སྤྱི་ལོ་ ༡༩༩༨ ལོར་བསྩལ་བའི་བཀའ་སློབ།
དེ་རིང་འདིར་ང་རང་ཚོ་རྣམ་གྲོལ་གླིང་ན་ཡོད་མཁན། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་སྤྲུལ། དགེ་རྒན་རྣམ་པ། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ལྷན་འཛོམས་ཀྱི་ངོས་ནས། ང་ཚོའི་ཡང་ལོ་རིམ་གོང་མ་དང་དེ་བཞིན་བཤད་གྲྭའི་སློབ་གཉེར་རྣམས་ལ་ལོ་གཅིག་གི་གྲུབ་འབྲས་ཨང་ཐོབ་མར་ཕུལ་ཡ་གི་དུས་སྐབས་དེ་འདྲ་ཞིག་ལ་ཁེལ་ཡོད་པ་རེད། དེ་དག་ཐམས་ཅད་ཡག་པོ་རེད་སོང༌། ཐུགས་རྗེ་ཆེ། དེ་ནས་ད་ང་རང་ཚོ་དགུ་བཅུ་གོ་བརྒྱད་ཀྱི་ལོ་དེ་ཡང་གསར་དུ་མགོ་ཚུགས་ཡོང་གི་ཡོད་རེད། དེ་ཡིན་དུས། སྤྱི་ཡོངས་ད་ལྟ་མཁན་པོ་བཀྲ་ཤིས་ཚེ་རིང་རེད། ཚེ་དབང་ཕུན་ཚོགས་རེད། ཁོང་རྣམ་པས་བཀའ་སློབ་གནང་ཡ་དེ་ལས་ལྷག་ཅིག ང་ལ་དམིགས་བསལ་བཤད་ཡ་ཅི་མི་འདུག་སྟེ། ཡིན་ན་ཡང༌། གཙོ་བོ་ང་ཚོ་དགེ་འདུན་འདུས་པའི་སྡེ་དེ་འདྲ་ཞིག་རེད། དེ་ཡིན་དུས། རང་རང་སོ་སོ་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་སུ་དང་སུ་ཡིན་ན་ཡང་ཡིན་དང་ཡིན། ཁྱད་པར་དུ་ང་རང་ཚོ་རྣམ་གྲོལ་གླིང་དགོན་པ་འདིའི་ནང་བཞུགས་ཚད་ཀྱི་དགེ་འདུན་པ་ཆེ་ཕྲ་སུ་ཞིག་ཡིན་ནའང་གལ་ཆེ་ཤོས་འདྲ་པོ་གཙོ་བོ་དེ་ནི། འདུལ་ཁྲིམས་དང་ལྡན་པ་ཞིག དགེ་ཚུལ་སློང་ལ་ སོགས་པའི་སྡོམ་པ ་ཐམས་ཅད་ཞུས་ཡང་ཞུས་ཡོད་རེད། མ་ཞུས་པ་རྣམས་ཀྱིས་ཀྱང་སྡོམ་པ་ཞུས་ནས་འདུལ་ཁྲིམས་བསྲུང་རྒྱུ་འདི་གལ་ཆེ་ཤོས་ཤིག་རེད། ལུས་རྟེན་ཞིག་ལེན་པའི་སྐབས་ལ་སངས་རྒྱས་བསྟན་པའི་རྗེས་སུ་ཞུགས། རྗེས་སུ་ཞུགས་ནས་ཕྱི་ནང་གསང་གསུམ་དང་མཐུན་པ་ཞིག་བྱེད་རྒྱུ། ཚུལ་ཁྲིམས་ཟེར་ཡ་དེ་རང་གི་སྲོག་དང་འདྲ་བ་ཞིག་བསྲུང་རྒྱུ་དེ་གཙོ་བོ་རེད། རྟག་པར་ཞུ་གི་ཡོད། ཞུ་བ་ནང་བཞིན་ཐམས་ཅད་ཀྱིས་བསླབ་པ་ལ་ནན་ཏན་བྱེད་ཡ་དེ་གལ་ཆེན་པོ་རེད།
སྤྱིར་རྙིང་མ་པ་དེའི་ནང་ནས་ཀྱང་རང་ཆེ་འདྲ་ཞིག་བཤད་ཀྱི་མིན་ཏེ་རྒྱལ་བ་དཔལ་ཡུལ་ཚང་ལོ་སུམ་བརྒྱ་བཞི་བརྒྱ་ཞིག་ནས་བསྟན་པ་དར་ནས་བཟུང་འབོར་ཆེ་བ་རབ་བྱུང་གི་སྡེ་ཤ་སྟག་རེད་མ་གཏོགས་སྔགས་པ་གོས་དཀར་ལྕང་ལོའི་སྡེ་དེ་འདྲ་མེད་ངེས་འདྲ་ཞིག་རེད། རང་རང་སོ་སོ་རེ་གཉིས་རེ་གཉིས་འདྲ་ཡོང་སྲིད་ཀྱི་རེད་བ། དགོན་རྩ་ལག་དང་བཅས་པ་འབོར་ཆེ་བ་དེ་འདྲ་རེད་མ་གཏོགས་མ་དགོན་རང་གཅིག་པུ་དེ་འདྲ་མ་རེད། དེ་ཡིན་དུས། གལ་ཆེ་ཤོས་དེ་ང་རང་ཚོས་འདུལ་ཁྲིམས་སྡོམ་པ་ཟེར་བ་དེ་སྲོག་ལྟར་ག་དུས་ཡིན་ན་ཡང་རྣམ་གྲོལ་གླིང་འདིར་བཞུགས་དུས་ཡིན་ན་འདྲ། ཕྱི་ལོགས་ལ་ཕེབས་ནའང་འདྲ། དེ་གལ་ཆེ་ཤོས་ཤིག་ཞུ་རྒྱུ་དེ་ཡིན། དེའི་ཐོག་ནས་བླ་མ་གྲྭ་པའི་ཚུལ་ཀུན་སྤྱོད་དེ་གཞུང་ནས་གསུང་པ་ནང་བཞིན་སྤྱོད་ལམ་ཡ་རབ་ཟེར་བ་དེ། སྤྱི་ཡོངས་འཇིག་རྟེན་གྱི་མི་ཕལ་པ་ཞིག་ཡིན་ནའང༌། དེ་ལ་ཡང་སྤྱོད་ལམ་ཡག་ཞན་མི་དེ་རྒྱུ་དག་བཟང་ཞན་བཤད་རྒྱུ་ཡོད་རེད། མི་ཡ་རབ་ཞིག་ཡིན་ན་སུའང་དགའ་གི་རེད། གུས་བཀུར་བྱེད་ཀྱི་རེད། མི་སྤྱོད་ལམ་མ་རབ་ཅིག་ཡིན་ན་སུ་ཡིན་ན་དགའ་གི་མ་རེད། དཔེར་ན་ཁོང་ཁྲོ་ལང་པོ། རྒྱག་རེས་ཚ་པོ། སྐད་ཆ་མང་པོ་བཤད་འདུག་རྒྱུ་ཡོད་མཁན་དེ་འདྲ་ཞིག་ལ་སུ་ཡང་དགའ་གི་མ་རེད། ག་ཚད་ཡིན་ན་བཟོད་ཐུབ་པ། སུ་ལའང་མཐུན་སྒྲིལ་བྱེད་ཐུབ་པ། གདོང་པ་འཛུམ་ཤིག་ཤིག་འགྲོ་སྡོད་དང་སུ་ཡིན་ན་དགའ་གི་རེད། འཛམ་བུ་གླིང་གི་ལུགས་སྲོལ་རེད།
ང་རང་ཚོ་སངས་རྒྱས་ཀྱི་རྗེས་འཇུག་ཞིག་རེད། དེ་ཡིན་དུས། ག་དུས་ཀྱང་ཁོང་ཁྲོ་ཉོན་མོངས་མེད་པར་བྱེད། འཛུམ་ཤིག་ཤིག་ཟེར་ན་གད་མོ་དགོད་དགོད་ངང་འགྲོ་བསྡད་ཡོད་མིན་མི་ཤེས་ཏེ། ཡིན་ནའང་ཞི་ཞིང་དུལ་བ་ཞིག དེ་ཡང་རང་གི་སྙིང་ཁོང་རུས་པའི་གཏིང་ནས་བསམ་བློ་གཏོང་དགོས་རེད་མ་གཏོགས་ཕྱི་ཚུལ་ཙམ་ཞིག་གིས་ཡོང་གི་མ་རེད། སེམས་གཏིང་ནས་ཞི་ཞིང་དུལ་བ་ཁོང་ཁྲོ་མེད་པ་ཞིག་བྱེད་རྒྱུ་གལ་ཆེ་ཤོས་རེད།
སྤྱི་ཡོངས་ཁོང་ཁྲོ་ཟེར་བ་དེ་ཁྱེད་རང་ཚོ་དཔེ་ཆ་བ་ཞིག་གིས་ཧ་གོ་གི་རེད་བ། ཁོང་ཁྲོ་ལས་སྡིག་པ་ཆེ་བ་ཞིག་ཉོན་མོངས་པ་དུག་ལྔའི་ནང་ན་ཡོད་མ་རེད། འགྲོ་ས་དམྱལ་བ་ལས་མེད་བ། དགེ་འདུན་པ་ཞིག་གིས་དེ་འདྲ་བྱེད་མཁན་སུ་ཡོད་མ་རེད་དེ། གལ་སྲིད་བྱས་ན་སྐྱེ་བོ་ཕལ་བ་ཞིག་གིས་བྱས་པ་ལས་སྡིག་པ་བརྒྱ་འགྱུར་གྱིས་ཆེ་གི་རེད། དེ་ཡིན་དུས། རྒྱུན་པར་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་དགོས་རེད། ང་ཚོས་ཕར་བལྟས་ཏེ་མི་མང་པོ་ཞིག་ལ་སྐྱོན་བརྟག་ནས་ཁོ་འགྲོ་སྟངས་མ་རེད། ཁོ་འདུག་སྟངས་མ་རེད། ཁོའི་བཤད་སྟངས་མ་རེད་ཟེར་ཡ་དེ་འཇིག་རྟེན་པའི་ལུགས་སྲོལ་རེད། དེ་རྩ་བ་ནས་བྱེད་རྒྱུ་ཡོད་མ་རེད། རང་གི་སྐྱོན་ལ་རང་གིས་ཚུར་བལྟ་ནས་ངས་ག་འདྲ་བྱེད་ཀྱི་འདུག མི་ལ་གཏམ་ཞིག་བཤད་ན་ངས་ག་རེ་བཤད་ཀྱི་འདུག རང་གི་སེམས་ལ་བརྟག་དཔྱད་བྱེད་ནས་མི་ལ་སྐད་ཆ་བཤད་དགོས་རེད། འགྲོ་སྟངས་འདུག་སྟངས། ང་ག་རེ་འགྲོ་གི་འདུག རང་གིས་འགྲོ་སྟངས་རང་གིས་ལྟ་དགོས་པ་རེད། སྐབས་དེ་དང་དེ་ཟེར་རྒྱུ་ཡོད་མ་རེད། ག་དུས་ཡིན་ཡང་དེ་འདྲ་ཞིག་བཟོ་དགོས་པ་རེད། རང་གི་གཤིས་ཀ་དེ་ཡ་རབ་དང༌། ཆོས་དང་མཐུན་པ་ཞིག་ཡོང་དགོས་རེད། དགེ་འདུན་པ་རྣམ་པ་འབོར་ཆེ་བ་དགུང་ལོ་གཞོན་པ་ཤ་སྟག་ཡིན་དུས་སྣང་བ་མཐོན་པོ་རེད། ལོ་ཆུང་ཡིན་དུས་མི་ལ་ཁྲག་ཤུགས་དྭངས་མ་ཤུགས་ཆེན་པོ་ཡོད་རེད། དེ་ཡོད་ཚར་དུས། དེའི་རྐྱེན་བྱས་ནས་ག་རེ་ཡིན་ནའང་སྤོབས་པ་མཐོན་པོ། བློ་ཁོག་ཆེན་པོ་འདྲ་སྐྱེས་ནས་སྐད་ཆ་བཤད་འདོད་ཆེན་པོ་དང་མ་འདྲ་འདྲ་ཞིག་ཡོད་རེད། དེ་རང་གིས་ཕར་མེད་པ་བཟོ་དགོས་རེད་མ་གཏོགས། གཞན་བྱེད་ཡོང་མཁན་སུ་ཡང་ཡོད་མ་རེད། དེ་འདྲ་བྱེད་ན་ཁེ་ཕན་ཡོད་ན་འགྲིག་གི་རེད་དེ། ཁེ་ཕན་ཡོད་མ་རེད། མི་ཕུང་རང་བརླག་ཟེར་རྒྱུ་རེད་མ་གཏོགས་ཁེ་ཕན་གང་ཡང་ཡོད་མ་རེད། བསམ་བློ་འདྲ་མི་འདྲ་མང་པོ་ཞིག་གི་སྒོ་ནས་གང་བྱུང་དགེ་འདུན་པའི་ནང་ལ་བཤད་ཉན་མ་རེད། ངས་ག་དུས་ཀྱང་བཤད་ཀྱི་ཡོད།
ང་ཚོའི་དགོན་པ་འདིའི་ནང་ལ་ཚུར་འདུག་ནས་བཟུང་སྟེ། དེ་རིང་ཡོང་ནས་འདུག་མཁན་དང༌། ང་ཚོ་རྒྱུན་དུ་འདུག་མཁན་ཐམས་ཅད་ཚོགས་པ་གཅིག་རེད་ཚར་དུས། དེ་ལས་འདི་ཡག་རེད་དང་འདི་སྡུག་རེད་ཟེར་ནས་ཕྱོགས་རིས་རྩ་བ་ནས་བྱེད་རྒྱུ་ཡོད་མ་རེད། འདྲ་མཉམ་བྱེད་དགོས་རེད།
དེ་ནང་བཞིན་དགོན་པ་འདི་ལ་འདུག་ཚར་ནས་བཟུང་སྟེ་བརྒྱ་ཆ་བརྒྱ་ཐམ་པ་བསམ་བློ་བཏང་ནས་ལྷག་བསམ་ལྷོད་མེད་བྱེད་དགོས་རེད་མ་གཏོགས། ཧམ་པ་བྱས་ཏེ་ང་ཚོ་འདྲ་མཉམ་ཡིན་ཟེར་ནས་དབང་བསྒྱུར་གྱི་སྐད་ཆ་ཅི་མ་རེད། དེ་འདྲའི་དབང་བསྒྱུར་ཞིག་བཤད་ན་སྤྱོད་ལམ་ཧ་ཅང་གིས་མ་རབ་ཟེར་ཡ་དེ་འདྲ་རེད། ཁ་ཤས་ཀྱིས་འདི་འདྲ་བཤད་ཀྱི་ཡོད་རེད། ང་རྣམ་གྲོལ་གླིང་དགོན་པ་ན་བསྡད་ཡོད་གོས་སྐལ་ཁུར་ཤོག ལྟོ་སྐལ་ཁུར་ཤོག བགོ་སྐལ་ཁུར་ཤོག་ཟེར་མཁན་མང་པོ་ཡོད་རེད། དངོས་གནས་བཤད་ན་ངས་བུ་ལོན་ནི་མི་དགོས། དེ་འདྲའི་བསྙག་ཆོག་ཆོག་ཅི་ཡོད་མེད་ཧ་གོ་གི་མེད། ཡིན་ན་ཡང༌། ང་རང་གིས་བསྟན་པ་ལ་ལྷག་བསམ་བྱས་ནས་ཐམས་ཅད་ཡག་པོ་ཞིག་ཨེ་རེད་བསམས་ནས་ངས་གྲ་སྒྲིག་བྱས་ནས་ཕུལ་བསྡད་ཡོད་མ་གཏོགས་ཁུར་ཤོག་དྲུད་ཤོག་ཟེར་ནས་ང་ལ་བཙན་དབང་བྱེད་ས་ཅི་ཡོད་མ་རེད། སྔོན་ནས་བུ་ལོན་འདྲ་ཞིག་སྤྲད་བསྡད་ཡོད་ན་ངས་བུ་ལོན་སྤྲད་ཡོད། ད་ཚུར་ཁུར་ཤོག་ཟེར་ནས་གཅིག་བཤད་ཆོག་གི་རེད་བ། འགའ་རེས་ལྷག་བསམ་མེད་པ་ཞིག་གི་སྒོ་ནས་སྐད་ཆ་དེ་འདྲ་བཤད་མཁན་མང་པོ་འདུག དེ་དག་ཐམས་ཅད་ཁེ་མཚར་པོ་འདྲ་ཡོད་རེད།
དགོན་པ་འདིའི་ནང་ལ་ཕེབས་ཡོང་དུས་ངོ་ཆེན་འདྲ་བོ། དེ་འདྲ་བྱེད་མཁན་མང་པོ་ཡོད་རེད། དེ་དག་ཐམས་ཅད་གཙོ་བོ་ཤ་ཚ། ཁོ་རང་ཚོའི་བསམ་བློ་ཁུར་སྟངས་མི་ཤེས་རེད། ཕར་ལྟ་ས་ལ་ཡག་པོ་ཅི་ཡོད་མ་རེད། ཚོགས་པ་འདིའི་ནང་ཡོད་པ་ཞིག་ཡིན་ནས་བཟུང་སྟེ། ཏོག་ཙམ་ཏོག་ཙམ་དུས་ཚོད་སྔ་ཕྱི་འདྲ་མི་འདྲ་སྐབས་ཐོབ་ཡོང་གི་རེད་མ་གཏོགས། རོགས་བྱེད་བསྡད་ཀྱི་ཡོད་རེད་བ། སྤོབས་པ་ཆེན་པོ་ཞིག་གིས་འདྲ་མཉམ་ཡིན་ཟེར་ཚད་ཐམས་ཅད་ལ་འདྲ་མཉམ་ལེན་དགོས་སྣང་ཤར། དེ་མ་ལེན་ན་ཤོར་འགྲོ་སྣང་ཤར། དེ་འདྲ་ཞིག་བསམ་བློ་གཏོང་ཡ་ཡོད་མ་རེད། འདྲ་མཉམ་ཟེར་བ་དེ་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་མཉམ་པོར་བྱེད། ཁ་ལག་མཉམ་པོར་ཟ། ཁྱོད་དགའ་ང་ཡག་གི་སྒོ་ནས་སྐྱིད་པོ་ཞིག་འདུག་ཡ་ཡོད་པ་དེ། ང་ཚོའི་འདྲ་མཉམ་དེ་རེད་མ་གཏོགས། དེ་ལས་གཞན་འདྲ་མཉམ་ཞིག་བཤད་ཀྱི་མེད། ལུང་པ་ལུང་ཚན་སྡེ་ཚན་ཕྱོགས་རིས་དེ་འདྲ་ག་དུས་ཡིན་ནའང་བཟོ་མ་ཡོང་ཞེས་ངས་བཤད་ཀྱི་ཡོད་བ། དེ་དག་ཐམས་ཅད་འབོར་ཆེ་བ་ཞིག་གིས་བཟོ་གི་མེད། ད་རུང་དེའི་རིགས་ག་དུས་ཡིན་ནའང་བྱེད་རྒྱུ་ཡོད་མ་རེད། དང་པོ་གྲོགས་པོ་ཡིན་ཤག་ཤག་བྱས་ནས་མཐའ་མ་རྒྱག་རེས་ལུང་པ་གང་བགོ་མཁན་མང་པོ་ཡོང་གི་འདུག་བ།
དགོན་པ་གཅིག་གི་ནང་འདུག་ཚར་དུས་ཐམས་ཅད་གྲོགས་པོ་གཅིག་རེད་བ། འདུ་ཁང་གཅིག་ནང་འཚོགས། སྣོད་ཐབ་ཆས་གཅིག ཁ་ཕོར་པ་གཅིག་ལ་བརྟེན་ཡོད་དུས་དེ་ལས་ལྷག་པའི་གྲོགས་པོ་ཞིག་གང་ནས་རྙེད་ཡོང༌། དེ་ལས་ལྷག་པའི་གྲོགས་པོ་ཞིག་དགོས་ན། ཕྱོགས་ཞེན་བྱས་ནས་རྩོད་རྙོག་བཟོ་བསམ་པའི་བསམ་བློ་ཡིན་རྒྱུ་རེད་མ་གཏོགས་གཞན་དག་གང་ཡང་ཡོད་མ་རེད། ངས་འཇོན་དང་གང་ཡང་འཇོན་གྱི་མ་རེད་དེ། དགོན་པའི་ལྕགས་རི་འདིའི་ནང་དུ་བཞུགས་ཚད་རང་གི་བུ་ཕྲུག་ནང་བཞིན་སྐྱོང་གི་ཡོད་བསམས་ནས་བསམ་བློ་གཏོང་གི་ཡོད་མ་གཏོགས། འདི་གཅིག་རེད། འདི་གཉིས་རེད། འདི་ངའི་ཕྱོགས་རེད། འདི་དེ་ལས་ཁ་ཁ་རེད་ཟེར་ནས་ངས་ཕྱེ་རྒྱུ་མ་བྱུང༌། ཕྱེ་བསམ་པའང་མེད། འཇིག་རྟེན་མི་ཡི་ལུགས་སྲོལ་ལ་དེ་འདྲ་ཞིག་བཟོ་ན་བཟོ་ཆོག་གི་རེད། བཟོ་ན་བཟོ་ཤེས་ཀྱི་རེད། ཡིན་ནའང་ང་རང་ཚོ་མཉམ་དུ་འདུག་ཚར་དུས་ཐམས་ཅད་གཅིག་ནང་བཞིན་བྱུང་ན་དགའ་གི་ཡོད་མ་གཏོགས་དགོན་པ་འདིའི་ནང་ལྷག་བསམ་ཆེན་པོ་བྱས་ནས་ཉིན་མཚན་གཉིས་ལ་ལས་ཀ་བྱེད་བསྡད་མཁན་ཡོད་རེད། བཀའ་དཔེ་ཆ་ཡིན་ན་དེ་ནང་བཞིན་ཐུགས་ཁུར་འོ་བརྒྱལ་གནང་ནས་བཞུགས་འདུག་མཁན་ཡོད་རེད།
ཁ་ཤས་གང་ཡང་མི་བྱེད་ནས་ཉལ་འདུག་མཁན་ཡོད་རེད། འདྲ་མི་འདྲ་མང་པོ་ཡོད་རེད། དེ་དག་ཐམས་ཅད་ལ་རབ་དབྱེ་ཕྱེས་ན་ཕྱེ་ཡ་དཔེ་མང་པོ་ཡོད་རེད། དཔེར་ན་མཁན་པོ་རྣམ་པ་ཡིན་ན་སྐུ་ཡོན་ཡག་པོ་རེད་ཚར་དུས་ཕྱི་རྒྱལ་འདྲ་གང་ལ་ཕེབས་སོང་ན་དཔལ་འབྱོར་འཛད་མེད་གྱི་སྒོ་ནས་ལྟོ་ཕོག་ཡོད་འདུག་མཁན་ཤ་སྟག་རེད་མ་གཏོགས་འདིར་རྣམ་གྲོལ་གླིང་དགོན་ནང་ནས་ཇ་རྩམ་པ་ཏོག་ཙམ་ཨེ་རག་བལྟ་ནས་བཞུགས་འདུག་དགོས་མཁན་སུ་ཡོད་མ་རེད། དེས་ཐུགས་ཚིམ་འདུག་དགོས་མཁན་ཅི་མ་རེད་དེ་ཡིན་ན་ཡང་ཁོང་རྣམ་པས་བསྟན་པ་ལ་ལྷག་བསམ་བྱས་ནས་འདིར་བཞུགས་ཡོད་རེད། འདིའི་མཇུག་སྒྲ་ཐག་ཏུ་མི་གསལ་བས་འགོད་ཐབས་མ་བྱུང༌