བསྐལ་བཟང་སངས་རྒྱས་སྟོང་གི་ལོ་རྒྱུས།
བསྐལ་བཟང་སངས་རྒྱས་སྟོང་གི་ལོ་རྒྱུས་སྐབས་གསུམ་པ་ཐ་ཤལ་ཉི་མ་གྲགས་པས་སྦྱར་བ་བཞུགས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཡང་འདིར་སྐལ་པ་བཟང་པོའམ་བསྐལ་པ་པདྨ་སྟོང་མཐོང་དུ་གྲགས་པའི་བསྐལ་ཆེན་འདི་ལ། སྔོན་འདས་བསྐལ་པ་ཆུས་ཞིག་པའི་ཚེ། རྒྱ་མཚོའི་ནང་ནས་གསེར་ཀྱི་མེ་ཏོག་པདྨ་སྟོང་དང་ལྡན་པ་ཞིག་ལྷ་རྣམས་ཀྱིས་མཐོང་བས། བསྐལ་པ་འདི་ལ་རྫོགས་པའི་སངས་རྒྱས་སྟོང་འབྱོན་པའི་རྟེན་འབྲེལ་དུ་རྟོགས་ཏེ། བསྐལ་པ་འདི་ནི་བཟང་པོ་ཞིག་འབྱུང་ངོ་ཞེས་གླེངས་པས་བསྐལ་པ་བཟང་པོ་ཞེས་གྲགས་ཤིང་མེ་ཏོག་པདྨ་སྟོང་མཐོང་བ་ལྟར་དུ་གླེངས་པས་པདྨ་སྟོང་མཐོང་དུ་ཡང་གྲགས་སོ། དེ་ལྟར་གྱི་གླིང་འདི་ལ་འཛམ་བུའི་གླིང་ཞེས་བྱ་བ་སྟེ། མདོ་སྡེ་ལྟར་ན་མ་ཕམ་རྒྱ་མཚོའི་འགྲམ་དུ་ཛམྦུ་ཏྲིཀྵའི་སྡོང་པོ་སྐྱེས་པ་རླུང་གིས་བསྐྱོད་ཚེ་ཛམ་བུ་ཛམ་བུ་ཞེས་པའི་སྒྲ་འབྱིན་པས་ཛམ་བུའི་གླིང་དུ་གྲགས་ཅེས་པ་དང་། སྔགས་ལྟར་ན་དཔལ་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་བྱང་ཤར་དུ་ཛམ་བུ་ཏྲིཀྵའི་སྡོང་པོ་ཡོད་པ་རླུང་གིས་བསྐྱོད་པའི་སྒྲ་ལས་ཛམ་བུའི་གླིང་དུ་གྲགས་པ་ཡང་ཡོད་ཅིང་། མི་མཇེད་ཅེས་པ་ནི་འགྲོ་བ་གཅིག་ལྟར་ཀུན་གྱིས་མི་སྤྱོད་ཅིང་དགེ་སྡིག་སྣ་ཚོགས་པར་སྤྱོད་ཅིང་དྭངས་སྙིགས་མི་མཇེད་ཀྱི་འཇིག་རྟེན་ཁམས་སུ་གྲགས་ཤིང་། ལས་ཀྱི་ས་པ་ཞེས་པ་ནི་གླིང་གཞན་དག་ཕལ་མོ་ཆེར་སྐྱེས་པའི་འགྲོ་བ་རྣམས་ཚེ་བསོད་དབང་ཐང་དཔལ་དང་བཅས་པ་སྤྱི་ཁྱབ་གླིང་དེར་ཇི་ལྟར་ལྡན་པ་དེར་སྐྱེས་པའི་འགྲོ་བ་རྣམས་མཐུན་ཞིང་། འོ་སྐོལ་གྱི་གླིང་འདིར་ལས་སྣ་ཚོགས་པའི་རྒྱུ་ལས་འགྲོ་བ་འདི་དག་སྐྱེས་པས་ལས་ཀྱི་ས་པ་ཞེས་གྲགས་སོ། །དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་ཀྱིས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་ཞིང་། འགྲོ་བའི་མུན་པ་བསལ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་འབྱུང་པའི་ལོ་རྒྱུས་མདོར་བསྡུས་པའི་རིམ་པ་གསུམ་དུ་དབྱེ་སྟེ། རིམ་པ་དང་པོ་ནི། སྔོན་ཚེ་འདས་དུས་བསྐལ་མང་གོང་རོལ་དུ། བསྐལ་པ་འཛིན་པ་ཆེན་པོ་ཞེས་བྱ་བར། གླིང་བཞིའི་འཇིག་རྟེན་ཁམས་ལ་དབང་བསྒྱུར་པའི། རྒྱལ་པོ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་འཛིན། །མིག་མི་འཛུམ་སོགས་སྲས་ནི་སྟོང་དང་ལྡན། །དེ་འཁོར་བྲམ་ཟེར་རྒྱ་མཚོའི་རྡུལ་ཞེས་པ། །རིགས་སྲས་བརྒྱད་བཅུ་བྲམ་ཟེའི་སློབ་མ་སྟོང་། དེ་ཡི་ནང་ནས་སྲས་ཀྱི་མཆོག་གྱུར་པ། །བྲམ་ཟེ་རྒྱ་མཚོའི་སྙིང་པོ་སངས་རྒྱས་པས། །དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོར་གྱུར། །དེ་ནས་འཁོར་ལོས་སྒྱུར་རྒྱལ་མུ་ཁྱུད་འཛིན། །སྲས་སྟོང་བཅས་པ་ཟླ་བ་གསུམ་རེ་བཞིན། །སངས་རྒྱས་འཁོར་དང་བཅས་ལ་བསྙེན་བཀུར་རོ། །དེ་ནས་ཡབ་ཀྱིས་ལོ་བདུན་བསྙེན་བཀུར་ནས། །ཆོས་མཉན་རྨི་ལམ་བརྟགས་པས་མུ་ཁྱུད་འཛིན། །སྟག་སོགས་གཅན་གཟན་གདུག་ཅན་གསོད་པ་དང་། །བློན་རྣམས་ཤིང་རྟར་ཞོན་ནས་ལམ་གོལ་རྨིས། །དེ་བཞིན་གཤེགས་པའི་སྙན་ལ་དེ་གསོལ་པས། །རྒྱལ་པོ་སྲིད་ལ་ཆགས་པས་འཁོར་བར་འཁོར། །བློན་པོ་རྣམས་ནི་ཉན་རང་འཐོབ་པ་དང་། །ཕལ་ཆེར་མང་ཞིག་བྱང་ཆུབ་ལུང་བསྟན་གྱུར། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་ཆེན་པོས། །རྒྱལ་པོ་མུ་ཁྱུད་འཛིན་ལ་འདི་སྐད་གསོལ། །མིར་གྱུར་སངས་རྒྱས་བྱོན་དང་ཆོས་ཐོས་དཀའ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བླ་ན་མེད། །རྒྱལ་པོའི་ཞལ་ནས་སངས་རྒྱས་མི་འདོད་པས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མི་སྤྲོ་གསུང་། །བྲམ་ཟེས་ནན་ཏན་ལན་གསུམ་གསོལ་བའི་ཚེ། །ཕུན་ཚོགས་ཆེན་པོར་ལྡན་ན་བགྱིད་དོ་གསུང་། །དེ་ནས་སངས་རྒྱས་རིན་ཆེན་སྙིང་པོ་ཡིས། །མེ་ལོང་བཀོད་པའི་ཏིང་འཛིན་ལ་བཞུགས་ནས། །སངས་རྒྱས་ཞིང་ཁམས་ཁྱད་འཕགས་མང་དུ་བསྟན། །རྒྱལ་པོ་སྲས་བཅས་མི་ཕྱེད་དད་པས་གཡོས། །ལོ་བདུན་བར་དུ་བྱང་ཆུབ་སེམས་མཆོག་བསྐྱེད། །རྒྱལ་པོ་བདེ་བ་ཅན་གྱི་ཞིང་ཁམས་སུ། །སངས་རྒྱས་ཚེ་དཔག་མེད་ལ་ལུང་བསྟན་ཏོ། །དེ་སྲས་ཐུ་བོ་མིག་མི་འཛུམ་པ་ནི། །སངས་རྒྱས་དཔལ་བརྩེགས་རྒྱལ་པོར་ལུང་བསྟན་ཏོ། །དེ་འོག་ནོར་བུ་དཔལ་བརྩེགས་ཞེས་བྱར་བསྟན། །དེ་འོག་སངས་རྒྱས་ཀུན་ཏུ་གཟིགས་པ་བསྟན། །བཞི་པ་སངས་རྒྱས་ཀུན་ ཏུ་བཟང ་པོ་དང་། །ལྔ་བ་སངས་རྒྱས་པདྨ་དམ་པར་བསྟན། །དྲུག་པ་དབང་བསྒྱུར་རྒྱལ་པོ་ཞེས་བྱ་སྟེ། །བདུན་པ་རྡུལ་བྲལ་སྤོས་མཐོང་དབང་ཕྱུག་རྒྱལ། །བརྒྱད་པ་ཡེ་ཤེས་རྡོ་རྗེ་རྣམ་པར་བསྒྱེངས། །སྐབས་འདིར་སངས་རྒྱས་ཁྲི་ཕྲག་ལུང་ཡང་བསྟན། །དགུ་པ་རྫོགས་པའི་སངས་རྒྱས་མི་འཁྲུགས་པ། །བདུན་བ་དེ་བཞིན་གཤེགས་པ་གསེར་འོད་ཏོག །རིམ་བཞིན་སངས་རྒྱས་སྟོང་ཕྲག་ལུང་ཡང་བསྟན། །དེ་རྗེས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། །དུང་ཕྱུར་ཕྲག་དགུ་བྱེ་བ་ཕྲག་གཉིས་དང་། །རྒྱ་མཚོའི་སྲས་ནི་བརྒྱད་ཅུ་ཐམ་པ་དང་། །དེ་ཡི་སློབ་མ་བྲམ་ཟེ་སྟོང་ཕྲག་གཅིག །བྲམ་ཟེ་བྱེ་བ་གསུམ་སོགས་ལུང་བསྟན་པས། །རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ་པའི་བར། །དེ་ནས་བྲམ་ཟེ་རིག་བྱེད་ཀློག་སྟོང་གི། །དང་པོར་ཁྱབ་འཇུག་བརྒྱད་ནི་ལུང་བསྟན་ནོ། །དེ་ནས་རིག་བྱེད་ཀློག་པ་སྟོང་གཉིས་ལས། །བསྐལ་སྐྱོང་བསྐལ་ བཟང་སངས་རྒྱས་འཁོར་བ་འཇིགས། །ཏམྦུ་ར་ནི་སངས་རྒྱས་གསེར་ཐུབ་དང་། །ཀུན་ཏུ ་བསྲུང་ནི་སངས་རྒྱས་འོད་བསྲུང་དང་། །རྒྱ་མཚོའི་རྡུལ་ནི་ཤཱཀྱ་ཐུབ་པ་སྟེ། །དྲི་མ་མེད་པའི་འོད་ནི་བྱམས་པའོ། །ཐ་ཆུང་སངས་རྒྱས་གསལ་མཛད་ཞེས་བྱ་བ། །སངས་རྒྱས་སྟོང་དང་ལྔ་ཡི་སྨོན་ལམ་འཆང་། །རིམ་པ་གཉིས་པ། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སཾ་གྷ་ཡ། སྔོན་ཚེ་བསམ་གྱིས་མི་ཁྱབ་བསྐལ་མང་གོང་། །འཇིག་རྟེན་ཁམས་ནི་རྣམ་པར་བརྒྱན་པ་ཞེས། །བསྐལ་བ་བཟང་པོ་མཛེས་པར་སྣང་བ་ལ། །སངས་རྒྱས་ཡོན་ཏན་མཐའ་ཡས་རིན་པོ་ཆེ། །སྣ་ཚོགས་བཀོད་པའི་རྒྱལ་པོར་སངས་རྒྱས་སོ། །ཡུལ་དེར་ཕོ་བྲང་རྣམ་པར་དག་པའི་ནང་། །གླིང་བཞིར་དབར་སྒྱུར་རྒྱལ་པོ་ཡུལ་འཁོར་བསྲུང་། །བཙུན་མོ་བདུན་འབུམ་སྲས་སྟོང་བརྫུས་སྐྱེས་གཉིས། །བསོད་ནམས་སྟོབས་ཀྱི་འཁོར་ལོས་བསྒྱུར་རྒྱལ་དེས། །དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ། །ལོ་ནི་བྱེ་བ་ཚང་བར་བསྙེན་བཀུར་ཏེ། །དགེ་སློང་རེ་ལ་གཡོག་འཁོར་གསུམ་རེ་ཕུལ། །དེ་ཚེ་རྒྱལ་སྲས་དེ་རྣམས་སེམས་གཅིག་པར། །སངས་རྒྱས་འབྱུང་བ་བརྒྱ་ལམ་རེ་འགའ་ཙམ། །དལ་འབྱོར་མི་ཡི་ལུས་ཀྱང་དེ་བཞིན་ཏེ། །གྲོགས་དག་དད་ལྡན་ཆོས་མཐུན་རྙེད་པར་དཀའ། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་རེ་རན། །ཅེས་བགྲོས་ཙན་དན་སྦྲུལ་སྙིང་ཕོ་བྲང་ནང་། །རྒྱལ་བཙུན་སྲས་བཅས་བཞུགས་ཏེ་མཁའ་ལ་གཤེགས། །སངས་རྒྱས་སྣ་ཚོགས་བཀོད་པའི་སྤྱན་སྔར་འབོད། །བྱང་ཆུབ་ཐུགས་བསྐྱེད་རྒྱལ་སྲས་འཁོར་བཅས་རྣམས། །བསྐལ་བཟང་སངས་རྒྱས་སྟོང་དུ་ལུང་བསྟན་གནང་། །བརྫུས་སྐྱེས་ཁྱེའུ་ཆོས་ཀྱི་སེམས་དཔའ་ཡིས། །ཕུ་བོ་སྟོང་གི་བཀའ་ཡི་བསྡུད་པ་པོར། །སྨོན་ལམ་བཏབ་པས་མ་འོངས་བསྐལ་པ་ལ། །རྣམ་སྦྱོར་འཇིག་རྟེན་ཁམས་ནི་ཡང་དག་པར། །རྡོ་རྗེ་རྣམ་པར་གནོན་པ་ཞེས་བྱ་བའི། །དེ་བཞིན་གཤེགས་པར་འགྱུར་ཞེས་ལུང་བསྟན་གྱུར། །བརྫུས་སྐྱེས་ཁྱེའུ་ཆོས་ཀྱི་བློ་གྲོས་ཀྱིས། །ཆོས་འཁོར་བསྐོར་བར་བསྐུལ་བའི་སྨོན་ལམ་བཏབ། །དེ་ནི་བྱང་ཆུབ་སེམས་དཔའ་གཙུག་ཕུད་ཅན། །དེ་ལ་རྒྱལ་པོ་ཡུལ་འཁོར་སྲུང་གིས་ནི། །ཁྱེའུ་འདི་རྣམས་མ་འོངས་བསྐལ་པ་ལ། །རྫོགས་པའི་སངས་རྒྱས་འགྱུར་བའི་ལུང་བསྟན་ཐོབ། །དེ་ནས་རིམ་བཞིན་ཇི་ལྟར་འབྱོན་པ་ཡི། །རྟེན་འབྲེལ་བརྟག་པ་བྱས་ན་ལེགས་སོ་གསུངས། །རིན་ཆེན་སྣ་ཚོགས་བུམ་པ་བསྒྲུབ་ནས་ནི། །ཁྱེའུ་རྣམས་ཀྱི་མིང་བྲིས་ནང་དུ་བཅུག །ཞག་བདུན་བར་དུ་བཀུར་སྟི་རིམ་གྲོས་མཆོད། །དེ་ནས་བུམ་པའི་ནང་ནས་མིང་ཕྱུང་པས། །དང་པོ་གཞོན་ནུ་རྣམ་དག་བློ་གྲོས་བྱུང་། །དེ་ཚེ་བལྟས་ཀྱང་རྣམ་པ་བཅོ་བརྒྱད་གཡོས། །སངས་རྒྱས་འཁོར་བ་འཇིག་ཏུ་ལུང་བསྟན་ནོ། །དེ་ནས་གཞོན་ནུ་རྣམ་པར་རྒྱལ་བ་བྱུང་། །སངས་རྒྱས་གསེར་ཐུབ་ཞེས་བྱར་ལུང་བསྟན་ནོ། །དེ་ནས་གཞོན་ནུ་དབང་པོ་ཞི་བ་སྟེ། །སངས་རྒྱས་འོད་སྲུང་ཞེས་བྱར་ལུང་བསྟན་ཏོ། །དེ་ནས་མུན་པའི་བསྐལ་པ་བསལ་བའི་ཕྱིར། །ཡུལ་འཁོར་སྲུང་ནི་མར་མེ་མཛད་ལུང་བསྟན། །དེ་ནས་གཞོན་ནུ་དོན་ནི་གྲུབ་པ་བྱུང་། །སངས་རྒྱས་ཤཱཀྱ་ཐུབ་པར་ལུང་བསྟན་ནོ། །དེ་ནས་གཞོན་ནུ་སྐ་རགས་ཅན་ཞེས་བྱུང་། །སངས་རྒྱས་བྱམས་པ་མགོན་པོར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་མཆོག་གི་བློ་གྲོས་བྱུང་། །སངས་རྒྱས་སེང་གེ་ཞེས་བྱར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་གློག་གི་ལྷ་ཞེས་བྱུང་། །སངས་རྒྱས་ཏོག་ཅེས་བྱ་བར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་བཟང་པོ་ཞེས་བྱ་བྱུང་། །སངས་རྒྱས་མེ་ཏོག་དམ་པར་ལུང་བསྟན་ནོ། །དེ་ནས་གཞོན་ནུ་འོད་ཀྱི་དཔལ་ཞེས་བྱུང་། །སངས་རྒྱས་མེ་ཏོག་ཞེས་བྱར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་རྣམ་སྣང་པད་རྒྱལ་བྱུང་། །སངས་རྒྱས་སྐར་རྒྱལ་ཞེས་བྱར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་དྲི་མེད་འོད་ཅེས་བྱུང་། །སངས་རྒྱས་སྤྱན་ལེགས་ཞེས་བྱར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་རྡུལ་མེད་ཞེས་བྱ་བྱུང་། །སངས་རྒྱས་ལག་བཟང་ཞེས་བྱར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་བློ་གྲོས་རྒྱལ་པོ་བྱུང་། །སངས་རྒྱས་འོད་ཟེར་ཞེས་བྱར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་དགེ་བཀོད་རྒྱལ་པོ་བྱུང་། །སངས་རྒྱས་ཀརྨ་དགའ་བར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་ཕྱོགས་ནི་འབྱོར་བ་བྱུང་། །སངས་རྒྱས་མངོན་པར་འཕགས་པར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་རྣམ་པར་དག་པ་བྱུང་། །སངས་རྒྱས་བཀོད་པའི་རྒྱལ་པོར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་དཔལ་སྤས་ཞེས་བྱ་བྱུང་། །སངས་རྒྱས་ནོར་དཔལ་ཞེས་བྱར་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་ལུས་ནི་རྣམ་འབྱེད་འབྱུང་། །སངས་རྒྱས་ཡེ་ཤེས་འབྱུང་གནས་ལུང་བསྟན་ཏོ། །དེ་ནས་གཞོན་ནུ་དྲག་ཤུལ་ཅན་ཞེས་བྱུང་། །སངས་རྒྱས་རིན་ཆེན་འབྱུང་གནས་ལུང་དུ་བསྟན། །དེ་ནས་གཞོན་ནུ་རིན་ཆེན་གྲགས་ཞེས་བྱུང་། །སངས་རྒྱས་ཀུན་སྣང་གསལ་བར་ལུང་བསྟན་ཏོ། །དེ་ནས་དེ་བཞིན་སེམས་དཔའ་གཉིས་ཀྱི་བར། །འགྲོ་བ་འདྲེན་པའི་ལུང་ནི་གསལ་བར་གྱུར། །རིམ་པ་གསུམ་པ། ན་མོ་གུ་རུ་བྷེ། ན་མོ་དྷེ་ཝ་བྷེ། ན་མོ་དྷཀི་བྷེ། དེ་ནས་སྤྲུལ་སྐུའི་བསྟན་པ་གངས་ཆེན་མཚོ༔ སངས་རྒྱས་སྟོང་རྩར་དབང་བཅུ་བསྐུར་ཚུལ་ནི༔ འཇིག་རྟེན་ཞིང་ཁམས་རྣམ་པར་རྒྱན་པ་ཞེས༔ རབ་ཏུ་དགའ་བ་མཛེས་པའི་གླིང་བཞི་པ༔ འབྱོར་པས་ལེགས་པར་ཡངས་ཤིང་ཐ་གྲུ་ཆེ༔ གླིང་བཞི་རེ་རེ་ལ་ཡང་དཔག་ཚད་ནི༔ བརྒྱད་ཁྲི་བཞི་སྟོང་ཡོད་པའི་ཞིང་ཁམས་ན༔ དེ་དབུས་བསོད་ནམས་ཕུང་པོའི་ཕོ་བྲང་ནི༔ རྣམ་པར་དག་པ་ཅན་ཞེས་བྱ་བ་ཡོད༔ ཡངས་ཤིང་རྒྱ་ཆེ་བསྐྱེད་མོས་ཚལ་ཁྲིས་བརྒྱན༔ དེ་ནང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི༔ ཡུལ་འཁོར་སྲུང་ཞེས་བྱ་བ་བདེ་བར་བཞུགས༔ རྒྱལ་སྲིད་རིན་ཆེན་སྣ་བདུན་དག་དང་ལྡན༔ གླིང་བཞིར་དབང་སྒྱུར་བཙུན་མོ་བདུན་འབུམ་ཡོད༔ བཙུན་མོ་རྣམས་ལ་བུ་ནི་སྟོང་ཚོ་གཅིག༔ མཚན་ནི་བཟང་པོ་སུམ་ཅུ་གཉིས་ཀྱིས་བརྒྱན༔ དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ཟླ་བ་ཉ་ཚེ་མེ་ཏོག་སྣ་ཚོགས་ཀྱིས༔ གང་བའི་སྐྱེད་མོས་ཚལ་གྱི་སར་སོང་ནས༔ རབ་ཏུ་བརྩེ་ཞིང་དགའ་མགུར་སྤྱོད་པར་གྱུར༔ བཙུན་མོའི་དམ་པ་མ་རྨད་མ་ཞེས་དང་༔ བཙུན་མོ་དཔེ་མེད་མ་ཞེས་བྱ་བ་གཉིས༔ རྫིང་བུ་དགའ་བ་ཞེས་བྱར་ཁྲུས་བྱས་ཏེ༔ ལུས་ལ་སྤོས་ཆུས་བགོས་ནས་སེང་གེའི་ཁྲིར༔ པདྨའི་འབྱུང་གནས་བཟང་པོ་ལ་འདུག་སྟེ༔ དེ་དག་གཉིས་ཀྱི་པང་དུ་རྒྱལ་བུ་ནི༔ གཞོན་ནུ་གཟུགས་བཟང་མཛེས་པ་ལྟ་ན་སྡུག༔ ཁ་དོག་བཟང་པོས་བརྒྱན་པ་ཆོག་མི་ཤེས༔ གཉིས་ནི་སྐྱིལ་མོ་ཀྲུང་བཅས་བརྫུས་ནས་བྱུང་༔ དེ་ནས་སྐད་ཅིག་སྟེང་གི་བར་སྣང་ལས༔ ཁྱེའུ་འདི་གཉིས་ཆོས་ཀྱི་སེམས་དཔའ་སྟེ༔ དཔེ་མེད་མ་བུ་ཆོས་ཀྱི་བློ་གྲོས་སོ༔ ཞེས་པ་ལྷ་རྣམས་དུས་གཅིག་སྒྲ་འབྱིན་ཏོ༔ དེ་ནས་ཁྱེའུ་གཉིས་ཀྱིས་ཚིགས་བཅད་པ༔ གང་དག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་༔ འཇིག་རྟེན་མགོན་པོ་ཡུལ་དུ་བྱུང་བ་ལ༔ རབ་ཏུ་དད་པའི་སེམས་ཀྱིས་ཕྱག་འཚལ་བ༔ དེ་དག་རྙེད་པ་རབ་རྙེད་གྲོགས་པོ་དག༔ དགེ་བའི་རྩ་བ་བསྐྱེད་ནས་འཛམ་གླིང་བདེ༔ སེམས་ཅན་ཀུན་ལ་ཕན་བྱེད་ཚན་པོ་ཆེ༔ མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ༔ མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད༔ ཅེས་པ་ལ་སོགས་ཚིགས་བཅད་མང་གསུངས་ནས༔ དེ་ནས་མ་ཡི་པང་ནས་བབས་ནས་སུ༔ རྒྱལ་པོ་ཡུལ་འཁོར་སྲུང་གི་དྲུང་སོང་སྟེ༔ རྐང་པར་ཕྱག་བྱས་ཐལ་མོ་སྦྱར་ནས་འདུག༔ ཡབ་གཅིག་བདག་གི་ཚིག་འདི་གསན་དུ་གསོལ༔ བསྐལ་པ་བྱེ་བར་ཆོས་རྙེད་རབ་ཏུ་དཀའ༔ དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་བར༔ མཁས་པ་དག་ནི་གཞར་ཡང་མི་གཏོང་ངོ་༔ བདུད་རྩི་ཞི་བ་འདུས་མ་བྱས་པ་ཡི༔ ཆོས་དེ་དང་ནི་གང་ཡང་མཚུངས་པ་མེད༔ སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་འགྱུར༔ དེ་བས་དམ་ཆོས་རིན་ཆེན་མཆོག་ཏུ་གསུངས༔ ཞེས་པ་ལ་སོགས་ཚིགས་བཅད་མང་དུ་གསུངས༔ དེ་ནས་ཆོས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་༔ དབེན་པར་སོང་སྟེ་གསང་སྔགས་རྣལ་འབྱོར་བ༔ ནུས་ལྡན་རྡོ་རྗེ་ཞེས་བྱ་བླ་མའི་དྲུང་༔ རྒྱལ་པོས་ཐལ་མོ་སྦྱར་བྱས་འདུག་ནས་སུ༔ ཆོས་ཀྱིས་ཤུགས་ཀྱིས་མིག་ནས་མཆི་མ་ཕྱུངས༔ སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་པ༔ བཙུན་མོའི་པང་ན་ལྷ་ཕྲུག་བརྫུས་སྐྱེས་པའི༔ འཇིགས་པ་ཐམས་ཅད་བདག་ལ་མེད་པར་གྱིས༔ ཚིགས་སུ་བཅད་པ་དེ་དག་གསོལ་པ་དང་༔ ནུས་ལྡན་རྡོ་རྗེས་རྒྱལ་པོའི་སྙན་གསོལ་པ༔ ཆོས་བསྟན་རྣམ་པ་སྣ་ཚོགས་རྒྱ་ཆེ་བ༔ ཇི་ལྟར་སངས་རྒྱས་སྟོང་སྐུ་མང་པོ་ཡི༔ རྟགས་དང་མཚན་མ་ཤིན་ཏུ་བཀྲ་ཤིས་པ༔ རིན་ཆེན་བུམ་པར་ཁྱེའུའི་མིང་བཅུག་ཏེ༔ དཀྱིལ་འཁོར་དབུས་བཞུགས་བསྒྲུབས་པས་ཐམས་ཅད་གྲུབ༔ ཅེས་གསུངས་དེ་ནས་རྒྱལ་པོ་ཡུལ་འཁོར་བསྲུང་༔ བཀོད་པ་ཆེན་པོ་ཁང་པ་བརྩེགས་པའི་དབུས༔ སེང་ཁྲི་པདྨའི་འབྱུང་གནས་བཟང་པོར་འདུག༔ ནང་དུ་ཡང་དག་འཇོག་ཅིང་འདི་ལྟར་བསམ༔ བདག་གི་གཞོན་ནུ་འདི་དག་ཐམས་ཅད་ནི༔ བླ་མེད་ཡང་དག་ཞུགས་པ་ཤ་སྟག་སྟེ༔ གཞོན་ནུ་འདི་དག་ཐམས་ཅད་ནང་ནས་ནི༔ ཐོག་མར་སངས་རྒྱས་གང་འགྲོ་བརྟག་གོ་སྙམ༔ རིན་ཆེན་སྣ་བདུན་བུམ་པ་བྱེད་དུ་བཅུག༔ བྱི་དོར་ལེགས་པར་བྱས་ཤིང་འོ་མ་དང་༔ རཏྣ་འབྲུ་དང་མེ་ཏོག་དྲི་བཟང་བླུགས༔ གཞོན་ནུ་དེ་དག་མིང་བྲིས་བུམ་པར་བཅུག༔ ཁ་རྒྱན་མགུལ་ཆིངས་རིན་ཆེན་སྣ་ཚོགས་དང་༔ པདྨ་སྣ་ཚོགས་ཡིད་བཞིན་ནོར་བུས་བརྒྱན༔ ལྟ་ན་སྡུག་བྱས་པད་མའི་སྟེང་དུ་བཞག༔ བཀའ་རྣམས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ནུས་ལྡན་རྡོ་རྗེས་ཞག་བདུན་བར་དུ་བསྒྲུབས༔ ལྷ་ཡི་མེ་ཏོག་སྤོས་དང་ཕྱེ་མ་དང་༔ བདུག་པ་དང་ནི་བྱུག་པའི་རིགས་རྣམས་དང་༔ རོལ་མོ་སིལ་སྙན་རྣམས་ཀྱིས་ཞག་བདུན་མཆོད༔ རྒྱལ་པོ་བཙུན་མོ་བུ་སྟོང་འཁོར་དང་བཅས༔ བརྫུས་སྐྱེས་གཉིས་ཀྱི་མདུན་དུ་བུམ་པ་བཞག༔ དེ་ནས་ནུས་ལྡན་རྡོ་རྗེས་དབང་བསྐུར་བས༔ སྤྱི་དབང་ཉེར་ལྔ་བྱེ་བྲག་དབང་བཅུ་དང་༔ སྒོས་དབང་དབང་གི་ཆུ་བོ་བཞི་ཕབ་བསྐུར༔ ལུང་བསྟན་བུམ་པའི་ནང་ནས་མིང་ཕྱུང་སྟེ༔ ཐོག་མར་གཞོན་ནུ་རྣམ་དག་བློ་གྲོས་བྱུང་༔ མིང་དེ་བྱུང་མ་ཐག་ཏུ་ས་ཆེན་གཡོས༔ བཙུན་མོའི་འཁོར་གྱི་ལག་གི་སིལ་སྙན་དང་༔ རོལ་མོ་ཐམས་ཅད་མ་དཀྲོལ་སྒྲ་འབྱིན་གྱུར༔ དེ་ནས་ནུས་ལྡན་ཐོག་མར་མིང་བྱུང་བའི༔ གཞོན་ནུ་རྣམ་དག་བློ་གྲོས་བྱ་བ་དེ༔ སངས་རྒྱས་འཁོར་བ་འཇིག་ཏུ་ལུང་བསྟན་གྱུར༔ དེ་ནས་གཞོན་ནུ་རྣམ་དག་རྒྱལ་ཞེས་བྱུང་༔ དེ་ནི་སངས་རྒྱས་གསེར་ཐུབ་ལུང་ཡང་བསྟན༔ དེ་འོག་དབང་པོ་ཞི་བ་ཞེས་བྱ་བྱུང་༔ སངས་རྒྱས་འོད་སྲུང་ཞེས་བྱར་ལུང་ཡང་བསྟན༔ དེ་འོག་གཞོན་ནུ་དོན་ནི་གྲུབ་པ་བྱུང་༔ སངས་རྒྱས་ཤཱཀྱ་ཐུབ་པར་ལུང་ཡང་བསྟན༔ དེ་འོག་གཞོན་ནུ་སྐ་རགས་ཅན་ཞེས་བྱུང་༔ དེ་ནི་བྱམས་པ་ཞེས་བྱར་ལུང་ཡང་བསྟན༔ དེ་འོག་གཞོན་ནུ་མཆོག་གི་བློ་གྲོས་བྱུང་༔ དེ་ནི་སངས་རྒྱས་སེང་གེར་ལུང་ཡང་བསྟན༔ དེ་ནས་ཐ་ཆུང་བློ་མཐའ་ཡས་མིང་བྱུང་༔ དེ་ནི་མོས་པ་ཞེས་བྱར་ལུང་ཡང་བསྟན༔ དེར་ནི་སྣག་གི་གཉེན་མཚམས་སྤུན་ན་རེ༔ བདག་ཅག་རྣམས་ཀྱིས་སེམས་ཅན་ཡོངས་སྨིན་བྱས༔ དེ་ཡི་འོག་ཏུ་ཁྱོད་ཀྱིས་ཅི་བྱར་ཡོད༔ ཅེས་བརྗོད་བློ་མཐའ་ཡས་ཀྱིས་ལན་སྨྲས་པ༔ སངས་རྒྱས་རྣམས་ནི་ནམ་མཁའ་མཚུངས་ཤིང་འདྲ༔ བདག་ཡིད་སེམས་ཅན་ཟད་པ་མེད་སྙམ་བགྱིད༔ ཚུལ་ཁྲིམས་དག་པའི་སྨོན་ལམ་འདི་དག་གྱུར༔ བདག་གི་སྨོན་ལམ་ཅི་འདྲ་འདིར་གསོན་ཅིག༔ ཁྱོད་ཀྱི་ཚེ་ཚད་ཇི་ཙམ་བདག་ལ་བསྡོམས༔ ཆོས་ཀྱི་རྒྱལ་པོ་ཇི་སྙེད་ཀུན་བསྡོམས་པ༔ ཐམས་ཅད་བསྡོམས་པ་དེ་དག་བདག་ཚེར་གྱུར༔ ཅེས་པ་སྨྲས་མ་ཐག་ཏུ་ལྷ་རྣམས་ཀྱིས༔ ཁྱོད་ཀྱི་བསམ་པ་རྫོགས་པར་གྱུར་ཅིག་བརྗོད༔ སངས་རྒྱས་སྟོང་དུ་གཅིག་གིས་མ་ཚང་བ༔ དེ་བཞིན་གཤེགས་པ་མོས་པས་བྱེད་པར་འགྱུར༔ དེ་ནས་བརྫུས་སྐྱེས་གཉིས་ཀྱི་མིང་མ་བྱུང་༔ ཁོ་རང་གཉིས་ལ་ཇི་ལྟར་ཡིན་ཞེས་དྲིས༔ གཞོན་ནུ་ཆོས་ཀྱི་སེམས་དཔའི་ཞལ་ན་རེ༔ ཕུ་བོ་སྟོང་གི་བར་ཆད་སྲུང་བ་ཡི༔ སྡུད་པ་པོ་ནི་ལག་ན་རྡ་ོརྗེ་ཡིན༔ གཞོན་ནུ་ཆོས་ཀྱི་བློ་གྲོས་ཞལ་ན་རེ༔ ཕུ་བོ་སྟོང་གི་ཞུ་བ་པོ་བྱེད་པ༔ ཚངས་པའི་དབང་པོ་ཡིད་བཞིན་དེ་ཡིན་ནོ༔ དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིས༔ ཆོས་ཀྱི་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ༔ རིགས་ཀྱི་བུ་གཉིས་སྨོན་ལམ་ཇི་ལྟར་བཏབ༔ དེ་ལན་ཆོས་ཀྱི་སེམས་དཔས་སྨྲས་པ་ནི༔ བདག་གིས་ཁྱེད་རྣམས་བར་ཆད་སྲུང་བ་དང་༔ ཕྱི་ནང་སངས་རྒྱས་ཆོས་རྣམས་ཉན་པ་དང་༔ ལག་ན་རྡོ་རྗེར་སྟོན་པར་སྨོན་ལམ་བཏབ༔ དེ་ནས་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ༔ བདག་གིས་ཁྱོད་རྣམས་བྱང་ཆུབ་ཐོབ་པའི་ཚེ༔ ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་བ་སྟེ༔ ཆོས་བསྐུལ་ཆོས་ཉན་བྱེད་པར་སྨོན་ལམ་བཏབ༔ ཅེས་སྨྲས་སོ༔