གཏོར་མའི་འཕྲིན་ལས་བཟློག་པའི་རིམ་པ།
བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ གཏོར་མའི་འཕྲིན་ལས་བཟློག་པའི་རིམ་པ་བཞུགས༔ དཔལ་ཆེན་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ འཁོར་འདས་དབང་ཕྱུག་གར་མཁན་ཧེ་རུ་ཀ༔ དྲག་རྩལ་ཐོགས་མེད་ནུས་མཐུའི་དབང་བཅུ་ལྡན༔ རྩ་གསུམ་ཀུན་འདུས་འགྲོ་མགོན་ཐོད་པ་རྩལ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ༔ མི་ཕྱེད་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཡང་ཟབ་བླ་མེད་བདེ་མཆོག་འཁོར་ལོ་ཡི༔ ཆོས་ཀྱི་ཆ་ལག་ཚང་བར་བྱ་བ་དང་༔ ཆོས་བཞིན་སྤྱོད་པའི་བར་ཆད་རྐྱེན་བཟློག་ཕྱིར༔ གཏོར་མའི་ཕྲིན་ལས་བཟློག་པའི་མན་ངག་ཅིག༔ ཁོ་མོས་ཕྱི་རབས་དོན་དུ་ཡི་གེར་འདེབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ གཏོར་མའི་འཕྲིན་ལས་བཟློག་པའི་ལས་གཞུང་སྟོན༔ དང་པོ་སྔོན་འགྲོ་གནས་དུས་བཅའ་གཞི་དང་༔ ཡོ་བྱད་ཕྱི་ནང་གསང་བའི་བཀོད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གནས་ནི་རབ་འཇིགས་དུར་ཁྲོད་དང་ཿ བྲག་ནག་སྲིན་པོ་ཁྲོས་འདྲའི་རྩ་བའམ༔ ཤིང་གཅིག་དྲུང་ངམ་གཉན་ཞིང་འཇིགས་པའི་སརཿ དམ་ཚིག་གཙང་ལྡན་རྣལ་འབྱོར་དག་གིས་བསྒྲུབ༔ གཉིས་པ་དུས་ནི་ཆག་ཆེ་རྦོད་གཏོང་དང་༔ མཐའ་དམག་དུས་འཁྲུག་ནད་ཡམས་རྨི་ལྟས་ངན༔ བྱད་མ་དགྲ་བགེགས་བར་ཆད་ནམ་བྱུང་དུས༔ ཕྲིན་ལས་གཏོར་མའི་བཟློག་བསྒྱུར་བརྩམ་པར་བྱ༔ བྱད་མ་དགྲ་བགེགས་གནོད་བྱེད་བསྐྲད་ཅིང་གཟིར༔ གསུམ་པ་བཅའ་གཞི་ལག་ལེན་རིམ་པ་ནི༔ བརྟགས་བསླངས་སྦྱང་སོགས་ས་ཆོག་རིམ་པ་ལྟར༔ མཎྜལ་ནག་པོ་རོ་སོལ་དུག་ཁྲག་བྱུག༔ ཐིག་གདབ་མ་ཏྲཾ་བསྒྲལ་བའི་ཁོག་པ་རུ༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་ཟླུམ༔ ཐོད་ར་རྡོ་རྗེ་མེ་རིས་མཚན་པ་འབྲི༔ དཀར་སེར་དམར་ལྗང་ཚོན་གྱིས་ཁ་དོག་བསྒྱུར༔ དེ་དབུས་མཉྫིའམ་ནི་ཁྲིའུ་ཁར༔ ཁྲོའམ་ཟངས་ལྕགས་བྷནྡྷའི་སྣོད་ནང་དུ༔ འབྲུ་ནག་ཕྱེ་ལ་དཔལ་གྱི་གཏོར་ཆེན་བཤམས༔ བཤོས་ཕྲན་བརྒྱད་ལ་བཤོས་ཆུང་ཉི་ཤུས་བསྐོར༔ ཤ་དང་ཟན་གྱི་ཨུས་ཀྱུ་མང་པོ་བསགས༔ རྩེ་ལ་སྲིད་པའི་བྱ་ཁྱུང་ལྡིང་བ་གཟུགས༔ བམ་གྱི་ཤ་ཆེན་ཤ་སྣ་ཁྲག་སྣས་བརྒྱན༔ ཕྱོགས་བཞི་མཚམས་བཞིར་ཀོང་ཟོར་དུག་ཁྲག་དང་༔ ཡུངས་ཀར་འཚེ་དང་རྩངས་ཀྱིས་་བརྒྱན་པས་བསྐོར༔ མི་ལྤགས་གཡང་གཞི་དར་ནག་གུར་ཡང་ཕུབ༔ ཐ་མ་དམར་ནག་རྩང་གི་ཕུར་པས་བསྐོར༔ ཞིང་གི་རྒྱུ་མ་སྣལ་ཚོན་དག་གིས་དཀྲི༔ དགྲ་བགེགས་གང་གནོད་མིང་རུས་ཟག་རྫས་དང་༔ ལྡན་པའི་ལིངྒ་འབྲུབ་ཁུང་ནང་དུ་གཞུག༔ གཞན་ཡང་རྩ་གསུམ་ཡི་དམ་གཏོར་མ་དང་༔ སྨན་རག་གྷ་ན་ཚོགས་ཀྱི་འཁོར་ལོ་བཤམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་འདི་ལྟ་སྟེ༔ ལས་ཀྱི་གཞུང་བསྲང་ཚོགས་ཀྱིས་ཐུགས་དམ་བསྐང་༔ དམ་ཚིག་གཙང་ལྡན་སྔགས་པ་ཆས་གོས་བརྒྱན༔ བཟློག་བསྒྱུར་ཕྲིན་ལས་ཚུལ་དང་ལྡན་པར་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བདེ་མཆོག་ལས་ཀྱི་གཞུང་བསྲང་ནས༔ བསྙེན་སྒྲུབ་ལས་གསུམ་སྟོང་རྩ་རེ་རེ་ཡི༔ བསྙེན་པ་ཁ་གསོ་བསྐྱེད་རྫོགས་ཚགས་སུ་གཟུད་༔ གཉིས་པ་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཀྱང་༔ ཕྱི་ནང་གསང་བའི་རྫས་ཀྱིས་ཐུགས་དམ་བསྐང་ཿ གསུམ་པ་རྩ་བ་ཡན་ལག་ཕྱི་ནང་གི༔ དམ་ཚིག་གཙང་ལྡན་བསྙེན་སྒྲུབ་དྲོད་རྟགས་ཅན༔ སྔགས་འཆང་རྣལ་འབྱོར་བདུད་ཀྱི་ཆས་གོས་བརྒྱན༔ ཞྭ་ནག་གྱོན་ཞིང་གོས་ནག་བེར་གྱི་ཀླུབས༔ གདོང་ལ་རོ་སོལ་ཁྲག་ཆེན་དག་གིས་བྱུག༔ བཞི་པ་བདག་མདུན་དཔལ་ཆེན་ཐོད་པ་རྩལ༔ སྟོང་ཉིད་ངང་ནས་དཀྱིལ་འཁོར་གསུམ་དུ་གསལ༔ རྔམ་བརྗིད་སྟོབས་ལྡན་དྲག་རྩལ་ནུས་མཐུ་ཡིས༔ མི་མཐུན་གནོད་པའི་ཚོགས་རྣམས་བཟློག་པར་བསམས༔ བྷྱོ་བཟློག་དྲག་པོའི་འཕྲིན་ལས་འདི་ལྟར་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྔ་བོན་ཐབས་སུ་བརྡུང་ཞིང་བྷྱོ་བཟློག་གི་འཕྲིན་ལས་བཅོལ་བ་ནི༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ གར་གྱི་དབང་ཕྱུག་སྲིད་གསུམ་འགྲན་ཟླ་བྲལ༔ ཆོས་སྐུ་འགྱུར་མེད་ཞལ་གཅིག་ཁྲོ་འཛུམ་ལྡན༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གཞན་འཕྲུལ་ཁྲོ་བོའི་ཚོགས་རྣམས་བཟློག་ཏུ་གསོལ༔ སྐུ་གསུམ་མཚོན་པའི་སྤྱན་གསུམ་བགྲད་པ་ཡིས༔ གཞན་འཕྲུལ་སྐུ་གསུམ་སྤྲུལ་པའི་ཕོ་ཉ་ཟློག༔ ཞལ་གྱི་མཆེ་བ་རྣམ་བཞི་གཙིགས་པ་ཡིས༔ གཞན་འཕྲུལ་ཟ་གསོད་རྔམ་པའི་ཕོ་ཉ་ཟློག༔ དབུ་སྐྲ་ཐོར་ཚུགས་རྒྱན་གྱིས་སྤྲས་པ་ཡིས༔ གཞན་འཕྲུལ་སྐུ་ཡི་གཟི་བརྗིད་ཟློག་ཏུ་གསོལ༔ སྣ་ཚོགས་ནོར་བུའི་མགུལ་རྒྱན་འཕྱང་བ་ཡིས༔ གཞན་འཕྲུལ་གསུང་གི་གཟི་བརྗིད་བཟློག་ཏུ་གསོལ༔ ཆོས་དབྱིངས་ཐུགས་ཀྱི་ཏིང་འཛིན་རྡོ་རྗེ་ཡིས༔ གཞན་འཕྲུལ་ཐུགས་ཀྱི་གཟི་བརྗིད་བཟློག་ཏུ་གསོལ༔ རུས་པའི་རྒྱན་དྲུག་དྲིལ་བུས་བརྒྱན་པ་ཡིས༔ གཞན་འཕྲུལ་ཡོན་ཏན་གཟི་བརྗིད་བཟློག་ཏུ་གསོལ༔ སྙན་རྒྱན་ཕྱག་ཞབས་གདུ་བུས་སྤྲས་པ་ཡིས༔ གཞན་འཕྲུལ་འཕྲིན་ལས་གཟི་བརྗིད་བཟློག་ཏུ་གསོལ༔ གཡས་ཀྱི་ཕྱག་ན་གྲི་གུག་བསྣམས་པ་ཡིས༔ གསོད་བྱེད་མཚོན་ཆའི་འཁོར་ལོ་དགྲ་ལ་ཟློག་གཡོན་གྱི་ཐོད་ཁྲག་ཨརྒྷཾ་བསྐྱིལ་བ་ཡིས༔ སྲོག་གཅོད་དབུགས་ལེན་སྡང་བའི་དགྲ་ལ་ཟློག༔ ཚར་གསུམ་ཐོད་པའི་ཕྲེང་བས་བརྒྱན་པ་ཡིས༔ ཉོན་མོངས་དུག་གསུམ་སྡང་བའི་དགྲ་ལ་ཟློག༔ དཔའ་བོ་སྟག་གི་ཤམ་ཐབས་བྱས་པ་ཡིས༔ ཧེ་རུ་ཀཿཡི་གཟི་བརྗིད་དགྲ་ལ་ཟློག༔ མེ་ཏོག་སྣ་ཚོགས་དོ་ཤལ་བྱས་པ་ཡིས༔ སྟེང་ཕྱོགས་ལྷ་ཡི་རྦོད་གཏོང་དགྲ་ལ་ཟློག༔ སྤྱི་གཙུག་བྱ་ཁྱུང་རྒྱལ་པོ་ལྡིང་བ་ཡིས༔ འོག་ཕྱོགས་ཀླུ་ཡི་རྦོད་གཏོང་དགྲ་ལ་ཟློག༔ དར་ཀྱི་ཅོད་པན་སྣ་ཚོགས་འཕུར་བ་ཡིས༔ བར་སྣང་གཉན་གྱི་རྦོད་གཏོང་དགྲ་ལ་ཟློག༔ མི་ལྤགས་གཡང་གཞི་སྐུ་ལ་གསོལ་བ་ཡིས༔ སྲིན་པོའི་ཧུར་ཐུམ་སྡང་བའི་དགྲ་ལ་ཟློག༔ གླང་ཆེན་ཀོ་རློན་ལྤགས་པ་གྱོན་པ་ཡིས༔ བདུད་ཀྱི་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་འགྱིང་བ་ཡིས༔ འཁོར་འདས་གཡོ་འཁྲུག་སྡང་བའི་དགྲ་ལ་ཟློག༔ དབུགས་བྲལ་བམ་ཆེན་གདན་དུ་བཏིང་བ་ཡིས༔ སྐྱེ་རྒ་ན་འཆི་སྡང་བའི་དགྲ་ལ་ཟློག༔ གསལ་བྱེད་ཉི་ཟླའི་དཀྱིལ་འཁོར་བརྩེགས་པ་ཡིས༔ མ་རིག་འཁྲུལ་སྣང་སྡང་བའི་དགྲ་ལ་ཟློག༔ ཆགས་མེད་སྐྱོན་བྲལ་པདྨ་འབར་བ་ཡིས༔ གཟུང་འཛིན་བག་ཆགས་སྡང་བའི་དགྲ་ལ་ཟློག༔ དར་ཟབ་སྣ་ཚོགས་འབོལ་དུ་བརྩེགས་པ་ཡིས༔ གནོད་སྦྱིན་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ རིན་ཆེན་སྣ་ཚོགས་བྲག་རི་བལྟམས་པ་ཡིས༔ དབུལ་ཕོངས་སྡུག་བསྔལ་སྡང་བའི་དགྲ་ལ་ཟློག༔ གཟི་བརྗིད་སྟོང་ཁམས་འབར་བའི་འོད་ཟེར་གྱིས༔ ཁམས་གསུམ་བག་ཆགས་འགྲོ་དྲུག་འཁྲུལ་སྣང་ཟློག༔ གསུང་གི་གད་བརྒྱངས་བཞད་པའི་ང་རོ་ཡིས༔ བདག་འཛིན་རཱུ་ཊ་མ་རིག་གཏི་མུག་ཟློག༔ ཐུགས་ཀྱི་མཁྱེན་རྩལ་ཆོས་དབྱིངས་ཡེ་ཤེས་ཀྱིས༔ རེ་དོགས་གཉིས་འཛིན་ཀ་དག་ཀློང་དུ་ཟློག༔ ཐབས་ཤེས་གནམ་ལྕགས་རྡོ་རྗེའི་གཤོག་པ་ཡིས༔ འཁོར་འདས་ཐམས་ཅད་སྤྲོས་མེད་ཀློང་དུ་ཟློག༔ ཁྲག་ཐིག་ཞག་དང་ཐལ་བས་བྱུགས་པ་ཡིས༔ ཉོན་མོངས་དུག་ལྔ་ཡེ་ཤེས་ཀློང་དུ་ཟློག༔ སྣང་སྟོང་གཉིས་མེད་ཡུམ་དང་འཁྲིལ་བ་ཡིས༔ རྟག་ཆད་མུ་བཞི་སྡང་བའི་དགྲ་ལ་ཟློག༔ སྐུ་མདོག་དམར་ལ་ཁྲོ་འཛུམ་ལྡན་པ་ཡིས༔ ཆོས་དབྱིངས་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ གཡས་ཀྱི་ཟངས་གྲི་དམར་པོ་འཕྱར་བ་ཡིས༔ གསོད་བྱེད་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ གཡོན་ན་ཐོད་ཁྲག་དམར་ཆེན་འཕྱོ་བ་ཡིས༔ ཟ་བྱེད་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ ཡེ་ཤེས་འོད་ཀྱི་སྤྱན་གསུམ་ལྡན་པ་ཡིས༔ སྐུ་གསུམ་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ ཞལ་གྱི་མཆེ་བ་ཅུང་ཟད་གཙིགས་པ་ཡིས༔ འཇིག་རྟེན་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ ཐབས་ཤེས་ལྡན་པའི་ཞབས་གཉིས་གར་སྟབས་འཁྲིལ༔ ལས་བྱེད་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ ཕྱག་ཞབས་གདུ་བུ་རྣམ་བཞིས་བརྒྱན་པ་ཡིས༔ རིགས་བཞི་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ རབ་འཇིགས་དུར་ཁྲོད་ཆས་དང་ལྡན་པ་ཡིས༔ སྡེ་བརྒྱད་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ སྤྲུལ་པའི་འོད་ཟེར་སྟོང་ཁམས་འབར་བ་ཡིས༔ འབུམ་ཕྲག་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་ཕྲིན་ལས་དུས་ལ་བབསཿ ཧཱུྃ༔ ཁྲག་འཐུང་ཆེན་པོའི་རིགས་བདག་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་འབར་བ་ཆེན་པོ་ལ༔ ཕྱག་གཡས་གྲི་གུག་འབར་བས་དགྲ་སྲོག་གཅོད༔ ཕྱག་གཡོན་ཐོད་ཁྲག་དགྲ་བགེགས་སྙིང་ཁྲག་རོལ༔ ཡུམ་ཆེན་ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་འཁྲིལཿ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་འདུ་ཡིས༔ མི་མཐུན་བར་ཆད་སྡང་བའི་དགྲ་ལ་ཟློག༔ ཆེ་མཆོག་རིགས་བཞི་ཡབ་ཡུམ་ཁྲོ་བོ་བཅུ༔ སྒོ་བ་སྒོ་མ་གཅན་སྤྱང་མ་མོ་བརྒྱད༔ བདུད་རྩི་ཡོན་ཏན་ལྷ་ཚོགས་འཁོར་བཅས་ཀྱིས༔ དམ་ཉམས་དགྲ་བོའི་སྲོག་དབུགས་འདི་རོལ་ལ༔ ཡེ་ཤེས་འཇིག་རྟེན་ཕོ་ཉ་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཆེན་པོའི་དབུ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་སེར་ནག་འབར་བ་ཆེན་པོ་ལ༔ ཕྱག་གཡས་རྩིབས་སྟོང་འཁོར་ལོས་དགྲ་སྲོག་གཅོད༔ གཡོན་པས་སྡིགས་མཛུབ་དགྲ་བགེགས་གཟིར་ཞིང་གནོན༔ ཡུམ་ཆེན་པེ་ཏ་ཙ་ལི་སྐུ་ལ་འཁྲིལ༔ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་འདུ་ཡིས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་འདི་རོལ་ལཿ གཤིན་རྗེའི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ གཤེད་བཞི་སྦྱོར་དང་སྒྲོལ་བའི་ཡབ་དང་ཡུམ༔ ལས་གཤིན་ཕྱོགས་སྐྱོང་ཡབ་ཡུམ་བཅུ་གཉིས་དང་༔ རྒོད་སྟག་ཀང་ཀ་སྤྱང་གདོང་སྒོ་མ་བཞི༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་རོལ་ལ༔ འཆི་བདག་གཤིན་རྗེའི་བཀའ་ཆད་དགྲ་ལ་ཟློག༔ གྲི་ཐོགས་གིང་བཞི་ཁྲམ་ཐོགས་བདུད་པོ་བཞི༔ ཤོ་ཐོགས་རྩིས་བཞི་སྲོག་གཅོད་བཤན་པ་བཞི༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ དམ་ཉམས་དགྲ་བགེགས་བླ་སྲོག་རྣམ་ཤེས་རོལ༔ གཤིན་རྗེ་འབུམ་གྱི་གཏད་ཁྲམ་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཆེན་པོའི་གསུང་གི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་ནག་འབར་བ་ཆེན་པོ་ལ༔ ཕྱག་གཡས་རྡོ་རྗེས་དགྲ་བོའི་ཀླད་པ་འགེམས༔ གཡོན་པ་དྲིལ་བུས་དགྲ་བགེགས་སྨྱོས་སུ་འཇུག༔ ཡུམ་ཆེན་ཁྲོ་མོ་པདྨ་གཟི་ལྡན་འཁྲིལ༔ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་འདུ་ཡིས༔ དམ་ཉམས་དགྲ་བོའི་སྲོག་དབུགས་འདི་རོལ་ལ༔ ཆགས་ཆེ་རྦོད་གཏོང་དམ་ཉམས་དགྲ་ལ་ཟློག༔ དབང་ཆེན་སྲས་མཆོག་རིགས་བཞི་ཡབ་ཡུམ་བརྒྱད༔ ཡེ་ཤེས་དཔལ་གྱི་ཁྲོ་བོ་བཅུ་དྲུག་དང་༔ དབང་ཆེན་སྒོ་མ་ཁམ་བརྒྱ་དམུ་ལོང་ཚོགས༔ དམ་ཉམས་དགྲ་བོའི་ལུས་སྲོག་དབང་པོ་རོལ༔ ལྟས་ངན་སྣ་དགུ་དམ་ཉམས་དགྲ་ལ་ཟློག༔ དཔལ་གྱི་ཁྱི་བརྒྱད་འཇིགས་པའི་སྤྱང་བརྒྱད་དང་༔ མེ་འབྲུག་རླུང་འབྲུག་ཕོ་ཉ་མཆེ་གཤོག་ཅན༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ཀྱིས༔ དམ་ཉམས་དགྲ་བོའི་ཤ་ཁྲག་འདི་རོལ་ལ༔ ཕྲ་མེན་འགོང་ཆོག་དམ་ཉམས་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་འབར་བ་ཆེན་པོ་ལ༔ ཕྱག་གཡས་རྩེ་དགུས་དགྲ་བོའི་སྙིང་ཁྲག་དཀྲུག༔ གཡོན་པའི་དྲིལ་བུས་དགྲ་བོ་དབང་དུ་སྡུད༔ ཁྲོ་མོ་ཆེན་མོ་བཛྲ་ཀྲོ་ཏཱི་འཁྲིལ༔ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་འདུ་ཡིས༔ དམ་ཉམས་དགྲ་བགེགས་བླ་སྲོག་སྙིང་ཁྲག་རོལ༔ བསམ་ངན་སྦྱོར་རྩུབ་དམ་ཉམས་དགྲ་ལ་ཟློག༔ བདེ་གཤེགས་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཅུ༔ ཀེའུ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིངྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ དམ་ཉམས་དགྲ་བོའི་གློ་སྙིང་འདི་རོལ་ལ༔ གློ་བུར་ཡེ་འབྲོག་དམ་ཉམས་དགྲ་ལ་ཟློག༔ སྤྲུལ་པའི་སྒོ་མ་སྟག་གདོང་ཕག་གདོང་མ༔ སྤྲེལ་གདོང་སྦྱང་གདོང་ལ་སོགས་བྲན་གྱི་ཚོགས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཉམས་དགྲ་བོའི་ཕུང་ཁམས་སྐྱེད་མཆེད་རོལ༔ གདོན་ཆེན་བཅོ་བརྒྱད་དམ་ཉམས་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཆེན་པོའི་ཕྲིན་ལས་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་སྲས་མཆོག་ཧེ་རུ་ཀ༔ སྐུ་མདོག་ལྗང་ནག་འབར་བ་ཆེན་པོ་ལ༔ ཕྱག་གཉིས་གནམ་ལྕགས་ཕུར་པ་དགྲ་སྙིང་འདེབས༔ ཁྲོ་མོ་ཆེན་མོ་འཁོར་ལོ་རྒྱས་འདེབས་འཁྲིལ༔ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་འདུ་ཡིས༔ དམ་ཉམས་དགྲ་བགེགས་ཚེ་སྲོག་བཀྲག་མདངས་རོལ༔ དུས་མིན་འཆི་བ་དམ་ཉམས་དགྲ་ལ་ཟློག༔ ཡེ་ཤེས་སྲས་མཆོག་རིགས་བཞི་ཀཱི་ལཱ་ཡ༔ འཇིགས་བྱེད་ཆེན་པོ་དཔལ་གྱི་ཁྲོ་བོ་བཅུ༔ རྔམ་བྱེད་ཆེན་མོ་དཔལ་གྱི་ཁྲོ་མོ་བཅུ༔ དམ་ཉམས་དགྲ་བོའི་རྒྱུ་ལོང་དོན་སྙིང་རོལ༔ འཕུང་ཐབས་སྣ་དགུ་དམ་ཉམས་དགྲ་ལ་ཟློག༔ ཟ་བྱེད་སྤྲུལ་པའི་ཁྲོ་བོ་ཕ་བཅུ་དང་༔ གསོད་བྱེད་སྤྲུལ་པའི་ཁྲོ་མོ་མ་བཅུ་དང་༔ ཕྲ་མེན་ཆེན་མོ་སྒོ་མ་བཞི་རྣམས་ཀྱིས༔ དམ་ཉམས་དགྲ་བོའི་ཤ་རུས་འདི་རོལ་ལ༔ ཟ་གསོད་རྔམ་བྱེད་ཕོ་ཉ་དགྲ་ལ་ཟློག༔ ཤོ་ན་མཆེད་བཞི་རེ་ཏཱི་མཆེད་བཞི་དང་༔ ས་བདག་མཆེད་བཞི་སྐྱེས་བུ་བཅུ་གཉིས་སོགས༔ ཕུར་པ་འཕྲིན་ལས་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཉམས་དགྲ་བོའི་དོན་སྙིང་ལྔ་ལ་རོལ༔ ཕྲ་མེན་འགོང་ཆོག་དམ་ཉམས་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཆེན་པོའི་གསང་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་འབར་བ་ཆེན་པོ་ལ༔ རྡོ་རྗེ་འབར་བས་དགྲ་བགེགས་དམྱལ་ཐག་གཅོད༔ ཐོད་ཁྲག་འབར་བས་སྙིང་ཁྲག་ཧུབ་ཀྱིས་འདེབས༔ ཁྲོ་མོ་ཆེན་མོ་མུ་ཁ་མཐིང་ནག་འཁྲིལ༔ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་འདུ་ཡིས༔ དམ་ཉམས་དགྲ་བོའི་དབང་པོ་དོན་སྙིང་རོལ༔ མ་མོའི་རྦོད་གཏོང་དམ་ཉམས་དགྲ་ལ་ཟློག༔ དབྱིངས་ཀྱི་ཡུམ་དྲུག་རྟག་པའི་རྒྱལ་མོ་ལྔ༔ ཁྲོས་པའི་མ་བཞི་ནམ་མཁའི་རྒྱལ་མོ་བཞི༔ འདོད་ཁམས་དཔལ་གྱི་གཙོ་མོ་སྤུན་དྲུག་རྣམས༔ དམ་ཉམས་དགྲ་བགེགས་རྣམ་ཤེས་ཚོགས་ལ་རོལ༔ འཕུང་ཐབས་སྣ་དགུ་དམ་ཉམས་དགྲ་ལ་ཟློག༔ དམག་གི་རྒྱལ་མོ་བཞི་དང་གྲུ་འདེགས་བཞི༔ ཡེ་ཤེས་མ་བདུན་སྲིང་མོ་སྒོ་མ་བཞི༔ ཡ་གབ་སྦས་པའི་མ་བཞི་གདོང་མོ་བཞི༔ དམ་ཉམས་དགྲ་བོའི་གཟུགས་ཕུང་འདི་ལ་རོལ༔ གདོན་ཆེན་བཅོ་བརྒྱད་དམ་ཉམས་དགྲ་ལ་ཟློག༔ རོ་ཁ་མཆེད་བཞི་ནག་མོ་འཕུང་གསུམ་དང་༔ གསང་བའི་མ་གསུམ་གསང་བའི་ཕོ་ཉ་གསུམ༔ མ་མོ་རྦོད་གཏོང་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཉམས་དགྲ་བོའི་ཤ་རུས་ཁྲག་ལ་རོལ༔ ཁམས་གསུམ་གཡོ་འཁྲུག་དམ་ཉམས་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཆེན་པོའི་བཀའ་ཉན་དཀྱིལ་འཁོར་ནསཿ བཅོམ་ལྡན་དཔལ་ཆེན་མཆོད་བསྟོད་ཧེ་རུ་ཀཿ སྐུ་མདོག་མཐིང་ནག་འབར་བ་ཆེན་པོ་ལཿ རྡུང་བྱེད་རྡོ་རྗེས་དགྲ་བགེགས་དུམ་བུར་བརྡུང་༔ བྷནྡྷཱ་འབར་བས་དགྲ་བགེགས་ཀླད་ཁྲག་འཐུང་༔ ཁྲོ་མོ་སྲིད་གསུམ་སྤྱི་འདུལ་དགྱེས་པར་སྦྱོར༔ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་འདུ་ཡིས༔ དམ་ཉམས་དགྲ་བགེགས་ལྔ་ཕུང་འདི་རོལ་ལ༔ སྣང་སྲིད་གདོན་ཚོགས་དམ་ཉམས་དགྲ་ལ་ཟློག༔ ལྷ་ཆེན་ཡབ་ཡུམ་དྲེགས་བྱེད་སུམ་ཅུ་དང་༔ དཀར་པོ་གིང་དང་ནག་པོ་བདུད་ཀྱི་ཚོགས༔ དམར་པོ་བཙན་དང་དྲག་པོ་གཟའ་ཡི་སྡེ༔ དམ་ཉམས་དགྲ་བོའི་དབང་ཐང་དོན་སྙིང་རོལ༔ ལྟས་ངན་སྦྱོར་རྩུབ་དམ་ཉམས་དགྲ་ལ་ཟློག༔ གདུག་བྱེད་ཀླུ་དང་ནད་གཏོང་མ་མོའི་སྡེ༔ སྲོག་གཅོད་སྲིན་པོ་སྨྱོ་འབོག་རྒྱལ་པོ་སོགས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཉམས་དགྲ་བོའི་ནང་རོལ་ཚོགས་ལ་རོལ༔ སྡེ་བརྒྱད་རྦོད་ཟོར་དམ་ཉམས་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཆེན་པོའི་དམོད་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་དྲག་སྔགས་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་འབར་བ་ཆེན་པོ་ལ༔ གཡས་པས་དགྲ་བགེགས་ཙིཏྟ་ཁྲུམ་ཁྲུམ་གསོལ༔ གཡོན་པས་དམར་ཆེན་དགྲ་བགེགས་སྙིང་ཁྲག་འཐུང་༔ ཡུམ་ཆེན་འབྱུང་བ་ལྔ་ཡི་བདག་མོ་འཁྲིལ༔ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་འདུ་ཡིས༔ དམ་ཉམས་དགྲ་བོའི་སྐྱེ་མཆེད་རྩད་ནས་ཆད༔ ལྟས་ངན་བརྒྱད་ཅུ་དམ་ཉམས་དགྲ་ལ་ཟློག༔ སྔགས་ཀྱི་བདག་པོ་དྲེགས་ཆེན་བཅོ་བརྒྱད་དང་༔ བཀའ་ཉན་ལ་སོགས་ལྷ་སྲིན་སྡེ་བརྒྱད་ཚོགས༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་རྣམས༔ དམ་ཉམས་དགྲ་བོའི་ཁམས་ཆེན་བཅོ་བརྒྱད་རོལ༔ འཕང་ཐབས་སྣ་དགུ་དམ་ཉམས་དགྲ་ལ་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ ཁྲག་འཐུང་ཆེན་པོའི་སྤྲུལ་པའི་དཀྱིལ་འཁོར་ནས༔ ཧེ་རུ་ཀཿདཔལ་དུས་གསུམ་རིག་འཛིན་འབུམ༔ སྣ་ཚོགས་མདོག་ཅན་བཟློག་པའི་གར་སྟབས་བསྒྱུར༔ གཡས་ཀྱི་རྣོ་ངར་མཚོན་ཆས་དགྲ་བགེགས་གཏུབསཿ གཡོན་གྱི་བྷནྡྷར་ཐོད་ཁྲག་ཞོ་ལྟར་དཀྲུག༔ སྤྲུལ་པའི་མཁའ་འགྲོ་རྒྱ་མཚོ་སྐུ་ལ་འཁྲིལ༔ ཡབ་ཡུམ་སྤྲུལ་པའི་འོད་ཟེར་འཕྲོ་དུ་ཡིས༔ དམ་ཉམས་དགྲ་བོའི་ཤ་ཁྲག་དོན་སྙིང་རོལ༔ ལྟས་ངན་བརྒྱད་ཅུ་དམ་ཉམས་དགྲ་ལ་ཟློག༔ ཧཱུྃ༔ དུས་གསུམ་ས་གནས་རིག་འཛིན་ཡབ་ཡུམ་རྣམས༔ མེ་ལོང་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེ༔ དམ་ཉམས་དགྲ་བོའི་ཞེ་སྡང་འདི་རོལ་ལ༔ ཞེ་སྡང་མེ་ལོང་ཡེ་ཤེས་དབྱིངས་སུ་ཟློག༔ ཧཱུྃ༔ དུས་གསུམ་ཚེ་དབང་རིག་འཛིན་ཡབ་ཡུམ་རྣམས༔ མཉམ་ཉིད་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེ༔ དམ་ཉམས་དགྲ་བོའི་ང་རྒྱལ་འདི་རོལ་ལ༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་དབྱིངས་སུ་ཟློག༔ ཧཱུྃ༔ དུས་གསུམ་ཕྱག་རྒྱའི་རིག་འཛིན་ཡབ་ཡུམ་རྣམས༔ སོར་རྟོགས་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེ༔ དམ་ཉམས་དགྲ་བོའི་འདོད་ཆགས་འདི་རོལ་ལ༔ འདོད་ཆགས་སོར་རྟོགས་ཡེ་ཤེས་དབྱིངས་སུ་ཟློག༔ ཧཱུྃ༔ དུས་གསུམ་ལྷུན་གྲུབ་རིག་འཛིན་ཡབ་ཡུམ་རྣམས༔ བྱ་གྲུབ་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེ༔ དམ་ཉམས་དགྲ་བོའི་ཕྲག་དོག་འདི་རོལ་ལ༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་དབྱིངས་སུ་ཟློག༔ ཧཱུྃ༔ དུས་གསུམ་ཚེ་རབས་སློབ་དཔོན་ཡབ་ཡུམ་རྣམས༔ སྒྲིབ་གཉིས་རྣམ་དག་ཀློང་ནས་སྐུར་བཞེངས་ཏེ༔ དམ་ཉམས་དགྲ་བོའི་ལས་སྒྲིབ་འདི་རོལ་ལ༔ དགེ་སྡིག་གཉིས་འཛིན་ཆོས་དབྱིངས་ཀློང་དུ་ཟློག༔ ཧཱུྃ༔ དུས་གསུམ་དབང་གི་སློབ་དཔོན་ཡབ་ཡུམ་རྣམས༔ དབང་བཞི་མཐར་ཕྱིན་ཀློང་ནས་སྐུར་བཞེངས་ཏེ༔ དམ་ཉམས་དགྲ་བོའི་སྒྲིབ་བཞི་འདི་རོལ་ལ༔ སྒྲིབ་བཞི་སྐུ་བཞིའི་ཡེ་ཤེས་དབྱིངས་སུ་ཟློག༔ ཧཱུྃ༔ དུས་ གསུམ་མན་ངག་སློབ་དཔོན་ཡབ་ཡུམ་རྣམས༔ རྒྱུད ་ལུང་རྣམ་དག་ཀློང་ནས་སྐུར་བཞེངས་ཏེ༔ དམ་ཉམས་དགྲ་བོའི་གཏི་མུག་འདི་རོལ་ལ༔ གཏི་མུག་ཆོས་དབྱིངས་ཡེ་ཤེས་ཀློང་དུ་ཟློག༔ ཧཱུྃ༔ དུས་གསུམ་ཉམས་ཆགས་སྐོངས་མཛད་ཡབ་ཡུམ་རྣམས༔ དམ་ཚིག་རྣམ་དག་ཀློང་ནས་སྐུར་བཞེངས་ཏེ༔ དམ་ཉམས་དགྲ་བོའི་ཉམས་ཆག་འདི་རོལ་ལ༔ ཉམས་ཆག་རྟོག་སྒྲིབ་ཀ་དག་ཀློང་དུ་ཟློག༔ ཧཱུྃ༔ དུས་གསུམ་ཐུགས་ཀྱི་རིག་འཛིན་ཡབ་ཡུམ་རྣམས༔ ཡང་དག་ཐུགས་ཀྱི་གནས་ནས་སྐུར་བཞེངས་ལ༔ དགྲ་བགེགས་ཤ་ཁྲག་དོན་སྙིང་འདི་རོལ་ཏེ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ དུས་གསུམ་སྐུ་ཡི་རིག་འཛིན་ཡབ་ཡུམ་རྣམས༔ འཇམ་དཔལ་སྐུ་ཡི་གནས་ནས་སྐུར་བཞེངས་ལ༔ དགྲ་བགེགས་ཤ་ཁྲག་དོན་སྙིང་འདི་རོལ་ཏེ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ དུས་གསུམ་གསུང་གི་རིག་འཛིན་ཡབ་ཡུམ་རྣམས༔ པདྨ་གསུང་གི་གནས་ནས་སྐུར་བཞེངས་ལ༔ དགྲ་བགེགས་ཤ་ཁྲག་དོན་སྙིང་འདི་རོལ་ཏེ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ དུས་གསུམ་ཕྲིན་ལས་རིག་འཛིན་ཡབ་ཡུམ་རྣམས༔ ཕུར་པ་ཕྲིན་ལས་དབྱིངས་ནས་སྐུར་བཞེངས་ལ༔ དགྲ་བགེགས་ཤ་ཁྲག་དོན་སྙིང་འད་ིརོལ་ཏེ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ དུས་གསུམ་རྦོད་གཏོང་རིག་འཛིན་ཡབ་ཡུམ་རྣམས༔ མ་མོ་རྦོད་གཏོང་གནས་ནས་སྐུར་བཞེངས་ལ༔ དགྲ་བགེགས་ཤ་ཁྲག་དོན་སྙིང་འདི་རོལ་ཏེ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ དུས་གསུམ་མཆོད་བསྟོད་རིག་འཛིན་ཡབ་ཡུམ་རྣམས༔ འཇིག་རྟེན་མཆོད་བསྟོད་གནས་ནས་སྐུར་བཞེངས་ལ༔ དགྲ་བགེགས་ཤ་ཁྲག་དོན་སྙིང་འདི་རོལ་ཏེ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ དུས་གསུམ་དྲག་སྔགས་རིག་འཛིན་ཡབ་ཡུམ་རྣམས༔ དམོད་པ་དྲག་སྔགས་གནས་ནས་སྐུར་བཞེངས་ལ༔ དགྲ་བགེགས་ཤ་ཁྲག་དོན་སྙིང་འདི་རོལ་ཏེ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ གཞན་ཡང་འདས་དང་མ་བྱོན་ད་ལྟར་གྱི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དགྲ་བགེགས་ཤ་ཁྲག་དོན་སྙིང་འདི་རོལ་ཏེ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ ཤར་ཀྱི་སྒོ་བ་བཛྲ་གིང་ཀ་རས༔ སྲིན་པོའི་གིང་རྣམས་ཐམས་ཅད་དབང་བསྡུས་ལ༔ སྲིན་པོའི་ཧུར་ཐུམ་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ ལྷོ་ཡི་སྒོ་བ་རཏྣ་གིང་ཀ་རས༔ གཤིན་རྗེའི་གིང་རྣམས་ཐམས་ཅད་དབང་བསྡུས་ལ༔ གཤིན་རྗེའི་འཁྲུལ་འཁོར་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ ནུབ་ཀྱི་སྒོ་བ་པདྨ་གིང་ཀ་རས༔ བདུད་ཀྱི་གིང་རྣམས་ཐམས་ཅད་དབང་བསྡུས་ལ༔ བདུད་ཀྱི་ཁྲམ་ཁ་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ བྱང་གི་སྒོ་བ་ཀརྨ་གིང་ཀ་རས༔ གནོད་སྦྱིན་གིང་རྣམས་ཐམས་ཅད་དབང་བསྡུས་ལ༔ གནོད་སྦྱིན་གདུག་རྩུབ་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ ཤར་ནས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས༔ རྡོ་རྗེ་མཁའ་འགྲོ་ཐམས་ཅད་དབང་བསྡུས་ལ༔ གིང་གི་སྨྱོ་འབོག་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ ལྷོ་ནས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མས༔ རིན་ཆེན་མཁའ་འགྲོ་ཐམས་ཅད་དབང་བསྡུས་ལ༔ རྒྱལ་པོའི་ཆོ་འཕྲུལ་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ ནུབ་ནས་པདྨ་རིགས་ཀྱི་མཁའ་འགྲོ་མས༔ པདྨ་མཁའ་འགྲོ་ཐམས་ཅད་དབང་བསྡུས་ལ༔ བཙན་གྱི་ཀྱལ་ཀ་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ བྱང་ནས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མས༔ ལས་ཀྱི་མཁའ་འགྲོ་ཐམས་ཅད་དབང་བསྡུས་ལ༔ གཟའ་ཡི་ཀི་ཀང་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ༔ གཞན་ཡང་འབུམ་ཕྲག་དཔའ་བོ་དཔའ་མོ་འབུམ༔ གནས་ཡུལ་དུར་ཁྲོད་གནས་ནས་སྐུར་བཞེངས་ཏེ༔ དཔའ་བོ་དཔའ་མོ་ཐམས་ཅད་དབང་བསྡུས་ལ༔ སྡེ་བརྒྱད་ཆོ་འཕྲུལ་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ རིག་འཛིན་རོལ་པའི་ཚོམ་བུ་འབུམ་གྱི་ཚོགས༔ སྐྱེ་མེད་ཀློང་ནས་སྐུ་ནི་གར་དགུར་ལྡན༔ འགག་མེད་དབྱིངས་ནས་བྷྱོ་ཟློག་འབྲུག་སྟོང་ལྡིར༔ འགྱུར་མེད་ངང་ནས་ཐུགས་སྤྲུལ་འབུམ་འབུམ་འགྱེད༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་ཐམས་ཅད་ཟློག་ཅིང་བསྒྱུར༔ ལོ་སྐག་ཟླ་སྐག་ཐམས་ཅད་ཟློག་ཅིག་བསྒྱུར༔ ཟ་མའི་བདུན་ཟུར་ཐམས་ཅད་ཟློག་ཅིག་བསྒྱུར༔ རྦོད་གཏོང་རྦད་འདྲེ་ཐམས་ཅད་ཟློག་ཅིག་བསྒྱུར༔ འབྱུང་བའི་གཙུག་ལག་ངན་པ་ཟློག་ཅིག་བསྒྱུར༔ བརྟགས་པའི་རྟེན་འབྲེལ་ངན་པ་ཟློག་ཅིག་བསྒྱུར༔ རྨི་ལྟས་མཚན་མ་ངན་པ་ཟློག་ཅིག་བསྒྱུར༔ ཡས་ཀྱི་བདུད་དུ་གཡོས་པ་ཟློག་ཅིག་བསྒྱུར༔ མས་ཀྱི་སྲི་རུ་ལངས་པ་ཟློག་ཅིག་བསྒྱུར༔ བར་གྱི་བཙན་དུ་འགྱུས་པ་ཟློག་ཅིག་བསྒྱུར༔ ཕ་ཚན་ནང་གི་རྒྱབ་འདྲེ་ཟློག་ཅིག་བསྒྱུར༔ མ་ཚན་ནང་གི་བྱུར་འདྲེ་ཟློག་ཅིག་བསྒྱུར༔ དར་ཚན་ནང་གི་སྟོང་འདྲེ་ཟློག་ཅིག་བསྒྱུར༔ ཕུ་ནུའི་ནང་གི་ལྟེ་འདྲེ་ཟློག་ཅིག་བསྒྱུར༔ ལྟག་པའི་བདུད་དུ་བབས་པ་ཟློག་ཅིག་བསྒྱུར༔ དཔྲལ་བའི་གཤེད་དུ་འཁོར་བ་ཟློག་ཅིག་བསྒྱུར༔ དྲང་སྲོག་བཀའ་ཡི་དམོད་མོ་ཟློག་ཅིག་བསྒྱུར༔ སྔགས་པས་སྔགས་ཟོར་འཕེན་པ་ཟློག་ཅིག་བསྒྱུར༔ བོན་པོས་མཐུ་བསྒྲུབ་བྱེད་པ་ཟློག་ཅིག་བསྒྱུར༔ ཕུར་པའི་དབལ་ཟོར་འཕེན་པ་ཟློག་ཅིག་བསྒྱུར༔ རླུང་ལ་འཁོར་ལོ་བསྐོར་བ་ཟློག་ཅིག་བསྒྱུར༔ སེལ་གྱི་འཕུང་བཤིག་བརྩམ་པ་ཟློག་ཅིག་བསྒྱུར༔ རང་གཤེད་རང་ལ་འཁོར་བ་ཟློག་ཅིག་བསྒྱུར༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་ཟློག་ཅིག་བསྒྱུར༔ དུས་མིན་འཆི་བ་རྣམ་བཞི་ཟློག་ཅིག་བསྒྱུར༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཨཱོཾ་ཨཱཾཿཧཱུྃ་བཛྲ་མ་ཧཱ་གྷུ་རུ་ཤྲཱི་ཧེ་རུ་ཀ༔ ས་མ་ཡཱ༔ ནྲི་ཏྲི་དགྲ་བགེགས་མཱ་ར་ཡ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག༔ བཛྲ་རཏྣ་པདྨ་ཀརྨ་གིང་ཀ་ར་དྷ་ཀ་དྷཀྐི་ནི་ས་མ་ཡཱ་ཛཿཛ༔ ནྲི་ཏྲི་དགྲ་བགེགས་མཱ་ར་ཡ་བྷྱོ་ཟློག་རྦད་ཡ༔ རྦད་ཡ༔ དགྲ་བགེགས་སརྦ་ཤ་ཏྲུམ་ཧུར་ཐུམ་ཛ༔ བྷྱོ་ཟློག༔ ཅེས་དམོད་བྱང་དང་བཟློག་པའི་དྲག་སྔགས་ཅི་མང་བཟླའོ༔ དེ་ནས་སྔགས་པ་རྣམས་རལ་བ་ཐོད་གདེངས་བྱ༔ གདོང་ལ་རོལ་སོལ་དང་དུག་ཁྲག་གིས་བྱུག༔ སྟང་སྟབས་བསྒྱུར་ཞིང་རོལ་མོ་རྣམས་དྲག་ཏུ་འཁྲོལ༔ བདག་ཉིད་ཁྲག་འཐུང་གི་རྒྱལ་པོ་ཧེ་རུ་ཀ༔ རིག་འཛིན་གྱི་གཙོ་བོ་ཐོད་པ་རྩལ་དུ་གསལ་བའི་སྤྱི་གཙུག་གི་ཁྱུང་ལས་ཁྱུང་གི་ཚོགས་སྐར་ལྟར་དུ་འཁྲུག་ཅིང་ཟློག་བྱེད་ཀྱི་ཁྲོ་བོ་ཁྲོ་མོ་ཧེ་རུ་ཀའི་ཚོགས་གྲངས་མེད་བསམ་གྱི་མི་ཁྱབ་པས་ཧཱུྃ་དང་བྷྱོ་ཟློག་གི་སྒྲ་དི་རི་རི༔ གནོད་བྱེད་དགྲ་འདྲེ་བྱུར་གསུམ༔ ཁྱད་པར་དུ་ཡང་ལྟས་ངན་བརྒྱད་ཅུ་གྱ་གཅིག་གི་ཚོགས་དང་གནོད་པ་ཐམས་ཅད་བཟློག་པར་དམིགས་ལ་འདི་སྐད་དོ༔ ཧཱུྃ་ཡཱ༔ བྷྱོ་ཟློག་དྲག་པོའི་འཕྲིན་ལས་དུས་ལ་བབས༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་འཁོར་ལོ་བདེ་མཆོག་རྒྱལ༔ ཁྲག་འཐུང་འདུས་པའི་གཙོ་མཆོག་ཧེ་རུ་ཀ༔ སྲིད་གསུམ་ཀུན་ཏུ་ཆེ་བཙན་འགྲན་ཟླ་བྲལ༔ ཟློག་བྱེད་ཁྲོ་བོ་ཁྲོ་མོ་འབུམ་འབུམ་ཚོགས༔ གྲངས་མེད་སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག༔ ཡེ་ཤེས་མཁའ་ལྡིང་སྤྲུལ་པས་སྟོང་གསུམ་གང་༔ ཡོམ་ཡོམ་ཤིགས་ཤིགས་གཤོག་སྒྲ་འུ་རུ་རུ༔ རི་རབ་རྩེ་དང་དཔག་བསམ་སྡོང་པོ་ནས༔ འཇིགས་བྱེད་རྒྱལ་པོ་བྱ་ཁྱུང་གྷ་རུ་ཎ༔ དད་པས་སྤྱན་འདྲེན་དམ་ཚིག་དབང་གིས་སྤྱོན༔ ད་ཚུར་ད་ཚུར་དཔལ་ཆེན་ཁྲོ་བོའི་རྒྱལ༔ མྱུར་དུ་གཤེགས་ཤིག་ཡེ་ཤེས་གྷ་རུ་ཎ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ དཀོན་མཆོག་འབུ་འཕང་བསྟོད་ཕྱིར་གཤེགས་སུ་གསོལ༔ སྡེ་བརྒྱད་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ གཟའ་ཀླུ་རྒྱལ་བསེན་འདུལ་ཕྱིར་གཤེགས་སུ་གསོལ༔ བྱད་མ་རྦོད་གཏོང་ཟློག་ཕྱིར་གཤེགས་སུ་གསོལ༔ ལྟས་ངན་མཚན་ངན་ཟློག་ཕྱིར་གཤེགས་སུ་གསོལ༔ ཆགས་ཆེ་ཉམ་ང་ཟློག་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་མཆོད་པར་འབུལ༔ དཔལ་ཆེན་ཁྲོ་རྒྱལ་སྤྲུལ་པ་མཆོག་ལ་བསྟོད༔ ལྟས་ངན་ཟློག་ཅིག་བསྒྱུར་བའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བྱ་ཁྱུང་རྒྱལ་བོ་བོས་སོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་བོ་སྤྱན་མ་བརྟུལ༔ བྱ་ཁྱུང་རྒྱལ་པོ་བརྟེན་ནོ་རྒྱང་མ་རིང་༔ བྱ་ཁྱུང་རྒྱལ་པོ་སྒྲུབ་བོ་གོང་མ་གཡེལ༔ བྱ་ཁྱུང་རྒྱལ་པོ་བསྐུལ་ལོ་བང་མ་བུལ༔ བྱ་ཁྱུང་རྒྱལ་པོ་རྦད་དོ་མཐུ་མ་ཆུང་༔ གནམ་ལྕགས་མཆུ་སྡེར་མེ་ཡི་གཤོག་པ་རྡེབ༔ འཁོར་ལོས་དབུར་བརྒྱན་ཁྲོས་ཆུའི་རལ་བ་གསིག༔ མཇུག་མ་གཡུ་ཡི་འཇའ་ཚོན་ཀྱི་ལི་ལི༔ སྤྱན་ནས་ཁྲག་གི་རྦ་རླབས་འཁྱོམས་སེ་འཁྱོམ༔ ཁྱུང་སྐད་ཏོང་ཏོང་ཀླུ་རྣམས་སྙིང་རྩ་འདར༔ གཤོག་པ་གཡས་པས་ཉི་ཟླ་ཁོལ་བུར་འཕེན༔ གཤོག་པ་གཡོན་པས་ས་གཞི་བརྡར་ཤ་གཅོད༔ གནམ་ལྕགས་མཆུ་སྡེར་ཚངས་པའི་ཡུལ་ས་གནོན༔ སྤུ་རྣམས་སྤྲུགས་པས་སྡེ་བརྒྱད་དབང་དུ་སྡུད༔ སྦྲུལ་རིགས་ལྔ་གསོལ་གཟའ་ཀླུ་ལས་ལ་ཁོལ༔ ལྕགས་རྭ་ཁྲོ་ཆུའི་རལ་བ་སྤྲུགས་པ་ལས༔ མ་མོ་འཁྲུག་ཅིང་ཁྲོ་ཚོགས་དཔག་མེད་འགྱེད༔ འབར་བ་གཡས་ཀྱི་གཤོག་ཟུར་ལྔ་པོ་ལ༔ སྟེང་གི་ཁྲོ་བཅུ་གསང་བའི་ཁྲོ་མོ་བཅུ༔ སྤྱི་དཔལ་ཁྲོ་བཅུ་རྫོགས་ཆེན་ཁྲོ་བོ་བཅུ༔ ཏ་ཀྲིཏ་ཆེན་པོའི་ཁྲོ་བོ་བཅུ་རུ་ཤར༔ ལྟས་ངན་མི་རུང་སྣ་དགུ་ཐམས་ཅད་ཡང་༔ ཟློག་ཅིག་ཁྱུང་ཆེན་འབར་བས་བཟློག་ཏུ་གསོལ༔ བསྒྱུར་རོ་ཆགས་ཆེ་ཉམ་ང་དགྲ་ལ་བསྒྱུར༔ འབར་བ་གཡོན་གྱི་གཤོག་ཟུར་ལྔ་པོ་ལ༔ སྲོག་རྩའི་མ་མོ་ཆེན་མོ་སྤུན་བདུན་དང་༔ ཨེ་ཀ་ཛ་ཏི་དྲག་མོ་སྤུན་དྲུག་སྟེ༔ སྲིན་མོ་འབར་མ་ཆེན་མོ་བདུན་དུ་ཤར༔ གདོང་བཞི་དབང་ལྔ་ཉེར་བརྒྱད་སྤྲུལ་པའི་ཁྱུང་༔ བཟློག་གོ་ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ བསྒྱུར་རོ་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བསྒྱུརཿ ཧཱུྃ་བྷྱོ༔ བཟློག་བསྒྱུར་ཆེན་པོའི་འཕྲིན་ལས་དུས་ལ་བབས༔ ཕུ་ཡི་ཤ་ཕོ་ར་འཛིང་ཟློག༔ མདའ་ཡི་ཉ་མོ་རྔ་འཛིང་ཟློག༔ བར་གྱི་རྒོད་པོ་སྡེར་འཛིང་ཟློག༔ བུད་མེད་ནག་མོའི་ཅོ་འཛིང་ཟློག༔ སྲིན་བྱས་ཉིན་པར་ཁུས་འདེབས་ཟློག༔ སྦྲུལ་ནག་ལམ་ཁར་ཉལ་བ་ཟློག༔ སྲེ་མོང་བྱི་རོ་འཁྱེར་བ་ཟློག༔ སྒོ་ཁྱིས་ངུ་ཟུག་བྱེད་པ་ཟློགཿ འཕྱོན་མའི་བང་ཡུག་ངན་པ་ཟློགཿ ཁང་ཁྱིམ་འུག་པ་རྒོད་པ་ཟློགཿ དྲེའུ་རྟས་རྔ་རྔོག་འཆའ་བ་ཟློག༔ འོག་རྟས་སྒབ་བྲོས་བྱེད་པ་ཟློག༔ མཛོ་ཕོས་གདང་ངུར་བྱེད་པ་ཟློག༔ སྦྲ་ཡི་གུང་ཤིང་ཆག་པ་ཟློག༔ ཆོན་ཐག་རྟ་རྒྱུག་བྱེད་པ་ཟློག༔ འདྲེ་བྱས་ཁང་ཁྱིམ་འཚང་བཅས་ཟློག༔ ལྟས་ངན་ཐམས་ཅད་ཟློག་པའི་དུས་ལ་བབས༔ ལྟས་ངན་མ་ལུས་དམ་ཉམས་དགྲ་ལ་ཟློག༔ ཁྲོ་རྒྱལ་མ་ལུས་འཁོར་བཅས་ཀྱིས༔ ཟློག་ཅིང་བསྒྱུར་པའི་དུས་ལ་བབས༔ ཨཱོཾ་ཁྲོཾ་གྷ་རུ་ཎ་ཙ་ལེ་ཙ་ལེ་གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཅེས་བརྗོད་དོཿ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་རྣམ་བཅུ་སྟེཿ གཏོར་མ་དཔག་ཅིང་ཟ་ལམ་ཆད་ཐོ་གྱེརཿ ཟོར་སྒོ་དབྱེ་ཞིང་ཟོར་འཕེན་བསྟན་མ་སྐྱོང་ཿ རྟབ་བྲོ་ཚེ་འགུགས་བཀྲ་ཤིས་བསྔོ་སྨོན་ནོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ དང་པོ་གཏོར་མ་དཔག་སྟེ་རེ་ཕྱར་སོགས་ནག་པོའི་གདན་གྱི་སྟེང་དུ་ཁྲིའུའི་ཁར་འགོད་དོཿ སྨན་རཀ་གིས་སྦྲནཿ ཞུན་ཆེན་གྱི་མར་མེ་དང་ཚིལ་ཆེན་གྱི་དཔལ་འབར་རྣམས་གཟུག་གོཿ གཉིས་པ་ཟ་ལམ་ནི་ཞི་ཁྲོ་བཀའ་བརྒྱད་ལྟར་བྱཿ གསུམ་པ་ཆད་ཐོ་ནི་རང་གཞུང་ལྟར་གྱེར་རོཿ བཞི་པ་ཟོར་སྒོ་དབྱེ་བ་ནི་གསེར་སྐྱེམས་དང་བཅས་འདི་སྐད་དོཿ ཧཱུྃ་བྷྱོ༔ ད་ནི་བསྒྲུབ་པའི་གཏོར་ཟོར་ལམ་ཞིག་དབྱེ༔ བླ་མེད་གསང་བ་སྔགས་ཀྱི་ཟོར་ལམ་དབྱེ༔ རིག་འཛིན་འདུས་པའི་དྲག་སྔགས་ཟོར་ལམ་དབྱེ༔ ཧེ་རུ་ཀཿཡི་གཟི་བརྗིད་ཟོར་ལམ་དབྱེ༔ རྩ་གསུམ་འདུས་པའི་སྒྲུབ་ཟོར་སྒོ་དབྱེ་ཞིང་༔ ཟོར་ལམ་སྐྱ་མོ་དགྲ་བགེགས་སྟེང་དུ་གཏོད༔ ཧཱུྃ་བྷྱོ༔ ཕོ་བྲང་ཆེན་པོའི་ཤར་ཕྱོགས་སྒོ་སྐྱོང་བ༔ རྡོ་རྗེ་རིགས་ཀྱི་དཔའ་བོ་དཔའ་མོ་འབུམ༔ སྐུ་མདོག་དཀར་ལ་དུང་གི་ཐོར་ཚུགས་ཅན༔ དར་དཀར་ན་བཟའ་དུང་གི་ལྡེ་མིག་བསྣམས༔ དཔའ་བོ་འབུམ་གྱི་རུ་མཚོན་པུ་རུ་རུ༔ དཔའ་མོ་འབུམ་གྱི་སྒོ་ཕྱེ་ཤ་ར་ར༔ གཡེལ་ཁ་དྲིལ་བུའི་སྒྲ་ནི་སི་ལི་ལི༔ ཕྱག་གདུབ་ཞབས་གདུབ་མང་པོ་ཁྲོ་ལོ་ལོ༔ རིན་ཆེན་རྒྱན་ཆ་མང་པོ་སྤུངས་སེ་སྤུང་༔ དུང་གི་ལན་ཚར་མང་པོ་ཁྲ་ལ་ལ༔ དར་གྱི་ཅོད་པན་མང་པོ་པུ་རུ་རུ༔ རོལ་མོ་མང་པོའི་ཚོགས་ནི་དི་རི་རི༔ ཕོ་གླིང་མོ་གླིང་བཤུད་གླུ་ཀྱུ་རུ་རུ༔ བྷྱོ་ཟློག་དྲག་པོའི་སྒྲ་སྐད་ཆེམས་སེ་ཆེམས༔ གསེར་སྐྱེམས་འདི་བཞེས་ཤར་གྱི་སྒོ་དབྱེ་འཚལ༔ རྡོ་རྗེ་རིགས་ཀྱི་གཏོར་ཟོར་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཕོ་བྲང་ཆེན་པོའི་ལྷོ་ཕྱོགས་སྒོ་སྐྱོང་བ༔ རིན་ཆེན་རིགས་ཀྱི་དཔའ་བོ་དཔའ་མོ་འབུམ༔ སྐུ་མདོག་སེར་ལ་རཏྣའི་ཐོར་ཚུགས་ཅན༔ ན་བཟའ་སེར་པོ་གསེར་ཀྱི་ལྡེ་མིག་བསྣམས༔ དཔའ་བོ་འབུམ་གྱི་རུ་མཚོན་པུར་རུ་རུ༔ དཔའ་མོ་འབུམ་གྱི་སྒོ་དབྱེ་ཤ་ར་ར༔ གཡེར་ཁ་དྲིལ་བུའི་སྒྲ་ནི་སི་ལི་ལི༔ ཕྱག་གདུབ་ཞབས་གདུབ་མང་པོ་ཁྲོ་ལོ་ལོ༔ རིན་ཆེན་རྒྱན་ཆ་མང་པོ་སྤུངས་སེ་སྤུང་༔ གསེར་གྱི་ལན་ཚར་མང་པོ་ཁྲ་ལ་ལ༔ དར་གྱི་ཅོད་པན་མང་པོ་པུ་རུ་རུ༔ རོལ་མོ་མང་པོའི་ཚོགས་ནི་དི་རི་རི༔ ཕོ་གླིང་མོ་གླིང་བཤུད་གླུ་ཀྱུ་རུ་རུ༔ བྷྱོ་ཟློག་དྲག་པོའི་སྒྲ་སྐད་ཆེམས་སེ་ཆེམ༔ གསེར་སྐྱེམས་འདི་བཞེས་ལྷོ་ཡི་སྒོ་དབྱེ་འཚལ༔ རིན་ཆེན་རིགས་ཀྱི་གཏོར་ཟོར་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཕོ་བྲང་ཆེན་པོའི་ནུབ་གྱི་སྒོ་སྐྱོང་བ༔ པདྨ་རིགས་ཀྱི་དཔའ་བོ་དཔའ་མོ་འབུམ༔ སྐུ་མདོག་དམར་ལ་བྱི་རུའི་ཐོར་ཚུགས་ཅན༔ དར་ཀྱི་ན་བཟའ་བྱི་རུའི་ལྡེ་མིག་བསྣམས༔ དཔའ་བོ་འབུམ་གྱི་རུ་མཚོན་པུ་རུ་རུ༔ དཔའ་མོ་འབུམ་གྱི་སྒོ་ཕྱེ་ཤ་ར་ར༔ གཡེར་ཁ་དྲིལ་བུའི་སྒྲ་ནི་སི་ལི་ལི༔ ཕྱག་གདུབ་ཞབས་གདུབ་མང་པོ་ཁྲོ་ལོ་ལོ༔ རིན་ཆེན་རྒྱན་ཆ་མང་པོ་སྤུངས་སེ་སྤུང་༔ བྱི་རུའི་ལན་ཚར་མང་པོ་ཁྲ་ལ་ལ༔ དར་ཀྱི་ཅོད་པན་མང་པོ་པུ་རུ་རུ༔ རོལ་མོ་མང་པོའི་ཚོགས་ནི་དི་རི་རི༔ ཕོ་གླིང་མོ་གླིང་བཤུད་གླུ་ཀྱུ་རུ་རུ༔ བྷྱོ་ཟློག་དྲག་པོའི་སྒྲ་སྐད་ཆེམས་སེ་ཆེམ༔ གསེར་སྐྱེམས་འདི་བཞེས་ནུབ་གྱི་སྒོ་དབྱེ་འཚལ༔ པདྨ་རིགས་ཀྱི་གཏོར་ཟོར་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཕོ་བྲང་ཆེན་པོ་བྱང་གི་སྒོ་སྐྱོང་བ༔ ལས་ཀྱི་རིགས་ཀྱི་དཔའ་བོ་དཔའ་མོ་འབུམ༔ སྐུ་མདོག་ལྗང་ལ་གཡུ་ཡི་ཐོར་ཚུགས་ཅན༔ དར་གྱི་ན་བཟའ་གཡུ་ཡི་ལྡེ་མིག་བསྣམས༔ དཔའ་བོ་འབུམ་གྱི་རུ་མཚོན་པུ་རུ་རུ༔ དཔའ་མོ་འབུམ་གྱི་སྒོ་ཕྱེ་ཤ་ར་ར༔ གཡེར་ཁ་དྲིལ་བུའི་སྒྲ་ནི་སི་ལི་ལི༔ ཕྱག་གདུབ་ཞབས་གདུབ་མང་པོ་ཁྲོ་ལོ་ལོ༔ རིན་ཆེན་རྒྱན་ཆ་མང་པོ་སྤུངས་སེ་སྤུང་༔ གཡུ་ཡི་ལན་ཚར་མང་པོ་ཁྲ་ལ་ལ༔ དར་གྱི་ཅོད་པན་མང་པོ་པུ་རུ་རུ༔ རོལ་མོ་མང་པོའི་ཚོགས་ནི་དི་རི་རི༔ ཕོ་གླིང་མོ་གླིང་བཤུད་གླུ་ཀྱུ་རུ་རུཿ བྷྱོ་ཟློག་དྲག་པོའི་སྒྲ་སྐད་ཆེམས་སེ་ཆེམ༔ གསེར་སྐྱེམས་འདི་བཞེས་བྱང་གི་སྒོ་དབྱེ་འཚལ༔ ལས་ཀྱི་རིགས་ཀྱི་གཏོར་ཟོར་དགྲ་ལ་བྷྱོཿ ལྔ་པ་ཟོར་འཕེན་པ་ནིཿ བསྒྲུབས་པའི་གཏོར་ཟོར་གཉན་པོ་ལག་ཏུ་ཐོགསཿ མཁྱེན་གསོལ་དང་མ་ཉེས་པའི་ཤགས་འདེབསཿ ཚ་བའི་མེ་ཟོརཿ གྲང་པའི་ཆུ་ཟོརཿ གཡབ་པའི་རླུང་ཟོརཿ ཀོང་གི་ས་ཟོརཿ སྔགས་ཀྱི་གཏོར་ཟོརཿ འཕེན་པའི་རྡོ་ཟོརཿ བསད་པའི་མཚོན་ཟོརཿ དྲག་པོའི་ཡུངས་ཟོརཿ ནམ་མཁའི་སྒང་ཟོརཿ རྣོ་བའི་མདའ་ཟོར་ལ་སོགས་ཟོར་སྣ་ཐམས་ཅད་སྔགས་པ་རྣམས་ཀྱིས་ཐོགས་ཏེཿ རོལ་མོའི་སྒྲ་ལྡིར་བརྔམ་པའི་སྟངས་སྟབས་བསྒྱུར་ཞིང་འདི་སྐད་དོཿ ཧཱུྃ་བྷྱོ༔ ད་ནི་ཟོར་འཕེན་དགྲ་ལ་འཕེན༔ ད་ནི་ཟོར་འཕེན་བགེགས་ལ་འཕེན༔ ཧཱུྃ་བྷྱོཿ ཚངས་པ་ལ་སོགས་ལྷ་ཆེན་བརྒྱད༔ དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད༔ ཉི་མ་ལ་སོགས་གཟའ་ཆེན་བརྒྱད༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔ ལོ་ཟླ་ཞག་དུས་གཟའ་སྐར་བདག༔ ཡུལ་རིའི་གཞི་བདག་གཉན་པོ་རྣམས༔ ཀོ་ལོང་རུ་ང་མ་མཛད་པར༔ ཟོར་ལམ་ཕྱེས་ལ་དམག་དཔུང་བསྐྱེད༔ རུ་མཚོན་ཕྱོར་ལ་ཕྲིན་ལས་སྒྲུབས༔ དགྲ་བགེགས་མཐའ་ཡི་དམག་དཔུང་རྣམས༔ མྱུར་དུ་ཟློག་ཅིག་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ ང་ནི་ཁྲག་འཐུང་ཐོད་པ་རྩལ༔ འཁོར་འདས་སྐྱེ་འགྲོ་ང་ཡི་དབང་༔ ཐམས་ཅད་མ་ལུས་ང་ཡི་བྲན༔ ཟ་གསོད་བརྔམས་པའི་ཕོ་ཉ་ནི༔ སྤྲུལ་པ་འབུམ་འབུམ་གྲངས་མེད་འཕྲོ༔ དམག་ཚོགས་དགྲ་ལ་ཉེ་རེ་རེ༔ སྡེ་བརྒྱད་ལས་ལ་ཤ་ར་ར༔ རྣོ་ངར་མཚོན་ཆ་ཟངས་སེ་ཟང་༔ ནད་ཀྱི་ན་བུན་ཐུ་ལུ་ལུ༔ མཚོན་གྱི་ཆར་པ་སི་ལི་ལི༔ ཀིིི་སྒྲ་མང་པོ་དི་རི་རི༔ བསོ་སྒྲ་མང་པོ་ཀྱུ་རུ་རུ༔ རྒྱོབ་སོད་སྒྲ་སྐད་ལྷངས་སེ་ལྷང་༔ མེ་རླུང་འཚུབ་མ་འུ་རུ་རུ༔ མགྱོགས་པའི་རྟ་རྒྱུག་སྤྲེངས་སེ་སྤྲེང་༔ ཤོ་ཐོག་རྩིས་མཁན་ཐ་ར་ར༔ ཁྲམ་ཐོགས་བདུད་པོ་ཡེ་རེ་རེ༔ སྲོག་གཅོད་བཤན་པ་སྤུངས་སེ་སྤུང་༔ ཤ་ཟ་ཁྲག་འཐུང་ལྗིབས་སེ་ལྗིབ༔ ཚ་བའི་མེ་ཟོར་ཐོ་རོ་རོ༔ གྲང་བའི་ཆུ་ཟོར་ཆི་ལི་ལི༔ གཡབ་པའི་རླུང་ཟོར་ཚུབས་སེ་ཚུབ༔ ཀོང་གི་ས་ཟོར་ཐིབས་སེ་ཐིབ༔ སྔགས་ཀྱི་གཏོར་ཟོར་ཆེམས་སེ་ཆེམ༔ འཕེན་པའི་རྡོ་ཟོར་ཧྲི་ལི་ལི༔ གསོད་པའི་མཚོན་ཟོར་ཟངས་སེ་ཟང་༔ དྲག་པོའི་ཡུངས་ཟོར་ཐོ་རོ་རོ༔ ནམ་མཁའི་སྒང་ཟོར་ཡ་ལ་ལ༔ རྣོ་བའི་མདའ་ཟོར་ཀྱུ་རུ་རུ༔ ཁྲག་ཟོར་ནད་དུ་ཆི་ལི་ལི༔ འཚེ་ཟོར་མདུང་ལྟར་ཟངས་སེ་ཟང་༔ དམ་ཉམས་དགྲ་བགེགས་ལས་ངན་འདི༔ མྱུར་དུ་བསྒྲལ་བའི་དུས་ལ་བབས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ དུས་ལ་བབ་བོ་ས་མ་ཡཱ༔ ཅེས་བརྗོད་གཏོར་མ་དང་ཟོར་རྣམས་དགྲ་བགེགས་མཐའ་ཡི་དམག་དཔུང་སོགས་གང་གནོད་ཀྱི་ཕྱོགས་སུ་འཕང་༔ རང་ཉིད་ཁྲག་འཐུང་ཐོད་པ་རྩལ་གྱི་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་མང་པོས་ཕ་རོལ་འཇོམས་པའི་དགྲ་གཤེད་ཀྱི་རྣམ་པ་མང་པོར་སྤྲུལ་ནས༔ ཐོགས་མེད་དུ་དགྲ་བགེགས་གང་གནོད་ཀྱི་ཡུལ་དུ་སོང་ཞིང་ཐལ་བའི་རྡུལ་དུ་བརླགས་ཏེ་མིང་ཡང་མེད་པར་བསམ་ཞིང་༔ ཞི་ཁྲོ་བཀའ་བརྒྱད་ཀྱི་དྲག་སྔགས་དང་དམོད་ཟོར་མང་དུ་གདབ་བོ༔ དྲུག་པ་བསྟན་མ༔ བདུན་པ་རྟ་བྲོ༔ བརྒྱད་པ་ཚེ་འགུགས༔ དགུ་པ་བཀྲ་ཤིས༔ བཅུ་པ་བསྔོ་སྨོན་སོགས་རང་གཞུང་ལྟར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་སྔགས་གཏོར་མའི་འཕྲིན་ལས་འདི༔ སྔོན་ཆད་འཛམ་གླིང་བོད་ཡུལ་མ་གྲགས་ཏེ༔ གུ་རུས་རྗེས་བཟུང་བུད་མེད་མཚོ་རྒྱལ་ངས༔ མ་འོངས་བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ ཁྲག་འཐུང་རྒྱལ་པོ་པདྨ་ཐོད་ཕྲེང་ལ༔ བཀའ་ཡི་ལུང་ཞུས་ཡི་གེའི་རིས་སུ་བཏབ༔ དུས་ཀྱི་ཐ་མ་བཞི་བཅུའི་མར་འགྲིབ་ལ༔ མཐའ་མིའི་དཔུང་གིས་བོད་ཁམས་བདེ་བ་འཇོམས༔ རྒྱ་འདྲེ་འགོང་པོས་དངོས་སུ་རང་གཟུགས་སྟོན༔ སྒོམ་ཆེན་བན་བཙུན་སྲོག་ལས་དམར་གཡོས་བྱེད༔ འབྱུང་བ་འཁྲུགས་པའི་ལྟས་དང་ཆོ་འཕྲུལ་མང་༔ ཤཱཀྱའི་བསྟན་པ་རྟགས་འཛིན་ནུབ་ཁ་གསལ༔ ཇོ་བོའི་གདན་ཁྲི་གཡོ་བས་འགོང་པོ་འཆོར༔ བསམ་ཡས་ཉམས་པས་མཆོད་རྟེན་ནག་པོ་འགའ༔ ཆོས་སྐྱོང་རི་རབ་ཞལ་གཟིགས་བླ་ཤིང་འཆག༔ ནག་ཕྱོགས་ཟ་ཁ་དར་བས་ནད་ཡམས་འཐིབ༔ བོད་འབངས་སྡུག་ལ་ཉེ་བས་བདུད་སྤྲུལ་རྒྱས༔ དེ་ཚེ་བསྟན་འགྲོའི་བདེ་ལེགས་བསྐྲུན་པ་དང་༔ ནད་ཡམས་དལ་ཁ་མཐའ་ཡི་དམག་བཟློག་ཕྱིར༔ ཏེ་སེ་དཔལ་གྱི་གནས་ལ་སྦས་ཏེ་རྒྱ༔ བསྲུང་མ་རྣམས་ཀྱིས་ཆོས་འདིའི་བྱ་ར་གྱིས༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ།། །། མངྒ་ལཾ།། །།