Nitartha Digital Library
Tibetan
 
no previous༧ སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེས་བར་དོའི་སྐོར་གྱི་བཀའ་ཆོས།next

༧ སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེས་བར་དོའི་སྐོར་གྱི་བཀའ་ཆོས།


PN001_Page_001
[སྐྱབས་རྗེ་རིན་པོ་ཆེ་དང་ས་སྐྱ་གོང་མ་རིན་པོ་ཆེ་ལྷན་དུ་བཞུགས་པའི་སྐུ་པར།]
སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེས་བར་དོ་གསུངས་ཆོས།

༄༅༔ ༔བར་དོའི་རྩ་ཚིག་བཞུགས་སོ༔ ༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ བར་དོ་རྣམ་པ་དྲུག་གི་རྩ་ཚིག་ནི༔ ཀྱེ་མ་བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤང་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་སྦྱངས༔མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་བའི་ལམ་ལ་སྡོད་པའི་དུས་མ་ཡིན༔ ཀྱེ་མ་བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡིངས་མེད་གནས་ལུགས་ངང་ལ་འཇོག༔ རྨི་ལམ་བཟུང་ལ་སྤྲུལ་བསྒྱུར་འོད་གསལ་སྦྱངས༔ དུད་འགྲོ་བཞིན་དུ་ཉལ་བར་མི་བྱ་བར༔ གཉིད་དང་འོད་གསལ་འདྲེས་པའི་ཉམས་ལེན་གཅེས༔ ཀྱེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་བའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇུག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་སྒྲུབ་དུས་འདིར༔ ཉོན་མོངས་འཁྲུལ་པའི་དབང་དུ་མ་བཏང་ཞིག༔ ཀྱེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ལ༔ གདམས་ངག་གསལ་བའི་ལམ་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕང་༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་དངངས་སྐྲག་འཇིཌ་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པར་ངོ་ཤེས་བྱ༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུགས་པའི་དུས་གཅིག་འོང་༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་གཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད༔ མངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་སྒོམ༔ འཆི་བ་འོང་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས༔ ད་རེས་སྟོང་ལོག་བྱས་ན་མདུན་མ་འཁྲུལ༔  དགོས་ངེས་ཤེས་ ་དམ་པའི་ཆོས་ཡིན་པས༔ ད་ལྟ་ཉིང་དུ་ལྷ་ཆོས་མི་བྱེད་དམ༔ དྲིན་ཅན་བླ་མའི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ༔ བར་དོ་རྣམ་པ་དྲུག་གི་རྩ་ཚིག་རྫོགས་སོ༔ ༔


no previous༧ སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེས་བར་དོའི་སྐོར་གྱི་བཀའ་ཆོས།next