ཟབ་ལམ་ཐུགས་རྗེ་ཆེན་པོའི་རླུང་སྦྱོར།
བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་རླུང་སྦྱོར་བཞུགས༔ དབང་ཆེན་ཧེ་རུ་ཀཿལ་འདུད༔ ཟབ་ལམ་བསྒོམ་པའི་རྣལ་འབྱོར་པས༔ བདེ་ཆེན་ལམ་གྱི་སྲོག་སྩོལ་གྱི༔ དངོས་གྲུབ་ཚེ་འདིར་འཐོབ་པའི་ཐབས༔ བདག་འདྲ་པདྨས་ཡི་གེར་འདེབས༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡིད་མཐུན་དྭངས་ཤིང་དབེན་པའི་སར༔ བདེ་བའི་གདན་ལ་ཆོས་བདུན་བཅའ༔ སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་དང་༔ བླ་མའི་རྣལ་འབྱོར་སྔོན་དུ་བཏང་༔ རྩ་རླུང་ལས་རུང་གསོལ་བ་གདབ༔ དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྐལ་ལྡན་ཕོ་མོ་ནི༔ བདེ་ཆེན་མྱུར་ལམ་རྟོགས་འདོད་རྣམས༔ ཡུམ་རྣམས་ཟབ་ལམ་ཡུམ་དུ་བསྒོམ༔ ཡབ་རྣམས་དཔའ་བོ་ཡབ་ཏུ་བསྒོམ༔ སྟོང་གསལ་འགག་མེད་ལྷ་རུ་བསྐྱེད༔ སྣང་སྟོང་ལྷ་སྐུ་ཕྱག་རྒྱ་ཆེ༔ རྩ་གསུམ་འཁོར་ལོ་ལྔ་རྣམས་ཀྱང་༔ རྡོས་བཅས་ཤ་ཁྲག་དྲ་བ་ཡི༔ ཨ་འཐས་རང་བཞིན་མ་ཡིན་པར༔ གསལ་སྟོང་གཉིས་མེད་ཚུལ་དུ་བསྒོམ༔ གསང་གནས་བདེ་ཆེན་འཁོར་ལོའི་དབུས༔ ཤེས་རབ་རང་བཞིན་ཡི་གེ་ཨཱ༔ དམར་ཆ་ཉི་མའི་གདན་ལ་བསྒོམ༔ སྤྱི་གཙུག་བདེ་ཆེན་འཁོར་ལོའི་དབུས༔ ཐབས་ཀྱི་རང་བཞིན་ཡི་གེ་ཧཾ༔ དཀར་ཆ་ཟླ་བའི་གདན་ལ་བསམ༔ ཐབས་ཤེས་གཉིས་མེད་རྩེ་སྤྲོད་དུ༔ ཡར་མར་ཆ་ལ་ལམ་མེར་གསལ༔ འདོད་ཆགས་རང་བཞིན་མོ་རླུང་དང་༔ ཞེ་སྡང་རང་བཞིན་ཕོ་རླུང་དང་༔ གཏི་མུག་རང་བཞིན་མ་ནིང་རླུང་༔ དུག་གསུམ་རྒྱུ་དང་བག་ཆགས་བཅས༔ རོ་རྐྱང་ལམ་ནས་སྣ་བུག་བརྒྱུད༔ སྔོ་དམར་དུད་པའི་ཚུལ་དག་ཏུ༔ ལན་དགུ་དག་ཏུ་འབུད་པར་བྱ༔ སྲིད་གསུམ་དག་པ་ཆོས་ཀྱི་དབྱིངས༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ ཡེ་ཤེས་སྐུ་གསུམ་ཐབས་ཤེས་རླུང་༔ འགྲོ་འོང་མེད་པར་བུམ་ནང་བསྐྱིལ༔ མེ་རླུང་སྦྱོར་བས་རྩ་འཁོར་དང་༔ བདེ་ཆེན་ཧཾ་ཡིག་བསིལ་རྒྱུན་ཕབ༔ དགའ་བཞིའི་ཡེ་ཤེས་མར་འབེབས་དང་༔ ཡར་འཛེག་དག་ཏུ་ཡང་ཡང་བསྒོམ༔ རྩ་ཐིག་རླུང་ གསུམ་དབྱེར་མེད་བསྲེ༔ ཚ་ཤས་ཆེ་དང་གྲང་ཤས་ཆེ༔ ཚ་གྲང་སྙོམས་པའི་སྐྱེས་བུ་སོགས༔ རང་རྒྱུད ་བརྟག་ཅིང་རླུང་སྦྱོར་ལ༔ ཚ་ཤས་ཆེ་ན་བསིལ་རྒྱུན་གཙོ༔ གྲང་ཤས་ཆེ་ན་གཏུམ་མོ་གཙོ༔ ཚ་གྲང་སྙོམས་པའི་སྐལ་ལྡན་གྱིས༔ སྙིང་ག་ཆོས་ཀྱི་འཁོར་ལོ་ན༔ བདེ་བ་ངོས་བཟུང་དབབ་བསྐྱིལ་ལྡོག༔ ཐུན་འཇུག་རྣམས་སུ་ཧ་སྤྲུག་དང་༔ འབེབས་ཆུང་རྒྱག་ཅིང་མགོ་བོ་སྒྲིལ༔ ཡན་ལག་བཞི་འདུལ་ཕོ་རྐེད་བསྐོར༔ ཐལ་སྦྱོར་དྲོད་ཀྱིས་སྒྲོན་མ་བསྲོ༔ ལག་པ་པུས་བཀབ་དལ་བུས་ལང་༔ སྦྲུལ་ཚང་གྱེན་སྦྱར་ཧིང་གིས་འདྲེན༔ སྨྲ་ལྕེ་ཡ་རྐན་དག་ལ་སྦྱར༔ སྒྲོན་མ་སྨིན་ཕྲག་མཁའ་ལ་གཟིར༔ ཡང་ཡང་སྦྱང་བས་ཟབ་གནད་རྟགས༔ སྦ་བ་སྦུབས་སུ་ནུབ་པ་དང་༔ ན་ཆུང་བརྒྱ་ཡི་རཀྟ་ཡང་༔ སྐད་ཅིག་རེ་རེས་འདྲེན་པར་ནུས༔ བདེ་གསལ་མི་རྟོག་ཉམས་མྱོང་འཆར༔ ཟག་བཅས་སྤངས་ནས་འོད་སྐུར་གྲོལ༔ རྒས་པ་མེད་ཅིང་ལོ་སྟོང་ཐུབ༔ རྩ་རླུང་ཐིག་ལེ་ལས་རུང་ན༔ ཚེ་ཡི་རིག་འཛིན་ང་དང་མཉམ༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ།། །།