དང་པོ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བསྟན་པ༷།
༄༅། །རྒྱ་གར་སྐད་དུ། ཏ་ཐཱ་ཏྭ་རཏྣ་ཀོ་ནཱ་མི་བྲྀཏྟ། བོད་སྐད་དུ། གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་ལྷུན་གྲུབ་ཡོན་ཏན་རྫོགས་པའི་ཀློང༌། །སྲིད་ཞིའི་དཔལ་གྱུར་ཐོག་མའི་མགོན་པོ་དང༌། །རྒྱལ་བ་རིག་འཛིན་ཆོས་རྗེ་བླ་མ་ལ། །དད་བརྒྱའི་འདབ་སྟོང་གཡོ་བས་ཕྱག་འཚལ་ལོ། །ཐེག་པའི་རྩེ་མོ་ཡང་རབ་ཕུལ་དུ་གྱུར། །མངོན་སུམ་སྙིང་ཐིག་བཀའ་གསང་རྒྱ་ཆེ་བས། །སྙིང་པོའི་དོན་བསྡུས་མཐར་ཐུག་ངེས་པའི་དོན། །གནས་ལུགས་རིན་པོ་ཆེ་མཛོད་ཀྱི་འབྲེལ་གསལ་བྱ། །གང་གི་ཚེ་དཔལ་ཀུན་ཏུ་བཟང་པོས་ཆོས་ཐམས་ཅད་ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་ནས། །མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་བཞུགས་ཏེ། ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བ་དག་གི་འབྲས་བུའི་མཆོག་ནི། རིག་པ་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུ་གྲུབ་བསལ་འཕོ་འགྱུར་མེད་པའི་དེ་བཞིན་ཉིད། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་མངོན་སུམ་དུ་སྟོན་པའི་གསང་བ་ཆེན་པོ་ཡིན་ལ། དེའི་མཐར་ཐུག་གི་གནས་ངེས་པ་རྣམས་གཅིག་ཏུ་བསྡུས་པ་གནས་ལུག་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མན་ངག་གི་བསྟན་བཅོས་ཏེ། འདིར་དེ་ཉིད་ཀྱི་གནས་གསལ་བར་བྱ་བ་ལས། རེ་ཞིག་དང་པོར་ཕྱག་འཚལ་བ། །གདོད་ནས་སངས་རྒྱས་མངོན་པར་བྱང་ཆུབ་གཞི། །མི་འགྱུར་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་དབྱིངས། །སེམས་ཉིད་རང་བཞིན་རྫོགས་པ་ཆེན་པོ་ལ། །བཏང་བཞག་འགྲོ་འོང་མེད་པས་ཕྱག་འཚལ་ལོ། །ཞེས་སྨོས་ཏེ། ཚིགས་སུ་བཅད་པ་འདི་ཉིད་བསྟན་བཅོས་འདིའི་རྡོ་རྗེ་དབྱིངས་གཏན་ལ་ཕབ་སྟེ་དོན་གྱི་ངོ་བོ་རང་བྱུང་གི་ཡེ་ཤེས་གཞི་ལྷུན་གྲུབ་ཀྱི་སངས་རྒྱས་འགྱུར་བ་མེད་པའི་ཆོས་དབྱིངས་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་རྫོགས་པ་ཆེན་པོའི་རང་ངོ་ལ། །བཏང་བཞག་སྤྲོ་བསྡུ་དང་བྲལ་བ་རང་མལ་ཆོས་ཉིད་ལས་མ་གཡོས་པའི་ཚུལ་གྱིས་ཕྱག་འཚལ་བར་སྟོན་ཏོ། །དེ་ལ་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོ་ནི་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་ལས་འདས་པ་གྲུབ་བསལ་སྩོལ་སྒྲུབ་ཐམས་ཅད་ལས་འདས་པ་སྟེ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཨེ་མ་རྫོགས་ཆེན་ཨ་ཏི་ནི། །གང་གི་ཕྱོགས་སུ་མ་ལྷུང་ལ། །རང་བྱུང་ཡེ་ཤེས་དོན་ལ་སྤྱོད། །དཔེར་ན་གཅན་གཟན་སེང་གེ་ཡིས། །སྡེར་ཆགས་ཟིལ་གྱིས་མནན་པ་བཞིན། །རྫོགས་ཆེན་རང་སྐད་སྨྲ་ཞིང་ཐེག་དམན་ཟིལ་གྱིས་གནོན། །རྫོགས་ཆེན་རང་སྐད་སྨྲས་ནས་རང་གི་དོན་ལ་འཇོག །རྫོགས་ཆེན་ཡུལ་ལ་སངས་རྒྱས་སེམས་ཅན་མེད། །རྫོགས་ཆེན་གཞི་ལ་བཟང་དང་ངན་པ་མེད། །རྫོགས་ཆེན་ལམ་ལ་ཉེ་དང་རིང་བ་མེད། །རྫོགས་ཆེན་འབྲས་བུ་ཐོབ་དང་མ་ཐོབ་མེད། །རྫོགས་ཆེན་སྐུ་ལ་ཡིན་དང་མ་ཡིན་མེད། །རྫོགས་ཆེན་གསུང་ལ་བསྒྱུར་དང་མ་བསྒྱུར་མེད། །རྫོགས་ཆེན་ཐུགས་ལ་དངོས་པོ་མཚན་མ་མེད། །རྫོགས་ཆེན་དབྱིངས་ལ་ཟད་དང་སྟོངས་པ་མེད། །རྫོགས་ཆེན་གནས་ལ་མཐོ་དང་དམའ་བ་མེད། །རྫོགས་ཆེན་ཆོས་ལ་སྤྱོད་དང་མི་སྤྱོད་མེད། །རྫོགས་ཆེན་རྩལ་ལ་རྫོགས་དང་མ་རྫོགས་མེད། །རྫོགས་ཆེན་རོལ་པ་ཤར་དང་མ་ཤར་མེད། །རྫོགས་ཆེན་དོན་ལ་སྒོམ་དང་མི་སྒོམ་མེད། །རྫོགས་ཆེན་རིག་པ་མཐོ་དང་མི་མཐོ་མེད། །རྫོགས་ཆེན་ཡེ་ཤེས་གསང་ཆེན་ཀུན་ལ་རོལ། །རྫོགས་ཆེན་མཐའ་ལ་འདི་ཞེས་བསྟན་དུ་མེད། །རྫོགས་ཆེན་དོན་ཚིག་དང་ཡི་གེ་མེད། །རྫོགས་ཆེན་རྒྱལ་པོའི་ལྟ་བ་དེ་བཞིན་གནས། །ཚིག་དང་ཡི་གེ་མེད་པ་རྫོགས་ཆེན་དོན་ལ་སྤྱོད། །གསལ་འགྲིབ་འཛིན་རྟོག་མེད་པ་རང་སྣང་བདེ་བའི་ཤུགས། །རྫོགས་ཆེན་དོན་ལ་དེ་བཞིན་གནས་མེད་པའོ། །ཞེས་སོ། །དེ་ལ་རྐང་པ་དང་པོ་གསུམ་གྱིས་རང་བྱུང་གཤིས་ཀྱི་ངོ་བོ་བསྟན་ལ། བཞི་པས་དེའི་ངང་ལ་གོམས་ཚུལ་བསྟན་ཏེ། འབྲས་བུ་ནི་གཤིས་རང་མལ་དུ་བསྟན་པ་དང་པོའི་གཞི་ལས་བསྟན་པ་ཐོབ་པས་ཁྱད་པར་དུ་ཕྱེ་བ་ཙམ་ལས་གཞན་མེད་པའི་ཕྱིར། ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་ལ་རྫོགས་པར་བསྟན་པ་ནི། ཀུན་བྱེད་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པས། །བྱ་བ་ཕུན་སུམ་ཚོགས་པར་བདེ། །གཅིག་རྫོགས་བྱང་ཆུག་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱིས་བྱས་པར་རྫོགས །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱ་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང༌། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ནས། །རྩོལ་སྒྲུབ་མི་བྱེད་བདེ་བར་གནས། །ཞེས་སོ། །སེམས་ཉིད་རང་བྱུང་གི་ཡེ་ཤེས་འཁོར་འདས་ཀྱི་འཕྲོ་གཞི་འདི་ཉིད་ཕྱག་གི་གནས་སུ་བསྟན་ཏེ། དོ་ཧ་མཛོད་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །བརྩམ་པར་དམ་བཅའ་བ་ནི། ཆོས་རྣམས་རང་བཞིན་བརྗོད་དུ་མེད་པའི་ཀློང༌། །ལྟ་བའི་ཡང་རྩེ་རྫོགས་པ་ཆེན་པོ་ནི། །གང་དང་མི་འདྲ་ཀུན་ལས་འདས་པའི་དོན། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །དེ་ལ་ཆོས་ཉིད་བསམ་བརྗོད་ལས་འདས་པའི་ཀློང་ནི་རིག་པ་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་སྟེ། དངོས་པོ་དང་མཚན་མ་མེད་པས་དཔེར་མཚོན་པའི་ཡུལ་ལས་ཀྱང་འདས་པ་ཉིད། བླ་མ་དམ་པའི་དྲིན་གྱིས་ལེགས་པར་རྟོགས་པའི་དོན་ཕྱི་རབས་ཀྱི་དོན་དུ་བསྟན་པར་བྱའོ་ཞེས་ཁས་བླངས་པས་ཏེ། རྒྱུ་འབྲས་རྩོལ་་སྒྲུབ་ལས་འདས་པའི་སེམས་ཉིད་ཐེག་པ་འོག་མས་མ་རྟོགས་པ་ཉིད་འདིར་བསྟན་པས་གོལ་སྒྲིབ་མ་སྤངས་ལ་མི་གནས་པར་དག་སྟེ། ཆོས་ཐམས་ཅད་མིང་ཙམ་དུ་རྟོགས་པར་བསྟན་པ་ནི། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པའི་སྐུ་གསུམ་ཐུག་ཕྲད་ལས། སྐྱེ་འཇིག་མཐའ་མེད་བྱ་བྲལ་ཀློང་ཆེན་དང༌། །གསེར་གླིང་ལྟ་བུ་དབྱེ་བསལ་མེད་པའི་ཀློང༌། །ཕྱི་ནང་མེད་པས་ཤར་ལ་ནུབ་པ་མེད། །མཐའ་ཡི་མུན་སེལ་རྩ་བ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་མཐའ་བཞི་མ་སྤངས་ཀྱང༌། །མཐའ་བཞིས་མ་རེག་གོལ་ས་ཤུགས་ལ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །རྩོལ་བ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང༌། །འཁོར་འདས་མིང་ཙམ་རྒྱུ་འབྲས་ཐ་དད་བརྟག །ཅེས་གསུངས་སོ། །དོན་འདི་དག་སྟོན་པའི་ཚིག་གིས་གནས་བརྩམ་པ་ལས་དབང་པོ་ཡང་རབ་རྣམས་ཇི་བཞིན་པར་གྲོལ་བའི་ཕན་པ་ལ་བསམས་ཏེ། ཁས་བླངས་པ་བཞིན་མི་འགྱུར་བས་རྩོམ་པ་མཐར་ཕྱིན་པའི་དོན་དུ་བསྟན་ཏེ། བརྒྱད་སྟོང་འགྲེལ་ཆེན་དུ། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང༌། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ཅིག་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་བཤད་པ་ལྟར་རོ། །འདིས་ནི་དགོངས་འགྲེལ་ཡན་ལག་བཞི་ཡང་བསྟན་ཏེ། བསམ་བརྗོད་རྒྱུ་འབྲས་ལས་འདས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ནི་བསྟན་བཅོས་འདིའི་བརྗོད་བྱའོ། །དེ་ཉིད་བསྟན་པས་དབང་པོ་ཡང་རབ་ཀྱིས་དེ་ལྟར་རྟོགས་ པ་ནི་དགོས ་པའོ། །རྟོགས་པ་བཞིན་ཉམས་སུ་བླངས་པས་གཤིས་ཡིན་ཐོག་ཏུ་ཕེབས་ པ་ནི་དགོས ་པའི་ དགོས་པ ་སྟེ་ཉིང་ དགོས་སོ། །དེ་དག་གཅིག་ལ་བརྟེན་ནི་འབྲེལ་པའོ། །དེའི་ཕྱིར་ཐམས་ཅད་་རིག་པའི་ངང་དུ་སྣང་ལ། རིག་པ ་རྒྱུ་འབྲས་བྱ་རྩོལ་ལས་འདས་པར་རྟོགས་པས་འོག་མའི་ཐེག་པ་ཀུན་ལས་འཕགས་པ་ཉིད། ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཁྱོད་ཀྱི་ང་ཡི་རང་བཞིན་འདི་རྟོགས་ལ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ང་ལས་གཞན་མེད་པ་རུ་ལུང་སྟོན་ཅིག །ཁྱོད་ཀྱིས་ང་ཡི་ལུང་འདི་བསྟན་གྱུར་ན། །ཁྱོད་ལ་འདུས་པའི་འཁོར་ཚོགས་ཐམས་ཅད་ཀྱིས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་གྱུར་ནས། །ཀུན་ཀྱང་ང་ཡི་རང་བཞིན་ཉིད་དུ་འགྱུར། །ཀུན་ཀྱང་ང་ཡི་རང་བཞིན་གྱུར་པ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །ཀུན་ཀྱང་སྤོང་འགོག་བདེན་གཉིས་སྦྱོང་མི་བྱེད། །གཙང་སྦྲས་དག་གསུམ་བྱིན་གྱིས་རློབས་མི་བྱེད། །ཏིང་འཛིན་སེམས་བསྐྱེད་རྩོལ་དང་སྒྲུབ་མི་བྱེད། །ཐམས་ཅད་ཀུན་བྱེད་ངང་དུ་བྱས་ཟིན་པས། །ཀུན་བྱེད་ང་རུ་ཐམས་ཅད་མཉམ་ པ་ཉིད། །མཉམ་ཉིད་ང་ཡིས་མཉམ་ཉིད་བྱ་མི་དགོས། །མཉམ་ཉིད་བྱ་མི་དགོས ་པར་སྔར་ལུང་བསྟན། །ཞེས་སོ། །དེ་ལྟར་རྟོགས་པའི་ དགོས་པ ་དེ་ཉིད་ལས། །དགོས་ཆེད་དོན་གྱི་ དགོས་པ ་བསྟན་པ་ནི། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡི། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་རྩོལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམས་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང༌། །སེམས་བསྐྱེད་མེད་ཅིང་གཉེན་པོ་མེད་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡི། །དེ་ལྟ་བུ་ཡི་ དགོས་ཆེད་བསྟན་པ ་ཡིན། །ཞེས་གསུངས་སོ། །དེ་དག་གི་ཕྱོགས་དང་པོ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །