའང་དེ་དང་མཐུན་པར་གསུངས་སོ།།
གཉིས་པ་དེས་མཚོན་ནས་གཞན་བསྡུ་བར་གདམས།
དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི།།
རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ།།
དེ་བཞིན་གཞན་ཡང་མདོ་ལས་གསུངས་པ་ཅི་རིགས་པར། ཟག་མེད་ཀྱི་ཕུང་པོ་ཟད་པར་ཟིལ་གྱི་གནོན་པའི་སྐྱེ་མཆེད། ཁམས་མང་པོའི་མདོ་ལས་ཁམས་དྲུག་ཅུ་རྩ་གཉིས་རྣམས་ནི། དེ་དག་རང་གི་མཚན་ཉིད་ལེགས་པར་དཔྱད་དེ། ཇི་སྐད་བཤད་པར་ཕུང་ཁམས་སྐྱེ་མཆེད་དེར་བསྡུ་བར་བྱའོ། །དེ་ཡང་ཟག་མེད་ཕུང་ལྔ་བྱེ་སྨྲ་ལྟར་ན་ཚུལ་ཁྲིམས་གཟུགས། ཏིང་འཛིན་ཤེས་རབ་གཉིས་འདུ་བྱེད་དང༌། རྣམ་གྲོལ་ནི་མི་སློབ་པའི་མོས་པ། ཡེ་ཤེས་གཟིགས་པར་ཤེས་རབ་ཀྱི་བྱེ་བྲག་ཡིན་པས་ཕྱི་མ་བཞི་འདུ་བྱེད་དོ། །སྡིག་བཤགས། ཡི་རངས། གསོལ་གདབ་ཀྱི་ཕུང་པོའང་འདུ་བྱེད་དེ། འགྱོད་དང་དད་དང་འདུན་པའི་རང་བཞིན་ཡིན་པས་སོ། །ཡང་དག་ངེས་པ་སོགས་གསུམ། ཕུང་པོ་ལྔས་བསྡུས་པའོ། །ཟད་པར་བཅུའི་དང་པོ་བརྒྱད་མ་ཆགས་པ་ཡིན་པས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས། འཁོར་དང་བཅས་ན་ཕུང་ལྔའི་རང་བཞིན་ཡིན་པས་ཡིད་དང་ཆོས་ཀྱིས་སོ། །ཟིལ་གནོན་བརྒྱད་ཀྱི་བསྡུ་ཚུལ་ཡང་ཟད་པ་དང་པོ་བརྒྱད་དང་འདྲའོ། །ཕྱི་མ་གཉིས་ནི་གཟུགས་མེད་དེ། ཡིད་དང་ཆོས་ཀྱིས་སོ།།
གསུམ་པ་ཁམས་གཉིས་ལ་འདོད་ཚུལ་བྱེ་བྲག་ཏུ་བཤད་པ།
༴བུ་ག་ནམ་མཁའི་ཁམས་ཞེས་བྱ། །2སྣང་དང་མུན་པ་དག་ཡིན་ལོ།།
ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན།།
ཁམས་དྲུག་གི་ས་སོགས་བཞི་རེག་བྱ་ཡིན་ལ། ཁམས་དྲུག་གི་ནང་ཚན་དུ་གྱུར་པའི་ནམ་མཁའ་དང༌། རྣམ་ཤེས་ནི་ནམ་མཁའ་དང་རྣམ་ཤེས་སྤྱི་ལས་བྱེ་བྲག་ཞིག་ལ་གོ་དགོས་ཏེ། འདི་ལྟར་སྒོ་དང་སྐར་ཁུང་སྣ་ཚོགས་ཀྱི་བུ་ག་ནི་ནམ་མཁའི་ཁམས་ཤེས་བྱ་སྟེ། དེ་ཡང་ཉིན་མོ་སྣང་བ་དང་མཚན་མོ་མུན་པ་དག་ཡིན་པས་གཟུགས་ཡིན་ནོ་ལོ། །བྱེ་སྨྲས་ནང་གི་ནམ་མཁའ་ཐོགས་བཅས་ཉེ་འཁོར་ཏེ་གཟུགས་ཡིན་ནོ་ཟེར། མདོ་སྡེ་པས་སྣང་མུན་འདུས་བྱས་ཡིན་ལ། ནམ་མཁའ་འདུས་མ་བྱས་ཡིན་ཕྱིར་ཐོགས་མེད་ཉེ་འཁོར་ཡིན་ཟེར་རོ། །དེ་ལྟ་ན་ནམ་མཁའི་ཁམས་ཆོས་ཁམས་ཡིན་ནོ། །རྣམ་ཤེས་ཐམས་ཅད་ཁམས་མིན་ཏེ་འོན་ཀྱང་ཟག་པ་དང་བཅས་པའི་རྣམ་ཤེས་ནི། རྣམ་ཤེས་ཀྱི་ཁམས་ཞེས་བྱ་བ་ཡིན་ཏེ། དེ་སྲིད་པར་སྐྱེ་བའི་རྟེན་དུ་གསུངས་པའི་ཕྱིར་རོ། །དེས་ན་རྣམ་ཤེས་ཀྱི་ཁམས་ནི་སེམས་ཁམས་བདུན་དུ་འདུས་སོ། །དེའི་རྗེས་ལ་འདོད་པ་དང༌། གནོད་སེམས། རྣམ་འཚེ་ངེས་པར་འབྱུང་བ། གནོད་སེམས་མེད་པ། རྣམ་པར་མི་འཚེ་བའི་ཁམས་དང་དྲུག་ནི་ཆོས་ཀྱི་ཁམས་སོ། །བདེ་བ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས། མ་རིག་པའི་ཁམས་ཏེ་དྲུག་ནི་དང་པོ་ལྔ་ཚོར་བ་དང༌། ཐ་མ་ནི་འདུ་བྱེད་ཀྱི་ནང་དུ་འདུས་སོ། །དེ་རྗེས་ཚོར་འདུ། འདུ་བྱེད། རྣམ་ཤེས་ཀྱི་ཁམས་བཞི་ནི། ཆོས་དང༌། སེམས་ཀྱི་ཁམས་སོ། །འདོད་གཟུགས་གཟུགས་མེད་གསུམ་ནི་རིམ་པར་ཁམས་བཅོ་བརྒྱད་དང༌། དྲི་རོ་སྣ་ལྕེའི་རྣམ་ཤེས་ཁམས་མ་གཏོགས་བཅུ་བཞི་དང༌། ཁམས་ཐ་མ་གསུམ་གྱིས་བསྡུས། གཟུགས་གཟུགས་མེད་འགོག་པའི་ཁམས་གསུམ་ནི་ཁམས་བཅུ་བཞི་དང༌། ཐ་མ་གསུམ་དང༌། ཆོས་ཀྱིས་སོ། །དུས་གསུམ་དུ་བྱུང་བའི་ཁམས་གསུམ་གསུངས་པ་ནི་ཁམས་བཅོ་བརྒྱད་ཐམས་ཅད་ཀྱིས་བསྡུས་སོ། །དེ་རྗེས། ངན་པ། བར་མ། གྱ་ནོམ་གསུམ་ནི། འདོད་ཁམས་སོགས་གསུམ་པོ་ཡིན་ནོ། །དགེ་མི་དགེ་ལུང་མ་བསྟན་གསུམ། དང་པོ་གཉིས། གཟུགས་སྒྲ། ཆོས་དང་སེམས་ཁམས་བདུན་གྱིས་སོ། །ཐ་མ་བཅོ་བརྒྱད་ཀྱིས་སོ། །སློབ་མི་སློབ་གཉིས་ཀ་མིན་པ་གསུམ་གྱི་དང་པོ་གཉིས། ཁམས་ཐ་མ་གསུམ་གྱིས་དང༌། ཐ་མ་ནི་བཅོ་བརྒྱད་དོ། །ཟག་བཅས་ཟག་མེད་གཉིས་ཀྱི་དང་པོ་ཁམས་བཅོ་བརྒྱད་དང༌། ཐ་མ་གསུམ་གྱིས་བསྡུས། འདུས་བྱས་འདུས་མ་བྱས་གཉིས། དང་པོ་བཅོ་བརྒྱད་དང༌། ཐ་མ་ཆོས་ཁམས་གཅིག་པུས་བསྡུས་སོ། །དེ་ལྟ་ན་ཁམས་བཅོ་བརྒྱད་དང་དེ་ནས་དྲུག་ཚན་གསུམ་དང་བཞི་ཚན་གཅིག་གསུམ་ཚན་དྲུག་དང་གཉིས་ཚན་གཉིས་བཅས་ཁམས་དྲུག་ཅུ་རྩ་གཉིས་ཏེ་དེ་དག་ལ་མཁས་ན་ཁམས་ལ་མཁས་པར་གསུངས་སོ།།
གཉིས་པ་ཁམས་ཀྱི་དབྱེ་བ་ལ། མིག་ལ་བསྟན་དུ་ཡོད་མེད་ཀྱི་ཁྱད་པར། ཐོགས་བཅས་ཡིན་མིན་གྱི་ཁྱད་པར། ལུང་བསྟན་ཡིན་མིན་གྱི་ཁྱད་པར། ཁམས་གསུམ་གང་དུ་ཡོད་མེད་ཀྱི་ཁྱད་པར། ཟག་བཅས་ཟག་མེད་ཀྱི་ཁྱད་པར། རྟོག་དཔྱོད་དང་བཅས་མ་བཅས་ཀྱི་ཁྱད་པར། དམིགས་བཅས་ཡིན་མིན་གྱི་ཁྱད་པར། ཟིན་མ་ཟིན་གྱི་ཁྱད་པར། འབྱུང་བ་འབྱུང་འགྱུར་ཡིན་མིན་གྱི་ཁྱད་པར། རྡུལ་ཕྲན་བསགས་པ་ཡིན་མིན་གྱི་ཁྱད་པར། གཅོད་བྱེད་གཅད་བྱར་གྱུར་མ་གྱུར་གྱི་ཁྱད་པར། བྱུང་བ་གསུམ་གྱི་ཁྱད་པར། ཐོབ་པ་འབྱུང་མིན་གྱི་ཁྱད་པར། ཕྱི་ནང་གི་ཁྱད་པར། བརྟེན་བཅས་དེ་མཚུངས་ཀྱི་ཁྱད་པར། སྤང་བྱ་ཡིན་མིན་གྱི་ཁྱད་པར། ལྟ་བ་ཡིན་མིན་གྱི་ཁྱད་པར། ཡུལ་དབང་ཤེས་གསུམ་ཕན་ཚུན་བརྟེན་ཚུལ་གྱི་ཁྱད་པར༌། དབང་པོ་དུས་ཡུལ་ཡིན་ཚུལ་གྱི་ཁྱད་པར། རྟག་མི་རྟག་གི་ཁྱད་པར། དབང་པོ་ཡིན་མིན་དུ་དཔྱད་པ་སྟེ་སྐབས་ཉེར་གཅིག་སྟེ། རྫས་དང་པོ་ལྡན་མི་ལྡན་ནི། རྟག་མི་རྟག་གི་ཁོངས་སུ་འདུ་སྟེ། གོང་དུ་དམིགས་བསལ་དུ་འཆད་ན་བདེ་ཞིང༌། མིང་ནི་ཉེར་གཉིས་དོན་གྱི་ཉེར་གཅིག་ཡིན་ནོ། །དང་པོ།
བསྟན་ཡོད་འདི་ནི་གཟུགས་གཅིག་པུ།།
མིག་གི་ཤེས་པས་འདི་ནའོ་ཞེས་བསྟན་དུ་ཡོད་པ་འདིར་ནི་གཟུགས་གཅིག་པུ་གཞན་བཅུ་བདུན་བསྟན་མེད་དོ།།
གཉིས་པ་ཐོགས་བཅས་ཡིན་མིན་གྱི་ཁྱད་པར།
ཐོགས་དང་བཅས་པ་གཟུགས་ཅན་བཅུ།།
ཕན་ཚུན་སྒྲིབ་པས་ཐོགས་པ་དང་བཅས་པ་གཟུགས་ཅན་བཅུ། སྒྲིབ་པས་ཐོགས་པ་ནི་གཅིག་གི་གོ་སར་གཅིག་མི་འཇུག་པའོ། །ཡུལ་ལ་ཐོགས་པ་མིག་སོགས་རང་ཡུལ་ལས་གཞན་ལ་མི་འཇུག་པའོ། །དམིགས་པ་ལ་ཐོགས་པ་སེམས་སེམས་བྱུང་རྣམས་རང་ཡུལ་ལ་འཛིན་གྱི་གཞན་ལ་མི་འཛིན་པའོ། །ཡུལ་དང་སྒྲིབ་ཐོགས་གཉིས་ལ་མུ་བཞི་སྟེ། ཡུལ་ཐོགས་སྒྲིབ་མི་ཐོགས་ནི། སེམས་ཁམས་བདུན་དང་ཆོས་ཁམས་ཀྱི་མཚུངས་ལྡན་ནོ། །གཉིས་པ་ཡུལ་ལྔ། གསུམ་པ་དབང་ལྔ། བཞི་པ་ཆོས་ཁམས་ཀྱི་མཚུངས་ལྡན་མ་གཏོགས་པའོ། །མིག་ལ་ཡུལ་ཐོགས་ལ་ཆུ་དང༌། སྐམ་ཉིན་མཚན་ལ་ཐོགས་མི་ཐོགས་ཀྱི་མུ་བཞི་ཡུལ་དང་དམིགས་ཐོགས་ཀྱི་མུ་གཉིས་ཀྱང་བཤད་དོ།།
གསུམ་པ་ལུང་བསྟན་ཡིན་མིན་གྱི་ཁྱད་པར།
ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ།།
མཐའ་གཅིག་ཏུ་དགེ་མི་དགེ་ལུང་མ་བསྟན་བརྒྱད་དེ། གང་ཞེ་ན། གཟུགས་ཅན་གྱི་ཁམས་བཅུ་དེ་དག་ཉིད་ལས་གཟུགས་སྒྲ་མ་གཉིས་གཏོགས་པ་བརྒྱད་དོ། །གཞན་དུ་བཅུ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་མོ།།
བཞི་པ་ཁམས་གསུམ་གང་དུ་ཡོད་མེད་ཀྱི་ཁྱད་པར།
འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞི་འོ།།
དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས།།
གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས།།
འདོད་ཁམས་སུ་གཏོགས་པ་ཁམས་བཅོ་བརྒྱད་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །གང་ཞེ་ན། ཡུལ་དྲི་དང་རོ་དང་དེ་གཉིས་ཀྱི་ཡུལ་ཅན་སྣ་དང་ནི། ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས་པའོ། །གཟུགས་མེད་དུ་གཏོགས་པ་མ་བྲལ་བས་དེའི་བདག་གིར་བྱས་པའི་ཡིད་དང་ནི། ཆོས་དང༌། ཡིད་ཀྱི་རྣམ་ཤེས་ཁམས་ཏེ་གསུམ་མོ།།
ལྔ་པ་ཟག་བཅས་ཟག་མེད་ཀྱི་ཁྱད་པར།
དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ།།
ཆོས་ཡིད་རྣམ་ཤེས་དེ་གསུམ་ཟག་བཅས་དང༌། ཟག་པ་མེད་པ་གཉིས་ཡོད་དེ། ལམ་བདེན་གྱིས་བསྡུས་པའི་ཆོས་ཡིད་རྣམ་ཤེས་གསུམ་དང༌། འདུས་མ་བྱས་ཟག་མེད་དང༌། ཁམས་ལྷག་མ་བཅོ་ལྔ་རྣམས་ནི་མཐའ་གཅིག་ཏུ་ཟག་བཅས་ཡིན་ཏེ། ཟག་པ་རྒྱས་པ་དང་སྒོམ་སྤང་ཡིན་པས་སོ། །དཔེས་སྟོན་པས་དགྲ་བཅོམ་པའི་ཕུང་པོ་དང་སྣོད་ཟག་པའི་རྟེན་དང་གཉེན་པོ་གཉིས་ཀ་མིན་པས་དེ་གཉིས་གང་ཡང་མིན་པར་འདོད་ཀྱང༌། དེ་མི་སྲིད་དེ་ཕུང་གསུམ་མེད་པས་སོ། །དཔེས་སྟོན་པས་ལུས་ཤིན་སྦྱངས་བྱང་ཆུབ་ཡན་ལག་གིས་བསྡུས་པའི་རེག་བྱ་དང༌། ལུས་ཤེས་ཀྱང་ཟག་མེད་དུ་འདོད་པར་བཤད་དོ།།
དྲུག་པ་རྟོག་དཔྱོད་དང་བཅས་མ་བཅས་ཀྱི་ཁྱད་པར་ལ། དངོས་དང༌། ཞར་བྱུང་དགོས་ཆེད་གཉིས། དང་པོ།
རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན།།
ཐ་མ་གསུམ་ནི་རྣམ་གསུམ་མོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས།།
རྩིང་བར་རྟོག་དང་ཞིབ་པའི་དཔྱོད་དང་བཅས་པ་ནི། རྣམ་པར་ཤེས་པའི་ཁམས་ལྔ་ཡིན་ཏེ། ཁ་ཕྱིར་བལྟས་ཀྱི་རྩིང་ཞིབ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཐ་མ་ཆོས་སོགས་གསུམ་ནི། གཉིས་བཅས་རྟོག་མེད་དཔྱོད་བཅས་གཉིས་མེད་དེ་བསམ་གཏན་ས་པ་བཞིན་དུ་རྣམ་པ་གསུམ་མོ། །ལྷག་མ་བཅུ་པོ་རྣམས་ནི། རྟོག་དཔྱོད་གཉིས་ཀ་སྤངས་སོ།།
གཉིས་པ་ཞར་བྱུང་དགོས་ཆེད།
ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག།
དེ་དག་ཡིད་ཀྱི་ཤེས་རབ་གཡེང༌། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད།།
སྒོ་ལྔ་རྟོག་མེད་དུ་བཤད་པ་དང་འགལ་ཞེ་ན། དེ་ནི་གསུམ་ལས། ངེས་པར་རྟོག་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་གི ངོ་བོ་ཉིད་ཀྱི་རྟོག་པ་ཡིན་ནོ། །ངོ་བོ་ཉིད་རྟོག་སེམས་བྱུང་ནང་དུ་འཆད་ལ། ཕྱི་མ་གཉིས་པོ་དེ་དག་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་ཡུལ་ལ་གཡེང་བ་དེ་ངེས་རྟོག་དང༌། གཡེང་ཞེས་པས་མཉམ་པར་མ་བཞག་པ་ཐོས་བསམ་དང༌། སྐྱེས་ཐོབ་བསྟན་པ་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་མིང་ལ་མི་ལྟོས་པར་དོན་དྲན་པ་མཉམ་པར་བཞག་མ་བཞག་ཐམས་ཅད་རྗེས་དྲན་གྱི་རྟོག་པ་ཉིད་དོ།།
བདུན་པ་དམིགས་བཅས་ཡིན་མིན་གྱི་ཁྱད་པར།
དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཆོས་ཀྱི་ཕྱེད་ཀྱང་་་་་་་།
དམིགས་པ་དང་བཅས་པ་སེམས་ཀྱི་ཁམས་བདུན་ནོ། །ཆོས་ཀྱི་ཕྱེད་སེམས་བྱུང་རྣམས་ཀྱང་དམིགས་བཅས་སོ། །ཁམས་ལྷག་མ་ཕྱེད་དང་བཅུ་གཅིག་ནི་དམིགས་པ་མེད་པར་གྲུབ་བོ།།
བརྒྱད་པ་ཟིན་མ་ཟིན་གྱི་ཁྱད་པར།
་་་་་་མ་ཟིན་དགུ། །བརྒྱད་པོ་དེ་དག་རྣམས་དང་སྒྲ།།
དགུ་པོ་གཞན་ནི་རྣམ་པ་གཉིས།།
སེམས་ཀྱི་ཚོར་བས་མ་ཟིན་པ་ནི་དགུ་སྟེ། དམིགས་བཅས་སུ་བཤད་པ་བརྒྱད་པོ་དེ་དག་རྣམས་དང་སྒྲའོ། །ཟིན་པ་ནི་ཟིན་བྱེད་སེམས་ཀྱིས་བཟུང་ནས་གཟུང་བྱ་ལ་ཕན་གནོད་བྱས་ན་སེམས་ཀྱིས་ཚོར་བའོ། །དེས་ན་སེམས་དང་བཅས་པའོ། །མིག་སོགས་ལྔ་དང་གཟུགས་དྲི་རོ་རེག་དགུ་པོ་གཞན་ནི་ཟིན་མ་ཟིན་རྣམ་པ་གཉིས་ཀ་སྟེ། དབང་ལྔ་འདས་འོངས་མ་ཟིན་པ། ད་ལྟ་བ་ཟིན་པ། གཟུགས་སོགས་བཞི་ད་ལྟ་བ་དབང་པོའི་ཚོགས་པ་ན་ཡོད་པ་ཟིན་པ། དེ་ལས་གཞན་པ་རྒྱུད་བསྡུས་ད་ལྟ་བ་ལ་ཡང་རྩ་བ་མ་གཏོགས་པའི་སྐྲ་བ་སྤུ་སོ་སེན་གཤང་གཅི་མཆིལ་སྣབས་ཁྲག་སོགས་དང༌། རྒྱུད་ཀྱི་མ་བསྡུས་པའི་གཟུགས་སོགས་མ་ཟིན་པའོ།།
དགུ་པ་འབྱུང་བ་འབྱུང་འགྱུར་ཡིན་མིན་གྱི་ཁྱད་པར།
རེག་བྱ་རྣམ་པ་གཉིས་ཡིན་ཏེ།།
ལྷག་མ་གཟུགས་ཅན་དགུ་པོ་ནི།།
འབྱུང་འགྱུར་ཆོས་ཁམས་ཕྱོགས་གཅིག་ཀྱང༌།།
རེག་བྱ་འབྱུང་དང་འབྱུང་འགྱུར་རྣམ་པ་གཉིས་ཡིན་ཏེ། ས་སོགས་བཞི་འབྱུང་བ་དང༌། འཇམ་སོགས་བདུན་འབྱུང་འགྱུར་ཡིན་པའི་ཕྱིར་རོ། །ལྷག་མ་གཟུགས་ཅན་དགུ་པོ་ནི་འབྱུང་འགྱུར་ཡིན་ལ། ཆོས་ཁམས་ཕྱོགས་གཅིག་རྣམ་རིག་མིན་པ་དག་ཀྱང་འབྱུང་འགྱུར་དང༌། ལྷག་མ་གཉིས་ཀ་མིན་ནོ།།
བཅུ་པ་རྡུལ་ཕྲན་བསགས་པ་ཡིན་མིན་གྱི་ཁྱད་པར།
གཟུགས་ཅན་བཅུ་ནི་བསགས་པ་འོ།།
གཟུགས་ཅན་བཅུ་ནི་རྡུལ་ཕྲན་བསགས་པའོ། །གཞན་བརྒྱད་དེ་མིན་ནོ།།
བཅུ་གཅིག་པ་གཅོད་བྱེད་གཅད་བྱར་གྱུར་མ་གྱུར་གྱི་ཁྱད་པར་ལ། དངོས་དང༌། ཞར་བྱུང་བསྲེག་འཇལ་བསྟན་པ་གཉིས། དང་པོ།
གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན།།
གཅོད་བྱེད་ཡིན་པ་དང་གཅད་པར་བྱ་བ་ཉིད་ཡིན་པ་ནི། ཕྱི་རོལ་གྱི་ནི་ཁམས། གཟུགས་དྲི་རོ་རེག་བཞི་ཡིན་གྱི་དབང་པོ་རྣམས་ནི་གཅད་བྱ་མིན་ཏེ། དབང་པོ་འབྲེལ་རྒྱུན་གཉིས་སུ་བྱར་མེད་དོ། །དེ་འོད་ལྟར་དྭངས་པས་སོ། །སྣའི་རྩེ་མོ་བཅད་པས་རེག་བྱ་འཛིན་པ་ནི་དུམ་བུའི་མི་འཛིན་པས་དེ་འབྱར་བ་ན་དབང་ཅན་གྱི་ལུས་དང་འབྲེལ་བས་རྒྱས་བྱུང་གིས་དབང་པོ་སླར་སྐྱེས་པའོ། །རྨིགས་བུ་སོགས་ཀྱི་མཇུག་མ་བཅད་པ་འགུལ་བའང་རླུང་ཡིན་གྱི་དབང་པོ་དང་སེམས་མིན་ཏེ། རྒྱུད་གཉིས་སུ་ཐལ་བས་སོ། །དབང་པོ་གཅོད་བྱེད་ཀྱང་མིན་ཏེ་དྭངས་པས་སོ། །སྒྲ་ལ་རྒྱུན་མེད་པ་དང༌། ཆོས་དང་སེམས་ཁམས་ལ་ལུས་མེད་པས། འདུས་པར་མི་གནས་པས་གཅོད་བྱེད་གཅད་བྱ་གཉིས་ཀ་མིན་ནོ།།
གཉིས་པ་ཞར་བྱུང་བསྲེག་འཇལ་བསྟན་པ་ལ། དངོས་དང༌། འདོད་ཚུལ་ཐ་དད་ཡོད་པར་བསྟན་པ་གཉིས། དང་པོ།
དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ།།
ཕྱི་རོལ་གྱི་ཁམས་བཞི་པོ་གཅོད་བྱེད་དང་གཅད་བྱ་ཡིན་པ་དེ་བཞིན་མེས་བསྲེག་པར་བྱ་བ་དང༌། སྲང་གི་འཇལ་བར་བྱེད་པའང་དེ་བཞིའོ།།
གཉིས་པ་འདོད་ཚུལ་ཐ་དད་ཡོད་པར་བསྟན་པ།
སྲེག་དང་གཞལ་ལ་མི་མཐུན་སྨྲ།།
སྲེག་དང་གཞལ་ལ་མི་མཐུན་པར་སྨྲ་སྟེ། ཁ་ཅིག་སྲེག་བྱེད་མེ་ཁོ་ན་ཡིན་པས་རེག་བྱ་དང༌། གཞལ་བྱ་ལྕི་བ་ཁོ་ན་ཡིན་པ་དེའང་རེག་བྱ་ཡིན་ཟེར། ཁ་ཅིག་རེག་བྱ་ཁོ་ན་མིན་གྱི་ཕྱི་རོལ་གྱི་ཁམས་བཞི་པོ་དེ་འདུས་པ་ཡིན་ནོ་ཟེར།
བཅུ་གཉིས་པ་བྱུང་བ་གསུམ་གྱི་ཁྱད་པར་ལ། བྱུང་བ་གསུམ་པོ་གང་གི་ཡིན་མིན་ངེས་པ་བཤད་པ་དང༌། མ་ངེས་པ་བཤད་པ། ཐོགས་མེད་བརྒྱད་ཀྱི་དམིགས་བསལ་བཤད་པ་དང་གསུམ། དང་པོ།
རྣམ་པར་སྨིན་ལས་བྱུང་བ་དང༌། །རྒྱས་ལས་བྱུང་བ་ནང་གི་ལྔ།།
སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས།།
ཐོགས་པ་མེད་བརྒྱད་་་་་་།
དགེ་མི་དགེའི་རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བ་དང༌། རྒྱས་པའི་རྒྱུ་ལས་བྱུང་བ་ནང་གི་དབང་པོ་ལྔ་སྟེ། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་བསྐྱེད་པའི་ཕྱིར་དང༌། རྒྱས་པའི་རྒྱུ་དག་གིས་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་ལ་རྒྱས་པའི་རྒྱུ་ནི་བཞི་སྟེ། ཟས་དང༌། བསྐུ་མཉེ་དང་དྲིལ་ཕྱིས་སོགས་ལེགས་པར་བྱ་བ་དང༌། གཉིད་དང༌། ཏིང་ངེ་འཛིན་ནོ། །ཁ་ཅིག་ཚངས་སྤྱོད་དང་ལྔ་ཟེར་ཡང༌། དེ་མི་གནོད་པ་ཙམ་དུ་ཟད་ཀྱི་རྒྱས་བྱེད་མིན་ནོ། །སྒྲ་ནི་ཆད་ནས་མཚམས་སྦྱོར་བ་དང༌། བརྗོད་འདོད་ཀྱིས་བསྒྱུར་བཏུབ་པས་རྣམ་སྨིན་ལས་སྐྱེས་པ་མིན་ནོ། །འོ་ན་དེ་བཞིན་གཤེགས་པའི་གསུང་རྣམ་སྨིན་ལས་སྐྱེས་པ་དང༌། དགེ་སློང་སྙན་པ་བཟང་ལྡན་གྱི་ང་རོ་འཁོར་བ་འཇིག་གི་མཆོད་རྟེན་ལ་ དྲིལ་བུ ་བཏགས་པའི་རྣམ་སྨིན་དུ་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། །ལས་ལས་འབྱུང་བ་སྐྱེ་དེ་ལས་ཚངས་དབྱངས་ཏེ་བརྒྱུད་པ་གསུམ་མམ། ལས་ལས་འབྱུང་བ། དེ་ལས་རྒྱས་བྱུང༌། དེ་ལས་རྒྱུ་མཐུན། དེ་ལས་གསུང་དབྱངས་འབྱུང་བས་ལྔ་པ་ཡིན་ཞེས་ཟེར། དེ་དག་ལས་བརྒྱུད་ནས་བྱུང་བས་དེ་ལྟར་བཤད་ཀྱི་དངོས་སུ་ནི་མ་ཡིན་ཏེ། དེ་ནི་འདོད་པ་ཙམ་གྱིས་མི་འབྱུང་བ་དང༌། ཆད་ནས་མཚམས་མི་སྦྱོར་བར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཚོར་བ་ལའང་མཚུངས་ཏེ། བརྒྱུད་པ་གསུམ་ལྡན་ཡིན་པས་སོ་ཞེ་ན། མི་མཚུངས་ཏེ། སྒྲ་འདོད་དགུར་འབྱུང་བ་དང༌། ལུས་ཚོར་འགའ་ཞིག་མི་འདོད་བཞིན་འབྱུང་བས་སོ། །དེའི་ཕྱིར་སྒྲ་ལ་རྒྱས་བྱུང་དང་རྒྱུ་མཐུན་གཉིས་ཀ་ཡོད་ཟེར། རང་གི་རིགས་འདྲའི་རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་ཐོགས་པ་མེད་པ་སེམས་ཁམས་བདུན་ཆོས་དང་བརྒྱད་པོ་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུས་བསྐྱེད་པ་དང༌། རྣམ་སྨིན་རྒྱུས་བསྐྱེད་པ་ཡོད་པའི་ཕྱིར་རོ།།
གཉིས་པ་མ་ངེས་པ་བཤད་པ།
་་་་་་གཞན་རྣམ་གསུམ།།
ཁམས་ལྷག་མ་གཞན་གཟུགས་དྲི་རོ་རེག་བཞི་ནི་རྣམ་སྨིན་སོགས་རྣམ་པ་གསུམ་སྟེ་དབང་པོའི་ཚོགས་པ་ན་ཡོད་པ་ལ་གསུམ་ཀ་དང༌། ཕྱི་རོལ་རྒྱུ་མཐུན་ལས་སོ།།
གསུམ་པ་ཐོགས་མེད་བརྒྱད་ཀྱི་དམིགས་བསལ་བཤད་པ།
རྫས་དང་ལྡན་གཅིག་ཐ་མ་གསུམ། །སྐད་ཅིག་མ་སྟེ་་་་་་།
རྫས་ལ། རྟག་བརྟན་གྱི་རྫས་དང༌། དོན་བྱེད་ནུས་པ། རང་རྒྱུད་དུ་གྲུབ་པ། དེ་ལས་གཞན་པ་དང་བཞི་ལས། རྟག་བརྟན་གྱི་རྫས་དང་ལྡན་པ་གཅིག་སྟེ། ཆོས་ཀྱི་ཕྱོགས་གཅིག་འདུས་མ་བྱས་སོ། །ཆོས་སོགས་ཁམས་ཐ་མ་གསུམ་གྱི་སྡུག་བསྔལ་ཆོས་བཟོད་ཀྱི་སྐད་ཅིག་མ་དང་པོ་ནི་རྒྱུ་མཐུན་ལས་བྱུང་བ་མིན་ཏེ། དེ་ལས་གཞན་པའི་ཁམས་ལྷག་མ་རྣམས་ནི་དེ་ལྟ་མ་ཡིན་པ་འདུས་བྱས་རྒྱུ་མཐུན་ལས་མ་བྱུང་བ་མེད་པའི་ཕྱིར་དང༌། འདུས་མ་བྱས་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །རྫས་ལྡན་གཅིག་དང༌། ཐ་མ་གསུམ་སྐད་ཅིག་མ་ཞེས་པ་ཐོགས་པ་མེད་བརྒྱད་ཀྱི་རྒྱུ་མཐུན་གྱི་དམིགས་བསལ་ཡིན་ནོ།།
བཅུ་གསུམ་པ་ཐོབ་པ་འབྱུང་མིན་གྱི་ཁྱད་པར།
་་་་་་མིག་དང་ནི། །རྣམ་ཤེས་ཁམས་དག་སོ་སོ་དང༌། །ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད།།
མིག་དང་ནི། དེ་ཡི་རྣམ་ཤེས་ཁམས་གཉིས་པོ་དག་སོ་སོ་དང་ཞེས་པ་མུ་དང་པོ་གཉིས་བསྟན་ཏེ། མིག་དབང་ཐོབ་ལ་མིག་ཤེས་མ་ཐོབ། འདོད་པར་སྐྱེས་པ་རིམ་གྱིས་མིག་དབང་ཐོབ་པ་ལ་ལུང་མ་བསྟན་གྱི་ཐོབ་པ་དུས་མཉམ་པ་དང༌། མིག་ཤེས་ཉོན་མོངས་ཅན་དང༌། དགེ་བའི་ཐོབ་པ་སྔར་ནས་ཡོད་ཟིན་པ་དང༌། གཟུགས་མེད་ནས་འཕོས་ནས་བསམ་གཏན་གཉིས་པ་ཡན་ཆད་དུ་སྐྱེས་པ་བསམ་གཏན་གཉིས་པ་ཡན་རང་ས་ན་མིག་ཤེས་མེད་པས་དང༌། དབང་པོ་གསར་དུ་ཐོབ་པས་སོ། །གཉིས་པ་མིག་ཤེས་མི་ལྡན་པ་ལྡན་པ་ཐོབ་ལ། མིག་དབང་མ་ཐོབ་པ། བསམ་གཏན་གཉིས་པ་ཡན་ཆད་དང་པོའི་མིག་ཤེས་མངོན་དུ་བྱེད་པ་སོགས་ལྟ་བུའམ བསམ་གཏན་གཉིས་པ་ཡན་ཆད་ཤི་འཕོས་ནས། འདོད་པ་དང་དང་པོའི་བར་སྲིད་དུ་ཉིང་མཚམས་སྦྱོར་ཚེ་ནའོ། །དེ་གཉིས་མིག་དང་པོ་ནས་ཡོད་པས་སོ། །མུ་གསུམ་པ། ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད་དེ། གཟུགས་མེད་ནས་ཤི་འཕོས་ནས། འདོད་དང་བསམ་གཏན་དང་པོར་སྐྱེས་པ་ལྟ་བུའོ། །གཉིས་ཀ་མ་ཐོབ་པ་གཟུགས་མེད་ནས་གཟུགས་མེད་དུ་སྐྱེ་བ་ལྟ་བུའོ། །དེ་བཞིན་མིག་དང་གཟུགས། མིག་ཤེས་དང་གཟུགས་ཀྱི་མུ་བཞི། དེ་བཞིན་རྣ་བ་སོགས་ལ་སྦྱར་རོ། །ཡང་སྒྲས་མིག་དང་མིག་ཤེས་སོ་སོ་དང༌། ལྷན་ཅིག་ཏུ་ནི་ལྡན་པ་ཡོད། ཅེས་ཟེར། བསམ་གཏན་གོང་མ་གསུམ་གཟུགས་ལ་མི་ལྟ་བ་མུ་དང་པོ་དང༌། དང་པོ་དང་འདོད་རྟེན་མིག་མ་ཐོབ་པ་དང༌། དེ་བཏང་བ་གཉིས་པ། དེའི་རྟེན་ཅན་ཐོབ་པ་མ་བཏང་བ་དང་གཟུགས་ཁམས་པ་གཟུགས་ལ་ལྟ་བ་རྣམས་གསུམ་པ། གཟུགས་མེད་པའི་རྟེན་ཅན་བཞི་པ་ཡིན་ནོ། །དབང་པོ་ལྷག་མ་རྣ་བ་ལའང་སྦྱར་ཞིང༌། སྣ་ལྕེ་ལ་མུ་བཞིའི་གཉིས་སྦྱར་རུང་ངོ༌། །ལུས་ཤེས་ཐོབ་ཚུལ་མུ་བཞི་འདྲ། ལྡན་མུ་གཉིས་པས་འཇོག་འདྲ། ཡིད་ལ་གསར་ཐོབ་དང་སོ་སོ་བ་མེད་དོ།།
བཅུ་བཞི་པ་ཕྱི་ནང་གི་ཁྱད་པར།
ནང་གི་བཅུ་གཉིས་གཟུགས་ལ་སོགས། །མ་གཏོགས་་་་་་།
ནང་གིས་བསྡུས་པའི་ཁམས་བཅུ་གཉིས་ཏེ། གང་ཞེ་ན། གཟུགས་ལ་སོགས་ཕྱིའི་ཁམས་དྲུག་མ་གཏོགས་ཆོས་ཁམས་ལ་ཕྱི་ནང་གཉིས་ཀ་ཡོད་མོད་ཀྱི་དམིགས་ཡུལ་གྱི་དབང་དུ་བྱས་པའོ།།
བཅོ་ལྔ་པ་རྟེན་བཅས་དེ་མཚུངས་ཀྱི་ཁྱད་པར་ལ། དངོས་དང༌། དེའི་ངོས་འཛིན་གཉིས། དང་པོ།
་་་་་་ཆོས་ཞེས་བྱ་བ་ནི། །བརྟེན་པ་དང་བཅས་ལྷག་མ་ནི།།
དེ་དང་མཚུངས་པ་དག་ཀྱང་ཡིན།།
ཁམས་བཅོ་བརྒྱད་ལས་ཆོས་ཀྱི་ཁམས་ཞེས་བྱ་བ་ནི། རྟག་ཏུ་རྟེན་པ་དང་བཅས་པ་ཡིན་ཏེ། ཆོས་ཀྱི་ལས་ནི་ཡིད་བསྐྱེད་པ་ཡིན་ན། འཕགས་པའམ་སོ་སྐྱེ་གང་གི་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་བྱེད་པ་ལ་ངེས་པར་བརྟེན་པས་ཁྱབ་པའི་ཕྱིར། དེ་ལ་རང་རིག་མི་འདོད་པ་ལྟར་ན་ཆོས་ཐམས་ཅད་བདག་མེད་དོ་ཞེས་ཡིད་ཡུལ་དུ་རང་གི་ཤེས་པ་དང་དེ་དག་ལྷན་ཅིག་འབྱུང་བའི་མཚུངས་ལྡན་རྣམས་མ་གཏོགས་དུས་གསུམ་གྱི་ཆོས་ཐམས་ཅད་འགྱུར་ལ། རང་རིག་འདོད་ན་དེ་ཡང་འགྱུར་ཏེ། སྐད་ཅིག་གིས་སྡོམ་པའི་དམིགས་པར་ཆོས་ཐམས་ཅད་འགྱུར་བའོ། །འོ་ན་ཁམས་ཐམས་ཅད་རྟེན་བཅས་ཏེ་བདག་མེད་རྟོགས་པའི་ཡུལ་ལོ་ཞེ་ན། ལྷག་མ་རྣམས་ནི་རང་རང་གི་བྱེད་ལས་སོ་སོ་ལ་ལྟོས་ནས་དེ་མི་བྱེད་པ་ནི་དེ་མཚུངས་སོ། །ཁམས་ལྷག་མ་བཅུ་བདུན་ནི་རྟེན་བཅས་དང་ཡང་དེ་དང་མཚུངས་པ་དག་ཀྱང་ཡིན་ནོ།།
གཉིས་པ་དེའི་ཁྱད་པར་ནི།
གང་ཞིག་རང་གི་ལས་མི་བྱེད།།
ཁམས་གང་ཞིག་རང་གི་བྱེད་ལས་མི་བྱེད་པ་དེ་མཚུངས། བྱེད་པ་རྟེན་བཅས་ཏེ། དེ་ཡང་མིག་དབང་གིས་གཟུགས་ལ་བལྟས། བལྟ་བ། ལྟ་འགྱུར་རྣམས་རྟེན་བཅས་ཏེ་ལུས་ཀྱི་བར་དུའོ། །དེ་མཚུངས་མིག་དབང་གིས་གཟུགས་མ་མཐོང་བར་འགགས། འགོག་བཞིན། འགག་འགྱུར། མི་སྐྱེ་བའི་ཆོས་ཅན་དང་བཞི་ཡིན་ཞེས་ཁ་ཆེ་བས་ཟེར། ནུབ་ཕྱོགས་པས་མི་སྐྱེའི་ཆོས་ཅན་ལ་འདོད་པ་དང་དང་པོའི་ལྟ་བུ་རྣམ་ཤེས་ལྡན་པ་དང༌། གཉིས་པ་སོགས་ཀྱི་ལྟ་བུ་མི་ལྡན་པ་གཉིས་ཕྱེ་སྟེ་ལྔར་འདོད་དོ། །དེ་བཞིན་གཟུགས་སོགས་ཁམས་ལྔ་ལའང་མཐོང༌། མཐོང་འགྱུར་སོགས་སྦྱར་རོ། །སེམས་ཁམས་ནི་སྐྱེ་བ་ཡིན་ན་རྟེན་བཅས་སུ་ངེས་པ་དང༌། ཡུལ་ལ་དམིགས་པས་ཁྱབ། མི་སྐྱེ་བ་དམིགས་པ་མི་འཛིན་པས་དེ་མཚུངས་སོ་ཟེར། མིག་སོགས་གཅིག་གི་རྟེན་བཅས་ཡིན་པ་ཐམས་ཅད་ཀྱི་རྟེན་བཅས་ཡིན་ཏེ། སྐྱེས་བུ་གཉིས་སོགས་མིག་གཅིག་གིས་མི་བལྟ་བས་སོ། །གཟུགས་སོགས་དྲུག་ནི་ཡུལ་དུ་ཐུན་མོང་ཡིན་པས། ཡུལ་ཅན་སོ་སོ་ལ་ལྟོས་ནས་གཉིས་ཀ་ཡིན་རུང་ངོ༌། །དྲི་སོགས་ཀྱང་ཕྲད་ནས་འཛིན་མོད། གཅིག་ལ་ཕྲད་པའི་ངེས་པ་མེད་པ་དང༌། ལྷས་བྱིན་གྱི་སྣའི་ནང་གི་སྲིན་བུ་སོགས་ཀྱི་སྣའི་རྣམ་ཤེས་བསྐྱེད་བསྲིང་བས། གཅིག་ཏུ་ངེས་པ་མེད་དོ།།
བཅུ་དྲུག་པ་སྤང་བྱ་ཡིན་མིན་གྱི་ཁྱད་པར་ལ། དངོས་དང༌། གཞན་གྱི་ལོག་རྟོག་དགག་ཚུལ་གཉིས། དང་པོ།
བཅུ་ནི་སྒོམ་པས་སྤང་བྱ་ཡིན། །ལྔ་ཡང་ཐ་མ་གསུམ་རྣམ་གསུམ།།
གཟུགས་ཅན་བཅུ་ནི་སྒོམ་པས་སྤང་བྱ་ཡིན་ཏེ། ཟག་བཅས་ཡིན་པ་གང་ཞིག་བདེན་པ་ལ་ལོག་པར་མི་རྟོག་པའི་ཕྱིར། དེས་ཀུན་ནས་བསླངས་པའི་དེ་དང་འབྲེལ་བའང་མིན་པས་མཐོང་སྤང་མིན་ནོ། །མིག་ཤེས་སོགས་ལྔ་ཡང་སྒོམ་སྤང་ཡིན་ལ། ཁམས་ཐ་མ་གསུམ་ལ་རྣམ་པ་གསུམ་སྟེ་འདི་ལྟར་ཕྲ་རྒྱས་གྱ་བརྒྱད་དེ་དག་དང་མཚུངས་ལྡན་དེ་དག་གི་མཚན་ཉིད་ཐོབ་པ་བཅས་མཐོང་སྤང་དང༌། ཟག་བཅས་ལྷག་མ་སྒོམ་སྤང༌། ཟག་མེད་སྤང་བྱ་མིན་པ་དང་གསུམ་མོ།།
གཉིས་པ་གཞན་གྱི་ལོག་རྟོག་དགག་ཚུལ།
ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན།།
འདིར་གནས་མ་བུ་སྡེ་ན་རེ། སོ་སྐྱེ་དང་ངན་སོང་བའི་ལུས་ངག་གི་ལས་མཐོང་སྤང་ཡིན་ཏེ། མཐོང་ལམ་སྐྱེས་ན་སོ་སྐྱེ་འགགས་པའི་ཕྱིར་དང༌། མདོ་ལས། རྒྱུན་དུ་ཞུགས་པས་ངན་སོང་གི་འགྲོ་བ་འགོག་པར་གསུངས་པས་སོ་ཟེར། དེ་མིན་ཏེ་སོ་སོའི་སྐྱེ་བོ་ཉོན་མོངས་ཅན་མིན་པས་ན་མཐོང་སྤང་མིན་ལ། གལ་ཏེ་སོ་སྐྱེ་ཉོན་མོངས་ཅན་ཡིན་ན། འཇིག་རྟེན་ལམ་གྱིས་ཆགས་བྲལ་སོ་སྐྱེ་མིན་པའམ། དེ་དགེ་བ་ཡིན་ན་དགེ་རྩ་ཆད་པ་སོ་སྐྱེ་མིན་པར་ཐལ་བས་སོ། །དེས་ན་སོ་སྐྱེ་མ་སྒྲིབ་ལུང་མ་བསྟན་ཡིན་ནོ། །ངན་སོང་གི་ལུས་ངག་གི་ལས་ཀྱང་གཟུགས་ཡིན་པས་དེས་བདེན་པ་ལ་ལོག་པར་མི་རྟོག་ཅིང༌། དེའི་རྗེས་འབྲང་ཐོབ་པའང་མིན་པས་མཐོང་སྤང་མིན་ནོ། །སོ་སྐྱེ་དང་ངན་སོང་གི་ལུས་ངག་གི་ལས་གཉིས་ཀའང་དྲུག་པ་ཡིད་ཤེས་མིན་པ་ལས་སྐྱེས་ཕྱིར་མཐོང་སྤང་མིན་ནོ། །མཐོང་སྤང་ཡིན་ན་ཡིད་ཤེས་ལས་སྐྱེས་པ་དང༌། དེ་དང་འབྲེལ་བས་ཁྱབ་བོ། །ངན་སོང་བའི་ལུས་ངག་གི་མཐོང་བའི་རྒྱུ་མི་དགེ་བའོ། །གཟུགས་དང་དབང་ཤེས་ཉོན་མོངས་ཅན་ཡིན་ཡང་མཐོང་སྤང་མིན་ནོ། །གཞན་ཡང་སོ་སྐྱེ་མཐོང་སྤང་ཡིན་ན། སྡུག་བསྔལ་ཆོས་བཟོད་ཚེའང་སོ་སྐྱེར་འགྱུར་རོ། །མཐོང་ལམ་གྱི་ཚེ་དེ་སྤོང་བ་བརྟགས་མིན་གྱི་འགོག་པ་ཡིན་ནོ།།
བཅུ་བདུན་པ་ལྟ་བ་ཡིན་མིན་གྱི་ཁྱད་པར་ལ། སྤྱི་དང༌། བྱེ་བྲག་མིག་གི་ལྟ་བ་ལ་འདོད་ཚུལ་གཉིས། དང་པོ་ལ། དངོས་དང༌། དོགས་སྤང་གཉིས། དང་པོ།
མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་རྣམ་པ་བརྒྱད།།
མིག་དང་ཆོས་ཀྱི་ཁམས་གཉིས་ཀའི་ཕྱོགས་གཅིག་མིག་རྟེན་བཅས་དང༌། ཆོས་ཁམས་ཀྱི་ཤེས་རབ་ཀྱི་ཆ་གཅིག་ནི། ལྟ་བ་ཞེས་བྱ་བ་ཡིན་ཏེ། གཟུགས་ལ་བལྟ་བ་དང་ཡུལ་ལ་ངེས་པར་རྟོག་པའི་ཕྱིར་རོ། །ཆོས་ཁམས་ཀྱི་ཕྱོགས་གཅིག་ནི། འཇིག་ལྟ་སོགས་ལྔ་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ། སློབ་པའི་ལྟ་བ། མི་སློབ་པའི་ལྟ་བ་དང་གསུམ་སྟེ་རྣམ་པ་བརྒྱད་དོ། །དང་པོ་ལྔ་ཉོན་མོངས་ཅན། འཇིག་རྟེན་ཡང་དག་ལྟ་བ་དགེ་བ་ཟག་བཅས། སློབ་པ་སྒོམ་སྤང་དང་བཅས་པ། མི་སློབ་པ་དེ་མེད་པའོ། །ལྟ་ཚུལ་ཡང༌། རིམ་པར་མི་གསལ་བ་སྤྲིན་བཅས་དང༌། ཅུང་ཟད་གསལ་བ་སྤྲིན་མེད་ཀྱི་མཚན་མོ། ཤིན་ཏུ་གསལ་བ་དང༌། ཆེས་ཤིན་ཏུ་གསལ་བ་ཉིན་མོ་གཟུགས་ལ་བལྟ་བ་ལྟར་རོ།།
གཉིས་པ་དོགས་སྤང་།
རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན།།
འཇིག་རྟེན་པའི་ཡང་དག་ལྟ་བ་ཡང་ཡིད་ཤེས་མཚུངས་ལྡན་གྱི་ཤེས་རབ་དགེ་བ་ཟག་བཅས་ལྟ་བ་ཡིན་ན་གཞན་ཅིའི་ཕྱིར་མ་ཡིན་སྙམ་ན། རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་སྟེ་ཤེས་རབ་དགེ་བ་ཟག་བཅས་ནི། རང་ཡུལ་ལ་ངེས་རྟོག་མེད་ཕྱིར་ལྟ་བ་མ་ཡིན་ནོ།།
གཉིས་པ་བྱེ་བྲག་མིག་གི་ལྟ་བ་ལ་འདོད་ཚུལ།
མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན།།
གང་ཕྱིར་བར་དུ་ཆོད་པ་༴ཡི། །3གཟུགས་ནི་མཐོང་བ་མིན་ཕྱིར་ལོ།།
མིག་ནི་གཉིས་ཀ་དག་གིས་ཀྱང༌། །མཐོང་སྟེ་གསལ་བར་མཐོང་ཕྱིར་རོ།།
འོ་ན་མིག་ཀྱང་ལྟ་བར་མི་འགྱུར་ཞེ་ན། མིག་གིས་གཟུགས་རྣམས་མཐོང་བའི་ཆ་ནས་སོ། །ཐམས་ཅད་ཀྱིས་མཐོང་ངམ་ཞེ་ན། རྟེན་བཅས་ཀྱིས་སོ། །དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བ་ནི་མིན་ཏེ། གང་གི་ཕྱིར་ན་རྩིག་པ་སོགས་ཀྱིས་བར་དུ་ཆོད་པ་ཡི་གཟུགས་ནི་མཐོང་བ་མིན་པའི་ཕྱིར་ཞེས་ཟེར། དེ་ལ་རྣམ་ཤེས་ཀྱིས་མཐོང་ན་དེ་ཐོགས་མེད་ཡིན་པས་བར་ཆོད་ཀྱང་མཐོང་དགོས་ན་དེ་མིན་པའི་ཕྱིར་རོ་ཟེར། ལོ་ཞེས་པ་ནི། མདོ་སྡེ་པས་དེ་ཟློག་པ་སྟེ། རྣམ་ཤེས་ཀྱིས་མཐོང་ཡང་སྒྲིབ་པ་ཐམས་ཅད་ལ་མི་འཇུག་སྟེ། མཐོང་བའི་རྒྱུ་མ་ཚང་བས་སོ། །ཚང་ན་ཤེལ་དང་ཆུ་སོགས་ཀྱིས་ཆོད་ཀྱང་མཐོང་བས་སོ་ཟེར། མིག་ནི་གཉིས་ཀ་དག་གིས་ཀྱང་མཐོང་སྟེ། གཉིས་ཀས་མཐོང་བ་ནི་གསལ་བར་མཐོང་བའི་ཕྱིར་རོ། །རྟེན་གཉིས་སུ་ཆད་པས་བརྟེན་པ་རྣམ་ཤེས་གཉིས་སུ་ཆད་པར་ཐལ་སྐྱོན་མེད་དེ། རྣམ་ཤེས་གཟུགས་ཅན་མིན་པས་ཡུལ་ན་མི་གནས་པས་སོ།།
བཅོ་བརྒྱད་པ་ཡུལ་དབང་ཤེས་གསུམ་ཕན་ཚུན་བརྟེན་ཚུལ་གྱི་ཁྱད་པར་ལ། དབང་ཡུལ་རྟེན་ཚུལ་དང༌། དབང་ཤེས་རྟེན་ཚུལ། ཞར་ལ་དེ་གསུམ་ལུས་དང་བཅས་པ་ས་གཅིག་གམ་ཐ་དད་དཔྱད་པ་གསུམ། དང་པོ་ལ། དབང་ཡུལ་ཕྲད་མ་འཕྲད་དང༌། མཉམ་མི་མཉམ་གཉིས་ཀྱི། དང་པོ།
མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ།།
མིག་དང་ཡིད་དང་རྣ་བ་གསུམ་ནི། རང་གི་ཡུལ་དང་མ་འཕྲད་པར་འཛིན་ལ། སྣ་ལྕེ་ལུས་གསུམ་གཞན་དུ་སྟེ་ཕྲད་ནས་སོ།།
གཉིས་པ་མཉམ་མི་མཉམ།
སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པ་འཛིན་པར་འདོད།།
སྣ་དང་ལ་སོགས་པ་སྟེ་ལྕེ་ལུས་གསུམ་གྱིས་ནི། ཡུལ་ནི་དབང་པོ་རང་གི་རྡུལ་ཚད་དང་མཉམ་པའི་ཡུལ་གྱི་རྡུལ་འཛིན་པར་འདོད། ཡིད་ལུས་ཅན་མིན་པས་ཚད་མེད་ལ། མིག་རྣས་རེས་འགའ་དབང་པོ་བས་ཆེ་བ་དང་རེས་ཆུང༌། རེས་མཉམ་པར་འཛིན་པའོ། །དེ་དག་བསགས་པ་ལ་དམིགས་ཀྱིས་རྡུལ་ཕྲན་གཅིག་གིས་བསྐྱེད་པ་མེད་དོ།།
གཉིས་པ་དབང་ཤེས་བརྟེན་ཚུལ་ལ། དངོས་དང༌། དེ་གཉིས་ཐུན་མིན་གྱི་རྒྱུ་འབྲས་སུ་བསྟན་པ་གཉིས། དང་པོ།
ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དག་ལྷན་ཅིག་སྐྱེས་པའང་ཡིན།།
ཁམས་དེ་དག་གི་ཐ་མའི་ཡིད་ཤེས་ཀྱི་རྟེན་འདས་མ་ཐག་པ་ཡིན་ལ། མིག་ཤེས་སོགས་ལྔ་རྣམས་ཀྱི་རྟེན་དེ་དག་རང་དང་དུས་མཉམ་པ་ད་ལྟ་བ་ལྷན་ཅིག་སྐྱེས་པའང་ཡིན་ལ། འང་ཞེས་ཡིད་འདས་པའང་ཡིན་ཞེས་སོ། །འདིར་མིག་ཤེས་ཀྱི་རྟེན་དང༌། དེ་མ་ཐག་རྐྱེན་ཡིན་མིན་མུ་བཞི་སྟེ། དབང་ཤེས་ལ་ལྟོས་ནས་རྟེན་ཡིན་པ་དབང་ལྔ། ཅིག་ཤོས་སེམས་བྱུང་འདས་མ་ཐག་པ། གཉིས་ཡིན་འདས་མ་ཐག་པའི་ཡིད། ཕྱིའི་གཟུགས་ཅན་ལྔ་མུ་བཞི་པའོ། །ཡིད་ཤེས་ལ་ལྟོས་ནས་མུ་དང་པོ་མེད། མུ་གཉིས་པ་དང་བཞི་པ་འདྲ། གསུམ་པ་ཡིད་སྔ་མ་གཉིས་ཀའོ།།
གཉིས་པ་དེ་གཉིས་ཐུན་མིན་གྱི་རྒྱུ་འབྲས་སུ་བསྟན་པ།
དེ་དག་གྱུར་པས་འགྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན།།
དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གིས་ནི་རྣམ་ཤེས་བསྟན།།
ཅིའི་ཕྱིར་གཟུགས་ལས་ཀྱང་སྐྱེ་ན་མིག་ཤེས་ཞེས་བརྗོད་ཀྱི་གཟུགས་ཤེས་སོགས་མི་བརྗོད་ཟེར་ན། དབང་པོ་དེ་དག་གྱུར་པས་ཤེས་པའང་འགྱུར་བ་ཉིད་ཀྱི་ཕྱིར་ཏེ། དབང་པོ་འགྱུར་ན་ཕན་གནོད་ལ་བརྟེན་ནས་དབང་པོ་དེའི་རྗེས་སུ་ཤེས་པ་འགྲོ་ཞིང་དབང་པོ་གསལ་ན་ཡུལ་མི་གསལ་ཡང་བྱ་རྒོད་ལྟར་ཤེས་པ་གསལ་ལ། དབང་པོ་མི་གསལ་ན་ཡུལ་གསལ་ཡང་ཤེས་པ་མི་གསལ་བས་སོ། །རྟེན་ཐུན་མིན་ནི་མིག་ལ་སོགས་པ་ཡིན་པ་དེ་ཡི་ཕྱིར་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་དབང་པོ་དེ་དག་གི་སྒྲས་ནི་རྣམ་ཤེས་བསྟན་ཏེ་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་བཞིན་ནོ། །ཡུལ་ནི་མིག་ཤེས་དང་ཡིད་གཉིས་ཀའི་ཐུན་མོང་ཡིན་ནོ།།
གསུམ་པ་ཞར་ལ་དེ་གསུམ་ལུས་དང་བཅས་པ་ས་གཅིག་གམ་ཐ་དད་དཔྱད་པ།
ལུས་ལ་འོག་མའི་མིག་མ་ཡིན། །མིག་གི་གོང་མའི་གཟུགས་མ་ཡིན།།
རྣམ་པར་ཤེས་༴པའང་4དེ་ཡི་གཟུགས། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ།།
རྣ་བའང་དེ་བཞིན་གསུམ་དག་ནི། །ཐམས་ཅད་རང་གི་ས་པ་ཉིད།།
ལུས་ཀྱི་རྣམ་ཤེས་འོག་དང་ནི། །རང་གི་ས་ཡིད་མ་ངེས་ཏེ།།
ཡང་ལུས་གང་ལ་གནས་ཏེ་མིག་གིས་གཟུགས་ལ་ལྟ་བ་རྣ་བས་ཉན་པ་སོགས་ལ་ལུས་མིག་གཟུགས་ཤེས་བཞི་ས་གཅིག་གམ་ཐ་དད་ཟེར་ན། ཐ་དད་པ་དང་གཅིག་པའང་ཡོད་དོ་ཞེས་བསྟན་པ་ནི། དེ་ལ་དབང་པོ་གཟུགས་ཅན་པ་ལྔ། ཡུལ་སྒྲ་གཟུགས་རེག་གསུམ་འདོད་ཁམས་དང་བསམ་གཏན་བཞི་སྟེ་ས་ལྔ་པའོ། །མིག་རྣ་ལུས་ཤེས་གསུམ། འདོད་དང་བསམ་གཏན་དང་པོ་ནའོ། །དྲི་རོ་སྣ་ལྕེའི་ཤེས་པ་འདོད་པ་ཁོ་ནའོ། །འདོད་པར་སྐྱེས་པའི་རང་སའི་མིག་གིས་གཟུགས་ལ་ལྟ་ན་ཐམས་ཅད་རང་སའོ། །འདོད་པ་བསམ་གཏན་བཞི་པའི་མིག་གིས་བསམ་གཏན་གཉིས་པའམ་གསུམ་པའི་གཟུགས་ལ་ལྟ་ན་ཐམས་ཅད་ས་ཐ་དད་པའོ། །ཞེས་སྤྱིར་གོ་བར་བྱས་ནས། གོང་མའི་ལུས་རྟེན་ཁོག་པ་ལ་འོག་མའི་མིག་བརྟེན་པ་མ་ཡིན་ཏེ་རང་ས་ན་མིག་མཆོག་ཡོད་པས་སོ། །འོག་མའི་མིག་གིས་གོང་མའི་གཟུགས་མཐོང་བ་མ་ཡིན་ཏེ་ཕྲ་བས་སོ། །རྣམ་པར་ཤེས་པའང་ཞེས་ས་འོག་མའི་མིག་ལ་གོང་མའི་ཤེས་པ་མཆོག་མི་བརྟེན་ནོ། །གོང་མའི་མིག་ལ་འོག་མའི་རྣམ་ཤེས་བརྟེན་པ་སྲིད་དེ། བསམ་གཏན་གཉིས་པ་ཡན་ཆད་གཟུགས་ལ་ལྟ་ན་དང་པོའི་མིག་ཤེས་མངོན་དུ་བྱེད་པས་སོ། །དང་པོ་བས་འདོད་པའི་མིག་ཤེས་ནི་མི་བརྟེན་ཏེ་དགོས་པ་མེད་པས་སོ། །མིག་ཤེས་ཙམ་པོ་དེ་ཡིས་རང་ས་དང༌། གོང་འོག་གཉིས་ཀའི་གཟུགས་མཐོང་སྲིད་དེ། དང་པོའི་མིག་ཤེས་ཀྱིས་གོང་མ་གསུམ་དང་འདོད་པའི་གཟུགས་མཐོང་བས་ཡིན་གྱི་འདོད་པས་གོང་ས་མི་མཐོང་ངོ༌།།
རྣམ་ཤེས་ཀྱིས་ས་ཐམས་ཅད་པའི་གཟུགས་མཐོང་བར་མ་ཟད་རྟེན་ལུས་ཀྱིའང༌། གོང་འོག་གཉིས་ཀའི་ཡུལ་ཤེས་ས་ཐམས་ཅད་དུ་ཅི་རིགས་པར་མཐོང་རྟེན་བྱེད་དེ། འདོད་པ་དང་བསམ་གཏན་བཞི་སྟེ་ས་ལྔ་ཡི་ལུས་ལ་བརྟེན་ནས་ལྔ་པོའི་གཟུགས་མཐོང་ནུས་པས་སོ། །མིག་ལ་བཤད་པ་ལྟར་རྣ་བའང་དེ་བཞིན་དུ་ཤེས་པར་བྱ་སྟེ་ལུས་ལ་འོག་མའི་རྣ་བ་མ་ཡིན་སོགས་སྦྱར་བར་བྱའོ། །སྣ་ལྕེ་ལུས་དབང་གསུམ་དག་ནི་ཕྲད་ནས་འཛིན་པས་ཡུལ་ཤེས་ཐམས་ཅད་རང་གི་ས་པ་ཉིད་ཅེས་སྤྱིར་བསྟན་ནས། དམིགས་བསལ། ལུས་དང་རེག་བྱ་ལུས་དབང་གསུམ་རང་ས་ཡིན་ལ། བསམ་གཏན་གཉིས་པ་ཡན་གྱིས་རེག་བྱ་འཛིན་ན་ལུས་ཀྱི་རྣམ་ཤེས་འོག་མ་བསམ་གཏན་དང་པོའི་ས་པ་དང་ནི། འདོད་པ་དང་བསམ་གཏན་དང་པོས་རེག་བྱ་འཛིན་ན། རང་གི་སའི་རྣམ་ཤེས་ཀྱིས་འཛིན་ཏོ། །ཡིད་སོགས་ཁམས་ཐ་མ་གསུམ་དང་དེའི་རྟེན་ལུས་ནི་ས་མ་ངེས་ཏེ་ཅི་རིགས་ཡོད་པར་གནས་གསུམ་པ་དང་བརྒྱད་པར་ཡང་འཆད་དོ།།
བཅུ་དགུ་པ་དབང་པོ་དུས་ཡུལ་ཡིན་ཚུལ་གྱི་ཁྱད་པར།
གཉིས་ཀྱིས་རྣམ་ཤེས་ཕྱི་ཡི་ལྔ།།
དབང་ཡིད་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་བ་ཕྱི་ཡི་ཡུལ་ལྔ་ཡིན་ལ། ལྷག་མ་བཅུ་གསུམ་ནི་ཡིད་ཤེས་གཅིག་པུས་ཤེས་བྱའོ།།
ཉི་ཤུ་པ་རྟག་མི་རྟག་གི་ཁྱད་པར།
འདུས་མ་བྱས་ཆོས་རྟག་པ་འོ།།
ཁམས་བཅོ་བརྒྱད་ལས་འདུས་མ་བྱས་ཆོས་ཁམས་ནི་སྐད་ཅིག་མ་མིན་པས་རྟག་པ་ཡིན་ལ། གཞན་འདུས་བྱས་ཡིན་པས་མི་རྟག་པར་ཤེས་པར་བྱའོ། །འདི་རྫས་དང་ལྡན་ཅིག་ཞེས་པའི་དམིགས་བསལ་ཡིན་འདྲ་དཔྱད།
ཉེར་གཅིག་པ་དབང་པོ་ཡིན་མིན་དུ་དཔྱད་པ།
ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ།།
ཆོས་ཀྱི་ཕྱེད་སྲོག་དང་སོགས་དང་ཚོར་སོགས་དང༌། ཟག་མེད་གསུམ་དང་བཅུ་བཞི་སྟེ་ཁམས་གང་དག་ནི་བཅུ་གཉིས་ནང་གི་ཡིན་པར་བཤད་པ་དེ་རྣམས་དབང་པོ་ཡིན་ལ། ལྷག་མ་ཆོས་ཀྱི་ཕྱེད་དང༌། གཟུགས་སོགས་ལྔ་དབང་པོ་མིན་པར་གྲུབ་བོ།།
གཉིས་པ་ལེའུའི་མཚན།
ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའོ།།
ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པས་ལས། ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའི་འགྲེལ་བའོ།། །།