Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།

8 occurrences of བདག་མེད་པ་
[Clear Hits]


  
  
 
དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་ཐམས་ཅད་ཀྱི་སྙིང་འབྱིན་པའི་རྒྱུད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
 
 
  


8 occurrences of བདག་མེད་པ་
[Clear Hits]

 
previousདྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་ཐམས་ཅད་ཀྱི་སྙིང་འབྱིན་པའི་རྒྱུད།next

དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་ཐམས་ཅད་ཀྱི་སྙིང་འབྱིན་པའི་རྒྱུད།

དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་ཐམས་ཅད་ཀྱི་སྙིང་འབྱིན་པའི་རྒྱུད་བཞུགས་སོ༔ རྒྱ་གར་སྐད་དུ༔ གུ་རུ་བཛྲ་དྷཱ་ར་མ་ཧཱ་ཀྲོ་ཏ་ཏནྚ་ན་མ༔ བོད་སྐད་དུ༔ བླ་མ་ཁྲོ་བོ་རྡོ་རྗེ་འཆང་ཆེན་པོའི་རྒྱུད༔ ཐོད་ཕྲེང་དྲག་པོའི་སྐུ་ལ་འདུད༔ དེ་ཡང་གནས་ཆེན་པོ་དུར་ཁྲོད་འབར་བའི་ལྗོངས༔ དབང་དྲག་རོལ་པའི་ཞིང་༔ མུ་དང་མཐའ་མེད་པ་ཡོངས་སུ་བརྡལ་བའི་དབྱིངས་ཆེན་པོ་ན༔ དྲག་པོ་ཁྲོས་པའི་རྒྱལ་པོ་སྟོབས་ལྡན་པདྨ་ཧེ་རུ་ཀ༔ དཔལ་ཆེན་པོ་ཡབ་ཡུམ་དྲག་པོ་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས༔ དྲག་ཏུ་ཁྲོས་ཏེ་དྲེགས་པ་ཅན་ཐམས་ཅད་སྙིང་འབྱིན་པར་བྱེད་པའི་སྔགས་འདི་བསྒྲགས་སོ༔ ཨཱོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཨཱོཾ་ཡ་མནྟ་ཀ་མཉྫུ་ཤྲཱི་ཧཱུྃ་ཕཊ༔ ཨཱོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཧྲཱིཿམ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཡཀྴ་རཀྴ་ཧཱུྃ་ཕཊ༔ ཨཱོཾ་ཁྲོཾ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་གནོད་བྱེད་ཀྱི་སྲོག་ལ་དུ་དུ༔ རུ་རུ་བྷ་ཤ་ཧཱུྃ་མ་མ་སྲོག་དུང་དུང་སྙིང་ལམ་མ་བྷྱོ་ས་མ་ཡ་ཧཱུྃ་ཕཊ༔ ལོག་ཏྲི་པ་ལ་ནན༔ ས་ག་པ་ཤ་ནན༔ ནཱ་ག་དུ་དུ་ནན༔ མཾ་མ་མཾ་མ༔ ཙི་ཙར་ཙི་ཙར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡཱ༔ རྦད་ཏྲ་ཀོ་ཤ་ཡཱ༔ ཧོ་ར་ཧོ་ར༔ ཙི་དུ་སོད༔ ཙི་དུ་སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ ཀཱ་ཝཱ་ཙི་བརླག་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བརྗོད་པས་བཀའ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་ཤིང་ལོ་སྐམ་པོ་རླུང་གིས་ཁྱེར་པ་ལྟར་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན་པས༔ ཐམས་ཅད་ཡེད་རབ་ཏུ་ཡེད༔ འདར་རབ་ཏུ་འདར༔ འབོག་རབ་ཏུ་འབོག༔ བརྒྱལ་རབ་ཏུ་བརྒྱལ་བར་གྱུར་ཏོ༔ བརྒྱལ་སངས་ནས་དཔལ་ཆེན་པོ་ལ་ཐལ་མོ་སྦྱར་ཞིང་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་ཀྱེ་པདྨ་ཧེ་རུ་ཀ༔ བདག་ཅག་མ་ལུས་སྡེ་བརྒྱད་ཚོགས༔ ཁྲོ་བོ་ཆེན་པོའི་འབངས་སུ་མཆི༔ དམ་ལ་གནས་ཤིང་བསྟན་པ་བསྲུང་༔ བཀའ་འདས་སྒྲོལ་ཞིང་མུ་རན་སྐྱོང་༔ བདག་ཅག་འཁོར་ཚོགས་ཀུན་ཏུ་སྐྱབས༔ ཞེས་གསོལ་ཞིང་བྲན་དུ་ཁས་བླངས་ནས་སྐྱབས་སུ་མཆི་བར་གྱུར་ཏོ༔ དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་སྙིང་འབྱིན་པའི་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དྲེགས་པ་འཁོར་བཅས་ཀྱིས༔ ཁྲོ་བོ་ཆེན་པོར་ཡང་གསོལ་པ༔ བདག་ཅག་འདིར་ཚོགས་ལྷ་སྲིན་རྣམས༔ བཀའ་ལས་འདའ་བར་མི་བྱེད་ཀྱང་༔ དུས་ཀྱི་ཐ་མ་རྩོད་ལྡན་དུས༔ བན་བཙུན་ཁྲིམས་མེད་དམ་ལོག་དང་༔ སྔགས་པ་དམ་མེད་རུ་ཊ་དང་༔ སྐྱེ་བོ་མནའ་མེད་བཤན་ ་དང་༔ བུད་མེད་ཆད་སྟོངས་བསེན་མོ་རྣམས༔ བདག next hit་ཅག་རྣམས་ཀྱི་འབངས་སུ་སྐྱེ༔ ཁྲོ་བོ་ཆེན་པོའི་དམ་མེད་པས༔ སྐྱེ་འགྲོ་ཡོངས་ལ་སྡུག་བསྔལ་འབེབས༔ ཆོས་བཞིན་སྤྱོད་ལ་བར་ཆད་གཏོང་༔ དེ་དུས་མི་དགེ་སྡིག་སྟོབས་རྒྱས༔ དེ་ཚེ་མི་ཐུབ་ལྔ་འབྱུང་བས༔ དེ་རྣམས་འདུལ་བའི་གདམས་པ་མཆོག༔ ཁྲོ་བོ་ཆེན་པོའི་རྒྱུད་སྒྲུབ་ཐབས༔ ལས་ཚོགས་དང་བཅས་བཀའ་སྩོལ་ཅིག༔ ཅེས་གསོལ་བས་ཁྲོ་བོ་ཆེན་པོའི་མི་བཟད་འབར་བའི་གད་རྒྱངས་དང་བཅས་པའི་ངང་ལས༔ འཁྲུག་ཅིང་འཁོར་སྟེ་འབར་བའི་སྟོབས་ཀྱིས་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་དབང་དུ་བསྡུས་ཏེ་འཁོར་དུ་བསྐོར་ནས་ཐབས་ཅིག་ཏུ་ཚོགས་པའི་ཚེ་འདི་སྐད་ཅེས་བཀའ་སྩལ་ཏོ༔ ཀྱེ་ཧོ༔ འདུས་པའི་འཁོར་རྣམས་ཉོན༔ ང་ནི་ཁྲག་འཐུང་ཧེ་རུ་ཀ༔ གདུལ་དཀའ་འདུལ་བྱེད་འཇིགས་པར་བྱེད༔ ལོག་པའི་ལམ་བཟློག་རྒོལ་བ་འཇོམས༔ བདུད་སྡེ་ཟིལ་གནོན་འཁྲུག་ཅིང་འབར༔ རབ་ཏུ་ཁྲོས་པ་དྲག་པོའི་དཔལ༔ མི་བཟད་འཆོལ་བ་སྲིན་པོའི་གཟུགས༔ དྲེགས་པ་འདུལ་བྱེད་དྲེགས་པའི་གཤེད༔ སངས་རྒྱས་ཀུན་གྱི་བདག་ཉིད་ཅན༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་མཆོག༔ ཁྲོ་བོ་ཁྲོ་མོ་འདུས་པའི་སྐུ༔ དབང་དྲག་པདྨ་ཧེ་རུ་ཀ༔ ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས༔ ཁྲོ་བོ་བཛྲ་དྲག་པོ་རྩལ༔ སྣང་སྟོང་དབྱེར་མེད་ཡུམ་དང་འཁྲིལ༔ ང་རྒྱལ་རྡོ་རྗེས་ང་རྒྱལ་འཇོམས༔ ཁྲོ་བོ་རཏྣ་དྲག་པོ་རྩལ༔ སྣང་སྟོང་ཟུང་འཇུག་ཡུམ་དང་སྦྱོར༔ འདོད་ཆགས་རྡོ་རྗེས་འདོད་ཆགས་འཇོམས༔ ཁྲོ་བོ་པདྨ་ཧེ་རུ་ཀ༔ སྣང་སྟོང་ལྷན་ཅིག་ཡུམ་དང་འཁྲིལ༔ ཕྲག་དོག་རྡོ་རྗེས་ཕྲག་དོག་འཇོམས༔ ཁྲོ་བོ་ཀརྨ་ཧེ་རུ་ཀ༔ སྣང་སྟོང་ཐབས་ཤེས་ཡུམ་དང་འཁྲིལ༔ གཏི་མུག་རྡོ་རྗེས་གཏི་མུག་འཇོམས༔ ཁྲོ་བོ་བུདྡྷ་ཧེ་རུ་ཀ༔ སྣང་སྟོང་བློ་འདས་ཡུམ་དང་སྦྱོར༔ བདེ་གཤེགས་རྣམས་ཀྱི་སྐུ་གསུང་ཐུགས༔ ཡོན་ཏན་འཕྲིན་ལས་འདུས་པའི་དཔལ༔ རྒྱན་དུ་ཤར་ཞིང་རྒྱན་དུ་བརྒྱན༔ གནས་དང་ཡུལ་ཏེ་ཡེ་ཤེས་དབྱིངས༔ དཔའ་བོ་དཔའ་མོ་སྲུང་མའི་ཚོགས༔ འཁོར་དུ་བསྐོར་ཞིང་སྤྲུལ་པར་ཤར༔ བདག་མདུན་སྐད་ཅིག་རིག་པའི་ཀློང་༔ མེད་པའི་མཐའ་བསལ་མངོན་སུམ་བསྐྱེད༔ ཡོད་པའི་མཐའ་བསལ་སྟོང་པར་སྒོམ༔ གཉིས་ཀའི་མཐའ་བསལ་སྣང་སྟོང་ལྷ༔ གཅིག་ཏུ་མ་ཡིན་དུ་མར་སྤྲུལ༔ དུ་མ་སྣ་ཚོགས་རོ་གཅིག་ངང་༔ སྣ་ཚོགས་བརྗོད་མིན་ལྷན་ཅིག་སྐྱེས༔ བག་ཆགས་བསལ་ཕྱིར་སྤྱན་འདྲེན་དང་༔ བཞུགས་གསོལ་ཕྱག་འཚལ་མཆོད་ཅིང་བསྟོད༔ འཁྲུལ་བ་བསལ་ཕྱིར་སྔགས་འཁོར་རྣམས༔ སྤྲོ་བསྡུ་བྱ་ཞིང་སྙིང་པོ་འདྲེན༔ བར་ཆད་བསལ་ཕྱིར་ལས་བཞི་ཡི༔ ཤམ་བུ་སྦྱར་ཞིང་དངོས་གྲུབ་ཞུ༔ དེ་ལྟར་བསྒྲུབས་པས་སྒྲུབ་པའི་མཆོག༔ སྒྲུབ་པ་མཐར་ཕྱིན་འཁྲུལ་པ་མེད༔ དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་སྙིང་འབྱིན་པའི་རྒྱུད་ལས༔ ཁྲོ་བོ་ཆེན་པོའི་སྒྲུབས་ཐབས་དང་བསྐྱེད་རྫོགས་མཆོད་བསྟོད་ཕྲིན་ལས་ཀྱི་རིམ་པ་རྣམས་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་དག་བཤད་བྱ་བ༔ རིགས་དང་མཐུན་པའི་ས་ཕྱོགས་སུ༔ ལས་དང་མཐུན་པའི་དཀྱིལ་འཁོར་བཞེངས༔ འཇམ་དཔལ་པདྨ་རྡོ་རྗེ་ཅན༔ མཁའ་འགྲོ་མེ་དབལ་འཆི་མེད་ཚེ༔ སྤྲུལ་པ་བྱ་ཁྱུང་གྷ་རུ་ཌ༔ ཕོ་ཉ་ལྕགས་སྡིག་ནག་པོ་སོགས༔ ས་བོན་རྣམས་ལས་བསྐྱེད་ཅིང་གསལ༔ སྙིང་པོ་བཟླས་པས་དགུག་ཅིང་བསྒྲུབ༔ གཉིས་མེད་རྒྱས་གདབ་འཕྲིན་ལས་བཅོལ༔ རྣལ་འབྱོར་རྡོ་རྗེ་རིག་པ་འཛིན༔ མཆོག་དང་ཐུན་མོང་སྣ་ཚོགས་འགྲུབ༔ བར་དུ་གཅོད་པ་ཀུན་ལས་གྲོལ༔ དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་སྙིང་འབྱིན་པའི་རྒྱུད་ལས༔ ལྷ་ཚོགས་སོ་སོའི་སྒྲུབ་ཐབས་དང་མན་ངག་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་དག་བཤད་བྱ་བ༔ མ་འོངས་དྲེགས་པ་ཁ་འཕྱུར་ནས༔ འགྲོ་བའི་བདེ་བ་བཅོམ་པའི་ཚེ༔ དྲག་པོ་དཔལ་གྱི་གཏོར་མ་བཤམས༔ དགྲ་བོའི་ཤ་ཁྲག་རྩང་གིས་བརྒྱན༔ མི་རུང་བཟློག་པའི་བྱང་བུ་བཏགས༔ དགྲ་བགེགས་གང་གནོད་ལིངྒ་འབྲི༔ ཚོགས་དང་བསྐང་བས་ཁ་བསྐང་ཞིང་༔ དགྲ་བགེགས་བསྒྲལ་ཞིང་ཐུན་རྣམས་བརྡེག༔ ཤ་ཁྲག་ལྷ་ཚོགས་ཞལ་དུ་བསྟབ༔ གནོད་བྱེད་དགྲའམ་བགེགས་སམ་གདོན༔ བཟློག་ཅིང་བསྒྱུར་པའི་འདོད་གསོལ་བྱ༔ ཟོར་འཕེན་ལྷ་གཤེགས་སྦྱིན་སྲེག་ནི༔ ལས་བཞི་གང་འདོད་ལྟ་བུར་སྤྱད༔ ནད་གདོན་གནོད་པ་ཀུན་ཞི་ནས༔ འཕྲིན་ལས་གང་བརྩམས་འགྲུབ་པར་འགྱུར༔ དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་སྙིང་འབྱིན་པའི་རྒྱུད་ལས༔ བསྐང་བཟློག་དང་སྦྱིན་སྲེག་བསྟན་པའི་ལེའུ་སྟེ་བཞི་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་དག་བཤད་བྱ་བ༔ དྲག་པོའི་ས་ལ་དཀྱིལ་འཁོར་བཞེང་༔ བསྙེན་སྒྲུབ་གསོ་ཞིང་སློབ་བུ་འཇུག༔ སྐུ་གསུང་ཐུགས་ཀྱི་དབང་བཞི་བསྐུར༔ སྨིན་ཅིང་གྲོལ་བའི་ལམ་ལ་འཇུག༔ རིམ་པ་གཉིས་ཀྱི་གསལ་སྣང་ཕོག༔ ལུང་བསྟན་གཟེངས་བསྟོད་རྣམས་ཀྱང་བྱ༔ དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་སྙིང་འབྱིན་པའི་རྒྱུད་ལས༔ དབང་གི་སྨིན་གྲོལ་བསྟན་པའི་ལེའུ་སྟེ་ལྔ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་དག་བཤད་བྱ་བ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ས་བདག་ཀླུ་ཡི་གདོན་གཞོམས་ནས༔ འགྲོ་བའི་བར་ཆད་སེལ་འདོད་ན༔ བྱ་ཁྱུང་སྤྲུལ་པའི་ལས་སྦྱོར་འབུངས༔ སྔགས་ཀྱི་ཐེམས་བཅུག་བསྒྲུབ་ཅིང་བསྙེན༔ ཁྲུས་ཀྱིས་བཀྲུ་ཞིང་བྱབ་པར་བྱ༔ ཀླུ་དང་ས་བདག་གནོད་པ་སེལ༔ སྡེ་བརྒྱད་འཁུ་བཟློག་སྤྱི་བདུད་བབས༔ ནའམ་རྐྱེན་ངན་བྱུར་སྐག་ལངས༔ བསུན་མ་ཕོག་དང་སྐྱ་མདའ་ཟུག༔ གླུད་ཀྱི་ཆོ་གས་རྐྱེན་ངན་བཟློག༔ འགྲོ་བ་བསོད་ནམས་དམན་པ་ཡིས༔ ས་བཅུད་ཉམས་ཤིང་ལྷ་སྲུང་གྱེས༔ ནག་ཕྱོགས་སྡེ་བརྒྱད་འཚུབ་པའི་ཚེ༔ འབྱུང་བ་འཁྲུག་པས་དབྱར་དགུན་ལྡོག༔ དེ་དུས་དབང་དྲག་རྣལ་འབྱོར་པས༔ ཏིང་འཛིན་གསལ་ཞིང་ལས་སྦྱོར་བརྩམས༔ འབྱུང་བ་འཁྲུག་པའི་བར་ཆད་བཟློག༔ དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་སྙིང་འབྱིན་པའི་རྒྱུད་ལས༔ ཕྲིན་ལས་ཀྱི་ཁ་བསྒྱུར་བསྟན་པའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡང་དག་བཤད་བྱ་བ༔ ཤིན་ཏུ་མི་བསྲུན་དྲེགས་པའི་ཚོགས༔ འཁུ་ཞིང་བཟློག་པས་ཆེར་གནོད་ན༔ དྲག་པོ་ཁྲོས་པའི་ཏིང་འཛིན་གྱིས༔ སྤྲུལ་པ་མེ་དབལ་སྤྱི་གཤེད་སྒྱུར༔ གཟེར་ཞིང་མནན་ཏེ་ཤི་ས་སྟོན༔ འཁུ་ཞིང་བཟློག་པ་བྱར་མི་ནུས༔ ཅེས་བཀའ་སྩལ་པ་དང་ཁྲོ་བོ་ཁྲོ་མོ་འཁོར་ཚོགས་དང་བཅས་པ་ཐམས་ཅད་དྲག་པོ་ཉིད་ལ་ཐིམ་ཞིང་༔ དྲེགས་པ་ཅན་ཐམས་ཅད་ཀྱི་བྲོ་བོར་ཆད་ཐོ༔ དབང་བསྐུར་ལུང་བསྟན༔ བསྟན་པ་བསྲུང་བར་བསྐོས་ཏེ༔ ཁྲོ་བོ་ཆེན་པོ་ལ་མངོན་པར་བསྟོད་ནས་རྗེས་སུ་ཡི་རང་བར་བྱས་ཤིང་༔ ཐམས་ཅད་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་ནས༔ སྤྲུལ་པའི་ཁྲོ་བོ་ཆེན་པོ་བརྗོད་མིན་ལྷན་ཅིག་སྐྱེས་པའི་དབྱིངས་ལ་ཐིམ་པར་གྱུར་ཏོ༔ དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་སྙིང་འབྱིན་པའི་རྒྱུད་ལས༔ དྲེགས་པ་ཅན་རྣམས་ཀྱི་ཤི་ས་བསྟན་པ་དང་༔ རྗེས་སུ་ཡི་རང་བའི་ལེའུ་སྟེ་བདུན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་སྙིང་འབྱིན་པའི་རྒྱུད་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀྭིརྟིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ། །


previousདྲག་པོ་ཆེན་པོ་ཁྲོས་པ་དྲེགས་པ་ཅན་ཐམས་ཅད་ཀྱི་སྙིང་འབྱིན་པའི་རྒྱུད།next