Nitartha Digital Library
Tibetan
༄༅། །སྔ་འགྱུར་མཐོ་སློབ་ཆེན་མོའི་འཛིན་རིམ་ལྔ་པའི་སློབ་ཚན་བཞུགས་སོ།།

2 occurrences of གཡོན་དུ་
[Clear Hits]


 expand section
collapse section
collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ་སྟེ་བཅུ་དགུ་པ་རྣམ་པར་བཤད་པ།
  
  
expand section
 expand section


2 occurrences of གཡོན་དུ་
[Clear Hits]

 
previousབྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ་སྟེ་བཅུ་དགུ་པ་རྣམ་པར་བཤད་པ།next

བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ་སྟེ་བཅུ་དགུ་པ་རྣམ་པར་བཤད་པ།

༈ བཞི་པ་བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ་འདི་ནི་བསྒོམ་པ་གཙོ་བོར་སྟོན་པ་ཡིན་པས་འདི་ལ།

སྦྱོར་བ་དང༌། ངོ་བོ་དང༌། ཁྱད་པར་དུ་བྱེད་པའི་ཡན་ལག་གསུམ་ལས། དང་པོ་ལ་ཇི་ལྟར་དམ་བཅས་པའི་ཚུལ་ཁྲིམས་ལ་གནས་པ་དང༌། ཐོས་པ་དང་བསམ་པ་དང་ལྡན་པས་ཚོགས་བསགས་པའི་བར་གྱིས་བསྟན་ཏེ། དང་པོ། ངོ་ཚ་ཤེས་པ་དང་། བརྟན་པ་དང༌། མི་སྐྱོ་བ་གསུམ་གྱི་སྒོ་ནས་བསླབ་ལས་མི་འདའ་བར་བྱས་ཏེ། བསྟན་བཅོས་ཤེས་པ་དང༌། འཇིག་རྟེན་ཤེས་པའི་ཚུལ་གྱིས་ཐོས་པ་དང༌། རྟོན་པ་བཞི་དང༌། ཡང་དག་རིག་པ་བཞིའི་ཚུལ་གྱིས་བསམ་བྱུང་གི་ཤེས་རབ་རྣམ་པར་དག་པ་དང༌། ལྡན་པས་ཚོགས་གཉིས་བསགས་པ་ལ་འབད་པར་བྱ་བ་ཡིན་པས། དེ་དག་གོ་རིམ་བཞིན་བཤད་པ་ལ། དང་པོ་ངོ་ཚ་ཤེས་པ་ནི། ངོ་ཚ་མི་མཐུན་ཕྱོགས་སྤངས་དང༌། །ཞེས་པ་ནས། གཅིག་པ་ཉིད་ཀྱིས་གཙོ་བོ་ཡིན་ཞེས་པའི་བར་གྱིས་ཚིགས་བཅད་བཅུ་དྲུག་གིས་བསྟན་པ་འདི་ལའང་ནང་གསེས་སུ། ངོ་ཚ་ཤེས་པའི་མཚན་ཉིད་དང༌། གནས་གང་ལ་ངོ་ཚ་བ་དང༌། ངོ་ཚ་བའི་དབྱེ་བ་དང༌། ངོ་ཚ་མེད་པའི་ཉེས་དམིགས་དང༌། ངོ་ཚ་བའི་ཕན་ཡོན་དང༌། ངོ་ཚ་བ་ལྡན་པ་ལ་བསྔགས་པ་དང་ངོ་ཚ་ཁྲེལ་ཡོད་དང་ལྡན་པའི་རྟགས་དང༌། ཁྲེལ་ཡོད་མཆོག་ཏུ་གྱུར་པ་བསྟན་པ་བཅས་རྣམ་གྲངས་བརྒྱད་ལས། དང་པོ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་མཚན་ཉིད་ནི།

ངོ་ཚ་མི་མཐུན་ཕྱོགས་སྤངས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན།།

ཁ་ན་མ་ཐོ་མེད་དམན་ཡུལ། །སེམས་ཅན་སྨིན་བྱེད་བརྟན་པའི་ཡིན།།

དེའི་མི་མཐུན་ཕྱོགས་ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པ་དེ་གཉིས་སྤངས་ནས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རང་བཞིན་དུ་གྱུར་པའོ། །དེ་ཡང་བདག་ལ་ལྟོས་ནས་ངོ་ཚ་ཤེས་པ་དང༌། གཞན་ལ་ལྟོས་ནས་ཁྲེལ་ཡོད་པ་ཞེས་བྱ་སྟེ་བྱང་ཆུབ་སེམས་དཔའ་རང་གི་བསླབ་བྱའི་ཆོས་ཐེག་པ་ཆེན་པོའི་ལམ་བཏང་ནས་ཉན་རང་གི་སྤྱོད་པ་ལ་བསླབས་ན་འདི་ནི་བདག་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་ཞེས་ངོ་ཚ་བ་དང༌། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་སྨོད་པར་འགྱུར་རོ་ཞེས་ཁྲེལ་ཡོད་པ་ནི་དེ་གཉིས་ཀྱི་རང་བཞིན་དང་གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་དང་ལྡན་པ་ནི་བདག་དང་སེམས་ཅན་གཞན་དང༌། ངོ་ཚ་ཁྲེལ་ཡོད་ཀྱི་ཆོས་གསུམ་གྱི་མཚན་མ་མི་དམིགས་པའོ། །དམིགས་པ་ནི་ཐེག་པ་དམན་པའི་ལམ་སྟེ་དེ་ལ་ཞུགས་ན་ངོ་ཚ་བའོ། །དེ་ཡང་ཉན་རང་གི་ཐེག་པ་དེ་ལ་ཞུགས་པ་དག་ལ་ཉོན་མོངས་པའི་ཁ་ན་མ་ཐ་ོབ་མེད་ཀྱང་བདག་གི་དོན་འབའ་ཞིག་ལ་ཞུགས་པས་བསམ་པ་དང་ཤེས་རབ་དང་སྒྲུབ་པ་དང་འབྲས་བུ་དང་ཐམས་ཅད་ཐེག་པ་ཆེན་པོ་ལས་ཆེས་དམན་པའི་ཡུལ་ཡིན་པས་ཡུལ་དེ་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་རྣམས་དེ་ལ་འཇུག་པ་ལ་ངོ་ཚ་བར་བྱེད་དོ། །བྱེད་ལས་ནི་བྱང་ཆུབ་སེམས་དཔའི་ངོ་ཚ་དང་ཁྲེལ་ཡོད་ཀྱིས་སེམས་ཅན་རྣམས་སྨིན་པར་བྱེད་དེ། དེ་ལྟ་བུའི་ངོ་ཚ་དང་ཁྲེལ་ཡོད་ནི་བརྟན་པའི་སྟེ་བྱང་ཆུབ་སེམས་དཔའི་ཡིན་གྱི། ཉན་རང་རྣམས་ནི་རང་གི་གཉེན་དུ་གྱུར་པའི་སེམས་ཅན་རྣམས་ལ་ལྟོས་པ་མེད་པར་བོར་ནས་རང་གཅིག་པུ་ཞི་བདེ་དོན་དུ་གཉེར་བས་བྱང་ཆུབ་སེམས་དཔའ་ལ་ལྟོས་ན་རྒྱུད་ལས། རང་གི་བུ་ལའང་མ་ཆགས་པའི། །ཉན་ཐོས་རྣམས་ནི་སྐལ་བ་ངན། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །སྐལ་བཟང་ཕྱག་ན་རྡོ་རྗེ་དཔལ། །ཞེས་གསུངས་པ་ལྟར་དེ་རྣམས་ངོ་ཚ་དང་ཁྲེལ་ཆུང་བ་ཡིན་ནོ།།

གཉིས་པ་གནས་གང་ལ་ངོ་ཚ་བ་ཡིན་ཞེ་ན།

ཕ་རོལ་ཕྱིན་པ་དྲུག་པོ་ཡི། །མི་མཐུན་ཕྱོགས་ནི་འཕེལ་བ་དང༌།།

གཉེན་པོ་འགྲིབ་པས་བྱང་ཆུབ་སེམས། །མི་ཟད་ངོ་ཚ་སྐྱེ་བར་འགྱུར།།

བརྟན་རྣམས་ཕ་རོལ་ཕྱིན་པ་དྲུག །བརྟན་པ་ལ་ནི་ལེ་ལོ་དང༌།།

ཉོན་མོངས་རྗེས་སུ་མཐུན་ཆོས་ལ། །སྦྱོར་བ་ལས་ཀྱང་ངོ་ཚར་འགྱུར།།

སྦྱིན་པ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡི། མི་མཐུན་ཕྱོགས་སེར་སྣ་སོགས་རང་གི་རྒྱུད་ལ་འཕེལ་བ་དང༌། གཉེན་པོ་སྦྱིན་སོགས་འགྲིབ་པས་བྱང་ཆུབ་སེམས་དཔའ་རྣམས་ལ། མི་བཟད་པའི་ངོ་ཚ་སྐྱེ་བ་ཉིད་དུ་འགྱུར་ཏེ། འཇིག་རྟེན་ན་རིགས་ཆེ་ཞིང་མཐོ་བ་དག་རིགས་ངན་གྱི་སྤྱོད་པ་བྱེད་པ་ལ་ངོ་ཚ་བ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་སེར་སྣ་སོགས་འཕེལ་བ་ངོ་ཚ་ཞིང་སྦྱིན་པ་སོགས་འགྲིབ་པའང་ཤིན་ཏུ་ངོ་ཚ་བ་ཡིན་ནོ། །འདི་ལ་འཕེལ་བ་དང་འགྲིབ་པ་ལ་ངོ་ཚ་བ་ཞེས་བྱའོ། །དེ་བཞིན་དུ་སྦྱོར་བ་དང་མི་སྦྱོར་བ་ལ་ངོ་ཚ་བ་ནི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཕྱིན་པ་དྲུག་པོ་རང་རྒྱུད་ལ་གོམས་ཤིང་བརྟེན་པ་ལ་ནི་ལེ་ལོ་བྱེད་ཅིང་མི་སྦྱོར་བ་དང༌། འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་པ་རྣམས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཆོས་དབང་པོ་དྲུག་གི་སྒོ་མི་སྡོམ་ཞིང་འདོད་ཡོན་ལྔ་ཡི་ཡུལ་ལ་འཇུག་པ་ལ་སྦྱོར་བ་ལས་ཀྱང་ངོ་ཚ་བར་འགྱུར་རོ།།

གསུམ་པ་མཆོག་དམན་གྱི་དབྱེ་བ་ནི།

མཉམ་བཞག་ངོ་བོ་ཉིད་མིན་ཆུང༌། །འབྲིང་དང་དམན་པའི་ས་པ་དང༌།།

བསམ་པ་དམན་དང་ངར་བཅས་པའི། །ངོ་ཚ་དམན་དེ་ལས་གཞན་ལྷག།

མཉམ་བཞག་གི་ངོ་བོ་ཉིད་མིན་པ་འདོད་པའི་ཁམས་ཀྱི་ས་པའི་ངོ་ཚ་དང་ཁྲེལ་ཡོད་ནི་ཆུང་ངུའམ་དམན་ལ་དེ་བཞིན་དུ་མཉམ་པར་བཞག་པ་གཟུགས་དང་གཟུགས་མེད་པ་ལ་ཡང་ངོ་ཚ་ཁྲེལ་ཡོད་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་གསུམ་དུ་ཕྱེ་བའི་ཆུང་ངུ་དང་འབྲིང་ཆུང་ངུར་བསྡུ་ལ། མོས་སྤྱོད་དང་ས་དང་པོ་སོགས་འོག་མ་འོག་མ་རྣམས་རང་རང་གི་གོང་མ་གོང་མ་ལ་ལྟོས་ནས་ཆུང་ངུ་དང༌། གོང་མ་རྣམས་འོག་མ་ལ་ལྟོས་ནས་ཆེན་པོར་བཞག་གོ། བསམ་པ་དམན་པ་ཉན་རང་རྣམས་ཀྱི་ངོ་ཚ་དང་ཁྲེལ་ཡོད་པས་བདག་གི་དོན་འབའ་ཞིག་བསྒྲུབ་པས་ཆུང་ངུ་དང༌། ས་དང་པོ་ནས་བདུན་པའི་བར་གྱི་ངར་བཅས་ཞེས་པ་འབད་རྩོལ་གྱི་མཚན་མའི་ང་རྒྱལ་དང་བཅས་པའི་ཕྱིར། དེ་དག་གི་ངོ་ཚ་ནི་དམན་པའམ་ཆུང་ངུ་ཞེས་བྱ་སྟེ་ལྟོས་འཇོག་གི་སྒོ་ནས་སོ། །དེ་ལས་གཞན་ལྷག་པའམ་ཆེན་པོ་སྟེ། མཉམ་པར་བཞག་པའི་ས་པའི་ངོ་ཚ་དང༌། དེའི་ཡང་ཆེན་པོ་དང༌། ས་འོག་མ་ལ་ལྟོས་ནས་གོང་མ་དག་ཆེན་པོ་དང༌། ཐེག་ཆེན་པའི་ངོ་ཚ་ཁྲེལ་ཡོད་དང༌། ས་བརྒྱད་པ་སོགས་གསུམ་གྱི་ངར་འཛིན་མེད་པ་མི་རྟོག་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངོ་ཚ་དང་ཁྲེལ་ཡོད་ནི་འབད་མེད་ལྷུན་གྱིས་གྲུབ་པས་ཆེན་པོའམ་ལྷག་པར་བཞག་པ་ཡིན་ནོ།།

བཞི་པ་ངོ་ཚ་དང་ཁྲེལ་མེད་པའི་ཉེས་དམིགས་ནི།

བློ་ལྡན་ཁྲེལ་མེད་ཚུལ་མིན་ལས། །ཉོན་མོངས་དང་ལེན་ཁྲོ་བ་དང༌།།

ཡལ་བར་འདོར་དང་ང་རྒྱལ་གྱིས། །སེམས་ཅན་རྣམས་དང་ཚུལ་ཁྲིམས་འཇོམས།།

འགྱོད་པས་ཉམས་དང་བཅས་འགྱུར་ཞིང༌། །བཀུར་སྟི་དམན་པ་ཐོབ་འགྱུར་དེས།།

དད་ལྡན་མི་མིན་ཚོགས་དང་ནི། །སྟོན་པས་ཀྱང་ནི་བཏང་སྙོམས་མཛད།།

རྒྱལ་སྲས་ཆོས་དང་མཐུན་རྣམས་ཀྱིས། །རྣམ་པར་སྨོད་ཅིང་འཇིག་རྟེན་ལས།།

མཐོང་བའི་ཆོས་ལ་མི་སྙན་འཐོབ། །གཞན་དུ་ཕྱིར་ཞིང་མི་ཁོམ་སྐྱེ།།

དེས་ན་ཆོས་དཀར་ཐོབ་པ་དང༌། །མ་ཐོབ་པ་ལས་རྣམ་ཉམས་འགྱུར།།

དེ་ཕྱིར་སྡུག་བསྔལ་གནས་པ་དང༌། །ཡིད་ཀྱང་རྣལ་དུ་མི་གནས་འགྱུར།།

བློ་ལྡན་གང་ངོ་ཚ་དང་ཁྲེལ་མེད་པ་དེ་ཚུལ་བཞིན་མིན་པར་ཞུགས་པ་ལས་ཆགས་སོགས་ཉོན་མོངས་པ་སྐྱེས་པ་དང་དུ་ལེན་པ་དང༌། ཁྲོ་བ་ཡི་དབང་གིས་སྲོག་གཅོད་པ་སོགས་མི་དགེ་བ་ལ་ཞུགས་པས་བདག་ཉིད་ཚུལ་ཁྲིམས་ཉམས་པས་རང་ལ་འདི་ཕྱིར་གནོད་པ་དང༌། སེམས་ཅན་གཞན་ལ་གནོད་པ་དང༌། དེ་བཞིན་དུ་དགེ་བའི་ལས་དང་སེམས་ཅན་གྱི་དོན་བྱ་བ་ཡལ་བར་འདོར་བའི་ལེ་ལོ་དང་བག་མེད་པ་སོགས་དང༌། ང་རྒྱལ་གྱི་སྐྱོན་ཆགས་པ་རྣམས་ཀྱི་སྒོ་ནས། སེམས་ཅན་རྣམས་དང་རང་གི་རྒྱུད་ཀྱི་ཚུལ་ཁྲིམས་འཇོམས་པ་དང༌། དེའི་དབང་གིས་རང་ཉིད་འགྱོད་ཅིང་གདུང་བ་སྐྱེས་པས་བདེ་བ་ལས་ཉམས་པ་དང་བཅས་པར་འགྱུར་ཞིང༌། གཞན་གྱིས་ཀྱང་ཡོན་ཏན་དང་མི་ལྡན་པར་མཐོང་ནས་བཀུར་སྟི་དང་རྙེད་པས་དམན་པ་ཐོབ་པར་འགྱུར་ལ། ངོ་ཚ་དང་ཁྲེལ་མེད་པའི་རྒྱུ་དེས་བསྟན་པ་ལ་དད་པ་དང་ལྡན་པའི་མི་མིན་དཀར་ཕྱོགས་སྐྱོང་བའི་ཚོགས་དང་ནི། སྟོན་པའི་ཀྱང་ལྷག་པར་དགོངས་པའི་ཡུལ་དུ་མ་གྱུར་པས་བཏང་སྙོམས་སུ་འཇོག་པར་མཛད་དོ། །རྒྱལ་བའི་སྲས་པོ་ཆོས་དང་མཐུན་པ་རྣམས་ཀྱིས་ཆེ་གེ་མོས་འདི་ལྟར་མི་རིགས་པ་བྱེད་པ་ཡིན་ནོ་ཞེས་རྣམ་པར་སྨོད་ཅིང༌། འཇིག་རྟེན་པ་རྣམས་ལས་ཀྱང་མཐོང་བའི་ཆོས་ཚེ་འདི་ལ་མི་སྙན་པ་བརྗོད་པ་ཐོབ་བོ། །སྐྱེ་བ་གཞན་དུ་ཕྱིར་ཞིང་ངན་སོང་སོགས་མི་ཁོམས་པའི་གནས་སུ་སྐྱེ་བ་དེས་ན་རང་རྒྱུད་ལ་ཆོས་དཀར་པོ་ཐོབ་ཟིན་ལས་ཉམས་པ་དང༌། སྔར་མ་ཐོབ་པ་གསར་དུ་ཐོབ་པ་ལས་ཀྱང་རྣམ་པར་ཉམས་པར་འགྱུར་རོ། །དེ་ཕྱིར་དེའི་ལུས་སྡུག་བསྔལ་བར་གནས་པ་དང༌། ཡིད་ཀྱང་མི་བདེ་བས་ཟིན་ནས་རྣལ་དུ་གནས་པར་མི་འགྱུར་རོ།།

ལྔ་པ་ངོ་ཚ་དང་ཁྲེལ་ཡོད་པའི་ཕན་ཡོན་ནི།

རྒྱལ་སྲས་ངོ་ཚ་ལྡན་རྣམས་ལ། །ཉེས་པ་འདི་དག་ཀུན་མི་འབྱུང༌།།

མཁས་པ་རྟག་ཏུ་ལྷ་དག་དང༌། །མི་རྣམས་སུ་ནི་ཡང་དག་སྐྱེ།།

བློ་ལྡན་ངོ་ཚས་མྱུར་དུ་ནི། །རྫོགས་པའི་བྱང་ཆུབ་ཚོགས་རྫོགས་བྱེད།།

རྒྱལ་བའི་སྲས་ནི་སེམས་ཅན་རྣམས། །སྨིན་བྱེད་སྐྱོ་བར་མི་འགྱུར་ཉིད།།

དེ་རྟག་མི་མཐུན་ཕྱོགས་དང་ནི། །གཉེན་པོ་བྲལ་དང་མི་འབྲལ་འགྱུར།།

དེ་ལྟར་རྒྱལ་སྲས་ངོ་ཚ་ལྡན། །ཕན་ཡོན་དེ་དག་འཐོབ་པར་འགྱུར།།

རྒྱལ་སྲས་ངོ་ཚ་དང་ཁྲེལ་ཡོད་ལྡན་པ་རྣམས་ལ་བཤད་མ་ཐག་པའི་ཉེས་པ་འདི་དག་ཀུན་གཏན་དུ་མི་འབྱུང་སྟེ། མཁས་པ་དེ་ནི་རྟག་ཏུ་ལྷ་དག་དང༌། མི་རྣམས་སུ་ནི་ཡང་དག་པར་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུ་བློ་དང་ལྡན་པ་དེ་ཁྲེལ་ཡོད་དང་ངོ་ཚས་མྱུར་དུ་ནི། བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་རྫོགས་པར་བྱེད་པ་བདག་པོའི་འབྲས་བུ་དང༌། རྒྱལ་བའི་སྲས་ངོ་ཚ་ཁྲེལ་ཡོད་ལྡན་པ་དེ་ནི་སེམས་ཅན་རྣམས་སྨིན་པར་བྱེད་པ་ལ། སྐྱོ་བར་མི་འགྱུར་བ་ཉིད་སྐྱེས་བུ་བྱེད་པའི་འབྲས་བུ་དང༌། དེ་ནི་དུས་རྟག་ཏུ་མི་མཐུན་ཕྱོགས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་བྲལ་བ་བྲལ་འབྲས་དང༌། གཉེན་པོ་ངོ་ཚ་དང་ཁྲེལ་ཡོད་པ་དང་མི་འབྲལ་བར་འགྱུར་བ་རྒྱུ་མཐུན་པའི་འབྲས་བུ་སྟེ། དེ་ལྟར་རྒྱལ་སྲས་ངོ་ཚ་ཁྲེལ་ཡོད་དང་ལྡན་པ་དེས་ནི་ཕན་ཡོན་དེ་དག་འཐོབ་པར་འགྱུར་རོ།།

དྲུག་པ་ངོ་ཚ་ཁྲེལ་ཡོད་དང་ལྡན་པ་ལ་བསྔགས་པ་ནི།

བྱིས་པ་ཤིན་ཏུ་གོས་བཟང་གྱོན་ཡང་ནི། །ཁྲེལ་དང་བྲལ་ཕྱིར་ཉེས་པས་དྲི་མ་ཅན།།

རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགབ་པ་མེད་ཀྱང་ཉེས་པའི་དྲི་མ་བྲལ།།

རྒྱལ་བའི་སྲས་ནི་ཁྲེལ་དང་ལྡན་གྱུར་པ། །ནམ་མཁའ་བཞིན་དུ་ཆོས་ཀྱིས་གོས་མི་འགྱུར།།

རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་གྱུར་པ། །ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ཡིན།།

བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་ཚ་བས། །གདུལ་བྱ་རྣམས་ལ་མ་བཞིན་བྱམས་པ་ཉིད།།

ངོ་ཚ་བ་ནི་ཉེས་པ་ཐམས་ཅད་ལས། །འཁོར་བ་ཀུན་ཏུ་སྲུང་བར་བྱེད་པའང་ཡིན།།

བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལུས་བཀྲུས་ཏེ་རྒྱུ་བཟང་ཞིང་ཁ་དོག་དབྱིབས་ལེགས་པའི་གོས་བཟང་པོ་གྱོན་ཡང་ནི། སེམས་ངོ་ཚ་ཁྲེལ་ཡོད་དང་བྲལ་བའི་ཕྱིར་ཆགས་སོགས་ཉེས་པའི་དྲི་མ་ཅན་གྱི་རང་བཞིན་ཡིན་པ་གོས་ཀྱིས་དགབ་པར་མི་ནུས་ལ། རྒྱལ་སྲས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་གོས་ཅན་ནི། ཕྱི་ནས་གོས་སོགས་ཀྱིས་དགབ་པ་མེད་ཀྱང་རང་བཞིན་གྱིས་ཉེས་པའི་དྲི་མ་དང་བྲལ་བ་ཡིན་ནོ། །འདིས་ནི་ནང་དུ་མཉམ་པར་བཞག་པའི་རྣལ་འབྱོར་ལ་གནས་པའི་དུས་ན་ངོ་ཚ་ཁྲེལ་ཡོད་ཀྱིས་ཉོན་མོངས་སྐྱེ་བའི་གཉེན་པོ་བྱེད་པ་བསྟན་ཏོ། །རྒྱལ་བའི་སྲས་རྣམས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པར་གྱུར་པ་དེ་དག་དཔེར་ན་ནམ་མཁའ་ནི་སྤྲིན་དང་ཁུག་སྣ་ལ་སོགས་པས་གོས་སུ་མེད་པ་བཞིན་དུ་གྲོང་དུ་གཤེགས་པ་སོགས་ཀྱི་ཚེ་ངོ་ཚ་བ་དང་ཁྲེལ་ཡོད་པའི་རང་བཞིན་ཉིད་ཀྱིས། འཇིག་རྟེན་ཆོས་བརྒྱད་ཀྱིས་གོས་པར་མི་འགྱུར་རོ། །རང་གི་ལྟ་སྤྱོད་དང་མཐུན་པའི་གྲོགས་སུ་གྱུར་པའི་རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་པ་གྱུར་པ་ན་ཡང༌། གང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རྒྱན་གྱིས་བརྒྱན་པ་དེ་ནི་སྤྱོད་པ་མཐུན་ཞིང་ཤིན་ཏུ་མཛེས་པ་ཡིན་ཏེ། རིན་ཆེན་ལ་སོགས་པའི་རྒྱན་གང་གི་ཡང་འགྲན་ཟླ་མེད་པ་ཉིད་དེ། བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་དོན་ཡལ་བར་འདོར་བ་ལ་ཁྲེལ་ཡོད་དང་ངོ་ཚ་བས། གདུལ་བྱ་རྣམས་ལ་མ་བཞིན་དུ་བྱམས་པ་ཉིད་ཀྱིས་སེམས་ཅན་སྨིན་པར་བྱེད་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ལ་བུ་ལྟར་བྱམས་ཤིང་ཕངས་པ་མཛད་པ་དེ་དག་གིས། སེམས་ཅན་རྣམས་བསྐྱབ་པར་མི་བྱེད་ཅིང་ཡལ་བར་འདོར་ན་ངོ་ཚ་བའི་གནས་ཡིན་པའི་ཕྱིར་རོ། །ཁྲེལ་ཡོད་དང་ངོ་ཚ་ནི་དཔེར་ན་དཔུང་གི་ཚོགས་རྟ་དང་གླང་པོ་དང་ཤིང་རྟ་བ་དང༌། རྐང་ཐང་གི་ཚོགས་བཞིས་རྒྱལ་སྲིད་དང་ཡུལ་ཕྱོགས་བསྲུང་བ་ལྟར། འདོད་ཆགས་ལ་སོགས་པའི་ཉེས་པ་ཐམས་ཅད་ཀྱི་དགྲ་ཡི་ཚོགས་ལས། བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་འདིར་སེམས་ཅན་གྱི་དོན་བྱེད་པའི་ཚེ་ན་རྣམ་པ་ཀུན་ཏུ་སྲུང་བར་བྱེད་པའང་ཡིན་ཏེ། ངོ་ཚ་དང་ཁྲེལ་ཡོད་ཀྱིས་ཉོན་མོངས་པའི་ཉེས་པ་རྣམས་ལ་མི་འཇུག་པར་བྱེད་པས་སོ།།

བདུན་པ་ངོ་ཚ་ཁྲེལ་ཡོད་ལྡན་པའི་རྟགས་ནི་བཞི་སྟེ།

ཀུན་ལ་དང་དུ་ལེན་པ་དང༌། །ཀུན་ལ་དང་དུ་མི་ལེན་ཅིང༌།།

ཀུན་ལ་མི་འཇུག་འཇུག་པ་ནི། །ཁྲེལ་ལྡན་ཁྲེལ་བས་བྱས་པའི་རྟགས།།

བསམ་པའི་སྒོ་ནས་སྦྱིན་པ་ཚུལ་ཁྲིམས་སོགས་ཡོན་ཏན་གྱི་ཕྱོགས་གང་ཅི་ཡང་རུང་བ་ཀུན་ལ་དང་དུ་ལེན་པ་བཟོད་པ་དང༌། ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་ཆགས་སྡང་སོགས་ཉོན་མོངས་ཀུན་དང་གང་ཅི་ཡང་རུང་བའི་ཉེས་པའི་ཕྱོགས་ཀུན་དང་དུ་མི་ལེན་ཅིང༌། སྦྱོར་བའི་སྒོ་ནས་ཉེས་པ་ཀུན་ལ་མི་འཇུག་པ་དང་ཡོན་ཏན་ཀུན་ལ་འཇུག་པ་ཡི་མཚན་མ་བཞི་པོ་དེ་ནི། གང་སྣང་ཡང༌། ངོ་ཚ་ཁྲེལ་ཡོད་དང་ལྡན་པའི་གང་ཟག་དེའི་རྒྱུད་ཀྱི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་བྱས་པའི་རྟགས་ཡིན་ནོ།།

བརྒྱད་པ་དེ་གཉིས་མཆོག་ཏུ་གྱུར་པ་ནི།

རང་གི་སེམས་ཀྱིས་ཁྲེལ་སྒོམ་པ། །ཆོས་ལ་མོས་དང་བསམ་པ་དང༌།།

དབང་འབྱོར་པ་དང་མི་རྟོག་དང༌། །གཅིག་པ་ཉིད་ཀྱིས་གཙོ་བོ་ཡིན།།

རང་གི་སེམས་ཀྱིས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་བསྒོམ་པ་ནི། གལ་ཏེ་སྐྱོན་འདི་གཞན་གྱིས་ཤེས་ན་ངོ་ཚའོ་སྙམ་པ་ལས། གཞན་གྱིས་ཤེས་རུང་མ་ཤེས་རུང་རང་ཉིད་ཀྱིས་ཉེས་པ་བྱས་པ་རང་ལ་རང་གིས་ཁྲེལ་བ་བསྒོམ་པ་ནི་མཆོག་ཅེས་འགྲེལ་བར་གསུངས། ཁྲེལ་ཡོད་བསྒོམ་པ་དེ་ཡང་རྣམ་པ་ལྔས་མཆོག་ཏུ་རིག་པར་བྱ་བ་ནི། ངོ་ཚ་ཁྲེལ་ཡོད་སྟོན་པའི་ཐེག་ཆེན་གྱི་ཆོས་ལ་མོས་པ་དང༌། བསམ་པ་དགུ་གོང་བཤད་ལྟར་དང༌། ཏིང་ངེ་འཛིན་གྱི་སེམས་ཀྱི་དབང་འབྱོར་བའམ། ས་བརྒྱད་པ་ནས་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང༌། བདག་དང་གཞན་དང་ངོ་ཚ་བའི་ཆོས་ཀྱི་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་དང༌། དག་ས་པའི་བྱང་སེམས་བྱ་བ་དེ་ལ་དོན་གཅིག་པར་གྱུར་པ་ཉིད་ཀྱིས་གཙོ་བོའམ་མཆོག་ཏུ་གྱུར་པ་ཡིན་ནོ།།

གཉིས་པ་བརྟན་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་བྱང་ཆུབ་སེམས་དཔའི་སྙིང་སྟོབས་བརྟན་པ་ནི།

བྱང་ཆུབ་སེམས་དཔའི་བརྟན་པ་ནི། །དེ་ལས་གཞན་པ་ཐམས་ཅད་ལས།།

མཚན་ཉིད་དང་ནི་རབ་དབྱེ་དང༌། །མི་འགྱུར་བས་ནི་ཁྱད་པར་འཕགས།།

བྱང་སེམས་དེ་ལས་གཞན་པ་འཇིག་རྟེན་པ་དང་ཉན་རང་གི་ཚོགས་ཐམས་ཅད་ལས། མཚན་ཉིད་དང་ནི་རབ་ཏུ་དབྱེ་བ་དང༌། མི་འགྱུར་བས་ནི་ཁྱད་པར་དུ་འཕགས་པ་ཡིན་ནོ།།

གཉིས་པ་དེའི་ཁྱད་པར་གསུམ་པོ་དེའི་དོན་རྒྱས་པར་བཤད་པ་ལ་་གཉིས་ལས། དང་པོ་བརྟན་པའི་མཚན་ཉིད་ནི།

བརྩོན་འགྲུས་ཏིང་འཛིན་ཤེས་རབ་ནི། །སྙིང་སྟོབས་སྲན་ཐུབ་བརྟན་པར་འདོད།།

གང་ཕྱིར་གསུམ་གྱིས་བྱང་ཆུབ་སེམས། །འཇིགས་པ་མེད་པར་རབ་ཏུ་འཇུག།

ཞུམ་དང་གཡོ་དང་རྨོངས་པ་ཡིས། །བྱ་བ་རྣམས་ལ་འཇིགས་པ་སྐྱེ།།

དེ་ཕྱིར་གཉུག་མ་གསུམ་ལ་ནི། །བརྟན་པའི་མིང་དུ་ཤེས་པར་བྱ།།

བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་གསུམ་ནི་རིམ་པ་ལྟར་སེམས་མ་ཞུམ་པའི་སྙིང་སྟོབས་དང་གཞན་དུ་མི་གཡོ་བར་སྲན་ཐུབ་པ་དང༌། དོན་དེར་ཡང་དག་པར་ཤེས་ནས་དེ་ལས་གཞན་དུ་མི་འགྱུར་བས་བརྟན་པར་འདོད་དེ། གང་གི་ཕྱིར་ན་ཆོས་དེ་གསུམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལམ་བསྒྲུབ་པ་ལ་འཇིགས་པ་མེད་པར་རབ་ཏུ་འཇུག་པ་ཡིན་ནོ། །འཇིགས་པ་ཇི་ལྟ་བུ་སྐྱེ་ན་བརྩོན་འགྲུས་མེད་པ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་བདག་གིས་བསྒྲུབ་མི་ནུས་སྙམ་དུ་ཞུམ་པའི་འཇིགས་པ་སྐྱེ་བ་དང༌། ཏིང་ངེ་འཛིན་མེད་པ་རྣམས་སེམས་རྩེ་གཅིག་ཏུ་བཞག་མི་ནུས་པས་རྣམ་རྟོག་གཡོ་བའི་འཇིགས་པ་སྐྱེ་བ་དང༌། ཤེས་རབ་མེད་པ་དག་བྱང་ཆུབ་ཀྱི་སྤྱོད་པ་རྣམས་ཇི་ལྟ་བུ་ཡིན་པ་མི་ཤེས་པར་རྨོངས་པ་ཡིས་བྱ་བ་རྣམས་ལ་ཇི་ལྟར་བྱ་གཏོལ་མེད་པས་འཇིགས་པ་སྐྱེའོ། །ཞུམ་པ་སོགས་དེ་གསུམ་གས་བྱང་ཆུབ་སེམས་དཔའི་བསྒྲུབ་པར་བྱ་བ་རྣམས་ལ་རང་དབང་དུ་མ་འདུས་པས་བསྒྲུབ་མི་ནུས་སྙམ་དུ་འཇིགས་པ་སྐྱེའོ། །དེ་ཕྱིར་འཇིགས་པ་གསུམ་པོ་དེ་ཡི་གཉེན་པོ་བརྩོན་འགྲུས་ཏིང་འཛིན་ཤེས་རབ་གང་ཞིག་གཤིས་སམ་ངང་གིས་གྲུབ་པའི་གཉུག་མ་གསུམ་ལ་ནི། མི་མཐུན་ཕྱོགས་ཀྱིས་མི་འཕྲོག་པས་བརྟན་པའི་མིང་ཅན་དུ་ཤེས་པར་བྱའོ་ཞེས། སོ་སོར་རྟག་ཅིང་འབད་མི་དགོས་པར་བརྩོན་འགྲུས་ལྷུན་གྱིས་གྲུབ་པ་དང་ཏིང་འཛིན་དང་ཤེས་རབ་ལྷུན་གྱིས་གྲུབ་པ་གཉུག་མའམ་རྟག་པ་ཡོད་པས་ཞུམ་སོགས་གསུམ་མེད་པར་མཆོག་ཏུ་བརྟན་པ་ནི་བརྟན་པའི་མཚན་ཉིད་དོ། །ལས་དང་པོ་པ་རྣམས་ལའང་སེམས་ཀྱི་གཤིས་ལ་མ་ཞུམ་པ་ཡོད་པས་བྱ་བ་ལ་འཇུག་ནུས་པ་ཞིག་བྱུང་ན་དེ་ཙམ་ལ་ལྟོས་འཇོག་གི་སྒོ་ནས་གཉུག་མའི་བརྩོན་འགྲུས་ཀྱི་མིང་ཐོགས་པར་སོགས་སུ་ཤེས་པར་བྱའོ།།

གཉིས་པ་བརྟན་པའི་དབྱེ་བ་ལ་གསུམ་ལས། དང་པོ་ནི་རྣམ་པ་བརྒྱད་དེ།

རང་བཞིན་དང་ནི་སྨོན་ལམ་དང༌། །ལྟ་བ་མེད་པ་ཉིད་དང་ནི།།

སེམས་ཅན་ལོག་པར་སྒྲུབ་པ་དང༌། །ཟབ་ཅིང་རྒྱ་ཆེ་ཐོས་པ་དང༌།།

གདུལ་བྱ་གདུལ་བར་དཀའ་བ་དང༌། །རྒྱལ་སྐུ་བསམ་གྱིས་མི་ཁྱབ་དང༌།།

རང་བཞིན་གྱིས་བརྟན་པ་ནི་རིགས་ཀྱི་སྟོབས་ལས་བརྩོན་ཏིང་ཤེར་གསུམ་གྱི་ཁམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུམ་སོགས་ཀྱི་འཇིགས་པ་མེད་པ་གང་ཡིན་པ་དང་ནི། སྨོན་ལམ་གྱིས་བརྟན་པ་ནི། བླ་མེད་བྱང་ཆུབ་སེམས་བསྐྱེད་ནས་བྱང་ཆུབ་ཆེན་པོ་ཐོབ་པ་དང་སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲལ་བར་བྱ་བ་ལས་མི་ལྡོག་ཅིང་མི་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་ལས་གང་དུ་སྐྱེས་ཀྱང་མི་འགྱུར་ཞིང་བརྟན་པར་འགྱུར་བའོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྨོན་ལམ་ཚད་མེད་པ་སངས་རྒྱས་ཀྱི་སའི་བར་དུ་འབྱུང་བ་ཐམས་ཅད་ཀྱི་རྩ་བ་ནི་ཐོག་མར་བྱང་ཆུབ་སེམས་བསྐྱེད་པ་འདི་ཡིན་ཏེ། བྱང་ཆུབ་ཏུ་སྨོན་ལམ་འདེབས་པའི་དང་པོ་འདི་ལ་བརྟེན་ནས་སྨོན་ལམ་ཀུན་འབྱུང་ཞིང་དེ་ཕན་ཆད་ཀྱི་སྨོན་ལམ་རྣམས་ཀྱིས་ཇེ་བས་ཇེ་བརྟན་དུ་འགྱུར་རོ། །ཆགས་པ་མེད་པ་ཉིད་དང་ནི་ཞེས་པ་བདག་གི་དོན་ལ་བརྟན་པ་སྟེ། བདག་གི་དོན་བསྒྲུབ་པ་ལ་ལུས་དང་སྲོག་ལ་ཡང་ལྟ་བའམ་ཆགས་པ་དང་འཇིགས་པ་མེད་པ་ཉིད་དང་ནི། གཞན་གྱི་དོན་ལ་བརྟན་པ་ནི་སེམས་ཅན་རྣམས་ཀྱིས་ལོག་པར་སྒྲུབ་པ་སྣ་ཚོགས་བྱས་ཀྱང་དེས་སྐྱོ་བ་མེད་པར་བརྟན་པ་དང༌། ཟབ་ཅིང་ཞེས་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་བརྟན་པ་སྟེ། གདོད་ནས་སྐྱེ་འགག་མེད་པ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་ཅིང་མོས་པ་བརྟན་པའོ། །མཐུ་ལ་བརྟན་པ་ནི། མངོན་ཤེས་དང་སྟོབས་དང་མི་འཇིགས་པ་སོགས་ཡོན་ཏན་རྒྱ་ཆེ་བ་རྣམས་བསྒྲུབ་པ་ལ་མི་ཞུམ་པར་མོས་པ་དང༌། གདུལ་བྱ་ཉོན་མོངས་པ་ཤིན་ཏུ་བདོ་བས་སུས་ཀྱང་གདུལ་བར་དཀའ་བ་རྣམས་ཡལ་བར་མི་འདོར་བར་ཐབས་སྣ་ཚོགས་ཀྱིས་ཡུན་རིང་པོར་འདུལ་བར་བྱེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟན་པ་དང༌། རྒྱལ་བའི་ཆོས་སྐུ་དང་ལོངས་སྐུ་སྤྲུལ་པའི་སྐུ་གསུམ་པོ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་བདག་གིས་བསྒྲུབ་པར་བྱའོ་སྙམ་དུ་ཡིད་ཕྱིར་ལྡོག་པ་མེད་པ་ནི་བྱང་ཆུབ་དམ་པ་ལ་བརྟན་པ་སྟེ། དེ་ལྟར་བརྟན་པའི་རྣམ་གྲངས་བརྒྱད་བཤད་པ་དང༌། སླར་ཡང་བརྟན་པའི་གཉིས་པ་དབྱེ་བ་གསུམ་ནི།

དཀའ་བ་དག་ནི་སྣ་ཚོགས་དང༌། །འཁོར་བ་གཏོང་བ་མེད་ཉིད་དང༌།།

དེ་ཉིད་ཉོན་མོངས་མེད་པ་ལ། །བརྟན་པའི་བརྟན་པ་སྐྱེ་བ་ནི།།

དེ་ལས་གཞན་དང་མི་མཚུངས་ཏེ། །བརྟན་ལྡན་རྣམས་ཀྱི་མཆོག་ཏུ་འདོད།།

བླ་མེད་བྱང་ཆུབ་ཀྱི་ཕྱིར་དཀའ་བ་སྤྱོད་པ་དག་ནི་སྣ་ཚོགས་ཚད་མེད་པ་ཉམས་སུ་ལེན་པ་ནི། དཀའ་བ་སྤྱོད་པ་ལ་བརྟན་པ་དང༌། གཞན་དོན་སྙིང་རྗེས་འཁོར་བ་ཡོངས་སུ་གཏོང་བ་མེད་པར་སྲིད་པ་སྣ་ཚོགས་སུ་སྐྱེ་བ་ཡོངས་སུ་འཛིན་པ་ཉིད་ནི། བསམ་བཞིན་སྲིད་པར་སྐྱེ་བ་ལ་བརྟན་པ་དང༌། འཁོར་བར་སྐྱེ་བ་དེ་ཉིད་ཀྱི་ཚེ་ན་འཁོར་བའི་སྐྱོན་ཉོན་མོངས་པས་གོས་པ་མེད་པ་ནི། ཉོན་མོངས་པ་མེད་པ་ལ་བརྟན་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་བརྟན་པའི་རྒྱུད་ལ་བརྟན་པ་སྐྱེ་བ་ནི། དེ་ལས་གཞན་འཇིག་རྟེན་པ་དང་ཉན་རང་གི་བརྟན་པ་དང་མི་མཚུངས་ཏེ། གཞན་བརྟན་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་འདོད་དོ།།

གསུམ་པ་མི་འགྱུར་བ་ནི།

ཕྱེ་མ་ལེབ་དང་འདབ་ཆགས་དང༌། །རྒྱ་མཚོ་དག་གིས་རི་རབ་ལྟར།།

བརྟན་པ་གྲོགས་ངན་སྡུག་བསྔལ་དང༌། །ཟབ་མོ་ཐོས་པས་མི་གཡོས་སོ།།

ཇི་ལྟར་ཕྱེ་མ་ལེབ་དང༌། འདབ་ཆགས་མཁའ་ལྡིང་གི་གཤོག་པའི་ཤུགས་དང༌། རྒྱ་མཚོ་ཆེན་པོའི་རླབས་དག་གིས་རི་རབ་གཡོ་མི་ནུས་པ་ལྟར་དཔེ་དེ་གསུམ་དང་རིམ་པ་ལྟར་སྦྱར་ཏེ། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་མི་དགེ་བའི་གྲོགས་ངན་པ་དང༌། སྡུག་བསྔལ་སྣ་ཚོགས་དང༌། ཆོས་ཟབ་མོ་སྟོང་པ་བདག་མེད་ཐོས་པས་མི་འཁྲུགས་ཤིང་མི་གཡོས་སོ།།

གསུམ་པ་མི་སྐྱོ་བ་ནི།

བྱང་ཆུབ་མི་སྐྱོ་མཉམ་མེད་པ། །གཞི་གསུམ་ཐོས་པས་མི་ངོམས་དང༌།།

བརྩོན་འགྲུས་ཆེ་དང་སྡུག་བསྔལ་ལའོ། །ངོ་ཚ་བརྟན་ལ་བརྟེན་པ་སྟེ།།

བྱང་ཆུབ་ཆེ་ལ་འདུན་པ་དག །བློ་ལྡན་རྣམས་ཀྱི་མི་སྐྱོ་བ།།

ས་རྣམས་ལ་ནི་མ་རྫོགས་དང༌། །རྫོགས་དང་ཤིན་ཏུ་རྫོགས་པར་འདོད།།

བྱང་ཆུབ་སེམས་དཔའི་མི་སྐྱོ་བ་ནི། གཞན་ཉན་རང་གི་མི་སྐྱོ་བ་དང༌། མཉམ་པ་མེད་པ་ཡིན་ལ། གང་ལ་མི་སྐྱོ་ཞེ་ན། གཞི་འམ་དངོས་པོ་གསུམ་ལ་མི་སྐྱོ་སྟེ། དགེ་བའི་བཤེས་ལས་དམ་པའི་ཆོས་ཐོས་པས་མི་ངོམས་པ་ནི། ཆོས་ཐོས་པ་ལ་མི་སྐྱོ་བའམ་ཆོས་ཡོངས་སུ་ཚོལ་བ་ལ་མི་སྐྱོ་བའོ། །བསྐལ་པ་གྲངས་མེད་གསུམ་དུ་གཙུབ་ཤིང་ལས་མེ་འབྱིན་པ་ལྟར་བརྩོན་འགྲུས་རྒྱ་ཆེ་བ་རྩོམ་པ་ནི། རབ་ཏུ་འགྲུས་པའི་དངོས་པོ་ལ་མི་སྐྱོ་བ་དང༌། སེམས་ཅན་གྱི་དོན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་དུ་ལེན་པ་ལ་མི་སྐྱོ་བ་ནི། སྡུག་བསྔལ་གྱི་དངོས་པོ་ལ་སྐྱོ་བ་མེད་པའོ། །དེ་དག་གིས་མི་སྐྱོ་བའི་དངོས་པོའམ་ཡུལ་གསུམ་བསྟེན་ཏེ། མི་སྐྱོ་བའི་རྒྱུའམ་འབྱུང་བའི་གནས་སམ་རྟེན་ནི། གོང་དུ་བཤད་པ་ངོ་ཚ་ཤེས་པ་དང་བརྟན་པ་གཉིས་ལ་བརྟེན་ནས་མི་སྐྱོ་བ་འབྱུང་བ་ཡིན་པ་སྟེ། མི་སྐྱོ་བའི་ངོ་བོའམ་རང་བཞིན་ནི། བྱང་ཆུབ་ཆེ་ལ་འདུན་པ་རབ་ཏུ་དྲག་པོ་ཉིད་གང་ཡིན་པ་སྟེ་རྒྱུ་དེས་མི་སྐྱོ་བ་དབྱེ་བ་ནི་བློ་ལྡན་རྣམས་ཀྱི་མི་སྐྱོ་བ་དེ་ནི་ལམ་གྱི་གནས་སྐབས་ཀྱ་ིས་རྣམས་ལ་ནི་འདི་ལྟར་མོས་སྤྱོད་དུ་བདག་གཞན་མཉམ་པའི་སེམས་མ་ཐོབ་པས་སྐབས་སྐབས་སུ་སྐྱོ་བའང་འབྱུང་བས་མི་སྐྱོ་བ་ཡོངས་སུ་མ་རྫོགས་པ་དང༌། ས་བདུན་པ་སྐྱོ་བ་གཏན་མི་འབྱུང་བས་ཡོངས་སུ་རྫོགས་པ་དང༌། དག་པའི་ས་གསུམ་དུ་འབད་མེད་ལྷུན་གྲུབ་ཏུ་ཤིན་ཏུ་རྫོགས་པ་སྟེ་དབྱེ་བ་གསུམ་དུ་ཡོད་པར་འདོད་དོ།།

བཞི་པ་བསྟན་བཅོས་ཤེས་པ་ནི།

བརྟན་པའི་བསྟན་བཅོས་ཤེས་པ་ཉིད། །གཞི་དང་ཆེད་དུ་བྱ་བ་དང༌།།

ལས་དང་མཚན་ཉིད་དག་དང་ནི། །མི་ཟད་ཉིད་དང་འབྲས་བུ་ནི།།

ཡང་དག་འགྲུབ་པས་ཁྱད་པར་འཕགས། །ཏིང་ངེ་འཛིན་དང་གཟུངས་སྒོས་བསྡུས།།

སེམས་ཅན་སྨིན་པར་བྱེད་པ་དང༌། །དམ་ཆོས་འཛིན་པར་བྱེད་པའང་ཡིན།།

བྱང་ཆུབ་སེམས་དཔའ་བརྟན་པའི་བསྟན་བཅོས་ཤེས་པ་ཉིད་ནི་རིག་པའི་གནས་ལྔ་ཤེས་པ་ལ་བརྗོད་དེ་དེ་ལ་གཙུག་ལག་ཤེས་པ་ཡང་ཟེར་རོ། །རིག་པའི་གནས་ལྔ་ནི་སྔར་བཤད་པ་ལྟར་ནང་རིག་པ་དང༌། ཏརྐའམ་རྟོག་གེའི་རིག་པ་ནི་ཚད་མ་སྟེ་རྒྱུའམ་གཏན་ཚིགས་ཀྱི་རིག་པའང་དེའོ། བརྡ་སྤྲོད་པའམ་སྒྲ་རིག་པ་དང༌། བཟོ་ཡི་རིག་པ་དང༌། གསོ་བའི་རིག་པ་ལྔ་པོ་དེ་དགེ་བའི་བཤེས་གཉེན་སློབ་དཔོན་མཁས་པ་ལས་ལེགས་པར་ཉན་ཅིང་དོན་ལ་བསམ་པས་ངེས་པ་རྙེད་པར་བྱས་ནས་གཞན་ལའང་སྟོན་པར་བྱེད་དེ་ཤེས་བྱའི་གནས་མཐའ་དག་རིག་པའི་གནས་ལྔས་བསྡུས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཤེས་བྱ་ཇི་སྙེད་པ་ལ་མཁས་པར་བྱས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པའི་ཕྱིར་དེ་ལྟར་བསྟན་བཅོས་ཤེས་པ་ཉིད་ལ་འཇུག་གོ །རིག་གནས་ལྔ་ཤེས་པ་ཙམ་འཇིག་རྟེན་པ་དང༌། ཉན་རང་ལ་ཡང་ཡོད་མོད་ཀྱང༌། གཞི་ལ་སོགས་པ་རྣམ་པ་དྲུག་གི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ལྔ་རིག་པའི་བསྟན་བཅོས་ཤེས་པ་ཉིད་ཁྱད་པར་དུ་འཕགས་སོ། །དེ་གང་ཞེ་ན་དང་པོ་གཞིའམ་དངོས་པོ་ནི་རིག་པའི་གནས་ལྔ་པོ་དེ་ཉན་ཐོས་རྣམས་རང་ཉིད་ཐར་པའི་དོན་དུ་ནང་རིག་པའི་ཕྱོགས་གཅིག་གང་ཟག་གི་བདག་མེད་ཙམ་གཙོ་བོར་དོན་དུ་གཉེར་གྱི་ཐེག་ཆེན་གྱི་གསུང་རབ་མཐའ་དག་གིས་བསྟན་དོན་རྣམས་ཀྱང་ཆེད་ཆེར་མི་བྱེད་ན་རིག་གནས་གཞན་ལྟ་ཅི་སྨོས་སོ། །བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དོན་དུ་གཉེར་ཞིང་སེམས་ཅན་ཐམས་ཅད་མཐའ་ཡས་པའི་དོན་སྒྲུབ་པར་བྱེད་པ་ལ་ཤེས་བྱ་རྒྱ་ཆེ་བའི་ཚུལ་མཐའ་དག་ལ་ཡང་རང་ཉིད་སློབ་ཅིང་གཞན་ལ་སྟོན་པར་བྱེད་དེ། ནང་རིག་པ་ཐེག་པ་གསུམ་གྱི་ལམ་དང༌། རྗོད་བྱེད་མིང་ཚིག་གི་རང་བཞིན་རྐྱེན་དང་རྣམ་དབྱེ་སྦྱར་ཚུལ་དང༌། ཡི་གེ་བསྡུ་བ་དང་དབྱེ་བ་བསྟན་ལ་སོགས་པ་བརྡ་སྤྲོད་པའི་གཞུང་ལས་ཇི་སྐད་བསྟན་པ་ལྟར་ཐོགས་པ་མེད་པར་སྦྱོར་བ་ལ་མཁས་པས་ངེས་པའི་ཚིག་བཟང་པོ་དང་ལྡན་པས་སྒྲ་ཟུར་མ་ཆག་པར་དོན་གོ་བར་བྱེད་པ་དང༌། དོན་དེ་ཡང་མངོན་རྗེས་ལུང་གི་ཚད་མ་དང་མཐུན་པར་བསྒྲུབ་སྟེ། ཚད་མ་དང་མི་ལྡན་པའི་ཕྱོགས་སུན་འབྱིན་པ་དང༌། ལྡན་པའི་ཕྱོགས་བསྒྲུབ་པའི་སྒོ་ནས་དོན་ལ་མི་འཕྲོག་པའི་ངེས་པ་བསྐྱེད་པ་དང༌། གསོ་བ་རིག་པས་ལུས་ཅན་རྣམས་ཀྱི་ནད་མཐའ་དག་ཞི་ཞིང་ཁམས་སྙོམས་པ་དང༌། རིང་དུ་འཚོ་བའི་ཐབས་སྒྲུབ་པར་བྱེད་དོ། །སེམས་ཅན་ལ་ཕན་པའི་བཟོ་རིག་པའི་གནས་རྣམ་པ་སྣ་ཚོགས་རང་གིས་བྱས་ནས་གཞན་ལ་ཕན་འདོགས་པ་དང༌། ཚུལ་དེ་ཉིད་གཞན་ལའང་རབ་ཏུ་སྟོན་ཏོ། །མདོར་ན་བྱང་ཆུབ་སེམས་དཔས་རང་གཞན་དོན་གཉིས་བསྒྲུབ་པའི་ཕྱིར། ཐོག་མར་རང་ཉིད་ཀྱིས་རིག་པའི་གནས་ལྔའི་བསྟན་བཅོས་སམ་གཙུག་ལག་གི་གཞུང་ཉིད། ཐོས་པ་དང༌། ཐོས་པ་བཞིན་མི་བརྗེད་པར་འཛིན་པ་དང༌། ཚིག་ཁ་ཏོན་དུ་གོམས་པར་བྱེད་པ་དང༌། དེའི་དོན་གང་དང་གང་ཡིན་པ་ལ་ཡིད་ཀྱིས་རྟོག་པར་བྱེད་པ་དང༌། དོན་མ་ནོར་བར་ཁོང་དུ་ཆུད་པས། ལེགས་བཤད་ཉེས་བཤད་རྣམ་པར་འབྱེད་པའི་སྒོ་ནས་གཞན་ལའང་ཚུལ་བཞིན་སྟོན་པར་བྱེད་པ་ནི་གཞིའམ་དངོས་པོའི་སྒོ་ནས་འཕགས་ཚུལ་ཡིན་ནོ།།

གཉིས་པ་ཆེད་དུ་བྱ་བ་ནི། ཉན་རང་རྣམས་ཀྱི་བསླབ་པ་ཇི་སྙེད་པའང་རང་དོན་གཙོ་བོར་བྱེད་པའི་ཆེད་དུ་ཡིན་ལ། བྱང་ཆུབ་སེམས་དཔས་གཞན་དོན་གཙོ་བོར་བྱེད་པའི་ཆེད་དུ་བྱ་བ་ཡིན་པས་འཕགས་པ་དང༌། བྱེད་ལས་ནི། ཉན་ཐོས་ཀྱི་གསུང་རབ་ཙམ་གྱི་ནང་རིག་པ་ཤེས་པས་རང་དོན་སྒྲུབ་པའི་ལས་བྱེད་ལ། བྱང་ཆུབ་སེམས་དཔའ་ནང་རིག་པ་ཐེག་པ་གསུམ་ལ་མཁས་པར་བྱས་ནས་རང་ཉིད་ཐེག་ཆེན་ལ་འཇུག་ཅིང༌། གཞན་ཐེག་ཆེན་གྱི་རིགས་ཅན་རྣམས་ལའང་དེ་ཉིད་སྟོན་པའི་ལས་བྱེད། གཞན་ཉན་རང་གི་རིགས་ཅན་ལའང་དེ་དང་དེའི་ཐེག་པ་སྟོན་པའི་ལས་བྱེད་དོ། །དེ་བཞིན་དུ་གཏན་ཚིགས་རིག་པ་སོགས་གཞན་བཞིས་ཀྱང་གཞན་ལ་ཕན་པར་བྱེད་ཅིང་བསྟན་བཅོས་དེ་དག་གཞན་ལ་སྟོན་པའི་ལས་བྱེད་པས་ཁྱད་པར་དུ་འཕགས་སོ།།

མཚན་ཉིད་ནི། ཉན་ཐོས་ཀྱི་ནང་རིག་པའི་ཕྱོགས་གཅིག་གང་ཟག་གི་བདག་མེད་སྟོན་པ་བསྟན་བཅོས་ཉུང་ངུ་ཞིག་མཉན་ནས་དེ་ཡི་ཚིག་འཛིན་པ་སོགས་ཡིན་ལ། བྱང་སེམས་ཀྱི་ཐེག་པ་གསུམ་གྱིས་བསྡུས་པའི་ནང་རིག་པ་དང༌། སྒྲ་དང་ཚད་མ་བཟོ་དང་གསོ་བའི་བསྟན་བཅོས་ཇི་སྙེད་པ་མུ་ཐུག་པ་མེད་པ་ཡང་ངོམས་པ་མེད་པར་ཐོས་པ་དང་འཛིན་པ་དང་བྱང་བ་དང་བརྟག་པ་དང་ཁོང་དུ་ཆུད་པར་བྱེད་པས་མཚན་ཉིད་ལྔ་དང་ལྡན་པས་ཁྱད་པར་དུ་འཕགས་པ་དག་དང་ནི། ཉན་ཐོས་ཀྱི་བསྟན་བཅོས་ཤེས་པ་ནི་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་ལ། བྱང་ཆུབ་སེམས་དཔའི་གནས་ལྔ་རིག་པའི་བསྟན་བཅོས་ཤེས་པ་ནི། ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་ཡང་མི་ཟད་པས་ཁྱད་པར་འཕགས་པ་དང༌། འབྲས་བུ་ནི་ཡང་དག་པར་འགྲུབ་པས་ཁྱད་པར་འཕགས་པ་ནི། ཉན་ཐོས་རྣམས་ཀྱིས་བསྟན་བཅོས་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་མི་འཐོབ་ཀྱི། བྱང་ཆུབ་སེམས་དཔས་གནས་ལྔ་རིག་པ་ལ་མཁས་པར་བྱས་ཏེ་ཐམས་ཅད་མཁྱེན་པ་ཡོངས་སུ་བསྔོས་པའི་མཐུས། ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་ཡང་དག་པར་འགྲུབ་པའི་ཕྱིར་རོ།།

བྱང་ཆུབ་སེམས་དཔའི་གནས་ལྔ་རིག་པའི་བསྟན་བཅོས་ཤེས་པ་དེ་གནས་གང་གིས་བསྡུས་ན་ཏིང་ངེ་འཛིན་དང་གཟུངས་ཀྱིས་སྒོས་བསྡུས་ཏེ། གནས་ལྔ་ལ་མཁས་པ་དེ་ཡང་ཁ་ཅིག་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ལ་ཏིང་ངེ་འཛིན་གྱིས་ཟིན་ཅིང་ཏིང་ངེ་འཛིན་དང་འབྲེལ་བ་ཡིན་པ་དང༌། ཁ་ཅིག་གཟུངས་ཀྱི་རང་བཞིན་ཡིན་ལ་གཟུངས་ཀྱིས་ཟིན་ཅིང་གཟུངས་དང་འབྲེལ་བའོ། །དེ་ལྟར་ཏིང་ངེ་འཛིན་དང་གཟུངས་ཀྱིས་བསྡུས་པའི་ཆ་ནས་དབྱེ་བ་གཉིས་སུ་ཡང་རུང་ངོ༌། །དེ་ལ་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་ཐོབ་པའི་དབང་གིས་གང་ལ་མཉམ་པར་བཞག་ནས་གནས་ལྔ་རིག་པའི་བསྟན་བཅོས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པས་སེམས་ཅན་སྨིན་པར་བྱེད་པའོ། །གཟུངས་ཀྱི་རང་བཞིན་གྱིས་ནི་སྔར་ཚེ་རབས་ཤིན་ཏུ་མང་པོར་གནས་ལྔ་རིག་པའི་བསྟན་བཅོས་ཐོས་པ་ཐམས་ཅད་ཀྱི་ཚིག་དང་དོན་མི་བརྗེད་པར་འཛིན་པས་གནས་ལྔ་རིག་པས་བསྡུས་པའི་གསུང་རབ་དམ་པའི་ཆོས་མཐའ་དག་འཛིན་པར་བྱེད་པའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའི་བསྟན་བཅོས་ཤེས་པ་ཏིང་ངེ་འཛིན་ལ་བརྟེན་པས་སེམས་ཅན་རྣམས་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་དང་ལྡན་པས་ཡོངས་སུ་སྨིན་པར་བྱེད་པ་དང༌། གཟུངས་ཀྱི་སྒོ་ནས་བརྡའ་སྤྲོད་སོགས་ཡན་ལག་བཞི་དང༌། གཙོ་བོ་ནང་རིག་པ་སྟེ་དམ་པའི་ཆོས་མཐའ་དག་འཇིག་རྟེན་དུ་ནམ་དུ་མི་ནུབ་པར་འཛིན་པར་བྱེད་པ་ཡིན་ཏེ། དེ་གཉིས་ནི་བསྟན་བཅོས་ཤེས་པའི་བྱེད་ལས་སོ།།

ལྔ་པ་འཇིག་རྟེན་ཤེས་པ་ནི།

བརྟན་རྣམས་འཇིག་རྟེན་ཤེས་པ་ཉིད། །ལུས་དང་ངག་དང་ཡིད་དག་གིས།།

བདེན་པ་ཤེས་པས་མཉམ་པ་མེད། །དེ་ལས་གཞན་པ་དག་ལས་འཕགས།།

བརྟན་རྣམས་རྟག་ཏུ་འཛུམ་པར་བྱེད། །གསོང་པོ་དག་ཏུ་སྨྲ་བ་ཡིན།།

སེམས་ཅན་སྣོད་དུ་བྱ་བའི་ཕྱིར། །དམ་ཆོས་བསྒྲུབ་པར་བྱ་བའི་ཕྱིར།།

གང་ཕྱིར་བདེན་པ་གཉིས་ཀྱིས་ནི། །འཇིག་རྟེན་རྣམས་རྟག་འབྱུང་བར་འདོད།།

གཉིས་ཀྱིས་ནུབ་འགྱུར་དེ་ཡི་ཕྱིར། །དེ་ཤེས་འཇིག་རྟེན་ཤེས་ཞེས་བྱ།།

དེ་དག་ཞི་བ་ཐོབ་བྱའི་ཕྱིར། །བློ་ལྡན་བདེན་པ་རྣམས་ལ་སྦྱོར།།

གང་གིས་བློ་ལྡན་བདེན་ཤེས་ཕྱིར། །འཇིག་རྟེན་ཤེས་ཞེས་ངེས་པར་བརྗོད།།

བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ཤེས་པ་ཉིད་ནི་ལུས་ཀྱི་ཚུལ་ཤེས་པ་དང་ངག་གི་ཚུལ་ཤེས་པ་དང༌། ཡིད་དག་གིས་བདེན་པ་བཞི་ཤེས་པ་ནི། གཞན་འཇིག་རྟེན་པ་དང་ཉན་རང་དང་མཉམ་པའམ་མཚུངས་པ་མེད་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ལས་གཞན་པ་འཇིག་རྟེན་པ་དང་ཉན་རང་དག་ལས་ཁྱད་པར་འཕགས་པའོ། །གལ་ཏེ་གཞན་དག་འདི་སྙམ་དུ་འཇིག་རྟེན་གྱི་ཐ་སྙད་ཤེས་པ་ལུས་ངག་གི་ཚུལ་གཞན་དང་མཐུན་པར་བྱེད་པ་ཙམ་འཇིག་རྟེན་ཕལ་པ་ལའང་ཡོད་ལ། བདེན་བཞི་ཤེས་པ་ཉན་རང་ལ་ཡང་ཡོད་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་ཇི་ལྟར་ཁྱད་པར་དུ་འཕགས་ཤེ་ན།

དེ་དག་གིས་དེ་ནི་སེམས་ཅན་གཞན་སྨིན་པར་བྱེད་པ་བྱང་ཆུབ་སེམས་དཔའི་དེ་ལྟ་བུ་མ་ཡིན་པས་ཁྱད་པར་ཤིན་ཏུ་ཆེའོ། །དེ་ལ་འཇིག་རྟེན་ཤེས་པ་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་གྱི་ཐ་སྙད་ཤེས་པ་དང༌། འཇིག་རྟེན་འབྱུང་བ་ཤེས་པ་དང༌། འཇིག་རྟེན་འགགས་པ་ཤེས་པའོ། །འཇིག་རྟེན་གྱི་ཐ་སྙད་ཤེས་པ་ལ་ཡང་འཇིག་རྟེན་དང་མཐུན་པའི་ལུས་ཀྱི་ཐ་སྙད་དང་ངག་གི་ཐ་སྙད་ཀྱི་ཚུལ་ཤེས་པ་གཉིས་ཡོད་དོ། །དེ་ཉིད་གང་ཞེ་ན་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱི་ཚུལ་ལུགས་ནི་རྟག་ཏུ་མཆོག་དམན་བར་མའི་གང་ཟག་སུ་ལ་ཡང་བཞིན་ཁྲོ་གཉེར་མེད་པར་འཛུམ་པའི་མདངས་ཀྱིས་དགའ་བར་བྱེད་ཅིང་གུས་ཤིང་དགའ་བའི་རྣམ་པ་སྟོན་པས་གཞན་མགུ་བར་བྱེད་པའོ། །ངག་གི་ཚིག་ཡིད་དུ་མི་འཐད་པ་མེད་པར་འཇམ་ཞིང་ཡིད་དུ་འོང་བས་ལེགས་པར་འོངས་སམ་ཞེས་སོགས་དྲང་ཞིང་འཇེབས་པ་གསོང་པོར་སྨྲ་བ་ཡིན་ནོ།།

དེ་གཉིས་ཀྱི་དགོས་པ་ནི། ལུས་ཀྱི་ཚུལ་གཞན་གྱི་ཡིད་དང་མཐུན་པར་བྱས་པས་སེམས་ཅན་རྣམས་བདེན་པ་ཤེས་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་དང༌། ངག་གིས་དམ་པའི་ཆོས་བསྟན་པས་དམ་པའི་ཆོས་བསྒྲུབ་པར་བྱ་བའི་ཕྱིར་ལུས་ངག་གི་ཐ་སྙད་དེ་ལྟ་བུའི་ཚུལ་ལུགས་ཤེས་པར་བྱ་བ་ཡིན་ནོ། །ཡིད་ཀྱིས་ནི་འཇིག་རྟེན་འདི་དག་གང་ལས་བྱུང་བ་དང༌། གང་གིས་ནུབ་པ་ཤེས་པ་ནི་འཇིག་རྟེན་གྱི་དོན་ཤེས་པ་ཡིན་ལ། དེ་ནི་གང་གི་ཕྱིར་ཀུན་འབྱུང་བ་དང་སྡུག་བསྔལ་གྱི་བདེན་པ་གཉིས་ཀྱིས་ནི། སྣོད་དང་བཅུད་ཀྱི་འཇིག་རྟེན་པ་རྣམས་རྟག་ཏུ་འབྱུང་བར་འདོད་དེ། རྒྱུ་ཀུན་འབྱུང་གི་བདེན་པས་འབྲས་བུ་སྡུག་བསྔལ་བདེན་པ་གྲུབ་པ་ལ་འཇིག་རྟེན་ཞེས་བརྗོད་པ་ཡིན་ནོ། །འགོག་པ་དང་ལམ་གྱི་བདེན་པ་གཉིས་ཀྱི་འཇིག་རྟེན་ནུབ་པའམ་འགག་པར་འགྱུར་ཏེ། ལམ་གྱི་བདེན་པས་ཀུན་འབྱུང་སྤངས་པ་ན། འབྲས་བུ་སྡུག་བསྔལ་བདེན་པའི་རང་བཞིན་ཅན་གྱི་འཇིག་རྟེན་འགག་པའི་ཕྱིར་གང་དུ་འགག་པའི་གནས་འགོག་བདེན་དང༌། གང་གིས་འགག་པར་བྱེད་པ་ལམ་བདེན་ཡིན་པ་དེའི་ཕྱིར། དེ་ལྟར་ཤེས་པ་ལ་འཇིག་རྟེན་ཤེས་པ་ཞེས་བྱ་སྟེ། འཇིག་རྟེན་འབྱུང་བ་ཤེས་པ་མ་དག་པའི་གཞན་དབང་དང༌། ནུབ་པ་ཤེས་པ་དག་པའི་གཞན་དབང་ཤེས་པ་དང༌། བདེན་རྣམ་བཅུ་དྲུག་གི་བདག་ཉིད་རྣམ་ཐར་སྒོ་གསུམ་ཤེས་པ་ནི་མཚན་ཉིད་གསུམ་ཀ་ཤེས་པ་ཡང་ཡིན་ནོ། །བདེན་པ་བཞི་པོ་དེ་དག་ལས་སྡུག་ཀུན་ཞི་བ་དང༌། འགོག་ལམ་གཉིས་འཐོབ་པར་བྱ་བའི་ཕྱིར་བློ་ལྡན་བྱང་སེམས་རྣམས་བདེན་པ་བཞི་པོ་རྣམས་ལ་རང་གཞན་སྦྱོར་བ་ནི་འཇིག་རྟེན་ཤེས་པའི་ལས་སོ།།

རྒྱུ་མཚན་གང་གིས་ན་བློ་ལྡན་བྱང་སེམས་རྣམས་འཇིག་རྟེན་གྱི་ཐ་སྙད་ཤེས་པའི་བདེན་པ་དང༌། དོན་དམ་བདེན་བཞི་ཤེས་པའི་བདེན་པ་གཉིས་ཤེས་པའི་ཕྱིར་འཇིག་རྟེན་ཤེས་པ་ཞེས་སུ་མངོན་པར་བརྗོད་དེ། སྡུག་བསྔལ་གསུམ་དང་ལྡན་པའི་འཇིག་རྟེན་ཁམས་ཀྱི་གནས་རིས་དང་ཚེ་ཚད་བདེ་སྡུག་དར་རྒུད་སོགས་ཇི་ལྟར་ཡིན་པ་དང༌། འཇིག་རྟེན་དེ་དང་མཐུན་པའི་ཚུལ་ལུགས་ལུས་ངག་གི་ཐ་སྙད་སྐབས་འདིར་བསྟན་པས་མཚོན་ནས་འཇིག་རྟེན་གྱི་ཚུལ་ལུགས་རྣམ་པ་སྣ་ཚོགས་དང༌། འཇིག་རྟེན་དེ་དག་གང་གིས་འབྱུང་བའི་རྒྱུ་ཀུན་འབྱུང་དང་བཅས་པ་ཤེས་པ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང༌། ལམ་དང་འགོག་པ་ཤེས་པ་ནི་དོན་དམ་པའི་བདེན་པ་སྟེ་བདེན་པ་དེ་གཉིས་ཀྱི་སྒོ་ནས་འཇིག་རྟེན་མ་ལུས་པ་ཤེས་པ་ཡིན་ནོ། །འགའ་ཞིག་བདེན་བཞི་ཤེས་པ་འཇིག་རྟེན་ལ་ཤེས་པ་མཚན་ཉིད་པ་ཡིན་ཞིང༌། ལུས་ངག་གི་འཇིག་རྟེན་ཤེས་པ་ནི་རང་གི་འཇིག་རྟེན་ཤེས་པས་ཀུན་ནས་བསླང་བའི་ཕྱིར་རྒྱུ་མིང་འབྲས་བུར་བཏགས་པའམ། ཡང་ན་གཞན་ལ་འཇིག་རྟེན་ཤེས་པ་བསྐྱེད་པའི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ་ཞེས་འཆད་ཀྱང༌། འདི་འཇིག་རྟེན་ཤེས་པའི་སྐབས་ཡིན་པས་ལུས་ངག་གི་ཐ་སྙད་ཤེས་པའང་འཇིག་རྟེན་ཤེས་པ་མཚན་ཉིད་པར་འདོད་རུང་ངོ༌།།

དྲུག་པ་རྟོན་པ་བཞི་ཤེས་པ་ནི།

གཙུག་ལག་བསྟན་པའི་ཆོས་དང་ནི། །དེ་དོན་དགོངས་པ་ཅན་དང་ནི།།

ངེས་དོན་ཚད་མར་ལྡན་པ་དང༌། །དེ་ཡི་བརྗོད་མེད་ཐོབ་པའོ།།

སྤོང་དང་ཇི་སྐད་བཤད་པ་དང༌། །འགོག་པར་ཡང་དག་ཤེས་པ་དང༌།།

བརྗོད་དང་བཅས་པར་འཐོབ་པ་དག །འདིར་ནི་དགག་པར་བསྟན་པ་ཡིན།།

མོས་དང་རྣམ་པར་དཔྱོད་པ་དང༌། །གཞན་ལས་ཇི་བཞིན་ཐོས་པ་དང༌།།

རྗོད་པ་མེད་པའི་ཡེ་ཤེས་ལས། །བརྟན་རྣམས་ཉམས་པར་མི་འགྱུར་རོ།།

གང་ཟག་ལ་རྟོན་པ་དང་གསུང་རབ་ཀྱི་ཚིག་ལ་སྒྲ་ཇི་བཞིན་དུ་འཛིན་པ་སོགས་ཀྱི་ཉེས་པ་སྤངས་པའི་ཕྱིར་རྟོན་པ་བཞི་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་གཙུག་ལག་བསྟན་པའི་ཆོས་དེ་ལ་རྟོན་གྱི་གང་ཟག་སོ་སོའི་ངག་ཙམ་ལ་མི་རྟོན་པ་ནི་ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དང་ནི་གསུང་རབ་ཀྱི་ཆོས་དེ་ལ་ཡང་དོན་གཞན་ལ་དགོངས་ནས་ཕ་དང་མ་ནི་བསད་བྱ་ཞིང་ཞེས་སོགས་གསུངས་པ་ལྟར་དགོངས་པ་ཅན་རྣམས་སྒྲ་ཇི་བཞིན་པའི་དོན་དེར་མི་གཟུང་བར་དོན་ལ་རྟོན་གྱི་ཚིག་ལ་མི་རྟོན་པ་དང་ནི་དོན་དེ་ལ་དྲང་དོན་དང་ངེས་དོན་གཉིས་ཡོད་པའི་ངེས་པའི་དོན་གང་ཞིག་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མར་ལྡན་པ་ལ་རྟོན་པ་ནི། དཔེར་ན་གང་ཟག་དང་ཕུང་པོ་ལ་སོགས་པའི་ཆོས་ཡོད་པར་བསྟན་པ་དག་དྲང་དོན་དང༌། དེའི་ངོ་བོ་ཉིད་མེད་པ་ངེས་པའི་དོན་ཏེ། དེ་བཞིན་གཤེགས་པའི་མདོ་སྡེ་ཟབ་མོ་རྣམས་དང༌། དེ་ཡི་དགོངས་པ་འབྱེད་པ་རྒྱལ་ཚབ་བྱམས་པ་དང༌། རྒྱལ་བས་ལུང་བསྟན་པ་ཀླུ་སྒྲུབ་དང་ཐོགས་མེད་ལྟ་བུ་ཤིང་རྟ་ཆེན་པོ་དག་གིས་ཟབ་མོ་གཉིས་སུ་མེད་ལ་བཤད་པ་བཞིན་དུ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་དེ་ཡི་ཡང་དོན་སྤྱི་ཙམ་ཡིད་རྟོག་བཅས་ཀྱི་ཡུལ་དུ་གྱུར་པ་དང་རྣམ་པར་ཤེས་པ་བརྒྱད་ཀྱི་ཡུལ་དུ་གྱུར་པའི་གཟུང་འཛིན་ཅན་གྱི་རྣམ་པ་ལ་མི་རྟོན་པར། གཟུང་འཛིན་དང་བྲལ་བས་བརྗོད་དུ་མེད་པ་སོ་སོ་རང་གིས་རིག་པར་བྱ་བའི་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་སྤྱོད་ཡུལ་ལ་རྟོན་པ་ནི། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའོ།།

ཡང་བློ་གྲོས་མི་ཟད་པའི་མདོ་ལས། གང་ཟག་དང་ཆོས་གཉིས་ཀ་རང་བཞིན་ཡོད་པར་ལྟ་བ་གང་ཟག་ལ་རྟོན་པ། དེ་གཉིས་རང་བཞིན་མེད་པར་རྟོགས་པ་ཆོས་ཉིད་ལ་རྟོན་པ་དང༌། དེ་བཞིན་དུ་ཚིག་ནི་འཇིག་རྟེན་པའི་ཆོས་དང༌། དོན་ནི་འཇིག་རྟེན་ལས་འདས་པའི་ཆོས་ཞེས་དང༌། ཡང་ན་ཀུན་རྫོབ་ཀྱི་ཆོས་རྣམས་ནི་ཚིག་གམ་ཆོས། དོན་དམ་པའི་ཆོས་ཐམས་ཅད་ནི་དོན་ཞེས་བྱའོ། །དེ་བཞིན་དུ་མདོ་གང་ལམ་ལ་འཇུག་པར་བསྟན་པ་དེ་ནི་དྲང་དོན་གྱི་མདོ་སྡེ་དང༌། འབྲས་བུ་ལ་འཇུག་པར་བསྟན་པ་ངེས་དོན་གྱི་མདོ་སྡེ་དང༌། ཡང་ན་ཀུན་རྫོབ་བསྟན་པ་དྲང་དོན་གྱི་མདོ་དང༌། དོན་དམ་བསྟན་པ་ངེས་དོན་གྱི་མདོ་སྡེའོ། །རྣམ་པར་ཤེས་པ་གང་ཞེ་ན་འདོད་ཁམས་པའི་སེམས་ཅན་གྱི་རྣམ་ཤེས་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་པ་དང༌། དེ་བཞིན་གཟུགས་ཁམས་པའི་རྣམ་ཤེས་ཚོར་ཕུང་དང༌། གཟུགས་མེད་འོག་མ་གསུམ་གྱི་རྣམ་ཤེས་འདུ་ཤེས་དང༌། སྲིད་རྩེ་བའི་རྣམ་ཤེས་འདུ་བྱེད་ཀྱི་ཕུང་པོ་ལ་བརྟེན་པ་སྟེ། དེ་ལྟར་རྣམ་པར་ཤེས་པ་གནས་པ་གཟུགས་ལ་སོགས་པ་བཞིར་ཉེ་བར་འགྲོ་ཞིང་གནས་པ་ནི་རྣམ་པར་ཤེས་པ་དང༌། ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པ་དེ་དག་ཀུན་སྟོང་པ་ཉིད་དུ་ཤེས་ནས་རྣམ་པར་ཤེས་པ་ཉིད་དུ་མི་རྟོག་པ་ཡེ་ཤེས་སུ་གསུངས་སོ།།

རྟོན་པ་བཞི་བསྟན་པའི་དགོས་པ་ནི། གང་ཟག་ཁ་ཅིག་རང་གི་ཞེ་འདོད་དང་བསྟུན་ཏེ་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ལ་ཡང་དག་པའི་ཆོས་མ་ཡིན་ནོ་ཞེས་ཡང་དག་པ་ཞལ་ནས་གསུངས་པའི་ཆོས་ཀྱང་སྤོང་བའམ་སྨོད་པ་སྤངས་པའི་ཕྱིར་རྟོན་པ་དང་པོ་དང༌། ཕ་དང་མ་བསད་པ་སོགས་ཀྱི་ཚེ་ཇི་སྐད་བཤད་པ་ལྟར་འཛིན་པ་སྤངས་ཕྱིར་གཉིས་པ་དང༌། སངས་རྒྱས་ཀྱིས་སོ་སོ་སྐྱེ་བོའི་གང་ཟག་དང༌། དེ་བཞིན་དགྲ་བཅོམ་དང་རང་རྒྱལ་གྱི་གང་ཟག་ཞེས་དང༌། གང་ཟག་གཅིག་འཇིག་རྟེན་དུ་བྱུང་ན་འཇིག་རྟེན་ཀུན་ལ་ཕན་པ་དང་བདེ་བར་འགྱུར་ཏེ། གང་ཞེ་ན་དེ་བཞིན་གཤེགས་པའོ། །ཞེས་གསུངས་པ་དྲང་དོན་ཀུན་རྫོབ་ཀྱི་ངོས་ནས་དེ་ལྟར་གསུངས་པ་མ་ཤེས་པར་གང་ཟག་ནི་རྫས་སུ་ཡོད་དོ་ཞེས་ལོག་པར་གྱུར་པ་ལྟ་བུ་དྲང་དོན་ལ་ཡང་དག་པའི་དོན་དུ་བཟུང་བ་དགག་པའི་ཕྱིར་གསུམ་པ་དང༌། ཟབ་མོ་གཉིས་སུ་མེད་པའི་དོན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་བརྗོད་དུ་མེད་པ་ཡིན་ན་ཡང༌། གཟུང་འཛིན་གྱི་བག་ཆགས་སྣ་ཚོགས་པས་བསླད་པའི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་བརྗོད་པ་དང་བཅས་པར་འཛིན་པ་འཐོབ་པ་དག་ཏུ་གྱུར་པ་དགག་པའི་ཕྱིར་རྟོན་པ་བཞི་པའོ། །དེ་ལྟར་སོ་སོར་རྟོན་པ་བཞི་བཤད་པའི་སྐབས་འདིར་ནི་ཕྱིན་ཅི་ལོག་ཏུ་རྟོན་པ་བཞི་དགག་པར་བསྟན་པ་ཡིན་ནོ།།

རྟོན་པ་བཞིའི་བྱེད་ལས་སམ་ཡོན་ཏན་ནི། རྟོན་པ་དང་པོ་དང་ལྡན་ན་གསུང་རབ་ཀྱི་ཆོས་ལ་མོས་པ་ལས་ཉམས་པར་མི་འགྱུར་བ་དང༌། དེ་བཞིན་དུ་གཉིས་པས་ཚིག་གི་དོན་ལ་རྣམ་པར་དཔྱོད་པ་ལས་ཉམས་པར་མི་འགྱུར་བ་དང༌། གསུམ་པས་དྲང་དོན་གྱི་མདོ་སྡེ་ལས་གཞན་དུ་གྱུར་པ་ངེས་པའི་དོན་གྱི་མདོ་སྡེ་ལས་ཇི་བཞིན་བསྟན་པ་དགེ་བའི་བཤེས་གཉེན་གཞན་ལས་ཐོས་པ་ལས་ཉམས་པར་མི་འགྱུར་བ་དང༌། བཞི་པས་རྣམ་པར་རྟོག་པའི་ཡུལ་ལས་འདས་བརྗོད་པ་མེད་པའི་ཡེ་ཤེས་ལས། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ནམ་ཡང་ཉམས་པར་མི་འགྱུར་རོ།།

བདུན་པ་སོ་སོ་ཡང་དག་རིག་པ་བཞི་བསྟན་པ་ལ།

རྣམ་གྲངས་དང་ནི་མཚན་ཉིད་དང༌། །ཚིག་དང་ཡེ་ཤེས་ཤེས་པའི་ཕྱིར།།

བྱང་ཆུབ་སེམས་དཔའི་ཡང་དག་རིག །བཞི་པོ་མཚུངས་པ་མེད་པར་འདོད།།

བསྟན་པ་ལ་ནི་རབ་བརྩོན་པའི། །གང་ཞིག་གང་གིས་སྟོན་པ་ནི།།

ཆོས་དང་དོན་ནི་གཉིས་པོ་དག །ཚིག་དང་ཤེས་པ་ཁོ་ནས་སྟོན།།

ཆོས་ནི་བསྟན་དང་བཤད་ཕྱིར་དང༌། །རྣམ་པ་ཀུན་ཏུ་གཉིས་འཐོབ་ཕྱིར།།

རྒོལ་བ་རྣམས་ཀྱི་ལན་འདེབས་ཕྱིར། །སོ་སོ་ཡང་དག་རིག་པ་བཞི།།

མཉམ་ཉིད་སོ་སོ་རང་རིག་ནས། །ཕྱིས་ནི་རབ་ཏུ་ཤེས་པ་ཡིན།།

ཐེ་ཚོམ་ཐམས་ཅད་གཅོད་བྱེད་པ། །སོ་སོ་ཡང་དག་རིག་པར་བརྗོད།།

ཆོས་སོ་སོ་ཡང་དག་པར་རིག་པ་ནི། དགེ་མ་ིདགེ་ཟག་བཅས་ཟག་མེད་སོགས་ཆོས་ཀྱི་རྣམ་གྲངས་དུ་མ་ཡོད་པ་དང༌། ཆོས་ཀྱི་བྱེ་བྲག་གཅིག་ལའང་མིང་གི་རྣམ་གྲངས་དུ་མ་ཡོད་པ། མ་རིག་པ་ལ་ཡང་མིང་གཞན་གཏི་མུག་དང་རྨོངས་པ་དང་མི་ཤེས་པ་དང༌། མུན་པ་དང་མུན་ནག་ཅེས་པ་ལྟ་བུ་དང༌། ཡེ་ཤེས་ལ་ཡེ་ཤེས་དང༌། ཤེས་རབ་དང༌། རིག་པ་དང༌། བློ་གྲོས་དང༌། སྣང་བ་སོགས་སུ་བཏགས་པ་ལྟ་བུ། མིང་དང་ཆོས་ཀྱི་རྣམ་གྲངས་ཤེས་པ་དང་ནི། མིང་དེ་དག་གི་དོན་གང་ཡིན་པ་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་དོན་སོ་སོར་ཡང་དག་པ་རིག་པ་དང༌། མིང་དེ་ཡང་ཡུལ་གཅིག་གི་སྐད་ཙམ་གྱིས་མ་ཡིན་པར་ཡུལ་སོ་སོའི་ངེས་པའི་ཚིག་ལྷ་དང་ཀླུ་དང་མི་དང་དྲི་ཟ་དང་ལྷ་མ་ཡིན་གྱི་སྐད་ཀྱི་བྱེ་བྲག་གིས་ཡི་གེ་འདུས་པ་ལས་མིང་མིང་འདུས་པ་ལས་ཚིག ཚིག་དེ་ལ་དོན་གྱི་འཇུག་པ་གསལ་ཕྱིར་ཕྲད་ཀྱི་རྐྱེན་ཇི་ལྟར་སྦྱོར་བའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །སྤོབས་པ་སོ་སོ་ཡང་དག་པའི་རིག་པ་ནི། གང་དྲིས་པ་ཐམས་ཅད་ཐོགས་པ་མེད་པར་ལུང་སྟོན་པ་དང༌། རྒོལ་བ་ཐམས་ཅད་ལ་ལན་ཐེབས་པ་དང༌། ཆོས་གཅིག་གི་དོན་ལས་བརྩམས་ཏེ་བསྐལ་པའི་བར་དུ་བཤད་ཀྱང་ཟད་པར་མི་འགྱུར་བའི་ཡེ་ཤེས་འཐོབ་པའོ། །དེ་ལྟར་སོ་སོ་ཡང་དག་པ་རིག་པ་བཞི་པོ་ཇི་ལྟ་བ་བཞིན་ཤེས་པའི་ཕྱིར་ན་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པའི་རིག་པ་བཞི་པོ་ཉན་རང་དང་མཚུངས་པ་མེད་པར་འདོད་དོ། །ཚིགས་བཅད་གཅིག་པོ་འདིས་ཡང་དག་རིག་བཞིའི་མཚན་ཉིད་བསྟན་ཏོ།།

དེ་བཞིའི་གྲངས་ངེས་ནི། བསྟན་པ་ལ་ནི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་གཞན་ལ་ཆོས་བསྟན་པ་ལ་ནི་རབ་ཏུ་བརྩོན་པའི་ཚེ་ན། གང་ཞིག་བསྟན་པར་བྱ་བ་དང༌། གང་གིས་སྟོན་པར་བྱེད་པ་ནི། འདི་ལྟར་ཆོས་དང་དོན་ནི་གཉིས་པོ་དག་གང་ཞིག་བསྟན་པར་བྱ་བ་ཡིན་ལ། གང་གིས་སྟོན་པར་བྱེད་པ་ནི་ངེས་ཚིག་དང་ཤེས་པ་ཡི་རང་བཞིན་སྤོབས་པ་གཉིས་པོ་ཁོ་ནས་སྟོན་ཏོ། །དེ་ལ་ཡང་ཆོས་ནི་མིང་གིས་བསྟན་པ་དང༌། དེའི་དོན་ནི་འདི་འདིའོ་ཞེས་བཤད་པའི་ཕྱིར་དང༌། ཞེས་སམ། བློ་བརྟན་འགྲེལ་ཆེན་ལྟར་ན། ཆོས་གང་ཞིག་མདོར་བསྡུས་ཏེ་བསྟན་པ་ནི་དོན་ས་ོསོ་ཡང་དག་རིག་པ་དང༌། དེའི་འོག་ཏུ་དེ་ཉིད་ཞིབ་ཏུ་ཕྱེ་སྟེ་བཤད་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ་ཞེས་སུ་བཤད། ངེས་ཚིག་སོ་སོ་ཡང་དག་རིག་པས་ནི་རྣམ་པ་ཀུན་ཏུ་ཆོས་དང་དོན་གཉིས་ཀ་ཤེས་པ་ཐོབ་པར་བྱེད་པའི་ཕྱིར་ཏེ། ཡུལ་སོ་སོའི་སྐད་གང་གིས་བརྡ་འཕྲད་པར་འགྱུར་བའི་སྐད་དེ་དང་དེའི་སྒོ་ནས་མིང་དང་དོན་གཉིས་ཀ་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །སྤོབས་པས་ནི་རྒོལ་བ་རྣམས་ཀྱི་ཞེ་འདོད་དྲིས་ཤིང་འཐད་མི་འཐད་ཀྱི་དོན་དུ་བརྩད་པ་ལ་ལན་འདེབས་པའི་ཕྱིར་སོ་སོ་ཡང་དག་རིག་པ་བཞི་རུ་གྲངས་ངེས་ཀྱི་ལྔ་དང་གསུམ་ལྟ་བུ་ཡོད་པ་མ་ཡིན་ནོ། །རྒྱུ་ནི་མཉམ་བཞག་ཏུ་ཆོས་ཐམས་ཅད་མཉམ་པ་ཉིད་སོ་སོ་རང་གིས་རིག་པ་ལ་མཉམ་པར་བཞག་ནས་དེའི་ཕྱིས་སམ་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ལ་སོགས་པ་དེ་བཞི་པོ་རབ་ཏུ་ཤེས་པ་ཡིན་ནོ།།

ཡང་ནི་ཚིག་རྐང་འདི་གཉིས་ཡང་དག་རིག་བཞིའི་ངེས་ཚིག་ཏུ་བཤད་དེ། པྲ་ཏི་སཾ་བིདྱ་ཞེས་པ་པྲ་ཏི་ནི་སོ་སོ་ཞེས་བྱ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་རིག་པ་ལ་བྱའོ། །སཾ་ནི་ཡང་དག་པའམ་མཉམ་པ་ཉིད་ལ་བྱ་སྟེ་དེ་བཞིན་ཉིད་དོ། །བི་ཏ་ནི་ཤེས་པ་སྟེ། མི་རྟོག་ཡེ་ཤེས་དེ་མངོན་སུམ་བྱས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས། ཆོས་དག་དང་དོན་ལ་སོགས་པ་གཞན་ལ་བསྟན་ནས་གོ་ཞིང་ཤེས་པར་བྱེད་པ་ཡིན་པས་སོ།།

ཡང་དག་རིག་བཞིའི་བྱེད་ལས་ནི། ཕུང་ཁམས་སྐྱེ་མཆེད་སོགས་རྒྱ་ཆེ་བ་དང་སྟོང་པ་ཉིད་སོགས་ཟབ་མོའི་དོན་མཐའ་དག་གི་མཚན་ཉིད་ལ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ཡིན་པའི་ཕྱིར། སོ་སོ་ཡང་དག་རིག་པ་ཞེས་སུ་རྣམ་པར་བརྗོད་དོ།།

བརྒྱད་པ་ཚོགས་གཉིས་ནི།

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད།།

གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར།།

སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི།།

གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས།།

རྒྱུན་དུ་སྒོམ་པ་ཐོབ་ནས་ནི། །དགེ་ལ་ཡང་དང་ཡང་དུ་སྒྲུབ།།

བརྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་སྒྲུབ་པར་བྱེད་པ་ཡིན།།

འཇུག་དང་མཚན་མ་མེད་པ་དང༌། །ལྷུན་གྱིས་གྲུབ་པར་བྱ་བ་དང༌།།

དབང་བསྐུར་མཐར་ཐུག་བྱ་བའི་ཕྱིར། །བརྟན་རྣམས་ཚོགས་ནི་སྒྲུབ་པར་བྱེད།།

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་ཉན་རང་དང་མཚུངས་པ་མེད་པ་ཡིན་ཏེ། དཀོན་མཆོག་བརྩེགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཕྱོགས་བཅུའི་ནམ་མཁའ་ལྟ་བུར་བལྟའོ། །ཉན་ཐོས་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཡུངས་འབྲུ་སྲིན་བུས་ཟོས་པའི་ནང་གི་ནམ་མཁའི་ཁྱོན་ཙམ་དུ་བལྟའོ། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་ཕྱོགས་བཞིའི་རྒྱ་མཚོའི་ཆུ་ལྟ་བུར་བལྟའོ། །ཉན་ཐོས་ཀྱི་བསོད་ནམས་ཀྱི་ཚོགས་ནི་བའི་རྨིག་རྗེས་ཀྱི་ཆུ་ལྟ་བུར་བལྟའོ། །ཞེས་གསུངས་པ་བཞིན་ནོ། །ཚོགས་གཉིས་པོ་དེའི་མཐུས་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་སྐྱེ་བར་ཡོངས་སུ་འཛིན་པའི་ཚེ་ན། གཅིག་གིས་ཞེས་པ་བསོད་ནམས་ཀྱི་ཚོགས་ཀྱིས་འཁོར་བར་མངོན་པར་མཐོ་བ་ཁྱད་དུ་འཕགས་པ་བརྒྱ་བྱིན་དང་ཚངས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་འཐོབ་པར་བྱེད་དོ། །གཞན་གྱིས་ཞེས་པ་ཡེ་ཤེས་ཀྱི་ཚོགས་ཀྱིས་འཁོར་བར་གནས་པ་ན་ཡང་འཁོར་བའི་ཉེས་པ་ལས་དང་ཉོན་མོངས་པས་གོས་པ་མེད་པར་འཁོར་བར་འཇུག་གོ།

ཚོགས་གཉིས་གང་ཞེ་ན་ཚོགས་གཉིས་ཀྱིས་ཕར་ཕྱིན་དྲུག་བསྡུས་ཤིང་ཕར་ཕྱིན་དྲུག་གིས་ཀྱང་དེ་གཉིས་བསྡུས་ཏེ། ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱེད་པ་སྦྱིན་པ་དང༌། ལྷ་དང་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་འཐོབ་པར་བྱེད་པ་ཚུལ་ཁྲིམས་དང་གཉིས་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། ཐ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་དང་ཉོན་མོངས་པས་མི་གོས་པའི་ཕྱིར་རོ། །གཞན་བཟོད་པ་དང་བརྩོན་འགྲུས་བསམ་གཏན་གསུམ་ནི་བསོད་ནམས་ཡེ་ཤེས་གཉིས་ཀའི་ཆར་གཏོགས་པ་སྟེ། གནོད་པ་ལ་ཅི་མི་སྙམ་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་གཉིས་ནི་བསོད་ནམས་ཀྱི་ཚོགས་དང༌། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །བརྩོན་འགྲུས་ལ་ཡང་སེམས་ཅན་གཞན་གྱི་ཞིང་རྨོ་དང་ཚོང་སོགས་བྱ་བའི་གྲོགས་བྱེད་པའི་བརྩོན་འགྲུས་བསོད་ནམས་དང་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང༌། དམ་པའི་ཆོས་ཉན་སེམས་བསྒོམ་པ་ལ་སོགས་པ་བྱེད་པའི་བརྩོན་འགྲུས་ནི་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །བསམ་གཏན་ལ་ཡང་འཇིག་རྟེན་པའི་བསམ་གཟུགས་དང་ཟག་པ་མེད་པའི་བསམ་གཏན་གྱིས་སེམས་ཅན་གྱི་དོན་དུ་བྱ་བ་ལ་ཞུགས་པ་ནི་བསོད་ནམས་ཀྱི་ཚོགས་དང༌། བསམ་གཏན་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །སྦྱིན་པ་ལ་སོགས་དེ་ལྔ་ཆར་ཡང་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོས་པ་དང༌། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ན་ཀུན་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །གཞན་ཡང་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་ཡང་བསོད་ནམས་ཀྱི་ཚོགས་དང༌། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་སོགས་པ་ཡང་བསོད་ནམས་ཀྱི་ཚོགས་སུ་གཏོགས་སོ། །རྒྱུ་དང་རྐྱེན་གང་གིས་ཡེ་ཤེས་རྟོགས་པར་འགྱུར་བ། དགེ་བའི་བཤེས་གཉེན་བསྟེན་པ་དང༌། འགྲོགས་པ་དང་བསྙེན་བཀུར་བྱེད་པ་དང་ཆོས་ཉན་པ་སོགས་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ།།

ཚོགས་ཀྱི་ངེས་ཚིག་ནི་དུས་རྒྱུན་དུ་བསྒོམ་པ་ཐོབ་ནས་ནི་དགེ་བ་ལ་ཡང་དང་ཡང་དུ་སྒྲུབ་པར་བྱེད་པ་སྟེ། སཾ་བྷཱ་ར་ཞེས་པའི་སཾ་ནི་ས་རང་རྟའི་སྒྲ་ལས་རྒྱུན་དུ་ཞེས་དང༌། བྷ་ནི་བྷ་བེ་ན་ཞེས་པ་བསྒོམ་པའི་དོན་དང༌། ར་ནི་ཨཱ་ཧ་ར་ཞེས་ཀུན་ཏུ་བསྒྲུབ་པའི་དོན་ཏེ། སྦྱིན་སོགས་ཕར་ཕྱིན་དྲུག་གི་དགེ་བ་ཡང་ནས་ཡང་དུ་བསྒོམ་པས་སངས་རྒྱས་ཀྱི་སྐུ་གསུམ་སྒྲུབ་པར་བྱེད་པ་ལ་ཚོགས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བརྟན་པའི་ཚོགས་གཉིས་གང་ཡིན་པ་དེ་ནི་རང་དང་གཞན་གྱི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་པ་ནི་བྱེད་ལས་སོ། །ཚོགས་ཀྱི་དབྱེ་བ་ནི་སོ་སོའི་སྐྱེ་བོའི་དུས་ནས་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་མོས་སྤྱོད་ཀྱི་སའི་ཚོགས་བསགས་པ་ནི་ས་དང་པོ་ལ་འཇུག་ཅིང་དེ་འཐོབ་པའི་ཕྱིར་བསགས་པ་དང༌། ས་གཉིས་པ་ནས་དྲུག་པའི་བར་གྱི་ཚོགས་བསགས་པ་ནི། ས་བདུན་པ་མཚན་མ་མེད་པ་ལ་འཇུག་ཅིང་དེ་འཐོབ་པའི་ཕྱིར་ཏེ། ས་བདུན་པ་ཐོབ་པའི་ཚེ་མདོ་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ལ་དོན་ཐ་དད་པར་ཡིད་ལ་མི་བྱེད་ཅིང་མི་རྟོག་པས་ན་མཚན་མ་མེད་པ་ཞེས་བྱའོ། །ས་བདུན་པ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི། ས་བརྒྱད་པ་དང་དགུ་པར་ཚོགས་གཉིས་ལྷུན་གྱིས་གྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་དང༌། ས་བརྒྱད་པ་དང་དགུ་པར་ཚོགས་གཉིས་བསགས་པ་ནི་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་ས་བཅུ་པ་འཐོབ་པའི་ཕྱིར་དང༌། ས་བཅུ་པར་ཚོགས་གཉིས་བསགས་པ་ནི་མཐར་ཐུག་པ་སངས་རྒྱས་ཀྱི་ས་འཐོབ་པར་བྱ་བའི་ཕྱིར་བརྟན་པ་བྱང་སེམས་རྣམས་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་སྒྲུབ་པར་བྱེད་པ་ཡིན་ནོ།།

གཉིས་པ་བསྒོམ་པའམ་ལམ་གྱི་ངོ་བོ་ལ། རྒྱས་པ་བྱང་ཕྱོགས་སོ་བདུན། བསྡུས་ཏེ་ཞི་ལྷག་གཉིས་བསྟན་པ་ལས། དང་པོ་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན་པོ་སྡེ་ཚན་བདུན་དུ་བསྟན་པའི་དང་པོ། བློ་ལྡན་བྱང་ཆུབ་སེམས་དཔས་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་ནི།

བློ་ལྡན་དྲན་པ་ཉེར་བཞག་པ། །བསྒོམ་པ་རྣམ་པ་བཅུ་བཞི་ཡིས།།

མཚུངས་པ་མེད་པའི་ཕྱིར་ན་དེ། །དེ་ལས་གཞན་ལས་ཁྱད་པར་འཕགས།།

རྟེན་དང་གཉེན་པོ་དག་དང་ནི། །དེ་བཞིན་རྗེས་སུ་འཇུག་པ་དང༌།།

དམིགས་པ་དང་ནི་ཡིད་བྱེད་དང༌། །ཐོབ་པས་བསྒོམ་པ་ཁྱད་པར་འཕགས།།

མཐུན་དང་རྗེས་སུ་འཇུག་པ་དང༌། །ཡོངས་སུ་ཤེས་དང་སྐྱེ་བ་དང༌།།

ཆེན་པོ་དང་ནི་མཆོག་ཉིད་དང༌། །བསྒོམ་དང་ཡང་དག་འགྲུབ་པས་གཞན།།

རྣམ་པ་བཅུ་བཞི་ཡིས་ཉན་རང་གི་བསྒོམ་པ་དང་མཚུངས་པ་མེད་པའི་ཕྱིར་ན་བྱང་ཆུབ་སེམས་དཔའི་དྲན་པ་ཉེར་བཞག་བསྒོམ་པ་དེ་ནི་དེ་ལས་གཞན་ཉན་རང་ལས་ཁྱད་པར་འཕགས་པ་ཡིན་ནོ། །བཅུ་བཞི་པོ་གང་ཞེ་ན། རྟེན་གྱི་རྣམ་པ་ཁྱད་ཞུགས་པ་དང༌། གཉེན་པོ་ཡི་རྣམ་པ་ཁྱད་ཞུགས་པ་དག་དང་ནི། དེ་བཞིན་དུ་ནི་འཇུག་པ་ཡི་རྣམ་པ་ཁྱད་ཞུགས་པ་དང༌། ཞེས་ཁྱད་ཞུགས་པ་ཞེས་པ་འོག་མ་ཀུན་ལ་དོན་གྱིས་ཤེས་པར་བྱས་ནས། དམིགས་པ་དང༌། ཡིད་ལ་བྱེད་པ་དང༌། ཐོབ་པས་རྣམ་པ་ཡིས་བསྒོམ་པར་ཁྱད་པར་དུ་འཕགས་སོ། །དེ་བཞིན་དུ་རྗེས་སུ་མཐུན་པ་དང༌། རྗེས་སུ་འཇུག་པ་དང༌། ཡོངས་སུ་ཤེས་པ་དང༌། སྐྱེ་བའི་རྣམ་པ་ཁྱད་ཞུགས་པ་དང༌། ཚད་ནི་རྣམ་པའམ་ཆེན་པོའི་རྣམ་པ་ཁྱད་ཞུགས་པ་དང༌། མཆོག་གི་རྣམ་པ་ཁྱད་ཞུགས་པ་ཉིད་དང༌། དེ་བཞིན་དུ་བསྒོམ་པ་དང༌། འབྲས་བུ་ཐོབ་པའམ་ཡང་དག་པར་འགྲུབ་པའི་རྣམ་པ་ཁྱད་ཞུགས་པའང་སྔ་མ་ལས་རྣམ་གྲངས་གཞན་ཏེ་དེ་ལྟར་བཅུ་བཞིའི་སྒོ་ནས་ཁྱད་པར་འཕགས་པའོ། །དེ་དག་གི་དོན་གང་ཞེ་ན། རྟེན་ནི་ཉན་ཐོས་རྣམས་ཀྱི་དྲན་པ་ཉེར་བཞག་བསྒོམ་པ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ཉན་སེམས་སྒོམ་པར་བྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེར་བཞག་བསྒོམ་པ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཐོས་བསམ་བསྒོམ་པ་ལ་བརྟེན་པའི་ཕྱིར་རྟེན་གྱི་རྣམ་པའི་སྒོ་ནས་ཁྱད་ཞུགས་པའོ། །དེ་བཞིན་དུ་གཉེན་པོའི་རྣམ་པ་ནི་ཉན་ཐོས་པ་རྣམས་ལུས་མི་གཙང་བ། ཚོར་བ་སྡུག་བསྔལ་བ། སེམས་མི་རྟག་པ། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པ་བཞི། གཙང་བ་སོགས་ཕྱིན་ཅི་ལོག་བཞིའི་གཉེན་པོར་བསྒོམ་པ་ཡིན་ལ། བྱང་ཆུབ་སེམས་དཔས་ནི་ལུས་ལ་སོགས་པ་ཆོས་བཞི་པོ་དེ་དག་ཐམས་ཅད་ལ་ཆོས་ཀྱི་བདག་མེད་རྟོགས་པས། གཙང་མི་གཙང༌། བདེ་མི་བདེ་སོགས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་དུ་བསྒོམ་པའོ། །དེ་ལྟར་ལུས་སོགས་བཞི་ཡི་རང་བཞིན་སྟོང་པར་ཤེས་པ་དེས་རིམ་པར་སྡུག་བསྔལ་ཀུན་འབྱུང་འགོག་པ་དང་ལམ་གྱི་བདེན་པ་ལ་འཇུག་སྟེ་དབུས་མཐའ་རྣམ་འབྱེད་ལས་གསུངས་པ་བཞིན་ནོ། །འཇུག་པ་ཁྱད་འཕགས་ནི། ཉན་ཐོས་རྣམས་རང་ཉིད་བདེན་བཞི་ལ་འཇུག་ཕྱིར་དྲན་ཉེ་བཞི་བསྒོམ་ལ། བྱང་ཆུབ་སེམས་དཔས་བདག་གཞན་གཉིས་ཀ་འཇུག་པའི་ཕྱིར་བསྒོམས་པས་ཁྱད་ཞུགས་པའོ།།

དམིགས་པའི་ཁྱད་པར་ནི། ཉན་ཐོས་རྣམས་ཀྱི་རང་གི་རྒྱུད་ཀྱི་ལུས་སོགས་ལ་གཙོ་བོར་དམིགས་ནས་བསྒོམས་ལ། བྱང་ཆུབ་སེམས་དཔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སོགས་ལ་དམིགས་ནས་བསྒོམས་པས་ཁྱད་ཞུགས་སོ། །ཡིད་ལ་བྱེད་པའི་ཁྱད་པར་ནི། ཉན་ཐོས་རྣམས་ལུས་མི་གཙང་བར་ཡིད་ལ་བྱེད་པ་སོགས་གཉེན་པོའི་མཚན་མའི་རྣམ་པ་ཅན་ནོ། །བྱང་ཆུབ་སེམས་དཔའ་རྣམས་སྤང་གཉེན་གྱི་མཚན་མར་མི་དམིགས་པ་ཡིད་ལ་བྱེད་པས་ཁྱད་ཞུགས་སོ། །ཐོབ་པའི་ཁྱད་པར་ནི། ཉན་ཐོས་རྣམས་ལུས་མི་གཙང་བ་དང་ཚོར་བ་སྡུག་བསྔལ་སོགས་དེ་དང་འབྲལ་བར་བྱ་བའི་ཕྱིར་བསྒོམ་པ་ཡིན་ལ་འབྲས་བུ་ཡང་ཕུང་པོ་རྒྱུན་ཆད་པ་ཙམ་ཐོབ་བོ།།

བྱང་ཆུབ་སེམས་དཔའ་རྣམས་དེ་དང་བྲལ་བར་འདོད་པ་དང༌། མི་འབྲལ་བ་གཉིས་ཀའི་ཕྱིར་མ་ཡིན་གྱི་ལུས་སོགས་རང་བཞིན་མེད་པས་འབྲལ་མི་འབྲལ་གཉིས་ཀར་མི་དམིགས་པ་བསྒོམ་པས་འབྲས་བུ་ཐོབ་པའི་ཚེ་ན་ཡོངས་སུ་དག་པ་སངས་རྒྱས་ཀྱི་སྐུ་གསུམ་དང་མི་འབྲལ་ལ། མ་དག་པ་ལས་ཉོན་གྱིས་ལུས་སོགས་དང་བྲལ་བས་ཐོབ་པས་ཁྱད་ཞུགས་པའོ། །རྗེས་སུ་མཐུན་པའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་དྲན་པ་ཉེར་བཞག་བསྒོམ་པ་ནི་ཕར་ཕྱིན་དྲུག་དང་རྗེས་སུ་མཐུན་པ་སྟེ། ལུས་ལ་སོགས་པ་བཞི་པོ་སྒྱུ་མ་ལྟར་སྣང་ཡང་རང་བཞིན་མེད་པར་རྟོགས་པས་ལུས་དང་ལོངས་སྤྱོད་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ལ་མ་ཆགས་པས་སྦྱིན་པ་གཏོང་བ་དང་རྗེས་སུ་མཐུན་ནོ། །ལུས་ལོངས་སྤྱོད་ལ་མ་ཆགས་པས་ཚུལ་ཁྲིམས་རྣམ་དག་ལེན་ཅིང་སྲུང་བ་དང༌། ཚུལ་ཁྲིམས་དག་པ་ལས། རྡེག་པ་ལ་སླར་མི་བརྡེག་པ་སོགས་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པའི་བཟོད་པ་ལ་གནས་པར་བྱེད་དོ། །བཟོད་པ་དང་ལྡན་པའི་སྒོ་ནས་ཕར་ཕྱིན་བསྒྲུབ་པ་དང༌། སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་བ་མེད་པའི་བརྩོན་འགྲུས་རྩོམ་པར་བྱེད་དོ། །བརྩོན་འགྲུས་ལ་གནས་པས་སེམས་རྣམ་པར་མི་གཡེང་བའི་བསམ་གཏན་སྒྲུབ་པར་བྱེད་ལ། མཉམ་པར་བཞག་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་རྟོགས་པའི་ལྷག་མཐོང་གི་ཤེས་རབ་སྒྲུབ་པར་བྱེད་པས། དེ་ལྟར་ཕར་ཕྱིན་དྲུག་དང་རྗེས་སུ་མཐུན་ལ། ཉན་ཐོས་རྣམས་ཀྱི་བྱང་ཕྱོགས་རྐྱང་པ་ཙམ་བསྒོམ་གྱི་དེ་ལྟ་བུའི་ཕར་ཕྱིན་དྲུག་ལ་ཡུན་རིང་པོར་གོམས་པར་མི་ནུས་སོ། །རྗེས་སུ་འཇུག་པའི་ཁྱད་པར་ནི། ལུས་ལ་སོགས་པ་ལ་དྲན་པ་ཉེ་བར་བཞག་པ་ཙམ་ནི་འཇིག་རྟེན་པ་དང༌། ཉན་རང་གི་ཡང་བསྒོམ་མོད་ཀྱི། དེ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པ་ཁྱད་པར་འཕགས་པ་ལ་རང་གནས་ནས། གཞན་འཇིག་རྟེན་པ་དང་ཉན་རང་ལ་སོ་སོའི་བློ་དང་མཐུན་པར་དེ་དག་གི་དྲན་ཉེ་བསྒོམ་ཚུལ་ཡང་སྟོན་པར་བྱེད་པས་གདུལ་བྱ་ཀུན་གྱི་རྗེས་སུ་འཇུག་པའི་ཁྱད་པར་དང༌། ཡོངས་ཤེས་ཀྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔས་ལུས་སྒྱུ་མའི་སྣང་བ་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པ་དང༌། ཚོར་བ་ནི་རྨི་ལམ་གྱི་བདེ་སྡུག་མྱོང་བ་ལྟར་མྱོང་ཡང་དེ་ལ་དངོས་པོ་རང་མཚན་པ་གང་ཡང་མེད་པ་དང༌། སེམས་ཀྱི་ཆོས་ཉིད་ཡོངས་སུ་གྲུབ་པ་རང་བཞིན་འོད་གསལ་ནམ་མཁའ་ལྟ་བུ་ཉིད་དུ་རྟོགས་པ་དང༌། ཀུན་ཉོན་དང་རྣམ་བྱང་གི་ཆོས་ཐམས་ཅད་གློ་བུར་བ་ནམ་མཁའ་ལ་སྤྲིན་དང་ཁུག་སྣ་བྱུང་བ་དང༌། དེ་དྭངས་པ་ལྟར་སེམས་ཀྱི་གཤིས་ལ་མ་ཡིན་པར་རྐྱེན་གྱི་དབང་ལས་གློ་བུར་སྣང་བ་སྣང་བརྙན་ལྟ་བུར་ཤེས་པས་ལུས་སོགས་ཀྱི་རང་བཞིན་ཡོངས་སུ་ཤེས་པ་ཁྱད་པར་དུ་འཕགས་སོ།།

སྐྱེ་བའི་ཁྱད་པར་ནི། ཉན་ཐོས་ཀྱི་དྲན་ཉེ་བསྒོམ་པ་འཁོར་བར་སྐྱེ་བ་བཟློག་པའི་ཕྱིར་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ལ་ཆགས་པའི་ལས་ཉོན་གྱི་དབང་གིས་མི་སྐྱེ་ཡང༌། སེམས་ཅན་གྱི་དོན་དུ་བསམ་བཞིན་བརྒྱ་བྱིན་དང་ཚངས་པ་འཁོར་ལོས་སྒྱུར་བ་སོགས་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཟུང་ནས་གཞན་དོན་བྱེད་ཀྱི་ཉོན་མོངས་པ་ཆགས་པ་སོགས་མི་སྐྱེ་ལ། སེམས་ཅན་ཕལ་པ་དམན་པ་དང་དུད་འགྲོ་སོགས་སུ་སྐྱེ་བ་བཟུང་ཡང་ཞུམ་པ་དང་རྒུད་པ་དང་ཉོན་མོངས་མེད་པར་སྐྱེ་བ་འཛིན་པས་ཁྱད་པར་འཕགས་སོ། །ཚད་ཆེན་པོར་གྱུར་པའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་གྱིས་དབང་པོ་རྣོ་བ་ཡིན་ཞིང༌། དྲན་ཉེ་བསྒོམ་པ་ཡང་རང་གཞན་དོན་གཉིས་ཀྱི་ཆེད་དུ་བསྒོམ་པ་དང༌། གང་ཟག་དང་ཆོས་ལ་བདག་མེད་པའི་རྣམ་པར་བསྒོམ་པའི་ཕྱིར། སོ་སོའི་སྐྱེ་བོའི་དུས་ན་ཡུན་ཐུང་ངུར་བསྒོམ་པ་དག་འཕགས་པའི་ས་མ་ཐོབ་པས་སྒོམ་པ་ཆུང་མོད་ཀྱི། ཉན་རང་གི་དྲན་ཉེ་བསྒོམ་པ་ལས་འཕགས་ཤིང་ཆེན་པོར་གྱུར་པ་ཡིན་ནོ། །མཆོག་གི་རྣམ་པས་ཁྱད་དུ་འཕགས་པ་ནི་ས་བརྒྱད་པ་ཐོབ་ནས་དྲན་པ་ཉེར་བཞག་བཞི་བསྒོམ་པ་ཡོངས་སུ་རྫོགས་ཏེ། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ན་བྱང་སེམས་གཞན་དང་འདྲེས་པ་དང་ཉེ་བར་འདྲེས་པའི་རྣམ་པས་བསྒོམ་པ་མཆོག་ཏུ་གྱུར་པའོ། །ས་བརྒྱད་པ་པའི་བྱང་སེམས་གཅིག་གིས་དྲན་པ་ཉེར་བཞག་བཞི་བསྒོམས་ན་གཞན་དག་ས་བ་རྣམས་ཀྱིས་ཀྱང་བསྒོམས་པ་ཡིན་ལ། གཞན་གྱིས་བསྒོམས་ན་བདག་གིས་ཀྱང་བསྒོམ་པ་ཡིན་པས་དེའི་ཆ་ནས་འདྲེས་པ་དང་ཉེ་བར་འདྲེས་པ་ཞེས་བྱ་བ་སྟེ་དོན་གཅིག་ཏུ་འདྲེས་པའི་ཕྱིར་རོ། །ཡང་ན་ས་བདུན་པ་ལས་དང་པོར་ས་བརྒྱད་པ་ཐོབ་པའི་སྐད་ཅིག་མ་ནི་འདྲེས་པ་ཞེས་བྱ་ཞིང༌། སྐད་ཅིག་མ་གཉིས་པ་ནས་བརྩམ་སྟེ་ས་དགུ་པ་ལ་མ་ཞུགས་པའི་བར་ལ་ནི་ཉེ་བར་འདྲེས་པ་ཞེས་བྱའོ་ཞེས་འགྲེལ་པར་གསུངས། བསྒོམ་པའི་ཁྱད་པར་ནི་བྱང་ཆུབ་སེམས་དཔས་དྲན་པ་ཉེར་བཞག་བསྒོམ་པ་ནི་སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ་ཆེན་པོ་དང༌། བདག་མེད་གཉིས་ཀ་རྟོགས་པའི་ཤེས་རབ་ཆེན་པོ་ནས་ཡོངས་སུ་ཟིན་པའི་ཕྱིར་ཉན་རང་གི་དྲན་ཉེ་བསྒོམ་པ་ལས་འཕགས་སོ། །འབྲས་བུ་ཡང་དག་པར་འགྲུབ་པའི་ཁྱད་པར་ནི། ཉན་རང་རྣམས་ཀྱིས་དྲན་ཉེ་བསྒོམས་པས་རྒྱུན་ཞུགས་ལ་སོགས་པ་འབྲས་བུ་བཞི་ཐོབ་ཅིང༌། བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པས་ས་བཅུ་ཐོབ་པ་དང༌། འབྲས་བུ་སངས་རྒྱས་ཀྱི་ས་ཐོབ་པས་ཁྱད་པར་དུ་འཕགས་པ་ཡིན་ནོ།།

གཉིས་པ་ཡང་དག་སྤོང་བ་བཞི་བསྒོམ་པ་ནི་ཚིགས་བཅད་ལྔས་བསྟན་ཏེ།

བརྟན་པ་རྣམས་ཀྱི་ཡང་དག་སྤོང༌། །ལུས་ཅན་རྣམས་དང་མཚུངས་པ་མེད།།

དྲན་པ་ཉེ་བར་བཞག་པ་ཡི། །ཉེས་པ་རྣམས་ཀྱི་གཉེན་པོར་བསྒོམ།།

འཁོར་བ་ཉེ་བར་སྤྱད་པ་དང༌། །སྒྲིབ་པ་དག་ནི་དོར་བ་དང༌།།

ཡིད་ལ་བྱེད་པ་དོར་བ་དང༌། །ས་རྣམས་ལ་ནི་འཇུག་པ་དང༌།།

མཚན་མ་མེད་པར་གནས་པ་དང༌། །ལུང་བསྟན་པ་ནི་ཐོབ་པ་དང༌།།

སེམས་ཅན་རྣམས་ཡོངས་སྨིན་བྱ་དང༌། །དབང་ནི་བསྐུར་བར་བྱ་བ་དང༌།།

ཞིང་རྣམས་དག་པར་བྱ་ཕྱིར་དང༌། །མཐར་ཐུག་ཉིད་དུ་བྱ་བའི་ཕྱིར།།

བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས། །མི་མཐུན་ཕྱོགས་ཀྱི་གཉེན་པོར་བསྒོམ།།

འདུན་པ་ལ་ནི་བརྟེན་ནས་སུ། །རྣལ་འབྱོར་རྒྱུ་མཚན་བཅས་བསྒོམ་པ།།

ཡང་དག་སྤོང་བ་ཐམས་ཅད་ལ། །གཉེན་པོ་ཞེས་ནི་ངེས་པར་བརྗོད།།

བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པར་སྤོང་བ་བཞི་ནི་ལུས་ཅན་གཞན་ཉན་རང་རྣམས་དང་མཚུངས་པ་མེད་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒོམ་པ་དང་བསྒོམ་བྱའི་ངོ་བོ་དྲན་པ་ཉེར་བཞག་ལ་ཁྱད་ཞུགས་པས་སོ། །ཡང་དག་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང༌། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་སྤང་བ་དང༌། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང༌། དགེ་བའི་ཆོས་སྐྱེས་པ་འཕེལ་བར་བྱ་བའོ། །ཡང་དག་སྤོང་བ་བཞི་པ་ོགང་གི་གཉེན་པོར་བསྒོམ་པ་ཡིན་ཞེ་ན། དྲན་པ་ཉེ་བར་བཞག་པ་ཡི་མི་མཐུན་ཕྱོགས་ཉེས་པ་རྣམས་ཀྱི་གཉེན་པོར་བསྒོམ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་དྲན་པ་ཉེར་བཞག་ལ། རྟེན་ལ་སོགས་པ་རྣམ་པ་བཅུ་བཞི་བཤད་མ་ཐག་པ་དེ་དག་གི་མི་མཐུན་ཕྱོགས་ཉེས་པ་རྣམས་སྤོང་བའི་ཕྱིར་ཏེ། རྟེན་ཐེག་ཆེན་གྱི་ཆོས་ཐོས་བསམ་སྒོམ་པ་དེ་ཡི་མི་མཐུན་ཕྱོགས་ཐེག་ཆེན་གྱི་ཆོས་མི་ཉན་མི་སེམས་མི་སྒོམ་པ་ནི་ཉེས་པའོ། །དེ་བཞིན་དུ་གཉེན་པོའི་མི་མཐུན་ཕྱོགས་ཉན་རང་ནི་གཙང་བདེ་རྟག་བདག་གི་མཚན་མའི་རྣམ་པ་ཅན་ནས། ས་བཅུ་དང་སངས་རྒྱས་ཀྱི་ས་མི་ཐོབ་པ་ཡང་དག་འགྲུབ་པའི་མི་མཐུན་ཕྱོགས་ཉེས་པ་ཡིན་པའི་བར་དུ་ཤེས་པར་བྱའོ།།

དེས་ཡང་དག་སྤོང་བའི་དོན་མདོར་བསྡུས་ནས་བསྟན་པའོ། །ཡང་དག་སྤོང་བ་དེའི་རབ་ཏུ་དབྱེ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་འཁོར་བ་འདིར་ཚངས་པ་དང་བརྒྱ་བྱིན་འཁོར་ལོས་སྒྱུར་བ་སོགས་ཀྱི་ལུས་བཟུང་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་ཉེ་བར་ལོངས་སྤྱོད་པ་ཡི་དུས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་དུ་མི་འགྱུར་ཞིང་དེ་དག་གིས་མི་གོས་པར་བྱ་བའི་ཕྱིར་ཡང་དག་སྤོང་བ་བཞི་སྒོམ་པར་བྱེད་པ་དང༌། དེ་བཞིན་དུ་འདོད་ལ་འདུན་པ་དང༌། གནོད་སེམས་དང༌། གཉིད་རྨུགས་དང༌། རྒོད་འགྱོད་དང༌། ཐེ་ཚོམ་སྟེ། སྒྲིབ་པ་ལྔ་པོ་དག་ནི་འདོར་བ་ཡི་ཆེད་དུ་བསྒོམ་པ་དང༌། ཐེག་པ་ཆེན་པོའི་དོན་ཡིད་ལ་མི་བྱེད་པར་ཐེག་པ་དམན་པ་དང་ཉན་རང་གི་འབྲས་བུ་ཡིད་ལ་བྱེད་པ་དོར་བ་དང༌། མོས་སྤྱོད་ཀྱི་ས་ནས་འཕགས་པའི་ས་དང་པོ་ལ་སོགས་པར་འཇུག་པ་ལ་སྒྲིབ་པར་འགྱུར་བའི་ཆོས་རྣམས་སྤོང་བའི་ཕྱིར་དང༌། ས་གཉིས་པ་ནས་དྲུག་པ་མན་ཆད་ལ་གནས་པའི་ས་བདུན་པ་མཚན་མ་མེད་པར་གནས་པ་ཐོབ་པ་ལ་བར་དུ་གཅོད་པར་གྱུར་པའི་ཉེས་པ་སྤོང་བའི་ཕྱིར་བསྒོམ་པ་དང་། ས་བརྒྱད་པར་ལུང་བསྟན་པ་ནི་ཐོབ་པ་ལ་གེགས་སུ་གྱུར་པའི་ཉེས་པ་རྣམས་སྤོང་བའི་ཕྱིར་སྤོང་བཞི་བསྒོམ་པ་དང༌། ས་དགུ་པར་སོ་སོ་ཡང་དག་རིག་པ་བཞི་ཐོབ་པས་སེམས་ཅན་རྣམས་ལ་ཆོས་བསྟན་པས་ཡོངས་སུ་སྨིན་པར་བྱ་བ་ཐོབ་པ་ལ་བར་ཆོད་དུ་གྱུར་པའི་སྒྲིབ་པ་སྤོང་བའི་ཕྱིར་དང༌། ས་བཅུ་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱ་ཚབ་ཏུ་དབང་ནི་བསྐུར་བར་བྱ་བ་ཐོབ་པ་ལ་སྒྲིབ་པར་གྱུར་པ་སྤོང་ཕྱིར་སྤོང་བའི་བསྒོམ་པ་དང༌། ས་བརྒྱད་པ་དང་དགུ་པ་བཅུ་པ་སྟེ་དག་པའི་ས་གསུམ་དུ་སངས་རྒྱས་ཀྱི་ཞིང་རྣམས་དག་པར་བྱ་བ་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པ་སྤོང་བའི་ཕྱིར་སྤོང་བཞི་བསྒོམ་པ་དང༌། མཐར་ཐུག་པ་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཐོབ་པ་ཉིད་དུ་བྱ་བའི་ཕྱིར་དེ་ཐོབ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲིབ་པ་སྤོང་བའི་ཕྱིར་ཡང་དག་སྤོང་བ་བཞི་བསྒོམ་པ་སྟེ། བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས་ནི་མོས་སྤྱོད་ནས་ས་བཅུའི་རྒྱུན་མཐའི་བར་དུ་ཡང་དག་སྤོང་བ་བཞི་པོ་ལམ་གྱི་མི་མཐུན་ཕྱོགས་ཀྱི་གཉེན་པོར་དེ་ལྟར་བསྒོམ་པ་ཡིན་ནོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། མདོ་ལས་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་ཚིག་ལྔས་བསྟན་པ་ལྟར་བསྒོམ་སྟེ། དང་པོ་འདུན་པ་ནི་བརྩོན་འགྲུས་ཀྱི་གཞིའོ། །ལྷག་མ་བཞི་བརྩོན་འགྲུས་ཀྱི་རང་བཞིན་ནོ།།

དེ་ཡང་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་སྐྱེས་པ་སྤངས་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་སྤེལ་བར་འདུན་པའི་མོས་པ་ལ་ནི་བརྟེན་ནས་སུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་བསྒོམ་པ་ནི། འབད་པའམ་རྩོལ་བའོ། །དེ་ལྟར་ཞི་ལྷག་བསྒོམ་པའི་དུས་ན་རེས་ཞི་གནས་ཀྱི་ཕྱོགས་མཐུན་གྱི་གནས་ངན་ལེན་ཞུམ་པ་དང་རྨུགས་པའམ། རེས་ལྷག་མཐོང་གི་ཕྱོགས་མཐུན་གྱི་གནས་ངན་ལེན་རྒོད་པ་དང་གཡེང་བ་བྱུང་བའམ། རེས་དེ་གཉིས་མེད་པར་རྣལ་དུ་གནས་པ་འབྱུང་བས་དེ་དག་གང་དང་གང་བྱུང་བ་དྲན་པ་དང་ཤེས་བཞིན་གྱིས་རིག་པར་བྱས་ནས། ཞི་གནས་ཀྱི་མཚན་མ་དང༌། གཟེངས་བསྟོད་པའི་མཚན་མ་དང་བཏང་སྙོམས་ཀྱི་མཚན་མ་གསུམ་ཇི་ལྟར་རིགས་པར་ཡིད་ལ་བྱེད་པ་ནི་རྒྱུ་མཚན་ནམ་མཚན་མ་གསུམ་དང་བཅས་པར་བསྒོམ་པ་ཞེས་བྱ་སྟེ། མཚན་མ་གསུམ་འདུ་བྱེད་བཞིན་བརྩོན་འགྲུས་རྩོམ་མོ་ཞེས་པའི་དོན་ཏོ། །མཚན་མ་གསུམ་གྱི་སྒོ་ནས་སེམས་རབ་ཏུ་འཛིན་ཅིང༌། ཞུམ་རྒོད་མེད་པར་རྣལ་དུ་གནས་ན་དེའི་ངང་དུ་མི་བསྒུལ་བར་ཡང་དག་པར་རབ་ཏུ་འཇོག་པར་བྱའོ། །དེ་ཡང་སེམས་ནང་དུ་ཞུམ་པའམ་གཉིད་དང་རྨུགས་པར་གྱུར་ན། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ནམ། ཏིང་ངེ་འཛིན་གྱི་ཡོན་ཏན་སོགས་ཡིད་ལ་བྱེད་པ་གཟེངས་བསྟོད་པའི་མཚན་མ་ཡིད་ལ་བྱས་ནས་ཞུམ་པ་ལས་བསླང་བར་བྱའོ། །ནམ་འདོད་པའི་ཡོན་ཏན་ནམ་ཕྱི་རོལ་གྱི་དངོས་པོ་ལ་སེམས་འཕྲོས་ནས་རྒོད་ཅིང་གཡེངས་པར་གྱུར་ན་འཁོར་བའི་སྐྱོན་དང་རྣམ་གཡེང་གི་ཉེས་པ་བསམས་ནས་རྒོད་པའི་སེམས་གཞིལ་བར་བྱས་ཏེ་ནང་དུ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པས་སེམས་ཡུལ་འཕྲོ་བ་ཞི་བར་བྱེད་པ་ཡིན་ནོ། །དེ་ལྟར་སེམས་ཞུམ་རྒོད་དང་བྲལ་བ་ན་དེ་ནས་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པས་དེའི་ངང་དུ་བཏང་སྙོམས་སུ་གནས་པར་བྱའི་གཉེན་པོ་གཞན་འདུ་བྱེད་པར་མི་བྱ་སྟེ། དེ་ལྟར་མཚན་མ་གསུམ་གྱིས་སེམས་རབ་ཏུ་འཛིན་ཏེ། ཞི་གནས་ཀྱི་མཚན་མས་རྒོད་པ་ལས་འཛིན་པ་དང༌། གཟེངས་བསྟོད་པའམ་ལྷག་མཐོང་གི་མཚན་མས། ཞུམ་ཞིང་བྱིང་བ་ལས་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མས་བྱིང་རྒོད་བྲལ་བ་དེ་ཉིད་དུ་སེམས་འཛིན་པ་ཡིན་ལ། བརྩོན་འགྲུས་ནི་མཚན་མ་གསུམ་ལ་བརྩོན་པ་དང༌། མཚན་མ་གསུམ་ནི་སེམས་འཛིན་པའི་ཐབས་ཡིན་ལ། ཐབས་དེ་འདྲ་བས་ཡང་ཡང་སེམས་བཟུང་བས་ལས་སུ་རུང་ནས་རྩོལ་བ་མེད་པར་ངང་གིས་གནས་པ་ནི་ཡང་དག་པར་རབ་ཏུ་འཇོག་པ་སྟེ་འབྲས་བུ་ལྟ་བུའོ། །མདོ་ཚིག་ལྔ་པོ་འདི་ལ་འཆད་ཚུལ་གཞན་སྣང་ཡང་སྐབས་འདི་བློ་བརྟན་འགྲེལ་པ་ལྟར་བཤད་དོ། །དེ་ལྟར་རྣམ་པ་ལྔ་པོ་དེའི་སྐབས་ཀྱི་ཡང་དག་སྤོང་བ་ཐམས་ཅད་ལ་དེ་དང་དེའི་མི་མཐུན་ཕྱོགས་སྤོང་བར་བྱེད་པའི་གཉེན་པོ་ཞེས་ནི་ངེས་པར་བརྗོད་པ་ཡིན་ནོ།།

གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་བཤད་པ་ནི།

བརྟན་པ་རྣམས་ཀྱི་རྫུ་འཕྲུལ་གྱི། །རྐང་པ་མཚན་ཉིད་མཆོག་ལྡན་བཞི།།

བདག་ཉིད་དང་ནི་གཞན་དག་གི །དོན་ཀུན་འགྲུབ་པའི་ཕྱིར་སྐྱེའོ།།

རྟེན་དང་རབ་ཏུ་དབྱེ་བ་དང༌། །ཐབས་དང་མངོན་པར་སྒྲུབ་པ་ཡིས།།

བློ་ལྡན་རྫུ་འཕྲུལ་རྐང་པ་རྣམས། །རྣམ་པ་ཀུན་ཏུ་རྣམ་གཞག་འདོད།།

བསམ་གཏན་ཕ་རོལ་ཕྱིན་བརྟེན་ནས། །རབ་ཏུ་དབྱེ་བ་དག་དང་ཐབས།།

རྣམ་བཞི་མངོན་པར་སྒྲུབ་པ་ནི། །རྣམ་པ་དྲུག་ཏུ་བརྗོད་པ་ཡིན།།

གཅིག་ནི་འབད་པར་བྱེད་པ་སྟེ། །གཉིས་པ་ཕན་འདོགས་བདག་ཉིད་ཡིན།།

གསུམ་པ་གཏོད་པར་བྱེད་པ་སྟེ། །བཞི་པ་གཉེན་པོ་པ་ཡིན་ནོ།།

མཐོང་བ་དང་ནི་གདམས་ངག་དང༌། གནས་པས་རྣམ་པར་རྩེ་བ་དང༌།།

སྨོན་ལམ་དང་ནི་དབང་དག་དང༌། །ཆོས་ཐོབ་པ་ནི་སྒྲུབ་པའི་ཕྱིར།།

བྱང་ཆུབ་སྤྱོད་དང་ཐོས་མཆོག་དང༌། །ཞི་གནས་ལྷག་མཐོང་དད་སོགས་ཀྱི།།

གཞི་ཡིན་པར་ནི་ཤེས་བྱ་སྟེ། །དོན་སྒྲུབ་བྱེད་པའི་སྐབས་ཀྱིས་སོ།།

བརྟན་པ་བྱང་སེམས་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དག་གི་མཚན་ཉིད་ནི་ཉན་རང་གི་དེ་ལས་མཆོག་ཏུ་གྱུར་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། རྣམ་པ་བཞི་སྟེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། དེ་བཞིན་དུ་བརྩོན་འགྲུས་དང༌། སེམས་པ་དང༌། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །འདི་བཞི་དང་ལྡན་ན་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ལ་དབང་འབྱོར་བས་དེ་སྐད་ཅེས་གསུངས་སོ། །དེ་བཞི་ནི་བདག་ཉིད་དང་ནི་གཞན་སེམས་ཅན་དག་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཀུན་འགྲུབ་པའི་ཕྱིར་སྐྱེ་བས་ཉན་རང་གི་རྫུ་འཕྲུལ་གྱི་རྐང་པ་བཞི་ལས་མཆོག་ཏུ་གྱུར་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམ་པར་བཞག་པ་ནི། རྟེན་དང་རབ་ཏུ་དབྱེ་བ་དང་ཐབས་དང་མངོན་པར་སྒྲུབ་པ་དང་བཞི་ཡིས་བློ་ལྡན་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྐང་པ་རྣམ་པ་ཀུན་ཏུ་རྣམ་པར་བཞག་པར་འདོད་དེ། དེ་ཡང་རྟེན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འབྱུང་བ་སྟེ། ཚད་མེད་པ་བཞི་གོམས་པས་སེམས་ལས་སུ་རུང་ཞིང་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་ཡོངས་སུ་དག་པ་ཐོབ་པ་ལ་བརྟེན་ནས་མངོན་པར་ཤེས་པ་འཐོབ་པར་འགྱུར་རོ། །རབ་ཏུ་དབྱེ་བ་དག་དང་ཐབས་ནི་རྣམ་པ་བཞི་སྟེ། འདུན་པ་དང་བརྩོན་པ་དང་སེམས་པ་དང་དཔྱོད་པ་བཞི་ནི་ངོ་བོས་དབྱེ་བའོ། །དེ་ཡང་ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པ་ཡིད་ཆེས་པ་ལ་བརྟེན་ནས་སྤྲོ་ཞིང་གུས་པར་བརྩོན་འགྲུས་བརྩམས་པ་ལས་སེམས་རྩེ་གཅིག་པའི་ཏིང་འཛིན་ཐོབ་པ་ནི་འདུན་པའི་ཏིང་ངེ་འཛིན་ནོ། །ཡང་ན་ཡང་དག་སྤོང་བ་བཞི་ལ་འདུན་པའི་སྒོ་ནས་གུས་སྦྱོར་གྱི་བརྩོན་འགྲུས་ཀྱིས་སེམས་རྩེ་གཅིག་པ་ཐོབ་པའོ། །ཡང་ན་ཡང་དག་སྤོང་བཞི་ལ་རྟག་སྦྱོར་གྱི་བརྩོན་འགྲུས་བརྩམས་པས་སེམས་རྩེ་གཅིག་ཐོབ་པ་ནི་བརྩོན་པའི་རྫུ་འཕྲུལ་གྱི་རྐང་པའོ། །མདོར་ན་ཏིང་ངེ་འཛིན་ལ་འདུན་པ་ནི་རྒྱུ་དང༌། དེ་ལས་བརྩོན་འགྲུས་བརྩམས་པ་ནི་འགྲུབ་པར་བྱེད་པའི་ཐབས་དངོས་སོ། །སེམས་ནི་ཞི་གནས་དངོས་ཏེ་ཚེ་རབས་སྔ་མའི་ཞི་གནས་བསྒོམས་པའི་བག་ཆགས་ལ་བརྟེན་ནས་ཚེ་འདིར་འབད་པ་ཆུང་ངུས་སེམས་རྩེ་གཅིག་གནས་པ་ཐོབ་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ནོ། །དཔྱོད་པ་ནི་ལྷག་མཐོང་སྟེ་ཏིང་ངེ་འཛིན་གྱི་གདམས་ངག་ཐོབ་པ་བཞིན་ཤེས་རབ་ཀྱི་རྣམ་པར་དབྱེ་བས་ཐེ་ཚོམ་བྲལ་ནས་སེམས་རྩེ་གཅིག་ཐོབ་པའོ།།

མདོར་ན་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ལ་འདུན་བརྩོན་སེམས་དཔྱོད་བཞི་མཚུངས་ལྡན་དུ་ཚང་བ་ཡིན་ནོ། །ཐབས་རྣམ་པ་བཞི་ནི། ཏིང་ངེ་འཛིན་མི་འགྲུབ་པའི་ཉེས་པ་ལྔ་སྤོང་བར་བྱེད་པའི་འདུ་བྱེད་བརྒྱད་ཡོད་པ་དེ་དག་སྐབས་འདིར་ཏིང་ངེ་འཛིན་འགྲུབ་པའི་ཐབས་རྣམ་པ་བཞིར་བསྡུས་པ་སྟེ། སྤོང་བའི་འདུ་བྱེད་བརྒྱད་ནི། དད་པ་འདུན་པ་རྩོལ་བ་ཤིན་སྦྱངས། དྲན་པ་ཤེས་བཞིན་སེམས་པ་བཏང་སྙོམས་བརྒྱད་དོ། །དེ་ཡང་དང་པོར་ཏིང་ངེ་འཛིན་ཐོབ་པ་ལ་དད་ནས་དེ་བསྒྲུབ་པར་འདུན་པས་རྩོལ་བ་བསྐྱེད་པ་ཡིན་པས་རྩོལ་བ་ཡོད་ན་དད་འདུན་སྔོན་དུ་ཡོད་པར་ངེས་པས། འདི་གསུམ་ནི་རྩོལ་བར་བསྡུས་ཏེ་དེ་གཅིག་ནི་སྤྲོ་བའི་ཐབས་སམ་འབད་པར་བྱེད་པ་སྟེ། ཐབས་གཉིས་པ་ནི་ཤིན་སྦྱངས་ཏེ་ལུས་དང་སེམས་ལས་སུ་རུང་བས་ཏིང་ངེ་འཛིན་འགྲུབ་པ་ཕན་འདོགས་པའི་བདག་ཉིད་ཡིན་ནོ། །དྲན་པ་ཤེས་བཞིན་བྱེད་ལས་གཅིག་པས་གཅིག་བསྡུས་པ་ནི་ཐབས་གསུམ་པ་དམིགས་པ་ལ་མི་ཡེངས་པར་གཏོང་བར་བྱེད་པ་སྟེ། སེམས་པ་དང་བཏང་སྙོམས་གཉིས་ནི་ཐབས་བཞི་པ་རྣམ་རྟོག་དང་ཉོན་མོངས་པའི་གཉེན་པོར་གྱུར་པ་ཡིན་ནོ། །མངོན་པར་སྒྲུབ་པ་དྲུག་ནི་རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ནས་མཐོང་བ་མངོན་པར་བསྒྲུབ་པ་ནི་སྤྱན་ལྔ་སྟེ། རྫུ་འཕྲུལ་གྱི་རྐང་པ་བསྒོམས་པའི་རྣམ་སྨིན་ལས་ཤའི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ན་གཟུགས་ཕྲ་རགས་གང་ཡོད་པ་ཐམས་ཅད་མཐོང་བའོ། །རྫུ་འཕྲུལ་གྱི་སྤྱན་ནམ་ལྷའི་སྤྱན་ནི་བསམ་གཏན་དང་པོ་སོགས་བཞི་པའི་བར་བསྒོམས་པས་ཤའི་སྤྱན་ལས་ཁྱད་དུ་འཕགས་པར་ཕྱོགས་བཅུ་དུས་གསུམ་གྱི་གཟུགས་ཆེ་ཕྲ་ཅི་རིགས་པར་ཤེས་པའོ། །འཕགས་པ་ཤེས་རབ་ཀྱི་སྤྱན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་དེ་བཞིན་ཉིད་གཟིགས་པའོ། །ཆོས་ཀྱི་སྤྱན་ནི་མདོ་ལས་སོགས་པས་གསུང་རབ་ཐམས་ཅད་ཀྱི་ཚིག་དོན་ཐོགས་པ་མེད་པར་ཤེས་པའོ། །སངས་རྒྱས་ཀྱི་སྤྱན་གྱིས་དུས་གསུམ་གྱི་ཤེས་བྱའི་ཆོས་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པ་ཀུན་མངོན་སུམ་གཟིགས་པའོ།།

ཤའི་མིག་དེ་ལ་དཔག་ཚད་གཅིག་མཐོང་བས་བརྒྱ་དང་འཛམ་གླིང་ཙམ་དང་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་གྱི་གཟུགས་ཕྲ་རགས་ཤེས་པའི་བར་དང༌། སངས་རྒྱས་ཀྱི་ཤའི་སྤྱན་གྱིས་ཕྱོགས་བཅུའི་འཇིག་རྟེན་མ་ལུས་པའི་ད་ལྟར་གྱི་གཟུགས་ཐམས་ཅད་གཟིགས་པའོ། །ལྷའི་སྤྱན་ལ་ཡང་ལས་ལས་སྐྱེས་པ་དང་བསྒོམ་པ་ལས་སྐྱེས་པ་གཉིས་ཡོད་པའི་དང་པོ་ལྷ་རྣམས་ཀྱི་རང་གི་ལས་ལས་སྐྱེས་པའི་ཤིན་ཏུ་དྭངས་པའི་དབང་པོ་ཐོབ་པས་ཐག་ཉེ་རིང་གི་གཟུགས་ཀུན་གསལ་བར་མཐོང་བའོ། །བསྒོམས་པ་ལས་བྱུང་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་བསམ་གཏན་བསྒོམ་པའི་མཐུས་བསམ་གཏན་ས་པའི་འབྱུང་བ་ལས་གྱུར་པའི་དབང་པོ་ཤིན་ཏུ་དྭངས་པ་ཐོབ་པ་དེས། སེམས་ཅན་དེ་དག་སྔར་གང་ནས་ཤི་འཕོས་པ་དང༌། མ་འོངས་པ་ན་གང་དུ་སྐྱེ་བར་འགྱུར་བའི་འདས་མ་འོངས་པའི་གཟུགས་དང་ད་ལྟར་གྱི་གཟུགས་གཟིགས་སོ། །ཆོས་ཀྱི་སྤྱན་གྱིས་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་དང༌། གང་ཟག་དག་གི་རྒྱུད་ཚོད་རང་དང་མཉམ་པ་དང་དམའ་བ་རྣམས་གཟིགས་སོ། །སངས་རྒྱས་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་ལ་ཆགས་ཐོགས་དང་བྲལ་བར་གཟིགས་པའོ། །སྤྱན་ལྔ་ལ་རྣམ་གྲངས་གཞན་དང་གཞན་དུ་བཤད་པའང་འགྲེལ་བར་གསུངས་སོ། །གདམས་ངག་མངོན་པར་སྒྲུབ་པ་ནི་མངོན་ཤེས་དྲུག་སྟེ། རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ནས་རང་གིས་དེ་བཞིན་གཤེགས་པ་ལས་གདམས་ངག་གི་ལུང་ནོད་པ་དང༌། སེམས་ཅན་གཞན་ལ་བདག་གིས་གདམས་ངག་གི་ལུང་སྟེར་པའི་རྒྱུ་ནི་བསམ་གཏན་ལ་བརྟེན་ནས་མངོན་ཤེས་དྲུག་འགྲུབ་པ་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་སངས་རྒྱས་རྣམས་ཀྱི་ཞིང་དང་སེམས་ཅན་གྱི་གནས་དེ་དང་དེ་དག་ཏུ་ཐོགས་པ་མེད་པར་འགྲོ་བ་དང༌། ལྷའི་མིག་གིས་སངས་རྒྱས་ཀྱི་སྐུ་དང་སེམས་ཅན་གྱི་ལུས་མཐོང་བ་དང༌། ལྷའི་རྣ་བས་དེ་བཞིན་གཤེགས་པའི་གསུང་དང་སེམས་ཅན་རྣམས་ཀྱི་སྒྲ་ཐོས་པ་དང༌། གཞན་སེམས་ཤེས་པས་སེམས་ཅན་རྣམས་ཀྱི་ཡིད་ལ་ཅི་བསམས་པ་ཤེས་པ་དང༌། སྔོན་གནས་རྗེས་སུ་དྲན་པས་རང་གཞན་འདས་པའི་དུས་ན་གང་དང་གང་དུ་སྐྱེས་པ་ཤེས་པ་དང༌། འཆི་འཕོ་བ་ཤེས་པས་མ་འོངས་པར་གང་དང་གང་དུ་སྐྱེ་བ་ཤེས་པ་དང༌། ཟག་ཟད་ཀྱི་མངོན་པར་ཤེས་པས་བདག་གཞན་གྱི་སེམས་རྒྱུད་ལ་ཡོད་པའི་ཉོན་མོངས་པ་རྣམས་ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལས་གདམས་ངག་གི་ལུང་ནོད་ནས་སེམས་ཅན་གཞན་ལའང་ལུང་སྟོན་པར་བྱེད་པ་ཉིད་དང༌། གནས་པས་རྣམ་པར་རྩེ་བ་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་སོགས་སུ་རྫུ་འཕྲུལ་དང་སྤྲུལ་པ་སྣ་ཚོགས་ཀྱིས་རྣམ་པར་རྩེ་བའམ་རོལ་པར་བྱེད་པ་དང་སྨོན་ལམ་དང་ནི་ཞེས་པ། སྨོན་ལམ་མངོན་པར་བསྒྲུབ་པ་ནི། གང་སྨོན་ལམ་གྱི་མཐུ་ལས་སྐྱེས་པའི་ཡེ་ཤེས་དེའི་དབང་གིས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་ལྷ་དང་མི་ལ་སོགས་པའི་སྐྱེ་གནས་དེ་དག་ཏུ་ཅི་དགར་འགྱུར་ཞིང་སེམས་ཅན་གྱི་དོན་སྣ་ཚོགས་མཛད་པས་རོལ་པའོ། །སྨོན་ལམ་གྱི་དབང་གིས་སྐྱེ་བ་བཟུང་བ་བྱང་སེམས་དེ་དག་གི་ལུས་ཀྱི་ཡོན་ཏན་དང་སེམས་ཀྱི་མཐུའི་ཡོན་ཏན་དང༌། སྒྲ་དབྱངས་ཀྱི་ཡོན་ཏན་ལ་སོགས་པ་བརྗོད་དུ་སླ་བ་མ་ཡིན་ནོ་ཞེས་ས་བཅུ་པའི་མདོ་ལས་གསུངས་པ་བཞིན་ནོ།།

དབང་ཐོབ་པ་མངོན་པར་སྒྲུབ་པ་ནི། དབང་བཅུ་ཐོབ་པ་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་མཐུས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་པ་ནི་ཚེ་ལ་དབང་བའོ། །དེ་བཞིན་དུ་ཇི་ལྟར་འདོད་པ་བཞིན་དུ་ཐེག་པ་ཆེན་པོ་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པ་ནི་སེམས་ལ་དབང་བའོ། །ནམ་མཁའ་ལས་ཅི་དང་ཅི་འདོད་པའི་ཡོད་བྱད་སྣ་ཚོགས་ཆར་ཕབ་སྟེ་སེམས་ཅན་རྣམས་ལ་ཕན་འདོགས་པ་ཡོ་བྱད་ལ་དབང་བའོ། །ལུས་ངག་གི་ལས་ཀྱི་སྤྲུལ་པ་སྣ་ཚོགས་བྱེད་པའམ། ཁམས་དང་འགྲོ་བ་སྐྱེ་གནས་གཞན་དུ་སྐྱེས་པའི་ལས་དག་བྱིན་གྱིས་བརླབས་ནས་ཁམས་དང་འགྲོ་བ་གཞན་དུ་འགྲོ་བར་བྱེད་པ་ལས་ལ་དབང་བའོ། །གཟུགས་ཁམས་ཀྱི་བསམ་གཏན་ལ་གནས་ཤིང་དེ་ལས་མི་ཉམས་བཞིན་དུ་སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་སུ་སྐྱེ་བ་སྐྱེ་བ་ལ་དབང་བའོ། །ས་གསེར་དང་ཆུ་བདུད་རྩི་ལ་སོགས་པ་ཇི་ལྟར་མོས་པ་དེར་གྱུར་པ་མོས་པ་ལ་དབང་བའོ། །ས་དང་པོར་སྨོན་ལམ་ཆེན་པོ་བཅུ་གསུངས་པས་མཚོན་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་ཆེན་པོ་གྲངས་མེད་པ་མངོན་པར་བསྒྲུབ་པ་ནི་སྨོན་ལམ་ལ་དབང་བའོ། །སེམས་ཅན་རྣམས་དད་པ་བསྐྱེད་པའི་ཕྱིར་འབར་བ་དང་འཕུར་བ་དང་འོད་འགྱེད་པ་སོགས་རྫུ་འཕྲུལ་དང་ཆོ་འཕྲུལ་དཔག་ཏུ་མེད་པ་སྟོན་པ་ནི་རྫུ་འཕྲུལ་ལ་དབང་བའོ། །ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་བཞི་རབ་ཀྱི་མཐར་ཕྱིན་པ་ཡེ་ཤེས་ལ་དབང་བའོ། །མདོ་སྡེ་ལ་སོགས་པའི་ཆོས་ཐམས་ཅད་མིང་ཚིག་ཡི་གེ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་བསྟན་ནས་སེམས་ཚིམ་པར་བྱེད་པ་ཆོས་ལ་དབང་བའོ། །དབང་བཅུའི་རྒྱུ་ནི་དང་པོ་གསུམ་སྦྱིན་པའི་ཕར་ཕྱིན་རྫོགས་པ་ལས་ཐོབ་སྟེ། མི་འཇིགས་པའི་སྦྱིན་པས་ཚེ། ཆོས་ཀྱི་སྦྱིན་པས་སེམས། ཟང་ཟིང་གི་སྦྱིན་པས་ཡོ་བྱད་ལ་དབང་ཐོབ་བོ། །ལས་དང་སྐྱེ་བར་དབང་བ་གཉིས་ཚུལ་ཁྲིམས་ཕར་ཕྱིན་རྫོགས་པ་ལས་ཏེ། ལུས་ཀྱི་ལས་དག་པས་ལུས་ཀྱི་སྤྲུལ་པ་དང༌། ངག་གི་ལས་དག་པས་ངག་གི་སྤྲུལ་པ་སྣ་ཚོགས་འགྱེད་པ་དང༌། ཚུལ་ཁྲིམས་ཡོངས་སུ་དག་པར་གང་འདོད་པར་སྐྱེ་བ་ཐོབ་བོ། །བཟོད་པའི་ཕར་ཕྱིན་རྫོགས་པས་སེམས་ཅན་རྣམས་ཀྱི་སེམས་མ་དཀྲུགས་ཤིང་ཡིད་དང་མཐུན་པར་བྱས་པས། གང་དང་གང་དུ་མོས་པ་བསྐྱེད་པ་དེ་དང་དེ་བཞིན་འགྲུབ་པས་མོས་པ་ལ་དབང་བ་ཐོབ་བོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པའི་མཐུས་སྨོན་ལམ་ལ་དབང་བ་ཐོབ་སྟེ་སྔོན་དང་གཞན་གྱི་དོན་ལ་བརྩོན་པས་ཕྱིས་བདག་དང་གཞན་གྱི་དོན་དུ་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་འགྲུབ་པའི་ཕྱིར་རོ། །བསམ་གཏན་གྱི་ཕར་ཕྱིན་རྫོགས་ནས་སེམས་ཀྱི་དབང་ཐོབ་པས་རྫུ་འཕྲུལ་ཅི་འདོད་པ་ལ་དབང་ཐོབ་བོ། །ཡེ་ཤེས་དང་ཆོས་ལ་དབང་བ་གཉིས་ནི་ཤེས་རབ་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་འགྲུབ་བོ། །ཆོས་ཐོབ་པ་ནི་སྒྲུབ་པའི་ཕྱིར། ཞེས་པ་ཆོས་ཐོབ་པ་མངོན་པར་བསྒྲུབ་པ་སྟེ། མཐར་ཐུག་གི་ཡོན་ཏན་སངས་རྒྱས་ཀྱི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་སོགས་སྒྲུབ་པའོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ནས་མངོན་པར་སྒྲུབ་པ་རྣམ་པ་དྲུག་བསྒྲུབ་པའི་ཕྱིར་རོ།།

བཞི་པ་དབང་པོ་ལྔ་བཤད་པ་ནི།

དད་སོགས་ས་ལ་འཇུག་པ་སྟེ།།

དད་པའི་དབང་པོ་དང༌། དེ་བཞིན་དུ། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་ལྔ་ལས། དད་པ་ནི་ལས་དང་ལས་ཀྱི་འབྲས་བུ་འབྱུང་བ་བསླུ་མེད་དུ་ཡོད་པ་སོགས་ཡོད་པའི་དོན་ལ་དེ་བཞིན་དུ་ཡིད་ཆེས་པའི་དད་པ་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་སེམས་རབ་ཏུ་དྭངས་པའི་དད་པ་དང༌། མྱ་ངན་ལས་འདས་པ་འཐོབ་པར་བྱ་བ་དང༌། འཕགས་པའི་ལམ་བསྒྲུབ་པར་བྱ་བ་ལ་དེ་ལྟར་སྒྲུབ་ནུས་པར་མཐོང་ནས་མངོན་པར་འདོད་པའི་དད་པ་གསུམ་མམ། ཡང་ན་ཆོས་བཞི་ལ་དད་པ་སྟེ། ལས་རྒྱུ་འབྲས་ཡོད་པ་ཡིད་ཆེས་ནས་སྲོག་གི་ཕྱིར་ཡང་སྡིག་པ་མི་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དད་དེ་ཐེག་པ་གཞན་མི་འདོད་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་བདག་མེད་པ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཟབ་མོ་སྟོང་པ་ཉིད་ལ་དད་པས་ལྟ་བར་གྱུར་པ་ཐམས་ཅད་ཀྱི་བག་ལ་ཉལ་འཇོམས་པ་དང༌། སྟོབས་དང་མི་འཇིགས་པ་སོགས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཐམས་ཅད་ལ་དད་པས་ཐེ་ཚོམ་དང་སོམ་ཉི་མེད་པར་དེ་དག་བསྒྲུབ་པ་སྟེ་རྣམ་པ་བཞི་ལ་དད་པའི་དབང་པོ་ཞེས་བློ་གྲོས་མི་ཟད་པའི་མདོ་ལས་གསུངས་སོ། །གང་ལ་དད་པའི་ཆོས་དེ་བརྩོན་འགྲུས་ཀྱི་དབང་པོས་སྒྲུབ་པར་བྱེད་པ་ཡང་དག་སྤོང་བ་བཞིའི་རང་བཞིན་ཅན་ནི་བརྩོན་འགྲུས་ཀྱི་དབང་པོའོ། །བརྩོན་འགྲུས་ཀྱི་བསྒྲུབ་པའི་ཆོས་ལ་དྲན་པས་མི་བརྗེད་པར་བྱ་བ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་ཐོབ་པ་ནི་དྲན་པའི་དབང་པོའོ། །བསམ་གཏན་བཞི་དང་གཟུགས་མེད་པ་བཞིའི་སྙོམས་འཇུག་ཐོབ་པ་དང༌། དྲན་པའི་དབང་པོས་ཆུད་མི་གཟོན་པར་བྱས་པའི་ཆོས་དེ་ལ་རྒྱུན་དུ་སེམས་རྩེ་གཅིག་ཏུ་འཇོག་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པའམ། འཕགས་པའི་བདེན་པ་བཞི་ཤེས་པ་ནི་ཤེས་རབ་ཀྱི་དབང་པོའོ། །དེ་ལྟར་སྤྱིར་བསྟན་ནས་སྐབས་འདིར་དབང་པོ་ལྔ་པོའི་གཞིའམ་གནས་སམ་དམིགས་པ་བཤད་པ་ནི། དད་པའི་དབང་པོས་དམིགས་ཡུལ་ལས་གཞི་ནི་བྱང་ཆུབ་སྟེ། ཐེག་པ་ཆེན་པོའི་འབྲས་བུ་ཟད་མི་ཤེས་པའི་ཡེ་ཤེས་སམ། ས་དང་པོའི་གཉིས་སུ་མེད་པའི་ཡེ་ཤེས་བྱང་ཆུབ་ལ་དམིགས་ནས་དེ་ལ་དད་ཅིང་དེ་ཉིད་འཐོབ་པར་བྱའོ་ཞེས་དམིགས་པའོ། །བརྩོན་འགྲུས་ཀྱི་དབང་པོས་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་ཤེས་རབ་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དམིགས་ནས་བརྩོན་འགྲུས་ཀྱིས་སྤྱོད་པ་དེ་དག་སྒྲུབ་པར་བྱེད་པ་དང༌། དྲན་པའི་དབང་པོས་ཐོས་པ་མཆོག་ཐེག་པ་ཆེན་པོའི་ཆོས་ཇི་ལྟར་ཐོས་པ་དང༌། ཇི་ལྟར་གཟུང་བ་དང༌། དེ་ལྟར་ཚིག་གིས་རྒྱས་པར་གཏན་ལ་དབབ་པ་བཞིན་མི་བརྗེད་པར་འཛིན་པ་དང༌། མོས་པས་སྤྱོད་པའི་ཏིང་ངེ་འཛིན་གྱི་དབང་པོས་ས་དང་པོའི་ཞི་གནས་ཁྱད་པར་ཅན་དེ་ཇི་ལྟར་འཐོབ་པར་བྱ་ཞེས་དམིགས་པའོ། །ཤེས་རབ་ཀྱི་དབང་པོས་ནི་ས་དང་པོའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཇི་ལྟར་འཐོབ་པར་བྱ་ཞེས་དམིགས་པའི་ཕྱིར་དེ་ལྟར་བྱང་ཆུབ་ལ་སོགས་པ་དེ་དག་དད་སོགས་ཀྱི་གཞིའམ་དམིགས་ཡུལ་ཡིན་པར་ནི་ཤེས་པར་བྱ་སྟེ། འདི་ལྔ་ལ་ཅིའི་ཕྱིར་དབང་པོ་ཞེས་བརྗོད་ན་རྣམ་བྱང་གི་དོན་ཀུན་སྒྲུབ་པ་ལ་དབང་བྱེད་པའི་སྐབས་ཀྱིས་དབང་པོ་ཞེས་སུ་བཞག་སྟེ། དད་པས་བྱང་ཆུབ་ལ་དབང་བྱེད་པ་དང༌། བརྩོན་འགྲུས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དབང་བྱེད་པ་དང་དྲན་པས་ཐེག་ཆེན་གྱི་ཆོས་དང༌། ཏིང་ངེ་འཛིན་གྱིས་ཞི་གནས་དང༌། ཤེས་རབ་ཀྱིས་ལྷག་མཐོང་གི་དོན་སྒྲུབ་པ་ལ་དབང་བྱེད་པའི་ཕྱིར་རོ། །ཡང་ན་དབང་པོ་ལྔས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པ་ལའང་ངོ༌།།

ལྔ་པ་སྟོབས་ལྔ་བཤད་པ་ནི།

ཀུན་ནས་ཉོན་མོངས་ཅན་དུ་འདོད། །མི་མཐུན་ཕྱོགས་ཉམ་ཆུང་བས་ཀྱང༌།།

དེ་དག་ཉིད་ལ་སྟོབས་ཞེས་བྱ།།

དད་པའི་སྟོབས། བརྩོན་འགྲུས་ཀྱི་སྟོབས། དྲན་པའི་སྟོབས། ཏིང་ངེ་འཛིན་གྱི་སྟོབས། ཤེས་རབ་ཀྱི་སྟོབས་ལྔ་ནི། རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པའི་ཚེ་ན་སྟོབས་ཀྱི་མིང་ཅན་དུ་བརྗོད་དོ། །མོས་སྤྱོད་ཀྱི་གནས་སྐབས་ཀྱི་དད་སོགས་སྟོབས་ལྔ་པོ་འདི་དག་གི་མཐུས་འཕགས་པའི་ས་དང་པོ་ལ་འཇུག་པ་སྟེ། འདི་དག་གོང་ནས་གོང་དུ་འཕེལ་བས་འཕགས་པའི་ས་དངོས་སུ་འདྲེན་པ་ཡིན་ཡང༌། མཐོང་སྤང་ལས་མ་གྲོལ་བས་ཀུན་ནས་ཉོན་མོངས་ཅན་སོ་སོའི་སྐྱེ་བོའི་སས་བསྡུས་པའོ། །དབང་པོ་དང་སྟོབས་ཀྱི་ཁྱད་པར་ཇི་ལྟར་ཡིན་ཞེ་ན། སྟོབས་ལྔ་པོ་འཇིག་རྟེན་པ་ཡིན་ཡང༌། ཇི་སྲིད་དུ་མ་དད་པ་དང༌། ལེ་ལོ་དང༌། བརྗེད་ངས་དང༌། རྣམ་གཡེང་དང༌། ཤེས་རབ་འཆལ་བའི་རྨོངས་པ་ཡིས་བརྫི་ཞིང་བར་དུ་གཅོད་པར་བྱེད་ནུས་པ་དེ་སྲིད་དུ་དབང་པོ་ཞེས་བྱ་ལ། མི་མཐུན་ཕྱོགས་དེ་དག་ཉམ་ཆུང་བས་གཉེན་པོ་དད་པ་སོགས་ལྔ་པོ་དེ་ལ་ཚུར་མི་ཚུགས་ཤིང་བརྫི་མི་ནུས་པའི་ཚེ་ན་དད་སོགས་དེ་དག་ཉིད་ལ་སྟོབས་ཞེས་བྱའོ།།

དྲུག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་བཤད་པ་ནི།

སར་ཞུགས་རྣམས་ལ་བྱང་ཆུབ་ཀྱི། །ཡན་ལག་རྣམ་པར་གཞག་པར་འདོད།།

ཆོས་རྣམས་དང་ནི་སེམས་ཅན་ཀུན། །མཉམ་པ་ཉིད་དུ་རྟོགས་ཕྱིར་རོ།།

ཤེས་བྱ་མ་རྒྱལ་རྒྱལ་བྱའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་སྤྱོད།།

འདི་ཡི་རྣམ་འབྱེད་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད།།

འདི་ཡི་བརྩོན་འགྲུས་མ་ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག།

ཆོས་ཀྱི་སྣང་བ་རྣམ་འཕེལ་བའི། །དགའ་བས་རྟག་ཏུ་རྒྱས་པར་འགྱུར།།

སྒྲིབ་པ་ཀུན་ལས་ཐར་པའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་འཐོབ།།

ཏིང་ངེ་འཛིན་ལས་བསམས་པའི་དོན། །འབྱོར་པ་ཉེ་བར་སྐྱེ་བར་འགྱུར།།

བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས།།

རྗེས་ལ་ཐོབ་དང་མི་རྟོག་པའི། །གནས་པས་མཆོག་ནི་རྟག་ཏུ་གནས།།

ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོས་སྒྱུར་བ་འདྲ་བར་འཇོག།

རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར།།

རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ།།

བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག།

དྲན་པ་བྱང་ཆུབ་ཀྱི་ཡན་ལག་དང༌། དེ་བཞིན་དུ། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ནི་ཞི་གནས་ཀྱི་ཕྱོགས་ཡིན་པས་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ཤིང་མྱོང་བས་མངོན་དུ་བྱས་པ་རྣམས་མ་བརྗེད་པར་སེམས་ལ་གསལ་བའོ། །ཆོས་རྣམ་པར་འབྱེད་པ་ཤེས་རབ་ཡིན་པས་ལྷག་མཐོང་གི་ཕྱོགས་ཏེ་མཐོང་ལམ་གྱི་དུས་ན་སྤང་བྱའི་ཆོས་ཀུན་ཉོན་གྱི་ཕྱོགས་དང༌། བླང་བྱའི་ཆོས་རྣམ་བྱང་ཕྱོགས་རྣམས་ཀྱི་མཚན་ཉིད་མ་འདྲེས་པར་ཤེས་པའོ། །བརྩོན་འགྲུས་ནི་གོང་མའི་ཡོན་ཏན་ཁྱད་པར་ཅན་ལེན་པར་བྱེད་ཅིང་ཡོན་ཏན་དེ་ལྟ་བུ་ཐོབ་པ་ལ་གེགས་བྱེད་པའི་ཉེས་པ་རྣམས་སྤོང་བར་བྱེད་པའོ། །དགའ་བ་ནི་ས་དང་པོ་པས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་མངོན་སུམ་རྟོགས་པས་མཐོང་སྤང་གི་སྒྲིབ་པ་རྣམས་དང་བྲལ་ནས་ལུས་སེམས་ལ་དགའ་བའི་མཆོག་སྐྱེས་པའོ། །དེའི་ཕྱིར་ས་དེ་ལའང་རབ་ཏུ་དགའ་བ་ཞེས་པའི་མིང་བཏགས་པའོ། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་དང་བྲལ་བས། ལུས་ལས་སུ་རུང་བས་ཟོ་མདོག་བདེ་ཞིང༌། སེམས་ལས་སུ་རུང་བས་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པའོ། །ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་དམིགས་པའི་སེམས་རྩེ་གཅིག་པའོ། །བཏང་སྙོམས་ནི་ཞུམ་པ་དང་རྒོད་པའི་ཉེས་པ་ཐམས་ཅད་སྤངས་ནས་རྒྱ་མཚོ་དྭངས་པ་རླབས་དང་རྙོག་པ་མེད་པ་ལྟར་ངང་གིས་གཡོ་བ་མེད་པར་གནས་པའོ། །དེ་བདུན་ལས་ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང་དགའ་བ་གསུམ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་སྦྱངས་ཏིང་འཛིན་བཏང་སྙོམས་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉིས་ཀའི་ཕྱོགས་ཏེ་ཀུན་ཏུ་འགྲོ་བས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་འདི། གང་གིས་དུས་སུ་རྣམ་པར་བཞག་པ་དང༌། གང་ཤེས་པས་རྣམ་པར་བཞག་པ་དང༌། བདུན་པོ་ཉིད་ཇི་ལྟར་ཡིན་པ་རྣམ་པར་བཞག་པ་དང༌། དེ་བདུན་ཡན་ལག་ལྔར་རྣམ་པར་བཞག་པ་བཞི་ལས།

དང་པོ་སྔར་མོས་སྤྱོད་ཀྱི་སར་དྲན་པ་དང་ཤེས་རབ་སོགས་ཡོད་ཀྱང་བྱང་ཆུབ་ཡན་ལག་གི་མིང་མ་ཐོབ་ལ། འཕགས་པའི་ས་སྐྱོན་མེད་པའི་སར་ཞུགས་པ་ས་དང་པོ་ཐོབ་པ་རྣམས་ཀྱི་རྒྱུད་ལ་ཡོད་པའི་དྲན་པ་སོགས་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་སུ་རྣམ་པར་བཞག་པར་འདོད་དོ།།

གཉིས་པ་འདི་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་པར་བརྗོད་པའི་དོན་ནི། ཡན་ལག་ཅན་མཉམ་པ་ཉིད་བྱང་ཆུབ་ཀྱི་རང་བཞིན་མངོན་སུམ་ཤེས་པ་ཐོབ་པ་དེའི་ཕྱིར་དྲན་པ་སོགས་ཀྱང་དེ་ཡི་ཡན་ལག་ཏུ་བཞག་སྟེ། ཀུན་འབྱུང་གི་ཆོས་རྣམས་དང་ནི་སེམས་ཅན་ཀུན་གདོད་ནས་རང་བཞིན་གྱིས་མ་སྐྱེས་པའི་ཆོས་ཉིད་རྣམ་པར་དག་པ་ཡེ་ནས་བྱང་ཆུབ་པར་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་དེའི་ཚེ་ན་འཇིག་རྟེན་ལས་འདས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་མངོན་དུ་སྐྱེས་པའི་ཕྱིར་རོ། །དེ་ཡང་ཆོས་རྣམས་ལ་བདག་མེད་པར་རྟོགས་པས་ཆོས་མཉམ་པ་ཉིད་དང༌། སེམས་ཅན་ནམ་གང་ཟག་ལ་བདག་མེད་པར་རྟོགས་པས་སེམས་ཅན་མཉམ་པ་ཉིད་མངོན་དུ་རྟོགས་པའོ། །ཡང་ན་མཉམ་བཞག་ཏུ་ཆོས་དང་གང་ཟག་ལ་བདག་མེད་པ་ནམ་མཁའི་དཀྱིལ་ལྟ་བུར་ཁོང་དུ་ཆུད་པས་ཆོས་རྣམས་ཀྱི་མཉམ་པ་ཉིད་དང༌། རྗེས་ཐོབ་ཏུ་བདག་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱང་དེ་ཉིད་ཡིན་ལ། སེམས་ཅན་ཐམས་ཅད་གང་ཡིན་པ་བདག་ཀྱང་དེ་ཉིད་ཡིན་ཏེ། ཇི་ལྟར་བདག་གི་སྡུག་བསྔལ་ཞི་བར་བྱེད་པ་བཞིན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བདག་གིས་ཞི་བར་བྱའོ་ཞེས་བདག་དང་གཞན་ཁྱད་མེད་པར་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པའོ།།

གསུམ་པ་བདུན་པོ་ཉིད་ཇི་ལྟར་ཡིན་པ་རྣམ་པར་བཞག་པ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། རྒྱལ་སྲིད་ཀྱི་ཡན་ལག་ཏུ་རིན་པོ་ཆེ་བདུན་དང་ལྡན་པ་དང་འདྲ་བར། གདོད་ནས་སྐྱེ་བ་མེད་པའི་བྱང་ཆུབ་པ་མངོན་དུ་རྟོགས་པའི་བྱང་ཆུབ་སེམས་དཔའ་ལ་ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་བཞག་སྟེ། འཁོར་ལོས་སྒྱུར་བ་འཇིག་རྟེན་དུ་ནམ་བྱུང་བ་ན་དེའི་བསོད་ནམས་ཀྱི་སྟོབས་ལས་ལྷའི་བཟོ་བོས་བྱས་པའི་ལྷ་རྫས་ལས་གྲུབ་པའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ལེགས་པར་བཀྲ་བ་ཉིད་འབྱུང་སྟེ། དེ་ཉིད་ཉི་མ་གཉིས་པ་བཞིན་དུ་ནམ་མཁའ་ལ་འཕགས་ཏེ་སོང་བའི་རྗེས་སུ་འཁོར་ལོས་སྒྱུར་བ་ཉིད་དཔུང་གི་ཚོགས་དང་བཅས་པ་ཡང་ནམ་འཁའ་ལ་འགྲོ་ཞིང་ཡུལ་ཕྱོགས་ཀྱི་རྫོང་དང་མཁར་ལ་གནས་པའི་རྒྱལ་ཕྲན་རྣམས་ཀྱི་ཕྱོགས་སུ་ཕྱིན་པར་ཙམ་ནས་བསུ་ཞིང་འབངས་སུ་མཆི་སྟེ་སྔར་འབངས་སུ་མ་ཕེབ་ཅིང་མ་རྒྱལ་བའི་ས་ཀུན་ལས་རྣམ་པར་རྒྱལ་བ་ཉིད་དུ་བྱེད་པ་ཉིད་ནི་འཁོར་ལོ་རིན་པོ་ཆེ་ཞེས་བྱའོ། །དེ་བཞིན་དུ་གླང་པོ་རིན་པོ་ཆེ་ནི་གངས་ཅན་རི་བོ་ནམ་མཁའ་ལ་འགྲོ་བ་ལྟ་བུ་གཟུགས་དང་སྟོབས་ཕུན་སུམ་ཚོགས་པ། ཡན་ལག་ཐམས་ཅད་ལེགས་པར་གནས་པ་རྒྱལ་པོ་ཆེན་པོ་ལ་འོས་ཤིང་དུལ་བ་ཕུན་སུམ་ཚོགས་པ་ཕས་ཀྱི་རྒོལ་བའི་དཔུང་ཐམས་ཅད་འཇོམས་པར་བྱེད་པའོ།།

རྟ་རིན་པོ་ཆེ་སྔོ་བསང་རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་དུ་འོང་བའི་ཁ་དོག་དང༌། གཟུགས་བྱད་ཕུན་སུམ་ཚོགས་པ། ཅང་ཤེས་པ་ཐོ་རེངས་ཁྱེའུ་སུས་ཟ་བའི་ཡུན་ཚོད་ཙམ་ལ་རྒྱ་མཚོའི་མཐར་ཐུག་པའི་ས་རྣམས་བདེ་བླག་ཏུ་འཁོར་ཏེ་སླར་ལྡོག་ནུས་པའི་བཞོན་པའི་ཡོན་ཏན་ཕུན་སུམ་ཚོགས་པ། ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་ཞིང་རྒྱུ་བཻཌཱུརྱ་ལས་གྲུབ་པ་ཁ་དོག་མཐོན་མཐིང་དབྱིབས་ལྟ་ན་སྡུག་པ་མཚན་མོར་ཡང་ཉི་མ་བཞིན་དུ་དཔག་ཚད་ཙམ་དུ་སྣང་བར་ནུས་པ་ཚ་བའི་དུས་སུ་བསིལ་བ་དང་གྲང་བའི་དུས་སུ་དྲོ་བ་འབྱིན་པ། རེག་པ་ཙམ་གྱིས་ནད་ཐམས་ཅད་ཞི་བར་བྱེད་པ། སྐམས་པ་དང་མྱ་ངན་གྱི་ཐང་དུ་ཡང་ཆུ་རྒྱུན་བཟང་པོ་འབྱིན་པ་སོགས་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་མཐུ་ཕུན་སུམ་ཚོགས་པ་དང༌། བཙུན་མོ་རིན་པོ་ཆེ་གཟུགས་བཟང་བའི་མཆོག་ཏུ་གྱུར་པ། ལྟ་ན་སྡུག་ཅིང་མཐོང་བ་ཙམ་གྱིས་དགའ་བ་སྐྱེད་པ། སྐྱེས་པ་གཞན་ལ་མི་གཡེམ་པ་སོགས་ཉོན་མོངས་པ་ཆུང་ཞིང་བདག་པོ་ལ་མཆོག་ཏུ་གུས་པས་ཡིད་འཛིན་པ། ཚུལ་བཟང་པོའི་སྤྱོད་པས་ཐམས་ཅད་ཀྱི་ཡིད་འཕྲོག་པ། ཁ་དང་ལུས་ལས་ལྷའི་སྤོས་ཀྱི་དྲི་འབྱུང་ཞིང༌། བསིལ་བ་དང་དྲོ་བ་སོགས་ཡིད་དུ་གང་འོང་བའི་རེག་བྱའི་ཁྱད་པར་མཆོག་དང་ལྡན་པ་སོགས་ཡོན་ཏན་ཐམས་ཅད་ལྡན་པའོ། །ཁྱིམ་བདག་རིན་པོ་ཆེ་ནི་ལག་པ་བརྐྱང་བ་ཙམ་གྱིས་ནོར་རྫས་ཅི་འདོད་པ་འབྱུང་བ་ནོར་མང་རྣམ་ཐོས་ཀྱི་བུ་དང་མཚུངས་པ། རྒྱལ་པོས་ཇི་ལྟར་བསྒོ་བ་ཐམས་ཅད་ལེགས་པར་བསྒྲུབ་པ། ནང་གི་གཉེར་བྱེད་པ་ཐམས་ཅད་ཀྱི་མཆོག་གི་ཡོན་ཏན་ཕུལ་དུ་ཕྱིན་པ་མངའ་བའོ། །ཀུན་མགོན་ནམ་བློན་པོའམ་དམག་དཔོན་རིན་པོ་ཆེ་ནི་དཔའ་བརྟན་དང་སྟོབས་ཕུན་སུམ་ཚོགས་པས་ཕ་རོལ་ཟིལ་གྱིས་གནོན་པ། དཔུང་གི་བཀོད་པ་དུས་སུ་འགྲོ་བ་དང་ལྡོག་པ་ལ་མཁས་པ་ལེགས་པར་བྱེད་པ་རྗེས་སུ་འཛིན་པ་དང༌། ཉེས་པར་བྱེད་པ་ཚར་བཅད་པ་རྒྱལ་པོ་ལ་བཞེད་པ་དང་ཕ་རོལ་གནོན་པ་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ནུས་ཤིང་བཀའ་བཞིན་བྱེད་པའོ། །དཔེ་དེ་རྣམས་བཞིན་དུ་བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པའི་ཚེ། སྔར་མོས་སྤྱོད་ཀྱི་ས་ལ། ཤེས་བྱ་གང་ཞིག་མངོན་སུམ་དུ་མ་ཤེས་པའམ། མངོན་སུམ་དུ་ཤེས་པའི་སྒྲིབ་པ་ལས་མ་རྒྱལ་བ་དེ་ལས་ས་དང་པོ་དེའི་དུས་སུ་མངོན་སུམ་ཤེས་ཤིང་དེའི་སྒྲིབ་པ་མཐོང་སྤང་ལས་རྒྱལ་བར་བྱ་བའི་ཕྱིར། སྔར་མོས་སྤྱོད་དུ་བསྒོམས་པའི་ཆོས་རྣམས་མ་བརྗེད་པའི་དྲན་པ་དག་ནི་ཀུན་ཏུ་སྤྱོད་པ་འཁོར་ལོས་སྒྱུར་བ་ས་ཀུན་ལས་རྒྱལ་བར་བྱེད་པའི་འཁོར་ལོ་རིན་ཆེན་ལྟ་བུའོ། །ས་དང་པོ་པ་འདི་ཡི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ནི་ཆོས་དང༌། གང་ཟག་གི་བདག་གཉིས་སུ་རྟོགས་པ་ཡི་མཚན་མ་ཐམས་ཅད་འཇོམས་པར་བྱེད་པས་གླང་པོ་རིན་པོ་ཆེ་ཕས་རྒོལ་གྱི་དཔུང་ཐམས་ཅད་འཇོམས་པར་བྱེད་པ་བཞིན་ནོ།།

ས་དང་པོ་པ་འདི་ཡི་བརྩོན་འགྲུས་ནི། མངོན་པར་ཤེས་པ་སོགས་ཡོན་ཏན་ཁྱད་པར་ཅན་རྣམས་མ་ལུས་པ་མྱུར་དུ་རྟོགས་ཤིང་འགྲུབ་པར་བྱ་བའི་ཕྱིར་འཇུག་པ་ནི་རྟ་རིན་པོ་ཆེས་གང་འདོད་པའི་གནས་སུ་མྱུར་དུ་ཕྱིན་པར་བྱེད་པ་བཞིན་ནོ། །ས་དང་པོ་ཐོབ་པ་དེ་ཡི་ཚེ་ན་དེ་ཁོ་ན་ཉིད་མངོན་སུམ་རྟོགས་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྣང་བ་ཆེན་པོ་རྣམ་པར་འཕེལ་བའི་དགའ་བས་ལུས་དང་སེམས་རྟག་ཏུ་རྒྱས་པར་འགྱུར་བའི་ཕྱིར་དགའ་བ་ནི་ནོར་བུ་རིན་པོ་ཆེའི་འོད་ཀྱིས་མུན་པ་སེལ་བ་བཞིན་ནོ། །ས་དང་པོའི་རྣམ་གྲོལ་ལམ་དུ་མཐོང་སྤང་གི་སྒྲིབ་པ་ཀུན་ལས་རྣམ་པར་གྲོལ་བའམ་ཐར་པའི་ཕྱིར་ལུས་སེམས་ལས་སུ་མི་རུང་བ་གཏན་མེད་པར་ཤིན་ཏུ་སྦྱངས་པས་བདེ་བ་ཐོབ་པ་ནི་བཙུན་མོ་རིན་པོ་ཆེའི་རེག་བྱས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་དགའ་བ་སྐྱེད་པ་བཞིན་ནོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལས། མངོན་པར་ཤེས་པ་སོགས་ཡོན་ཏན་དང་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འབྱོར་བ་ཉེ་བར་སྐྱེ་བར་འགྱུར་བས་ན། ཁྱིམ་བདག་རིན་པོ་ཆེས་རྒྱལ་པོས་ཅི་བཞེད་པའི་ནོར་ཐམས་ཅད་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་བཞིན་ནོ།།

བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱིས་ནི། དུས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ས་དང་པོ་པ་འདི་ནི་སེམས་ལ་ཞུམ་རྒོད་དང་ཆགས་སྡང་སོགས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མེད་པའི་ངོ་བོས་རང་ཇི་ལྟར་འདོད་པ་བཞིན་རྣལ་དུ་གནས་ཏེ་དེ་ཡང་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱ་བ་དང༌། རང་གིས་ས་གོང་མའི་ཡོན་ཏན་མ་ཐོབ་པ་རྣམས་ཐོབ་པར་བྱེད་པ་དང༌། ཉེས་པ་མ་སྤངས་པ་རྣམས་སྤོང་བར་བྱེད་ཅིང་ས་འོག་མ་ཡང་འདོར་བར་བྱེད་པ་དང༌། མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཅི་ལའང་མི་གནས་པར་གནས་པས་བྱང་ཆུབ་སེམས་དཔའ་མཆོག་ནི་རྟག་ཏུ་གནས་པར་བྱེད་དོ། །ཡང་ན་འཕགས་པ་མཆོག་གི་གནས་པ་ལ་ནི་རྟག་ཏུ་གནས་སོ་ཞེས། བློ་བརྟན་འགྲེལ་པར། གནས་པས་རྟག་ཏུ་མཆོག་ཡིན་ནོ་ཞེས་སྣང༌། དེ་ལྟར་བཏང་སྙོམས་ནི་དམག་དཔོན་རིན་པོ་ཆེས་དཔུང་གི་ཚོགས་བཞི་པོ་བསྡུས་ཏེ། གཞོམ་ཞིང་བསྐྲད་པར་བྱ་བ་རྣམས་སྐྲོད་པར་བྱེད་པ་དང༌། བསྡུ་ཞིང་སྐྱོང་བར་བྱེད་པ་རྣམས་སྡུད་པར་བྱེད་ལ། གང་དུ་འཚེ་ཞིང་གནོད་པ་མེད་པའི་ཕྱོགས་སུ་གནས་པར་བྱེད་པ་དང་འདྲ་སྟེ། ཕ་རོལ་གྱི་སྡེ་བསྡུ་བ་དང་སྐྲོད་པར་བྱེད་པ་ལྟ་བུ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ་དེས་བླང་བྱ་ལེན་པ་དང་འདོར་བྱ་སྤོང་བར་བྱེད་པས་སོ། །གང་དུ་འཚེ་བ་མེད་པར་བག་ཕབ་སྟེ་གནས་པ་ལྟ་བུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་དེ་ནི་དམིགས་པ་ཐམས་ཅད་རབ་ཏུ་ཞི་བ་ལ་གནས་པའི་ཕྱིར་རོ། །ཡོན་ཏན་དེ་ལྟ་བུ་མངའ་བའི་བྱང་ཆུབ་སེམས་དཔའ་ནི་འཁོར་ལོས་སྒྱུར་བ་དང་འདྲ་བར་ཡོན་ཏན་དེ་དག་ལ་འཇུག་པའམ་དབང་སྒྱུར་བ་པོ་ཡིན་ལ། དུས་རྟག་ཏུ་རྒྱལ་སྲིད་རིན་པོ་ཆེ་བདུན་ལྟ་བུའི་བྱང་ཆུབ་ཡན་ལག་བདུན་པོ་རྣམས་ཀྱིས་བསྐོར་ཞིང་ལྡན་པ་ཡིན་ནོ།།

བཞི་པ་ཡན་ལག་བདུན་ཡན་ལག་ལྔར་བསྡུ་བ་འདིས་ཡན་ལག་ཅེས་པའི་དོན་ཀྱང་བཤད་པ་ཡིན་ཏེ། ཆོས་རབ་རྣམ་འབྱེད་ནི་རང་བཞིན་གྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ངོ་བོ་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། སྔར་མོས་སྤྱོད་དུ་ཆོས་རྣམས་མ་བརྗེད་པར་ཡང་ཡང་དྲན་ཞིང་གོམས་པའི་མཐར་ཐུག་པ་ཆོས་མཆོག་ཆེན་པོའི་དུས་ཀྱི་དྲན་པ་དེ་ལས་ཆོས་རབ་རྣམ་འབྱེད་སོགས་ཡན་ལག་ཀུན་བྱུང་བའི་ཕྱིར་རོ། །གསུམ་པ་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། བརྩོན་འགྲུས་ཀྱི་མཐུས་མོས་སྤྱོད་ཀྱི་ས་ལས་འདས་ནས་ས་དང་པོ་ལ་ངེས་པར་འབྱུང་བའི་ཕྱིར་རོ། །ས་དང་པོ་རང་དུས་ཀྱི་དྲན་པ་དང་བརྩོན་འགྲུས་དེ་ནི་མོས་སྤྱོད་ཀྱི་དྲན་པ་དང་བརྩོན་འགྲུས་མཐར་ཐུག་པའི་འབྲས་བུའི་དྲན་བརྩོན་ཡིན་ནོ། །བཞི་པ་དགའ་བ་ནི་ས་དང་པོ་ཐོབ་པའི་ཚེ་ཆོས་ཀྱི་དབྱིངས་རྟོགས་པའི་ཕན་ཡོན་གྱི་ཡན་ལག་སྟེ་དེའི་དབང་གིས་ཡིད་ལ་དགའ་བ་ཁྱད་པར་ཅན་སྐྱེས་པའི་ཕྱིར་རོ། །ཤིན་སྦྱངས་ཏིང་འཛིན་བཏང་སྙོམས་རྣམ་པ་གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་སྟེ། ལུས་སེམས་ཤིན་ཏུ་སྦྱངས་པས་ཉོན་ཤེས་ཀྱི་སྒྲིབ་པའི་གནས་ངན་ལེན་དང་བྲལ་བ་ནི་གང་གིས་ཉོན་མོངས་པ་མེད་པར་བྱེད་པའམ་ཉོན་མོངས་མེད་པའི་གནས་སོ། །ཏིང་ངེ་འཛིན་ནི་གཞི་གང་ལ་གནས་ནས་ཉོན་མོངས་པ་མེད་པར་བྱེད་པ་སྟེ་ཏིང་འཛིན་ལ་གནས་པའི་དུས་ནི་བྱིང་རྒོད་སོགས་ཉེ་བའི་ཉོན་མོངས་པ་སེལ་བའི་ཕྱིར་རོ།། བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོ་སྟེ་བཏང་སྙོམས་པར་རྣལ་དུ་གནས་པ་ལ་ཉོན་མོངས་གང་ཡང་མེད་པས་སོ།།

བདུན་པ་འཕགས་པའི་ལམ་ཡན་ལག་བརྒྱད་ནི།

དེ་ཡི་འོག་ཏུ་ཇི་ལྟ་བ། །རྟོགས་པའི་རྗེས་སུ་འཇུག་པ་སྟེ།།

རྣམ་གཞག་ཇི་བཞིན་རྟོགས་པ་དང༌། །རྣམ་པར་གཞག་ལ་འཇུག་པ་དང༌།།

ལས་གསུམ་རྣམ་པར་དག་པ་དང༌། །ཤེས་བྱ་དག་དང་ལམ་དང་ནི།།

ཡོན་ཏན་ཁྱད་པར་ཅན་གྱི་ནི། །སྒྲིབ་པའི་གཉེན་པོར་སྒོམ་པ་འོ།།

ཡང་དག་པའི་ལྟ་བ་འཕགས་པའི་ལམ་དང༌། དེ་བཞིན་དུ་ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་འཕགས་པའི་ལམ་མོ། །དེ་ལ་ཡང་དག་པའི་ལྟ་བ་ནི་མཐོང་ལམ་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པའི་ཆོས་དབྱིངས་མཉམ་པ་ཉིད་མངོན་སུམ་རྟོགས་པ་དེ་ཉིད་ལ་དམིགས་ཤིང་བསྒོམ་པའོ། །ཡང་དག་པའི་ལྟ་བ་དེས་རྒྱུ་བྱས་ནས། ཁམས་གསུམ་ལས་ངེས་པར་འབྱིན་པའི་རྒྱུ། ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ལ་རྟོག་ཅིང་དེ་འདོད་པ་དང༌། འདོད་འདུན་དང་གནོད་སེམས་སོགས་ཉོན་མོངས་མེད་པའི་རྟོག་པ་ནི། ཡང་དག་པའི་རྟོག་པའོ། །ཡང་དག་པའི་ལྟ་བ་དང་རྟོག་པ་རང་གིས་ཇི་ལྟར་ཁོང་དུ་ཆུད་པ་ལྟར་སེམས་ཅན་གཞན་ལ་ཕན་པའི་ཕྱིར་སྟོན་ཅིང་ངག་གིས་ཉེས་པ་རྫུན་དང་ཚིག་རྩུབ་པོ་དང༌། ཕྲ་མ་དང་ངག་འཁྱལ་རྣམ་པར་སྤངས་པ་ནི་ཡང་དག་པའི་ངག་གོ །ལུས་ཀྱི་སྒོ་ནས་སྲོག་གཅོད་པ་སོགས་ཉེས་པ་གསུམ་སྤངས་ནས། རྣམ་པར་གྲོལ་བའི་ལམ་ལ་འཇུག་པ་ནི་ཡང་དག་པའི་ལས་ཀྱི་མཐའོ། །ཁ་གསག་དང་ཚུལ་འཆོས་པ་ལ་སོགས་པ་ལོག་པའི་འཚོ་བ་ཐམས་ཅད་སྤང་བ་ནི་ཡང་དག་པའི་འཚོ་བའོ། །ཡང་དག་པའི་ལྟ་རྟོག་ལས་མཐའ་འཚོ་བ་བཞི་ལ་བརྟེན་ནས་བསྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་གཉིས་པོ་སྤང་བར་བྱ་བའི་ཕྱིར་འཕགས་པའི་ལམ་ལ་རྒྱུན་དུ་སྒོམ་པར་བྱེད་པ་ནི་ཡང་དག་པའི་རྩོལ་བའོ། །ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་ཀྱི་དོན་མ་བརྗེད་ཅིང་སེམས་ལ་གསལ་བར་སྣང་བ་ནི་ཡང་དག་པའི་དྲན་པའོ། །ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ། །དེ་བརྒྱད་ཀྱང་སྤྱོད་ལམ་གྱི་ཚེ་ན། ཡང་དག་པའི་ངག་དང་ལས་མཐའ་དང་འཚོ་བ་གསུམ་ལ་གནས་པར་བྱ་བ་ཡིན་ལ། ནང་དུ་ཏིང་ངེ་འཛིན་ལ་གནས་པའི་ཚེ་ན་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱ་བ་ཡིན་ནོ། །དེ་ཡང་ཡང་དག་པའི་ལྟ་བ་དང་རྟོག་པ་རྩོལ་བ་གསུམ་ལྷག་མཐོང་གི་ཕྱོགས་ཏེ། ཡང་དག་པའི་ལྟ་བ་ལྷག་མཐོང་ཉིད་ཡིན་ལ། རྟོག་པ་དང་རྩོལ་བ་གཉིས་ནི་ལྷག་མཐོང་གི་འཁོར་རོ། །ཡང་དག་པའི་ཏིང་ངེ་འཛིན་དང་དྲན་པ་ནི་ཞི་གནས་ཀྱི་ཕྱོགས་ཏེ་ཏིང་ངེ་འཛིན་ཞི་གནས་དངོས་དང་དྲན་པ་ཞི་གནས་དེའི་འཁོར་རོ།།

ལམ་ཡན་ལག་བརྒྱད་པོ་དེ་བཤད་པ་ནི། དེའི་འོག་ཏུ་ཇི་ལྟ་བ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ས་དང་པོ་ཐོབ་པ་དེ་ཡི་འོག་ཏུ་ས་གཉིས་པ་ཡན་ཆད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་པ་ནི་ཆོས་རབ་རྣམ་འབྱེད་ཀྱི་བྱང་ཆུབ་ཡན་ལག་གིས་བདག་མེད་གཉིས་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྗེས་སུ་འཇུག་པའི་སྒོ་ནས་ཆོས་ཀྱི་དབྱིངས་དེ་ཉིད་རྟོགས་ཤིང་བསྒོམ་པ་ནི་ཡང་དག་པའི་ལྟ་བ་སྟེ་ཡང་དག་པའི་ལྟ་བས་དེ་ཁོ་ན་ཉིད་ཇི་ལྟར་ཁོང་དུ་ཆུད་པ་དེ་ཉིད། འདི་དང་འདི་ལྟ་བུའོ་ཞེས་རྣམ་པར་བཞག་པར་བྱེད་པ་ནི་ཡང་དག་པའི་རྟོག་པའོ། །དེས་ཇི་ལྟར་རྣམ་པར་འཇོག་པར་བྱེད་ན་དེ་ཁོ་ན་ཉིད་ཀྱི་དོན་འདི་དང་འདི་ལྟ་བུ་ཞེས་མིང་ཚིག་ཡི་གེས་བསྟན་པའི་གཙུག་ལག་ཏུ་བྱས་པ་མདོ་སྡེ་ལ་སོགས་པ་ནི་རྣམ་པར་བཞག་པའི་ཆོས་ཞེས་བྱ་སྟེ་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པ་རྣམ་པར་བཞག་པའི་ཕྱིར་རོ། །དེས་ན་རྣམ་པར་བཞག་པ་དེ་ཡི་དོན་ཇི་ལྟ་བ་བཞིན་དུ་རང་གིས་རྟོགས་པ་དང་གཞན་ལ་དེ་ལྟར་འཆད་པ་དང༌། རྣམ་པར་བཞག་པ་ཡི་ལུང་དེ་ཉིད་ལ་དགོངས་དོན་མ་ནོར་བར་འབྱེད་པའི་སྒོ་ནས་འཇུག་པ་ནི་ཡང་དག་པའི་རྟོག་པའོ། །ངག་དང་ལས་མཐའ་འཚོ་བ་གསུམ་གྱིས་ལས་གསུམ་རྣམ་པར་དག་པ་དང༌། བསྐལ་པ་གྲངས་མེད་པ་གཉིས་སུ་ཡང་དག་པའི་རྩོལ་བ་བརྟེན་པ་ནི། ཤེས་བྱའི་སྒྲིབ་པའི་གཉེན་པོར་སྒོམ་པ་དག་དང༌། དེ་བཞིན་དུ་ཡང་དག་པའི་དྲན་པ་ནི་ལམ་གྱི་སྒྲིབ་པའི་གཉེན་པོར་བསྒོམ་སྟེ། ཞི་གནས་དང་ལྷག་མཐོང་གི་ལམ་བསྒོམ་པའི་དུས་ན་ལམ་དེའི་སྒྲིབ་པ་བྱིང་བ་དང་རྒོད་པ་བྱུང་ན་ཞི་གནས་ཀྱི་མཚན་མ་དང་རབ་ཏུ་འཛིན་པའི་མཚན་མ་དང་བཏང་སྙོམས་ཀྱི་མཚན་མ་གསུམ་གོང་དུ་བཤད་པ་ལྟར་དྲན་པའི་སྟོབས་ཀྱིས་སྒྲིབ་པ་དེ་དག་བསལ་བའི་ཕྱིར་དང་ནི། ཡང་དག་པའི་ཏིང་ངེ་འཛིན་ནི་མངོན་པར་ཤེས་པ་དྲུག་སོགས་མཐུའི་ལེའུ་ལས་བཤད་པ་ལྟར་གྱི་ཡོན་ཏན་ཁྱད་པར་ཅན་གྱི་ནི་སྒྲིབ་པའི་གཉེན་པོར་བསྒོམ་པ་ནི།།

གཉིས་པ་ཞི་གནས་ལྷག་མཐོང་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་ནི། ཡང་དག་གནས་པ་སོགས་སོ།།

ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌།།

ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན།།

དེ་ནི་ཀུན་འགྲོ་ཆ་གཅིག་དང༌། །ཆ་གཅིག་མ་ཡིན་རྒྱུར་འདོད་དོ།།

རྟོགས་དང་ངེས་པར་འབྱུང་བ་དང༌། །མཚན་མེད་འདུ་མི་བྱེད་པ་དང༌།།

ཡང་དག་རྣམ་པར་དག་པ་ལ། །བརྟེན་པའི་ཞི་གནས་ལྷག་མཐོང་གི།

རྣལ་འབྱོར་དེ་ས་ཀུན་འགྲོ་སྟེ། །ཐམས་ཅད་སྒྲུབ་པར་བྱེད་པ་ཡིན།།

ཡང་དག་པར་གནས་པ་ནི་གཟུགས་ཁམས་ཀྱི་བསམ་གཏན་བཞི་ཟག་པ་མེད་པ་ལ་བརྟེན་ནས་སེམས་ལས་གཞན་པའི་ཆོས་མེད་པས་སེམས་ཙམ་སེམས་ནི་རྩེ་གཅིག་ཏུ་འཇོག་པའི་ཕྱིར་ཞི་གནས་དང༌། ཞི་གནས་དེ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་རྣམ་པར་མི་རྟོག་པ་ནི་ལྷག་མཐོང་སྟེ། དེ་ལྟར་ཐེག་པ་ཆེན་པོའི་ཞི་གནས་དང་ནི་ལྷག་མཐོང་གི་མཚན་ཉིད་མདོར་བསྟན་པ་ཡིན་ནོ། །ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བ་བསྟན་པ་ནི། ཞི་ལྷག་གཉིས་པོ་དེ་ནི་ཡོན་ཏན་སྒྲུབ་པ་དང་བསྒོམ་པ་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་ཡིན་ཏེ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང༌། བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པར་འདོད་པ་དང༌། མངོན་ཤེས་ལ་སོགས་པ་ཐོབ་པར་འདོད་པ་དེ་དག་ཀུན་ལ་མེད་དུ་མི་རུང་བས་ཀུན་ཏུ་འགྲོ་བ་ཞེས་བྱ་སྟེ་བསྒོམ་པ་ཐམས་ཅད་ཀྱི་དངོས་གཞི་ནི་འདི་གཉིས་ཡིན་ནོ། །ཆ་གཅིག་དང་ཞེས་པ། གཟུགས་མེད་པའི་སྙོམས་འཇུག་བཞི་སྒོམ་པ་ནི་ཞི་གནས་ཤས་ཆེ་ལ་ལྷག་མཐོང་ཤས་ཆུང་བས་ཆ་གཅིག་དང༌། གཟུགས་ཁམས་ཀྱི་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་གསུམ་ནི་ལྷག་མཐོང་ཤས་ཆེ་ལ་ཞི་གནས་ཤས་ཆུང་བས་དེ་ཡང་ཕྱོགས་གཅིག་གམ་ཆ་གཅིག་པའོ། །ཆ་གཅིག་མ་ཡིན་ཞེས་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་ཤས་ཆེ་ཆུང་མེད་པས་ཆ་གཅིག་པའི་ཕྱོགས་མ་ཡིན་པ་ནི་གཟུགས་ཁམས་ཀྱི་བསམ་གཏན་བཞི་པ་བསྒོམ་པའི་དུས་ནའོ། །མོས་པས་སྤྱོད་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ནི་ས་དང་པོ་ཐོབ་པའི་རྒྱུར་འདོད་དོ། །ས་དང་པོའི་དུས་ཀྱི་ཞི་ལྷག་ནི་རབ་ཏུ་རྟོགས་པའི་ཞི་ལྷག་ཞེས་ཏེ་དེ་ཚེ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་ཕྱིར་དང༌། ས་གཉིས་པ་ནས་དྲུག་པའི་བར་གྱི་ཞི་གནས་དང་ལྷག་མཐོང་ནི་ངེས་པར་འབྱུང་བའི་ཞི་ལྷག་ཞེས་བྱ་སྟེ། མཚན་མ་ཐམས་ཅད་རིམ་གྱིས་སྤོང་བར་བྱེད་ཅིང་མཚན་མ་མེད་པས་བདུན་པར་ངེས་པར་འབྱུང་བའི་ཕྱིར་དང༌། ས་བདུན་པའི་དུས་ཀྱི་ཞི་ལྷག་ནི་མཚན་མ་མེད་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱ་སྟེ། དེའི་དུས་ན་མདོ་སྡེ་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ལ་མཚན་མ་ཐ་དད་པར་མི་བྱེད་ཅིང་ཐམས་ཅད་མཚན་མ་མེད་པར་རོ་གཅིག་པར་བསྒོམ་པའི་ཕྱིརརོ། །ས་བརྒྱད་པ་དང་དགུ་པ་དང་བཅུ་པའི་དུས་ན་ཞི་ལྷག་བསྒོམ་པ་ནི་འདུ་མི་བྱེད་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱ་སྟེ། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་ཞི་གནས་དང་ལྷག་མཐོང་ལ་གནས་པའི་ཕྱིར་དང༌། དག་པའི་ས་དེ་གསུམ་གྱི་ཞི་ལྷག་བསྒོམ་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱ་ལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པ་སངས་རྒྱས་ཀྱི་ས་འཐོབ་པར་བྱེད་པས་རྣམ་པར་དག་པ་ཞེས་བྱ་སྟེ། དེ་ལྟར་ས་དང་ས་རྣམས་ལ་བརྟེན་པའི་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་དེ་ནི་མོས་སྤྱོད་ནས་ས་བཅུ་པའི་བར་གྱིས་ཀུན་ཏུ་འགྲོ་བ་སྟེ། དེ་ནི་བདག་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་དང༌། འོག་མ་འོག་མས་ས་གོང་མའི་ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ།།

གསུམ་པ་བསྒོམ་པ་ཁྱད་པར་དུ་བྱེད་པའི་ཡན་ལག་ལ། དོན་ཆེན་པོ་བསྒྲུབ་པ་ལ་ཚེགས་ཆུང་ཞིང་བསླུ་བ་མེད་པར་བྱེད་པའི་ཐབས་མཁས་དང༌། སྔར་གཟུང་བའི་ཆོས་རྣམས་མི་བརྗེད་པའི་གཟུངས་དང༌། མ་འོངས་པའི་ཡོན་ཏན་རྣམས་ཐོབ་པར་བྱེད་པའི་སྨོན་ལམ་དང༌། ལམ་ཡོངས་སུ་དག་པར་བྱེད་པ་ཏིང་ངེ་འཛིན་དང་སྡོམ་བཞི་བསྟན་པ་བཞི་ལས། དང་པོ།

སངས་རྒྱས་ཆོས་རྣམས་རྫོགས་བྱ་དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱ་དང༌།།

མྱུར་ཐོབ་བྱ་བ་འགྲུབ་པ་དང༌། །ལམ་རྒྱུན་མི་གཅོད་ལ་མཁས་པ།།

བྱང་ཆུབ་སེམས་དཔའི་ས་ཀུན་ལ། །ཐབས་ནི་མཚུངས་པ་མེད་པ་སྟེ།།

ཐབས་མཁས་དེ་ལ་བརྟེན་ནས་ནི། །དེ་དག་དོན་ཀུན་སྒྲུབ་པར་བྱེད།།

སངས་རྒྱས་ཀྱི་ཆོས་ནི་ས་དང་ཕར་ཕྱིན་དང་བྱང་ཆུབ་ཕྱོགས་མཐུན་སོགས་ལམ་གྱི་ཆོས་དང༌། འབྲས་བུ་སྟོབས་དང་མི་འཇིགསཔ་དང་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་རྣམས་ཐམས་ཅད་རྫོགས་པར་བྱ་བའི་ཐབས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ལམ་དང་འབྲས་བུའི་ཆོས་གང་ལ་ཡང་མཚན་མར་དམིགས་པ་མེད་པས་ཡོངས་སུ་རྫོགས་པར་འགྱུར་ཏེ། ཤེར་ཕྱིན་འབུམ་པ་ལས། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་བཞིན་ནོ།།

སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའམ་བྱ་བའི་ཐབས་ནི་བསྡུ་བའི་དངོས་པོ་བཞི་སྟེ། དེས་སེམས་ཅན་མི་དགེ་བའི་གནས་ལས་བསླང་ནས་དགེ་བའི་གནས་སུ་འཇོག་པར་བྱེད་པའི་ཕྱིར་རོ། །མངོན་པར་ཤེས་པ་མྱུར་དུ་ཐོབ་ཅིང་མྱུར་དུ་མངོན་པར་འཚང་རྒྱ་བ་ཐོབ་པའི་ཐབས་ནི་མདོ་ལས་སྡིག་པ་ཐམས་ཅད་ནི་བཤགས་པར་བྱའོ། །བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་བར་བྱའོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །བདག་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་འཚང་རྒྱ་བར་གྱུར་ཅིག་ཅེས་གསུངས་པ་དེ་བཞིན་དུ་བཤགས་པ་དང༌། ཡི་རང་གསོལ་བ་དང་བསྔོ་བ་བསྟན་པ་འདི་ལྟ་བུའོ། །བྱ་བ་འགྲུབ་པའི་ཐབས་ནི་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་གཉིས་ཏེ། གཟུངས་ཀྱིས་ཆོས་ཀྱི་ཚིག་དང་དོན་མི་བརྗེད་པར་འཛིན་པས་བདག་གི་དོན་དུ་བྱ་བ་འགྲུབ་ལ། ཏིང་ངེ་འཛིན་གྱིས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་པའི་སྒོ་ནས་གཞན་གྱི་དོན་བྱ་བ་འགྲུབ་བོ། །ལམ་རྒྱུན་མི་གཅོད་པ་ལ་མཁས་པ་ནི་དེ་བཞིན་གཤེགས་པའི་གདུང་ངམ་རིགས་རྒྱུན་མི་གཅོད་པ་སྟེ། མི་གནས་པའི་མྱང་འདས་སྒྲུབ་པའི་ལམ་ཤེས་རབ་དང་སྙིང་རྗེ་གཉིས་སོ། །དེ་ཡང་ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེས་ཞི་མཐར་མི་གནས་པའོ། །དེ་ཡང་ཀུན་རྫོབ་དང་དོན་དམ་པའི་སེམས་རྣམ་པ་གཉིས་ཟུང་འབྲེལ་དུ་བསྐྱེད་པ་ལ་ནི་ཐབས་དེ་གཉིས་ཀ་ཚང་ཞིང་གཞན་རྣམས་ཀྱང་དོན་གྱིས་དེར་འདུས་པས་ཐབས་མཁས་ཀྱི་མཆོག་གཅིག་ཆོག་ཡིན་ནོ། །དེ་ལྟར་ན་ཐབས་ལ་མཁས་པ་རྣམ་པ་ལྔ་པོ་དེ་ནི་བྱང་ཆུབ་སེམས་དཔའི་མོས་སྤྱོད་དང་འཕགས་པའི་ས་བཅུ་པོ་ཀུན་ལ་འགྲོ་ཞིང༌། ཐེག་པ་དམན་པར་མི་འཇུག་ཅིང་ཐེག་ཆེན་གྱི་ལམ་དང་འབྲས་བུ་འགྲུབ་པའི་ཐབས་དེ་ལྟ་བུ་ནི་འཇིག་རྟེན་པ་དང༌། ཉན་རང་གི་ཐབས་དང་མཚུངས་པ་མེད་པ་སྟེ་ཐབས་ལ་མཁས་པ་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་དང་གཞན་གྱི་དོན་ཀུན་བདེ་བླག་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ།།

གཉིས་པ་གཟུངས་ནི།

རྣམ་སྨིན་ཐོས་ལ་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི།།

ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ།།

བློ་ལྡན་མ་ཞུགས་ཞུགས་པ་ཡང༌། །མ་དག་ས་པ་རྣམས་ཀྱི་ནི།།

ཆུང་ངུ་དང་ནི་འབྲིང་པོ་སྟེ། །དག་པའི་ས་པའི་གཟུངས་ཆེན་ཡིན།།

བྱང་ཆུབ་སེམས་དཔའ་ཡང་དང་ཡང༌། །དེ་ལ་ཡང་དག་བརྟེན་ནས་ནི།།

རྟག་ཏུ་དམ་པའི་ཆོས་དག་ཀྱང༌། །རབ་ཏུ་སྟོན་ཅིང་འཛིན་པར་བྱེད།།

དྲན་པ་དང་ཤེས་རབ་ཁྱད་པར་ཅན་གྱི་སྒོ་ནས་གསུང་རབ་ཀྱི་ཚིག་དོན་མ་ལུས་པ་ཆུད་མི་ཟ་བར་འཛིན་པ་དང༌། སྔོན་མ་ཐོས་པའི་ཆོས་དང་དོན་རྣམས་ཀྱང་སེམས་ལ་སྣང་བ་དང༌། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་བ་ཡིན་ལ། གཟུངས་ཐོབ་པ་དེ་ཡང་ཚེ་རབས་གཞན་དུ་དམ་པའི་ཆོས་དྲིས་པ་དང༌། མཆོད་པ་དང༌། བཅངས་པ་དང༌། བཀླག་པ་ལ་སོགས་པ་གཟུངས་འཐོབ་པར་འགྱུར་བའི་དགེ་བ་བསགས་པས་ཆོས་གང་ལན་གཅིག་བཤད་པས་ཚིག་དོན་རྣམས་ཀུན་ནས་འཛིན་པར་ནུས་པ་ནི་རྣམ་པར་སྨིན་པ་ལས་བྱུང་བའི་གཟུངས་དང༌། ཚེ་འདིར་དགེ་བའི་བཤེས་གཉེན་དུ་མ་ལས་ཆོས་མང་པོ་ཐོས་པ་ལ་གོམས་པར་བྱས་པས། སངས་རྒྱས་དང་བྱང་སེམས་དང་མཁན་སློབ་ལ་སོགས་པས་བཤད་པའི་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པ་ནི་ཐོས་པ་ལ་གོམས་པའི་གཟུངས་དང༌། གང་གིས་སྟོང་ཉིད་མཚན་མེད་སྨོན་མེད་ལ་སོགས་པའི་ཏིང་ངེ་འཛིན་གང་རུང་གོམས་པའི་དབང་གིས་ཆོས་ལན་ཅིག་ཐོས་པས་འཛིན་ནུས་པ་ནི། ཏིང་ངེ་འཛིན་གྱི་གཟུངས་ཞེས་བྱའོ། །རྣམ་སྨིན་དང་ཐོས་པ་ལས་བྱུང་བའི་གཟུངས་ཆུང་ངུ་དང་ནི་ཏིང་ངེ་འཛིན་ལས་བྱུང་བའི་གཟུངས་ནི་ཆེན་པོ་སྟེ། ཆེན་པོ་དེ་ལ་ཡང་རྣམ་པ་གསུམ་ཡོད་པ་ནི་བློ་ལྡན་འཕགས་པའི་ས་ལ་མ་ཞུགས་མོས་སྤྱོད་པ་རྣམས་ཀྱིས་ཏིང་ངེ་འཛིན་བསྒོམ་པ་ལས་བྱུང་བ་ནི་ཆུང་ངུ་དང༌། འཕགས་པའི་ས་ལ་ཞུགས་པ་ཡང་མ་དག་ས་བདུན་པོ་ལ་གནས་པ་རྣམས་ཀྱི་ནི་འབྲིང་པོ་སྟེ། དག་པའི་ས་གསུམ་ལ་གནས་པའི་གཟུངས་ནི་ཆེན་པོ་ཡིན་ནོ། །འདི་དག་ནི་གཟུངས་ཀྱི་དབྱེ་བའོ། །གཟུངས་ཀྱི་བྱེད་ལས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དང་ཡང་དུ་རྒྱུན་མི་འཆད་པར་རྣམ་སྨིན་ལ་སོགས་པའི་གཟུངས་གསུམ་པོ་དེ་ལ་ཡང་དག་པར་བརྟེན་ནས་ནི། དུས་རྟག་ཏུ་དམ་པའི་ཆོས་དག་ཀྱང་གཞན་ལ་རབ་ཏུ་སྟོན་ཅིང་རང་གིས་དེའི་ཚིག་དང་དོན་འཛིན་པར་བྱེད་དོ།།

གསུམ་པ་སྨོན་ལམ་ནི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ནི།

བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ།།

དེ་ནི་ཡེ་ཤེས་ཀྱིས་བསྐུལ་བ། །ས་རྣམས་ཀུན་ལ་མཉམ་པ་མེད།།

དེ་ནི་རྒྱུ་གྱུར་ཤེས་བྱ་སྟེ། །སེམས་ཙམ་ལས་ནི་འགྲུབ་པའི་ཕྱིར།།

སེམས་ལས་མོད་ལ་འབྲས་བུ་ཅན། །དེ་ནི་མ་འོངས་དོན་འགྲུབ་བྱེད།།

སྣ་ཚོགས་ཆེ་དང་བྱང་ཆུབ་པར། །ས་རྣམས་གོང་ནས་གོང་དུ་ནི།།

རྣམ་དག་བྱང་ཆུབ་སེམས་དཔའ་ཡི། །རང་བཞིན་དོན་རབ་སྒྲུབ་བྱེད་ཡིན།།

བྱང་ཆུབ་ཆེན་པོ་སོགས་གང་འདོད་པའི་འབྲས་བུ་ལ་སེམས་ཤིང་དེ་དོན་དུ་གཉེར་བའི་འདུན་པ་དང་བཅས་པ་སྟེ། དེ་ཡང་སྨོན་པར་བྱ་བའི་ཡུལ་ལེགས་པར་ཤེས་པའི་ཡེ་ཤེས་ཀྱིས་བསྐུལ་བ་སྟེ། རང་དོན་དུ་ཟག་བཅས་ཀྱི་དངོས་པོ་ལ་སྨོན་པ་ལྟ་བུ་མ་ཡིན་པས་ཡེ་ཤེས་ཁྱད་པར་ཅན་གྱིས་སེམས་པ་བསྐུལ་ནས་དེ་ཡིད་དུ་འདོད་ཅིང་ཚིག་ཏུའང་སྨོན་ལམ་འདེབས་པ་སྨོན་ལམ་གྱི་རྒྱུའམ་ངོ་བོའོ། །སྐབས་འདིར་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའམ། ཡང་ན་ཡེ་ཤེས་དེ་འཐོབ་པའི་ཕྱིར་བསྔོས་པ་ནི་ཡེ་ཤེས་ཀྱིས་བསྐུལ་བའོ་ཞེས་འགྲེལ་ཆེན་དུ་གསུངས། ས་རྣམས་ཀུན་ལ་མཉམ་པ་མེད་ཅེས་པས་སྨོན་ལམ་གྱི་ས་བསྟན་ཏེ། མོས་སྤྱོད་དང་ས་བཅུ་པོ་ཀུན་གྱི་གནས་སྐབས་དེ་དང་དེ་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་འདེབས་པ་ནི། འཇིག་རྟེན་པའི་སྨོན་ལམ་དང༌། ཉན་རང་གི་སྨོན་ལམ་དང་མཉམ་པ་མེད་པ་ཡིན་ནོ།།

སྨོན་ལམ་གྱི་ཡོན་ཏན་ནི། སྨོན་ལམ་དེ་ནི་རང་དང་གཞན་གྱི་དོན་གཉིས་འགྲུབ་པའི་རྒྱུར་གྱུར་པ་ཤེས་པར་བྱ་སྟེ། ཚེ་འདིར་བདག་དང་གཞན་གྱི་དོན་གཉིས་འགྲུབ་པ་དང༌། ཚེ་རབས་གཞན་དུ་བདག་དང་གཞན་གྱི་དོན་གཉིས་འགྲུབ་པར་བྱེད་དོ། །དེ་ཡང་ལུས་དང་ངག་གི་སྒོ་ནས་དོན་དེ་ཡི་ཆེད་དུ་ལས་གཞན་བྱས་པ་མེད་ཀྱང༌། སྨོན་པའི་སེམས་ཙམ་ལས་ནི་ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པའི་ཕྱིར། སེམས་ཀྱིས་ཇི་ལྟར་འདུན་ཞིང་སྨོན་པ་ལས་དེའི་མོད་མཐོང་བའི་ཆོས་ལ་འབྲས་བུ་འབྱིན་པ་ཅན་དང༌། སྨོན་ལམ་དེ་ནི་མ་འོངས་པའི་དོན་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །སྨོན་ལམ་གྱི་དབྱེ་བ་ནི། མོས་པས་སྤྱོད་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ནི་སྣ་ཚོགས་ཏེ། དེའི་དུས་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་མ་རྟོགས་ཤིང༌། འཁོར་བའི་ཉེར་འཚེ་མཐོང་ནས་དེ་དང་དེ་ཞི་བའི་སྒོ་དང༌། ཡོན་ཏན་ལ་དམིགས་ནས་དེ་དང་དེ་ལྟ་བུ་བསྒྲུབ་པར་འདོད་པས་བདག་མ་འོངས་པ་ན་སེམས་ཅན་གྱི་དོན་དུ་འདི་དང་འདི་ལྟར་གྱུར་ཅིག་ཅེས་སོགས་སྨོན་ལམ་འདེབས་པ་དང་ཐ་དད་པ་མི་མཐུན་སྣ་ཚོགས་ཡོད་དོ། །ས་དང་པོ་ལ་ཞུགས་ནས་སྨོན་ལམ་ཆེན་པོ་བཅུ་མངོན་པར་སྒྲུབ་པའི་ཕྱིར་སྨོན་ལམ་རྒྱ་བ་དང༌། དེ་ནས་བརྩམས་ཏེ་མཐར་ཐུག་གི་བྱང་ཆུབ་ཆེན་པོ་ཐོབ་ཀྱི་བར་དུ། ས་གཉིས་པ་སོགས་ས་ལྷག་མ་རྣམས་ལ་གོང་ནས་གོང་དུ་ནས་སྨོན་ལམ་རྒྱ་ཆེ་ཞིང་ཁྱད་པར་དུ་འཕགས་པ་དང་རྣམ་པར་དག་པར་འགྱུར་རོ། །སྨོན་ལམ་གྱི་བྱེད་ལས་ནི། སྨོན་ལམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཡིས་རང་དང་གཞན་གྱི་དོན་གཉིས་སྒྲུབ་པར་བྱེད་དེ། བསོད་ནམས་ཀྱི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུས། ལུས་དཔག་ཏུ་མེད་པ་དང༌། འོད་ཟེར་དཔག་ཏུ་མེད་པ་དང༌། རྫུ་འཕྲུལ་དཔག་ཏུ་མེད་པས་བདག་དང་གཞན་གྱི་དོན་སྒྲུབ་པ་ནི་ཚིག་གིས་བརྗོད་པར་སླ་བ་མ་ཡིན་ནོ་ཞེས་མདོ་ལས་གསུངས་པས་མཚོན་ནས་ཤེས་པར་བྱའོ།།

བཞི་པ་ལ་ཡུལ་ཅན་ཏིང་ངེ་འཛིན་གསུམ་བཤད་པ་དང༌། དེའི་ཤེས་པར་བྱ་བའི་ཡུལ་ཆོས་ཀྱི་སྡོམ་བཞི་བཤད་པ་གཉིས་ལས། དང་པོ།

ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང༌།།

བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟག་ཉེར་ཞི་ཡིན་ཞེས་བྱ།།

དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །རྣམ་པ་གསུམ་དུ་ཤེས་པར་བྱ།།

རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རབ་ཏུ་དགའ་དང་ལྡན་པ་འོ།།

ཡོངས་སུ་ཤེས་དང་སྤང་བ་དང༌། །མངོན་སུམ་དུ་ནི་བྱ་བའི་ཕྱིར།།

སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །དོན་རྣམ་གསུམ་དུ་ཡོངས་སུ་བསྒྲགས།།

སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་ནི་ལམ་གྱི་གཙོ་བོ་ཡིན་པས་དེ་བཤད་པ། ཏིང་ངེ་འཛིན་གསུམ་གྱི་སྤྱོད་ཡུལ་ལམ་དམིགས་པའི་ཡུལ་ནི། ཀུན་ཏུ་བརྟགས་པའི་གང་ཟག་དང་ཆོས་ལ་བདག་མེད་པ་རྣམ་པ་གཉིས་པོ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ནི། གཞན་དབང་རྟེན་འབྲེལ་གྱི་སྣང་བ་བདག་གཉིས་སུ་འཛིན་པའི་རྟེན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཡིན་པ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ནི། བདག་གཉིས་སུ་སྒྲོ་འདོགས་པའི་གཞིའམ་རྟེན་དེ་ཉིད་དུས་རྟག་ཏུ་རང་གི་ངོ་བོས་བདག་གཉིས་དང་བྲལ་བ་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཡོངས་སུ་གྲུབ་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །དེ་ལྟར་ཏིང་འཛིན་གསུམ་པོ་དེ་ནི་གཟུང་བ་དེ་གསུམ་ལ་དམིགས་ནས་དེ་ལྟར་འཛིན་པའི་ཏིང་ངེ་འཛིན་གསུམ་གྱི་ངོ་བོའི་ཕྱིར་ན། དམིགས་པ་མི་འདྲ་བའི་ཆ་ནས་འཛིན་པ་ཏིང་ངེ་འཛིན་དེ་ཡང་དེ་ལྟར་རྣམ་པ་གསུམ་དུ་ཤེས་པར་བྱའོ།།

ཏིང་ངེ་འཛིན་གསུམ་གྱི་རྣམ་པ་བསྟན་པ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་བདག་གཉིས་སུ་རྣམ་པར་མི་རྟོག་པའི་རྣམ་པ་ཅན་ནོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་མི་རྟག་ཅིང་སྡུག་བསྔལ་སྣ་ཚོགས་ཀྱི་གནས་ཡིན་པས་དེ་ལ་མ་ཆགས་ཤིང་རྒྱབ་ཀྱིས་ཕྱོགས་ནས་མི་སྨོན་པའི་རྣམ་པ་ཅན་ནོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མཚན་མ་དང་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དབྱིངས་དོན་དམ་པ་བདེན་པ་ལ་ཡིད་ཆེས་ཤིང་རབ་ཏུ་དགའ་བའི་རྣམ་པ་དང་ལྡན་པའོ།།

གསུམ་དུ་གྲངས་ངེས་པ་ནི། ཀུན་བརྟགས་པའི་བདག་གཉིས་ཡེ་ནས་མེད་པར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྟོང་ཉིད་ཀྱི་ཏིང་འཛིན་དང༌། བདག་གཉིས་སུ་འཛིན་པའི་རྟེན་མ་དག་གཞན་དབང་སྤང་བར་བྱ་བའི་ཕྱིར་སྨོན་མེད་ཀྱི་ཏིང་འཛིན་དང༌། ཡོངས་གྲུབ་འགོག་བདེན་མངོན་སུམ་དུ་ནི་བྱ་བའི་ཕྱིར་མཚན་མེད་ཀྱི་ཏིང་འཛིན་ཏེ། དེ་ལྟར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་པོ་རྣམས་ནི། དོན་རྣམ་པ་གསུམ་བཤད་མ་ཐག་པ་དེ་ཉིད་ཀྱི་ཕྱིར་དུ་ཡོངས་སུ་བསྒྲགས་པ་ཡིན་ནོ།།

གཉིས་པ་ཡུལ་ཆོས་ཀྱི་སྡོམ་བཞི་བཤད་པ་ལ། ངོ་བོ་ངོས་གཟུང་བ་དང༌། ཁྱད་པར་བསྒྲུབ་པ་གཉིས་ལས། དང་པོ།

སེམས་ཅན་རྣམས་ལ་ཕན་བཞེད་པས། །ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ།།

ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད།།

བརྟན་པ་རྣམས་ཀྱི་བཞི་པོ་དེ། །མེད་པའི་དོན་དང་རྣམ་རྟོག་དོན།།

ཀུན་ཏུ་རྟོག་དོན་ཁོ་ན་དང༌། །རྣམ་རྟོག་ཉེ་བར་ཞི་བའི་དོན།།

སྟོན་པ་མཚུངས་པ་མེད་པ་སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པར་བཞེད་པས་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་རྒྱུ་ཉིད་དུ་ཆོས་ཀྱི་དོན་མ་ལུས་པའི་མདོའམ་གནད་འདུས་པའི་སྡོམ་ནི་རྣམ་པ་བཞི་འདི་ལྟར།

འདུས་བྱས་ཐམས་ཅད་མི་རྟག་པའོ།།

ཟག་པ་དང་བཅས་པའི་འདུས་བྱས་ཐམས་ཅད་སྡུག་བསྔལ་བའོ།།

ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ།།

ཞེས་སུ་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་ཡིན་ནོ། །དེ་བཞི་ཏིང་ངེ་འཛིན་གྱི་རྒྱུ་ཇི་ལྟར་ཡིན་ན། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། འདུས་བྱས་ཐམས་ཅད་སྡུག་བསྔལ་བའི་སྡོམ་གཉིས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་དུ་བྱ་བའི་རྒྱུ་ཉིད་དུ་བཤད་དེ། འདུས་བྱས་མི་རྟག་པ་དང་སྡུག་བསྔལ་བའི་རང་བཞིན་ཤེས་ནས། སོག་ལེའི་སོ་དང་དུག་གི་བཟའ་བ་འདྲ་བའི་འདུས་བྱས་རྣམས་ལ་ཆགས་ཤིང་སྨོན་པར་མི་བྱེད་པས། སྨོན་མེད་ཀྱི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་སྡོམ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་འགྱུར་བའི་རྒྱུ་སྟེ། ཆོས་ཐམས་ཅད་ལ་གང་ཟག་དང་ཆོས་ཀྱི་བདག་གཉིས་ནི་ཀུན་བརྟགས་པ་ཙམ་ལས་དོན་ལ་མ་གྲུབ་པར་ཤེས་ན་སྟོང་ཉིད་ཀྱི་ཏིང་འཛིན་མངོན་དུ་བྱེད་པའི་ཕྱིར་རོ། །མྱ་ངན་འདས་པ་ཞི་བའོ། །ཞེས་པའི་མདོ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུ་སྟེ། གདོད་ནས་ཞི་བའི་ཡོངས་གྲུབ་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ལ་མཉམ་པར་བཞག་པས་སྤྲོས་པའི་མཚན་མ་ཐམས་ཅད་ཞི་བའི་མྱ་ངན་ལས་འདས་པ་འགོག་བདེན་མངོན་དུ་བྱེད་པའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང༌། ཞི་བ་ཞེས་པའི་དོན་བཞི་པོ་ཅི་ཡིན་ཞེ་ན། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་བཞི་པོ་དེ་ཡི་དོན་ནི་འདུ་བྱེད་རྣམས་བྱུང་ནས་སྐད་ཅིག་གཉིས་པར་མི་གནས་ཏེ་རྟག་པར་མེད་པའི་དོན་ནི་མི་རྟག་པའི་དོན་ཏེ། མི་རྟག་པའི་སྐད་དོད་ཨ་ནི་ཏ་ཏ་ཞེས་པའི་ནི་ཏ་ཏ་ནི་རྟག་པ་དང་ཨ་དགག་ཚིག་ཡིན་པས་རྟག་པ་མེད་པའམ་མི་རྟག་པ་ཞེས་བྱའོ། །འགྲེལ་ཆེན་ལས་སྐྱེ་ཞིང་འཇིག་པ་ཙམ་བྱང་ཆུབ་སེམས་དཔས་རྟོགས་བྱའི་མི་རྟག་པ་མ་ཡིན་ཏེ། བདག་གཉིས་སུ་ཀུན་བརྟགས་པ་ལྟར་རྟག་ཏུ་མེད་པའོ་ཞེས་གསུངས། བྱུང་ནས་འཇིག་པ་ལྟ་བུར་སྣང་ཡང༌། དམ་པའི་དོན་དུ་བྱུང་བའང་མེད་ན་འཇིག་པ་ག་ལ་ཡོད་དེ་མེད་དོ། །དེ་ལྟར་མེད་པ་ལ་རྟག་པར་འཛིན་པའི་གཞི་ཡང་མེད་པས་སྨོན་པར་བྱ་བ་མེད་པའང་ཡིན་ཏེ། འདི་ནི་དོན་དམ་པའི་དབང་དུ་བྱས་པར་མངོན་ནོ། །རྣམ་པར་རྟོག་པ་ཙམ་གྱི་དོན་ནི་སྡུག་བསྔལ་བ་སྟེ། མེད་བཞིན་དུ་གཟུང་བ་དང་འཛིན་པར་ཕྱིན་ཅི་ལོག་ཏུ་བརྟགས་པ་དེ་ཙམ་དུ་འཁོར་བ་ན་སྡུག་བསྔལ་བ་ཡིན་པར་ཤེས་པ་ནི་སྡུག་བསྔལ་གྱི་དོན་ཏོ། །བདག་མེད་པའི་དོན་ནི། གཟུང་འཛིན་དུ་སྣང་བའི་གཞན་དབང་ལ། གཟུང་བ་དང་འཛིན་པ་གང་ཟག་དང་ཆོས་སུ་ཀུན་ཏུ་རྟོག་པ་ཙམ་གྱི་དོན་ཁོ་ན་ལས། དེ་ལྟར་གྲུབ་པ་མེད་པའོ། །ཞི་བའི་དོན་ནི། ཡོངས་གྲུབ་ཀྱི་རང་བཞིན་ཤེས་ནས་གོམས་པ་མཐར་ཐུག་པའི་དུས་ན་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་དོན་ཡིན་ནོ།།

གཉིས་པ་ཁྱད་པར་བསྒྲུབ་པ་ལ། ད་ནི་མི་རྟག་པ་དང༌། བདག་མེད་པའི་དོན་རིགས་པས་བསྒྲུབ་པ་ལ། དང་པོ་འདུས་བྱས་ཐམས་ཅད་མི་རྟག་པར་བསྒྲུབ། མི་རུང་རྒྱུ་ལས་སྐྱེ་ཕྱིར་དང༌། ཞེས་པ་ནས། དེས་ན་ཕྱི་ནང་སྐད་ཅིག་མ་ཞེས་པའི་བར་ཚིགས་བཅད་བཅུས་བསྟན་ཏེ། འདི་ལ་ཡང་འདུས་བྱས་ཐམས་ཅད་མི་རྟག་པར་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་དང་པོ།

མི་རུང་རྒྱུ་ལས་སྐྱེ་ཕྱིར་དང༌། །འགལ་ཕྱིར་རང་ཉིད་མི་གནས་ཕྱིར།།

མེད་ཕྱིར་མཚན་ཉིད་ངེས་ཕྱིར་དང༌། །རྗེས་སུ་འཇུག་ཕྱིར་འགག་པའི་ཕྱིར།།

ཡོངས་སུ་འགྱུར་བ་དམིགས་ཕྱིར་དང༌། །དེ་རྒྱུ་ཉིད་དང་འབྲས་བུའི་ཕྱིར།།

ཟིན་པའི་ཕྱིར་དང་བདག་པོའི་ཕྱིར། །དགེ་དང་སེམས་ཅན་རྗེས་འཇུག་ཕྱིར།།

ཕྱི་དང་ནང་གི་འདུས་བྱས་རྣམས་སྐད་ཅིག་རེ་རེ་བཞིན་དུ་མི་རྟག་པ་ཡིན་པར་དམ་བཅས་ནས། མི་རུང་བའི་ཕྱིར་དང༌། རྒྱུ་ལས་སྐྱེས་ཕྱིར་སོགས། ཕྱིར་སྒྲས་བཅད་པ་ལྟར་དང༌། དག་པའི་ཕྱིར་དང་སེམས་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར་ཞེས་པའི་བར་གྱི་གཏན་ཚིགས་བཅུ་བཞི་བཀོད་པ་ཡིན་ནོ། །དེ་ཡང་མི་རུང་ཞེས་པར་མི་རུང་བའི་ཕྱིར་ཞེས་པའི་དོན་ཏེ་ཅི་ཞིག་མ་རུང་ཞེ་ན་འདུས་བྱས་རྣམས་ནི་རྒྱུ་རྐྱེན་ལས་སྐྱེས་ནས་ཇི་སྲིད་རྒྱུན་འགག་པར་མ་གྱུར་པ་དེ་སྲིད་དུ་ཆུ་བོའི་རྒྱུན་འཇུག་པ་བཞིན་སྐད་ཅིག་སྔ་མ་འགགས་ཤིང་ཕྱི་མ་སྐྱེ་བ་བར་མ་ཆད་པར་རྒྱུན་གྱིས་འབྱུང་བ་ཡིན་གྱི་སྐད་ཅིག་མ་མིན་ན་དངོས་པོ་དེ་སྐྱེས་ནས་ཡུན་རིང་ཐུང་སྣ་ཚོགས་སུ་འབྱུང་བའི་རྒྱུན་མི་རིགས་པའམ་མི་རུང་བའི་ཕྱིར་རོ། །གཞན་དག་ན་རེ་མི་རུང་བ་མ་ཡིན་ཏེ་དངོས་པོ་རྣམས་རྒྱུ་རྐྱེན་ཚོགས་པའི་དབང་གིས་སྐད་ཅིག་མ་དང་པོར་སྐྱེས་ནས་དེ་མ་ཐག་ཏུ་མི་འགག་པར། ཞག་དང་ཟླ་བ་ལོ་ལ་སོགས་པ་ཇི་སྲིད་འཇིག་པའི་རྐྱེན་དང་མ་འཕྲད་པ་དེའི་བར་དུ་དེ་ལྟར་གནས་སོ་ཟེར་ན། དེ་ལྟར་ན་སྐད་ཅིག་དང་པོ་སྣང་དུ་ཆུག་ཀྱང་གཉིས་པ་ཕན་ཆད་ལ་རྒྱུ་མེད་པའི་ཕྱིར་སྐད་ཅིག་དང་པོ་བྱུང་བའི་དེ་མ་ཐག་ཏུ་རྒྱུན་འབྱུང་བ་མེད་པར་འགག་པར་འགྱུར་ཏེ། སྐད་ཅིག་གཉིས་པ་སོགས་སུ་གནས་པའི་རྒྱུ་དང༌། མཐར་འགག་པའི་རྒྱུ་ཡང་བརྗོད་དགོས་ཀྱི་སྐད་ཅིག་དང་པོ་བསྐྱེད་པའི་རྒྱུ་དེས་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ལོ་དང་ཞག་དང་ཟླ་བ་སོགས་སུ་གནས་པ་དེ་འདྲ་བ་སྐྱེད་མི་ནུས་ཏེ། རྒྱུ་འབྲས་གཉིས་ཀ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟར་ན་ཆུ་བོའི་རྒྱུན་འབབ་པ་ནི་ཆུ་གསར་པ་གསར་པ་འབབ་པ་རྒྱུན་མ་ཆད་པ་ཡིན་གྱི། གསར་པ་རྒྱུན་ཆད་ན་རྒྱུན་འཆད་པར་འགྱུར་བ་དང༌། མར་མེའི་མེ་ལྕེའི་རྒྱུན་ཡང་རས་དང་སྣུམ་གྱི་རྒྱུ་ལས་སྣུམ་མ་ཟད་ཀྱི་བར་དུ་སྣུམ་མེ་ལྕེར་གྱུར་ཏེ་གསར་པ་གསར་པ་རྒྱུན་མ་ཆད་པར་འབྱུང་བ་ཡིན་གྱི་རྒྱུ་སྣུམ་ཟད་པས་འབྲས་བུ་མེ་ལྕེ་ཡང་རྒྱུན་འཆད་ཀྱི་མེ་ལྕེ་སྐད་ཅིག་དང་པོ་དེ་ཉིད་རྒྱུ་གཞན་སྣུམ་མེད་པར་ཡུན་ཅིག་ཏུ་གནས་པ་མ་ཡིན་པ་བཞིན་ནོ།།

ཁ་ཅིག་གིས་སྐད་ཅིག་གི་འཇིག་པ་མ་ཡིན་ན་རྒྱུན་མཐར་ཡང་འཇིག་པ་མི་རུང་བའི་ཕྱིར་ཞེས་འབྲུ་མནན་པ་ནི་དང་པོ་མི་འཇིག་མཐར་མི་འགྱུར་ཞེས་པ་དང་འདྲ་བས་དོན་ལ་མི་འགལ་ཡང༌། འགྲེལ་པས་གོང་ལྟར་བཤད་པ་བཞིན་གཟུང་དགོས་སོ། །ཡང་གཞན་དག་ན་རེ་སྐྱེས་ནས་ཇི་སྲིད་ཅིག་ཏུ་གནས་པ་ལ་རྒྱུ་གཞན་མི་དགོས་ཏེ་སྐད་ཅིག་དང་པོ་བསྐྱེད་པའི་རྒྱུ་དེས་དེ་ལྟར་གནས་པར་འཕངས་སོ་སྙམ་ན་མ་ཡིན་ཏེ། སྐད་ཅིག་དང་པོ་བསྐྱེད་པའི་རྒྱུ་དེས་དེ་བསྐྱེད་ནས་འགགས་ཟིན་པའི་ཕྱིར་སྐད་ཅིག་དུ་མར་གནས་པ་འཕེན་མི་སྲིད་དེ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་མི་སྲིད་པའི་ཕྱིར་མོ་གཤམ་གྱི་བུ་འཕངས་ཟེར་བ་དང་འདྲའོ། །སྐད་ཅིག་མིན་པའི་དངོས་པོ་རྒྱུས་བསྐྱེད་ན་རྟག་པའི་དངོས་པོ་ཡང་སྐྱེ་རིགས་ན་དེ་ནི་ཤིན་ཏུ་མི་རིགས་ཤིང་མི་རུང་བའི་ཕྱིར་རོ། །སྐད་ཅིག་དང་པོ་རྒྱུས་བསྐྱེད་ནས་ཇི་སྲིད་ཅིག་ཏུ་གནས་ནས་དེ་ནས་རང་ཉིད་འཇིག་པ་ལ་ཡང་རྒྱུ་གཞན་མེད་དེ་དང་པོ་རྒྱུ་དེ་ཁོ་ནས་དེ་ལྟར་བྱས་སོ་སྙམ་པ་ཡང་དེ་དང་འདྲ་སྟེ། ཇི་སྲིད་ཅིག་ཏུ་གནས་པ་དང་མཐར་འཇིག་པ་ལ་རྒྱུ་གཞན་མེད་པར་འདོད་པ་དེ་ལྟ་ན། སྐད་ཅིག་དང་པོ་ཡང་རྒྱུ་མེད་དུ་བྱུང་ངོ་ཞེས་ཅིས་མི་འདོད། སྐད་ཅིག་དང་པོ་རྒྱུ་མེད་པར་འབྱུང་བ་མངོན་སུམ་ཚད་མ་དང་འགལ་བས་ཁས་མི་ལེན་ན། རྒྱུ་ལས་སྐྱེ་ཕྱིར་དང་ཞེས་པ་ནི་དེ་ལྟར་སྐྱེས་ནས་དེའི་རྒྱུན་གནས་པ་འདི་ཡང་སྔ་མ་སྔ་མའི་སྐད་ཅིག་གི་རྒྱུ་ལས་སྐྱེ་བ་ཉིད་དུ་གྲུབ་པའི་ཕྱིར་དང༌། དེ་ལས་གཞན་པའི་རྒྱུ་མ་དམིགས་པའི་ཕྱིར་རོ། །གཞན་དག་ན་རེ་དངོས་པོ་རྣམས་སྐྱེ་བར་བྱེད་པའི་རྒྱུ་དེས་བསྐྱེད་ནས་སྐྱེས་ཟིན་པ་དེ་ཉིད་སླར་ཡང་ནས་ཡང་དུ་སྐྱེ་མི་དགོས་པར་སྐྱེས་པ་དེའི་ངང་ཚུལ་དུ་ཡུན་ཇི་སྲིད་གཅིག་ཏུ་གནས་པ་ཡིན་གྱི་དེའི་བར་དུ་སྐད་ཅིག་གཞན་དང་གཞན་སྐྱེ་བ་དང་འཇིག་པ་མེད་ལ་རྒྱུ་གཞན་ཡང་མི་དགོས་སོ་ཞེ་ན། དེ་མི་འཐད་པའི་འགལ་བ་བརྗོད་པ་ནི། དངོས་པོ་རྣམས་སྐྱེས་ནས་དེ་མ་ཐག་ཏུ་མི་འཇིག་པར་ཕྱིས་བཤིག་ན་འཇིག་པ་ཡིན་ན། དངོས་པོ་དེ་ཉིད་སྐད་ཅིག་གིས་མི་འཇིག་པར་གནས་པ་ཞིག་ཕྱིས་འཇིག་པ་ཡིན་ནམ། སྐད་ཅིག་གིས་འཇིག་པ་ཞིག་ཕྱིས་ཞིག་ནས་འགགས་པ་གང་ཡིན། དང་པོ་དངོས་པོ་སྐད་ཅིག་གིས་མི་འཇིག་པར་གནས་པ་ཡིན་ན། གནས་པའི་རང་བཞིན་ལ་འཇིག་པའི་རང་བཞིན་མེད་པས་གནས་པའི་དངོས་པོ་དེ་ཕྱིས་ཀྱང་མི་འཇིག་པར་འགྱུར་ཏེ་རྟག་ཏུ་གནས་པར་འགྱུར་རོ། །འཇིག་པའི་རང་བཞིན་ཅན་ཡིན་ན་འཇིག་པའི་རང་བཞིན་ལ་རྟག་པ་དང་ཡུན་དུ་གནས་པའི་རང་བཞིན་མེད་པས་སྐད་ཅིག་དང་པོ་ནས་འཇིག་པར་འགྱུར་གྱི་ཡུན་གཅིག་ཏུ་མི་འགགས་པར་གནས་པ་མི་སྲིད་པས་འགལ་ལོ། །གཞན་ཡང་དངོས་པོ་སྐྱེས་ནས་ཡུན་ཇི་ཙམ་པར་གནས་ནས་གཟོད་འགག་པར་འགྱུར་བ་ཡིན་ན། འགག་པའི་རྒྱུ་གང་ཡིན་བརྗོད་དགོས་སོ། །སྐྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་དོ་ཞེ་ན་འགལ་ཏེ། སྐྱེ་བ་ནི་དངོས་པོ་ཡོད་པ་དང༌། འགག་པ་དངོས་པོ་མེད་པ་རྒྱུ་གཅིག་གིས་སྐྱེད་ན་རྒྱུ་དེས་དངོས་པོ་ཡོད་པར་བྱེད་པ་དང་མེད་པར་བྱེད་པའི་འགལ་བ་གཉིས་བྱེད་པར་མི་རིགས་ཏེ། སྣང་བ་དང༌། མུན་པ་དང༌། གྲང་བ་དྲོ་བ་གཉིས་རྒྱུ་གཅིག་གིས་བྱེད་མི་སྲིད་པ་བཞིན་ནོ།།

འགལ་ཕྱིར་ཞེས་པ་ནི། དངོས་པོ་རྣམས་རང་སྐྱེས་ནས་སྐད་ཅིག་གཉིས་པར་མི་སྡོད་པར་འཇིག་པའི་ངང་ཚུལ་ཅན་མིན་པར་སྐྱེས་ནས་ཇི་སྲིད་ཅིག་ཏུ་རྟག་པ་གནས་ན་ལུང་དང་རིགས་པ་གཉིས་དང་འགལ་བའི་ཕྱིར་རོ། །ཇི་ལྟར་འགལ་ན་བཅོམ་ལྡན་འདས་ཀྱི་བཀའ་ལུང་ལས། འདུ་བྱེད་དག་ནི་རྒྱུ་རྐྱེན་ལས་སྐྱེ་བའི་སྒྱུ་མ་ལྟ་བུ་དང༌། སྐྱེ་ཞིང་འགག་པའི་ཆོས་ཅན་ཡིན་པའི་འཇིག་པ་དང༌། སྐྱེས་ནས་སྐད་ཅིག་མ་གཅིག་ལས་རིང་དུ་མི་གནས་པས་རེ་ཞིག་པ་དང༌། སྐྱེས་མ་ཐག་ཏུ་འཇིག་པས་ཡུན་ཐུང་ངུར་གནས་པ་ཞེས་གསུངས་པ་དང་འགལ་ལོ། །རིགས་པ་ཡང་རྣལ་འབྱོར་མངོན་སུམ་དང་འགལ་བ་ནི། རྣལ་འབྱོར་པ་འཕགས་པའི་བདེན་པ་བཞི་སྒོམ་ཞིང་ཡིད་ལ་བྱེད་པ་རྣམས་ཀྱིས་འདུ་བྱེད་ཐམས་ཅད་སྐད་ཅིག་གིས་སྐྱེ་བ་དང་འགག་པའི་མཚན་ཉིད་ཅན་དུ་མཐོང་སྟེ་སྐྱོ་བ་སྐྱེ་ཞིང་ཆགས་པ་དང་བྲལ་ནས་གྲོལ་ཞིང་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་གྱི། དེ་ལྟར་མཐོང་ན་སྐྱོ་ཞིང་ཆགས་བྲལ་དང་རྣམ་གྲོལ་ཉིད་དུ་མི་འགྱུར་ཏེ། དཔེར་ན་འཇིག་རྟེན་ཕལ་པ་རྣམས་ཀྱིས་མི་རྣམས་འཆི་བའི་དུས་སུ་འགག་པ་དང་མི་རྟག་པ་ཤེས་ནས་སྐྱོ་བ་སྐྱེ་ཡང་དེའི་བར་དུ་སྐྱོ་བ་མི་སྐྱེ་བར་གནས་པར་འདུ་ཤེས་བསྐྱེད་ནས་སུ་ཡང་འདུ་བྱེད་ཐམས་ཅད་ལ་སྐྱོ་བས་ཆགས་བྲལ་དུ་མ་གྱུར་པ་བཞིན་ནོ།།

རང་ཉིད་མི་གནས་ཕྱིར་ཞེས་པ་རྗེས་སུ་དཔག་པས་འགལ་བ་བརྗོད་པ་ནི། འདུ་བྱེད་རྣམས་སྐྱེས་མ་ཐག་ཏུ་མི་འཇིག་པ་ཇི་སྲིད་ཅིག་ཏུ་གནས་པ་ཡིན་ན། འདུ་བྱེད་རྣམས་རང་ཉིད་ཀྱི་མཐུས་གནས་སམ། རྒྱུ་རྐྱེན་གཞན་ཞིག་གི་མཐུས་གནས་པ་གང་ཡིན། དང་པོ་ལྟར་ན་རྟག་ཏུ་གནས་པ་རིགས་ན་ཡང༌། དུས་ཇི་སྲིད་དུ་མཐར་ཕྱིན་པར་གནས་ནུས་པའི་འདུ་བྱེད་གཅིག་ཀྱང་མེད་དེ། རང་གི་ངོ་བོས་སྐད་ཅིག་གིས་འཇིག་པའི་ངང་ཚུལ་ཅན་ཡིན་པ་དང༌། རྒྱུན་ཡང་རྐྱེན་དང་ཕྲད་ན་འཇིག་པ་ཡིན་པའི་ཕྱིར་རོ། །རྒྱུ་རྐྱེན་གཞན་གྱིས་གནས་པར་བྱེད་པའི་རྒྱུ་ནི་འདི་ཡིན་ནོ་ཞེས་རྒྱུ་གཞན་ཚད་མས་མ་དམིགས་པའི་ཕྱིར། རང་ཉིད་གྲུབ་ནས་སྐད་ཅིག་གཉིས་པར་མི་གནས་པའི་ཕྱིར་རོ།།

མེད་ཕྱིར་ཞེས་པ་ནི། གཞན་དག་ན་རེ་དངོས་པོ་རྣམས་ཇི་སྲིད་ཅིག་ཏུ་གནས་པ་ལ་རྒྱུ་གཞན་མི་དགོས་ཀྱི་རང་ཉིད་སྐྱེས་ཟིན་པ་དེ་ཉིད་ཇི་སྲིད་འཇིག་པའི་རྒྱུ་མ་ཕྲད་པ་དེ་སྲིད་དུ་གནས་ནས་གཟོད་འཇིག་རྒྱུ་ཕྲད་ན་འཇིག་སྟེ། དཔེར་ན་ལྕགས་སྔོན་པོ་དང་ཚ་བ་མེད་པར་ཇི་སྲིད་ཅིག་ཏུ་གནས་ནས་གཟོད་མེ་དང་ནམ་ཕྲད་ན་སྔོན་པོ་དང་བསིལ་བ་འགགས་ནས་དམར་པོ་དང་ཚ་བ་སྐྱེ་བ་དང༌། རྫ་ཡི་བུམ་པ་ཐོ་བ་དང་མ་ཕྲད་པའི་བར་དུ་གནས་ནས་ཐོ་བ་ཕྲད་པའི་ཚེ་བུམ་པ་ཞིག་ནས་གྱོ་མོར་འགྱུར་བ་ཞིག་ཡིན་ནོ་ཟེར་ན། དེ་མི་རིགས་ཏེ་དངོས་པོ་རྣམས་ངང་གིས་འཇིག་པ་ཡིན་གྱི་འཇིག་པའི་རྒྱུ་གཞན་མེད་པའི་ཕྱིར་རོ། །ཇི་ལྟར་མེད་ན་དཔེར་ན་རྡོ་གནམ་དུ་འཕང་བའི་ཚེ་གནམ་དུ་འཕེན་པའི་རྒྱུ་ལག་པ་སོགས་ཡོད་ཀྱི། ས་ལ་ལྟུང་བར་བྱེད་པའི་རྒྱུ་གཞན་མི་དགོས་ཏེ་རང་ཉིད་ངང་གིས་ལྷུང་བར་བྱེད་པ་བཞིན་དུ། དངོས་པོ་རྣམས་རང་རང་གི་སྐྱེད་རྒྱུས་བསྐྱེད་མ་ཐག་ཏུ་ངང་གིས་འཇིག་པ་ལ་རྒྱུ་གཞན་མི་དགོས་ཏེ། ལྕགས་ཀྱི་སྔོན་པོ་དང་བུམ་པའི་དབྱིབས་ནི། མེ་དང་ཐོ་བ་དང་མ་ཕྲད་པའི་སྔ་རོལ་ན་ཡང་སྐད་ཅིག་རེ་རེར་ངང་གིས་འཇིག་པ་ཡིན་པས། དེ་མེ་དང་ཐོ་བས་བཤིག་པ་མ་ཡིན་ལ། ལྕགས་དང་བུམ་པའི་སྐད་ཅིག་ཐ་མས་ཉེར་ལེན་གྱི་རྒྱུ་བྱས་མེ་དང་ཐོ་བས་ལྷན་ཅིག་བྱེད་རྐྱེན་བྱས་ནས་དམར་པོ་དང་གྱོ་མོའི་གནས་སྐབས་བསྐྱེད་པ་ན་ད་གཟོད་ལྕགས་ཀྱི་དམར་པོ་དང་བུམ་པ་བཤིག་གོ་ཞེས་བཟུང་ནས་དེའི་བར་དུ་རྟག་པ་སེམས་པ་ནི་རིགས་འདྲ་བར་མ་ཆད་པའི་རྒྱུན་ལ་འཁྲུལ་པ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ། ལྕགས་དང་བུམ་པ་ལ་རི་མོ་བྲིས་ན་དེ་འཇིག་རྒྱུ་མ་ཡིན་པར་ཁྱོད་འདོད་མོད། རི་མོ་མ་བྲིས་པའི་ལྕགས་དང་བུམ་པའི་གནས་སྐབས་འགགས་ནས་རི་མོ་བྲིས་པའི་གནས་སྐབས་ཐོབ་པ་ཡང༌། ལྕགས་དང་བུམ་པ་མི་རྟག་པ་མཚན་ཉིད་དུ་མཁས་པ་རྣམས་ཀྱིས་ཤེས་སོ། །དེས་ན་རྒྱུ་མི་འདྲ་བའི་ཁྱད་པར་ལས་དངོས་པོ་རྣམས་རྣམ་པ་མི་འདྲ་བར་སྣ་ཚོགས་སུ་འགྱུར་ལ། རྒྱུ་འདྲ་བའི་ཁྱད་པར་ལས་རིགས་འདྲ་བར་མ་ཆད་དུ་སྐྱེ་བ་ཡིན་ཡང༌། དེ་གཉིས་ཀ་སྐད་ཅིག་མ་ཡིན་པ་ལ་ནི་ཁྱད་པར་ཅུང་ཟད་མེད་དེ། སྐད་ཅིག་མ་མིན་པའི་དངོས་པོ་ལ་གནས་སྐབས་མི་འདྲ་བའི་ཁྱད་པར་ནམ་ཡང་དམིགས་པ་མི་སྲིད་དོ། །དེ་བཞིན་མེས་ཆུ་བསྐོལ་ནས་ཟད་པ་དང༌། བུམ་པ་གྱོ་མོར་བྱས་ནས་གཏུན་དུ་འཐག་པ་སོགས་འཇིག་རྒྱུར་འདོད་པ་ཐམས་ཅད་ལེགས་པར་བརྟགས་ན་དངོས་པོ་སྐད་ཅིག་མ་དང༌། རྐྱེན་གཞན་ཕྲད་པས་གནས་སྐབས་མི་འདྲ་བ་དེ་ལྟར་གྱུར་པ་ལས་དངོས་པོ་སྐད་ཅིག་མ་མ་ཡིན་པ་རྒྱུ་གཞན་གྱིས་བཤིག་པ་ཅུང་ཟད་མེད་དེ། རྫ་མཁན་གྱི་ལག་པ་དང་དབྱིག་གུ་སོགས་ཀྱིས་འཇིམ་པ་ལས་བུམ་པ་སྐྱེད་པར་བྱེད་པ་དང་འདྲའོ། །བུམ་པ་སྐྱེས་པའི་དུས་ན་འཇིམ་པའི་གནས་སྐབས་རང་ཁ་མ་ཞིག་པ་དང༌། ལག་པ་སོགས་ཀྱིས་འདུ་བྱེད་ཀྱང་ཞིག་ནས་འགག་པ་བཞིན་ནོ། །གཞན་ཡང་འཇིག་རྒྱུས་འཇིག་པར་བྱ་བའི་དངོས་པོ་དེ་རང་གི་ངོ་བོ་མི་འཇིག་པ་ཞིག་གམ། འཇིག་པ་གང་ཡིན། མི་འཇིག་ན་ནི་འཇིག་རྒྱུས་འཇིག་མི་ནུས་ལ། རང་འཇིག་ན་འཇིག་རྒྱུས་འཇིག་མི་དགོས་སོ། །གཞན་ཡང་འཇིག་རྒྱུས་དངོས་པོ་གང་དེ་འཇིག་པའི་དུས་ན། དངོས་པོ་དེ་ཉིད་བྱས་སམ། དེ་ལས་གཞན་ཞིག་བྱས། དངོས་པོ་དེ་ཉིད་བྱས་ན་སྐྱེད་པར་བྱས་ཀྱི་འཇིག་པར་མ་བྱས་ལ། དངོས་པོ་དེ་ལས་གཞན་ཞིག་བྱས་ན། དངོས་པོ་དེ་ལ་ཅི་ཡང་མ་བྱས་པས། སྣམ་བུ་བྱས་པས་ཀ་བ་འཇིག་པ་མ་ཡིན་པ་བཞིན་ནོ།།

མཚན་ཉིད་ངེས་པའི་ཕྱིར་ཞེས་པ་ནི། འདུས་བྱས་ཐམས་ཅད་ཀྱི་མཚན་ཉིད་ནི་མི་རྟག་པར་གཅིག་ཏུ་ངེས་ཀྱི་འདུས་བྱས་ཁ་ཅིག་རྟག་པ་དང༌། ཁ་ཅིག་མི་རྟག་པ་དང༌། ཁ་ཅིག་རྟག་མི་རྟག་གཉིས་ཀ་དང༌། ཁ་ཅིག་རྟག་མི་རྟག་གཉིས་ཀ་མ་ཡིན་པ་ལྟ་བུའི་ཁྱད་པར་ཡོད་པ་མ་ཡིན་པས། བཅོམ་ལྡན་འདས་ཀྱིས་ཀྱང་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་མགོ་གཅིག་ཏུ་ལུང་བསྟན་པ་ཡིན་ནོ། །གལ་ཏེ་དངོས་པོ་རྣམས་རེ་ཞིག་རྟག་ལ་དེ་ནས་མི་རྟག་ན་རྟག་མི་རྟག་གཉིས་ཀར་འགྱུར་ན་མི་སྲིད་པས་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པའི་ངང་ཚུལ་ཅན་ལས་མི་འདའ་སྟེ་མེའི་རང་བཞིན་ཚ་བ་བཞིན་ནོ།།

རྗེས་སུ་འཇུག་ཕྱིར་ཞེས་པ་ནི། གཞན་དག་ན་རེ་དངོས་པོ་ཐམས་ཅད་སྐད་ཅིག་གིས་མི་རྟག་པས་དངོས་པོ་གསར་པ་གཞན་དང་གཞན་ཡིན་ན་སྔར་མཐོང་བའི་དངོས་པོ་དག་ཕྱིས་མཐོང་བའི་ཚེ་འདི་ནི་སྔར་གྱིས་མཐོང་བ་དེ་ཡིན་ནོ་སྙམ་དུ་ངོ་ཤེས་པ་ལྟར་རུང་སྟེ་དེས་ན་སྔར་མཐོང་བའི་དངོས་པོ་མ་ཞིག་བར་གནས་པ་ཡིན་ཟེར་བ་ལ། དེ་ནི་ཁྱོད་ཉིད་སྔ་ཕྱིའི་དངོས་པོ་གཅིག་མ་ཡིན་ཡང༌། འདྲ་བ་བར་མ་ཆད་དུ་རྗེས་སུ་འཇུག་པའི་ཕྱིར་གཅིག་ཏུ་འཁྲུལ་བར་ཟད་དེ། མིག་འཕྲུལ་ཅན་གྱི་རྡེའུ་དུ་མ་མྱུར་བར་ནམ་མཁའ་ལ་དོར་ཞིང་སླར་ཡང་ལག་པར་སྡུད་པ་རྒྱུན་མ་ཆད་པར་བྱས་པ་ལ་རྡེའུ་གཅིག་ཡང་ཡང་འཕངས་ཤིང་སྡུད་དོ་སྙམ་དུ་སེམས་པ་དང༌། ཆུ་བོ་རྣམས་སྐད་ཅིག་རེ་རེར་སྔ་མ་རྣམས་གཞན་དུ་འགྲོ་ཞིང་གསར་པ་རྣམས་ཤུལ་དུ་འཇུག་པ་རྒྱུན་མི་འཆད་པ་ཡིན་ཡང༌། འདྲ་བའི་སྒོ་ནས་ཆུ་བོ་འདི་ལ་བདག་གིས་སྔར་ཡང་ལན་མང་བརྒལ་ལོ། །ད་ཡང་བརྒལ་ལོ་སྙམ་དུ་སེམས་ཤིང༌། གཟོད་ཀྱང་བརྒལ་དགོས་སོ་སྙམ་དུ་སེམས་པ་བཞིན་ནོ།།

འགག་པའི་ཕྱིར་ཞེས་པ་ནི། གལ་ཏེ་སྔར་མཐོང་བ་དང་ཕྱིས་མཐོང་བ་དག་མངོན་སུམ་གྱི་སྤྱོད་ཡུལ་དུ་མི་འདྲ་བ་མ་དམིགས་བཞིན་དུ་སྔ་ཕྱི་གཅིག་མ་ཡིན་ནོ་ཞེས་སྨྲ་བ་ཇི་ལྟར་རིགས་སྙམ་ན། དངོས་པོའི་ཆོས་ཉིད་ཀྱིས་སྔ་མ་སྔ་མའི་སྐད་ཅིག་རྣམས་འགག་པའི་ཕྱིར་གཅིག་མ་ཡིན་ཏེ། གལ་ཏེ་སྐད་ཅིག་དང་པོ་མི་འགག་པར་དེ་བཞིན་དུ་གནས་པ་ཡིན་ན། ཕྱིས་ཀྱང་འགག་པར་མི་འགྱུར་ཏེ། སྔར་མཐོང་བའི་དངོས་པོ་སྐད་ཅིག་མ་དེ་ད་ལྟ་ཡང་གནས་པ་དེ་བཞིན་ཕྱིས་ཀྱང་གནས་པར་འགྱུར་ཏེ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ཡིན་པ་ནམ་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །ཡོངས་སུ་འགྱུར་བ་དམིགས་ཕྱིར་དང་ཞེས་པ། གལ་ཏེ་དངོས་པོ་རྣམས་སྐད་ཅིག་གིས་མ་ཡིན་པར་རང་གི་ངོ་བོ་དུས་རེ་ཞིག་བར་དུ་མི་འགྱུར་ན་སྐད་ཅིག་དང་པོའི་དུས་དང་མི་འདྲ་བའི་ཡོངས་སུ་འགྱུར་བའི་ཁྱད་པར་དམིགས་མི་སྲིད་ན་ཡང༌། ནང་གི་དངོས་པོ་སེམས་ཅན་གྱི་ལུས་རྣམས་ནི། བྱིས་པ་དང་གཞོན་ནུ་དང་ལང་ཚོ་དང་དར་ལ་བབ་དང་རྒས་ཤིང་འཁོགས་པ་སྐྲ་དཀར་གཉེར་མ་དང་བཅས་པའི་བར་གྱི་ཡོངས་སུ་འགྱུར་བར་དམིགས་པ་དང༌། ཕྱིའི་དངོས་པོ་གནས་དང་ཡོ་བྱད་རྣམས་ཀྱང་སོ་མ་དང་རྙིང་པ་དང༌། སྔ་ཕྱིའི་དུས་ཀྱི་ཁྱད་པར་མི་འདྲ་བས་ཡོངས་སུ་འགྱུར་བར་དམིགས་པའི་ཕྱིར། དང་པོ་སྐྱེས་པའི་སྐད་ཅིག་དང་པོ་ནས་བརྩམས་ཏེ་རིམ་པས་འགྱུར་བ་ཡིན་པར་ངེས་ཏེ། དང་པོའི་སྐད་ཅིག་ལས་མ་འགྱུར་ན་སྐད་ཅིག་ཕྱི་མའི་གནས་སྐབས་སུ་འགྱུར་བ་མི་སྲིད་ན་ཡང་ཡོངས་སུ་འགྱུར་བ་དངོས་སུ་དམིགས་པའི་ཕྱིར་སྐད་ཅིག་གིས་འགྱུར་བར་ངེས་ཏེ། བྱིས་པ་གཞོན་ནུ་ཞིག་གི་ལུས་ལ་མིག་གཏད་ནས་མ་ཡེངས་པར་ལྟ་མཁན་ཞིག་ཡོད་པ་ལྟ་ན་ཡང༌། དེའི་ལུས་སྐད་ཅིག་དང་ཞག་གིས་ཇེ་རྒས་སུ་འགྱུར་བ་ཆ་མི་ཕྱེད་ཀྱང༌། ནམ་ཞིག་སྐྲ་དཀར་བའི་བར་དུ་འགྱུར་བའི་འགྱུར་བ་རགས་པ་མཐོང་བ་ལ་དཔགས་ནས། ལོ་ཟླ་བ་དང་ཟླ་བ་ཞག་དང༌། ཞག་དུས་ཚོད་དང༌། དུས་ཚོད་སྐད་ཅིག་གིས་དེ་ལྟར་རིམ་པར་འགྱུར་བ་ཡིན་གྱི། རེས་གཅིག་མི་འགྱུར་བར་བསྡད་ནས་ཐང་གཅིག་ན་དེ་ལྟར་འགྱུར་བ་མ་ཡིན་པ་ལྟར་ཕྱིའི་དངོས་པོ་རྣམས་ཀྱང་དེ་ལྟར་སྐད་ཅིག་གི་ཆ་ཕྲ་བའི་སྒོ་ནས་འགྱུར་བ་ཡིན་ནོ། །དེ་དཔེར་ན་འོ་མ་ཞོར་འགྱུར་བ་ན་སྐད་ཅིག་རེ་རེ་བཞིན་དུ་རིམ་པས་ཇི་སྐད་ང་རོ་སྐྱུར་བར་འགྱུར་གྱི། སྐད་ཅིག་མ་མ་ཡིན་པའི་འགྱུར་བ་གཞན་མི་དམིགས་པ་བཞིན་ནོ། །སྐད་ཅིག་ཕྲ་བས་འགྱུར་བ་མ་དམིགས་ནས་རྒྱུན་འདྲ་བ་ཙམ་ལ་དངོས་པོ་གཅིག་ཏུ་ཞེན་ནས་གཅིག་ཏུ་འཁྲུལ་པས་སྔར་གྱི་དེ་འདི་ཡིན་ནོ་ཞེས་འཇིག་རྟེན་རྣམས་དངོས་པོ་རྟག་པར་འཁྲུལ་བ་ཡིན་ནོ། །དེ་རྒྱུ་ཉིད་དང་འབྲས་བུའི་ཕྱིར་ཞེས་པ་ནི། རྟག་སྨྲ་བ་དག་ན་རེ་བདག་ཅག་གིས་ཇི་ལྟར་བརྟགས་ཀྱང་ཕྲ་བའི་འགྱུར་བ་བློས་མངོན་སུམ་དུ་གཅོད་པར་མི་ནུས་ལ་དངོས་པོ་དེ་ནི་འདིའོ་ཞེས་གཅོད་པར་ནུས་པས་སྐད་ཅིག་མའི་འགྱུར་བ་འདི་ལ་ཇི་ལྟར་ཡིད་ཆེས་པར་བྱ་ཞེ་ན། དངོས་པོ་དེ་དག་རྒྱུ་ལས་སྐྱེས་པའི་འབྲས་བུ་ཡིན་པའི་ཕྱིར། སྔ་མ་སྔ་མ་རྒྱུ་ཉིད་དང་ཕྱི་མ་ཕྱི་མ་འབྲས་བུ་ཡིན་པའི་ཕྱིར། སྐད་ཅིག་མར་འགྲུབ་སྟེ། རྒྱུ་སྐད་ཅིག་མ་ཡིན་པས་འབྲས་བུ་སྐད་ཅིག་མ་ཡིན་པ་དང༌། འབྲས་བུ་སྐད་ཅིག་མ་ཡིན་པས་དེའི་རྒྱུ་ཡང་སྐད་ཅིག་མར་འགྲུབ་སྟེ། རྒྱུ་རྟག་པས་འབྲས་བུ་མི་སྐྱེད་དེ་ནམ་མཁའ་ལས་མེ་ཏོག་དང་བུམ་པ་སོགས་མི་འབྱུང་བ་བཞིན་ནོ། །འབྲས་བུ་རྟག་པ་ནི་གང་གིས་ཀྱང་བསྐྱེད་བྱ་མིན་ཏེ་ནམ་མཁའ་བཞིན་ནོ། །དེས་ན་རྒྱུ་དང་འབྲས་བུར་གྱུར་པ་ནི་སྐད་ཅིག་མའི་རང་བཞིན་ཡིན་གྱི་སྐད་ཅིག་མ་མིན་པ་ལ་འགྱུར་བ་མེད་པས་རྒྱུ་འབྲས་སུ་མི་རུང་ངོ༌།།

དེ་ལྟར་སྤྱིར་བསྟན་ནས་བྱེ་བྲག་ཏུ་དཔྱད་ན་མིག་ཤེས་ལ་སོགས་པ་རྣམ་པར་ཤེས་པ་ཐམས་ཅད་ནི་རྐྱེན་བཞི་ལས་སྐྱེ་བའི་ཕྱིར་སྐད་ཅིག་གིས་མགྱོགས་པར་འབྱུང་བ་སངས་རྒྱས་པ་དང་མུ་སྟེགས་པ་ཚུན་ཆད་ལ་གྲགས་པ་ཡིན་ཏེ་བློ་རྟག་པ་མི་འགྱུར་བ་ཡོད་པར་མི་འདོད་དོ། །རྣམ་པར་ཤེས་པ་དེའི་རྒྱུ་ནི་དབང་པོ་དང་ཡུལ་གཟུགས་སོགས་ཡིན་ཏེ། མདོ་ལས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་སོགས་སུ་གསུངས་སོ། །དེ་བས་ན་འདུ་བྱེད་རྣམས་ཀྱི་འབྲས་བུ་སེམས་སྐད་ཅིག་མར་གྲུབ་པས་ན་དེ་སྐྱེད་པར་བྱེད་པའི་རྒྱུ་འདུ་བྱེད་རྣམས་ཀྱང་སྐད་ཅིག་མར་གྲུབ་བོ། །གཞན་དག་འདུ་བྱེད་རྣམས་ནི་རྟག་ལ། དེས་སེམས་སྐད་ཅིག་མ་མི་རྟག་པ་བསྐྱེད་དོ་ཞེས་འདོད་ན། སྐད་ཅིག་མ་མིན་པ་ལས་སྐད་ཅིག་མ་འབྱུང་ན་ནི་རྟག་པ་ལས་མི་རྟག་པ་འབྱུང་དགོས་ན་དེ་མི་རིགས་ཏེ་ནམ་མཁའ་ལས་བུམ་སོགས་བཞིན་ནོ།།

དེས་ན་སེམས་ཀྱི་རྒྱུ་རྣམས་ཀྱང་སེམས་བཞིན་དུ་སྐད་ཅིག་མར་གྲུབ་བོ། །ཡང་འདུ་བྱེད་ཐམས་ཅད་ནི་སེམས་ཀྱི་འབྲས་བུ་སྟེ་སེམས་ལ་བག་ཆགས་བཞག་པའི་དབང་གིས་སྣང་བ་ལས་གཞན་དུ་གྱུར་པའི་ཕྱི་དོན་མེད་པ་དང༌། སེམས་ཀྱི་ལས་བསགས་པ་ལས་བྱུང་བ་མ་ཡིན་པའི་ཕྱི་དོན་རང་རྐྱ་བ་མེད་དོ། །དེ་ལྟར་ན་རྒྱུ་སེམས་སྐད་ཅིག་མ་ཡིན་པ་ལ་འབྲས་བུ་འདུ་བྱེད་རྣམས་སྐད་ཅིག་མར་གྲུབ་བོ། །འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་ཅིས་ཤེས་ལ། སེམས་སྐད་ཅིག་མ་ཡིན་པས་འདུ་བྱེད་རྣམས་སྐད་ཅིག་མ་ཡིན་པ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ལན་དུ་ཟིན་པ་དང༌། བདག་པོའམ་དབང་བའི་ཕྱིར་དང༌། དག་པ་དང༌། སེམས་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་རིགས་པ་ཕྱི་མ་འདི་བཞི་བསྟན་པ་ཡིན་ནོ། །དེ་ལ་ཟིན་པའི་ཕྱིར་དང་ཞེས་པ། དབང་པོ་ལྔ་དང་གནས་ཏེ་དབང་རྟེན་ལུས་ཁོག་པ་དང་བཅས་པ་རྣམ་པར་ཤེས་པས་ཟིན་པ་ལས་བྱུང་བའི་ཕྱིར་སེམས་ཀྱི་འབྲས་བུར་གྲུབ་བོ། །ཇི་ལྟར་ཟིན་ན་མའི་མངལ་དུ་རྣམ་པར་ཤེས་པ་ཞུགས་ཏེ་བརྒྱལ་བར་གྱུར་ནས་དེ་ཟིན་པ་ན་གདོད་ཕ་མའི་ཁུ་ཁྲག་ལས་ནུར་ནུར་པོ་དང་མེར་མེར་པོ་ལ་སོགས་པ་ནས་དབང་པོ་དང་བཅས་པའི་ལུས་ཡོངས་སུ་འགྲུབ་ཀྱི། རྣམ་ཤེས་ཁུ་ཁྲག་ལ་ཞུགས་ནས་དེ་དང་ལྷན་ཅིག་འདྲེས་ཏེ་བརྒྱལ་བར་མ་གྱུར་ན་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་རྣམས་རྣམ་པ་ཀུན་ཏུ་མི་འབྱུང་བས་ལུས་ནི་སེམས་ཀྱི་རྗེས་སུ་འབྲང་ཞིང་སེམས་ཀྱིས་ཡོངས་སུ་ཟིན་པ་སྟེ། མདོ་ལས་དགའ་བོ་རྣམ་པར་ཤེས་པ་མའི་མངལ་དུ་བརྒྱལ་བར་མ་གྱུར་ན། ཕ་མའི་མི་གཙང་བ་ལས་ནུར་ནུར་པོ་ལ་སོགས་པར་མི་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་སེམས་ལ་གནོད་པར་གྱུར་ན་ལུས་ལ་ཡང་གནོད་པར་འགྱུར་ལ། སེམས་བདེ་བར་གྱུར་ན་ལུས་ཀྱང་ལེགས་པར་བདེ་བར་འགྱུར་བས་སེམས་ཀྱི་རྗེས་སུ་འབྲང་བ་དང༌། སེམས་དང་བྲལ་ན་ལུས་ཚོར་བ་མེད་པར་གྱུར་ནས་རུལ་བར་འགྱུར་བའི་ཕྱིར་སེམས་ཀྱིས་ཟིན་པའི་ཕྱིར་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་ནོ།།

བདག་པོའི་ཕྱིར། ཞེས་པ་སེམས་ནི་འདུ་བྱེད་རྣམས་ལ་དབང་བྱེད་པའམ་བདག་པོར་གྱུར་པ་ཡིན་པའི་ཕྱིར་སེམས་ཀྱི་འབྲས་བུ་ཡིན་ནོ། །ཇི་ལྟར་བདག་པོར་གྱུར་ན། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་དོ། །སེམས་ཀྱིས་དྲངས་སོ། །ཞེས་གསུངས་ཏེ། སེམས་ཀྱི་གང་བསམ་པར་ལུས་ཀྱང་དེའི་རྗེས་སུ་འབྲང་བས་ན་དེས་ཁྲིད་པ་དང་དྲངས་པ་དང༌། སེམས་ལ་འདོད་ཆགས་སྐྱེས་པ་ན། ལུས་ཀྱང་དེའི་རྗེས་སུ་འབྲངས་ནས་སྤྱོད་པ་ཟེད་ཟེད་པོའམ་གཟེད་གཟེད་པོ་དང༌། བཞིན་འཛུམ་པ་དང་དགོད་པ་ལ་སོགས་པའི་མཚན་ཉིད་གཞན་དུ་འགྱུར་རོ། །གལ་ཏེ་ཞེ་སྡང་སྐྱེས་ན་སྡང་མིག་དང་བཞིན་ཁྲོ་གཉེར་དང་ཁུ་ཚུར་བཅང་པ་ལ་སོགས་པའི་སྤྱོད་པ་གཞན་དུ་གྱུར་པས་འདུ་བྱེད་རྣམས་ལ་སེམས་བདག་པོར་བྱེད་ཅིང་དབང་བྱེད་དོ། །ཡང་ལུང་གི་གཏན་ཚིགས་གཉིས་པ་ནི། དེ་བཞིན་གཤེགས་པས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་ཏེ། རྣམ་ཤེས་མེད་ན་མིང་གཟུགས་ཀྱི་གནས་སྐབས་མི་འབྱུང་ལ། དེ་མེད་ན་སྐྱེ་མཆེད་དྲུག་སོགས་མི་འབྱུང་བའི་ཕྱིར་རོ། །དག་དང་ཞེས་པ། སེམས་དག་པའི་རྗེས་སུ་འཇུག་པ་སྟེ་རྣལ་འབྱོར་པ་རྣམས་ཀྱི་དག་པའི་སེམས་ཀྱི་དབང་གིས། ས་གསེར་དུ་མོས་ན་གསེར་དུ་སྣང་བ་སོགས་ཇི་ལྟར་མོས་པ་བཞིན་དུ་ཏིང་ངེ་འཛིན་གྱི་དབང་གིས་རྣམ་པ་གཞན་དང་གཞན་འགྱུར་བའི་ཕྱིར། མདོ་ལས་ཀྱང༌། དགེ་སློང་བསམ་གཏན་ཐོབ་པ་ཞེས་སོགས་རྒྱས་པར་གསུངས་སོ། །དེའི་ཕྱིར་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་ནོ། །སེམས་ཅན་རྗེས་འཇུག་ཕྱིར་ཞེས་པ། སེམས་ཅན་རྣམས་ཀྱི་སེམས་ཀྱིས་ལས་དགེ་སྡིག་བསགས་པས་འཇིག་རྟེན་གྱི་ཁམས་སྣ་ཚོགས་མངོན་པར་གྲུབ་པ་ཡིན་ལ། འདུ་བྱེད་རྣམས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྗེས་སུ་འཇུག་པ་ཡང་སྡིག་པ་བྱེད་པའི་སེམས་ཅན་རྣམས་ཀྱི་ལོ་ཏོག་རྣམས་ཁ་དོག་དྲི་རོ་སོགས་མཐུ་ཆུང་ཞིང༌། གསེར་ལ་སོགས་པའི་དངོས་པོ་ཡང་སོལ་བ་ལ་སོགས་པར་སྣང་ལ། བསོད་ནམས་བྱེད་པ་རྣམས་ཀྱི་སེམས་ཀྱི་དབང་གིས། འབྲུ་ལ་སོགས་པ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་དང༌། དངོས་པོ་ངན་པ་རྣམས་ཀྱང་རིན་པོ་ཆེ་ལ་སོགས་པར་སྣང་བས་ན་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་མངོན་ནོ། །དེའི་ཕྱིར་རྒྱུ་སེམས་སྐད་ཅིག་མ་ཡིན་པས་འབྲས་བུ་འདུ་བྱེད་རྣམས་ཀྱང་རྟག་པ་ཡིན་པར་མི་རིགས་པས་སྐད་ཅིག་མ་ཉིད་དུ་ཤེས་པར་བྱའོ། །འདི་ཡན་ཆད་ཀྱིས་ཕྱི་དང་ནང་གི་དངོས་པོ་སོ་སོར་མ་ཕྱེ་བར་བསྡོམས་ཏེ་སྤྱིར་འདུ་བྱེད་རྣམས་སྐད་ཅིག་མའི་མི་རྟག་པ་ཡིན་པར་ཚིགས་བཅད་གཉིས་ཀྱིས་བསྟན་ཏོ།།

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ནང་གི་འདུ་བྱེད་རྣམས་མི་རྟག་པ་དང༌། ཕྱིའི་འདུ་བྱེད་རྣམས་མི་རྟག་པར་བསྟན་པ་གཉིས་ལས། དང་པོ་ཚིགས་སུ་བཅད་པ་ལྔས་ནང་གི་འདུ་བྱེད་ལུས་དང་བཅས་པའི་སེམས་སེམས་བྱུང་ཐམས་ཅད་སྐད་ཅིག་མའི་མི་རྟག་པར་བསྒྲུབ་པ་ནི།

དང་པོ་ཇེ་བས་ཇེ་ཆེར་དང༌། །རྒྱས་དང་རྟེན་གྱི་དངོས་པོ་དང༌།།

འགྱུར་དང་ཡོངས་སུ་སྨིན་པ་དང༌། །དེ་བཞིན་དམན་དང་ཁྱད་པར་འཕགས།།

འོད་གསལ་བ་དང་འོད་མི་གསལ། །ཡུལ་གཞན་འགྲོ་དང་ས་བོན་བཅས།།

ས་བོན་མེད་པའི་ངོ་བོ་དང༌། །གཟུགས་བརྙན་དུ་ནི་སྐྱེ་བ་སྟེ།།

སྐྱེ་བ་རྣམ་པ་བཅུ་བཞི་ལ། །རྒྱུ་དང་ཚད་ཀྱི་ཁྱད་པར་དང༌།།

རྒྱས་པ་དོན་མེད་མི་རུང་དང༌། །རྟེན་ཉིད་དུ་ནི་མི་སྲིད་དང༌།།

གནས་པ་ལ་ནི་མི་སྲེིད་དང༌། །དང་པོ་མི་འཇིག་མཐར་མི་འགྱུར།།

དེ་བཞིན་དམན་དང་ཁྱད་པར་འཕགས། །འོད་གསལ་བ་དང་འོད་མི་གསལ།།

འགྲོ་མེད་གནས་པ་མི་རུང་དང༌། །ཐ་མ་ཉིད་ནི་མི་སྲིད་ཕྱིར།།

སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར། །འདུས་བྱས་ཐམས་ཅད་སྐད་ཅིག་མ།།

དང་པོ་སྐྱེ་བ་དང༌། དེའི་རྗེས་སུ་ཇེ་བས་ཇེ་ཆེར་སྐྱེ་བ་སོགས། སྐྱེ་བ་རྣམ་པ་བཅུ་བཞི་ལ། དེ་དག་སྐད་ཅིག་མར་སྒྲུབ་པའི་གཏན་ཚིགས་སམ་ཚད་མ་ནི། རྒྱུ་དང་ཚད་ཀྱི་ཁྱད་པར་སོགས་སེམས་ཀྱི་རྗེས་སུ་འཇུག་པའི་བར་བཅུ་བཞིས། ནང་གི་འདུས་བྱས་ཐམས་ཅད་སྐད་ཅིག་མར་བསྒྲུབ་པ་ཡིན་ནོ། །དེ་ལ་དང་པོ་ཉིད་དུ་སྐྱེ་བ་ནི། འཆི་བའི་ཆར་གཏོགས་པའི་རྣམ་ཤེས་འགགས་ནས་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ཏེ་ཁུ་ཁྲག་དང་ལྷན་ཅིག་ཏུ་བརྒྱལ་བར་གྱུར་པ་སྐྱེ་བར་ཉིང་མཚམས་སྦྱོར་བའི་སྐད་ཅིག་དང་པོའོ། །དེ་ལྟར་འཆི་བའི་ཆར་གཏོགས་པའི་རྣམ་ཤེས་འགག་པ་དང་སྐྱེ་བའི་ཆར་གཏོགས་པའི་རྣམ་ཤེས་སྐྱེ་བ་སྲང་མདའི་མཐོ་དམན་བཞིན་དུ་འབྱུང་བའི་ཕྱིར་སྐད་ཅིག་མའོ། །ཇེ་བས་ཇེ་ཆེར་སྐྱེ་བ་ནི། སྐད་ཅིག་དང་པོ་ལ་རྣམ་ཤེས་མངལ་དུ་ཞུགས་པའི་སྐད་ཅིག་གཉིས་པ་ལ་སོགས་པ་སྐད་ཅིག་མའི་རིམ་པས་ནུར་ནུར་པོ་དང་མེར་མེར་པོ་དང༌། ལྟར་ལྟར་པོ་ལ་སོགས་པའི་གནས་སྐབས་ཇེ་བས་ཇེ་ཆེར་སྐྱེ་བ་དེ་ནི་སྔ་མའི་གནས་སྐབས་བཏང་ནས་རྣམ་པ་གཞན་དང་རིམ་པས་སྐད་ཅིག་གིས་འགྱུར་བ་ཡིན་ནོ།།

རྒྱས་དང་ཞེས་བྱ་བ་རྒྱས་པའི་སྐྱེ་བ་ནི་ལུས་རྒྱས་པའི་རྒྱུ་བཞི་སྟེ། ཁ་ཟས་དང༌། གཉིད་དང༌། ལེགས་པར་བྱ་བ། ཏིང་འཛིན་ནོ། །འདོད་ཁམས་ན་སྔ་མ་གསུམ་དང༌། གཟུགས་ཁམས་ན་ཏིང་ངེ་འཛིན་ཏེ། དེ་དག་གིས་ལུས་ཉམ་ཆུང་བ་ལས་རྒྱས་ཤིང་བརྟས་པར་བྱེད་དོ། །བསྐུ་མཉེ་སོགས་ལེགས་པར་བྱ་བའི་སྒོ་ནས་ལུས་རྒྱས་པའི་ཚབ་ཏུ་ཚངས་སྤྱོད་ཅེས་འགྲེལ་པར་འདུག དེ་ལྟར་ལུས་རྒྱས་པའི་རྒྱུ་དེ་དག་གིས་རྒྱས་པར་འགྱུར་བས་ན་སྐད་ཅིག་མ་ཡིན་ཏེ་རྟག་པ་ལ་གོང་ནས་གོང་དུ་རྒྱས་པ་མི་སྲིད་པའི་ཕྱིར་རོ། །རྟེན་གྱི་དངོས་པོ་དང༌། །ཞེས་པ་ནི་རྟེན་གྱི་དངོས་པོའི་སྐྱེ་བ་སྟེ། མིག་ཤེས་སོགས་རྣམ་ཤེས་དྲུག་པོའི་གནས་སམ་རྟེན་ནི་མིག་དབང་སོགས་དབང་པོ་དྲུག་གི་དངོས་པོ་ཡིན་པས་ན་དེ་དག་ཀྱང་སྐད་ཅིག་མ་ཡིན་ཏེ་རང་གི་འབྲས་བུ་རྣམ་པར་ཤེས་པ་སྐད་ཅིག་མ་རྣམས་བསྐྱེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ཡིན་ཕན་ཆད་སྐད་ཅིག་མར་འགྱུར་གྱི་སྐད་ཅིག་གིས་འགྱུར་བ་མེད་པ་ནི་རྒྱུ་འབྲས་སུ་མི་རིགས་པ་སྔར་ཡང་བཤད་ཟིན་ཏོ།།

འགྱུར་དང་ཞེས་པ་འགྱུར་བའི་སྐྱེ་བ་ནི། སེམས་ལ་ཆགས་སོགས་སྐྱེ་བས་ལུས་ཀྱི་རྣམ་འགྱུར་ཀྱང་དེ་དང་མཚུངས་པར་གཞན་དང་གཞན་དུ་འགྱུར་བས་ན་སྐད་ཅིག་མར་གྲུབ་བོ། །ཡོངས་སུ་སྨིན་པ་དང་ཞེས་པ་སྨིན་པའི་སྐྱེ་བ་ནི། མངལ་ནས་བཙས་པ་དང༌། དེ་ནས་འགྲོ་ནུས་པའི་བར་བྱིས་པ་དང༌། དེ་ནས་རྩེད་མོ་བྱེད་ནུས་པའི་བར་གཞོན་ནུ་དང༌། དེ་ནས་ལུས་སེམས་ཀྱི་མཐུ་རྫོགས་པར་དར་ལ་བབ་པ་དང༌། དེ་ལས་འདས་ནས་ལང་ཚོའི་ཆ་ཉམས་པའི་མགོ་བརྩམས་པ་དར་ཡོལ་དང༌། སྐྲ་དཀར་གཉེར་མས་གང་ཞིང་རུ་ཞོམ་པ་རྒས་པའི་གནས་སྐབས་རྣམས་སུ་རིམ་པར་ཡོངས་སུ་སྨིན་པར་འགྱུར་བས་སྐད་ཅིག་མ་ཕྲེང་ཆགས་པའི་རྒྱུན་ཅན་དུ་ཤེས་པར་བྱའོ། །དེ་བཞིན་དམན་དང་ཁྱད་པར་འཕགས་ཞེས་པ། དམན་པའི་སྐྱེ་བ་དང་མཆོག་གི་སྐྱེ་བའི་དམན་པ་ངན་སོང་གསུམ་དུ་སྐྱེ་བ་དང༌། དེ་ལས་ཁྱད་པར་འཕགས་པའི་སྐྱེ་བའམ་མཆོག་གི་སྐྱེ་བ་ནི་ལྷ་དང་མིར་སྐྱེ་བ་དེ་དག་ངེས་པ་མེད་པར་ངན་སོང་ནས་མཐོ་རིས་སུ་སྐྱེ་བ་དང༌། མཐོ་རིས་ནས་ངན་སོང་དུ་སྐྱེ་བ་དང༌། མི་ནས་མིར་སྐྱེ་བ་སོགས་རིགས་མཐུན་པ་དང༌། རིས་མི་མཐུན་པའི་སྐྱེ་བ་སྣ་ཚོགས་སུ་འགྱུར་བས་ན་མི་རྟག་པ་དང་དེ་ཡང་སྐད་ཅིག་མའི་རྒྱུན་གྱིས་དེ་ལྟར་སྐྱ་ེབ་ཡིན་གྱི་རྟག་པ་ལ་རྣམ་པ་མི་འདྲ་བ་སྣ་ཚོགས་སུ་མི་འཐད་དོ། །འོད་གསལ་བ་དང་ཞེས་པ། འོད་གསལ་བར་སྐྱེ་བ་ནི་འདོད་ལྷ་རིས་དྲུག་ལས་འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། གཟུགས་དང་གཟུགས་མེད་པའི་ལྷ་རྣམས་ལ་འོད་གསལ་བ་ཞེས་བྱ་སྟེ། དེ་དག་གི་ལོངས་སྤྱོད་དང་སྙོམས་འཇུག་དག་རང་གི་སེམས་ཙམ་ལ་རག་ལས་ཏེ་བསམ་པ་བཞིན་དུ་འཇུག་པའི་ཕྱིར་རོ། །ཇི་ལྟར་འཇུག་ན་འཕྲུལ་དགའ་བ་དག་ལྷའི་བུ་མོ་ཁ་དོག་དང་དབྱིབས་དང་གོས་རྒྱན་ལ་སོགས་པ་གང་དང་གང་འདོད་པ་དེ་ལྟ་བུ་སེམས་ཀྱི་བསམ་པ་ཙམ་གྱིས་སྤྲུལ་ནས་ལོངས་སྤྱོད་པ་དང༌། དེ་བཞིན་དུ་ལྷའི་བུ་མོ་དག་གིས་ཀྱང་ལྷའི་བུ་རང་གི་ཡིད་ལ་ཇི་ལྟར་འདོད་པ་བཞིན་སྤྲུལ་ནས་ལོངས་སྤྱོད་པ་དང༌། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་ལྷ་གཞན་དག་དང་འདོད་པའི་ལོངས་སྤྱོད་མྱོང་བར་བྱ་བའི་ཕྱིར། སེམས་ཀྱིས་ཇི་ལྟར་བསམ་པ་དེ་དག་ཏུ་འཕྲུལ་ཞིང་ལོངས་སྤྱོད་དོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ཀྱང་སོ་སོའི་སྙོམས་འཇུག་གི་ཏིང་ངེ་འཛིན་གང་དང་གང་ལ་འཇུག་པར་འདོད་པ་དེ་རང་གི་སེམས་ཀྱི་དབང་གིས་འགྲུབ་ཅིང་མངོན་དུ་བྱེད་དོ། །དེ་ལྟ་བུ་དག་རྟག་པའི་ཆོས་ལ་མི་སྲིད་དེ། སེམས་སྐད་ཅིག་མའི་དབང་གིས་བྱུང་བར་ཤེས་པར་བྱའོ། །འོད་མི་གསལ་ཞེས་པ་འོད་མི་གསལ་བར་སྐྱེ་བ་ནི་བཤད་མ་ཐག་པ་དེ་དག་གི་ལྷག་མ། དགའ་ལྡན་གྱི་ལྷ་ནས། དམྱལ་བའི་བར་གྱི་འདོད་ཁམས་ཐམས་ཅད་རང་གི་སེམས་ཀྱིས་བསམ་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་མ་ཡིན་པས་འོད་མི་གསལ་བ་ཞེས་བྱའོ། །དེ་དག་གི་སེམས་དང་ལོངས་སྤྱོད་ཀྱང་གནས་སྐབས་མི་འདྲ་བ་སྣ་ཚོགས་སུ་གྱུར་པའི་ཕྱིར་སྐད་ཅིག་མའི་མི་རྟག་པར་ཤེས་པར་བྱ་ལ། སྤྱིར་ཁམས་གསུམ་གྱི་སེམས་ཅན་རྣམས་གནས་རིས་ལ་མཐའ་གཅིག་ཏུ་ངེས་པ་མེད་པར། འོད་གསལ་བ་ལས་འོད་མི་གསལ་བར་འགྱུར་བ་དང༌། འོད་མི་གསལ་བ་ལས་འོད་གསལ་བར་འགྱུར་ཞིང༌། ནང་གི་བྱེ་བྲག་གིས་སྐྱེ་བ་སྣ་ཚོགས་སུ་སྐྱེ་བས་ན་མི་རྟག་པ་དང་དེའི་རྒྱུན་ཡང་སྐད་ཅིག་མར་ཤེས་པར་བྱའོ། །ཡུལ་གཞན་འགྲོ་བ་དང་ཞེས་པ་ཡུལ་གཞན་དུ་འགྲོ་བའི་སྐྱེ་བ་ནི་ཡུལ་གཞན་དུ་སྐྱེས་པ་དེ་ལས་ཤི་འཕོས་ནས་འགགས་ཤིང་ཡུལ་གཞན་དུ་སྐྱེ་བའི་ཚུལ་གྱིས་འགྲོ་བའམ། གཟུགས་ཁམས་མན་ཆད་ལུས་དེས་ཀྱང་ས་གཅིག་ཏུ་མ་ཡིན་པར་གནས་གཞན་དུ་འགྲོ་བ་ཡང་སྐད་ཅིག་མའི་རྒྱུན་གྱིས་འཇུག་ཅིང་འགྲོ་བ་ཡི། རྟག་པ་ལ་ཆོས་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །ས་བོན་བཅས་ཞེས་པ་ས་བོན་དང་བཅས་པའི་སྐྱེ་བ་ནི་ཁམས་གསུམ་དུ་སྐྱེ་བར་བྱེད་པའི་ཉོན་མོངས་པའི་བག་ཉལ་ལམ་ས་བོན་དང་བཅས་པར་སྐྱེ་བ་སྟེ་མཐོང་སྒོམ་གྱི་སྤང་བྱའི་ཉོན་མོངས་རྣམས་ཟད་པའི་ལྷག་བཅས་དགྲ་བཅོམ་དང༌། དེའི་ཕུང་པོ་ཐ་མའི་སྐད་ཅིག་མ་མ་གཏོགས་པར། གཞན་དགྲ་བཅོམ་ཞུགས་པ་དང༌། ཕྱིར་མི་འོང་དང༌། ཕྱིར་འོང་དང་རྒྱུན་ཞུགས་དང༌། ཁམས་གསུམ་གྱི་སོ་སོའི་སྐྱེ་བོ་ཐམས་ཅད་ནི་ཉོན་མོངས་པའི་ས་བོན་དང་བཅས་པའི་ཕྱིར་དེ་དག་གི་ཕུང་པོ་ལྔའི་རྒྱུན་སྐྱེ་བ་ནི་ས་བོན་བཅས་པར་སྐྱེ་བ་ཡིན་ལ། དེ་དག་གི་སྐྱེ་བ་ནི་དེ་ལྟར་རྒྱུ་དང་འབྲས་བུར་བཅས་པའི་ཆོས་དེ་དག་སྐད་ཅིག་མར་གྲུབ་བོ།།

ས་བོན་མེད་པའི་ངོ་བོ་དང༌། །ཞེས་པ་ས་བོན་མེད་པའི་སྐྱེ་བ་ནི། འཁོར་བར་སྐྱེ་བའི་ས་བོན་མེད་པའི་ངོ་བོ་ཡིན་ཡང༌། ཕུང་པོ་རྣམས་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུའི་ངོ་བོས་སྐྱེ་བ་སྟེ། ལྷག་བཅས་དགྲ་བཅོམ་པ་རྣམས་ཀྱི་ཕུང་པོ་ལྷག་མེད་དུ་འཇུག་ཁ་མའི་སྐད་ཅིག་ཐ་མ་མ་གཏོགས་པ་རྣམས་ཏེ། ལྷག་བཅས་དགྲ་བཅོམ་པ་ལ་ཡང་སྲིད་དུ་སྐྱེ་བའི་ས་བོན་མེད་ཀྱང་སྔོན་གྱི་ལས་ཀྱིས་འཕངས་པའི་ཕུང་པོའི་ལྷག་མ་དང་བཅས་པ་དེ་ཉིད་ཕུང་པོ་ལྷག་མེད་དུ་མ་ཞུགས་བར་དུ་སྐད་ཅིག་མའི་རྒྱུན་གྱིས་སྐྱེ་བ་ཡོད་ལ། ལྷག་བཅས་ཀྱི་ཕུང་པོའི་སྐད་ཅིག་ཐ་མ་དེ་ཕན་ཆད་རྒྱུན་གྱིས་སྐྱེ་བ་མེད་དེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཞུགས་པའི་ཕྱིར་རོ། །དེས་ན་ཇི་སྲིད་དུ་སྐྱེ་བ་དེ་སྲིད་དུ་སྐད་ཅིག་མ་ཡིན་ནོ། །དེ་ལྟར་སྔོན་ས་བོན་དང་བཅས་པ་ལས་ཕྱིས་ས་བོན་མེད་པར་འགྱུར་བས་ན་མི་རྟག་པ་དང་དེ་ཡང་སྐད་ཅིག་མའི་རྒྱུན་ཅན་དུ་ངེས་སོ།།

གཟུགས་བརྙན་དུ་ནི་སྐྱེ་བ་སྟེ། །ཞེས་པ་ནི། རྣམ་ཐར་བརྒྱད་ལ་སོགས་པ་བསྒོམ་པའི་གང་ཟག་གིས་ཏིང་ངེ་འཛིན་གྱི་མཐུས་སྔོ་སེར་དཀར་དམར་གྱི་ཁ་དོག་དང་དབྱིབས་སུ་སྣང་བའི་གཟུགས་བརྙན་སེམས་ཀྱི་སྤྱོད་ཡུལ་དུ་དངོས་སུ་སྣང་བ་དེ་སེམས་ལ་ཏིང་འཛིན་གོམས་པའི་མཐུས་དེ་ལྟར་གཟུགས་བརྙན་སྣང་བ་ཡང་སྔོན་མེད་ལ་ཕྱིས་སྣང་བའི་ཕྱིར་མི་རྟག་པ་དང་དེ་ཡང་སེམས་སྐད་ཅིག་མའི་རྒྱུན་རིམ་པར་གོམས་པ་ལས་ཡིན་པའི་ཕྱིར་སྐད་ཅིག་མ་གྲུབ་བོ། །འདིས་ནི་རྨི་ལམ་དང་མི་སྡུག་པ་སོགས་གོམས་པ་ལས་གསལ་སྣང་འབྱུང་བ་ཐམས་ཅད་ཀྱང་སེམས་ཀྱི་སྣང་བ་ཙམ་དང་མི་རྟག་པར་ཤེས་པར་བྱའོ། །དེ་ལྟར་དང་པོ་སྐྱེ་བ་ནས་གཟུགས་བརྙན་གྱི་སྐྱེ་བའི་བར། སྐྱེ་བ་རྣམ་པ་བཅུ་བཞི་ལ་རྟག་པ་མེད་ཅིང་སྐད་ཅིག་མ་ཡིན་པར་ཤེས་པར་བྱ་སྟེ། དང་པོ་སྐྱེ་བ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་གཞན་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དེ་སྐད་ཅིག་མར་གྲུབ་སྟེ། གནས་སྐབས་ཕྱི་མ་རྣམས་རིམ་པར་འགྱུར་བ་ལ་རྒྱུ་གཞན་དང་གཞན་མེད་ན་དེ་དང་དེ་འགྱུར་མི་སྲིད་དེ་རྒྱུ་མེད་པའི་ཕྱིར་རོ།།

དེས་ན་སྐྱེ་བའི་སྐད་ཅིག་དང་པོ་ནས་སྐད་ཅིག་མ་རིམ་པར་བྱུང་བས་ནུར་ནུར་པོ་ཡི་གནས་སྐབས་དང༌། དེ་ལས་མེར་མེར་པོ་སོགས་སྔ་མ་སྔ་མ་རྒྱུ་དང༌། ཕྱི་མ་ཕྱི་མ་འབྲས་བུའི་ངོ་བོས་སྐྱེ་འགག་བྱེད་ཅིང་རྒྱུན་མ་ཆད་པར་འབྱུང་བ་ཡིན་ནོ། །དང་སྒྲ་རྣམས་ཕྱི་མ་དང་སྡུད་པའི་དོན་ཡིན་པས་ཆེད་དུ་བཤད་མ་དགོས་སོ། །ཇེ་བས་ཇེ་ཆེར་སྐྱེ་བ་ནི་ཆེ་ཆུང་དང་དབྱིབས་དང་རྣམ་པ་སོགས་ཚད་ཀྱི་ཁྱད་པར་མི་འདྲ་བས་སྐད་ཅིག་མར་འགྱུར་བ་ཡིན་པ་དང༌། དེ་བཞིན་དུ་ལུས་རྟག་པ་ཡིན་ན་དང་པོའི་དུས་ལས་འགྱུར་བ་མེད་པས་ཁ་ཟས་སོགས་ཀྱིས་ལུས་རྒྱས་པ་དོན་མེད་དུ་འགྱུར་ན་ཡང༌། དེ་མི་རུང་སྟེ་ཟས་སོགས་ཀྱིས་ལུས་རྒྱས་པ་བསྙོན་དུ་མེད་པའི་ཕྱིར། སྐད་ཅིག་གིས་མི་རྟག་པར་གྲུབ་པ་དང༌། མིག་ཤེས་སོགས་རང་གི་རྟེན་དབང་པོ་རྣམས་ཀྱི་དངོས་པོར་བརྟེན་ནས་སྐྱེ་བ་ནི་སྐད་ཅིག་མའི་རང་བཞིན་གྱིས་མི་རྟག་པ་ལ་དེ་ལྟར་འཐད་ཀྱི་རྟག་པ་ཡིན་ན་དེ་ལ་རྟེན་ཉིད་དུ་ནི་མི་སྲིད་དེ། རྟག་པ་ནི་རྒྱུ་གང་ལ་ཡང་རྟེན་མི་དགོས་པ་དང༌། རྟག་པ་དེས་འབྲས་བུ་གཞན་བསྐྱེད་པ་མི་རིགས་པའི་ཕྱིར་རོ། །དེ་ལྟ་ན་ཡང་དབང་པོ་ལ་མ་བརྟེན་པར་མིག་གི་རྣམ་ཤེས་སོགས་མི་འབྱུང་བས། རྟེན་དབང་པོ་དང་བརྟེན་པ་རྣམ་ཤེས་གཉིས་ཀ་སྐད་ཅིག་གིས་མི་རྟག་པར་གྲུབ་བོ། །གལ་ཏེ་རྟེན་དབང་པོ་རྟག་བཞིན་དུ་དེས་བརྟེན་པ་རྣམ་ཤེས་མི་རྟག་པ་བསྐྱེད་ན་ཅི་འགལ་སྙམ་ན། བཞོན་པ་རྟ་སོགས་མི་འདུག་ན། ཞོན་པ་པོ་མི་སོགས་ཀྱང་མི་འདུག་པ་བཞིན་དུ། རྟེན་གཞན་དུ་མི་འགྱུར་བར་རྟག་པར་སྡོད་བཞིན་བརྟེན་པ་རྣམ་ཤེས་མི་སྡོད་པར་གཞན་དུ་འགྱུར་མི་སྲིད་དོ། །རྟེན་རས་ཚིག་ན་བརྟེན་པ་སྔོན་པོ་ཡང་ཚིག་པ་བཞིན་དུ་རྟེན་དང་བརྟེན་པ་གཉིས་ཀ་མི་རྟག་པའི་མཚན་ཉིད་དུ་ཐ་དད་དབྱེར་མེད་དོ། །ཆགས་སོགས་ཀྱིས་ལུས་ཀྱི་རྣམ་པར་འགྱུར་བ་དང༌། བྱིས་པ་དང་ལང་ཚོ་སོགས་གནས་སྐབས་གཞན་དང་གཞན་དུ་ཡོངས་སུ་སྨིན་པར་སྐྱེ་བ་ནི་བསྙོན་དུ་མེད་པར་གྲུབ་ན། རྟག་པར་གནས་པ་ལ་ནི་དེ་འདྲའི་འགྱུར་བ་དང་སྨིན་པ་དམིགས་པ་མི་སྲིད་དེ་དངོས་པོའི་གནས་སྐབས་གང་ཡིན་དེ་ལས་རྣམ་པ་གཞན་འབྱུང་མི་རིགས་པའི་ཕྱིར་སྐད་ཅིག་མར་གྲུབ་བོ། །སྐད་ཅིག་མར་འགྱུར་བ་མ་ཡིན་པར་རེ་ཞིག་རྟག་པར་གནས་ནས་འགལ་བ་ཅི་ཡོད་སྙམ་ན།ཤིན་ཏུ་འགལ་ཏེ། སྐད་ཅིག་དང་པོ་མི་འཇིག་པར་དེ་བཞིན་དུ་གནས་པ་ཞིག་ན་དང་པོའི་གནས་སྐབས་ཇི་ལྟ་བ་དེ་བཞིན་དུ་རྟག་ཏུ་གནས་ཀྱི། མཐར་ནམ་ཡང་མི་འགྱུར་ཏེ། སྐད་ཅིག་དང་པོ་ལ་གནས་སྐབས་གཞན་མེད་པ་དེ་བཞིན་དུ་སྐད་ཅིག་ཕྱི་མ་ཐམས་ཅད་དུ་ཡང༌། ཁྱད་མེད་པའི་དངོས་པོ་ཐམས་ཅད་རྟག་པ་འབའ་ཞིག་ཏུ་འགྱུར་ན་ཡང་དེ་ནི་ཤིན་ཏུ་མི་རིགས་ཏེ་དངོས་པོ་དུས་ཀུན་ཏུ་ངོ་བོ་ཉིད་ཀྱིས་རྟག་པ་མ་དམིགས་པས་སོ། །དངོས་པོ་རྣམས་ཇི་ཙམ་ཞིག་ཏུ་མི་འགྱུར་བར་གནས་ཏེ་རྟག་ནས་གཟོད་འགག་གོ་སྙམ་ན། དངོས་པོ་རྣམས་ཐང་གཅིག་དང་ཡུད་ཙམ་དང་ཞག་དང་ཟླ་བ་ལོ་དང་བསྐལ་པའི་བར་དུ་མ་འགྱུར་བར་རྟག་པར་གནས་ཤིང་དེའི་མཐར་འགག་པ་ཡིན་ན། འགགས་ཡུན་རིང་ཐུང་ཡོད་པར་མི་རིགས་སྟེ་དངོས་པོ་ཐམས་ཅད་དང་པོ་སྐྱེས་མ་ཐག་གི་སྐད་ཅིག་བཞིན་དུ་རྟག་ཏུ་གནས་པར་འགྱུར་གྱི། འཇིག་ཁ་མའི་སྐད་ཅིག་ཏུ་ནམ་ཡང་མི་འགྱུར་རོ། །སྐྱེས་མ་ཐག་པ་དང་འཇིག་ཁ་མའི་དངོས་པོ་དེ་གཉིས་གཅིག་ཡིན་ན་སྐྱེས་མ་ཐག་པ་ཡང་འཇིག་ཁ་མའི་སྐད་ཅིག་བཞིན་དུ་སྐྱེས་མ་ཐག་ཏུ་འཇིག་པའམ། འཇིག་ཁ་མའི་དངོས་པོ་ཡང་སྐྱེས་མ་ཐག་གི་སྐད་ཅིག་བཞིན་དུ་ད་དུང་ཡུན་ཇི་སྲིད་གཅིག་ཏུ་གནས་པར་ཅིས་མི་འགྱུར་ཏེ། དེ་གཉིས་གཅིག་ཏུ་འདོད་པའི་ཕྱིར་རོ། །དེས་ན་དང་པོ་སྐྱེས་པ་ནས་མཐར་འཇིག་པའི་སྐད་ཅིག་གི་བར་གྱི་ཡུན་ཇི་ཙམ་ཡོད་པ་དེ་ཙམ་དུ་སྐད་ཅིག་གཞན་དང་གཞན་ཡིན་པར་རྗེས་སུ་དཔག་པས་གྲུབ་པ་ཡིན་ནོ།།

དང་པོ་མི་འཇིག་མཐར་མི་འགྱུར། །ཞེས་པ་འདི་རིགས་པའི་གཙོ་བོ་ཡིན་པས་ཀུན་གྱི་གནད་ཀྱང་འདི་ལ་ཐུག་པ་ཡིན་ནོ། །འགྲེལ་པ་ལས་གནས་པ་ལ་ནི་མི་སྲིད་དང་ཞེས་པ་འགྱུར་བའི་སྐྱེ་བ་དང༌། ཡོངས་སུ་སྨིན་པ་གཉིས་ཀའི་སྒྲུབ་བྱེད་དང༌། དང་པོ་མི་འཇིག་མཐར་མི་འགྱུར་ཞེས་པའང་སྒྲུབ་བྱེད་ཀྱི་རྣམ་གྲངས་སུ་གསུངས་མོད། འདོད་ཆགས་སོགས་ཀྱིས་ལུས་འགྱུར་བ་དེ་སྐད་ཅིག་མ་མ་ཡིན་པར་སྔར་གྱི་དངོས་པོ་དེ་བཞིན་གནས་པ་ལ་མི་སྲིད་པ་དང༌། བྱིས་པ་དང་གཞོན་ནུ་སོགས་ཀྱི་གནས་སྐབས་ཡོངས་སུ་སྨིན་པ་དེ་ཡང་སྐད་ཅིག་དང་པོ་འགགས་ནས་སྐད་ཅིག་གཞན་སྐྱེ་བ་ལ་འཐད་ཀྱི། དང་པོ་མི་འཇིག་ན་མཐར་ཡང་མི་འགྱུར་ཏེ་དང་པོ་ཡི་གནས་སྐབས་མ་ཞིག་པར་རྟག་ཏུ་གནས་པར་འགྱུར་རོ་ཞེས་གོ་རིམ་བཞིན་སྦྱར་ན་ཡང་དོན་ལ་ཁྱད་མེད་པར་མཐོང་ངོ༌། །དེ་བཞིན་དུ་དམན་དང་མཆོག་གི་སྐྱེ་བ་དམིགས་པ་དེ་ཡང་སྐད་ཅིག་གིས་མི་རྟག་པར་འདོད་པ་ལ་དེ་ལྟར་རུང་གི སྐད་ཅིག་གིས་མི་རྟག་པ་མ་ཡིན་ན་མཐར་འགྱུར་བའང་མི་རིགས་པའི་དམན་དང་ཁྱད་པར་འཕགས་པར་སྐྱེ་བ་མི་རུང་བ་དང༌། དེ་བཞིན་འོད་གསལ་བ་དང་འོད་མི་གསལ་བ་མི་རུང་བ་ནི་སྔར་གྱི་རིགས་པས་ཤེས་པའི་ཕྱིར་སླར་ཡང་རྒྱས་སྤྲོས་ཀྱི་བསྐྱར་ཟློས་མ་བྱས་སོ། །ཡུལ་གཞན་དུ་འགྲོ་བ་མེད་པ་ནི་སྐད་ཅིག་མའི་རྒྱུན་མེད་ན་ཡུལ་དེ་ལས་གཞན་དུ་འགྲོ་བ་མེད་པ་ཙམ་གྱིས་མཐུས་མོད་ཀྱི། འགྲེལ་པ་ལས་གསུངས་པ་བསྡུས་ཏེ་བརྗོད་ན། ཇི་ལྟར་རྩྭ་ལ་མེ་མཆེད་པ་དག་རི་ནས་རི་ལ་ཐལ་ཏེ་འགྲོ་བར་སྣང་ཡང་རྩྭ་སོ་སོ་ལས་བྱུང་བའི་མེ་ཡི་སྐད་ཅིག་མ་རྒྱུན་ཆགས་པར་འདུ་བྱེད་པ་ཙམ་ལས་མེ་ཞེས་བྱ་བའི་རྫས་རྟག་པ་དང་གཅིག་པུ་བ་ཞིག་གཞན་དང་གཞན་དུ་འགྲོ་བ་མེད་པ་བཞིན་དུ་གང་ཟག་འཁོར་བའི་སྐྱེ་བ་སྣ་ཚོགས་འགྲོ་བ་དང༌། ཡུལ་གཞན་དང་གཞན་དུ་འགྲོ་བ་དང༌། ཕུང་པོའི་རྒྱུན་གྱི་སྐྱེ་བ་ལེན་པ་དང༌། ཕུང་པོའི་སྐད་ཅིག་གི་རྒྱུན་བར་མ་ཆད་པ་ཡུལ་གཞན་དུ་ཕྱིན་པ་ཙམ་ཡིན་གྱི་འགྲོ་བ་པོ་ཞེས་བྱ་བའི་རྫས་རྟག་པ་གཞན་དང་གཞན་དུ་འགྲོ་བ་ནི་གང་ཡང་མེད་དོ།།

གལ་ཏེ་འགྲོ་བ་པོ་དེས་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པར་བྱེད་དེ། བདག་ཕྱོགས་ཕ་ཀིར་འགྲོའོ་སྙམ་དུ་བསམ་པའི་བྱེད་པ་པོ་དེས་ལུས་ཀྱི་འདུ་བྱེད་བསྐྱོད་ནས་ཕྱོགས་དེར་འགྲོ་བ་ཡིན་པས་འགྲོ་བ་པོ་མེད་ན་འགྲོ་བའི་བྱ་བའང་མེད་དེ། བྱ་བ་ནི་བྱེད་པ་པོ་མེད་པར་འབྱུང་བ་མ་ཡིན་ནོ་སྙམ་དུ་བྱ་བ་འདུ་བྱེད་རྣམས་ཡུལ་གཞན་དུ་འགྲོ་བ་ཡི་རྒྱུ། འགྲོ་བར་བྱེད་པ་པོ་དེ་སྐྱེས་ནས་གདོད་འདུ་བྱེད་རྣམས་གཞན་དུ་འགྲོ་བར་བྱེད་པའམ། མ་སྐྱེས་པར་འགྲོ་བར་བྱེད། དང་པོ་ལྟར་ན་འགྲོ་བ་ཞེས་བྱ་བའི་ཆོས་སྐྱེས་པ་དེའི་དུས་ན་འདུ་བྱེད་གནས་པ་རྣམས་གར་ཡང་མ་སོང་བ་འདུག་པ་ལ་དེས་གཞན་དུ་འགྲོ་བར་ཇི་ལྟར་བྱེད་དེ་དེ་ལྟར་འདོད་པ་མི་རིགས་སོ། །གལ་ཏེ་འདུ་བྱེད་རྣམས་གནས་པ་མ་ཡིན་ཏེ་ཡུལ་གཞན་དུ་འགྲོ་བའི་རང་བཞིན་ཅན་ཡིན་ནོ་ཞེ་ན། འདུ་བྱེད་རྣམས་གཞན་དུ་སོང་བ་དེ་ལས་མ་གཏོགས་པ་འགྲོ་བར་བྱེད་པའི་རྫས་གཞན་ཇི་ལྟར་ཡོད་དེ་མ་དམིགས་སོ། །འགྲོ་བ་ད་དུང་མ་སྐྱེས་ན་འདུ་བྱེད་རྣམས་གཞན་དུ་འགྲོ་བར་ཇི་ལྟར་བྱེད་དེ་དེའི་ཚེ་འགྲོ་བ་མེད་པའི་ཕྱིར་རོ།།

ཡང་རིགས་པའི་རྣམ་གྲངས་གཞན་བསྟན་པ། འགྲོ་བར་བྱེད་པ་ཉིད་ཡུལ་འདིར་གནས་བཞིན་དུ་འདུ་བྱེད་རྣམས་ཡུལ་གཞན་དུ་སྤོ་བར་བྱེད་དམ། ཡུལ་གཞན་ན་གནས་པས་འདུ་བྱེད་རྣམས་གཞན་སྤོ་བར་བྱེད། དང་པོ་ལྟར་ན་བདག་ཉིད་ཡུལ་འདི་ན་གནས་བཞིན་པ་དེ་ཉིད་གཞན་དུ་མ་སོང་ན། དེས་འདུ་བྱེད་རྣམས་ཡུལ་གཞན་དུ་ཇི་ལྟར་ཕྱིན་པར་བྱེད་དེ། རྟ་ཡིས་མི་ཡུལ་གཞན་དུ་ཕྱིན་པར་བྱེད་པ་ལ། རྟ་ཡུལ་འདི་ལས་མ་བསྐྱོད་བཞིན་དུ་མི་དེ་ཡུལ་གཞན་དུ་བསྐྱལ་བར་མི་རུང་བ་བཞིན་ནོ། །འགྲོ་བ་པོ་ཡུལ་གཞན་ན་གནས་པ་ནི་དེར་སོང་ཟིན་ལ། འདུ་བྱེད་ཡུལ་འདིར་གནས་པ་ད་དུང་མ་སོང་བས་འགྲོ་བ་དང་འགྲོ་བར་བྱེད་པ་ཡུལ་ཐ་དད་པ་དག་གིས་གཞན་ཇི་ལྟར་འགྲོ་བར་བྱེད་དེ། ཤར་གྱི་རྟས་ནུབ་ཀྱི་མི་ཡུལ་གཞན་དུ་བསྐྱལ་བ་བཞིན་ནོ།།

ཡང་འདུ་བྱེད་དང་འགྲོ་བར་བྱེད་པ་གཉིས་ལས། འགྲོ་བྱེད་སྔར་སྐྱེས་ནས་འདུ་བྱེད་སྤོ་བའམ། འདུ་བྱེད་སྔར་སྐྱེས་པ་དེ་འགྲོ་བར་བྱེད་པ་ཕྱིས་སྐྱེས་པས་སྤོའམ། དེ་གཉིས་དུས་མཉམ་དུ་སྐྱེས་ནས་གཞན་དུ་སྤོ་བ་གསུམ་ལས། དང་པོ་ལྟར་ན་འགྲོ་བར་བྱེད་པ་སྐྱེས་པའི་དུས་ན་སྤོ་བར་བྱ་བ་འདུ་བྱེད་མ་སྐྱེས་པས་ཅི་ཞིག་སྤོ་སྟེ་བུ་མ་སྐྱེས་པ་གསོ་བར་བྱར་མེད་པ་བཞིན་ནོ། །གཉིས་པ་ལྟར་ན་འདུ་བྱེད་སྐྱེས་པའི་དུས་ན་སྤོ་བར་བྱེད་པ་པོ་མ་སྐྱེས་པས་སྤོ་མི་ནུས་ཏེ། རྟ་མ་སྐྱེས་པས་སྐྱེས་བུ་གཞན་དུ་སྤོ་བའམ་བསྐྱལ་མི་ནུས་པ་བཞིན་ནོ། །གསུམ་པ་ལྟར་ན་གླང་གི་རྭ་གཡས་ གཡོན་བཞིན་དུ next hit་དེ་གཉིས་མཉམ་དུ་སྐྱེས་པས་གང་གིས་ཀྱང་གང་སྤོ་བའི་རྒྱུ་མ་བྱས་ཏེ་དེ་གཉིས་ཀ་ཡུལ་གཞན་དུ་མགོ་མཉམ་དུ་ཕྱིན་པས་འགྲོ་བར་བྱེད་པ་པོས་འདུ་བྱེད་རྣམས་འགྲོ་བར་བྱས་པ་ཅུང་ཟད་མེད་དོ། །དེས་ན་ཕུང་པོ་ལྔ་སྐད་ཅིག་མའི་རྒྱུན་གྱིས་ཡུལ་གཞན་དུ་ཕྱིན་པ་ལ་འགྲོ་བ་ཞེས་བཏགས་ཤིང༌། ཕུང་པོ་ལྔ་ཉིད་ལ་འགྲོ་བ་པོར་ཡང་བཏགས་པ་ལས་འདུ་བྱེད་ཉིད་རྒྱུན་གྱིས་འགྲོ་བར་སྣང་བ་ལས་གཞན་པའི་འགྲོ་བར་བྱེད་པོ་མེད་དེ། ཡན་ལག་ལས་ཡན་ལག་ཅན་གྱི་རྫས་ཐ་དད་དུ་མེད་ཀྱང་བཏགས་པས་ཡོད་པ་ཙམ་དུ་ཤེས་པར་བྱའོ། །འདི་དག་དབྱིག་གཉེན་དང་བློ་བརྟན་གྱི་འགྲེལ་པ་ལས་བྱུང་བ་བཞིན་མདོར་བསྡུས་སུ་བཀོད་པའོ། །དེ་ལྟར་དངོས་པོ་སྐད་ཅིག་མའི་རྒྱུན་གྱིས་འགྲོ་བ་ལས་གཞན་པའི་འགྲོ་བ་པོ་དང་འགྲོ་བ་ཞེས་བྱ་བ་གང་ཡང་མེད་པའི་ཕྱིར་འགྲོ་བ་སྐད་ཅིག་མར་ཤེས་པར་བྱའོ།།

སྤྱིར་ཡུལ་གཞན་དུ་འགྲོ་བའི་རྣམ་གྲངས་ལ། དུ་མ་ཡོད་དེ། སེམས་ཀྱི་དབང་གིས་འགྲོ་བ་ནི། སེམས་ཀྱི་རྒྱུ་བྱས་ནས་འདུ་བྱེད་རྣམས་གཞན་དུ་འགྲོ་བ། འཆག་པའི་བསམ་པས་ལུས་ཀྱི་གོམ་པ་འདོར་ནས་ཡུལ་གཞན་དུ་ཕྱིན་པ་ལྟ་བུའོ། །སྔོན་གྱི་ལས་ཀྱི་དབང་གིས་འགྲོ་བ་བར་སྲིད་རྣམས་མའི་མངལ་ལ་སོགས་པར་འགྲོ་བ་ལྟ་བུ་དང༌། འཕེན་པའི་དབང་གིས་འགྲོ་བ་མདའ་འཕང་བ་ཕྱོགས་གཞན་དུ་ཕྱིན་པ་ལྟ་བུ་དང༌། འབྲེལ་བའི་དབང་གིས་འགྲོ་བ་རྟ་ལ་མིས་བཞོན་ནས་གཉིས་ཀ་ཡུལ་གཞན་དུ་ཕྱིན་པ་དང༌། ཆུ་དང་གཟིངས་སུ་འབྲེལ་བས་ཆུ་གང་དུ་ཕྱིན་པར་གཟིངས་ཀྱིས་ཀྱང་ཕྱིན་པ་ལྟ་བུའོ། །བསྐྱོད་པའི་དབང་གིས་འགྲོ་བ་རླུང་གིས་རྩ་དང་འདབ་མ་སོགས་ཁྱེར་ནས་ཕྱོགས་གཞན་དུ་ཕྱིན་པ་ལྟ་བུ་དང༌། རང་བཞིན་ནམ་ངོ་བོ་ཉིད་ཀྱིས་འགྲོ་བ་རླུང་ཐད་ཀར་ཡུལ་ནས་ཡུལ་གཞན་དུ་འགྲོ་བ་དང༌། མེ་གྱེན་དུ་མཁའ་ལ་འགྲོ་བ་དང༌། ཆུ་ཐུར་དུ་འགྲོ་བས་གཤོང་ལ་སོགས་པར་ཕྱིན་པ་ལྟ་བུ་དང༌། མཐུས་འགྲོ་བ་ནི། སྔགས་པ་རྣམས་སྔགས་ཀྱི་མཐུས་ཡུལ་གཞན་དང་གཞན་དུ་ཕྱིན་པ་དང༌། རྫས་ཀྱི་མཐུས་སྨན་འཐུངས་པའམ་ལུས་ལ་བསྐུས་པས་ཡུལ་གཞན་དུ་ཕྱིན་པ་དང༌། རྡོ་ཁབ་ལེན་གྱིས་ལྕགས་བསྒུལ་ཞིང་གྱེན་དང་ཐད་ཀར་དྲངས་ནས་འགྲོ་བ་དང༌། རྫུ་འཕྲུལ་གྱི་མཐུས་ཡུལ་གཞན་དང་གཞན་དུ་ཕྱིན་པ་ལྟ་བུའོ། །དེ་ལྟར་འགྲོ་བ་དང་འོང་བ་ཡོད་པ་ཐམས་ཅད་ནི་སྐད་ཅིག་མར་ཤེས་པར་བྱའོ། །འཁོར་བའི་ས་བོན་དང་བཅས་པ་དེ་ཉིད་ནི་སྐད་ཅིག་མའི་རྒྱུན་ལ་སྔ་མ་འགགས་ཀྱང་ཕྱི་མ་དེའི་ངང་ཚུལ་ཅན་དུ་སྐྱེ་བས་སྐད་ཅིག་མའི་མི་རྟག་པར་འདོད་པ་ལ་རིགས་ཀྱི། སྐྱེ་འགག་མེད་པར་གནས་པ་ལ་ས་བོན་མི་རུང་བའམ། ཡང་སྐྱེ་འགག་མེད་པ་ལ་སྔར་ས་བོན་གནས་པ་དེ་ལྟ་བུ་མི་རུང་བའི་ཕྱིར་སྲིད་པའི་ས་བོན་དང་བཅས་པའི་ཆོས་རྣམས་ཀྱང་སྐད་ཅིག་མར་གྲུབ་བོ། །སྔར་འཁོར་བའི་སེམས་རྒྱུན་ལ་ས་བོན་ཡོད་པ་ལམ་གྱིས་བཅོམ་ནས་ས་བོན་མེད་པའི་ངོ་བོར་གནས་གྱུར་པ་ཡང་སེམས་སྐད་ཅིག་མ་ཡིན་པ་ལ་འཐད་ཀྱི། སྐད་ཅིག་མ་མིན་པ་སེམས་ཀྱི་ངོ་བོ་རྟག་པ་ལ་ནི་ལྷག་བཅས་དགྲ་བཅོམ་པའི་ཕུང་པོ་ཐ་མ་ཉིད་ནི་མི་སྲིད་དེ་སྔར་ས་བོན་དང་བཅས་པ་ལས་ཕྱིས་ས་བོན་མེད་ཅིང་སྔར་སྐྱེ་བ་དང་བཅས་པ་ལྟར་སླར་སྐྱེ་བ་མེད་པ་མི་སྲིད་པའི་ཕྱིར། འཁོར་བའི་ས་བོན་མེད་པའི་ཕུང་པོའི་རྒྱུན་སྐྱེ་བའང་སྐད་ཅིག་མར་གྲུབ་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་སྣང་བའི་གཟུགས་བརྙན་རྣམས་ཀྱང༌། སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་སྐད་ཅིག་མར་གྲུབ་པ་ཡིན་ཏེ། དེ་ལྟར་ནང་གི་འདུས་བྱས་ཐམས་ཅད་ཀྱང་སྐད་ཅིག་མ་རྒྱུན་ཆགས་པ་ཙམ་ཡིན་ནོ།།

གཉིས་པ་ཕྱིའི་འདུ་བྱེད་རྣམས་མི་རྟག་པར་བསྒྲུབ་པ་ལ་ཚིགས་བཅད་གསུམ་སྟེ།

འབྱུང་བ་རྣམས་དང་དོན་རྣམ་དྲུག །སྐད་ཅིག་ཉིད་དུ་བརྗོད་པ་ནི།།

སྐམ་དང་འཕེལ་དང་རང་བཞིན་གྱིས། །གཡོ་དང་འཕེལ་དང་འགྲིབ་པའི་ཕྱིར།།

འབྱུང་བ་དེ་དང་འཕེལ་ཕྱིར་དང༌། །ཡོངས་སུ་འགྱུར་བ་བཞི་ཡི་ཕྱིར།།

ཁ་དོག་དྲི་དང་རོ་དང་རེག །འདྲ་ཕྱིར་དེ་ནི་དེ་དང་འདྲ།།

བུད་ཤིང་རག་ལས་འཇུག་པའི་ཕྱིར། །ཇེ་བས་ཇེ་ཆེར་དམིགས་པའི་ཕྱིར༌།།

སེམས་རྗེས་འཇུག་ཕྱིར་དྲི་བའི་ཕྱིར། །དེས་ན་ཕྱི་ཡང་སྐད་ཅིག་མ།།

འབྱུང་བ་ས་ཆུ་མེ་རླུང་བཞི་པོ་རྣམས་དང༌། དོན་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རྣམ་པར་རིག་བྱེད་མིན་པ་བཅས་རྣམ་པ་དྲུག་ཀྱང་སྐད་ཅིག་མ་ཉིད་དུ་བརྗོད་པ་ནི། ཆུ་ནི་ཆུ་ཕྲན་དང་ཆུ་རླུང་དང་ལྡེང་ཀ་དང་མཚོ་དང་རྫིང་བུ་ལ་སོགས་པ་རྣམས། དགུན་དཔྱིད་ལ་སོགས་པ་དང་ཐན་པ་སོགས་ཀྱི་རྒྱུ་ལས་བགས་ཀྱིས་སྐམ་ཞིང་འབྲི་བ་དང༌། དབྱར་གྱི་ཆར་ཆུ་ལ་སོགས་པའི་རྐྱེན་ལས་ཁད་ཀྱིས་རྒྱས་ཤིང་འཕེལ་བའི་ཕྱིར་སྐད་ཅིག་མའི་རང་བཞིན་ཡིན་ཏེ་འཕེལ་འགྲིབ་ཡོད་པའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པའི་ངོ་བོ་རྟག་པ་ཞིག་ཡིན་ན་འཕེལ་འབྲི་མི་རུང་བའི་ཕྱིར་རོ། །རླུང་ཡང་རང་བཞིན་གྱིས་ས་གཅིག་ཏུ་གཡོ་བ་མེད་པར་མི་སྡོད་ཀྱི། ཕྱོགས་གར་ཡང་གཡོ་ཞིང་འགྲོ་བའི་ཕྱིར་སྐད་ཅིག་མ་ཡིན་པ་དང༌། ཇེ་ཆེར་འཕེལ་བ་ཡོད་པ་དང༌། ཇེ་ཆུང་དུ་འགྲིབ་པ་ཡོད་པའི་ཕྱིར་སྐད་ཅིག་མ་ཡིན་ཏེ། རྟག་པ་ལ་གཡོ་བ་དང་འཕེལ་འགྲིབ་ཡོད་པར་མི་རིགས་སོ། །ས་ནི་རླུང་དང་ཆུ་ཡི་འབྱུང་བ་དེ་ལ་བརྟེན་ནས་བྱུང་ཞིང་དེ་དང་འབྲེལ་བ་ཡིན་པའི་ཕྱིར་དང༌། ངོ་བོ་ཉིད་ཀྱིས་ཡོངས་སུ་འགྱུར་བ་བཞི་ཡི་ཕྱིར་སྐད་ཅིག་མའི་རང་བཞིན་གྱིས་མི་རྟག་པར་གྲུབ་བོ། །ཆུ་དང་རླུང་ལས་ཇི་ལྟར་སྐྱེས་ཞེ་ན། འཇིག་རྟེན་དང་པོར་ཆགས་པའི་དུས་སུ་ནམ་མཁའ་ལ་རླུང་གཡོས་ནས་རླུང་གི་ཁམས་ཆགས་སོ། །རླུང་གི་ཁམས་ལས་ཆུ་བྱུང་སྟེ་ཤིང་རྟའི་འཁོར་ལོའི་རྒྱུན་ཙམ་གྱི་ཆར་བབ་པས་ཆུའི་དཀྱིལ་འཁོར་གྱི་ཁམས་ཆགས་སོ། །ཆུ་རླུང་གིས་བསྲུབ་པའི་དབུ་བ་ལས་ས་གཞི་རི་རབ་གླིང་བཞི་རྣམས་ཆགས་པ་ཡིན་པས་ཆུ་དང་རླུང་ལས་ས་ཡི་ཁམས་བྱུང་བའོ། །དེ་ལྟར་རྒྱུད་ལས་བྱུང་བའི་རྒྱུ་འབྲས་གཉིས་ཆར་སྐད་ཅིག་མའོ། །ས་ལས་འགྱུར་བ་རྣམ་པ་བཞི་དམིགས་པ་ནི། ལས་ཀྱི་བྱེ་བྲག་གི་འགྱུར་བར་དམིགས་པ་ནི། ལས་དགེ་བ་བསགས་པའི་སེམས་ཅན་ལྷ་རྣམས་ཀྱིས་ས་གཞི་ཤིང་བལ་ལྟར་འཇམ་ཞིང་མཉེན་པར་དམིགས་པ་དང༌། མི་དགེ་བ་བྱས་པའི་དམྱལ་བ་རྣམས་ལ་ལྕགས་སྲེག་རབ་ཏུ་ཚ་བའི་ས་གཞི་དང༌། ངམ་གྲོག་དང་ཚེར་མ་ལ་སོགས་པ་སྡུག་བསྔལ་གྱི་གཞི་སྣ་ཚོགས་སུ་སྣང་ངོ༌།།

མིའི་ཡུལ་གྱི་ས་ལ་ཡང་རྨོ་བརྐོ་དང་ལག་བྱེད་ཀྱིས་མ་ཟིན་པའི་དུས་ན་ལོ་ཏོག་སོགས་མི་འཁྲུངས་ལ། ལག་བྱེད་ཀྱིས་ཟིན་ཚེ་ལོ་ཏོག་བཟང་དུ་སྐྱེ་བ་ལྟ་བུ་འདི་ནི་འགྱུར་བ་དང་པོའོ། །ཐོ་བ་དང་འཇོར་ལ་སོགས་པས་བསྣུན་པས་ཁུང་དང་གཤོང་བུ་འབྱུང་བ་ནི་འགྱུར་བ་གཉིས་པའོ། །མེས་བསྲེགས་པའམ་རླུང་གིས་བདས་ནས་མཐོ་བ་དམའ་བར་གྱུར་པ་དང༌། ཆུས་གཤེར་བས་བཤིག་པའི་འབྱུང་བས་བྱས་པའི་འགྱུར་བ་ནི་གསུམ་པའོ། །དུས་ཀྱིས་གཞན་དུ་འགྱུར་བ་ནི། དུས་བཟང་བའི་ཚེ་ས་གཞིས་ཀྱང་འབྲུ་ལ་སོགས་པ་བཟང་དུ་སྐྱེ་བའི་རྒྱུ་བྱེད་པ་དང༌། དུས་ངན་པའི་ཚེ་ངན་པ་སྐྱེ་བར་བྱེད་པ་དང་དབྱར་རྩྭ་ལ་སོགས་པ་སྔོན་པོ་སྐྱེ་ལ་དགུན་སྐྱ་བོར་འགྱུར་ཞིང་འཁྱགས་ལ་སོགས་པའི་རང་བཞིན་དུ་འགྱུར་བ་དང༌། ས་ཕྱོགས་ཁ་ཅིག་སྔོན་དགོན་པར་གྱུར་པ་ཕྱིས་གྲོང་དུ་གྱུར་ཏེ་འགྲོ་བ་མང་པོའི་འདུ་ལོང་ཅན་དུ་གྱུར་པ་དང༌། སྔོན་གྲོང་དུ་གྱུར་པ་ད་ལྟར་དགོན་པར་གྱུར་པ་སོགས་སྔ་ཕྱི་མི་འདྲ་བར་སྣང་བ་ནི་འགྱུར་བ་བཞི་པའོ། །དེ་ལྟར་འགྱུར་བ་བཞི་པོ་དེ་ཡང་སྐད་ཅིག་མའི་རྒྱུན་ལས་འགྱུར་བ་ཡིན་གྱི་སྐད་ཅིག་མ་རེ་རེ་ལ་ནི་རྣམ་པ་མི་འདྲ་བ་མེད་ལ། སྐད་ཅིག་མ་མ་ཡིན་པའི་ངོ་བོ་རྟག་པ་ལ་ནི་ནམ་ཡང་འགྱུར་བ་དམིགས་མི་སྲིད་པས་སྐད་ཅིག་སྔ་ཕྱི་རྣམ་པ་གཞན་དུ་སྐྱེས་པ་ལས་དེ་ལྟར་སྣང་བ་ཡིན་པའི་ཕྱིར་འབྱུང་བ་ས་ཡང་སྐད་ཅིག་མ་ཉིད་དུ་གྲུབ་བོ། །ཁ་དོག་དང་དྲི་དང་རོ་དང་རེག་པ་བཞི་ནི་འབྱུང་བ་བཞི་ལས་གྱུར་པར་འདྲ་བའི་ཕྱིར་ཁ་དོག་ལ་སོགས་པ་བཞི་པོ་དེ་ནི་འབྱུང་བ་དེ་དང་འདྲ་བར་འབྱུང་བ་རྣམས་སྐད་ཅིག་མར་བསྒྲུབ་པའི་རིགས་པ་དེས་གྲུབ་པ་ཡིན་ནོ། །མེ་ནི་བུད་ཤིང་ལ་རག་ལས་ཏེ་འཇུག་པ་ནི་བུད་ཤིང་ཡོད་ན་འབར། མེད་ན་མི་འབར་བུད་ཤིང་ཆེ་ན་མེ་ཡང་ཆེ་ཞིང་ཆུང་ན་ཆུང་བའི་ཕྱིར་སྐད་ཅིག་མར་གྲུབ་བོ། །མེ་སྐད་ཅིག་མ་ཡིན་པ་དེ་བཞིན་དུ་བུད་ཤིང་ཡང་སྐད་ཅིག་མ་ཡིན་ཏེ། བུད་ཤིང་རིམ་བཞིན་ཚིག་ནས་མེ་འབྱུང་གི་བུད་ཤིང་སྔ་མ་བཞིན་དུ་གནས་ནས་མེ་འབྱུང་ན་མེ་དང་བུད་ཤིང་གཉིས་ཀ་ཟད་པར་ཅི་སྟེ་འགྱུར། བུད་ཤིང་ཟད་ན་མེ་མི་གནས་པའི་ཕྱིར་དེ་གཉིས་རྒྱུ་ཡི་སྐད་ཅིག་དང་འབྲས་བུའི་སྐད་ཅིག་གི་རིམ་པར་ཇི་སྲིད་རྒྱུ་ཡོད་ཀྱི་བར་དུ་འབྲས་བུ་མེ་འབྱུང་ལ། རྒྱུ་མེད་ན་འབྲས་བུ་མེ་ཡང་མི་སྣང་བས་དེ་ལྟར་དངོས་པོ་ཐམས་ཅད་རྒྱུ་འབྲས་སྐྱེ་འགག་བར་མ་ཆད་པར་སྣང་བ་ཡིན་ནོ། །མེ་འབྱུང་བ་བཞི་བཤད་པའི་སྐབས་སུ་བརྗོད་ནས། གདོད་ཁ་དོག་སོགས་བརྗོད་རིགས་པ་ལ། ཁ་དོག་སོགས་ཀྱི་རྗེས་སུ་མེ་བཤད་པས་གོ་རིམ་མི་བདེ་སྙམ་ན། གང་ལྟར་བསྟན་ཀྱང་དོན་ལ་འགལ་བ་མེད་ཅིང༌། ཚིག་གི་སྡེབ་སྦྱོར་བསྒྲིག་བདེ་བའི་དབང་གིས་དེ་ལྟར་བསྟན་ཏོ་ཞེས་གསུངས། དེར་མ་ཟད་འབྱུང་བ་དང་འབྱུང་འགྱུར་ཐམས་ཅད་རང་གི་རིགས་འདྲ་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུ་ཉིད་དུ་སྐད་ཅིག་གིས་སྐྱེ་ཞིང་འགག་པ་མེ་དང་བུད་ཤིང་ནི་དཔེས་སྟོན་པའི་ཆེད་ཀྱང་ཡིན་ནོ། །ཁ་ཅིག་སྒྲ་ནི་རྟག་པ་ཡིན་ཏེ་དེའི་རྒྱུན་ཁ་དོག་ལ་སོགས་པ་བཞིན་དུ་རྟག་ཏུ་མེད་པའི་ཕྱིར། སྒྲ་ཇི་ཙམ་གྲགས་པ་དེ་ཉིད་ཀྱི་བར་དུ་རྟག་པ་ཡིན་ཏེ་སྐད་ཅིག་མ་མ་ཡིན་ནོ་ཞེ་ན། དེ་ལྟར་མ་ཡིན་ཏེ། བྱེད་པོས་རྩོལ་བ་བསྐྱེད་པ་སོགས་ཀྱིས་སྒྲའི་རྒྱུན་ཇེ་བས་ཇེ་ཆེར་དམིགས་པའི་ཕྱིར་དང༌། དྲིལ་བུ་ལ་སོགས་པའི་སྒྲ་བསྒྲགས་པ་ཡང་ཇེ་ཆུང་ཇེ་ཆུང་དུ་འགྲོ་བའི་ཕྱིར་སྐད་ཅིག་མར་གྲུབ་ཀྱི། སྒྲ་མ་ཡལ་བར་སྒྲ་གཅིག་ལ་སྐད་ཅིག་མ་མེད་ན། ཇེ་ཆེ་དང་ཇེ་ཆུང་དུ་འགྱུར་བ་མི་འཐད་པས་སྒྲ་སྐད་ཅིག་མ་ཡིན་ཏེ་སྐྱེས་བུས་རྩོལ་བ་བསྐྱེད་པའི་ཁའི་རླུང་གིས་ཚིག་འབྲུ་རྣམས་བརྗོད་པ་རིམ་པས་སྐྱེ་འགག་བྱེད་པ་བཞིན་ནོ།།

ཆོས་ཀྱི་སྐྱེ་མཆེད་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ་ཐར་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ལྟ་བུ་ལུས་ངག་གི་རྣམ་པར་རིག་བྱེད་མིན་པ་ཡང་སེམས་ཀྱི་རྗེས་སུ་འཇུག་པ་སྟེ་རྒྱུ་སེམས་ལ་མ་བརྟེན་པར་དེ་དག་སྐྱེ་བ་མེད་པའི་ཕྱིར། རྒྱུ་སེམས་མི་རྟག་པས་འབྲས་བུ་རིག་བྱེད་མིན་པའི་གཟུགས་ཀྱང་སྐད་ཅིག་མར་གྲུབ་བོ། །དྲི་བའི་ཕྱིར་ཞེས་པ་ནི། འཇིག་རྟེན་པ་དང་མུ་སྟེགས་པ་དག་འདུ་བྱེད་རྣམས་མཐར་འཇིག་པའི་མི་རྟག་པར་འདོད་ཀྱང༌། མི་ཤི་བ་དང་བུམ་པ་ཆག་པ་ལྟ་བུ་འཇིག་པ་དངོས་སུ་མ་མཐོང་བ་དེ་སྲིད་དུ་སྐད་ཅིག་མ་མ་ཡིན་པར་རང་གི་ངོ་བོ་དེ་གནས་པར་འདོད་པ་ལ་དྲི་བ་བྱས་པ། ཁྱེད་ཅག་འདུ་བྱེད་རྣམས་མཐའ་ནམ་ཞིག་ན་མི་རྟག་པར་འདོད་ཀྱང་དེའི་བར་དུ་སྐད་ཅིག་མའི་མི་རྟག་པ་ཅིའི་ཕྱིར་མི་འདོད་དྲིས་པ་ན། དེ་དག་ན་རེ་འདུ་བྱེད་རྣམས་མཐར་འཇིག་པ་མཐོང་ལ། མ་ཞིག་བར་དུ་སྐད་ཅིག་གིས་འཇིག་པར་མ་མཐོང་བས་སྐད་ཅིག་གིས་འཇིག་པ་འདི་ནི་མི་འདོད་དོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་འདྲི་བར་བྱ་སྟེ། མར་མེའི་མེ་ལྕེ་དང་འབབ་ཆུའི་རྒྱུན་ལ་སོགས་པ་སྐད་ཅིག་གིས་གསར་པ་འབྱུང་ཞིང་སྔ་མ་འགག་པ་སངས་རྒྱས་པ་དང་མུ་སྟེགས་པ་གཉིས་ཀས་འདོད་མོད་ཀྱང༌། ཆུ་བོ་རྒྱང་ནས་མཐོང་བ་དང༌། མར་མེ་རླུང་གིས་མ་གཡོས་པ་ལ་སྐད་ཅིག་གིས་འཇིག་པ་དབང་པོས་མངོན་སུམ་མ་མཐོང་ན་དེ་དག་སྐད་ཅིག་མ་ཡིན་པར་ཅིས་མི་འདོད་ཅེས་དྲིས་པ་ལ། འབབ་ཆུ་ལ་རྒྱང་ནས་བལྟས་ན་གཅིག་འདྲ་ཡང་དྲུང་དུ་བཏུད་ནས་བལྟས་ན་ཆུ་གསར་པ་གསར་པ་ལས་ཆུ་གཅིག་མ་ཡིན་པ་མངོན་སུམ་མཐོང་ལ། མར་མེ་ལ་ཡང་མེ་ལྕེ་སྔ་མ་སྔ་མ་རྩེ་མོར་རིམ་པས་ཟད་ཅིང་ཡལ་ནས་རྩ་བ་ནས་མེ་ལྕེ་གསར་པ་རིམ་པར་འབྱུང་ཞིང༌། མཐར་སྣུམ་ཟད་པ་ན་མེ་ཇེ་ཆུང་ཇེ་ཆུང་དུ་སོང་སྟེ་འགག་པར་མཐོང་གི རྟག་ཏུ་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་མི་མཐོང་བས་དེ་དག་སྐད་ཅིག་མ་མིན་པར་བརྗོད་མི་ནུས་ལ། ཀ་བ་དང་བུམ་པ་ཁང་ཁྱིམ་དང་སྐྱེ་བོ་དང་རྡོ་ཕ་ཝོང་ལ་སོགས་པ་རྣམས་ལོ་དང་ཟླ་བར་བཞག་ན་ཡང་ཇེ་ཆུང་དུ་མི་འགྱུར་ཞིང་སྔར་མཐོང་བ་དེ་བཞིན་དུ་ཕྱིས་ཀྱང་གནས་པས་ན་དེ་རྣམས་སྐད་ཅིག་གིས་འཇིག་པ་མ་མཐོང་ངོ་ཟེར་ན། ཡང་དྲིས་པ་ཀ་བུམ་སོགས་དངོས་པོ་རྣམས་ཀྱང་དང་པོ་སྣང་ལ་བར་དུ་རྐྱེན་གྱི་དབང་གིས་ཁ་དོག་དབྱིབས་སོགས་སྔར་ལས་གཞན་དུ་འགྱུར་བ་དང༌། མཐར་རྐྱེན་དང་ཕྲད་པ་དངོས་སུ་འཇིག་པ་ཅི་སྟེ་མེད། དེ་ལྟར་ཡོད་བཞིན་འདི་རྣམས་མར་མེ་དང་འདྲ་བར་སྐད་ཅིག་མ་ཅིས་མ་ཡིན་ཞེས་དྲིས་པ་ན། དེ་དག་ན་རེ། མར་མེ་དང་དེ་ལས་གཞན་པའི་ཀ་བུམ་སོགས་འདུ་བྱེད་རྣམས་མཚན་ཉིད་མི་མཐུན་ཏེ། མར་མེ་ནི་ཚ་བ་དང་སྣང་བར་བྱེད་པ་མི་བརྟན་པར་སྐད་ཅིག་གིས་སྐྱེ་ཞིང་འགག་པའི་མཚན་ཉིད་ཅན་དུ་མཐོང་ལ། ཀ་བུམ་སོགས་གཞན་ནི། སྐྱེས་ནས་ཇི་སྲིད་ཅིག་གི་བར་དུ། གདུང་འདེགས་པ་དང་ཆུ་བླུག་པ་སོགས་ཀྱི་དོན་བྱེད་པས་སྲ་ཞིང་བརྟན་པའི་མཚན་ཉིད་ཅན་དུ་མཐོང་བས་དེ་གཉིས་འདྲ་བ་མ་ཡིན་ནོ་ཟེར་ན། དེ་ལ་འདི་སྐད་དུ་བསྟན་པར་བྱ་སྟེ། འདུ་བྱེད་ཀྱི་དངོས་པོ་རྣམས་རང་གི་མཚན་ཉིད་མི་འདྲ་བ་ཙམ་ནི་རང་གཞན་གཉིས་ཀར་གྲུབ་མོད་ཀྱི། དེས་འདུ་བྱེད་རྣམས་སྐད་ཅིག་གིས་མི་རྟག་པའི་མཚན་ཉིད་དུ་མི་འགྲུབ་པ་མ་ཡིན་ཏེ། དེའི་རྒྱུ་མཚན་མཚན་ཉིད་མི་མཐུན་པ་ལ་རྣམ་པ་གཉིས་ཏེ། རང་བཞིན་མི་མཐུན་པ་དང༌། འཇུག་པ་མི་མཐུན་པའོ། །རང་བཞིན་མི་མཐུན་པ་ནི་མེའི་རང་བཞིན་ཚ་བ་དང༌། ཆུའི་རང་བཞིན་གཤེར་བ་ལྟ་བུའོ།།

འཇུག་པ་མི་མཐུན་པ་ནི། མར་མེ་ལ་སོགས་པ་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་ལ། བུམ་པ་སོགས་འདུ་བྱེད་གཞན་རྣམས་སྐྱེས་ནས་དུས་ཇི་སྲིད་ཅིག་ཏུ་གནས་ནས་གཟོད་འཇིག་པས་འཇུག་པ་མི་མཐུན་པ་འདི་ཁྱོད་ཀྱི་ཞེ་འདོད་ཡིན་པར་མངོན་ན། མར་མེ་དང་བུམ་སོགས་རང་བཞིན་མི་མཐུན་པ་ཡིན་མོད་ཀྱི། དེས་སྐད་ཅིག་མར་འཇུག་པ་མི་མཐུན་པར་མི་འགྲུབ་པར་མ་ཟད། མར་མེ་སྐད་ཅིག་མ་ཡིན་པར་ཁྱོད་ལ་གྲུབ་པ་དེ་དཔེར་བྱས་ནས། བུམ་སོགས་འདུ་བྱེད་གཞན་སྐད་ཅིག་མར་གྲུབ་པ་ཡིན་ཏེ། དཔེ་དེ་ཡང་མར་མེ་བསྒྲུབ་པ་ལ་མར་མེ་དང༌། བ་ལང་བསྒྲུབ་པ་ལ་བ་ལང་དཔེར་འགོད་པ་ལྟ་བུ་རང་བཞིན་གཅིག་པ་ནི་དཔེར་མི་རུང་ཞིང༌། རང་བཞིན་མི་གཅིག་པའི་དངོས་པོ་གཞན་འཇུག་པའམ་བསྒྲུབ་བྱའི་ཆོས་གཅིག་པ། ཉི་མ་མེ་དང་འདྲ་བར་ཚའོ། །བ་ལང་ནི་བ་མེན་དང་འདྲའོ་ཞེས་བརྗོད་པ་ལྟར་བུམ་སོགས་དང་མར་མེ་རང་མཚན་གྱི་རྣམ་པ་མི་འདྲ་ཡང༌། སྤྱི་མཚན་སྐད་ཅིག་མའི་མི་རྟག་པ་ཡིན་པ་ལ་ཁྱད་མེད་པར་སྒྲུབ་ནུས་པའི་ཕྱིར། རྣམ་པ་མི་འདྲ་བ་ཙམ་གྱིས་ཆོས་ཁ་ཅིག་སྐད་ཅིག་གིས་འཇིག་ལ། འགའ་ཞིག་རེ་ཞིག་གནས་ནས་ཕྱིས་འཇིག་པ་མི་སྲིད་དེ། འདུ་བྱེད་ཐམས་ཅད་སྐད་ཅིག་གིས་འཇིག་པ་ལ་ཁྱད་མེད་དོ། །གཞན་ཡང་ཁྱེད་ཅག་གི་ཞེ་འདོད་ལྟར་ན། མར་མེའི་སྙིང་པོ་སྐད་ཅིག་མ་མིན་པར་གནས་ནས་དེས་མེ་ལྕེ་སྐད་ཅིག་མ་རིམ་ཅན་དུ་བསྐྱེད་པ་དང༌། ཀ་བུམ་སོགས་སྐད་ཅིག་མ་མ་ཡིན་པར་རང་གི་ངོ་བོ་དེ་ཉིད་དུ་གནས་ན། ན་ནིང་ད་ལོ་སང་ཕོད་སོགས་ཀྱི་དུས་རྣམས་སུ་ཆུ་བླུགས་པ་དང་གདུང་འདེགས་སོགས་ཀྱི་འབྲས་བུ་ཐ་དད་དུ་མ་སྐྱེད་དོ་སྙམ་དུ་བསམ་པ་ཡིན་པས། ཁྱོད་ལ་འདི་ལྟར་འདྲི་སྟེ། རྟ་ལ་མི་ཞོན་ནས་ཡུལ་གཞན་དུ་ཕྱིན་པ་ན། རྟ་མི་གང་དུ་མ་སོང་བར་དེ་ན་འདུག་བཞིན་དུ་མི་དེ་ཡུལ་གཞན་དུ་ཕྱིན་པ་ཡོད་དམ། དེ་དག་ན་རེ། དེ་ལྟ་བུ་འཇིག་རྟེན་ན་མི་སྲིད་པས་མི་འདོད་དེ། མི་དང་རྟ་མཉམ་དུ་ཡུལ་གཞན་དུ་ཕྱིན་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་ལན་བརྗོད་པ། གལ་ཏེ་ཁྱོད་ཀྱི་འདོད་པ་དེ་བཞིན་མར་མེའི་སྙིང་པོ་སྐད་ཅིག་མ་མ་ཡིན་པར་འདུག་ནས་མེ་ལྕེ་སྐད་ཅིག་མ་བསྐྱེད་པ་དང༌། བུམ་སོགས་མི་གཡོ་བར་འདུག་ནས་ཆུ་བླུགས་པ་སོགས་ཀྱི་བྱ་བ་བྱེད་པ་དང༌། མིག་སོགས་དབང་པོ་རྣམས་སྔ་མའི་ངང་ཚུལ་ལས་མི་གཡོ་བར་འདུག་ནས། མིག་ཤེས་སོགས་བསྐྱེད་པ་འདི་ཡང་རྒྱུ་མ་གཡོས་ནས་འབྲས་བུ་གཡོ་བ་གསར་དུ་སྐྱེད་པ་མི་རིགས་ཏེ། འབྲས་བུ་འདི་དག་གི་རྒྱུ་ནི་མི་གཡོ་བ་དེ་དག་ཡིན་པར་ཁས་བླངས་པས་རྟ་འདི་ན་འདུག་བཞིན་དེ་ལ་ཞོན་པའི་མི་ཡུལ་གཞན་དུ་ཕྱིན་པ་དང་ཅིས་མི་འདྲ། མར་མེའི་སྙིང་པོ་ཡང་སྣུམ་གྱིས་ཡང་ཡང་བྲན་པ་མེ་ལྕེས་ཟོས་ནས་རིམ་པ་རིམ་པར་ཟད་ཅིང་འགགས་ནས་སྣུམ་ཟད་པ་ན་མར་མེ་ཤི་སྟེ་སྡོང་བུ་ཡང་ཐལ་བར་འགྱུར་གྱི་སྡོང་བུ་ལ་སྐྱེ་འགག་མེད་པར་མར་མེ་བསྐྱེད་ན་སྡོང་བུ་ནམ་ཡང་མི་འགག་ལ། མར་མེ་ཡང་ནམ་ཡང་མི་འགག་མོད་དེ་ལྟར་མ་ཡིན་པས་རྒྱུ་འབྲས་གཉིས་ཀ་སྐད་ཅིག་མ་ཡིན་པ་དང༌། དེ་བཞིན་ཀ་བུམ་སོགས་ཀྱིས་དོན་བྱེད་པ་དང་དབང་པོ་ལས་དབང་ཤེས་སྐྱེ་བ་ཐམས་ཅད་ཀྱང་མར་མེ་བཞིན་དུ་རྒྱུ་འབྲས་བུ་གཉིས་ཆར་སྐད་ཅིག་མར་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་པ་དང༌། དེ་དག་ན་རེ། དེ་ལྟར་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་ན་ཇི་ལྟར་མར་མེ་ལ་སོགས་པ་བཞིན་དུ་འཇིག་རྟེན་པ་རྣམས་ཀྱི་མཐོང་བས་མི་རྟག་པར་ཡོངས་སུ་གཅོད་ཅིའི་ཕྱིར་མི་ནུས་ཤེ་ན། འཇིག་རྟེན་པའི་མཐོང་བས་སྐད་ཅིག་མར་ཡོངས་སུ་གཅོད་མི་ནུས་པ་ནི་འདུ་བྱེད་རྣམས་ལ་སྐད་ཅིག་མ་ཡིན་པ་དང་མ་ཡིན་པའི་ཁྱད་ཡོད་པས་མ་ཡིན་ཏེ། གློག་དང་ཆུ་བུར་དང་སྤྲིན་དང་མར་མེ་དང་འབབ་ཆུ་རྣམས་རིང་པོ་མི་ཐོགས་པར་འགག་པ་དང༌། སྣང་བའི་དུས་ནའང་རྣམ་པ་མི་འདྲ་བར་སྣང་བའི་སྒོ་ནས་སྐད་ཅིག་གིས་མི་རྟག་པར་རྟོགས་སླ་ལ་ཀ་བུམ་དང་བྲག་རི་དང་རྡོ་རྗེའི་རྡོ་བ་ལ་སོགས་པ་སྐད་ཅིག་མ་ཡིན་ཡང༌། ཇི་སྲིད་དུ་རིགས་འདྲ་བར་མ་ཆད་པར་བྱུང་བའི་འཁྲུལ་རྒྱུ་བྱས་ནས་ཕྱིན་ཅི་ལོག་གི་བློ་རྟག་པའི་འདུ་ཤེས་བྱུང་བ་ཡིན་གྱི་དངོས་པོ་རྣམས་སྐད་ཅིག་མ་མ་ཡིན་པའི་རྟག་པར་གནས་པ་ནི་ནམ་ཡང་མི་སྲིད་དོ། །འཁྲུལ་བའི་རྒྱུ་མཚན་གྱིས་ཟིན་པའི་སེམས་ཅན་བློ་གྲོས་ཀྱི་མཐུ་ཆུང་བ་རྣམས་ལ་དངོས་པོའི་གནས་ཚུལ་དང་མི་མཐུན་པ་ཕྱིན་ཅི་ལོག་གི་བློ་འདུ་བྱེད་རྣམས་གཙང་བདེ་རྟག་བདག་ཏུ་ཞེན་པ་ཡིན་ཏེ། མིག་སེར་གྱི་ནད་ཀྱིས་ཟིན་པས་དུང་ལ་སེར་པོར་མཐོང་བ་དང༌། མཚན་མོ་མགལ་མེ་བསྐོར་བ་ལས་འཁོར་ལོ་ལྟར་སྣང་བ་དང༌། མུན་པ་ཚབ་ཚུབ་ཀྱི་དུས་ན་མིག་མི་གསལ་བས་ཐག་པ་ལ་སྦྲུལ་དུ་བཟུང་བ་བཞིན་ནོ།།

དེ་ལྟར་ཕྱིན་ཅི་ལོག་གི་བློ་ཡོད་པས་འཁོར་བ་ཡང་གྲུབ་ལ། ཚད་མ་དང་ལྡན་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་གི་བློ་དེ་བསལ་བས་རྣམ་བྱང་ཡང་བསླུ་མེད་དུ་འགྲུབ་ཀྱི། ཕྱིན་ཅི་ལོག་གི་བློ་མེད་པར་འཇིག་རྟེན་པས་མཐོང་བ་ཐམས་ཅད་ཡང་དག་པར་མཐོང་བ་ཡིན་ན་ཐམས་ཅད་ཡེ་ནས་གྲོལ་བར་གྱུར་པའམ། ཡང་ན་ནམ་ཡང་གྲོལ་བ་མེད་པར་འགྱུར་ན་ཡང༌། དེ་ལྟར་མ་ཡིན་པར་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་བསླུ་མེད་དུ་ཡོད་པའི་ཕྱིར་འཇིག་རྟེན་རང་ཁ་མས་མཐོང་བ་དང་མ་མཐོང་བ་ཙམ་ལ་ཚད་མར་མི་གཟུང་བར་ཡང་དག་པའི་རིགས་ལམ་ཚད་མ་དང་ལྡན་པ་ལ་བརྟེན་ན་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་པར་འགྱུར་རོ། །སྐམ་དང་འཕེལ་དང་སོགས་ནས་དྲི་བའི་བར་གྱི་ཇི་སྐད་བཤད་པ་དེས་ན་ཕྱི་ཡི་འདུ་བྱེད་དེ་ཡང་སྐད་ཅིག་མ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དབྱིག་གཉེན་འགྲེལ་པའི་དགོངས་པ་སློབ་དཔོན་བློ་གྲོས་བརྟན་པས་རྒྱས་པར་བཀྲལ་བའི་དོན་ཚང་བར་མདོར་བསྡུས་ཏེ་གསལ་བར་བཀོད་པ་ཡིན་ནོ།།

གཉིས་པ་གང་ཟག་ལ་བདག་མེད་པར་བསྒྲུབ་པ་ནི།

གང་ཟག་བཏགས་པར་སོགས་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་བསྟན་ཏེ།

གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ།།

མི་དམིགས་ཕྱིན་ཅི་ལོག་པ་དང༌། །ཀུན་ནས་ཉོན་མོངས་ཉོན་མོངས་རྒྱུ།།

ཉེས་པ་གཉིས་ཕྱིར་དེ་ལས་འདི། །གཅིག་དང་གཞན་དུ་བརྗོད་བྱ་མིན།།

ཕུང་པོ་བདག་ཏུ་ཐལ་བ་དང༌། །དེ་རྫས་ཉིད་དུ་ཐལ་འགྱུར་ཕྱིར།།

གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོས་པ་ཡང་ནི་བརྗོད་དགོས་སོ།།

གཅིག་དང་གཞན་དུ་བརྗོད་མིན་པ། །དགོས་པ་མེད་པར་མི་རིགས་སོ།།

མཚན་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང༌།།

བུད་ཤིང་མེད་བཞིན་གཉིས་སུ་ནི། །བརྗོད་མིན་མི་རུང་གཉིས་ཕྱིར་རོ།།

གཉིས་ཡོད་རྣམ་ཤེས་སྐྱེ་བའི་ཕྱིར། །དེ་རྐྱེན་མ་ཡིན་དོན་མེད་ཕྱིར།།

དེ་ཕྱིར་ལྟ་བ་པོ་ནས་ནི། །གྲོལ་པོའི་བར་དུ་མི་འགྱུར་རོ།།

བདག་པོ་ཉིད་ཅིག་ཡིན་ན་ནི། །མི་རྟག་མི་འདོད་འབྱུང་མི་བྱེད།།

དེ་ཡིས་མཚན་ཉིད་བསྒྲུབ་དགོས་ཏེ། །རྫོགས་པའི་བྱང་ཆུབ་གསུམ་ལ་གནོད།།

ཉེས་པ་གསུམ་ཕྱིར་ལྟ་སོགས་ལ། །དེ་ཡི་བྱེད་པ་རང་འབྱུང་མིན།།

བྱེད་པ་དེ་ཡི་རྐྱེན་ཅན་ཡང༌། །ལྟ་སོགས་བྱེད་པ་མེད་པ་ཡིན།།

བྱེད་པ་མིན་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར།།

ལྟ་ལ་སོགས་པའི་བྱེད་པ་ནི། །རང་བྱུང་ཉིད་དུ་མི་རུང་ངོ༌།།

དེ་བཞིན་གནས་དང་ཞིག་པ་ནི། །སྔ་ན་མེད་དང་མི་རྟག་དང༌།།

ཕྱོགས་གསུམ་པོ་ཡང་མེད་པའི་ཕྱིར། །རྐྱེན་ཉིད་དུ་ནི་མི་རུང་ངོ༌།།

འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན།།

སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ཁོ་ན་ཡིན།།

ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་སྐབས་གཅོད་པའི་བྱེ་བྲག་དང༌།།

འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང༌། །གང་ཟག་གིས་ནི་ཉེ་བར་བསྟན།།

བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གོམས་པ་ཐོག་མ་མེད་དུས་ཅན།།

གང་ཟག་ཡོད་ན་ཐམས་ཅད་ནི། །འབད་མེད་ཐར་པའམ་ཐར་པ་མེད།།

ཆོས་ཀྱི་སྡོམ་བཞིའི་ནང་ནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། མི་རྟག་པ་ནི་མེད་པའི་དོན་གྱིས་མི་རྟག་པ་དང༌། སྐད་ཅིག་མར་འཇིག་པའི་དོན་གྱིས་མི་རྟག་པ་གཉིས་སུ་བསྟན་ཅིང༌། དེའི་ནང་ནས་སྐད་ཅིག་མའི་མི་རྟག་པ་བསྒྲུབ་པ་ལ། སྤྱིར་བསྒྲུབ་པའི་རིགས་པའི་རྣམ་གྲངས་བཅུ་བཞི། བྱེ་བྲག་ཏུ་ནང་གི་འདུ་བྱེད་རྣམས་སྐད་ཅིག་མར་བསྒྲུབ་པའི་རིགས་པའི་རྣམ་གྲངས་བཅུ་བཞི། ཕྱིའི་འདུ་བྱེད་རྣམས་སྐད་ཅིག་མར་བསྒྲུབ་པའི་རིགས་པའི་རྣམ་གྲངས་དངོས་བསྟན་བཅུ་ཙམ་ཞིག་བསྒྲུབས་པའི་རྗེས་སུ། གང་ཟག་གི་བདག་མེད་པ་བསྒྲུབ་པ་ནི། གོང་དུ་ཕུང་པོ་ལྔ་རྣམས་སྐད་ཅིག་གིས་མི་རྟག་པར་བསྒྲུབས་པ་དེས་གང་ཟག་གི་བདག་གཅིག་པུ་བ་ཞིག་མེད་པར་དོན་གྱིས་གྲུབ་པའང་ཡིན་མོད་ཀྱི། འཇིག་རྟེན་པ་དང་མུ་སྟེགས་པ་དག་ཕུང་པོ་ཁུར་དུ་འཁྱེར་བའི་བྱེད་པ་པོ་རང་དབང་ཅན། བདག་ཅེས་བྱ་བ་དང༌། སྲོག་ཅེས་བྱ་བ་དང༌། གང་ཟག་ཅེས་བྱ་བ་དང༌། བྱེད་པ་པོ་ཞེས་བྱའི་མིང་ཅན་དང༌། དེ་བཞིན་དུ་ཕུང་པོ་རྣམས་རྒྱུན་མི་འཆད་པར་གསོ་བ་པོ་དང༌། རྩལ་སྣ་ཚོགས་དང་ལྡན་པས་ཤེད་ཅན་དང༌། ཤེད་བདག་དང༌། སྐྱེ་དགུའི་བདག་པོ་ཤེད་བྱེད། ཅེས་བྱ་བ་ལས་སྐྱེས་པས་ཤེད་ལས་སྐྱེས་དང༌། ཤེད་བུ། ཞེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱིས་བརྗོད་པའི་བདག་ནི་ཡོད་ལ་དེ་འཆིང་བ་དང་གྲོལ་བ་པོའི་གཞིར་འདོད་པ་ཡིན་ནོ། །རང་སྡེ་གནས་མའི་བུའི་སྡེ་པ་སོགས་ཀྱིས་ཀྱང་བདག་ཡོད་པར་འདོད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོའི་སྐྱེ་བོའི་གང་ཟག་དང༌། རྒྱུན་དུ་ཞུགས་པའི་གང་ཟག་ལ་སོགས་པ་བསྟན་པ་དང༌། གང་ཟག་གཅིག་འཇིག་རྟེན་དུ་བྱུང་ན་འཇིག་རྟེན་ཀུན་ལ་ཕན་པ་དང་བདེ་བ་བྱེད་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་གང་ཟག་གོ་ཞེས་གསུངས་པས། སེམས་ཅན་ཐམས་ཅད་ལ་བདག་ཡོད་དེ། བདག་མེད་ན་སུ་ཞིག་འཁོར་བར་འཆིང་སུ་ཞིག་གྲོལ། སུ་ཞིག་གིས་རང་དང་གཞན་གྱི་དོན་སྒྲུབ་སུ་ཞིག་ལམ་ལ་འཇུག་སྟེ་དེའི་ཕྱིར་བདག་ཡོད་དོ་ཞེས་འདོད་ཅིང༌། མུ་སྟེགས་རྣམས་ཀྱི་བདག་དེའི་ཆེ་ཆུང་ཡང་ལུས་དང་འཚམས་པར་ཡོད་ཅེས་དང༌། ཁ་ཅིག་གིས་བེམ་པོ། ཁ་ཅིག་གིས་ཤེས་པ། ཁ་ཅིག་གིས་གཟུགས་ཅན། ཁ་ཅིག་གིས་གཟུགས་ཅན་མིན་པ་སོགས་འདོད་ཚུལ་དུ་མ་དང༌། ཐམས་ཅད་སྤྱིའི་བདག་དེ་རྟག་པ་དང་གཅིག་པུར་འདོད་ལ། ཡང་རང་དབང་ཅན་དང༌། བྱེད་པ་པོ་ལ་སོགས་པའི་ཞེ་འདོད་ཀྱིས་ཀུན་བརྟགས་སྣ་ཚོགས་སུ་སྨྲའོ། །རང་སྡེ་གནས་མ་བུའི་སྡེ་པ་དག་གིས་བདག་རྫས་སུ་ཡོད་ཀྱང་ཕུང་པོ་དང་གཅིག་མ་ཡིན་ལ། ཐ་དད་ཀྱང་མ་ཡིན་པས་རྟག་མི་རྟག་སོགས་བརྗོད་དུ་མེད་པར་འདོད་དོ།།

དེའི་ཕྱིར་དེ་དག་གི་འདོད་པ་ལྟར་མ་ཡིན་པར་བསྟན་པ་ནི། གང་ཟག་དང་བདག་ཅེས་པ་ཕུང་པོ་ལྔ་ལ་བརྟེན་ནས་ཐ་སྙད་ཙམ་གྱིས་བཏགས་པར་ཡོད་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་ཏེ། དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་དང་མཐུན་པར། སོ་སྐྱེ་ནས་སངས་རྒྱས་ཀྱི་བར་ལ་གང་ཟག་གི་མིང་དུ་བཏགས་པའི་ཐ་སྙད་ཀྱིས་བསྟན་ཏེ་གསུངས་པ་ཡིན་གྱི། བདག་དང་གང་ཟག་རྫས་སུའམ་དོན་དམ་པར་རམ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །དེ་ལྟར་བཏགས་པས་ཡོད་པ་དང༌། རང་གི་ངོ་བོ་རྫས་སུ་མེད་པར་བསྟན་པས་ཐ་སྙད་དུ་བཏགས་པ་ཙམ་ཡང་མི་རུང་བ་དང༌། བདག་ངོ་བོས་ཡོད་པར་གྱུར་པའི་ཕྱོགས་གཉིས་ཀྱི་ཉེས་པ་མེད་པ་ཡིན་ནོ། །བདག་རྫས་སུ་མེད་པར་ཅིས་མངོན་ཞེ་ན། བདག་རྫས་ཡོད་ན་མངོན་སུམ་ཚད་མ་དང༌། རྗེས་སུ་དཔག་པའི་ཚད་མ་གང་རུང་གིས་དམིགས་དགོས་ན། དེ་ཚད་མས་མ་དམིགས་པའི་ཕྱིར་རྫས་སུ་མེད་པར་གྲུབ་བོ། །ཇི་ལྟར་ན་བདག་གི་མིག་ལ་སོགས་པའི་དབང་པོ་དྲུག་དང་མིག་ཤེས་ལ་སོགས་པ་རྣམ་པར་ཤེས་པ་གང་གིས་ཀྱང་མངོན་སུམ་དུ་མི་དམིགས་མི་སྲིད་དོ། །གཞན་དག་ན་རེ། བདག་ནི་མིག་དང་མིག་ཤེས་ལ་སོགས་པའི་དབང་པོ་ལྔ་དང་རྣམ་ཤེས་ལྔས་མ་དམིགས་ཀྱང་དེ་ཙམ་གྱིས་མེད་པར་མི་འགྲུབ་སྟེ། དབང་ཤེས་ལྔས་མ་དམིགས་པའི་སེམས་སེམས་བྱུང་རྣམས་ཡིད་ཀྱི་ཤེས་པས་དམིགས་པས་ཡོད་པར་འདོད་པ་བཞིན་དུ། བདག་ཡོད་པར་འདོད་པ་རྣམས་ཀྱིས་ཡིད་ཀྱིས་དམིགས་པའི་ཕྱིར་བདག་ཡོད་དེ། བཅོམ་ལྡན་འདས་ཀྱིས་ཀྱང༌། ཚེ་འདི་ཉིད་ལ་བདག་ཏུ་དམིགས་ཤིང་འདོགས་སོ་ཞེས་བདག་དམིགས་པར་གསུངས་པའི་ཕྱིར་རོ་ཞེས་སྨྲ་བ་ལ་བརྗོད་པ། བདག་ཡོད་པར་འདོད་པ་རྣམས་ཀྱིས་བདག་ཏུ་དམིགས་པ་ནི་ཕྱིན་ཅི་ལོག་ཡིན་ཏེ། མེད་པ་ལ་ཡོད་པར་དམིགས་པ་ཐག་པ་ལ་སྦྲུལ་དུ་དམིགས་པ་ལྟར་འཁྲུལ་བ་ཡིན་གྱི་ཡོད་པར་ཡིད་ཤེས་ཀྱིས་མངོན་སུམ་མཐོང་ནས་དམིགས་པ་མ་ཡིན་ལ། བཅོམ་ལྡན་འདས་ཀྱིས་བདག་རྫས་སུ་ཡོད་པ་ལ་ཤེས་པ་ཚད་མས་དམིགས་ཞེས་གསུངས་པ་མ་ཡིན་གྱི་བདག་མེད་བཞིན་བདག་ཏུ་ལྟ་ཞིང་ཡིད་ཀྱིས་དམིགས་ནས་ཚིག་ཏུ་ཡང་བདག་ཅེས་མིང་འདོགས་སོ་ཞེས་གསུངས་པ་ཡིན་ནོ།།

བདག་ཡོད་པར་སྨྲ་བ་རྣམས་ཀྱིས་སྨྲས་པ། བདག་ཡེ་ནས་མེད་པ་ཞིག་ལ་བློས་ཀྱང་དམིགས་པར་མི་རིགས་མོད། སེམས་ཅན་ཐམས་ཅད་ཀྱི་བློས་བདག་ཏུ་དམིགས་པའི་ཕྱིར་བདག་ཏུ་དམིགས་པའི་ཕྱིན་ཅི་ལོག་ཡིན་པར་ཇི་ལྟར་མངོན་ཞེ་ན། བདག་ཏུ་དམིགས་པ་ཕྱིན་ཅི་ལོག་མ་ཡིན་ན་ཉེས་པ་མེད་པ་ཡིན་དགོས་ཀྱང༌། བདག་ལྟ་འདི་ནི་ཉེས་པའི་རང་བཞིན་ཅན་ཀུན་ནས་ཉོན་མོངས་པའི་ངོ་བོ་ཡིན་པ་དང་ཉོན་མོངས་པ་གཞན་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཡིན་པར་མངོན་ནོ། །དེ་ཡང་བདག་ཏུ་དམིགས་པ་འདི་ནི་རྩ་ཉོན་དྲུག་ལས་ལྟ་བའི་བྱེ་བྲག་འཇིག་ཚོགས་ལ་ལྟ་བ་ཡིན་ལ། དེ་ལས་ཆགས་སོགས་ཉོན་མོངས་པ་ཀུན་རྒྱས་ཤིང་དེའི་དབང་གིས་སྡུག་བསྔལ་སྣ་ཚོགས་པའི་རང་བཞིན་ཅན་འཁོར་བ་འགྲུབ་པའི་ཕྱིར་འདི་ལ་ཉེས་པ་ཡོད་པས་ཕྱིན་ཅི་ལོག་ཏུ་དམིགས་པ་ཡིན་ནོ། །གཞན་དག་ན་རེ། བདག་ཏུ་ལྟ་བ་འདི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཅན་ཡིན་ཡང་ཕྱིན་ཅི་ལོག་མ་ཡིན་ནོ་ཟེར་ན། ཕྱིན་ཅི་ལོག་མ་ཡིན་ན་ཀུན་ནས་ཉོན་མོངས་པར་འགྱུར་བར་མི་རིགས་ཏེ། གང་ཀུན་ནས་ཉོན་མོངས་པ་ཡིན་པ་དེ་ཕྱིན་ཅི་ལོག་ཡིན་ཏེ་དཔེར་ན་རྟག་པར་དང་གཙང་བར་འཛིན་པ་ལྟ་བུའོ། །གང་ཀུན་ཉོན་མེད་པ་དེ་དང་དེ་ལ་ཕྱིན་ཅི་ལོག་མེད་དེ། དཔེར་ན་མི་རྟག་པ་དང་མི་གཙང་བར་འཛིན་པ་ལྟ་བུའོ། །དེས་ན་ཕྱིན་ཅི་ལོག་གཙང་བདེ་རྟག་བདག་ཏུ་རྟོག་པ་མི་གཙང་སྡུག་བསྔལ་མི་རྟག་བདག་མེད་དུ་རྟོགས་པའི་ལམ་གྱིས་བསལ་བས་སྐྱོན་རྣམ་པར་དག་པ་རྣམ་བྱང་འཐོབ་སྟེ། རབ་རིབ་ཀྱི་སྐྱོན་གྱིས་མཐོང་བ་ཕྱིན་ཅི་ལོག་ཏུ་སྣང་བ་ཟད་པའི་མིག་སྐྱོན་མེད་པ་བཞིན་ནོ།།

ཡང་བདག་ཏུ་སྨྲ་བ་རྣམས་ན་རེ། གང་ཟག་བཏགས་ཡོད་དུ་སྨྲ་བ་ཁྱེད་ཀྱིས་ཀྱང་གཞི་མེད་པ་ལ་བཏགས་པ་མི་རིགས་པས་གང་ཟག་དེ་ཅི་ལ་བརྟེན་ནས་འདོགས་པ་ཡིན་ཞེ་ན། གང་ཟག་ཏུ་འདོགས་པ་འདི་ནི་གང་ཟག་རྫས་སུ་ཡོད་པ་ལས་དེ་ལྟར་གང་ཟག་ཅེས་འདོགས་པ་མིན་གྱི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གང་ཟག་ཅེས་འདོགས་པ་ཙམ་དུ་ཟད་དེ། མདོ་ལས་ཀྱང༌། དགེ་སྦྱོང་ངམ་བྲམ་ཟེ་གང་སུ་ཡང་རུང་ལ་བདག་གམ་བདག་གི་ཞེས་འདོགས་པ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ལ་ངའམ་བདག་གི་ཞེས་འདོགས་པར་ཟད་དོ་ཞེས་གསུངས་སོ། །བཏགས་པའི་གང་ཟག་དེ་དང༌། གདགས་གཞི་ཕུང་པོ་ལྔ་གཅིག་ཡིན་ནམ་ཐ་དད་གང་དུ་སྨྲ་ཞེས་འདྲི་བ་ལ་ལན་དུ། ཉེས་པ་གཉིས་ཕྱིར་སོགས་ཚིགས་བཅད་གཅིག་གསུངས་ཏེ། གང་ཟག་རྫས་སུ་ཡོད་པར་འདོད་པའི་ལུགས་ལྟར་ན་གང་ཟག་དང་ཕུང་པོ་གཅིག་ཐ་དད་གང་རུང་དུ་འདོད་དགོས་ཏེ། རྫས་སུ་ཡོད་པའི་དངོས་པོ་དེ་རྫས་གཞན་ལས་ཐ་དད་དང༌། རྫས་རང་ཉིད་ལས་གཞན་མིན་པར་འགྱུར་ཏེ། བུམ་པ་སྣམ་བུའི་རྫས་ལས་ཐ་དད་དང༌། བུམ་པའི་རྫས་ཉིད་དང་གཅིག་པ་བཞིན་ནོ། །བཏགས་པའི་གང་ཟག་ལ་ཕུང་པོ་ལས་གཞན་པའི་རྫས་མེད་པ་དང༌། གདགས་གཞི་དང་བཏགས་པ་ཙམ་གྱི་སྒོ་ནས་ཐ་དད་པས་གཅིག་ཀྱང་མ་ཡིན་པའི་ཕྱིར་རོ། །འཆད་འགྱུར་ལྟར་ཉེས་པ་གཉིས་ཀྱི་ཕྱིར་ན་ཕུང་པོ་དེ་ལས་བདག་འདི་ནི་གཅིག་དང་གཞན་དུ་བརྗོད་པར་བྱ་བ་མིན་ཏེ། གང་ཟག་གམ་བདག་དང་ཕུང་པོ་གཅིག་མ་ཡིན་ལ། ཐ་དད་དམ་གཞན་ཡང་མིན་ནོ། །ཉེས་པ་གཉིས་ནི། ཕུང་པོ་དང་བདག་གཅིག་ཡིན་ན་ཕུང་པོ་ལྔ་པོ་བདག་ཏུ་ཐལ་བ་དང༌། བདག་ཕུང་གཞན་ཡིན་ན་བདག་དེ་ཕུང་པོ་ལས་གཞན་ཉིད་དུ་རྫས་ཡོད་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། ཕུང་པོ་བདག་ཡིན་ན་ཕུང་པོ་བཞིན་དུ་བདག་དུ་མ་དང་མི་རྟག་པར་འགྱུར་བའམ་ཡང་ན་བདག་བཞིན་དུ་ཕུང་པོ་ལྔ་ཡང་གཅིག་དང་རྟག་པར་འགྱུར་རོ། །ཕུང་པོ་དང་ཐ་དད་ཡིན་ན་ཕུང་པོ་ལས་གཞན་དུ་དམིགས་པར་ཐལ་བ་དང༌། ཕུང་པོ་ལྔ་ལས་བསགས་པ་དང་འབྲས་བུ་བདེ་སྡུག་མྱོང་བ་བདག་ལ་འབྲེལ་བ་མེད་པར་འགྱུར་རོ།།

བདག་སྨྲ་བའི་བྱེ་བྲག་གནས་མ་བུའི་སྡེ་པ་རྣམས་སངས་རྒྱས་ལ་སྟོན་པར་འཛིན་ཡང་སྟོན་པའི་བཀའ་བདག་མེད་པ་ལས་འདས་ཏེ་བདག་རྫས་སུ་ཡོད་པར་འདོད་པ་ལ་བརྒལ་བ། གལ་ཏེ་བདག་རྫས་སུ་ཡོད་ལ། ཕུང་པོ་ལྔ་ལས་གཅིག་ཐ་དད་དང༌། རྟག་མི་རྟག་ཏུ་བརྗོད་དུ་རུང་བ་མིན་པའི་ཞེ་འདོད་འདི་ལྟར་བཞག་པའི་རྒྱུ་མཚན་ནམ་དགོས་པ་ཡང་ནི་བརྗོད་དགོས་ཏེ། དགོས་པའམ་རྒྱུ་མཚན་མེད་པར་བརྗོད་དུ་མེད་དོ། །ཞེས་པའི་ཚིག་ཙམ་གྱིས་རང་གི་གྲུབ་མཐའ་འགྲུབ་པར་མི་ནུས་སོ། །ཞེས་བརྒལ་བ་ལ་དེ་དག་ན་རེ། བདག་དང་ཕུང་པོ་གཅིག་མིན་ཏེ་ཕུང་པོ་སྔ་མ་འགགས་ཀྱང་བདག་ནི་ད་དུང་འཁོར་བར་གནས་པར་འདོད་དགོས་པའི་ཕྱིར་རོ། །བདག་ཕུང་ཐ་དད་ཀྱང་མ་ཡིན་ཏེ་ཕུང་པོ་ལས་གཞན་པའི་ལས་བསགས་པ་པོ་དང་རྣམ་སྨིན་མྱོང་བ་པོ་མ་དམིགས་པའི་ཕྱིར་རོ། །རྟག་པ་ཡང་མ་ཡིན་ཏེ། སྐྱེ་བ་གཞན་དང་གཞན་གྱི་གནས་སྐབས་སུ་འགྱུར་བའི་ཕྱིར་རོ། །བདག་མི་རྟག་པ་ཡང་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཐ་མའི་བར་དུ་བདག་གཅིག་ཡིན་གྱི་བདག་ཏུ་མ་སྐྱེ་ཞིང་འགགས་པ་མེད་པའི་ཕྱིར་རོ། །དེས་ན་ལས་འབྲས་ཀྱི་རྟེན་དུ་རྫས་ཡོད་ཀྱི་བདག་ཕུང་པོ་ལས་གཅིག་ཐ་དད་སོགས་སུ་བརྗོད་དུ་མེད་པ་འདོད་དགོས་སོ། །དཔེར་ན་མེ་དང་བུད་ཤིང་གཅིག་མ་ཡིན་ཏེ་བུད་ཤིང་ཙམ་གྱིས་བསྲེག་པའི་བྱ་བ་མི་བྱེད་ལ། མེས་བུད་ཤིང་གི་བྱ་བ་མི་བྱེད་པའི་ཕྱིར་དང༌། ཐ་དད་ཀྱང་མ་ཡིན་ཏེ་བུད་ཤིང་ཉིད་མེར་གྱུར་པ་ལས་གཞན་དུ་མེ་ཐ་དད་པར་མ་དམིགས་པ་བཞིན་ནོ་ཞེ་ན། ཁྱོད་ཀྱིས་བདག་དང་ཕུང་པོ་གཉིས་ཀ་རྫས་ཡོད་དུ་ཁས་བླངས་ནས་དེ་གཉིས་གཅིག་དང་ཐ་དད་གཞན་དུ་བརྗོད་པ་རུང་བ་མིན་ཞེས་པ་དེ་ནི་རང་གི་ཞེ་འདོད་འགྲུབ་པའི་དགོས་པའམ་རྒྱུ་མཚན་ཅུང་ཟད་མེད་པར་ཚིག་ཙམ་དུ་བབ་ཅོལ་དུ་སྨྲས་པར་ཟད་པས་མི་རིགས་སོ། །ཇི་ལྟར་མི་རིགས་ན། ཀ་བ་དང་བུམ་པ་གཉིས་ཀ་སོ་སོའི་རྫས་ཡོད་དུ་ཁས་བླངས་ནས་ཀ་བུམ་གཅིག་མ་ཡིན་ཞེས་བརྗོད་ན་ཐ་དད་ཡིན་པར་ཚིག་དེ་ཉིད་ཀྱིས་གྲུབ་པས་སླར་ཀ་བུམ་ཐ་དད་ཀྱང་མ་ཡིན་ཞེས་རྣམ་པ་ཀུན་ཏུ་སྨྲ་མི་རུང་བ་ལྟར། བདག་དང་ཕུང་པོ་གཉིས་ཀ་རྫས་སུ་ཡོད་པར་ཁས་བླངས་ཕན་ཆད་བདག་ཕུང་གཅིག་མ་ཡིན་པར་ཁས་བླངས་པར་རིགས་ཀྱི། ཐ་དད་དམ་གཞན་མ་ཡིན་པར་བརྗོད་པ་ལ་དགོས་པ་མེད་པར་མ་ཟད་རང་གི་ཁས་ལེན་ཤིན་ཏུ་འགལ་བར་འགྱུར་ཏེ་ཀ་བུམ་ཐ་དད་མ་ཡིན་པར་སྨྲ་བ་བཞིན་ནོ། །གལ་ཏེ་ཐ་དད་དུ་ཁས་བླངས་ན་ཕུང་པོ་ལས་གཞན་པའི་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོའི་བདག་མ་དམིགས་པའི་གནོད་པ་དེར་དོགས་ནས་གཞན་ཡང་མིན་པར་ཁས་ལེན་ནོ་སྙམ་ན། བདག་དང་ཕུང་པོའི་རྫས་གཉིས་ཀ་གཞན་མིན་པར་གཅིག་ཏུ་ཁས་བླངས་པའི་སྐྱོན་གོང་བརྗོད་ལས་མི་འདའོ།།

གནོད་པ་དེར་དོགས་ནས་གཅིག་པར་ཡང་ཁས་མི་ལེན་ནོ་ཞེ་ན་ཐ་དད་པར་ཁས་བླངས་པས་རང་གིས་གཅིག་པར་ཁས་བླངས་པ་དེ་མ་ཐག་ཏུ་ཞིག་པས་ཁས་ལེན་དངོས་འགལ་སྨྲས་པ་ལ་དགོས་པ་མེད་པར་མ་ཟད་ཉེས་པ་ཤིན་ཏུ་ཆེ་བས་བདག་རྫས་ཡོད་དུ་འདོད་དགོས་ན་གཅིག་དང་ཐ་དད་གང་རུང་དུ་འདོད་རིགས་ཀྱི་གཅིག་ཐ་དད་གང་ཡང་མིན་པའི་རྫས་ནི་འཇིག་རྟེན་ན་མི་སྲིད་ཅིང༌། ལུང་ལས་ཀྱང་མ་གསུངས་པ་ལ་རིགས་པས་ཀྱང་མི་འགྲུབ་བོ། །དེས་ན་བདག་ཕུང་གཅིག་ཐ་དད་དུ་ཁས་བླངས་ན་སྐྱོན་གང་རུང་ཞིག་འབབ་པ་དེ་ནི་བདག་རྫས་སུ་མེད་པར་བཏགས་པ་ཙམ་ཡིན་པའི་དབང་གིས་ཡིན་ཏེ། གོང་དུ་གསུངས་པ་བཞིན་ནོ། །དེས་ན་བདག་བཏགས་པ་ཙམ་དུ་འདོད་པས་གཅིག་དང་གཞན་དུ་བརྗོད་མི་རུང་བ་ཡིན་པར་ཁོང་དུ་མ་ཆུད་པར་བདག་རྫས་སུ་འདོད་བཞིན་གཅིག་དང་གཞན་དུ་བརྗོད་དུ་མི་རུང་བ་དང༌། རྟག་པ་དང་མི་རྟག་པར་བརྗོད་དུ་མི་རུང་ཞེས་སྨྲས་པ་ནི་དངོས་འགལ་གྱི་ཚིག་ཙམ་ལས་ལས་འབྲས་ཀྱི་རྟེན་དུ་རུང་བའི་དགོས་པ་ཅུང་ཟད་མི་འགྲུབ་བོ། །མེ་དང་བུད་ཤིང་གཅིག་དང་གཞན་མིན་པ་ཞེས་དཔེར་བྱེད་པ་ནི་མི་འཐད་དེ། མེ་དང་བུད་ཤིང་མཚན་ཉིད་ཀྱི་སྒོ་ནས་ཐ་དད་ཡིན་ཏེ་མེ་བསྲེགས་ཤིང་ཚ་བའི་མཚན་ཉིད་དང༌། བུད་ཤིང་ནི་ཚ་ཞིང་སྲེག་པར་བྱེད་པ་མ་ཡིན་ལ་སྲ་བ་དང་སྤྱད་ཆ་སྣ་ཚོགས་སུ་རུང་བའི་མཚན་ཉིད་ཡིན་པས་མཚན་ཉིད་ཐ་དད་པ་དང༌། འཇིག་རྟེན་ན་ཡང་དེ་གཉིས་ཐ་དད་དུ་མཐོང་བའི་ཕྱིར་ཏེ། མེ་མེད་པར་བུད་ཤིང་རྐྱང་པ་དང་བུད་ཤིང་མེད་པར་ཡང་མེ་ལྕེ་རླུང་གིས་རྒྱང་རིང་པོར་བཅད་པ་དང༌། ལྕགས་དང་རྡོ་བ་གཙུབ་པ་སོགས་ལས་ཀྱང་མི་སྣང་བའི་ཕྱིར་རོ། །གཙུག་ལག་གི་བསྟན་བཅོས་ཀྱི་སྒོ་ནས་ཀྱང༌། མེ་ནི་འབྱུང་བ་བཞིའི་ཡ་གྱལ་དང༌། བུད་ཤིང་ནི་འབྱུང་བ་ལས་གྱུར་པ་སྟེ། ཆུས་སྡུད་ཅིང་སས་སྲ་བ་དང༌། རླུང་གིས་གཡོ་བའི་ཁམས་ལས་གཙོ་ཆེར་གྲུབ་པའོ། །དེ་ལྟར་བུད་ཤིང་མེ་བཞིན་གཅིག་པ་དང་གཞན་གཉིས་སུ་ནི་བརྗོད་པར་བྱ་བ་མིན་ཞེས་པ་དེ་མི་རུང་སྟེ་དེ་གཉིས་དངོས་པོའི་རྫས་ཐ་དད་པ་གཉིས་ཡིན་པའི་ཕྱིར་རོ།།

དེ་ནི་ཕྱི་རོལ་མུ་སྟེགས་པ་དག་གིས་ཞེ་འདོད་ཀྱི་བདག་བཀག་པ་ནི། མུ་སྟེགས་པ་རྣམས་ན་རེ། བདག་ཡོད་དེ་གཟུགས་ལ་ལྟ་བ་པོ་དང༌། དེ་བཞིན་སྒྲ་ཉན་པ་དང༌། དྲི་སྣུམ་པ་དང༌། རོ་མྱོང་བ་དང༌། རེག་བྱ་ཚོར་བ་དང་ཆོས་རྣམ་པར་རིག་པ་པོ་དེ་བདག་ཡིན་ལ། ལས་དགེ་སྡིག་བྱེད་པ་པོ་དང༌། རྣམ་སྨིན་ནམ་ཡུལ་ལོངས་སྤྱོད་པའི་ཟ་བ་པོ་དང༌། སེམས་ཅན་རྣམས་ཀྱི་འཆིང་བ་སྙིང་སྟོབས་དང་རྡུལ་དང་མུན་པ་གསུམ་ལས་གྲོལ་བ་པོའི་བདག་ཅི་སྟེ་མེད་ཅེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། བདག་མེད་ཀྱང་ལྟ་བ་པོ་ནས་གྲོལ་བ་པོའི་བར་དུ་ཡོད་རུང་གི བདག་གིས་ལྟ་བ་སོགས་ཀྱི་བྱ་བ་ཅི་ཡང་མི་བྱེད་དོ།།

ཇི་ལྟར་མི་བྱེད་ཅེ་ན། དབང་པོ་དང་ཡུལ་གྱི་གྲོགས་སུ་བདག་དེ་མེད་ན་ལྟ་བ་སོགས་མི་འབྱུང་བའི་རྐྱེན་དུ་གྱུར་པ་ཞིག་ཡིན་པའམ། བདག་གིས་མཐུས་དབང་པོ་སོགས་རྐྱེན་རྣམས་བསྐུལ་ནས་གཟོད་ལྟ་བ་སོགས་བྱེད་པའི་བདག་པོའམ་རྗེ་བོ་ལྟ་བུ་གང་ཡིན། དང་པོ་ལྟར་མ་ཡིན་ཏེ། མིག་སོགས་དབང་པོ་དང་གཟུགས་སོགས་ཡུལ་གྱི་རྐྱེན་གཉིས་ཡོད་ན་དེ་ལ་བརྟེན་ནས་མིག་ཤེས་སོགས་རྣམ་ཤེས་དྲུག་པོ་སྐྱེ་བའི་ཕྱིར། དེ་ལ་རྐྱེན་གཞན་མི་དགོས་ལ། དེ་གཉིས་མ་ཡིན་པའི་རྐྱེན་གཞན་གྱིས་བསྐྱེད་པར་མ་དམིགས་པའི་ཕྱིར་བདག་ནི་རྣམ་ཤེས་དེ་སྐྱེ་བའི་རྐྱེན་མ་ཡིན་ཏེ། དེ་གཉིས་ཁོ་ནས་ཡིད་བྱེད་མ་ཉམས་པའི་ཤེས་པ་སྐྱེད་ནུས་པ་ལ་རྒྱུ་གཞན་བདག་མི་དགོས་པས་དེ་འདྲའི་རྒྱུ་དོན་མེད་པའི་ཕྱིར། དཔེར་ན་བུད་ཤིང་གིས་མེ་བསྐྱེད་པ་ལ་ཆུ་མི་དགོས་པ་བཞིན་ནོ། །དེ་ཕྱིར་གཟུགས་ལ་ལྟ་བ་པོ་ནི་མིག་གི་རྣམ་ཤེས་ཡིན་པ་སོགས་གྲོལ་བ་པོའི་བར་དུ་རྣམ་ཤེས་རྣམས་ལ་ལྟ་བ་པོ་སོགས་སུ་བརྗོད་པའི་ཕྱིར། བདག་ནི་ལྟ་བ་པོ་ནས་གྲོལ་བ་པོའི་བར་དུ་མི་འགྱུར་ཏེ། རྣམ་ཤེས་ཉིད་མ་ཡིན་པའི་བདག་ལྟ་བ་པོ་སོགས་དང་གྲོལ་བ་པོ་མ་དམིགས་པའི་ཕྱིར་རོ།།

གཉིས་པ་གལ་ཏེ་ཡུལ་དབང་ཤེས་གསུམ་ཚོགས་ནས་ལྟ་བ་ལ་སོགས་པ་དེ་ཡང་བདག་གི་མཐུས་ཡིན་གྱི་བདག་མེད་ན་དེ་ལྟར་མི་འགྱུར་རོ་ཞེ་ན། བདག་དེ་དེ་ལྟར་འདོད་དགུར་དབང་བྱེད་པའི་མཐུ་དང་ལྡན་པ་རང་དབང་ཅན་དུ་གྱུར་པའི་བདག་པོ་ཉིད་ཅིག་ཡིན་ན་ནི། བདེ་བ་རྙེད་པ་དེ་མི་རྟག་པ་ཉིད་དུ་འགྱུར་བར་རྟག་ཏུ་བདེ་བར་བྱེད་རིགས་ན་ཡང་དེ་ལྟར་མ་ཡིན་པ་དང༌། མི་འདོད་པ་སྡུག་བསྔལ་ནམ་ཡང་འབྱུང་བར་མི་བྱེད་པར་རིགས་ན་ཡང༌། བདེ་བ་མི་ཉམས་པ་དང༌། སྡུག་བསྔལ་མི་འབྱུང་བའི་སེམས་ཅན་སུ་ཡང་མེད་པས་བདག་རང་དབང་ཅན་མ་ཡིན་པར་ཤེས་པར་བྱའོ། །དབང་པོ་དང་ཡུལ་ཕྲད་པ་ཡང་ལས་ཀྱི་དབང་གིས་འདོད་མི་འདོད་སྣ་ཚོགས་སུ་འབྱུང་ཞིང་རྐྱེན་ཚོགས་པའི་དབང་གིས་བདེ་སྡུག་སྣ་ཚོགས་སྐྱེ་བ་ཡིན་གྱི་བདག་གི་འདོད་པའམ་བྱིན་གྱིས་བརླབས་པས་ནི་ཅི་ཡང་མ་ཡིན་པས་བདག་ནི་ལྟ་བ་པོ་ནས་གྲོལ་བ་པོའི་བར་དུ་མི་འགྱུར་བ་ཁོང་དུ་ཆུད་པར་བྱའོ།།

བདག་ཡོད་པར་སྨྲ་བ་ལ་སྐྱོན་གཞན་ཡང་ཡོད་དེ། བདག་རྫས་སུ་ཡོད་ན་བདག་དེའི་ལས་དང་དེའི་མཚན་ཉིད་ཀྱང་འདི་དང་འདི་ལྟ་བུ་ཞེས་བསྒྲུབ་དགོས་ཏེ། དཔེར་ན་མིག་གི་དབང་པོ་དང་མིག་ཤེས་ཀྱི་ལས་ནི་གཟུགས་ལ་ལྟ་བའི་བྱ་བ་བྱེད་པའོ། །མིག་དབང་གི་གཟུགས་དྭངས་པ་མིག་ཤེས་ནི་སྔོན་པོ་སོགས་ཤེས་པ་ཞེས་བརྗོད་པ་བཞིན་དུ་བདག་དེའི་ལས་དང་མཚན་ཉིད་འདི་ཞེས་བརྗོད་དགོས་ན། བདག་དེ་ནི་རྫས་སུ་མེད་པས་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་བཞིན་ཚད་མས་དམིགས་མི་སྲིད་པ་ཡིན་པས་དེའི་ལས་དང་མཚན་ཉིད་ཡང་དག་པར་བརྗོད་མི་ནུས་ལ། ཕུང་པོའི་ལས་དང་མཚན་ཉིད་དེའི་ཆོས་སུ་བརྗོད་པ་ནི་ཕྱིན་ཅི་ལོག་གི་གྲུབ་མཐའ་ངན་པ་རིགས་པའི་གནོད་པ་བརྒྱ་ཕྲག་གིས་བསྣུན་ཡུལ་དུ་གྱུར་པའི་ཕྱིར་རང་ཉིད་ངལ་བ་ལྷུར་ལེན་པའི་ཉེས་པ་ཡོད་པས་སོ། །སྐྱོན་གཞན་ཡང༌། གལ་ཏེ་གང་ཟག་གི་བདག་ཡོད་ན་སངས་རྒྱས་ཀྱིས་དེ་གཟིགས་དགོས་ཏེ་སངས་རྒྱས་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་པས་སོ། །སངས་རྒྱས་ཀྱིས་གང་ཟག་གི་བདག་གཟིགས་ཏེ་སོ་སོའི་སྐྱེ་བོའི་གང་ཟག་དང༌། འཕགས་པའི་གང་ཟག་ཅེས་གསུངས་པའི་ཕྱིར་རོ་སྙམ་ན་དེའི་དོན་གོང་དུ་བཤད་ཟིན་ལ། དེ་གང་ཟག་གི་བདག་རྫས་སུ་ཡོད་པར་གཟིགས་པའི་དོན་ཡིན་པར་སྨྲ་ན། རྫོགས་པའི་བྱང་ཆུབ་གསུམ་ལ་གནོད་པར་འགྱུར་རོ། །རྫོགས་པའི་བྱང་ཆུབ་གསུམ་ནི་ཟབ་མོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཐུན་མོང་མ་ཡིན་པར་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། འཇིག་རྟེན་ལས་འདས་པར་མངོན་པར་བྱང་ཆུབ་པ་གསུམ་མོ། །དེ་ཡང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་པ་ནི་དང་པོའོ། །གང་ཟག་ལ་བདག་མེད་པར་ཐུགས་སུ་ཆུད་པ་གཉིས་པ་སྟེ་མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བདག་མེད་གཉིས་ཐུགས་སུ་ཆུད་པ་དེ་ལྟ་བུ་ནི་འཇིག་རྟེན་པ་རྣམས་ལ་མེད་པས་འཇིག་རྟེན་ལས་འདས་པར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །ཡང་ན་ཀུན་བཏགས་མེད་པ། གཞན་དབང་ཐ་སྙད་དུ་ཡོད་པ། ཡོངས་གྲུབ་རང་བཞིན་གྱིས་ཞི་བ་ཐུགས་སུ་ཆུད་པ་གསུམ་ལ་ཟབ་མོ་དང་ཐུན་མིན་འཇིག་རྟེན་ལས་འདས་པའི་མངོན་པར་བྱང་ཆུབ་པ་གསུམ་ཞེས་རིམ་པར་སྦྱར་རོ། །དོན་ལ་བདག་གཉིས་མེད་པ་ནི་འཇིག་རྟེན་ཚུ་རོལ་མཐོང་བའི་བློས་རྟོགས་མི་ནུས་ཤིང་སངས་རྒྱས་ཀྱིས་ཐུགས་སུ་ཆུད་ནས་གདུལ་བྱ་རྣམས་ལ་བསྟན་པ་ཡིན་ཡང༌། སངས་རྒྱས་ཀྱིས་བདག་ཡོད་པར་གཟིགས་ན་འཇིག་རྟེན་པ་རྣམས་ཀྱི་མཐོང་བ་ལས་མ་འཕགས་པས། ཟབ་མོ་ཐུན་མིན་དང་འཇིག་རྟེན་ལས་འདས་པར་ཅི་ཡང་མི་འགྱུར་བས་རྫོགས་པའི་བྱང་ཆུབ་གསུམ་ལ་དེ་ལྟར་གནོད་པ་ཡིན་ནོ།།

བདག་རྫས་ཡོད་དུ་འདོད་པའི་སྐྱོན་གཞན་ཡང༌། བདག་རྫས་སུ་ཡོད་ཅིང་དེས་ལྟ་བ་དང་ཉན་པ་ལ་སོགས་པ་བྱེད་པ་ཡིན་ན། བདག་དེས་ལྟ་བར་འདོད་ནས་མིག་འབྱེད་པ་སོགས་ཀྱི་འབད་པ་མེད་པར་ལྟ་བར་བྱེད་པའམ། འབད་དང་བཅས་ནས་ལྟ་བ་སོགས་གང་ཡིན་ཞེས་དཔྱད་ན། དེ་གཉིས་ཀ་ཡང་མི་འཐད་དེ། འོག་ནས་འཆད་འགྱུར་གྱི་ཉེས་པ་གསུམ་ཡོད་པའི་ཕྱིར། ལྟ་བ་སོགས་ཀྱི་བྱ་བ་ལ་བདག་དེ་ཡི་བྱེད་པ་འབད་པ་མེད་པར་རང་འབྱུང་བ་མིན་ཞིང༌། བྱེད་པ་མིག་འབྱེད་ནས་བལྟ་བ་དང༌། རྣ་བ་གཏད་དེ་ཉན་པ་སོགས་འབད་པ་བྱེད་པ་དེ་ཡི་རྐྱེན་དུ་གྱུར་པ་ཅན་ཡང་མིན་ཏེ་ལྟ་བ་ནི་དབང་པོ་དང་ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པས་བྱེད་པ་ཡིན་གྱི། བདག་ལ་ལྟ་བ་དང་ཉན་པ་སོགས་ཀྱི་བྱེད་པ་མེད་པའི་ཕྱིར་རོ་ཞེས་བསྟན་ནས་དེ་ཡི་དོན་བཤད་པ་ལྟ་བ་སོགས་ཀྱི་བྱེད་པ་དེ་བདག་གིས་མ་བྱས་པར་རང་བྱུང་བ་ཡིན་ན་བདག་བྱེད་པ་པོ་མིན་པར་འགྱུར་བའི་ཕྱིར་ཏེ་བདག་གིས་མ་བྱས་པར་རང་བྱུང་བའི་ཕྱིར་རོ། །ལྟ་བ་སོགས་ཀྱི་བྱེད་པ་རྣམས་ནི་རེས་འགའ་བ་ཡིན་པས་མི་རྟག་པའི་ཕྱིར་རྒྱུ་ཡོད་ཀྱི་རྒྱུ་མེད་པར་རང་བྱུང་ཡིན་པས་མི་འཐད་ལ། རང་བྱུང་རྒྱུ་མེད་ཡིན་ན་བྱེད་པ་རྣམས་རྟག་པར་འགྱུར་ན་ཡང་དེ་ནི་མངོན་སུམ་གྱི་ཚད་མས་བསལ་ལོ། །གལ་ཏེ་བྱེད་པ་རྣམས་རྒྱུ་མེད་པར་བྱུང་ན། རྒྱུ་མེད་པར་བྱུང་བའི་འབྲས་བུ་རྣམས་ནི་རྒྱུ་ལ་མི་ལྟོས་པར་འབྱུང་བའི་ཕྱིར་བྱེད་པ་ཐམས་ཅད་དུས་ཅིག་ཅར་འབྱུང་བ་དང༌། དུས་ཐམས་ཅད་དུ་རྟག་ཏུ་འཇུག་དགོས་པའི་ཕྱིར། ལྟ་བ་ལ་སོགས་པའི་བྱེད་པ་ནི་འབད་པ་མེད་པར་རང་བྱུང་ཉིད་དུ་མི་རུང་ངོ༌། །བདག་དེ་ལྟ་བ་དང་ཉན་པ་སོགས་ཀྱི་རྐྱེན་དུ་གྱུར་པའང་མ་ཡིན་ཏེ་ཅིའི་ཕྱིར་ན་བདག་གི་བྱེད་པ་རྟག་པ་ལྟ་ཉན་སོགས་ཀྱི་རྐྱེན་ཡིན་ནམ། བདག་གི་བྱེད་པ་མི་རྟག་པ་ཞིག་དེ་ནི་རྐྱེན་ཡིན་པའམ། བྱེད་པ་རྟག་མི་རྟག་གཉིས་ཀ་མ་ཡིན་པ་ཞིག་རྐྱེན་ཡིན། ཕྱོགས་དང་པོ་མི་རུང་སྟེ། བདག་གི་བྱེད་པ་རྟག་པ་ལྟ་བ་སོགས་ཀྱི་རྐྱེན་ཡིན་ན། བདག་གི་བྱེད་པ་རྟག་པ་དེ་ནི་དུས་རྟག་ཏུ་སྔ་མ་དེ་ཁོ་ན་བཞིན་དུ་གནས་པ་ཡིན་པས་ལྟ་བ་སོགས་ཀྱི་རྐྱེན་རྟག་ཏུ་གནས་པའི་ཕྱིར་དབང་པོ་དང་ཡུལ་མ་ཚོགས་ཤིང་མིག་གིས་བལྟ་བའི་བྱ་བ་སོགས་མ་བྱས་པའི་སྔ་རོལ་ཡང་ལྟ་བའི་བྱེད་པ་པོ་ཡོད་དགོས་ན་ཡང༌། མ་བལྟས་མ་ཉན་པ་སོགས་ཀྱི་སྔ་རོལ་ན་ལྟ་བ་དང་ཉན་པ་སོགས་ཀྱི་བྱེད་པ་མེད་པའི་ཕྱིར་བདག་གི་བྱེད་པ་རྟག་པ་དེ་ལྟ་བ་སོགས་ཀྱི་རྐྱེན་དུ་མི་རུང་ངོ༌།།

གལ་ཏེ་ཕྱོགས་གཉིས་པ་ལྟར་བདག་གི་བྱེད་པ་མི་རྟག་པ་ཞེས་ལྟ་བ་སོགས་བྱེད་པའི་རྐྱེན་ཡིན་ན་བྱེད་པ་དེ་ནི་རྟག་ཏུ་གནས་པ་མ་ཡིན་ཏེ་སྔ་མ་སྔ་མ་ཞིག་པར་གྱུར་པ་ནི་མི་རྟག་པའི་ཕྱིར་བྱེད་པོ་བདག་ཀྱང་མི་རྟག་པར་འགྱུར་ཏེ་བྱེད་པ་དང་མི་བྱེད་པའི་གནས་སྐབས་ཐ་དད་དུ་ཡོད་པའི་ཕྱིར་རོ། །བདག་གི་བྱེད་པ་རྟག་མི་རྟག་གང་ཡང་མིན་པའི་ཕྱོགས་གསུམ་ཕུང་གསུམ་པ་ཡང་རྣམ་པ་ཀུན་ཏུ་མེད་དོ། །རྟག་མི་རྟག་དངོས་འགལ་ཡིན་པས་ཅིག་ཤོས་མ་ཡིན་ན་ཅིག་ཤོས་ཡིན་པར་འགྱུར་གྱི་དེ་གཉིས་ཀྱི་བར་ན་ཕུང་གསུམ་མི་སྲིད་པའི་ཕྱིར་རོ། །འདི་ལ་བདག་རྟག་མི་རྟག་ཅེས་དཔྱད་པ་འདུག་ཀྱང༌། བདག་གི་བྱེད་པ་རྟག་མི་རྟག་ཅེས་དཔྱད་ན་བདེ་བར་སྣང་ངོ༌།།

འདི་ཡན་ཆད་ཀྱི་མངོན་རྗེས་ཀྱི་ཚད་མ་དང་ལྡན་པའི་རིགས་པས་བདག་མེད་པར་བསྒྲུབས་ནས། ལུང་གི་ཚད་མས་བསྒྲུབ་པ་ནི། རང་སྡེ་བདག་ཏུ་སྨྲ་བ་དག་གི་ངོར་གསུངས་པ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཐམས་ཅད་ནི་བདག་མེད་པར་གསུངས་ཏེ། གང་ལས་གསུངས་ན་ཆོས་ཀྱི་སྡོམ་བཞི་བསྟན་པ་ལས། ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་གསུངས་སོ། །དེ་བཞིན་དུ་ཉན་ཐོས་ཀྱི་མདོ་སྡེ་དོན་དམ་པར་སྟོང་པ་ཞེས་བྱ་བ་ལས་ཀྱང༌། དམ་པའི་དོན་དུའམ་དོན་དམ་པར་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བཀའ་བསྩལ་ཏོ། །ཡང་ཉན་ཐོས་ཀྱི་ལུང་རིང་པོར་གཅིག་ལས་བརྩམ་པ་སོགས་ཀྱི་ནང་ནས། ལྔ་ལས་བརྩམ་པའི་ལྔ་ཕྲུལ་བཤད་པའི་སྐབས་སུ། བདག་ཏུ་བལྟས་ན་ཉེས་པར་རྣམ་པ་ལྔ་འབྱུང་ངོ། །ཞེས་གསུངས་ཤིང༌། དགེ་སྡིག་གི་ལས་ཡོད་ན། རྣམ་སྨིན་བདེ་སྡུག་མྱོང་བ་ཡོད་ཀྱང༌། རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་བར་སྐྱེ་ཞིང་འཇུག་པའི་ཆོས་ཀྱི་ཐ་སྙད་མ་གཏོགས་པར་ཕུང་པོ་འདི་འདོད་ཅིང་ཕུང་པོ་གཞན་ལེན་པའི་གང་ཟག་ནི་མེད་དོ་ཞེས་བཀའ་བསྩལ་ཏོ། །དེས་ན་བདག་རྫས་སུ་ཡོད་དོ་ཞེས་དམིགས་པ་ནི་ཉེས་པར་བཤད་པ་སངས་རྒྱས་ཀྱི་བཀའ་དང་འགལ་བ་ཁོ་ན་ཡིན་ནོ། །ཉེས་པ་ལྔ་ནི་བདག་དང་སྲོག་ཏུ་ལྟ་བ་ཡིན་ཞེས་གང་ཟག་རྫས་སུ་ཡོད་པར་ཁས་བླངས་ན་བདག་དང་བདག་གི་མེད་པའི་དོན་ལ། བདག་ལ་སྲོག་ཏུ་ལྟ་བར་འགྱུར་བ་ནི་ཉེས་པ་དང་པོའོ། །མུ་སྟེགས་ཅན་རྣམས་དང་བྱེ་བྲག་མེད་པ་ཡིན་ཞེས་པ། ཇི་ལྟར་མུ་སྟེགས་ཅན་རྣམས་བདག་ཡོད་པར་འདོད་པ་དེ་དང་གང་ཟག་ཏུ་ཡོད་པར་ལྟ་བ་འདི་ཁྱད་མེད་པ་ནི་ཉེས་པ་གཉིས་པའོ།།

ལམ་ལོག་པར་ཞུགས་པ་ཡིན་ཞེས་བྱ་བ། མྱང་འདས་དང་ཐར་པའི་ལམ་ནི་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པར་བསྒོམ་པ་ཡིན་ཏེ། བདག་དང་གང་ཟག་ཏུ་ལྟ་བ་ནི་ཐར་པའི་ལམ་མ་ཡིན་པ་འཁོར་བ་དང་ངན་སོང་དུ་སྐྱེ་བའི་ལམ་ལ་ཞུགས་པས་ལམ་ལོག་པར་ཞུགས་པ་ཡིན་པ་ནི་ཉེས་པ་གསུམ་པའོ། །སྟོང་པ་ཉིད་ལ་དེའི་སེམས་མི་འཇུག་པ་ཡིན་ཞེས་བྱ་བ་སྟོང་པ་ཉིད་ནི་བདག་དང་བདག་གི་མེད་པ་ཡིན་ལ། གང་ཟག་རྫས་ཡོད་དུ་ལྟ་བ་དེ་དག་དེ་དང་རྣམ་པ་མི་མཐུན་པས་སྟོང་པ་ཉིད་ལ་དེའི་སེམས་མི་འཇུག་སྟེ་མི་ཉན་མི་སེམས་མི་བསྒོམ་པས་མི་དད་མི་གནས་མི་མོས་པ་ཞེས་གསུངས་པ་ཉེས་པ་བཞི་པའོ། །དེའི་འཕགས་པའི་ཆོས་རྣམས་རྣམ་པར་བྱང་བར་མི་འགྱུར་བ་ཡིན། ཞེས་བྱ་བ་གང་ཟག་རྫས་ཡོད་དུ་ལྟ་བ་དེའི་འཕགས་པའི་ཆོས་མཐོང་བ་དང་བསྒོམ་པའི་ལམ་ལ་བརྟེན་ནས། ཉོན་མོངས་རྣམས་སྤངས་ཏེ་མྱ་ངན་ལས་འདས་པ་མངོན་དུ་ཐོབ་པ་མི་འབྱུང་བ་ནི་ཉེས་པ་ལྔ་པའོ།།

གང་ཟག་རྫས་ཡོད་དུ་སྨྲ་བ་རྣམས་ནི། བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ལས། ཀུན་ཤེས་པའི་གང་ཟག་དང༌། ཤེས་པར་བྱེད་པའི་གང་ཟག་དང་ཁུར་བོར་བའི་གང་ཟག་དང༌། དད་པའི་རྗེས་སུ་འབྲང་བའི་གང་ཟག་དང༌། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་ལ་སོགས་པ་གང་ཟག་གི་རྣམ་གྲངས་ཆེས་མང་པོ་ཞིག་གསུངས་ཏེ། གལ་ཏེ་གང་ཟག་རྫས་སུ་མེད་ན་དེ་ལྟར་གང་ཟག་མང་པོ་ཅི་སྟེ་གསུངས། དེ་ལྟར་གསུངས་པས་ན་གང་ཟག་རྫས་སུ་ཡོད་དོ་ཞེས་ཟེར་ན། གང་ཟག་གི་རྣམ་གྲངས་སྣ་ཚོགས་གསུངས་པ་འདི་ནི་དེ་ལྟ་བུའི་གང་ཟག་རྫས་སུ་ཡོད་པའི་དོན་མ་ཡིན་གྱི། ཀུན་ནས་ཉོན་མོངས་པའི་གནས་སྐབས་དང་རྣམ་པར་བྱང་བའི་གནས་སྐབས་རྣམས་ཐ་དད་དུ་གོ་ཞིང་རྣམ་པར་འབྱེད་པའམ་གཅོད་པའི་བྱེ་བྲག་དང༌། ཀུན་བྱང་གཉིས་ལ་དང་པོ་འཇུག་པ་དང༌། དེའི་རྒྱུན་གྱི་བྱེ་བྲག་གི་ཁྱད་པར་དག་བདེ་བླག་ཏུ་ཤེས་པར་བྱ་བའི་ཕྱིར་དེ་དག་སོ་སོར་གང་ཟག་གི་མིང་ངམ་ཐ་སྙད་དག་གིས་ནི་ཉེ་བར་བསྟན་པ་ཡིན་གྱི་དེ་དང་དེའི་གང་ཟག་རྫས་གཞན་དུ་ཡོད་པ་མ་ཡིན་ནོ། །གང་ཟག་གིས་མིང་ཇི་ལྟར་བཏགས་ན། ཕུང་པོ་ལྔའི་རྒྱུན་ཀུན་ཉོན་གྱི་ཆོས་དང་ལྡན་པའི་དུས་ན་ཀུན་ནས་ཉོན་མོངས་པ་དང་བཅས་པའི་གང་ཟག་ཅེས་པའི་མིང་གིས་དེའི་གནས་སྐབས་སུ་གྱུར་པའི་ཆོས་ཐམས་ཅད་བདེ་བླག་ཏུ་གོ་ནུས་པ་དེ་ཙམ་ལས་ཀུན་ཉོན་དང་ལྡན་པའི་ཕུང་པོའི་རྒྱུན་གྱི་ཆོས་དེ་རྣམས་མ་གཏོགས་པར་ཉོན་མོངས་པ་ཅན་གྱི་གང་ཟག་གཞན་རྫས་སུ་ཡོད་པ་ཉིད་བརྗོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྣམ་བྱང་གི་ཆོས་དང་ལྡན་པ་ལ་རྣམ་བྱང་དང་ལྡན་པའི་གང་ཟག་དང༌། ཀུན་ཉོན་གྱི་རྒྱུན་ལ་གནས་པ་དེ་ལ་ཡང་བྱེ་བྲག་དུ་མ་ཡོད་དེ་ཀུན་ཉོན་ཆུང་ངུ་ལ་གནས་པ་དང་འབྲིང་ལ་གནས་པ་དང་ཆེན་པོ་ལ་གནས་པའི་བྱེ་བྲག་གིས། གང་ཟག་འདི་ནི་འདོད་ཆགས་ཆུང་ངུ་ཞེས་དང༌། དེ་བཞིན་འབྲིང་དང༌། ཆེན་པོའི་ཐ་སྙད་ཀྱིས་བརྗོད་པ་དེ་བཞིན་ཞེ་སྡང་སོགས་ཉོན་མོངས་པའི་བྱེ་བྲག་གིས་དེ་ལྟར་དེ་དང་དེའི་གང་ཟག་ཅེས་བསྟན་པ་དང༌། དེ་བཞིན་རྣམ་བྱང་ཆུང་འབྲིང་ཆེ་བ་ལ་གནས་པའི་དབང་གིས་ལམ་ཆུང་ངུ་ཐོབ་པའི་གང་ཟག་ཅེས་སོགས་དང༌། དགེ་བའམ་མི་དགེ་བ་གང་རུང་མཐའ་གཅིག་ཏུ་སྤྱོད་པ་ལ་དེ་དང་དེ་ཡི་ཕྱོགས་སུ་ཆད་པའི་གང་ཟག་ཅེས་དང་དེ་བཞིན་ཀུན་ཉོན་དང་རྣམ་བྱང་ལ་འཇུག་པའི་གང་ཟག་དང་དེ་དག་དང་ལྡན་པའི་གང་ཟག་དང་མི་ལྡན་པའི་གང་ཟག་དང་དབང་པོ་རྣོ་མི་རྣོ་དང་སྡུག་བསྔལ་དང་ཀུན་འབྱུང་གི་ཁུར་ཁྱེར་བའི་གང་ཟག་དང༌། ལམ་གྱིས་འགོག་པ་ཐོབ་ནས་ཁུར་བོར་བའི་གང་ཟག་དང༌། ཚོགས་ལམ་སོགས་ལ་གནས་པའི་གང་ཟག་དང༌། མོས་སྤྱོད་དང༌། སོ་སྐྱེ་དང་ཉན་རང་བྱང་སེམས་སངས་རྒྱས་དང༌། དེ་དག་གི་ནང་གི་བྱེ་བྲག་གིས་འབྲས་བུ་བཞི་ལ་ཞུགས་པ་དང་ས་དང་པོ་ཐོབ་པ་སོགས་གང་ཟག་གི་རྣམ་གྲངས་སྣ་ཚོགས་པ་དག་གིས་མ་བསྟན་ན་ཆོས་དེ་དང་དེའི་བྱེ་བྲག་མི་འབྱེད་པས་རྣམ་པར་ཤེས་པ་གཙོ་བོར་གྱུར་པའི་ཕུང་པོ་ལྔའི་རྒྱུན་གྱི་བྱེ་བྲག་མི་འདྲ་བ་ཁྱད་པར་བྱེད་ཆོས་ཀྱི་མིང་དང་འབྲེལ་བའི་གང་ཟག་གི་མིང་གིས་བསྟན་པ་སོགས་ཡིན་པར་ཤེས་པར་བྱའོ།།

དེ་ལྟར་བཅོམ་ལྡན་འདས་ཀྱིས་གང་ཟག་གི་རྣམ་གྲངས་སྣ་ཚོགས་བསྟན་པའི་མིང་དེས་གང་ཟག་རྫས་སུ་ཡོད་ཅེས་བསྟན་པ་ཡིན་ན། ཚིག་དེས་བདག་ཏུ་ལྟ་བ་བསྐྱེད་པ་ཡིན་པར་འགྱུར་ལ། བདག་ཏུ་ལྟ་བ་ནི་བསྐྱེད་མི་དགོས་ཏེ་སེམས་ཅན་ཐམས་ཅད་ཡེ་ནས་བདག་ཏུ་ལྟ་བ་དང་ལྡན་པའི་ཕྱིར་རོ། །བདག་ཏུ་ལྟ་བ་ཐོག་མ་མེད་པའི་དུས་ནས་ཡོད་ཀྱང་བདག་དེ་ཉིད་དག་པའི་ཆེད་དུ་བདག་ཅེས་དམིགས་ཤིང་བསྒོམས་ན་བདག་མཐོང་ནས་ཐར་པར་འགྱུར་བའི་བདག་གོམས་པའི་ཕྱིར་གང་ཟག་རྫས་ཡོད་དུ་བསྟན་པ་ཡང་མ་ཡིན་ཏེ། བདག་གོམས་པ་ནི་ཐོག་མ་མེད་པའི་དུས་ཅན་ཡིན་པའི་འཁོར་བ་པ་རྣམས་ཀྱིས་དེ་སྙེད་དུ་གོམས་ཀྱང་དེས་ཐར་བར་མི་འགྱུར་བར་མ་ཟད་འཁོར་བར་འཆིང་བའི་རྩ་བ་དེ་ཉིད་ཡིན་པས་ན། བཅོམ་ལྡན་འདས་ཀྱིས་གང་ཟག་གི་མིང་གིས་བསྟན་པ་ནི་བདག་རྫས་ཡོད་དུ་ལྟ་བ་དང༌། བདག་བསྒོམ་པ་གཉིས་ཀའི་ཕྱིར་ཡིན་པ་མི་རུང་བས་ཅིའི་ཕྱིར་གང་ཟག་རྫས་ཡོད་དུ་གསུངས་རིགས་ཏེ་དགོས་པ་མེད་པའི་ཕྱིར་རོ།།

བདག་ཏུ་ལྟ་བ་དེ་སངས་རྒྱས་ཀྱིས་སེམས་ཅན་ལ་བསྐྱེད་བྱ་ཞིག་ཡིན་ན་བདག་ལྟ་དེས་ཐམས་ཅད་འབད་མེད་དུ་ཐར་པའམ། བསྐྱེད་བྱ་མིན་པར་སངས་རྒྱས་ཀྱིས་བཀག་པར་མཛད་པ་ཞིག་ན་བདག་ཏུ་ལྟ་བ་ཅན་ལ་ཐར་པ་མེད་པ་གཉིས་ལས་འདའ་བ་མེད་པས། གལ་ཏེ་ངེས་པར་གང་ཟག་གམ་བདག་ཅེས་བྱ་བ་རྫས་སུ་ཡོད་པ་ཞིག་ཡིན་ན་དེ་ལྟར་ལྟ་བའི་སེམས་ཅན་ཐམས་ཅད་མ་འཁྲུལ་བ་ཡིན་པས་ཐོག་མ་ནས་ལམ་ལ་འབད་པ་མེད་པར་ཐར་བར་འགྱུར་རིགས་ན་ཡང་བདག་མེད་པར་མ་རྟོགས་བར་དུ་སུ་ཡང་མི་ཐར་བས་བདག་རྫས་ཡོད་དུ་ལྟ་བ་འདི་ནི་ཕྱིན་ཅི་ལོག་གི་འཆིང་བ་ཡིན་པས་དགག་པར་བྱ་བ་ཡིན་གྱི་སྒྲུབ་ཅིང་བསྐྱེད་པར་བྱ་བ་མ་ཡིན་ནོ། །བདག་ངོ་བོ་ཉིད་ཀྱིས་ཡོད་པ་ཞིག་ཡིན་ན་དེ་སུས་ཀྱང་རིགས་པའི་ལམ་གྱིས་དགག་པར་མི་ནུས་ལ། བཀག་པ་མེད་པའི་བདག་དེ་ལ་བདག་ཏུ་འཛིན་པ་ལས་སུ་ཡང་ལྡོག་མི་སྲིད་ཅིང༌། ཇི་སྲིད་བདག་འཛིན་ཡོད་པ་དེ་སྲིད་དུ་བདག་གིར་འཛིན་པའི་ཕྱོགས་ལ་ཆགས་པ་དང༌། གཞན་གྱི་ཕྱོགས་ལ་སྡང་བ་སོགས་ཉོན་མོངས་པ་ཐམས་ཅད་ལྡོག་པའི་ཐབས་མེད་ལ། ཉོན་མོངས་པའི་དབང་གིས་ལས་བསགས་ནས་ཁམས་གསུམ་གྱི་འཁོར་བར་ཟོ་ཆུའི་རྒྱུན་བཞིན་རྟག་ཏུ་འཁོར་བར་འགྱུར་གྱི་ནམ་ཡང་དེ་ལས་ཐར་པ་མེད་པས་ན། དེ་བཞིན་གཤེགས་པའི་གསུང་གིས་གང་ཟག་རྫས་ཡོད་དུ་བསྟན་པ་ནི་ནམ་ཡང་མི་སྲིད་ཅིང༌། སངས་རྒྱས་ཀྱི་གསུང་ནི་འཁོར་བ་ལས་ཐར་པའི་ཐབས་སྟོན་པའི་འཇིག་རྟེན་པ་དང༌། མུ་སྟེགས་པའི་ལྟ་བ་ཐམས་ཅད་ལས་ཁྱད་པར་འཕགས་པ་རྩ་བ་ལྟ་བའི་སྒོ་ནས་བདག་མེད་གཉིས་བསྟན་པ་འདི་ཡིན་པས་དེའི་གསུང་རབ་ལས་གང་ཟག་གམ་བདག་རྫས་ཡོད་དུ་བསྟན་པ་ནི་རྣམ་པ་ཀུན་ཏུ་མེད་པ་ཤེས་པར་བྱའོ།།

གཉིས་པ་ལེའུའི་མཇུག་བསྡུ་བ་ནི།

དེ་ལྟར་ཡོན་ཏན་དེ་དག་དང༌། །རྟག་ལྡན་བྱང་ཆུབ་སེམས་དཔའ་ནི།།

རང་གི་དོན་ཡང་མི་འདོར་ཞིང༌། །གཞན་གྱི་དོན་ཡང་སྒྲུབ་པར་བྱེད།།

ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ་སྟེ་

བཅུ་དགུ་པའོ།། །།

དེ་ལྟར་ངོ་ཚ་ཤེས་པ་ནས་གང་ཟག་ལ་བདག་མེད་པར་བཤད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམས་པའི་ཡོན་ཏན་དེ་དག་དང་རྟག་ཏུ་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་དོན་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་ཡང་མི་འདོར་ལ། སེམས་ཅན་རྣམས་སྤངས་རྟོགས་དེ་ལྟ་བུ་ལ་འགོད་པ་སོགས་ཀྱི་སྒོ་ནས་གཞན་གྱི་དོན་ཡང་སྒྲུབ་པར་བྱེད་པ་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ་སྟེ་བཅུ་དགུ་པ་རྣམ་པར་བཤད་པའོ།། །།


previousབྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ་སྟེ་བཅུ་དགུ་པ་རྣམ་པར་བཤད་པ།next