སྐབས་དང་པོ་རྣམ་མཁྱེན།
རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ནཱ་མ་པྲ་ཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤ་ཤཱསྟྲ་བྲྀདཏི།
བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ།
བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།ཤེས་རབ་ཕ་རོལ་ཕྱིན་པ་ལ། །དེའི་རྒྱན་ཚིག་ལེའུར་བྱས་པ་དག།ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ་ཕྱིར་གུས་ཕྱག་འཚལ།།འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས།།མི་ཕམ་མགོན་ལ་གསན་ནས་ནི། །བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད།།འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས།།ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ།།འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌།།དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ།།དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། །དད་པའི་ས་ལ་གནས་པ་ཡིས།།བསྟན་བཅོས་མཐའ་དག་མ་རྙེད་པར། །རང་དང་རྗེས་མཐུན་རྣམ་བཤད་བྱས།།དེ་ལྟར་མཁས་པས་སྣང་བྱས་ཤིང༌། །འགའ་ཞིག་ཁོ་ནས་མ་རྙེད་པའི།།བསྟན་བཅོས་མཐའ་དག་འདི་དེ་ལྟར། །རྙེད་པ་གང་དེ་ཡ་མཚན་ནོ།།དེ་ལྟས་ཤིན་ཏུ་རྙེད་དཀའ་བ། །ཟབ་མོའི་ལམ་འདི་ཅི་ཞིག་ལྟར།།སངས་རྒྱས་དབང་གིས་རྙེད་པ་ནི། །མཁས་པ་རྣམས་ཀྱིས་དབྱེ་བའི་རིགས།།རྣམ་པ་ཀུན་ཏུ་བདག་གི་ནི། །སྤྱོད་ཡུལ་མིན་ཡང་བསོད་ནམས་དག།སྒྲུབ་དང་མཐུན་ཕྱིར་རང་གཞན་ལ། །ཕན་གདགས་འདོད་པས་སྤྲོ་བ་སྐྱེས།། འཕགས་པ་བྱམས་པ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པས། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བ་ངེས་པར་བཟུང་ནས། གཞན་དག་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང༌། དཔག་ཏུ་མེད་པའི་འབྱུང་གནས་ལ་དོན་གྱིས་འཇུག་པར་བྱ་བའི་ཕྱིར་རབ་ཏུ་དང་བ་བསྐྱེད་པའི་ཆེད་དུ། རེ་ཞིག་དང་པོར་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བ།
ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌།།
འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌།།
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།།
ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ།།
ཞེས་བྱ་བ་གསུངས་སོ། །ཚིགས་སུ་བཅད་པ་འདིས་ནི་འདིའི་ཆེ་བའི་བདག་ཉིད་ཕུལ་དུ་བྱུང་བ་དང་ལྡན་པ་བརྗོད་དེ། དེ་ཐོས་ནས་རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ནི་འདི་ལ་ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུ་དད་པ་སྐྱེའོ། །ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་མ་མཐོང་ནས། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན། སངས་རྒྱས་ལ་སོགས་པ་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བར་སྲིད་པ་ཉིད་དེ་ཞེས་ངེས་པར་བཟུང་སྟེ། དེ་ལ་རབ་ཏུ་དང་བ་སྐྱེད་པར་བྱེད་པ་ཉིད་དོ།།
དེ་ལ་རབ་ཏུ་དང་བས་ཀྱང་དེའི་ཡོན་ཏན་མངོན་པར་འདོད་པའི་གང་ཟག་གཉིས་ཀ་ཡང་དེ་དང་དེ་ལ་བརྟེན་པའི་གསུང་རབ་ལ་རྣམ་པ་ཐམས་ཅད་དུ་གཟུང་བ་ལ་སོགས་པའི་དོན་དུ་ཤིན་ཏུ་གུས་པར་བྱེད་དོ། །དེ་ནས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་ལེགས་པའི་མཆོག་འཐོབ་པར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་མ་ལ་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ།།
དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། དེས་ཀྱང་འཆད་པར་འགྱུར་བའི་ཚུལ་གྱིས་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་དེ་ལྟར་ཐུགས་ལ་བཞག་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་དོ།། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་རིམ་པ་གཅིག་གིས་བསྟན་པ་རང་སངས་རྒྱས་ཀྱང་སྟེ། མྱ་ངན་ལས་འདའ་བར་འདོད་པ་རྣམས། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་ཕུང་པོ་དང་བཅས་པ་དང༌། ཕུང་པོ་མེད་པའི་མཚན་ཉིད་ཀྱིས་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་མཛད་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་བྱེད་པ་རྣམས་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་འགྲོ་བ་མཐའ་དག་གི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ་གང་དང་ལྡན་ན། སངས་རྒྱས་ཡང་དག་པར་བསྡམས་པའི་སྐུ་ཅན། རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙོ་བོ་རྣམས། སྤྱོད་པའི་གཉེན་པོར་ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་བསྐོར་བར་མཛད་པ། སངས་རྒྱས་ཉན་ཐོས་ལ་སོགས་པས་ཡོངས་སུ་བསྐོར་བ་དེ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ།།
དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གཞི་དང་གཉེན་པོ་དང་རྣམ་པ་རྣམས་ལས་གང་ཡང་རུང་བ་ཞིག་བསྡུས་པ་མཛད་ན། ཕྱོགས་དང་པོ་ལྟར་ན་ནི་འབད་པ་དོན་མེད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ནི་མཚན་ཉིད་ཀྱི་བསྟན་བཅོས་དག་ལས་མི་སྨོས་པའི་གཞི་གང་ཡིན་པ་དེ་འབྱུང་བ་ནི་མེད་དོ།།
གཉིས་པ་ལྟར་ན་ཡང་རྣམ་པར་བྱང་བའི་དངོས་པོ་བསྡུས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་དངོས་པོ་མ་བསྡུས་པས་འདི་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པར་མི་འགྱུར་རོ།།
གསུམ་པ་ལྟར་ན་ཡང་རྣམ་པ་གཞི་མེད་པ་ཙམ་ཞིག་བསྡུས་པའི་ཕྱིར་དོན་རྟོགས་པ་མེད་པས། ཅུང་ཟད་ཀྱང་མ་བཤད་པའི་ཕྱིར་དོན་མེད་པ་ཡིན་ནོ་སྙམ་དུ་གཞན་དག་སེམས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་མངོན་པར་རྟོགས་པ་མཐའ་དག་བསྡུས་པས་ན། ཕྱོགས་གསུམ་ཆར་གྱིས་ཀྱང་བསྡུས་པའི་ཕྱིར་རོ།། འདི་ལྟར་རྒྱལ་བའི་ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ནོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི་ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ་རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས་དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ།།
བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པར་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ།། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་བཞིན་དུ་མདོར་བསྡུས་པ་ལས་ཀྱང་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ལ། རྒྱས་པ་ལས་ཀྱང་རྒྱ་ཆེར་གསུངས་སོ།།
དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་གཟུགས་ལ་སོགས་པའི་ཆོས་ལ་མི་རྟག་པ་ལ་སོགས་པའི་རྟེན་ཅན་འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་དང༌། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་ལ་སོགས་པར་བྱེད་པ་ཅན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྟེན་ཅན་འབྲས་བུ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་དོན་རྒྱུན་མི་ཆད་པ་དང༌། ཡང་དག་པ་ཉིད་ཀྱི་མཐའ་རྟོགས་པ་དང༌། བག་ཆགས་ཀྱི་མཚམས་སྦྱོར་བ་ཉིད་སྤངས་པ་ཅན་ཡིན་ནོ། །དེ་ལྟ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་གཞི་དང་གཉེན་པོ་དང་རྣམ་པ་ཐམས་ཅད་བསྡུས་པས་མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན་ནོ། །ཞེས་བྱ་བ་འདི་འཐད་པ་ཡིན་ནོ།།
སྐྱེ་བོ་བློ་གྲོས་དམན་པ་དག་བཅོམ་ལྡན་འདས་རྒྱས་པ་དང་འབྲིང་དང་མདོར་བསྡུས་པ་ལ་དད་པའི་སེམས་ཅན་ལ་ཕན་འདོགས་པར་བཞེད་པ་ཐུགས་རྗེ་ཅན་ཉིད་ཀྱིས་རྒྱལ་བའི་ཡུམ་དེ་དང་དེ་ལས་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐའ་དག་གསལ་བར་མཛད་པ་མ་ཡིན་ནམ། བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བ་ལས་རྒྱལ་བས་ཀྱང་དེ་བསྟན་པ་ལ་དོན་ཅི་ཞིག་ཡོད་སྙམ་དུ་ དོགས་པ ་བསལ་བའི་ཕྱིར། དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་འཇུག་པའི་ཡན་ལག་རང་གི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་དང༌། དགོས་པ་དང་དགོས་པའི་ཡང་དགོས་པ་དང་འབྲེལ་བ་ཁོོང་ན་ཡོད་པ་རྣམས་གསུངས་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། ། སྟོན་པས་འདི་ལས་བཤད་པ་གང༌།།གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི།།མདོ་དོན་དྲན་པ་ལ་བཞག་ནས། ། བློ་དང་ལྡན་པས་མཐོང་འགྱུར་ཕྱིར།།བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན།།ཞེས་བྱ་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་ཀྱི་ལམ་སྟེ། མངོན་པར་རྟོགས་པ་ཐམས་ཅད་ཉེ་བར་མཚོན་པ་ལྷུར་ལེན་པ་ཡིན་ནོ། །བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་གྱིས་འབྲེལ་བར་མཛད་པ་ཕྱི་རོལ་པ་དང་ཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་མ་མྱངས་པ་སྟེ། བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་དུ་ཕུན་སུམ་ཚོགས་པ་སྒྲུབ་པ་ཅི་ལ་ཡང་མ་རག་པར་ཆས་པ་དག་ཁོ་ནས་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བས་བཞག་པའི་བག་ཆགས་ལས་བྱུང་བའི་དྲན་པའི་ཤེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་བསྒྲུབ་པའི་སྤྱོད་པ་ལེགས་པར་བཞག་ནས། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་ས་རབ་ཏུ་དགའ་བ་ལ་སོགས་པ་རྟོགས་པའི་རིམ་པས་རྣམ་པ་ཐམས་ཅད་མངོན་སུམ་དུ་བྱེད་པར་འགྱུར་བ་ཞེས་བྱ་བ་དགོས་པའི་ཡང་དགོས་པའི་ཆེད་དུ་མངོན་པར་འདོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བྱང་ཆུབ་ཀྱི་སེམས་དང་སྒྲུབ་པ་ལ་སོགས་པའི་མཚན་ཉིད་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་རྩོམ་པའི་དགོས་པ་ཡིན་ནོ།།
དེ་ལྟར་འབྲེལ་བ་ལ་སོགས་པ་བསྙད་ནས། གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བ་བྱས་པ་ཡང་མ་འཛིངས་པ་ཉིད་ཀྱིས་བཤད་པ་བྱ་སླ་བར་གཟིགས་ནས་ཚིག་ལེའུར་བྱས་པ་བཅོ་ལྔས་མདོ་དང་རྒྱས་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་གཞག་པ་གསུངས་ཏེ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད།།རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད།།རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ།།སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། ། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད།།སེམས་བསྐྱེད་པ་དང་གདམས་ངག་དང༌། ། ངེས་འབྱེད་ཡན་ལག་རྣམ་བཞི་དང༌།།སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌།།དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌།།ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད།།མོག་མོག་པོར་བྱེད་ལ་སོགས་དང༌། །སློབ་མ་བསེ་རུའི་ལམ་གང་དང༌།།འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ།།བྱེད་པ་དང་ནི་མོས་པ་དང༌། ། བསྟོད་དང་བཀུར་དང་བསྔགས་པ་དང༌།།བསྔོ་དང་རྗེས་སུ་ཡི་རང་བ། ། ཡིད་ལ་བྱེད་པ་བླ་མེད་དག།སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་སྒོམ་པའི་ལམ།།བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད།།ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌།།ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱིས་རིང་བ་མ་ཡིན་ཉིད།།མི་མཐུན་གཉེན་པོའི་ཕྱོགས་དག་དང༌། །སྦྱོར་དང་དེ་ཡི་མཉམ་ཉིད་དང༌།།ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད།།རྣམ་པ་སྦྱོར་བར་བཅས་རྣམས་དང༌། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས།།ཐར་དང་ངེས་འབྱེད་ཆ་མཐུན་དང༌། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས།།སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་ནི།།རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན།།དེ་ཡི་རྟགས་དང་རྣམ་འཕེལ་དང༌། །བརྟན་དང་སེམས་ཀུན་གནས་པ་དང༌།། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ།།རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི།།བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི།།རྩེ་མོའི་མངོན་རྟོགས་མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ་སྐད་ཅིག་མ།།གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི།།ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི།།ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད།།ཅེས་བྱ་བ་ཡིན་ནོ། །
དེ་ལ་ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ནི་དངོས་པོ་བརྒྱད་བསྡུས་པའི་ཕྱིར་མདོར་བསྟན་པ་ཡིན་ནོ། །ཚིག་ལེའུར་བྱས་པ་བཅུ་གསུམ་གྱིས་ནི་དེ་དག་ཉིད་ཀྱི་དོན་བསྡུས་ནས་རྒྱས་པར་བཤད་དེ། དེ་ལྟར་ན་བསྡུས་པ་དང་རྒྱས་པར་བཤད་པའི་ཕྱིར་ལེགས་པར་བཤད་པ་ཡིན་ནོ། །བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་རྣམས་ནི། བསྟན་བཅོས་མཛད་པ་ཉིད་ཀྱིས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གིས་འཆད་པས། དེ་དག་རྣམ་པར་བཤད་པས་བཤད་པར་བསམས་ཏེ། ཟློས་པའི་ཉེས་པར་འགྱུར་དུ་དོགས་ནས་རྣམ་པར་མ་བཀྲོལ་ལོ། །དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས། བྱང་ཆུབ་སེམས་དཔའ་བྱང་ཆུབ་རྗེས་སུ་ཐོབ་པར་འདོད་པས་འབྲས་བུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་དགོས་པས། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བསྡུས་པའི་ཚིག་ལེའུར་བྱས་པ་རྣམ་པར་བཤད་པའི་སྒོ་ནས་བཤད་པར་བཞེད་དེ། སེམས་བསྐྱེད་པ་རང་གི་ངོ་བོ་དམིགས་པ་དང་བཅས་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་གསུངས་ཏེ། སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་པ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ།།ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་དེ་དོན་དུ་གཉེར་བ་དགེ་བའི་ཆོས་ལ་འདུན་པ་སེམས་ལས་བྱུང་བ་ཡིན་ལ། སེམས་བསྐྱེད་པ་ནི་སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་འབྱུང་བ་མ་ཡིན་ནམ། ཇི་ལྟར་ན་དེ་སེམས་བསྐྱེད་པ་ཡིན་པར་འགྱུར་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདིར་དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པས་རྒྱུས་འབྲས་བུ་བསྟན་པ་ཡིན་ཏེ། དེ་ལྟར་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་པས་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ། དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་དེའི་སྒྲར་བསྟན་པ་ནི། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཡང་གང་འདོད་པའི་བདག་ཉིད་དང༌། གང་གི་དོན་དུ་སེམས་བསྐྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན། གཞན་གྱི་དོན་ནི་གང་ཡིན་ཞེ་ན། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།།ཅེས་བྱ་བ་གསུངས་ཏེ། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་མི་དམིགས་པར་བསྒྲུབ་པར་བྱའོ་ཞེས་ཤེས་པར་བྱེད་པའི་དོན་ཅན་དང༌། སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པ་དང༌། སེར་སྣ་ཅན་ལ་སོགས་པ་རྣམས་སྦྱིན་པ་ལ་སོགས་པ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྒྲུབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་རབ་ཏུ་སྟོན་པ་ལྷུར་བྱེད་པའི་ངག་གིས་མདོའི་དོན་དང་མི་འགལ་བར་བསྡུས་པ་དང་རྒྱས་པའི་སྒོ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་བསྟན་ཏེ། དེ་ལྟར་ན་སེམས་བསྐྱེད་པ་ནི་གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་ཡིན་པར་ཤེས་པར་བྱའོ། །གཙུག་ལག་གི་གཞུང་སྐབས་ཀྱི་དོན་སྟོན་པ་ལྷུར་ལེན་པ་ནི་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི་ཚིག་མང་དུ་ དོགས་ནས་ཁུངས་ཉིད་དུ་མ་བྲིས་སོ།།
དེ་ལྟར་སེམས་བསྐྱེད་པ ་དམིགས་པ་དང་རང་གི་ངོ་བོ་དང་བཅས་པ་བརྗོད་ནས། ད་ནི་དེའི་རབ་ཏུ་དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་བར་སྐབས་ཀྱི་ཚིགས་སུ་བཅད་པ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ།། རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི།།སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ།།ཞེས་བྱ་བ་དག་གིས་བཤད་དེ། འདུན་པ་དང༌། བསམ་པ་དང༌། ལྷག་པའི་བསམ་པ་དང༌།སྦྱོར་བ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་མཁས་པ་དང༌། སྨོན་ལམ་དང༌། སྟོབས་དང༌།ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མངོན་པར་ཤེས་པ་དང༌། བསོད་ནམས་དང་ཡེ་ཤེས་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང༌། སྙིང་རྗེ་དང་ལྷག་མཐོང་དང༌། གཟུངས་དང་སྤོབས་པ་དང༌། ཆོས་ཀྱི་དགའ་སྟོན་དང༌། བགྲོད་པ་གཅིག་པའི་ལམ་དང༌།ཆོས་ཀྱི་སྐུ་དང་ལྡན་པ་ནི། གོ་རིམ་བཞིན་དུ་ས་དང༌། གསེར་བཟང་པོ་དང༌། ཟླ་བ་ཚེས་པ་དང༌། མེ་དང༌།གཏེར་ཆེན་པོ་དང༌། རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་དང༌། རྒྱ་མཚོ་ཆེན་པོ་དང༌། རྡོ་རྗེ་དང༌། རིའི་རྒྱལ་པོ་དང༌། སྨན་དང༌། དགེ་བའི་བཤེས་གཉེན་དང༌། ཡིད་བཞིན་གྱི་ནོར་བུ་དང༌། ཉི་མ་དང༌། ཆོས་ཀྱི་སྒྲ་དབྱངས་སྙན་པ་དང༌། རྒྱལ་པོ་ཆེན་པོ་དང༌། བང་མཛོད་དང༌། ལམ་པོ་ཆེ་དང༌། བཞོན་པ་དང༌། བཀོད་མའི་ཆུ་དང༌། སྒྲ་སྙན་པ་དང༌། ཆུ་བོའི་རྒྱུན་དང༌། སྤྲིན་ལྟ་བུ་སྟེ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་དང༌། བྱང་ཆུབ་ཀྱི་བར་དུ་མི་འགྱུར་བ་དང༌། དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་བ་དང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་སྲེག་པ་དང༌། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང༌། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་དང༌། མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་མི་འཁྲུགས་པ་དང༌། ཡིད་ཆེས་པ་བརྟན་པས་མི་ཕྱེད་པ་དང༌། དམིགས་པའི་རྣམ་པར་གཡེངས་པས་མི་བསྐྱོད་པ་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བ་དང༌། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་དང༌། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པ་དང༌། གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་དང༌། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་དང༌། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ལྟ་བུ་དང༌། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མི་ལྟུང་བས་བདེ་བླག་ཏུ་འགྲོ་བ་དང༌། ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པས་མི་ཟད་པ་དང༌། ཐར་པ་འདོད་པའི་གདུལ་བྱ་ལ་སྙན་པར་སྒྲོགས་པ་དང༌། གཞན་གྱི་དོན་བྱ་བ་ཐ་མི་དད་པ་དང༌། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་གྲངས་བཞིན་ནོ།།
དེ་ལྟར་ན། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་བྱ་བ་ལ་སོགས་པས་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བཤད་པ་ཡིན་ནོ། །དེ་ལ་དང་པོ་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ལས་དང་པོ་པའི་སས་བསྡུས་སོ།། དེའི་འོག་ཏུ་གཅིག་ནི་ས་དང་པོ་ལ་འཇུག་པའི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུས་བསྡུས་ཏེ། མཐོང་བ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །དེའི་འོག་ཏུ་ལྔ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་སེམས་བསྐྱེད་པ་གསུམ་ནི་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་ཏེ། དེ་ལྟར་ན་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ལས་དང་པོ་པའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ།། དབྱེ་བ་ཞར་ལ་བརྗོད་ནས་དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དེས་འཕངས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར་ཡོན་ཏན་ཐོབ་པ་ཡོངས་སུ་བསྲུང་བའི་དོན་གྱིས་མངོན་པར་འཕེལ་བར་བྱ་བའི་ཕྱིར་འདོམས་པ་ནི་གདམས་ངག་སྟེ། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།།མ་ཞེན་ཡོངས་སུ་མི་ངལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌།།སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌།།སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ།།ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་བསྒྲུབ་པ་ལ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ། །ཞེས་སློབ་པ་སྒྲུབ་པ་ལ་འདོམས་པ་དང༌། སྡུག་བསྔལ་ལ་གཟུགས་ལ་སོགས་པ་འབྲས་བུར་གྱུར་པའི་སྟོང་པ་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་གཅིག་གོ་ཞེས་བྱ་བ་དང༌། ཀུན་འབྱུང་བ་ལ་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་རྒྱུར་གྱུར་པ་དག་ཐ་མི་དད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ནི་ཀུན་འབྱུང་བ་དང་འགོག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ། །ཞེས་བྱ་བ་དང༌།
འགོག་པ་ལ་སྟོང་པ་ཉིད་སྐྱེ་བ་དང༌། འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། ཉམས་པ་དང་འཕེལ་བ་ལ་སོགས་པ་དང་བྲལ་བ་ལ་ནི། གཟུགས་མེད་པ་ནས་མ་རིག་པ་སྐྱེ་བ་ཡང་མེད། མ་རིག་པ་འགག་པ་ཡང་མེད། སངས་རྒྱས་ཀྱང་མེད། བྱང་ཆུབ་ཀྱི་བར་དུ་ཡང་མེད་དོ་ཞེས་བྱ་བ་དང༌། ལམ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་ཉིད་དམ་ནང་སྟོང་པ་ཉིད་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་ལ་སོགས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ཕན་ཚུན་ལྡན་པ་དང་མི་ལྡན་པ་མ་ཡིན་པ་ཉིད་དུ་བསྒྲུབ་བོ་ཞེས་སྟོན་པ་བདེན་པ་ལ་འདོམས་པ་དང༌། སངས་རྒྱས་ལ་སོགས་སངས་རྒྱས་དང་བྱང་ཆུབ་དག་མཚན་ཉིད་ཀྱིས་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་ལ་གཟུགས་ལ་སོགས་པ་མི་སྦྱོར་བས། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ཉིད་དུ་ཤེས་པ་ཞེས་བྱ་བ་དང༌། ཆོས་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས་པ་དག་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་དང༌། དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱི་དགྲ་བཅོམ་པ་མ་གཏོགས་པ་འབྲས་བུ་ལ་གནས་པ་དང་ཞུགས་པའི་བྱེ་བྲག་གིས་སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་དང་ལྷན་ཅིག་བརྒྱད་པོ་དབང་པོ་རྟུལ་པོ་ལ་སོགས་པའི་བྱེ་བྲག་གིས་གྲངས་ཉི་ཤུར་ཆད་པ་བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་ལ་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ། །ཞེས་ལུང་འབོགས་པ་དཀོན་མཆོག་གསུམ་ལ་འདོམས་པ་དང༌། བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཇི་སྐད་བཤད་པའི་དོན་ལ་ནན་ཏན་བྱེད་པ་ལ། ལུས་ལ་སོགས་པའི་བསོད་ནམས་ཉིད་ཀྱིས་ལ་ལ་མངོན་པར་ཞེན་པར་འགྱུར་བས་མ་ཞེན་པ་ལ་ལུས་ལ་སོགས་པ་ངོ་བོ་ཉིད་མེད་པར་བསྟན་པའི་འདོམས་པ་དང༌། དུས་ཡུན་རིང་པོ་ཞིག་ཏུ་གོམས་པར་བྱས་ཀྱང་འདོད་པའི་དོན་མ་གྲུབ་ན་དངང་བའི་རང་བཞིན་ཅན་ཡོངས་སུ་སྐྱོ་བར་གྱུར་པས་ཡོངས་སུ་ངལ་བ་མེད་པ་ལ་གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རློམ་པ་མེད་པ་ཉིད་དུ་བསྟན་པའི་གདམས་ངག་དང༌། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ལས་དོན་རེ་རེའི་ཕྱིར་ལམ་གྱི་ལུང་ནོད་པར་བྱ་ན་སེམས་ཞུམ་པར་གྱུར་པས་ལམ་ཡོངས་སུ་བཟུང་བ་ལ་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་བསླབ་པའི་གདམས་ངག་དང༌།
ཤའི་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་དང༌། ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་གྲངས་ཇི་ལྟ་བ་བཞིན་དུ་དངོས་པོ་སོ་སོར་ངེས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་དང༌། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དང༌།འཕགས་པའི་གང་ཟག་ཐམས་ཅད་རྟོགས་པ་དང༌། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་རྣམས་དེ་བཞིན་ཉིད་དུ་གཅིག་པ་ཉིད་དུ་བསྒྲུབ་བོ་ཞེས་སློབ་པ་སྤྱན་ལྔ་ལ་འདོམས་པ་དང༌། རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྷའི་མིག་དང༌། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པས་ས་གཡོ་བ་ལ་སོགས་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་ཅིག་ཤོས་ཐོས་པ་དང༌། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་ཡོངས་སུ་ཤེས་པ་དང༌། རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པ་དང༌། གཟུགས་ཐམས་ཅད་མཐོང་བ་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་རྣམས་གཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ། །ཞེས་སྟོན་པ་མངོན་པར་ཤེས་པ་དྲུག་ལ་འདོམས་པ་དང༌།མཐོང་བའི་ལམ་བདེན་པ་བཞིས་བསྡུས་པ་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང༌། ཤེས་པའི་བདག་ཉིད་ལ། རྣལ་འབྱོར་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ལུས་ཅན་དེས་སྤང་བར་བྱ་བའི་དངོས་པོའི་གཉེན་པོ་ཉིད་དུ་རྣམ་པར་སྒོམ་པར་བྱེད་དོ་ཞེས་སྟོན་པ་མཐོང་བའི་ལམ་ལ་འདོམས་པ་དང༌། འདུས་བྱས་དང་འདུས་མ་བྱས་དག་ངོ་བོ་གཅིག་པ་ཉིད་ཀྱིས་ཕན་ཚུན་ཐ་དད་པར་གདགས་པར་མི་ནུས་པ་བཞིན་དུ། ཇི་སྐད་བཤད་པའི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པའི་དངོས་པོ་ལས་ཐ་མི་དད་པ་ལ་དམིགས་པའི་ཕྱིར་མཐོང་བ་དང་སྒོམ་པ་དག་ཐ་དད་དུ་གྱུར་པ་མེད་པས་སྒོམ་པའི་ལམ་མཚན་ཉིད་པ་རྣམ་པར་གཞག་པ་ནི་མེད་ཀྱི། འོན་ཀྱང་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་དེས་སྤང་བར་བྱ་བའི་དངོས་པོའི་གཉེན་པོ་ཉིད་དུ་རྣམ་པར་སྒོམ་པར་བྱེད་དོ་ཞེས་སྒོམ་པའི་ལམ་ལ་འདོམས་པ་སྟེ། དེ་ལྟར་ན་བྱང་ཆུབ་ཀྱི་སེམས་དང༌། དེས་འཕངས་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པའི་རྣམ་པ་གང་ཡིན་པ་མི་དམིགས་པ་དང༌། དེའི་དམིགས་པ་གང་ཡིན་པ་འཕགས་པའི་བདེན་པ་བཞི་དང༌། རྟེན་གང་ཡིན་པ་སྐྱབས་གསུམ་དང༌། ཁྱད་པར་དུ་འགྲོ་བའི་རྒྱུ་གང་ཡིན་པ་མ་ཆགས་པ་དང༌། མི་ལྡོག་པར་འགྲོ་བའི་རྒྱུ་གང་ཡིན་པ་ཡོངས་སུ་མི་ངལ་བ་དང༌། ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་གང་ཡིན་པ་ལམ་ཡོངས་སུ་འཛིན་པ་དང༌། གཞན་གྱི་དྲིང་མི་འཇོག་པར་འགྲོ་བ་ཉིད་ཀྱི་རྒྱུ་གང་ཡིན་པ་སྤྱན་ལྔ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་པར་ཤེས་པ་དྲུག་དང༌། མཐར་ཐུག་པའི་རྒྱུ་གང་ཡིན་པ་མཐོང་བ་དང་སྒོམ་པའི་ལམ་དག་སྟེ། དེ་དག་ཐམས་ཅད་གདམས་ངག་གི་སྐབས་སུ་བསྟན་ཏེ། འདི་ཙམ་ཁོ་ནས་དོན་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་པས་གདམས་ངག་ནི་རྣམ་པ་བཅུའོ།།
དགེ་འདུན་དཀོན་མཆོག་གི་སྐབས་སུ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་པོ།དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས།།བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ།།འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི།།ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ།།ཞེས་བྱ་བ་གསུངས་སོ། །འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་ལ་བརྟེན་ནས་དད་པ་དང༌། ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས་འབྲས་བུ་དང་པོ་ལ་ཞུགས་པ་རྣམ་པ་གཉིས་སོ། །དེའི་འོག་ཏུ་རྒྱུན་དུ་ཞུགས་པ་ཡིན་ནོ། །དེའི་འོག་ཏུ་དེ་ཉིད་ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་གཞན་རྣམ་པ་གཉིས་ཡིན་ནོ། །དེའི་འོག་ཏུ་དབང་པོ་རྟུལ་པོ་དང་རྣོན་པོ་དད་པ་དང་མཐོང་བས་ཐོབ་པ་དག་འབྲས་བུ་གཉིས་པ་ལ་ཞུགས་པ་གཅིག་ཁོ་ན་ཡིན་ནོ། །དེའི་འོག་ཏུ་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེའི་འོག་ཏུ་དེ་ཉིད་གཞན་བར་ཆད་གཅིག་པ་ཡིན་ནོ། ། དེའི་འོག་ཏུ་སྔ་མ་བཞིན་དུ་དད་པ་དང་མཐོང་བས་ཐོབ་པ་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ནོ། །དེའི་འོག་ཏུ་ཕྱིར་མི་འོང་བ་སྟེ། བར་མ་དོ་དང༌། སྐྱེས་ནས་དང༌། མངོན་པར་འདུ་བྱེད་པ་དང་བཅས་པ་དང༌། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་རྣམ་པ་བཞིའོ། །དེའི་འོག་ཏུ་དེ་ཉིད་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་སྟེ། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཕོ་བ་ཉིད་ཀྱིས་གོང་དུ་འཕོ་བ་གཞན་རྣམ་པ་གསུམ་མོ། །དེའི་འོག་ཏུ་དེ་ཉིད་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་སྟེ། མཐོང་བའི་ཆོས་ལ་ཞི་བ་དང་ལུས་ཀྱིས་མངོན་སུམ་དུ་བྱེད་པ་གཞན་རྣམ་པ་གཉིས་སོ། །དེའི་འོག་ཏུ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །དེའི་འོག་ཏུ་རང་སངས་རྒྱས་ཏེ་ཉི་ཤུའོ།།
ལས་དང་པོ་བ་དེ་ལྟར་གདམས་ངག་ཐོབ་པ་ལ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས་ངེས་པར་འབྱེད་པའི་ཡན་ལག དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་དང༌།།བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ།།རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས།།ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས།།ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཐར་པའི་ཆ་དང་མཐུན་པ་དད་པ་ལ་སོགས་པའི་མཚན་ཉིད་ཀྱི་དགེ་བའི་རྩ་བའི་འོག་ཏུ་བདེན་པ་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བ་དྲོ་བར་གྱུར་པ་ཞེས་བྱ་བའི་དགེ་བའི་རྩ་བ་དང༌། དེའི་འོག་ཏུ་རྩེ་མོར་གྱུར་པ་དང༌། དེའི་འོག་ཏུ་བཟོད་པར་གྱུར་པ་དང༌། དེའི་འོག་ཏུ་ཆོས་ཀྱི་མཆོག་ཅེས་བྱ་བ་ཆུང་ངུ་ལ་སོགས་པའི་རིམ་གྱིས་སྐྱེས་པས་སམ། བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་དབང་པོ་རྟུལ་པོ་ལ་སོགས་པ་གང་ཟག་གི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་འཆད་པར་འགྱུར་བ་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་དང༌། ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། ཐེག་པ་གསུམ་ཆར་རྟོགས་པའི་རྒྱུའི་ངོ་བོ་དང༌། དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཡོངས་སུ་འཛིན་པ་དང་ལྡན་པ་དང༌། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བར་འབྱུང་བ་ནི། ཉན་ཐོས་ལ་སོགས་པའི་དྲོ་བ་ལ་སོགས་པ་ལས་ཁྱར་པར་དུ་འཕགས་པ་ཡིན་ནོ།། དེ་དག་གི་དྲོ་བར་གྱུར་པ་ལ་སོགས་པའི་དགེ་བའི་རྩ་བ་ནི། ལུགས་ལས་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོའི་བདག་ཉིད་ཀྱི་བདེན་པ་བཞི་ལ་དམིགས་པ་དང༌། བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། རང་གི་ཐེག་པ་རྟོགས་པ་ཁོ་ནའི་ཆེད་དུ་དང༌། ཡོངས་སུ་འཛིན་པ་དང་བྲལ་བ་དང༌། རྣམ་པར་རྟོག་པ་རྣམ་པ་བཞི་དང་མི་ལྡན་པར་འབྱུང་ངོ༌། །ཞེས་འབྱུང་བའི་ཕྱིར་རོ།།
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི།ཐབས་མཁས་པའི་སྟོབས་ཀྱིས་ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས། ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས། ཁ་ཅིག་ཏུ་ནི་ངོ་བོ་ཉིད་ཀྱིས་སྒོ་ནས། ཁ་ཅིག་ཏུ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས། ཇི་ལྟར་སྲིད་པ་བཞིན་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ལ། སྔ་མ་བཞིན་དུ་རྣམ་པ་གཞན་གྱིས་ཀྱང་བདེན་པ་བཞི་ལ་ཀུན་ཏུ་དམིགས་སོ་ཞེས་བྱ་བར་ཤེས་པར་བྱའོ། །མདོར་བསྡུས་ཏེ་རྣམ་པར་བཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་མ་སྤྲོས་སོ། ། གང་གི་ཕྱིར་འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན་ཏེ། དེའི་ཕྱིར་ཐེག་པ་གཞན་ལ་བརྟེན་ནས་ནི་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱའོ།། དམིགས་པ་དང་རྣམ་པའི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་དམིགས་པ་དང་རྣམ་པ་དག་བར་སྐབས་ཀྱི་ཚིགས་སུ་བཅད་པ་བདུན་གྱིས་བཤད་དེ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི།།རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ།། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །གནས་དང་བཏགས་དང་བརྗོད་དུ་མེད།།ཅེས་བྱའོ། །དེ་ལ་ཆུང་ངུའི་དམིགས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་ལ་བརྟེན་པ་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཡིན་ནོ། །དེའི་རྣམ་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མངོན་པར་ཞེན་པ་དང་དམིགས་པ་ལ་སོགས་པ་འགོག་པ་ཡིན་ནོ།།དྲོ་བ་ལ་སོགས་པ་ཐམས་ཅད་ཀྱང་ཐེག་པ་གསུམ་ཆར་རྟོགས་པ་འཐོབ་པའི་རྒྱུའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ།།འབྲིང་གི་དམིགས་པ་ནི་མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དག་གིས་གྲངས་བཞིན་དུ་གཟུགས་ལ་སོགས་པ་སྒྲུབ་པ་དང༌། དགག་པ་དག་མི་དམིགས་ཤིང་མ་མཐོང་བ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་མིང་ཐམས་ཅད་མེད་པ་ཉིད་ཀྱིས་རྒྱུན་མི་འདྲ་བ་དང་རྒྱུན་འདྲ་བར་འཇུག་པའི་མཚན་ཉིད་དག་མེད་པ་ཞེས་བྱ་བ་ཡིན་ནོ།། ཆེན་པོའི་དམིགས་པ་ནི་གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་ཆོས་ཐམས་ཅད་བརྡར་བཏགས་པའི་ཆོས་ཐ་སྙད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་དགེ་བ་ལ་སོགས་པ་ཉིད་ཀྱི་ཆོས་གང་དུ་ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བར་གྱུར་པ་དམིགས་པ་དང་རྣམ་པ་དང་ལྡན་པ་རྣམ་པ་གསུམ་མོ།།གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད།།དེ་དག་གཅིག་གི་རང་བཞིན་གཅིག ། དེ་མི་རྟག་སོགས་པར་མི་གནས།།དེ་རྣམས་དེ་ཡི་ངོ་བོས་སྟོང༌། ། དེ་དག་གཅིག་གི་རང་བཞིན་གཅིག།ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཕྱིར།།ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། ། ཐམས་ཅད་དམིགས་སུ་མེད་པར་རོ།།ཞེས་བྱ་བ་ལ། ཆུང་ངུའི་དམིགས་པ་ནི། གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་རང་གི་ངོ་བོ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས། རང་གི་ངོ་བོ་སྟོང་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མི་གནས་པ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང༌། སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཅིག་ཡིན་པས། སྟོང་པ་ཉིད་ལ་མི་རྟག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་དག་ལ་རྟག་པ་དང་མི་རྟག་པ་ལ་སོགས་པ་ཉིད་དུ་མི་གནས་པ་ཞེས་བྱ་བ་ཡིན་ནོ།།
འབྲིང་གི་དམིགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་མི་རྟག་པ་ལ་སོགས་པ་དང༌། སྟོང་པ་ཉིད་རྣམས་ནི་རང་གི་ངོ་བོ་ཉིད་མེད་པ་ཡིན་པས། མི་རྟག་པ་ཉིད་ལ་སོགས་པ་དང༌། སྟོང་པ་ཉིད་དག་ཕན་ཚུན་བདག་ཉིད་གཅིག་པ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་ངོ་བོ་ཉིད་བཀག་པས་གཟུགས་ལ་སོགས་པ་ལ་རང་གིར་མི་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ནོ།། ཆེན་པོའི་དམིགས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་དག་ལ་སྔོན་པོ་ལ་སོགས་པའི་མཚན་མར་མི་མཐོང་བ་ཞེས་བྱ་བ་ཡིན་ནོ། ། རྣམ་པ་ནི་ཤེས་རབ་ཀྱིས་ཡང་དག་པར་ཆོས་རབ་ཏུ་རྣམ་པར་འབྱེད་པས་དངོས་པོ་ཐམས་ཅད་མི་དམིགས་པར་ངེས་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ།། དེ་ལྟར་ན་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོར་གྱུར་པ་དམིགས་པ་དང་རྣམ་པ་དང་ལྡན་པ་རྣམ་པ་གསུམ་མོ།།གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད།།དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་དག་མཚན་མ་མེད།།དེ་ཡི་མཚན་མར་མི་བརྟེན་པས། ། མོས་མིན་འདུ་ཤེས་མེད་པ་ཡིན།།ཞེས་བྱ་བ་ལ། ཆུང་ངུའི་དམིགས་པ་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་དང༌། ངོ་བོ་ཉིད་ཀྱི་མཚན་ཉིད་དག་སྟོང་པ་ཉིད་དུ་གཅིག་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །རྣམ་པ་ནི་སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་ལ་སོགས་པ་དངོས་པོ་མེད་པ་ཉིད་ངོ་བོ་ཉིད་དོ་ཞེས་བྱ་བ་ཡིན་ནོ།།འབྲིང་གི་དམིགས་པ་ནི་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིེས་གཟུགས་ལ་སོགས་པ་ལ་སྐྱེ་བ་ཡང་མེད་མྱ་ངན་ལས་འདས་པ་ཡང་མེད་ཅེས་བྱ་བ་ཡིན་ནོ། ། རྣམ་པ་ནི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པ་ཁོ་ནས་ལུས་ལ་སོགས་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་ཞེས་བྱ་བ་ཡིན་ནོ།།
ཆེན་པོའི་དམིགས་པ་ནི་རང་དང་སྤྱིའི་མཚན་ཉིད་མི་འཐད་པས་ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་རང་བཞིན་ཁོ་ནས་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱིས་མོས་པ་ཡིད་ལ་བྱེད་པས་མི་མོས་ཤིང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཡོངས་སུ་ཤེས་པ་མེད་པ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ན་ངན་འགྲོ་མེད་པས་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར། བཟོད་པར་གྱུར་པ་དམིགས་པ་དང་རྣམ་པ་དང་ལྡན་པ་རྣམ་པ་གསུམ་མོ།། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད།།གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ།།དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན།།ཞེས་བྱ་བ་ལ། ཆུང་ངུའི་དམིགས་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་རང་གི་སྨོན་ལམ་དང་བསོད་ནམས་དང་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐལ་པ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པ་ཞེས་བྱ་བ་ཡིན་ནོ།། འབྲིང་གི་དམིགས་པ་ནི་ཡང་དག་པར་ཞུགས་པའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་ལ་སངས་རྒྱས་རྣམས་ལུང་སྟོན་པར་མཛད་པ་འདི་ནི་ཆོས་ཉིད་དོ་ཞེས་བྱ་བ་ཡིན་ནོ། ། རྣམ་པ་ནི་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་རྟོགས་པ་ལ་བདག་ནི་མཉམ་པར་བཞག་པའོ་སྙམ་པ་ལ་སོགས་པའི་ཤེས་པ་མི་འབྱུང་བ་ཞེས་བྱ་བ་ཡིན་ནོ།། ཆེན་པོའི་དམིགས་པ་ནི་ཆོས་ཉིད་ཀྱིས་ཏིང་ངེ་འཛིན་དང་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དོན་གསུམ་ཕན་ཚུན་ངོ་བོ་གཅིག་པའོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་པ་ནི་ཐབས་དམ་པའོ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར། ཆོས་ཀྱི་མཆོག་ཅེས་བྱ་བ་དམིགས་པ་དང་རྣམ་པ་དང་ལྡན་པ་རྣམ་པ་གསུམ་མོ།།
དམིགས་པ་མི་རྟག་ལ་སོགས་པ། ། བདེན་པའི་རྟེན་ཅན། ཞེས་བྱ་བ་མ་གཏོགས་པར་དམིགས་པ་དང་རྣམ་པ་ཁྱད་པར་ཅན་གྱི་ཆོས་ཅན་དང་ཆོས་རྗོད་པས་བརྗོད་པར་བྱ་བ་ཡིན་ཡང་དམིགས་པ་དང་རྣམ་པ་ཁྱད་པར་ཅན་གྱི་ཆོས་རྗོད་པས་ཐམས་ཅད་དུ་བརྗོད་པ་ནི།ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་མ་གཏོགས་པར་འདི་དག་ལ་དོན་གྱི་ཁྱད་པར་ནི་ འགའ་ཡང་མེད་དོ་ཞེས་ལུགས་ལས་འབྱུང་བའི་ཕྱིར་རོ།། རྣམ་པ་གཅིག་ཏུ་ན་ཚིག་ལེའུར་བྱས་པ་བསྡེབ་པའི་ངོར་ཐ་དད་པར་བརྗོད་ཀྱང༌།མངོན་པར་ཞེན་པ་ལ་སོགས་པ་བཀག་པ་དང་ལྡན་པ་དག་དེ་ཁོ་ནར་སྒྲུབ་པ་དང་དགག་པ་དང་བྲལ་བར་འགྱུར་བའི་ཕྱིར། སྡུག་བསྔལ་ལ་སོགས་པའི་བདེན་པར་གཏོགས་པ་ཁོ་ན་དམིགས་པ་དང་རྣམ་པར་བྱ་བ་ཡིན་ཏེ། འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ།།རྣམ་པར་རྟོག་པ་བཞི་དང་ལྡན་པ་ཡང་དོན་གསལ་བར་བྱ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ། གཞི་དང་དེ་ཡི་གཉེན་པོ་ཡིས། ། གཟུང་བར་རྟོག་པ་རྣམ་པ་གཉིས།།རྨོངས་དང་ཕུང་སོགས་བྱེ་བྲག་གིས། ། དེ་ནི་སོ་སོར་རྣམ་པ་དགུ།།ཞེས་བྱ་བ་གསུངས་ཏེ། གཟུང་བར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དང་གཉེན་པོའི་རྟེན་ཅན་ཉིད་ཀྱིས་རྣམ་པ་གཉིས་ལ་མ་རིག་པ་དང་རྣམ་པར་བྱང་བའི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པ་དགུའོ།།རྫས་དང་བཏགས་པའི་རྟེན་ཅན་གྱིས། །འཛིན་པའང་རྣམ་པ་གཉིས་སུ་འདོད།།རང་དབང་བདག་སོགས་ངོ་བོ་དང༌། །ཕུང་སོགས་རྟེན་ལས་དེ་བཞིན་ནོ།།ཞེས་བྱ་བ་ནི། གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པས་འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཡིན་ལ། བདག་རང་དབང་ཅན་དང༌། ཕུང་པོ་ལ་སོགས་པ་ལ་དམིགས་པ་ཉིད་ཀྱིས་སོ་སོར་དེ་ལྟར་རྣམ་པ་དགུའོ།།
དེ་ལ་མདོར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་མ་རིག་པ་དང༌། གཟུགས་ལ་སོགས་པའི་ཕུང་པོ་དང༌། མིང་དང་གཟུགས་ལ་མངོན་པར་ཞེན་པ་དང༌། མཐའ་གཉིས་ལ་ཆགས་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པ་དང༌། འཕགས་པའི་ལམ་ལ་མི་གནས་པ་དང༌། དམིགས་པ་དང༌། བདག་ལ་སོགས་པ་དང༌། རྣམ་པར་དག་པ་བསྐྱེད་པ་ལ་སོགས་པ་ལ་གཟུང་བར་རྣམ་པར་རྟོག་པ་རྣམས་དང༌། གཉེན་པོའི་རྟེན་ཅན་ཕུང་པོ་དང༌། སྐྱེ་བའི་སྒོ་དང༌། རིགས་དང༌། སྐྱེ་བ་དང༌། སྟོང་པ་ཉིད་དང༌། ཕ་རོལ་ཏུ་ཕྱིན་པའི་དོན་དང༌། མཐོང་བ་དང༌། སྒོམ་པ་དང༌། མི་སློབ་པའི་ལམ་ལ་གཟུང་བར་རྣམ་པར་རྟོག་པ་རྣམས་དང༌། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་བདག་རང་དབང་ཅན་དང༌། གཅིག་པུ་དང༌། རྒྱུ་དང༌། ལྟ་བ་པོ་ལ་སོགས་པའི་བདག་དང༌། ཀུན་ནས་ཉེོན་མོངས་པ་དང༌། འདོད་ཆགས་དང་བྲལ་བ་དང༌།མཐོང་བ་དང༌། སྒོམ་པ་དང༌། དོན་བྱས་པའི་རྟེན་ལ་འཛིན་པར་རྣམ་པར་རྟོག་པ་རྣམས་དང༌། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྣམ་པར་བྱང་བ་དང༌། མཐོང་བ་དང༌། སྒོམ་པ་དང༌། ཁྱད་པར་དང༌། མི་སློབ་པའི་ལམ་ལ་འཛིན་པར་རྣམ་པར་རྟོག་པ་རྣམས་ཏེ། དེ་ལྟ་བུའི་རྣམ་པར་རྟོག་པ་བཞི་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་ལྡན་པ་ཡིན་ནོ།། ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པར་ཡོངས་སུ་འཛིན་པ་སྔར་གསུངས་ན་ཡང༌། དེའི་སྟོབས་ཀྱིས་ཇི་སྐད་བཤད་པ་ཁྱད་པར་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཡང་མཇུག་ཐོགས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ། སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད།།དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།།ཞེས་བྱ་བ་གསུངས་ཏེ། སེམས་མི་འགོང་ཞིང་མི་སྐྲག་པ་ལ་སོགས་པའི་ཐབས་མཁས་པས་བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མཐའ་དག་བདག་མེད་པ་ལ་སོགས་པར་སྟོན་པར་བྱེད་པ། མི་མཐུན་པའི་ཕྱོགས་ཀྱི་ཆོས་སེར་སྣ་ལ་སོགས་པ་དང་མི་ལྡན་པ་ནི་དགེ་བའི་བཤེས་གཉེན་ཡིན་པས་ཡོངས་སུ་འཛིན་པ་ཡིན་ནོ།། སྒྲུབ་པ་དང་ལྡན་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཇི་སྐད་བཤད་པ་དང༌། མཐོང་བའི་ལམ་ལ་སོགས་པ་གཞན་ཡང་འབྱུང་བས་སྒྲུབ་པའི་རྟེན་དུ་གྱུར་པ། རྟོགས་པ་ཡི་ནི་ཆོས་དྲུག་དང༌། ། གཉེན་པོ་དང་ནི་སྤོང་བ་དང༌།།དེ་དག་ཡོངས་སུ་གཏུགས་པ་དང༌། །ཤེས་རབ་སྙིང་བརྩེར་བཅས་པ་དང༌།།སློབ་མ་ཐུན་མོང་མིན་ཉིད་དང༌། །གཞན་གྱི་དོན་གྱི་གོ་རིམ་དང༌།།ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཤེས་བྱ།།ཞེས་བྱ་བ་གསུངས་སོ། །རེ་ཞིག་དང་པོར་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ། །དེའི་འོག་ཏུ་འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་དང་བསྒོམ་པའི་ལམ་དག་གོ །དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ལྟར་དུས་མཉམ་དུ་གཉེན་པོ་དང་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འགག་པ་དག་གོ།དེའི་འོག་ཏུ་དེ་དག་མི་དམིགས་པས་དེ་དག་སྐྱེ་བ་དང་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་སྤངས་པའོ། །དེའི་འོག་ཏུ་སྔོན་གྱི་སྨོན་ལམ་དང་སྦྱིན་པ་ལ་སོགས་པ་ཐབས་ལ་མཁས་པའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མཚན་ཉིད་ཀྱི་ཤེས་རབ་དང་ཐབས་སོ། །དེའི་འོག་ཏུ་དེ་དག་སྐྱེས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་སོ། །དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་གཞུག་པ་ལ་སོགས་པ་ལ་ལྡེམ་པོར་དགོངས་པའི་སྒོ་ནས་ཐེག་པ་གསུམ་གྱི་ལམ་ལ་དགོད་པའི་མཚན་ཉིད་ཀྱི་གཞན་གྱི་དོན་གྱི་གོ་རིམ་མོ། །དེའི་འོག་ཏུ་འཁོར་བ་ཇི་སྲིད་པར་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་གཞན་གྱི་དོན་གྱི་ཡེ་ཤེས་འབྱུང་བའི་ཕྱིར་ཏེ། འདི་ནི་གོ་རིམ་ཡིན་ནོ། །འདིས་ཀྱང་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ།།
སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཇི་སྐད་དུ་བཤད་པའི་ཆོས་ཀྱི་གཞིར་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ།། གལ་ཏེ་ཆོས་ཀྱི་དབྱིངས་ཁོ་ན་འཕགས་པའི་ཆོས་རྟོགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་དེའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་དུ་གནས་པའི་རིགས་ཡིན་ན། འོ་ན་ནི་དེའི་ཚེ་དེ་ནི་སྤྱིར་གནས་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཁོ་ན་མ་ཡིན་ནོ་སྙམ་པའི་སྐྱེ་བོ་བློ་དམན་པའི་ངོར་ དོགས་པ ་བསུས་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ། རིགས་ནི་ཐ་དད་རུང་མ་ཡིན།།ཞེས་བྱ་བ་གསུངས་སོ། །ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ། འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་སོ། །ཞེས་བྱ་བའི་ལན་ཞིག་ཀྱང་གཟིགས་མོད་ཀྱི། སླ་ཆོས་ཉིད་དུ་འཇིག་རྟེན་པའི་དངགས་ཀྱིས་ལན་གཞན་དུ། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད།།ཅེས་བྱ་བ་གསུངས་ཏེ། དཔེར་ན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང༌། མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་ལ་སོགས་པ། བརྟེན་པ་སྦྲང་རྩི་དང་ལི་ཁ་ར་ལ་སོགས་པའི་སྣོད་ཉིད་ཀྱིས་ཐ་དད་པ་དེ་བཞིན་དུ། བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ། རྟོགས་པར་བྱ་བ་ཐ་དད་པ་ཉིད་ཀྱིས་རྟེན་ཐ་དད་པ་ཉིད་དོ་ཞེས་བསྟན་ཏོ།། ཇི་སྐད་བཤད་པའི་སྒྲུབ་པའི་རྟེན་གྱི་དམིགས་པ་གང་ཡིན་ཞེ་ན། དམིགས་པ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན།།འཇིག་རྟེན་པ་ཡི་རྟོགས་པ་དང༌། །གང་དག་འཇིག་རྟེན་འདས་འདོད་དང༌།།ཟག་བཅས་ཟག་པ་མེད་ཆོས་དང༌། །གང་དག་འདུས་བྱས་འདུས་མ་བྱས།།སློབ་མ་ཐུན་མོང་ཆོས་རྣམས་དང༌། །གང་དག་ཐུབ་པའི་ཐུན་མོང་མིན།།ཞེས་བྱ་བ་གསུངས་ཏེ། རེ་ཞིག་དང་པོར་སྤྱིར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ་གོ་རིམ་བཞིན་དུ་དགེ་སྦྱོང་གི་ཚུལ་ཉིད་དང༌། སྲོག་གཅོད་པ་ལ་སོགས་པ་དང༌། ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་ལ་སོགས་པའོ།། དེའི་འོག་ཏུ་དེ་དག་ཉིད་ལ་འཇིག་རྟེན་པ་ལ་སོགས་པ་རྣམ་པ་གཉིས་པོའི་དབྱེ་བ་བཞི་ཉིད་ཀྱི་ལྷག་མ་རྣམས་ཏེ་གྲངས་བཞིན་དུ་བྱིས་པའི་སྐྱེ་བོ་ཐམས་ཅད་དང་འབྲེལ་བའི་ཕུང་པོ་ལྔ་དང༌། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བསྡུས་པའི་བསམ་གཏན་བཞི་དང༌། བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་དང༌། དེར་ལྟ་བའི་གཉེན་པོ་དྲན་པ་ཉེ་བར་བཞག་པ་བཞི་དང༌། རྒྱུ་དང་རྐྱེན་ལ་རགས་ལས་པ་འདོད་པའི་ཁམས་ལ་སོགས་པ་དང༌། རྒྱུ་ལ་མི་ལྟོས་པ་དེ་བཞིན་ཉིད་དང༌། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བའི་བསམ་གཏན་བཞི་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བའི་ཆོས་ཅན་སྟོབས་བཅུ་སྟེ། དེ་ལྟ་བུ་ལ་སོགས་པ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པའི་རིམ་གྱིས་དམིགས་པས་ན། དམིགས་པ་རྣམ་པ་བཅུ་གཅིག་གོ།དམིགས་པ་དེ་ལྟ་བུ་ལ་སྒྲུབ་པའི་ཆེད་དུ་བྱ་བ་གང་ཡིན་ཞེ་ན། ཆེད་དུ་བྱ་བ། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་དང་གསུམ་པོ་ལ།།ཆེན་པོ་གསུམ་གྱི་རང་འབྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ།།ཞེས་བྱ་བ་གསུངས་སོ། །རྣམ་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་ཤེས་པའི་སྒོ་ནས་འབྱུང་བར་འགྱུར་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི།སེམས་ཅན་ཐམས་ཅད་སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་ཉིད་དང༌། སྤོང་བ་ཆེན་པོ་ཉིད་དང༌། རྟོགས་པ་ཆེན་པོ་ཉིད་ཀྱི་དབང་དུ་བྱས་ཏེ། དེ་ལྟར་སྒྲུབ་པ་ལ་འཇུག་པ་དེའི་ཕྱིར་ཆེན་པོ་ཉིད་གསུམ་དང་ལྡན་པས་ཆེད་དུ་བྱ་བ་གསུམ་དུ་ཤེས་པར་བྱའོ།།
དེ་ལྟར་སྒྲུབ་པའི་རྟེན་དུ་གྱུར་པ་ལ་སོགས་པ་བརྗོད་ནས། དེའི་རང་གི་ངོ་བོ་གང་ཡིན་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་སྤྱིར་དགེ་བའི་ཆོས་ཀྱི་རྟེན་ཅན་དང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་བཞི་ལ། མངོན་པར་རྟོགས་པ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་སྟེ། དེ་ལྟར་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་མཐོང་བ་དང་སྒོམ་པ་དང་ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་གོ་ཆ་དང་འཇུག་པ་དང་ཚོགས་དང་ངེས་པར་འབྱུང་བ་རྣམས་ཀྱི་ནང་ནས་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་དང་པོ་གོ་ཆའི་སྒྲུབ་པ་གསུངས་པ། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས།།གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད།།ཅེས་བྱ་བ་ཡིན་ཏེ། ཆོས་ཀྱི་སྦྱིན་པ་ལ་སོགས་པ་སྦྱིན་པར་བྱེད་པ་ན། ཉན་ཐོས་ཀྱི་ཡིད་ལ་བྱེད་པ་ལ་སོགས་སྤོང་བ་དང༌། སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ཉིད་བཟོད་པ་དང༌། འདུན་པ་སྐྱེད་པ་དང༌། ཐེག་པ་གཞན་དང་མ་འདྲེས་པའི་རྩེ་གཅིག་པ་ཉིད་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས། གོ་རིམ་བཞིན་དུ་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་གོ་ཆ་ཉིད་ཀྱིས་བྱེད་པ་དང༌། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་རྫོགས་པར་བྱེད། བརྩོན་འགྲུས་རྩོམ། བསམ་གཏན་སྒྲུབ། ཤེས་རབ་སྒོམ་པར་བྱེད་དོ། །དེ་ལྟར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སོ་སོར་སྦྱིན་པ་ལ་སོགས་པ་བསྡུས་པས་ན་དྲུག་ཚན་དྲུག་གིས་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་མོད་ཀྱི། སྦྱིན་པ་ལ་སོགས་པ་དྲུག་ཆོས་མཐུན་པའི་ཕྱིར་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་གོ། །།
བམ་པོ་གཉིས་པ། དེ་ལྟར་གོ་བགོས་པ་ལ་འཇུག་པ་འབྱུང་བས། གཉིས་པ་འཇུག་པའི་སྒྲུབ་པ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ལམ་དང་བྱམས་ལ་སོགས་པ་དང༌།།དམིགས་པ་མེད་དང་ལྡན་པ་དང༌། །འཁོར་གསུམ་རྣམ་པར་དག་པ་དང༌།།ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི།།འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ།།ཞེས་བྱ་བ་གསུངས་ཏེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌།སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། མཐོང་བ་དང་སྒོམ་པ་དང་མི་སློབ་པ་དང་ཁྱད་པར་གྱི་ལམ་དང༌། ཚད་མེད་པ་བཞི་དང༌། མི་དམིགས་པ་དང་ལྡན་པ་དང༌། དངོས་པོ་ཐམས་ཅད་ལ་འཁོར་གསུམ་དག་པ་དང༌། ཆེད་དུ་བྱ་བ་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ལ་ཡང་དག་པར་གནས་པའི་མཚན་ཉིད་ནི། ཐེག་པ་ཆེན་པོའི་ཆོས་མཐའ་དག་གནོན་པའི་ངོ་བོ་ཉིད་ཡིན་པས་འཇུག་པའི་སྒྲུབ་པ་རྣམ་པ་དགུའོ།།དེ་ལྟར་འཇུག་པ་བྱས་པ་ལ་ཚོགས་སྐྱེས་པས་གསུམ་པ་ཚོགས་ཀྱི་སྒྲུབ་པ། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང༌།།ཟུང་དུ་འབྲེལ་བའི་ལམ་གང་དང༌། །ཐབས་ལ་མཁས་པ་གང་ཡིན་དང༌།།ཡེ་ཤེས་དང་ནི་བསོད་ནམས་དང༌། །ལམ་དང་གཟུངས་དང་ས་བཅུ་དང༌།།གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ།། ཞེས་བྱ་བ་གསུངས་ཏེ། སྙིང་རྗེ་ཆེན་པོ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཞི་གནས་དང༌། ལྷག་མཐོང་དང༌། ཟུང་དུ་འབྲེལ་བའི་ལམ་དང༌། ཐབས་མཁས་པ་དང༌། ཡེ་ཤེས་དང༌། བསོད་ནམས་དང༌། མཐོང་བ་ལ་སོགས་པའི་ལམ་དང༌། ཚིག་ལ་སོགས་པའི་གཟུངས་དང༌། ས་དང༌། གཉེན་པོ་རྣམས་མི་དམིགས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་ཐེག་པ་ཆེན་པོའི་དོན་མཐའ་དག་སྒྲུབ་པས་སྙིང་རྗེ་ལ་སོགས་པ་འདི་དག་གིས་ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པའི་ཕྱིར་ན། སྙིང་རྗེ་ཆེན་པོ་ལ་སོགས་པ་ནི་ཚོགས་ཡིན་པས། ཚོགས་ཀྱི་སྒྲུབ་པ་རྣམ་པ་བཅུ་བདུན་ནོ།།
དེ་ལ་ཡེ་ཤེས་ཀྱི་ཚོགས་ནི། ནང་དང༌། ཕྱི་དང༌། དེ་གཉིས་ཀ་དང༌། སྟོང་པ་དང༌། ཆེན་པོ་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་ལས་འདས་པ་དང༌། ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་དང༌། རང་བཞིན་དང༌། ཆོས་ཐམས་ཅད་དང༌། རང་གི་མཚན་ཉིད་དང༌། མི་དམིགས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། དངོས་པོ་དང༌། དངོས་པོ་མེད་པ་དང༌། རང་གི་ངོ་བོ་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་བྱེ་བྲག་གིས་རྣམ་པ་ཉི་ཤུའོ།།འདིར་སྨྲས་པ། ནང་དང་ཕྱི་རོལ་རྣམས་དང་ནི། །གཉིས་དང་སྟོང་པའི་དངོས་པོ་དང༌།།ཕྱོགས་དང་མྱ་ངན་འདས་ལམ་དང༌། །རྐྱེན་ལས་སྐྱེས་དང་ཅིག་ཤོས་དང༌།།མཐའ་འདས་ཐོག་མ་དོར་བ་མེད། །རང་བཞིན་དང་ནི་ཆོས་ཀུན་དང༌།།ཆོས་སྐྱེ་ལ་སོགས་འདས་སོགས་དང༌། །ལྡན་དང་ཅིག་ཤོས་ངོ་བོ་དང༌།།མཁའ་དང་སྟོང་པ་ཞེས་བྱ་དང༌། །ཆོས་ཀྱི་གཞན་གྱི་ངོ་བོ་ཉིད།།རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད།།སའི་ཚོགས་ལ་ས་གང་གི་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་དག་ཡིན་པ་དེ་དག་བསྟན་པའི་ཕྱིར་བར་སྐབས་གྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་པ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ།།བསམ་དང་ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད།།གཏོང་དང་བཤེས་གཉེན་བསྟེན་པ་དང༌། ། དམ་ཆོས་དམིགས་པ་འཚོལ་བ་དང༌།།རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །སངས་རྒྱས་སྐུ་འདོད་དགའ་བ་དང༌།།ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད།།འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ།།ཞེས་བྱ་བ་ནི། རིམ་པ་ཇི་ལྟ་བ་བཞིན་གཞི་ཐམས་ཅད་ལ་གྱ་གྱུ་མེད་པའི་བསམ་པ་དང༌། རང་དང་གཞན་གྱི་དགོས་པ་ལ་ཕན་པ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་སེམས་གཅིག་པ་ཉིད་དང༌། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང༌། དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་དང༌། ཐེག་པ་གསུམ་དུ་གཏོགས་པའི་དམ་པའི་ཆོས་ཀྱི་དམིགས་པ་འདོད་པ་དང༌། ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་བ་དང༌། བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་འདོད་པ་དང༌། དམ་པའི་ཆོས་རབ་ཏུ་སྟོན་པ་དང༌། བདེན་པ་སྨྲ་བ་ཉིད་ཅེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུས་རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ཡོངས་སུ་སྦྱོང་བའི་རྒྱུའི་ཁྱད་པར་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱི་ཡོངས་སུ་སྦྱོང་བ་དག་ཁོ་ནས་ས་དང་པོ་རབ་ཏུ་དགའ་བ་འཐོབ་པ་ཡིན་ནོ།།ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ།།བཀུར་སྟི་བླ་མ་ལ་གུས་ཉན། ། བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན།།ཞེས་བྱ་བ་ནི། དགེ་བའི་ཆོས་དང་སེམས་ཅན་གྱི་དོན་བྱ་བ་དང༌། སྡོམ་པའི་ཚུལ་ཁྲིམས་དང༌། གཞན་གྱིས་ཕན་པ་བྱས་པ་དྲན་པ་དང༌། གཞན་གྱིས་གནོད་པ་བྱས་པ་ལ་སོགས་པ་བཟོད་པ་དང༌། དགེ་བའི་ཆོས་སྒྲུབ་པ་ལ་འགྱོད་པ་མེད་པ་དང༌། སྐྱེ་བོ་ཐམས་ཅད་ལ་བྱམས་པ་དང༌། མཁན་པོ་ལ་སོགས་པ་ལ་འདུད་པ་དང༌། དགེ་བའི་བཤེས་གཉེན་གྱིས་བསྟན་པའི་ཆོས་སྒྲུབ་པ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྲོ་བ་ཞེས་བྱ་བ་དེ་ལྟ་བུའི་ཡོངས་སུ་སྦྱང་བ་སྔ་མ་བཞིན་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་རྣམ་པ་བརྒྱད་ཀྱིས་ས་གཉིས་པ་དྲི་མ་མེད་པ་འཐོབ་པ་ཡིན་ནོ།།ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌།།སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །འཁོར་བས་ཡོངས་སུ་མི་སྐྱོ་དང༌།།ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ།།ཞེས་བྱ་བ་ནི། དམ་པའི་ཆོས་མཉན་པས་ངོམས་མི་ཤེས་པ་དང༌། རྙེད་པ་ལ་སོགས་པ་ལ་མི་ལྟ་བའི་སེམས་ཀྱིས་དམ་པའི་ཆོས་རབ་ཏུ་སྟོན་པ་དང༌། རང་གི་སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པ་ཀུན་ཏུ་སྦྱོང་བ་དང༌། ཕན་བཏགས་པའི་སེམས་ཅན་མི་མཐུན་པ་ལ་སོགས་པ་མཐོང་བས་ཡོངས་སུ་མི་སྐྱོ་བ་དང༌།
རང་དང་གཞན་ལ་ལྟོས་ནས་མི་དགེ་བའི་ཆོས་མི་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་ལྔ་པོ། སྔ་མ་བཞིན་དུ་ངོ་བོ་ཉིད་དུ་མི་རྟོག་པས་ཡོངས་སུ་སྦྱོང་བ་བྱས་པས་ས་གསུམ་པ་འོད་བྱེད་པ་རྟོགས་པ་ཡིན་ནོ།།ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །སྦྱངས་པ་ཡང་དག་སྡོམ་བསྟེན་དང༌།།བསླབ་པ་ཡོངས་སུ་མི་གཏོང་དང༌། །འདོད་པ་རྣམས་ལ་སྨོད་པ་དང༌།།མྱ་ངན་འདས་དང་བདོག་ཀུན་གཏོང༌། །མི་ཞུམ་པ་དང་ལྟ་བ་མེད།། ཅེས་བྱ་བ་ནི། དགོན་པར་གནས་པ་དང༌། རྙེད་པ་མ་ཐོབ་པ་ལ་མངོན་པར་འདོད་པ་མེད་པ་དང༌། རྙེད་པ་ཐོབ་པ་ལ་ལྷག་པར་དོན་དུ་གཉེར་བ་མེད་པ་དང༌། བསོད་སྙོམས་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་སྡོམ་པ་དང༌། བསླབ་པ་བླངས་པ་སྲོག་ལ་སོགས་པའི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང༌། འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་ལྟ་བས་སྨོད་པ་དང༌། གདུལ་བྱ་དང་འཚམ་པར་མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པ་དང༌། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང༌། དགེ་བ་བསྒྲུབ་པ་ལ་སེམས་མི་ཞུམ་པ་དང༌། དངོས་པོ་ཐམས་ཅད་ལ་མི་ལྟ་བ་ཞེས་བྱ་བ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་སྔ་མ་ལྟ་བུ་རྣམ་པ་བཅུས་ས་བཞི་པ་འོད་འཕྲོ་བ་ཅན་གནོན་པ་ཡིན་ནོ།།འདྲིས་དང་ཁྱིམ་ལ་འཁྲེན་པ་དང༌། །འདུ་འཛིར་གྱུར་པའི་གནས་དང་ནི།།བདག་བསྟོད་གཞན་ལ་བརྙས་པ་དང༌། །མི་དགེའི་ལས་ཀྱི་ལམ་བཅུ་དང༌།།རློམ་པས་ཁེངས་དང་ཕྱིན་ཅི་ལོག །བློ་ངན་དང་ནི་ཉོན་མོངས་བཟོད།།བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ།།ཅེས་བྱ་བ་ནི། རྙེད་པ་ལ་སོགས་པའི་དོན་དུ་རབ་ཏུ་བྱུང་བ་ལ་སོགས་པ་དང་འགྲོགས་པ་དང༌། དད་པ་ཅན་གྱི་ཁྱིམ་ཉེ་བར་མི་སྟོན་པ་དང༌། སྐྱེ་བོ་མང་པོའི་གྲོང་ལ་སོགས་པ་དང༌།བདག་ལ་བསྔགས་པ་དང༌། གཞན་ལ་སྨོད་པ་དང༌། མི་དགེ་བའི་ལས་ཀྱི་ལམ་བཅུ་དང༌།ཐོས་པ་ལ་སོགས་པས་རློམ་ཞིང་གཞན་ལ་མི་འདུད་པ་དང༌། དགེ་བ་དང་མི་དགེ་བ་ལ་བཟློག་སྟེ་མངོན་པར་ཞེན་པ་དང༌། ལོག་པར་ལྟ་བ་ལ་སོགས་པ་བློ་གྲོས་ངན་པ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་ཕྱོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུ་རྣམ་པར་སྤོང་ཞིང་བཟློག་པའི་ཆོས་དོན་གྱིས་འཕངས་པ་ཡོངས་སུ་སྦྱོང་བ་རྣམ་པ་བཅུས་སྔ་མ་བཞིན་དུ་ས་ལྔ་པ་སྦྱང་དཀའ་བ་འཐོབ་པ་ཡིན་ནོ།།སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས།།སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་པ།།བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌།།དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ།།ཅེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཉན་ཐོས་དང༌། རང་སངས་རྒྱས་ལ་འདོད་པ་དང༌། ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པ་དང༌། སློང་བ་པོའི་སྐྱེ་བོས་བསླངས་ན་ཞུམ་པ་དང༌། བདོག་པ་ཐམས་ཅད་རང་གི་ངང་གིས་གཏོང་བར་ཞུགས་པ་ལ་མི་དགའ་བ་དང༌། བཀྲེན་ཡང་སློང་བའི་སྐྱེ་བོ་སྤོང་བའི་སེམས་སྤོང་བ་སྟེ། དེ་ལྟ་བུའི་ཡོངས་སུ་སྦྱོང་བ་བཅུ་གཉིས་ཀྱིས་སྔ་མ་བཞིན་དུ་ས་དྲུག་པ་མངོན་དུ་གྱུར་པ་ཀུན་ཤེས་པར་འགྱུར་བ་ཡིན་ནོ།།བདག་དང་སེམས་ཅན་འཛིན་པ་དང༌། ། སྲོག་དང་གང་ཟག་ཆད་རྟག་དང༌།།མཚན་མ་རྒྱུ་དང་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི།།ཁམས་གསུམ་པོ་ལ་གནས་དང་ཆགས། ། སེམས་ནི་ཀུན་ཏུ་ཞུམ་པ་དང༌།།དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང༌།།སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་དང་འགལ་བའི་ཉེས་པ་ནི།།ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ།།ཅེས་བྱ་བ་ནི། བདག་དང༌། སེམས་ཅན་དང༌། སྲོག་དང༌། གང་ཟག་དང༌། ཆད་པ་དང༌།རྟག་པ་དང༌། མཚན་མ་དང༌། རྒྱུ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། ཁམས་གསུམ་པོ་ལ་གནས་པ་དང༌། ཆགས་པ་དང༌། སེམས་ཀུན་ཏུ་ཞུམ་པ་དང༌། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཚུལ་ཁྲིམས་སུ་ལྟ་བའི་མངོན་པར་ཞེན་པ་དང༌། སྟོང་པ་ཉིད་ལ་རྩོད་པ་དང༌། འགལ་བ་བརྗོད་པ་འཛིན་པ་ཡོངས་སུ་སྤངས་པ་སྟེ།ཉེས་པ་དེ་ལྟ་བུ་ཉི་ཤུ་དང་བྲལ་ནས་བཟློག་པའི་ཆོས་དོན་གྱིས་འཕངས་པ་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུས་སྔ་མ་བཞིན་དུ་ས་བདུན་པ་རིང་དུ་སོང་བ་ཀུན་ཤེས་པར་འགྱུར་བ་ཡིན་ནོ།།དོན་གྱིས་འཕངས་པའི་ཆོས་ཉིད་བསྟན་པའི་ཕྱིར། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །འཁོར་གསུམ་རྣམ་པར་དག་ཉིད་དང༌།།སྙིང་རྗེ་འདི་ནི་རློམ་མེད་དང༌། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས།།མི་སྐྱེ་བ་དང་བཟོད་ཤེས་དང༌། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན།།རྟོག་པ་ཀུན་ཏུ་འཇོམས་པ་དང༌། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང༌།།ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌།།སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌།།ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌།།ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ།། ཞེས་བྱ་བ་གསུངས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཡང་དག་པར་ཤེས་པ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་ལ་གསད་པར་བྱ་བ་དང༌། གསོད་པ་པོ་དང༌། བསད་པ་མི་དམིགས་པ་ལ་སོགས་པ་དང༌། སྐྱེ་བོ་ཐམས་ཅད་ལ་དམིགས་པའི་སྙིང་བརྩེ་བ་དང༌། དངོས་པོར་དམིགས་པ་མེད་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དང༌། ཐེག་པ་ཆེན་པོ་གཅིག་ཏུ་རྟོགས་པ་དང༌། མི་སྐྱེ་བ་ཡོངས་སུ་ཤེས་པ་དང༌། ཆོས་ཟབ་མོ་ལ་ངེས་པར་རྟོགས་པའི་བཟོད་པ་ཁོང་དུ་ཆུད་པ་དང༌། ཤེས་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་ཀྱི་སྒོ་ནས་རབ་ཏུ་སྟོན་པ་དང༌། རྟོག་པ་ཐམས་ཅད་གཅོད་པ་དང༌། མཚན་མར་འཛིན་པའི་རྟོག་པ་མེད་པ་དང༌། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་འདོར་བ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤོང་བ་དང༌། ཞི་གནས་སྒོམ་པ་དང༌། ཤེས་རབ་དང་ཐབས་ལ་མཁས་པར་བྱེད་པ་དང༌། སེམས་ཉེ་བར་ཞི་བ་དང༌། གཟུགས་ལ་སོགས་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་དང༌། མངོན་པར་ཞེན་པའི་གནས་མ་ཡིན་པ་དང༌། ཇི་ལྟར་འདོད་པ་བཞིན་དུ་དུས་མཉམ་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང༌། གདུལ་བྱ་དང་མཐུན་པར་ཐམས་ཅད་དུ་བདག་གི་ལུས་རབ་ཏུ་སྟོན་པ་ཞེས་བྱ་བ་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུ་པོ་འདིས་ཀྱང་སྔ་མ་བཞིན་དུ་ས་བདུན་པ་རྟོགས་པར་འགྱུར་བ་ཡིན་ནོ།།སེམས་ཅན་ཀུན་ཡིད་ཤེས་པ་དང༌། །མངོན་པར་ཤེས་པས་བརྩེ་བ་དང༌།།སངས་རྒྱས་ཞིང་བཟང་སྒྲུབ་པ་དང༌། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན།།དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང༌།།བསམ་བཞིན་སྲིད་པ་ལེན་པ་དང༌། །ལས་ནི་རྣམ་པ་འདི་བརྒྱད་བཤད།།ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་བ་དང༌། སངས་རྒྱས་ཀྱི་ཞིང་རྟེན་གསེར་ལ་སོགས་པའི་ངོ་བོར་ཡོངས་སུ་བསྒྱུར་བ་དང༌། རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ་བརྟག་པས་སངས་རྒྱས་མཉེས་པར་བྱེད་པ་དང༌། ལྷའི་མིག་བསྐྱེད་པ་དང༌།སངས་རྒྱས་ཀྱི་ཞིང་རྟེན་པ་སེམས་ཅན་ཡོངས་སུ་སྦྱོང་བ་དང༌། ཐམས་ཅད་དུ་སྒྱུ་མ་ལྟ་བུར་གནས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་མཐོང་ནས་བློ་སྔོན་དུ་བཏང་བའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཡོངས་སུ་སྦྱོང་བའི་ཆོས་དེ་ལྟ་བུ་རྣམ་པ་བརྒྱད་ཀྱིས་སྔ་མ་བཞིན་དུ་ས་བརྒྱད་པ་མི་གཡོ་བ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ།།སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང༌།།སྤོབས་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པ་མཆོག་དང་ནི།།རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི།།ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང༌། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན།།ཞེས་བྱ་བ་ནི། སྨོན་ལམ་མཐའ་ཡས་པ་དང༌། ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང༌། སྤོབས་པ་ཆུ་བོ་ལྟར་མི་ཟད་པ་དང༌། སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་མངལ་དུ་འཇུག་པ་དང༌། རྒྱལ་པོ་ལ་སོགས་པར་གནས་པ་དང༌། ཉི་མ་ལ་སོགས་པ་ལས་སྐྱེས་པ་དང༌། མ་ལ་སོགས་པ་དང་ལེགས་པར་འབྲེལ་བའི་གཉེན་དང༌། རང་དབང་བའི་འཁོར་དང༌། བརྒྱ་བྱིན་ལ་སོགས་པས་མངོན་པར་བསྟོད་པར་སྐྱེ་བ་དང༌། སངས་རྒྱས་ལ་སོགས་པས་བསྐུལ་ཏེ་ངེས་པར་འབྱུང་བ་དང༌། ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཤིང་ཨ་ཤྭད་ཐ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱི་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་པོས། སྔ་མ་བཞིན་དུ་ཡོངས་སུ་སྦྱོང་བ་བྱས་པའི་ཁྱད་པར་དག་གིས་ས་དགུ་པ་ལེགས་པའི་བློ་གྲོས་མངོན་དུ་བྱེད་པ་ཡིན་ནོ།།
རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱོང་བ་དེ་ལྟར་ངེས་པར་བསྟན་ནས། འབྲས་བུའི་ས་ཉིད་དུ་དེ་དག་མ་བཤད་པར་ས་ཐམས་ཅད་བསྡུ་བའི་སྒོ་ནས་ས་བཅུ་པའི་མཚན་ཉིད། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ།།དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ།།ཞེས་བྱ་བ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་རིགས་དང༌། འབྲས་བུ་དང་པོ་ལ་ཞུགས་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་ཅེས་བྱ་བ་དྲུག་དང༌། ཚུལ་གསུམ་རྣམ་པར་གཞག་པར་དགོངས་པས་བསྡུས་པ་ལྷག་མ་ཞུགས་པ་གསུམ་དང༌། རང་སངས་རྒྱས་རྣམས་གོ་རིམ་བཞིན་དུ། རིགས་དང༌། བརྒྱད་པ་དང༌། མཐོང་བ་དང༌། བསྲབས་པ་དང༌། འདོད་ཆགས་དང་བྲལ་བ་དང༌། བྱས་པ་རྟོགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་རྣམས་དང༌། ཇི་སྐད་བཤད་པའི་བྱང་ཆུབ་སེམས་དཔའི་ས་རྣམ་པ་དགུ་པོ་གཅིག་ཁོ་ན་སྟེ། དེ་ལྟར་ས་དགུ་འདས་ནས་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། ། ཞེས་འབྱུང་བའི་ཕྱིར། སངས་རྒྱས་ཀྱི་ས་དེ་ལ་སྨོན་ལམ་ཤེས་པ་གང་གིས་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་བ་ཡིན་ནོ།།གཉེན་པོའི་ཚོགས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ། མཐོང་དང་སྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས།།ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ།།ཞེས་བྱ་བ་གསུངས་ཏེ། གཟུང་བའི་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་དངོས་པོ་ ཙམ་དང༌། གཉེན་པོའི་རྟེན་ཅན་གཉིས་དང༌། འཛིན་པའི་རྣམ་པར་རྟོག་པ་གང་ཟག་རྫས་སུ་ཡོད་པ་དང༌། སྐྱེས་བུ་བཏགས་པའི་རྟེན་ཅན་གཉིས་སོ་སོར་མཐོང་བའི་ལམ་དང་སྒོམ་པའི་ལམ་ལ་སྤོང་བས། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར་བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་ནས་མངོན་དུ་བྱ་བའི་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བས་ལམ་གཉིས་པོ་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་གཉེན་པོ་རྣམ་པ་བརྒྱད་དོ།།
དེ་ལྟར་ཚོགས་བསགས་པ་ལ་ངེས་པར་འབྱུང་བས་བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སེམས་ཅན་དོན་དང་འབད་མེད་དང༌།།མཐའ་ལས་འདས་པར་ངེས་འབྱུང་དང༌། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང༌།།རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ།།རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཤེས་བྱ།།ཞེས་བྱ་བ་གསུངས་ཏེ། ཆེད་དུ་བྱ་བ་ཇི་སྐད་བཤད་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དང༌། སེམས་ཅན་གྱི་དོན་ཕྱེད་པར་བྱེད་པ་དང༌། མཚན་མ་མེད་པར་ཐམས་ཅད་བྱེད་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་དང༌། རྟག་པ་དང་ཆད་པ་དང་བྲལ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་དང༌། ཐེག་པ་གསུམ་གྱི་དོན་ཐམས་ཅད་འཐོབ་པ་དང༌། ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། དེའི་ཁྱད་པར་གྱི་ལམ་སྟེ། ངེས་པར་འབྱུང་བར་བྱ་བའི་གཞི་དེ་ལྟ་བུ་དག་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར་ཐམས་ཅད་མི་དམིགས་པ་ཉིད་ཀྱིས་ངེས་པར་འབྱུང་བ་རྣམ་པ་བརྒྱད་ཡིན་པས་ངེས་པར་འབྱུང་བའི་སྒྲུབ་པ་ནི་རྣམ་པ་བརྒྱད་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐབས་དང་པོའི་འགྲེལ་པའོ།།