Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།

5 occurrences of འཆར་སེམས་
[Clear Hits]


  
  
  
  
  
  
 
རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལ་ཞབས་ཏོག་གི་ཚུལ་དུ་བྲིས་པ།
  
  
  
  
  
  
  


5 occurrences of འཆར་སེམས་
[Clear Hits]

 
previousརྩ་གསུམ་གསང་བ་སྙིང་ཐིགས་ཀྱི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལ་ཞབས་ཏོག་གི་ཚུལ་དུ་བྲིས་པ།next

རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལ་ཞབས་ཏོག་གི་ཚུལ་དུ་བྲིས་པ།

རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལ་ཞབས་ཏོག་གི་ཚུལ་དུ་བྲིས་པ་འགའ་ཞིག་བཞུགས་སོ། །ཨཱོཾ་སྭ་སྟི། །སྐྱབས་གནས་ཀུན་འདུས་ཁྱབ་བདག་དཔལ་ལྡན་རྩ་བའི་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་རྣམ་རོལ་མཚོ་སྐྱེས་རྗེ། །བརྒྱུད་གསུམ་རིགས་འཛིན་བླ་མར་གུས་ཕྱག་འཚལ། །ཐེག་དགུའི་རྩེ་རྒྱལ་ཟབ་གསང་རྫོགས་པ་ཆེའི། །རྒྱུད་ལུང་མན་ངག་ཀུན་གྱི་ཡང་སྙིང་མཆོག །གསང་བ་སྙིང་ཐིགས་བདེ་གཤེགས་སྤྱི་ལམ་ལ། །བརྟེན་ནས་སྐལ་བཟང་འཁྲིད་ཚུལ་འདིར་གསལ་བྱ། །དེ་ཡང་ཁྲིད་འཆད་པའི་ཐོག་མར་བདུད་ཀྱིས་མི་བརྫི་བའི་སྔགས་དང་ཉན་བསྐུལ་ཕྱི་ནང་གི་སྐྱོན་ཡོན་རྣམས་བཤད་པ་ནི་ཆོས་ནམ་འཆད་ཀྱི་ཐོག་མར་བཏང་ནས་དམིགས་རྐང་སྔོན་མ་བརྗེད་གསོས་མདོར་བསྡུས་ཙམ་དང་དམིགས་རྐང་དངོས་གཞི་གང་ཡིན་བརྡ་འཕྲོད་ངེས་ཞིབ་བཤད་མཛད་སྲོལ་སྣང་བ་ལྟར་བྱ་དགོས་ཤིང་། དེ་ལས་ཐོག་མར་འཁོར་བ་ལས་བློ་ལྡོག་ནས་ཐར་ལམ་ལ་འཇུག་པར་བྱ་བའི་རིམ་པ་ནི། དེ་ཡང་དང་པོ་འཁོར་འདས་ཀྱི་གྲུབ་གཞི་ཅི་ལྟར་ཞེ་ན། བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་ལས། དེ་ལ་ལྷུན་གྲུབ་རིན་པོ་ཆེའི་སྣང་ལུགས་འབྱུང་སྟེ༔ དེ་ནི་ཆོས་ཉིད་འབྱུང་བའི་གཞི༔ དེ་ལས་ནི་སངས་རྒྱས་འབྱུང་ངོ་༔ སེམས་ཅན་འབྱུང་ངོ་༔ ཡེ་ཤེས་འབྱུང་ངོ་༔ འོད་འབྱུང་ངོ་༔ རིག་པ་འབྱུང་ངོ་༔ མ་རིག་པ་འབྱུང་ངོ་༔ ལས་འབྱུང་ངོ་༔ ཐུགས་རྗེ་འབྱུང་ངོ་༔ ཡོད་པ་ལྟར་སྣང་བ་འབྱུང་ངོ་༔ དེ་ལ་ངོ་བོ་ཡོད་དོ༔ རང་བཞིན་སྣང་བ་ཡོད་དོ༔ ཐུགས་རྗེ་ལྟར་སྣང་བ་ཡོད་དོ༔ རྩལ་ཡོད་དོ༔ སྣང་བ་ཡོད་དོ༔ སེམས་ཡོད་དོ༔ ཡིད་ཡོད་དོ༔ འཁྲུལ་པ་ཡོད་དོ༔ མ་འཁྲུལ་པ་ཡོད་དོ༔ ཐམས་ཅད་འབྱུང་བ་ཆེན་པོའོ༔ དེ་ནི་སངས་རྒྱས་དང་སེམས་ཅན་གྱི་སྤྱི་པ་ཆེན་པོ་ཞེས་བྱའོ༔ ཞེས་པ་འཁོར་འདས་གཉིས་ཀའི་མིང་མེད་པའི་གོང་རོལ་དུ༔ གཞི་སྣང་སྟོང་པ་ཆེན་པོ་ཞེས་བྱ་བའི་ངང་དུ་ཐམས་ཅད་ཕྱམ་གཅིག་ཏུ་གནས་པ་ལས༔ རང་རིག་པ་དང་མ་རིག་པ་ཞེས་བྱ་བའི་རླུང་༔ བར་སྣང་སྟོང་པའི་རྩལ་ལས་སེར་བུ་ལྡང་བ་ལྟར་ལངས་པས༔ རང་རིག་པའི་ངོ་བོ་ཡེ་ནས་བྱ་རྩོལ་མེད་པར་བྱང་ཆུབ་པའི་དོན་དམ་པ་ཀློང་དུ་གྱུར་པས༔ གདོད་མའི་མགོན་པོ་ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ ཐལ་འགྱུར་ལས༔ དེ་ལྟར་འཁོར་འདས་ཐོག་མ་ལས༔ སངས་རྒྱས་འཁྲུལ་པར་མ་གྱུར་པས༔ གཞི་ལས་དཔག་པ་དབང་པོ་ཡི༔ རང་སྣང་རང་བཞིན་མེད་པར་ཤེས༔ རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར༔ འགྱུ་བ་རང་ཐོག་ཆོད་པའོ༔ ཅེས་སོ༔ རང་ངོ་མ་རིག་པར་སྒྲིབས་ཏེ༔ འཁྲུལ་པ་རྣམས་རིགས་དྲུག་ཏུ་མ་རིག་པའི་ལས་ཀྱིས་རྒྱུ་བྱས༔ ཀུན་བཏགས་ཀྱིས་རྐྱེན་བྱས་ནས་འཁྲུལ་པ་ཡིན་ཏེ༔ ཇི་སྐད་དུ། ཐིག་ལེ་མཆོག་གི་རྒྱུད་ལས༔ རྩ་བ་གཅིག་པའི་སེམས་ཉིད་ལས༔ ཐག་ཁྲ་སྦྲུལ་དུ་བཟུང་བ་ལྟར༔ ལྷན་སྐྱེས་མ་རིག་རྒྱུ་བྱས་ཤིང་༔ ཀུན་བཏགས་མ་རིག་རྐྱེན་བྱས་ནས༔ ལེ་ལོ་སྙོམས་ལས་དམན་ལ་སྤྱོད༔ ཆགས་སྡང་ལྔ་ལ་ལོངས་སྤྱོད་པས༔ དམྱལ་བས་ལྕགས་སྲེགས་ས་གཞིར་མཐོང་༔ ཡི་དྭགས་མི་གཙང་མཐོང་ཡུལ་སྣང་༔ བྱོལ་སོང་ངམ་གྲོག་གྱེན་ཐུར་མཐོང་༔ མི་ཡིས་འབྱུང་བ་བཞི་རུ་སྣང་༔ ལྷ་མ་ཡིན་གྱིས་གོ་མཚོན་མཐོང་༔ ལྷ་རྣམས་རིན་ཆེན་སྣ་བདུན་ཏེ༔ ཅེས་པས་དེ་ནི་འཁོར་འདས་གཉིས་ཀྱི་གྲུབ་གཞི་བསྟན་པའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཕྱི་སྣོད་ནང་བཅུད་ཀྱི་གྲུབ་ཚུལ་ནི༔ དག་པ་དང་མ་དག་པ་གཉིས་ཏེ༔ ཐལ་འགྱུར་ལས༔ ངོ་བོ་ཉིད་ཀྱི་ཡེ་ཤེས་ལ༔ རྣམ་པར་མཚོན་པ་ཀ་དག་ཀྱང་༔ འཁོར་བ་དང་ནི་མྱ་ངན་འདས༔ དག་དང་མ་དག་གཉིས་སུ་འབྱུང་༔ ཅེས་པའི་དག་པ་མྱ་ངན་ལས་འདས་པའི་སྐུ་དང་ཞིང་ཁམས་གྲུབ་ཚུལ་ནི༔ བཏགས་གྲོལ་སྙིང་པོའི་རྒྱུད་ལས༔ མ་བྱུང་མ་སྐྱེས་སྔོན་རོལ་ནས༔ ཐོག་མའི་མགོན་པོ་འོད་མི་འགྱུར༔ རང་བྱུང་ལྷུན་གྲུབ་སངས་རྒྱས་ཏེ༔ ཀུན་གྱི་འབྱུང་གནས་ཆེན་པོར་གནས༔ སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ༔ ཅེས་པའི་དཔེ་ནི་མེ་ལོང་རྣམ་པར་དག་པའི་ངོས་ལ་གཟུགས་བརྙན་གང་ཡང་འཆར་དུ་རུང་བའམ༔ ནམ་མཁའ་རྣམ་པར་དག་པ་ལ་ཉི་ཟླ་གཟའ་སྐར་ཐམས་ཅད་ལྷུན་གྲུབ་ཏུ་རང་ཤར་བ་ལྟར༔ ངོ་བོ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆ་ལས༔ འོད་བྱེད་སྣང་བ་ཆོས་ཀྱི་སྐུ༔ རང་བཞིན་དུ་གསལ་ལ་འགགས་པ་མེད་པའི་རོལ་པ་ལོངས་སྤྱོད་རྫོགས་སྐུ༔ གཉིས་མེད་གོ་མ་འགགས་པའི་ཐུགས་རྗེའི་རིག་རྩལ་ཀུན་ཁྱབ་ཏུ་བཞུགས་པ་སྤྲུལ་པའི་སྐུ༔ རྒྱུ་རྐྱེན་ཐམས་ཅད་དང་བྲལ་བ་རྡོ་རྗེ་ལྟ་བུའི་སྐུ༔ སྒྲིབ་པའི་ཚོགས་ཐམས་ཅད་ཀ་ནས་དབྱིངས་སུ་དག་པར་མངོན་པར་བྱང་ཆུབ་པའི་སྐུ༔ ངོ་བོ་ཉིད་རང་བཞིན་དག་པ་ཆེན་པོར་ཡེ་ནས་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ༔ དེའི་རང་མདངས་གོ་མ་འགག་པར་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས༔ དེ་དབྱེ་བསལ་ཐམས་ཅད་ཀྱི་མཐའ་ལས་རྣམ་པར་འདས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས༔ སོ་སོར་གསལ་ཞིང་ཡོངས་སུ་མ་འདྲེས་པར་རང་གསལ་བ་སོར་རྟོགས་ཡེ་ཤེས༔ མ་བྱས་འབད་པ་མེད་པར་རང་བཞིན་དུ་གྲུབ་པ་བྱ་གྲུབ་ཡེ་ཤེས༔ རང་བྱུང་རིག་པ་ཆེན་པོ་དེའི་ངོ་བོ་ལས༔ ཐམས་ཅད་མ་འདྲེས་པར་གསལ་ཞིང་སྣང་བ་རྣམ་པར་སྣང་མཛད༔ རང་རིག་པའི་ཡོན་ཏན་གོ་མ་འགག་པ་རིན་ཆེན་འབྱུང་ལྡན༔ ཐུགས་རྗེ་ཆེན་པོའི་སྟོབས་དང་ཡང་དག་པར་ལྡན་པས་ན་སྣང་བ་མཐའ་ཡས༔ ཤེས་པར་བྱ་བའི་མཐའ་ཐམས་ཅད་ལ་ཐོག་པ་མེད་པས་ན་དོན་ཡོད་གྲུབ་པ༔ གནས་ལུགས་ཀྱི་སྙིང་པོ་མཆོག་དེ་ནམ་ཡང་འགྱུར་བ་མེད་པས་ན་རྡོ་རྗེ་སེམས་དཔའ༔ དཀར་སེར་དམར་ལྗང་མཐིང་ག་ལ་སོགས་མཚན་མར་འཛིན་པའི་ཞེན་པ་བྲལ་བའི་སྐུ་མདོག་དང་ཞིང་ཁམས་ལ་སོགས་སྣང་ལ་རང་བཞིན་མེད་པ་ཆེན་པོར་ཡེ་ནས་ལྷུན་གྲུབ་ཀྱི་ཚུལ་དུ་རང་བྱུང་དུ་རང་ཤར་བས་ན་དག་པ་སྐུ་དང་ཞིང་ཁམས་སོ༔ མ་དག་པ་རིགས་དྲུག་གི་ཕྱི་སྣོད་ནང་བཅུད་ཀྱི་གྲུབ་ཚུལ་ནི༔ ཀློང་གསལ་ལས༔ ཡེ་ཤེས་ཉིད་ལས་མ་རིག་འཁྲུལ༔ ཡེ་ཤེས་ཁ་དོག་འབྱུང་བ་ལྔ༔ གདོད་ནས་ཡེ་ཤེས་རྩལ་ཉིད་དོ༔ འབྲལ་བ་མེད་ཀྱང་མ་རིག་འཁྲུལ༔ ཅེས་པས༔ ལྷུན་གྲུབ་ཆེན་པོའི་འོད་སྣང་རང་བྱུང་གི་འོད་དུ་ངོ་མ་ཤེས་པས༔ ཡུལ་སྣང་གི་འཛིན་པ་ཞུགས་ནས་ཕྱི་སྣོད་ནང་བཅུད་གཉིས་སུ་འཁྲུལ་ཏེ༔ ཐལ་འགྱུར་ལས༔ འཁྲུལ་པའི་རྒྱུ་ནི་མ་རིག་པ༔ མ་རིག་པ་ནི་རྣམ་པ་གསུམ༔ བདག་ཉིད་གཅིག་གི་འཁྲུལ་རྩ་བྱས༔ ལྷན་ཅིག་སྐྱེས་པའི་རྟོག་པ་གཉིས༔ ཀུན་ཏུ་བཏགས་ལས་ཡུལ་དུ་གྱུར༔ ཅེས་གསུངས་པས༔ དང་པོ་གདོད་མའི་གཞི་ནང་གསལ་ཆེན་པོ་དེ་ཉིད་ལའང་༔ གློ་བུར་བག་ལ་ཉལ་གྱི་དྲི་མ་ལུང་མ་བསྟན་ཙམ་དུ་ལུས་པ་དེ་ཉིད༔ བདག་ཉིད་གཅིག་པའི་མ་རིག་པ་སྟེ༔ འཁྲུལ་པ་ཐམས་ཅད་འབྱུང་བའི་རྩ་བའོ༔ ཐལ་འགྱུར་ལས༔ རྒྱུ་གཅིག་རྩ་བ་དབྱེར་མེད་དེ༔ རང་ངོ་ཡིན་པར་མ་ཤེས་པས༔ འདི་ནི་འཁོར་བའི་ཐོག་མའོ༔ ཞེས་སོ༔ གཉིས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ནི༔ གཞི་ལ་གཞི་སྣང་གི་རང་རྩལ་གསལ་བའི་དུས་སུ༔ ཕ་ཀི་ང་ལས་བྱུང་ངམ་ང་ཕ་ཀི་ལས་བྱུང་ངམ་སྙམ་པའི་རྟོག་པ་གཉིས་འགྱུས་པས༔ གཟུང་འཛིན་གྱི་རྟོག་པ་ཤར་རོ༔ ཀུན་ཏུ་བཏགས་པའི་མ་རིག་པ་ནི༔ འོད་སྣང་ཡུལ་དུ་བཅད་དེ༔ ཡུལ་ཡུལ་ཅན་དུ་བཟུང་བའི་རྟོག་པ་ཅུང་ཟད་རགས་པར་གྱུར་པས༔ ཀུན་ཏུ་བཏགས་པའི་ཡུལ་དུ་གྱུར་པ་ཉིད་དེ༔ རྒྱུད་ཀུན་གསལ་ལས༔ གཞི་ཉིད་རང་ངོ་མ་ཤེས་པའི༔ གཟུང་འཛིན་སྐྱེས་པའི་དུས་ན་འཁྲུལ༔ སྣོད་བཅུད་སྲིད་པ་རིམ་བཞིན་ཆགས༔ ཅེས་པའི་དང་པོ་རྒྱུའི་རྐྱེན་ནི༔ བདག་ཉིད་གཅིག་པའི་མ་རིག་པ་དེའོ༔ གཉིས་པ་བདག་པོའི་རྐྱེན་ནི༔ ལྷན་ཅིག་སྐྱེས་པའི་མ་རིག་པ་དང་༔ ཀུན་ཏུ་བཏགས་པའི་མ་རིག་པ་འཛིན་སྣང་དང་བཅས་པའོ༔ གསུམ་པ་དམིགས་པའི་རྐྱེན་ནི༔ དེ་གསུམ་མཚུངས་ལྡན་དུ་ཤར་བའི་དེ་མ་ཐག་པའི་རྐྱེན་བྱས་པ་ཡིན་ཏེ༔ བཀོད་པ་ཆེན་པོ་ལས༔ ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར༔ དེ་ཚེ་རྐྱེན་བཞིའི་འཁྲུལ་འཁོར་ལས༔ འཛིན་པའི་རྒྱ་དང་བཅས་པར་གྱུར༔ ཅེས་སོ༔ དེ་ཡང་འོད་ལྔ་ལས༔ འཛིན་སྣང་ཐ་དད་པས༔ ཕྱི་སྣོད་ཀྱི་འབྱུང་བ་བཞི་སོ་སོར་བྱུང་ཚུལ་ནི༔ ཀློང་གསལ་འབར་མ་ལས༔ འོད་ཁྱིམ་ཁ་དོག་ལྔ་པོ་ལས༔ མ་རིག་དངོས་པོ་ཅན་དུ་བཟུང་༔ འོད་ལྗང་བྱ་གྲུབ་ཡེ་ཤེས་ལ༔ དེར་འཛིན་ཞུགས་པས་རླུང་གི་གཞི༔ བྱི་བའི་ཁ་རླངས་ཙམ་ཞིག་བྱུང་༔ འོད་དཀར་མེ་ལོང་ཡེ་་ཤེས་ལ༔ དེར་འཛིན་ཞུགས་པས་ཆུ་ཡི་གཞི༔ དཀར་པོ་སྲན་མ་ཙམ་ཞིག་བྱུང་༔ འོད་སེར་མཉམ་ཉིད་ཡེ་ཤེས་ལ༔ དེར་འཛིན་ཞུགས་པས་ས་ཡི་གཞི༔ སེར་པོ་ར་རིལ་ཙམ་ཞིག་བྱུང་༔ འོད་དམར་སོར་རྟོགས་ཡེ་ཤེས་ལ༔ དེར་འཛིན་ཞུགས་པས་མེ་ཡི་གཞི༔ དམར་པོ་མཐེ་བོང་ཙམ་ཞིག་བྱུང་༔ འོད་མཐིང་ནམ་མཁའ་དང་འདྲ་བ༔ ཆོས་དབྱིངས་ཡེ་ཤེས་དབྱེར་མེད་གནས༔ ཅེས་པས༔ འོག་རླུང་རྒྱ་གྲམ་ཅུང་ཟད་གཡོས་པས༔ སྟེང་ཕྱོགས་ཀྱི་ཆུའི་དཀྱིལ་འཁོར་ལ་ཕོག༔ རླངས་པས་ས་ཡི་དཀྱིལ་འཁོར་དྲོས༔ དེ་ལས་འབྱུང་བ་བཞིའི་འོད་སྦྲ་ཕུབ་པ་ཙམ་གསུམ་བྱུང་༔ འོད་དཀར་པོ་གཉིས་ལས༔ ཉི་མ་ཟླ་བ༔ དེའི་རྩལ་ལས༔ གཟའ་དང་རྒྱུ་སྐར་ལ་སོགས་ནམ་མཁའི་བཅུད་དང་རྒྱན་དུ་གྲུབ༔ འོད་གཅིག་ལ་ལྷ་གནས་གོང་མ་སྐྱེ་མཆེད་མུ་བཞི༔ དེ་ནས་གཟུགས་ཁམས་གནས་རིས་བཅུ་བདུན༔ འཛིན་སྣང་གི་ཤེས་པ་ཇེ་རགས་སུ་སོང་བས༔ འདོད་པའི་ཁམས་ལ་སྤྱོད་པའི་སེམས་ཅན་རིགས་དྲུག་རྣམས་ཀྱི་ཚོགས་མང་པོ་བྱུང་སྟེ༔ ཀློང་གསལ་ལས༔ མ་རིག་བདག་འཛིན་དབང་གིས་ནི༔ རིགས་དྲུག་སེམས་ཅན་དཔག་མེད་བྱུང་༔ མ་རིག་འཁྲུལ་པ་འདི་ལ་ཟད་མེད་འཕེལ་བ་མེད༔ ཅེས་པས༔ ལྷུན་གྲུབ་ཀྱི་འོད་སྣང་རིམ་བཞིན་ནུབ་ནས༔ ནང་དུ་འོད་ལ་འཛིན་སྣང་ཐ་དད་དུ་ཤར་བས༔ འགྲོ་བ་རིགས་དྲུག་གི་རང་བཞིན་དུ་དེ་མ་ཁད་འཁྲུལ་པས་མཐོ་རིས་དང་ངན་སོང་གཉིས་སུ་གྲུབ་པ་སྟེ༔ བཀོད་པ་ཆེན་པོ་ལས༔ མ་རིག་འཁྲུལ་པས་འཛིན་པ་ཞུགས༔ འོད་དུ་གསལ་བ་རང་ནུབ་ཅིང་༔ མཐོ་རིས་ངན་སོང་གཉིས་སུ་སྲིད༔ ཅེས་པས༔ རིགས་དྲུག་རྣམས་སྡུག་བསྔལ་གྱིས་མནར་ཚུལ་ནི༔ མ་རིག་མུན་སེལ་ལས༔ དམྱལ་བ་དམྱལ་མེ་འབར་བས་འཇིགས༔ ཡི་དྭགས་བཀྲེས་ཤིང་སྐོམ་པས་འཇིགས༔ དུད་འགྲོ་གཅིག་ལ་གཅིག་ཟས་འཇིགས༔ མི་རྣམས་སྐྱེ་རྒ་ན་དང་འཆི༔ ལྷ་རྣམས་བག་མེད་པ་ཡིས་འཇིགས༔ ལྷ་མིན་མཚོན་ཆའི་འཁོར་ལོ་འབར༔ འཁོར་བ་འདི་ནི་སྡུག་བསྔལ་རྒྱུ༔ ཞེས་གསུངས་པ་ལྟར་སེམས་ཅན་རང་སྣང་འཁྲུལ་པའི་ལས་ཀྱིས་རང་ཉིད་མནར་བའི་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ཞིང་བདེ་ལྡན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་རྒྱལ་བ་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན་དེས་འགྲོ་བ་རང་རང་གི་སྐལ་པ་དང་འཚམས་པའི་ཆོས་སྒོ་མཐའ་ཡས་ཤིག་གསུངས་བ་ལས༔ འདིར་དེ་དག་ཐམས་ཅད་ཀྱིི་མདོ་དོན་གཅིག་ཏུ་བསྡུས་པའི་སྙིང་པོ་ཚེ་ལུས་གཅིག་གིས་སེམས་ཅན་སངས་རྒྱས་ཀྱི་སར་གྲོལ་བར་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་པ་ཟབ་མོ་སྟོན་པ་ལ། དང་པོ་སྨིན་བྱེད་དབང་ནི་གཞན་དུ་ཤེས་ལ། གཉིས་པ་གདམས་ངག་གི་སྒོ་ནས་གྲོལ་བྱེད་ཉམས་ལེན་བསྟན་པ་ལ། ཟབ་ལམ་བསྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད་དང་། ཟབ་ལམ་བསྒོམ་པ་དངོས་ལ་འཇུག་པ་དངོས་གཞིའི་ཁྲིད་གཉིས་ཀྱི། དང་པོ་ལའང་ཟབ་ལམ་བསྒོམ་པ་ལ་འཇུག་པར་བྱེད་པ་ཐུན་མོང་གི་སྔོན་འགྲོ་དང་། རྒྱུད་དག་པར་བྱེད་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས། དང་པོ་ཁྲིད་འཆད་པའི་ཐོག་མར་ཐུན་མོང་གི་སྔོན་འགྲོ་ལ་དལ་འབྱོར་རྙེད་དཀའ་དང་མི་རྟག་པ་བསྒོམ་པ་ལ་བརྟེན་ནས་ཚེ་འདི་ལ་མ་ཆགས་ཤིང་ཕྱི་མ་དོན་དུ་གཉེར་བ། སྐྱེས་བུ་ཆུང་ངུའི་ལམ། རྒྱུ་འབྲས་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་བསམ་པ་ལ་བརྟེན་ནས་འཁོར་བར་མ་ཆགས་དོན་དུ་གཉེར་འབྲིང་ལམ་པ། རང་དོན་ལ་མ་ཆགས་པར་གཞན་དོན་དུ་གཉེར་བ་ཆེན་པོའི་ལམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ལས། ༈དལ་འབྱོར་རྙེད་དཀའ་སོགས་སྔོན་འགྲོ་དངོས་གཞི་ཀུན་གྱི་ཐུན་མགོར་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་སྟེ། ཐོག་མར་རླུང་རོ་ལན་གསུམ་བསལ་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། དེ་ནི་བཅུད་བླུགས་པའི་སྔ་ལོགས་སུ་སྣོད་ལ་བཀྲུ་བཤལ་བྱེད་པ་དང་འདྲ་གསུངས། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླངས་སྙམ་དུ་སེམས་བསྐྱེད། སྤྱི་བོར་བླ་མ་བསྒོམ་ལ་མོས་གུས་ཚད་མེད་པས། རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་མཁྱེན་ནོ། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས་ཤིག །ཞེས་སོགས་འདོད་པའི་དོན་བཞིན་ཞེ་ཐག་པ་ནས་གསོལ་བ་གདབ། དེ་རྣམས་ཐུན་བསྒོམ་རེས་བཞིན་མགོ་འཛིན་གྱི་ཚུལ་དུ་ཐོག་མར་གཏོང་བ་ཕྱག་ལེན་ནོ། །དེ་ལ་དང་པོ་ལུས་རྙེད་དཀའ་བསམ་པ་ནི། དེ་ཡང་མི་ཁོམ་པ་བརྒྱད་དང་བྲལ་ནས། དལ་བ་བརྒྱད་དང་འབྱོར་བའི་ཆོས་བཅུ་སྟེ། མི་ཁོམ་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། ལྷ་ཚེ་རིང་པོ་དང་། མི་ཡིན་ཟིན་ཀྱང་ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་། ཀླ་ཀློ། དབང་པོ་མ་ཚང་བ་དང་། ལོག་ལྟ་བརྒྱད་རྣམས་ནི་ཆོས་བྱར་མི་ཁོམ་ལ། དེས་རྩིས་ན་རང་ཉིད་དགེ་བའི་ཆོས་བཅུས་འབྱོར་པ་ཏེ། སངས་རྒྱས་ཀྱི་བསྟན་པ་དང་འཛོམ་པའི་མི་ལུས་ཐོབ་པ། ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ། དབང་པོ་ལྔ་ལ་སྐྱོན་མེད་པ། མུ་སྟེགས་སོགས་ཕྱིན་ཅི་ལོག་གི་རྗེས་སུ་མ་ཞུགས་པ། དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པའི་རྗེས་སུ་ཞུགས་པའི་སྐྱེས་བུ་ཡོད་པ། ཆོས་སྟོན་པའི་བཤེས་གཉེན་ཀྱང་ཡོད་ལ། སྦྱིན་བདག་གིས་རྗེས་སུ་བརྩེ་བའི་སེམས་དང་མཐུན་རྐྱེན་སྦྱོར་བ་སྟེ་གཞན་འབྱོར་ལྔའོ། །དེས་ན་ཆོས་བྱེད་དུ་ཁོམ་ཞིང་ཡོད་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཤིན་ཏུ་རྙེད་པར་དཀའ་སྟེ། དེ་ཡང་ཇི་སྐད་དུ། དད་པ་ལྡན་ཞིང་མོས་གུས་ཆེ༔ དག་སྣང་བཟང་ཞིང་ཕྱོགས་རིས་ཆུང་༔ སྙིང་རྗེ་ཆེ་ལ་ཤེས་རབ་བཟང་༔ བརྩོན་འགྲུས་ལྡན་ཞིང་སྤོབས་པ་མཐོ༔ སེར་སྣ་ཆུང་ལ་ངང་རྒྱུད་དལ༔ ཆགས་ཞེན་མེད་ཅིང་དམ་ཚིག་གཙང་༔ དེ་ནི་རིགས་ལྡན་ཕུན་སུམ་ཚོགས༔ དེ་མིན་བླ་མེད་ཆོས་མི་འགྲུབ༔ མཐའ་འཁོབ་ཀླ་ཀློའི་ཡུལ་རྣམས་དང་༔ དབང་པོ་མ་ཚང་ལོག་ལྟ་ཅན༔ གཞན་དབང་སྤྱོད་དང་དད་པ་ཆུང་༔ མོས་གུས་མེད་ཅིང་གྲུབ་མཐའ་ཆེ༔ ཚེ་འདིར་ཞེན་ཅིང་ལེ་ལོ་ཅན༔ སེར་སྣ་ཆེ་ཞིང་སྙིང་རྗེ་ཆུང་༔ ཤེས་རབ་རྨོང་ཞིང་ཤེས་རྒྱུད་རྩུབ༔ འདི་ནི་ཆོས་ལས་རིང་བའི་ལུས༔ ནམ་ཡང་ཐར་པའི་གོ་སྐབས་མེད༔ དེ་ཕྱིར་སྐལ་ལྡན་སྣོད་བརྟགས་ཤིང་༔ བླ་མེད་ཆོས་འདི་སྟོན་མཁས་བྱ༔ ཞེས་གསུངས་པ་ལྟར་གྱི་སྐྱོན་མེད་ཡོན་ཏན་དང་ལྡན་པའི་ལུས་རྟེན་ནི་དཔེ་གྲངས་དུས་གསུམ་གྱི་སྒོ་ནས་རྙེད་པར་དཀའ་བའོ། །དང་པོ་དཔེ་ཡི་སྒོ་ནས་རྙེད་པར་དཀའ་བ་ལ་གསུམ་སྟེ༔ ཡིད་བཞིན་ནོར་བུ་ལྟ་བུའམ༔ ཨུ་དུམ་ཝ་རའི་མེ་ཏོག་གམ༔ ཞལ་ཞལ་གྱི་ལོག་གི་འབྲུ་སྲན་ལྟ་བུའོ༔ ཡིད་བཞིན་ནོར་བུ་ནི་ཤིན་ཏུ་འབྱུང་བ་དཀའ་སྟེ༔ ཐབས་དང་རྐྱེན་དང་ཡོ་བྱད་དང་༔ སྔོན་གྱི་སྨོན་ལམ་སྟོབས་པོ་ཆེ་རྣམས་མ་འཛོམ་ན་ནོར་བུ་ལོན་པའི་སྐབས་དང་བྲལ་བ་ལྟར༔ མི་ལུས་རིན་པོ་ཆེ་ཡང་སྔོན་བསྐལ་པ་ནས་བསྐལ་པ་མང་པོའི་གོང་ནས་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་རྣམས་ཀྱིས་ནི་ཐོབ་ཅིང་༔ དེ་མིན་པ་རྣམས་ཀྱི་རྙེད་པར་དཀའོ༔ ཨུ་དུམ་ཝ་རའི་མེ་ཏོག་ནི་ས་ཆ་གང་བྱུང་གི་ཡུལ་དུ་མི་སྐྱེ་ཞིང་༔ གལ་སྲིད་སྐྱེས་ཀྱང་རྐང་གཉིས་ཀྱི་གཙོ་བོ་མི་ཡི་སེངྒེ་འཇིག་རྟེན་དུ་བྱོན་ན་མ་གཏོགས་སྐྱེ་བའི་སྐབས་དང་བྲལ་བ་ལྟར༔ དལ་འབྱོར་མི་ལུས་ནི་འགྲོ་བ་གང་གིས་ཡང་མི་རྙེད༔ ཆོས་ལ་ཡང་དག་པར་སྤྱོད་པ་ཞིག་གི་འབྲས་བུ་ཁོ་ན་ལས་འབྱུང་དགོས་པས་རྙེད་པར་དཀའ་བའོ༔ ཞལ་ཞལ་ཤིན་ཏུ་འཇམ་པ་ཞིག་གི་ལོགས་ལ༔ འབྲུ་སྲན་ཁལ་སྟོང་ཕྲག་མང་པོ་གཏོར་ཀྱང་༔ གཅིག་ཙམ་ཡང་ཆགས་པར་མི་སྲིད་ཅིང་༔ གལ་སྲིད་ཆགས་པར་འགྱུར་རམ༔ དཔེ་དེ་ལས་ཀྱང་མི་ལུས་རྙེད་པར་དཀའ་འོ༔ གཉིས་པ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི༔ འབྲུ་ཡི་ཕུང་པོ་ཤིན་ཏུ་ཆེན་པོ་གཅིག་གི༔ རྩ་བ་ནི་རིགས་དྲུག་གཞན་དང་༔ རྩེ་མོ་ལྷ་མིའི་ལུས་ཀྱི་དཔེ་ཡིན་ཏེ་རྙེད་པར་དཀའོ༔ གཞན་ཡང་དབྱར་དུས་སུ་འབུ་སྦྲང་ནམ་མཁའ་དང་ས་གཞི་གང་ཞིང་འཁྱིལ་ཆུ་ཞིག་གི་ནང་ཁོ་ན་ལའང་ཅི་ཙམ་འདུག་ལ་བལྟས་ན་སྤྱིར་མི་ལུས་སྲིད་ཙམ་དང་མི་ལུས་ལའང་ཙམ་པོ་པ་མང་དུ་སྣང་ཞིང་༔ དེ་རྣམས་ཀྱི་ནང་ནས་ཆོས་ཚུལ་བཞིན་སྤྱོད་པའི་མི་ལུས་རིན་པོ་ཆེ་ཤིན་ཏུ་དཀོན་པས་ཀྱང་རྙེད་པར་དཀའ་བའོ༔ གསུམ་པ་དུས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི༔ མུན་ནག་གི་བསྐལ་པ་དང་༔ བར་སྟོང་གི་བསྐལ་པ་དང་༔ སངས་རྒྱས་བྱོན་ཡང་ཆོས་མི་གསུང་པའི་བསྐལ་པ་དང་༔ ཆོས་གསུངས་ཀྱང་སྣོད་དུ་མ་གྱུར་པའི་རིགས་ལ་སོགས་པ་རྣམས་སུ་མ་སྐྱེས་པར༔ སྟོན་པ་བྱོན༔ ཆོས་གསུངས༔ བསྟན་པ་གནས་པའི་དུས་སུ་མི་ལུས་ཐོབ་པ་འདི་དཀའ་བའོ༔ ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་སྤྲུལ་པ་ཡང་སྤྲུལ་རྣམས་ཀྱང་སྨྲ་ཤེས་དོན་གོ་མིའི་འཇིག་རྟེན་དུ་བྱོན་པ་རྣམས་མཆོག་གི་སྤྲུལ་པ་ཡིན་ཏེ་འགྲོ་བ་མཐའ་དག་གི་དོན་བྱེད་པར་ནུས་ཤིང་༔ སོ་སོའི་སྐད་དུ་ཆོས་ཀྱི་འཁོར་ལོ་ཡང་དེར་མཐུན་དུ་བཤད་པར་ནུས་ཤིང་༔ རིགས་དྲུག་གཞན་གྱི་ཡུལ་དུ་སྤྲུལ་པ་བཀྱེས་པ་རྣམས་ཀྱིས་ནི༔ སོ་སོའི་ཡུལ་དེ་མ་གཏོགས་གཞན་ལ་ཆོས་སྟོན་པ་དང་༔ སྤྲུལ་པ་བཀྱེ་བ་སོགས་ནི་མི་ནུས་ཏེ༔ ཆོས་ཀྱི་ཁམས་ལ་སྤྱོད་པའི་དགེ་བའི་རྟེན་མི་ལུས་ཁྱད་པར་དུ་འཕགས་པས༔ སྤྲུལ་པ་དང་ཆོས་ཀྱི་ཐེག་པ་རྣམས་ཀྱང་ཁྱད་པར་དུ་འཕགས་པའོ༔ དེ་ཡི་ཕྱིར་ན་མི་ལུས་འདི་ཐོབ་པ་ཤིན་ཏུ་དཀའ་བ་ཡིན་ཏེ༔ ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས༔ མི་ཁོམ་པའི་གནས་རྣམས་ལས་ལོང་ཞིང་༔ དལ་འབྱོར་གྱིས་བརྒྱན་པའི་མི་ལུས་འདི་ཤིན་ཏུ་ཐོབ་པར་དཀའོ༔ ཞེས་དང་༔ མངོན་པ་ལས༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ཀླ་ཀློ་ཚེ་རིང་ལྷ་དང་ནི༔ ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ༔ ལྐུགས་པ་འདི་རྣམས་མི་ཁོམ་བརྒྱད༔ ཅེས་པས། དེ་ལྟར་སྡུག་བསྔལ་གྱི་གྲོང་བརྒྱད་དང་། མི་ཁོམ་པའི་གནས་བརྒྱད་ལས་ལོག་ཅིང་༔ ཆོས་ལ་འཇུག་པའི་སྐལ་པ་ཅན་འབྱོར་པ་བཅུས་ཕྱུགས་པའི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་ཞིང་༔ འབྱོར་པ་བཅུ་ཡང་༔ ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས༔ མིར་གྱུར་ཡུལ་དབུས་སྐྱེས་དང་དབང་པོ་ཚང་༔ ལས་མཐའ་བཟང་པོས་བསྟན་ལ་དད་པ་དང་༔ སངས་རྒྱས་བྱོན་ཞིང་ཆོས་ཀྱི་བསྟན་པ་གནས༔ ཐེག་པར་ཞུགས་ཤིང་སྙིང་རྗེས་ཡོངས་སུ་ཟིན༔ ཅེས་པ་དང་༔ པདྨ་དཀར་པོ་ལས༔ མིར་སྐྱེས་པ་ནི་རྙེད་པར་དཀའ༔ སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ༔ དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ༔ དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ༔ ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ༔ ཅེས་སོགས་རྒྱ་ཆེར་ཡང་དག་པར་བསྔགས་པའི་ལུས་རྟེན་འདི་ལྟ་བུ་ཐོབ་པའི་དུས་སུ༔ ཆོས་ཚུལ་བཞིན་སྤྱོད་པའི་རྟེན་དང་གྲོགས་དམ་པར་སྤྲོ་བ་ཡང་ཡང་བསྐྱེད་ཅིང་ལམ་དུ་འཁྱེར་བར་བྱ་ཞིང་༔ སྐབས་སུ་འདི་ལྟར་ཡང་བསྒོམ་པར་བྱ་སྟེ། དབེན་པར་གཅིག་པུར་གནས་ཤིང་བདེ་བའི་སྟན་ལ་རྐང་པ་ཕྱེད་སྐྱིལ་གྱི་གཡས་པ་ས་ལ་བཙུགས་ཏེ་བསླང་། གཡོན་པུས་མོ་ཕབ་པ་ལག་པ་གཡས་ཀྱི་གྲུ་མོ་པུས་མོ་ལ་བཙུགས་ཏེ་འགྲམ་པ་སྐྱོར། གཡོན་པུས་མོར་བཀབ་སྟེ་མྱ་ངན་གྱི་འདུག་སྟངས་བཅས་ལ། དམིགས་པ་ནི་ཡུལ་ཕྱོགས་ཐམས་ཅད་ཡངས་ཤིང་རྒྱ་ཆེ་བ་ལ་ངན་སོང་གསུམ་གྱི་སེམས་ཅན་བསམ་གྱིས་མི་ཁྱབ་པ་རང་རང་གི་སྡུག་བསྔལ་གྱིས་མནར་ཏེ་ངུ་ཙི་དི་རི་བ། དེའི་དཀྱིལ་དུ་བྲག་རི་ཤིན་ཏུ་མཐོ་བ་ཅིག་གི་སྟེང་ན་རང་གཅིག་པུ་གྲོགས་མེད་པར་མི་ལུས་ཐོབ་ནས་ཡོད་པས། དེ་ཉིད་མར་ལྷུང་ལ་ཁད་ཡོད་པ་ལ། འདི་སྙམ་དུ་ཨ་ཙ་མ། དམྱལ་བ་ཡི་དྭགས་དུད་འགྲོ་དཔག་ཏུ་མེད་པ་འདི་ལྟ་བུའི་ནང་ནས་རང་གཅིག་པུ་མི་ལུས་ཐོབ་པ་འདི་སྔོན་དགེ་བའི་མཐུ་གཅིག་ལ་བརྟེན་ནས་སྟབས་ཀ་ལེགས་པ་ཙམ་འདུག་ཀྱང་། ཆོས་མེད་པར་མ་ཀི་སྡུག་བསྔལ་ཚན་པོ་ཆེ་དེར་མྱུར་དུ་འགྲོ་དགོས་པ་འཕངས་པ་ལ། དེ་མ་ཀིར་མི་ལྷུང་བའི་ཐབས་ཇི་ལྟ་བུ་ཞིག་དྲག་གམ། ཨ་རྫི་འཇིགས་པ་ལ་སྙམ་པའི་ངང་ནས་ཚིག་འདི་ལྷང་ལྷང་དུ་བརྗོད་ཅིང་། ཨ་ཙ་མ་ནི་ང་རེ་འཇིགས། ངན་སོང་སེམས་ཅན་མང་ལུགས་སམ། །མི་ལུས་ཐོབ་པའི་དཀོན་ལུགས་སམ། །མ་གིར་ལྷུང་བའི་མགྱོགས་ལུགས་སམ། །རྙེད་པར་དཀའ་ལ་འཇིག་པར་སླ། །འདི་ལས་ཇི་ལྟར་བྱས་ན་ཐར། །ཐབས་ཤིག་ཡོད་ན་བསྒྲུབ་པ་ལ། ཞེས་སྨྲེ་སྔག་ལྷང་ལྷང་ཡོད་པའི་ཚེ་སྟེང་གི་ནམ་མཁའ་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་གཉིས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་བཅས་པ་བྱུང་སྟེ་འདི་སྐད་དུ་གསུངས་པར་བསྒོམ་ལ། ཀྱེ་མ་དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ། །མྱུར་དུ་ངན་འགྲོའི་གནས་སུ་ལྷུང་ལ་ཁད། །ད་རེས་འདི་ལ་དོན་ཆེན་མ་སྒྲུབ་ན། །ཕྱིས་ནས་མི་ལུས་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་མ་ཐག་ཏུ་རང་གི་བསམ་པ་ལ། ད་ལན་བདག་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱས་ནས་བདག་གིས་སེམས་ཅན་གཅིག་ཀྱང་མ་ལུས་པ་བསྒྲལ་བར་བྱའོ་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ་བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་ཞིག་བདག་ལ་ཟུག་པ་ཙམ་གྱིས་རང་ཉིད་བདེ་ཆེན་གྱི་ཞིང་དུ་ཡེར་གྱིས་སླེབ་བྱུང་སྙམ་པ་དང་བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས་ཏེ་སེམས་ཅན་དེ་དག་གཅིག་ཀྱང་མ་ལུས་པར་བདེ་ཆེན་གྱི་གནས་སུ་དྲངས་པར་བསམ་ཞིང་སེམས་ཅན་ལ་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། ༈ །གཉིས་པ་ཚེ་མི་རྟག་པའི་ཚུལ་ལ་བསམ་པ་ནི། ཐོབ་པར་དཀའ་བའི་དལ་འབྱོར་རིན་པོ་ཆེ་ལ་སྙིང་པོ་ལེན་པའི་ཐབས་ལ། སྡར་མའི་པང་དུ་སྦྲུལ་ཞུགས་པའམ། སྒེགས་མོའི་མགོ་ལ་མེ་ཤོར་བ་ལྟར་སངས་བྱེད་གནང་བྱེད་ཀྱི་ཕྱི་བཤོལ་དུ་མ་སོང་བར་འཕྲལ་རང་དུ་དོན་ཚགས་སུ་འཛུག་དགོས། དེའི་རྒྱུ་མཚན་རང་རེ་རྣམས་ཀྱིས་ད་རེས་རྙེད་དཀའ་རྟེན་འདི་ཐོབ་ཏུ་ཟིན་ཀྱང་རིང་པོར་མི་སྡོད་པར་འཆི་ངེས་པ་ཅན་ཏེ། སྐྱེས་ཕན་ཆད་མ་ཤི་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་རང་ཡང་མ་མཐོང་ཞིང་མ་ཐོས་ལ་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་པ་ཡིན་ཏེ། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། སྐྱེས་ནས་གང་ཞིག་མ་ཤི་བ། །གལ་ཏེ་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པས་ངེས་པར་འཆི་དགོས་པ་ཡིན། དེ་ཡང་མི་རྟག་པའི་གཏམ་ལས། ལྟག་ཆུ་ཆད་པའི་རྫིང་བཞིན་དུ། །བསྣོན་མེད་འགྲིབ་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་བརྟན། ཞེས་པས་ཚེ་ལ་གུད་ནས་བསྣོན་པ་མེད་ཅིང་། འགྲིབ་པ་ཡོད་པས་མྱུར་དུའང་འཆི་སྟེ། ལྷག་ཆུ་ཆད་པའི་རྫིང་བུ་མཐིལ་རྡོལ་ལྟར་ཚེ་འཛད། ཉི་མ་ནུབ་པའི་གྲིབ་སོ་ལྟར་ཚེ་འགྲིབ། འབྲུ་ཡི་བང་མཛོད་བཅུས་པ་ལྟར་ཚེ་འཛད། གསོད་སར་ཁྲིད་པའི་སེམས་ཅན་གྱི་གོམ་པ་སྤོས་པ་བཞིན་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་ཀྱང་འཆི་བ་ལ་ཐག་ཇེ་ཉེ་རུ་སོང་བ་འདི་མ་ཚོར་བ་མཚང་རེ་ཆེ། དེར་མ་ཟད་དོ་ནུབ་རང་ཡང་མི་འཆི་སྙམ་པའི་བློ་གདེངས་ཐུབ་པ་མ་ཡིན་ཏེ། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིག་མ་ཡིན། ཞེས་གསུངས་ཞིང་། སྤྱིར་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་མཐའ་ལྷུང་བ་བཞི་ལས་མ་འདས་པས། སྔར་ཕན་ཆད་མ་བསམ་པས་ལན། དེ་བསམ་ན་རང་གི་ལུས་ཆུའི་ལྦུ་བ་ལྟ་བུ་འདི་ངེས་པར་འཇིག་པའི་རང་བཞིན་ཅན་ཡིན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་དང་བཅས་པ་འདི་ཡང་ཐོག་མར་ཆགས། བར་དུ་གནས། མཐར་མེ་ཆུ་རླུང་གསུམ་གྱིས་འཇིག་ཅིང་། ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཉི་ཟླའི་འཆར་ནུབ་ཀྱི་ཚུལ་། སྐད་ཅིག་མ་སྔ་ཕྱིའི་བྱེ་བྲག་དང་། བཅུད་ཀྱི་སྐྱེ་འགྲོ་ཆེན་པོ་སངས་རྒྱས་བྱང་སེམས་ཉན་རང་ནས། རགས་པ་ཚངས་པ་བརྒྱ་བྱིན་རྒྱལ་པོ་ཆེན་པོ་རྣམས་དང་། ཕྲ་བ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་ངེས་པར་འཆི་དགོས་ཤིང་། མདོར་ན་འབྱུང་བ་བཞི་ལས་གྲུབ་པའི་ལུས་གཅིག་བླངས་ཕྱིན་ཆད། འཚོ་བའི་རྐྱེན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ཞིང་། འཆི་བའི་རྐྱེན་ནི་སྙིགས་མ་ལྔ་བདོ་བ་ན་ནད་གདོན་རྐྱེན་ངན་ས་ཆེན་པོའི་རྡུལ་གྱི་གྲངས་ལས་ཀྱང་མང་བས་གར་འཆི། འདིར་འཆི། ནམ་འཆི་ཆ་མེད་པས་མི་རྟག་པའོ། བར་རང་གི་སྒྱུ་ལུས་མི་རྟག་པ་ཡང་མི་གཙང་བའི་རྫས་ངན་ལས་གྲུབ་ཅིང་། འབྱུང་བཞིའི་ཁམས་ལས་ཆུ་བུར་རྡོལ་བའི་ལུས་ངན་འདི་ལ་སྔོན་གྱི་བསོད་ནམས་ཀྱི་བསགས་རྒྱབ་ཡང་གཟུགས་འདི་ལས་གྲུབ་པ་ཞིག་ལས་གཞན་དུ་མེད་མོད་པས་མྱུར་དུ་མི་རྟག་ལ། །དེ་ཚེ་འཇམ་དཔལ་རྣམ་རོལ་ལས། །ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ། ཞེས་པས། རང་གིས་བརྩེགས་པའི་མཁར། བསགས་པའི་ནོར། འགྲོགས་པའི་ཉེ་འབྲེལ་སོགས་ཐམས་ཅད་ཆམ་གྱིས་བསྐྱུར་ནས་རང་ཉིད་གཅིག་པུར་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་འཇིག་རྟེན་ཕ་རོལ་ཏུ་ནམ་འགྲོ་ཆ་མི་འདུག་པས་ཚེ་མཇུག་སྤྲིན་བར་གྱི་ཉི་ཞུར་ཙམ་འདི་ལ་བློ་སྣ་བསྟུངས་ཏེ། སྐྱེ་བ་གཏན་གྱི་འདུན་མ་ཚགས་སུ་ཚུད་པའི་ཆོས་ཤིག་མི་བྱེད་རེ། ཤི་སྙམ་དུ་དྲག་ཏུ་བསམ་པར་རིགས་ཏེ། ཁྱོད་ཀྱི་བྱ་བ་ཟིན་ནམ་ཞེས། །འཆི་བདག་སྡོད་པར་མི་འགྱུར་གྱི། །གང་ཞིག་བསྒྲུབ་དགོས་དམ་པའི་ཆོས། །དེ་རིང་ཉིད་དུ་བསྟུད་ལ་གྱིས། །ཞེས་དང་། སློབ་དཔོན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཙམ་གཏི་མུག་གཉིད༔ ཕྱེད་ཀྱང་སུམ་གཉིས་རྣམ་གཡེང་འདུ་འཛི་སྟེ༔ སུམ་ཆ་གཅིག་ལའང་བར་ཆད་རྐྱེན་དབང་མང་༔ དེ་ཕྱིར་འདུ་བྱེད་སྟོན་ཀའི་སྤྲིན་བཞིན་གཡོ༔ ཚེ་སྲོག་ནམ་མཁའི་གློག་ལྟར་མི་བརྟན་ཅིང་༔ ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་༔ ལང་ཚོ་ལྡན་པའི་ལུས་ཀྱང་མྱུར་དུ་འཇིག༔ དེ་ཚེ་ཕན་པའི་ཐབས་ལ་བརྩོན་པར་གཅེས༔ ཞེས་པས་འཆི་བ་མི་རྟག་པ་སྙིང་ཁོང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་ཐོན་ཐོན་བསྒོམ་ཞིང་། ཚེ་གང་ཆོས་ཀྱིས་འདའ་བའི་ལམ་ཁྱེར་ལ་བརྩོན་པར་བྱའོ། ༈ །ཡང་ལུས་གནད་གོང་ལྟར་རམ་སྐྱིལ་ཀྲུང་བཅས་ལ་དམིགས་པ་ནི། བདག་གང་ནས་ཕྱིན་ཆ་མེད་པར་ལུང་པ་ཁ་བྱང་དུ་བསྟན་པ། ཁ་དོག་ནག་པ་གྱང་སྟོང་དམར་སང་སང་བ། མིའི་རྒྱུ་འགྲུལ་མེད་པ། རྫ་རི་སྔོ་དཔུང་སྤུང་པར་རྫ་ཆུ་སྔོ་ཁྲ་ལ་ལ་འབབ་པ། གྲོག་རལ་ཁམ་ཤལ་བ། འཇག་སྐྱ་སྐྱུ་རུ་རུ་ཟེར་བ། མི་རོ་མང་པོ་གཅན་གཟན་གྱིས་ཕར་ཚུར་འཐེན་པ། ཝ་མོ་ཁེང་ཁེང་བརྒྱལ་པ། བྱ་རོག་སྟོང་སྟོང་གྲགས་པ། འུག་པ་ཧ་ཧ་སྒྲོགས་པ། བྲག་རི་མཐོ་སང་སང་། ལྷག་པ་འུར་རུ་རུ་ཟེར་བ། ཉི་མ་རི་རྩེ་ལ་ནུབ་པ། གྲིབ་སོ་ནག་ངམ་ངམ་པའི་ས་དེར་སླེབས་ཏེ། སྔོན་ཆད་འགྲོ་ནི་མ་མྱོང་། གྲོགས་མེད་གཏད་སོ་མེད་པར་ཐོམ་ཐོམ་དུ། །ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །གར་འགྲོའི་གཏད་སོ་བདག་ལ་མེད། །བུ་དང་ནོར་རྫས་གར་ཡོད་དམ། །ཡུལ་དང་ཕ་མ་ནམ་སླེབ་བམ། ཀྱེ་མ་ཀྱི་ཧུད་ང་རེ་སྐྱོ། །ཞེས་ལྷང་ལྷང་ཟེར་ཞིང་ཐོམ་ཐོམ་ཕྱིན་པ་ལས། ནམ་ཞིག་རྩ་ན་བྲག་རོང་ཞིག་ཏུ་ལྷུང་བར། ལག་པ་གཡབ་པས་བྲག་གི་དཀྱིལ་དེར་རྩ་ཕོན་གཅིག་འདུག་པ་དེ་ལ་ཟིན་ཏེ། དམ་དུ་བཅངས་ཤིང་འདར་ཕྲི་ལི་ལི་ཡོད་པ་ལ། མར་ལ་བལྟས་པས་ན་གཏིང་མི་མངོན་པ། ཡར་ལ་བལྟས་པས་ན་གནམ་ལ་སྙེགས་པ་མེ་ལོང་གི་ངོས་ལྟར་འདྲེད་ཅིང་རྒྱ་ཆེ་བ་རླུང་འུར་རུ་རུ་ཟེར་བ་ཞིག་ཏུ་ཡོད་པ་ལས། རྩ་ཕོན་དེའི་གཡས་ཕྱོགས་ཀྱི་བྲག་གི་སེར་ཁ་གཅིག་ནས་བྱི་བ་དཀར་པོ་གཅིག་བྱུང་ནས་རྩ་ཉག་མ་གཅིག་བཅད་དེ་ཁྱེར་སོང་། གཡོན་ཕྱོགས་ནས་བྱི་བ་ནག་པོ་ཞིག་བྱུང་ནས་རྩ་ཉག་མ་གཅིག་བཅད་དེ་ཁྱེར་སོང་། དེ་གཉིས་རེས་མོས་བྱས་ཏེ་ཁྱེར་བས་རྩ་ཕོན་དེ་ཇེ་ཆུང་ཇེ་ཆུང་ལ་སོང་། བྱི་བ་ལ་རྒོལ་ཐབས་ནི་མེད། ཤི་བ་ལ་ནི་འཇིགས། དངངས་སྐྲག་འདར་ཏེ། ཨ་ཙ་མ། ད་ནི་བདག་ལ་འཆི་བ་སླེབ་ཏེ་གདའ། བོས་པས་ཐོས་པའི་ས་ནི་མེད། སྔོན་ཆད་འཆི་བ་མ་དྲན་པས་ཆོས་ནི་མེད། ཤི་བ་ཡོང་རྒྱུ་ཡིད་ལ་མེད་པར་གློ་བུར་དུ་སླེབས། ད་ནི་བུ་ཚ་ནོར་རྫས་ཉེ་འབྲེལ་ཡུལ་མི་ཁྱིམ་མཚེས་དང་དེ་རིང་ནས་བྲལ་ཏེ་དེང་ཕྱིན་ཆད་འཕྲད་ནི་མི་ཡོང་། སྔོན་ལ་དགེ་བ་ནི་མ་བྱས། ནོར་བསགས་པ་ནི་ཤུལ་དུ་ལུས། །སྔོན་ཆད་འགྲོ་མ་མྱོང་བའི་གཤིན་ཡུལ་མུན་ནག་ཐག་རིང་དུ་གྲོགས་མེད་གཅིག་པུར་འགྲོ་དགོས་པ་ཨ་རྫི་འཇིགས་པ་ལ། འདི་ལས་ཐར་ཐབས་ཅི་དྲག་གམ། གང་ན་ཡོང་། ཅི་ཙུག་བྱེད། ཨ་ཙ་མ། འདི་ལས་ཇི་ལྟར་བྱས་ན་ཐར། ཞེས་སྨྲེ་སྔགས་ལྷང་ལྷང་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་པད་ཟླའི་སྟེང་ན་རུས་པའི་རྒྱན་དྲུག་གསོལ་ནས་ཌཱ་དྲིལ་བསྣམས་ཏེ་གར་སྟབས་ལིང་ལིང་བྱོན་ཅིང་འདི་སྐད་དུ། ཀྱེ་མ་ད་ནི་མི་རྟག་མྱུར་དུ་འཇིག །ཕྱི་ཡི་དུས་བཞི་མི་རྟག་འགྱུར་ཞིང་འགྲོ། རྒན་རིམ་དགྲ་གཉེན་ཐམས་ཅད་འཆི་དང་གུད། །གཞོན་རིམ་དར་མ་ལོ་ཟླ་ཞག་གྲངས་འགྱུར། །འཆི་བ་འདི་ལ་བཟློག་པ་ཅི་ཡང་མེད། །བཟློག་ཐབས་འདུག་གམ་ད་ལྟ་འདི་ལ་ལྟོས། །ད་ནི་ལོང་མེད་བླ་མར་མོས་གུས་མཛོད། །ཅེས་གསུང་པ་དེ་ཐོས་པ་ཙམ་གྱིས། ཀྱེ་མ་འདི་ལྟ་བུའི་འཆི་བ་ལ་མ་ཐུག་པའི་ཚེ། ཆོས་ཤིག་བྱ་རྒྱུ་ཡིན་པར་འདུག་པ་ལ། དེ་སྔ་ཆོས་ཤིག་མ་བྱས་ང་རེ་འགྱོད། ད་ནི་ཤི་རུང་གསོན་རུང་བླ་མ་དཀོན་མཆོག་མཁྱེན། བླ་མ་དཀོན་མཆོག་ལ་ཐུགས་རྗེ་ཡོད་ན་བདག་འཁོར་བའི་གཡང་ས་ཆེན་པོ་འདི་ལས་བསྒྲལ་ན་ཅི་མ་རུང་བསམ་ཞིང་བླ་མ་དཀོན་མཆོག་མཁྱེན་ཞེས་སྙིང་ཐག་པ་ནས་མོས་གུས་དྲག་པོ་བྱས་པ་ཙམ་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་ཞིག་བདག་ལ་ཟུག་པ་དང་རྩྭ་ཕོན་ཆད་པ་དུས་མཚུངས་ཏེ། རང་འོད་ཟེར་དེས་གཡེངས་ཀྱིས་བཏེགས་ནས་བདེ་ཆེན་གྱི་ཞིང་དུ་སླེབ་སོང་སྙམ་པ་དང་། བདག་གི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་མེད་འཕྲོས་པས། ཁམས་གསུམ་གྱི་སེམས་ཅན་གཅིག་ཀྱང་མ་ལུས་པར་བདེ་ཆེན་གྱི་ཞིང་དུ་དྲངས་བར་བསམ་ཞིང་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། ༈ །གསུམ་པ་རྒྱུ་འབྲས་སྤང་བླང་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་རྣམས་བསམ་པ་ནི། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པས་ས་བོན་མངར་ཁ་ལས་འབྲས་བུ་སོ་སོར་སྨིན་པ་ལྟར། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི་ལས་དགེ་བ་དང་མི་དགེ་བ་གཉིས་ཡིན་པས་ཐར་འདོད་རྣམས་ཀྱིས་བླང་དོར་མ་ནོར་བར་བྱ་དགོས་ཏེ། སློབ་དཔོན་ཆེན་པོས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་འགྱུར་བའི༔ སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ༔ ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན༔ འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར༔ སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང་༔ བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ༔ ཞེས་གསུངས་པ་བཞིན་ནོ། །དེ་ལ་བཞི་སྟེ། དགེ་མི་དགེའི་དབྱེ་བ་ས་མཚམས་ལྕི་ཡང་འབྲས་བུའོ། །དང་པོ་དབྱེ་བ་ལ། དགེ་བ་ནི་སྤང་བྱ་སྤོངས་ཚུལ་ལ་ལྟོས་ནས་བཅུ་སྟེ། སེམས་ཅན་གྱི་སྲོག་སྐྱོབས་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ་སྟེ་ལུས་ཀྱི་ལས་གསུམ། བདེན་པར་སྨྲ་བ། ཞི་ཞིང་དེས་པར་སྨྲ་བ། མི་མཐུན་པ་བསྡུམས་པ། གཞན་གྱི་ཡོན་ཏན་བརྗོད་པ་སྟེ་ངག་གི་བཞི། ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་པ་སྟེ་ཡིད་ཀྱི་ལས་གསུམ་མོ། །ཡང་བསླབ་བྱ་སློབ་ཚུལ་ལ་ལྟོས་ནས་ཀྱང་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་སྟོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་དང་། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། ཐུན་མོང་རྒྱུད་ལ་བསྐུལ་ཚུལ་ལ་ལྟོས་ནས་སྦྱིན་སོགས་ཕར་ཕྱིན་བཅུའོ། །དེ་ལྟ་བུའི་དགེ་བ་དེ་དག་ཕྲ་ཞིང་ཕྲ་བའང་ཁྱད་དུ་མི་གསོད་པར་དང་དུ་བླང་བར་བྱ་སྟེ། ཆུང་ངུ་བསགས་པས་ཀྱང་ནམ་ཞིག་ཆེན་པོར་འགྱུར་བའི་ཕྱིར་སྟེ། ཆུའི་ཐིག་པས་བུམ་པ་རིམ་བཞིན་འགེངས་པ་བཞིན་ནོ། །དེ་ཡང་སྡུད་པ་ལས། ཆུ་ཡི་ཐིག་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། ཞེས་སོ། དེ་བཞིན་དུ་དགེ་བའི་མི་མཐུན་པའི་ཕྱོགས་མི་དགེ་བ་ནི། བྱེད་པ་པོ་ལ་ལྟོས་ནས་ལུས་ངག་ཡིད་གསུམ་གྱི་དབྱེ་གཞི་ལས་བཅུ་སྟེ། བསམ་བཞིན་དུ་མ་ནོར་བར་སེམས་ཅན་གསོད་པ། གཞན་གྱི་ནོར་བརྐུ་འཕྲོག་གི་སྒོ་ནས་མ་བྱིན་པར་ལེན་པ། ཡུལ་མ་ཡིན་པ་ལ་འཁྲིག་པ་སྤྱོད་པ་སོགས་འདོད་ལོག་སྟེ་ལུས་ཀྱི་ལས་གསུམ། བདེན་པའི་འདུ་ཤེས་བསྒྱུར་ནས་བརྫུན་སྨྲ་བ། གཞན་གྱི་ཞེར་འདེབས་པའི་ཚིག་རྩུབ། གཞན་མཛའ་བ་འབྱེད་པའི་ཕྲ་མ། དེ་གསུམ་མ་ཡིན་པའི་ཉོན་མོངས་པ་ཅན་གྱི་ཚིག་སྨྲ་བ་ཐམས་ཅད་ངག་འཁྱལ་ཏེ་ངག་གི་བཞི། གཞན་ནོར་ཁོ་ལ་མེད་ཀྱང་རུང་ང་ལ་ཡོད་ན་སྙམ་པའི་བརྣབ་སེམས། གཞན་ལ་ཞེ་སྡང་བའི་གནོད་སེམས། དགེ་མི་དགེའི་ལས་ཀུན་རྫོབ་ཏུ་ཡང་མེད་པར་ལྟ་བ་སོགས་ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་མོ། །ཡང་ཡུལ་ལ་ལྟོས་ནས་མཚམས་མེད་ལྔ་དང་ཉེ་བ་ལྔ་སྟེ། ཕ་མ་དགྲ་བཅོམ་གསུམ་གསོད་པ། དགེ་འདུན་གྱི་དབྱེན། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ་མཚམས་མེད་ལྔ་དང་། མཆོད་རྟེན་འཇིག་པ། བྱང་སེམས་གསོད་པ། དགྲ་བཅོམ་མ་སུན་དབྱུང་བ། སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ་ཉེ་བ་ལྔའོ། ཡང་ཡུལ་དང་བྱ་བ་གཉིས་ཀ་ལ་ལྟོས་ནས་ལྕི་ཞིང་ལོག་པ་དང་བཅས་པའི་ཁ་ན་མ་ཐོ་བ་བཅུ་གཉིས་ཏེ། དེ་ལ་ལྕི་བ་བཞི་ནི། མཁས་པའི་གྲལ་གོང་། དགེ་སློང་གི་ཕྱགསྒྲུབ་པ་པོའི་ཟས་སྔགས་པའི་ནོར་རྣམས་ཏེ་ལོག་པའི་ལྕི་བ་བཞི་ཞེས་བྱ་ལ། དེའི་སྟེང་དུ་ཉམས་པ་དང་། དམད་པ་དང་། བཀུར་བའི་ལྕི་བ་བཞི་བཞི་སྟེ་བཅུ་གཉིས་བསྣན་པ་ལས་བཅུ་དྲུག་ཏུའང་འགྱུར་རོ། །ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུགས་དང་། །དད་པ་ཅན་གྱི་ཚོགས་བཅག་དང་། །བླ་མ་ལྷ་དང་མཆེད་ལྕམ་སྤངས། །དཀྱིལ་འཁོར་གཉེན་པོ་འདྲལ་ཏེ་བརྒྱད། །འདི་དག་ལོག་པ་བརྒྱད་དུ་གསུངས། ཞེས་སོ། །དེ་ལྟ་བུའི་མི་དགེ་བའི་ལས་དེ་དག་ཕྲ་ཞིང་ཕྲ་བ་ཡང་དུག་བཞིན་སྤང་དགོས་ཏེ། འགྱུར་སྟོབས་རབ་ཏུ་ཆེ་བས་མི་དགེ་ཆུང་ངུས་ཀྱང་སྡུག་བསྔལ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །དེའང་མདོ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་པའི་དུག་བཞིན་ནོ། །ཞེས་དང་། སློབ་དཔོན་ཆེན་པོས། ལས་ནི་ཆུང་ཡང་འབྲས་བུ་རྒྱ་ཆེ་སྟེ༔ དགེ་སྡིག་ཆེན་པོ་བསགས་ལ་སྨོས་ཅི་དགོས༔ ཤེས་སོ། །གཉིས་པ་ས་མཚམས་ནི། སྤྱིར་ཉོན་མོངས་པ་གསུམ་གྱིས་ཀུན་ནས་བླངས་ཤིང་གཞན་ལ་གནོད་པ་བཞི་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་མི་དགེ་བའི་ལས་ཡིན་ལ། ཉོན་མོངས་པ་གསུམ་པོ་མེད་པའི་སེམས་ཀྱིས་ཀུན་ནས་བླངས་ཤིང་གཞན་ལ་ཕན་པ་འབྲས་བུ་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་དགེ་བའི་ལས་སོ། །བྱེ་བྲག་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ཐམས་ཅད་ཟག་མེད་གྱི་དགེ་བ་སྟེ་ཐར་པ་ཆ་མཐུན་དང་། དེས་མ་ཟིན་པ་ནི་ཟག་བཅས་ཀྱི་དགེ་བ་སྟེ་བསོད་ནམས་ཆ་མཐུན་ཞེས་བྱའོ། །གསུམ་པ་ལྕི་ཡང་ནི་ཡུལ་དང་ཀུན་སློང་དྲག་ཞན་ལ་སོགས་པའི་ཁྱད་པར་གྱི་མི་དགེ་བ་ལྕི་ཡང་བར་མ་གསུམ་དང་། དགེ་བའི་ལས་ཀྱང་ཆེ་འབྲིང་ཆུང་གསུམ་མོ། །བཞི་པ་འབྲས་བུ་ནི། ཟག་པ་དང་བཅས་པའི་མི་དགེ་བ་ལྕི་བས་དམྱལ་བ། འབྲིང་གི་ཡི་དྭགས། ཡང་བས་དུད་འགྲོ་སྟེ་རྣམ་སྨིན་གྱི་འབྲས་བུའོ། །སྲོག་གཅོད་པ་ལ་དགའ་བ་སོགས་གང་བྱེད་དེར་སྐྱེ་བ་ནི་བྱེད་པ་རྒྱུ་མཐུན་དང་། སྲོག་བཅད་པས་ཚེ་ཐུང་ཞིང་ནད་མང་བ་སོགས་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའོ། །དབང་གི་འབྲས་བུ་ཡུལ་ལ་སྨིན་ཏེ། ཡུལ་ཚེར་མ་ཅན་དང་། ལོ་འབྲས་མི་སྨིན་སོགས་བཀྲ་མི་ཤིས་པའི་ཡུལ་དུ་སྐྱེ་བའོ། །ཟག་པ་དང་བཅས་པའི་དགེ་བ་ཆེན་པོས་ཁམས་གོང་མའི་ལྷ་དང་། འབྲིང་གིས་འདོད་ལྷ། ཆུང་ངུས་མིར་སྐྱེ་བ་སྟེ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་དང་རྣམ་སྨིན་གྱི་འབྲས་བུ་སོགས་ཀྱང་སྔར་ལས་ལྡོག་སྟེ་ཤེས་པར་བྱའོ། །ཟག་མེད་ཀྱི་དགེ་བའི་འབྲས་བུ་ནི་ཐར་པ་མྱ་ངན་འདས་པའི་ལམ་དང་འབྲས་བུའི་བདེ་བ་ཐམས་ཅད་སྟེར་བར་བྱེད་པ་ཡིན་ནོ། །དེ་ཡང་སྦྱོར་དངོས་རྗེས་གསུམ་ཐམས་ཅད་དུ་དགེ་སེམས་དང་བཅས་པ་མཐའ་གཅིག་ཏུ་དགེ་བའི་ལས་ཁོ་ན་ཡིན་པས་རྣམ་སྨིན་ཀྱང་བདེ་བ་ཁོ་ན་སྟེར་མོད། གཞན་དུ་སྙན་གྲགས་འདོད་ནས་སྦྱིན་པ་གཏོང་བ་ལ་སོགས་བསམ་པ་ནག་ལ་སྦྱོར་བ་དཀར་བ་དང་། ཕན་འདོད་ཀྱིས་རྡེག་བརྡུང་དང་མི་སྙན་པར་སྨྲ་བ་སོགས་བསམ་པ་དཀར་ལ་སྦྱོར་བ་གནག་པ་སྟེ་དེ་དག་གིས་ཀྱང་བདེ་སྡུག་སྤེལ་མར་བསྐྱེད་པར་བཤད་པས་མཐའ་གཅིག་ཏུ་དཀར་བའི་ལས་ཁོ་ན་བསྒྲུབ་པ་ལ་སྐྱོ་དུབ་མེད་པ་ཁྱིམ་བདག་སོ་ནམས་བྱེད་པ་ལྟ་བུ་དང་། རླབས་པོ་ཆེའི་དགེ་བ་ལ་དཔའ་མི་ཞུམ་པ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུ་དང་། བར་མཚམས་མེད་པར་འགལ་མེའི་འཁོར་ལོ་བསྐོར་བ་ལྟར་བསླབ་པར་བྱ་ཞིང་། ༈འཁོར་བའི་ཉེས་དམིགས་འདི་ལྟར་བསམ་ཏེ་མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་ཀྱང་འཇིག་རྒྱུ་རང་ཅི་ཡོད་སྙམ་ན། བློ་རྒོད་དེ་འདྲ་བ་ད་ལྟ་མ་བསམ་པས་ཡིན། བསམ་ན་སྡུག་བསྔལ་ཉམས་སུ་མྱོང་བ་ལྟ་ཅི་སྨོས། སྡུག་བསྔལ་ཐོས་སམ་གཟུགས་བརྙན་རི་མོར་བྲིས་པ་མཐོང་ནའང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་པའི་ཐབས་མེད། དེའི་རྒྱུ་མཚན་དམྱལ་བར་སྐྱེས་ན་ཚ་དམྱལ་རྣམས་ནི་སྡུག་བསྔལ་གྱི་ཁྱད་པར་ལྕགས་བསྲེག་ས་གཞི་དང་། མེ་འོབས་མེ་ལྕེ་རབ་ཏུ་འབར་བའི་གནས་དེ་ལྟ་བུར། ཡང་སོས་ཀྱི་སེམས་ཅན་རྣམས་ནི་ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་མཐོང་སྟེ། མཚོན་བསྣུན་རེས་ཀྱིས་ཡང་ཤི་ཡང་སོས་དང་། ཐིག་ནག་ནི་ལུས་ལ་ཐིག་བཏབ་སྟེ་ལྕགས་ཀྱི་སོག་ལེ་མེ་འབར་བས་ཀླད་ཁྲག་འཐོར་བཞིན་དུ་གཤོག་ཅིང་འབྱར་ལ་ཡང་གཤོག་པ་དང་། བསྡུས་འཇོམས་ནི། ལྕགས་བསྲེགས་ཀྱི་རི་ར་ལུག་གི་གདོང་པ་འདྲ་བའི་བར་དུ་ཏིལ་མར་ལྟར་དམར་འདག་འདག་འཚེར་ཞིང་གྱེས་པ་ན་སོས་ཏེ་ཡང་འཚེར་བ་དང་། ངུ་འབོད་ནི་ཉམས་ཐག་ནས་ཡིབ་པའི་གནས་འཚོལ་བ་ན། ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་དེ་སྒོ་ཟུམ་སྟེ་བསྲེག་པ་དང་། ངུ་འབོད་ཆེན་པོ་ནི། ལྕགས་ཁང་སྒོ་མེད་ཉིས་རིིམ་མེ་འབར་བར་བསྲེག་ཅིང་སྒོ་ནང་མ་ནས་བརྒྱ་ལ་ཐར་ཡང་ཕྱི་མ་ནས་ཡུན་རིང་མི་ཐར་བ་དང་། ཚ་བ་ནི་ལྕགས་ཀྱི་ཕྲུ་བ་མེ་འབར་བའི་ནང་དུ་བསྲེག་ཅིང་མདུང་རྩེ་གསུམ་པས་བསྣུན་པ་དང་། འདག་མེ་འབར་བའི་ས་གཞི་ལ་པགས་པ་བཤུས་ཏེ་ཕུར་བུས་བརྒྱངས་པ་དང་། རབ་ཏུ་ཚ་བ་ནི་ལྕགས་ཟངས་ཁོལ་མར་བསྲེགས་པ་ན་ཁར་ལོང་གིས་འོངས་པ་ན་ཤ་སྐྱེ་ཞིང་གཏིང་དུ་སོང་བ་ན་རུས་པར་འགྲོ་གློ་སྙིང་ལ་སོགས་པ་ཕྱི་ནང་ཐམས་ཅད་མེས་བསྲེག་ཅིང་། ཟངས་ཞུན་བཀོལ་མ་བླུད་པས་ལུས་བུན་གྱིས་བསྲེགས་པ་དང་། མནར་མེད་ནི་ས་གཞི་ཆེན་པོ་མེ་འབར་བར་སོང་ནས་ལུས་མར་མེའི་སྡོང་བུ་ལྟར་བསྲེགས་པས་སྡུག་སྐད་ཐོས་པ་ཙམ་མེ་དང་སེམས་ཅན་སོ་སོར་མི་མཐོང་བ་དང་ཕྱེ་མར་འཐག་པ་ལ་སོགས་པའི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ནོ། །གལ་ཏེ་དེ་དག་ལས་ཐོན་ཏེ་བྲོས་པ་ན་ཕྱོགས་བཞིར་འདག་མེ་འབར་བའི་འོབས་སུ་པུས་ནུབ་ཙམ་ལ་ཚུད་དེ་རྐང་པ་བཞག་ན་གཞོབ་ཐུལ་གྱིས་ཚིག་ཅིང་བཏེགས་པ་ན་སོས་པ་དང་། དེ་ལས་ཐར་ནས་རོ་མྱགས་ཕྱི་སའི་འདམ་དུ་ཚུད་དེ་སྲིན་བུ་ལྕགས་ཟངས་ཀྱི་མཆུ་ཁབ་འདྲ་བས་འབུགས་པ་དང་། དེ་ལས་ཐར་ཀྱང་མཚོན་ཆའི་ཐང་ལ་རྐང་པ་བཞག་དུས་འབིགས་ཤིང་བཏེགས་ན་འཚོ་བ་དང་ཤིང་ལོ་འབབ་པ་རལ་གྲིར་གྱུར་ནས་གཅོད་པ་དང་། ཤལ་མ་ལི་ལྕགས་ཀྱི་ཐུར་མ་གྱེན་ཐུར་དུ་བལྟ་བ་ལ་འབབ་འཛེག་བྱས་པས་ཉམས་ཤིང་བྱ་ཁྱིས་ཟ་བ་དང་། དེ་ལས་ཐར་ནས་སྐོམ་པས་ཆུ་ཀླུང་གི་འགྲམ་དུ་བརྒྱུག་པ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱི་ནང་དུ་ལྷུངས་ཏེ་ཤ་རུས་ཚིག་པས་མནར་བར་འགྱུར་རོ། ཚེ་ཚད་ཡང་སོས་ནས་ཚ་བའི་བར་དྲུག་གི་ནི་རྒྱལ་ཆེན་རིགས་བཞི་སོགས་འདོད་ལྷ་དྲུག་གི་ཚེ་ཚད་ལ་མིའི་ལོ་ལྔ་བཅུ་ཞག་གཅིག་ཏུ་བྱས་པས་རང་ལོ་ལྔ་བརྒྱ་ནས་ཁྲི་དྲུག་སྟོང་གི་བར་ཉིས་འགྱུར་དང་། རབ་ཏུ་ཚ་བ་བར་བསྐལ་ཕྱེད་དང་། མནར་མེད་ཀྱི་བར་བསྐལ་གཅིག་ཐུབ་པ་ཡིན་ནོ། །མདོར་ན་བསྐལ་པ་འཇིག་པའི་མེ་ལས་ཡང་སོས་ཀྱི་མེ་ཚ་ཞིང་དེ་ལས་ཀྱང་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བས་བཟོད་གླག་མེད་དོ། །གྲང་དམྱལ་རྣམས་ནི་གནས་ཀྱི་ཁྱད་པར་སྣང་བ་མེད་པའི་མུན་ཁྲོད་གངས་བར་དང་། ཁ་བ་བུ་ཡུག་དང་། འཁྱགས་སྦུགས་དང་། འཁྱགས་པའི་འོབས་དང་། འཁྱགས་པའི་གཅོང་རོང་ཆེན་པོའི་ཁྲོད་དུ་གྲང་བས་ཉེན་ནས། འདར་བའི་སྐད་ངན་ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཅེས་སྡུག་སྐད་འདོན་པ་དང་། སོ་ཐམ་ཐམ་པ་ལས་སྐད་མི་ཐོན་པ་དང་། གྲང་བའི་རེག་བྱས་ལུས་ལ་ཆུ་བུར་ཐེབ་རྡོག་ཙམ་པས་གང་བ་དང་། དེ་བས་ཀྱང་གྲང་བས་ཆུ་བུར་རྡོལ་ནས་རྨར་སོང་བ་དང་། ཧ་ཅང་གྲང་དྲགས་པས་པདྨ་ལྟར་ལུས་ཚལ་པ་བཞིར་གས་པ་དང་། གས་པའི་རྨ་ཕྱི་ནང་གི་ལོག་ནས་ཆུ་རྒྱུས་ཕྲ་མོས་འབྲེལ་བ་ཨུཏྤལ་ལྟར་གས་པ་དང་། དེ་བས་ཀྱང་གྲང་བས་ཚལ་པ་བརྒྱ་སྟོང་ལོག་པོར་གས་ཤིང་དུམ་བུར་འཐོར་བ་པདྨ་ཆེན་པོ་ལྟར་གས་པ་སྟེ་སྡུག་བསྔལ་བཟོད་ཐབས་མེད་དོ། །ཚེ་ཚད་ནི་མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་བཞིན། །ཏིལ་གཅིག་ཕྱུངས་པ་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། ཞེས་པ་སྟེ། ཆུ་བུར་ཅན་སྔོན་དུ་འདྲེན་པའི་ལུགས་སོ། །ངན་སོང་གི་གནས་གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་ཀྱང་བསམ་གྱིས་མི་ཁྱབ་སྟེ། ཕྱིའི་སྒྲིབ་པ་ཅན་རྣམས་ནི། བཀྲེས་སྐོམ་གྱིས་ཉེན་པས་ཕྱོགས་ཀུན་ཏུ་རྒྱུག་ཅིང་། བཟའ་བཏུང་གང་ཡང་མི་རྙེད་ཅིང་མི་མཐོང་ལ། མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུང་སྟེ་སྤྱད་དབང་མེད་པ་དང་། བལྟས་པ་ཙམ་གྱིས་ཆུ་ཀླུང་ཆེན་པོ་ཡང་སྐམས་ཏེ་གྲམ་པ་སྐྱ་ཁྲོལ་གྱིས་འགྲོ་བ་དང་། སྨན་ཤིང་ནགས་ཚལ་སོགས་ཀྱང་སོལ་བའི་ཕུང་པོ་མགལ་དུམ་རད་རོད་ཅན་དུ་འགྱུར་བ་དང་། ཡུལ་ཡིད་དུ་འོང་བའང་མི་འོང་བར་འགྱུར་བ་དང་། དུས་ཚིག་ཕྱིན་ཅི་ལོག་ཏུ་གྱུར་པས། སོས་དུས་ཟླ་བས་ཀྱང་བསྲེག་ཅིང་དགུན་ཉི་མའང་བསིལ་བས་གྲང་རེག་མི་བཟོད་པ་སོགས་སྡུག་བསྔལ་བཟོད་གླག་མེད་དོ། །ནང་གི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་ཅུང་ཟད་རྙེད་པ་ཟོས་པ་ན་ཁོང་དུ་སླེབས་མ་ཐག་མེར་གྱུར་ནས་ནང་ཁྲོལ་ཀུན་གཞོབ་ཐུལ་གྱིས་བསྲེག་ཅིང་ཁ་སྣ་གསུས་པ་སོགས་ནས་མེ་ལྕེ་དུད་པ་བཅས་པ་འཐུལ་བ་དང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། ཟས་སྐོམ་མ་མྱང་བའི་ཁ་ལུས་ཐམས་ཅད་སྐམ་ཞིང་རྒྱུ་མ་སྒལ་ཚིག་ལ་འབྱར་བ་དང་། སྐྲ་ཟིང་ཟིང་པོར་འཛིངས་པ། མགྲིན་པ་གཞུ་རྒྱུད་ལྟ་བུ་དང་། རྐང་ལག་འཇག་མ་ལྟར་གྱུར་པ། ཚ་གྲང་གིས་གདུང་བས་ཁ་དོག་ནི་སྔོ་ལ་ཧམ་པ། བཟའ་བཏུང་ཅུང་ཟད་རྙེད་ཀྱང་ཁ་ཁབ་མིག་ཙམ་དང་། མིད་པ་རྟ་རྔ་ལྟར་ཕྲ་བས་དང་པོར་མི་འགྲོ་ཞིང་། ཁོང་དུ་སླེབ་པ་ན་ཁོག་པ་ཡུལ་ལྗོངས་ལྟར་ཆེ་བས་མི་ཁེངས། ཁ་ཅིག་ཁ་བྱིལ་བྱིལ་པོས་བཟའ་བཏུང་ཁོག་པར་འགྲོ་ས་མེད་པ་དང་། ཁའི་དུག་གིས་ཆུ་ཀླུང་སྐེམ་པར་བྱེད་པས་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ཏེ། སློབ་སྤྲིངས་ལས། ཁབ་མིག་ཙམ་གྱིས་ཁ་ལ་དཔག་ཚད་མེད་འཇིགས་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུང་ཀྱང་། །མགུལ་ཆུང་ཉམས་པ་ཉིད་དུ་ཕྱིན་པར་མ་གྱུར་པར། །ཁ་ཡི་དུག་གིས་ཆུ་ནི་བརླན་ཡང་སྐམ་པར་འགྱུར། ཞེས་གསུངས་ཤིང་ཚེ་ཚད་ནི་མི་ལོ་ཁྲི་དང་ལྔ་སྟོང་གི་བར་ཐུབ་བོ། །ངན་སོང་གི་གནས་གསུམ་པ་དུད་འགྲོའི་སྡུག་བསྔལ་ཀྱང་། བྱིངས་ན་གནས་པ་རྣམས་ནི་ཆེ་བས་ཆུང་བ་ཟ་བ། ཆུང་བས་ཆེ་བ་འབིགས་པ། གཅིག་ལ་མང་པོ་རུབ་ནས་ཟ་ཞིང་། མང་པོ་གཅིག་ཁོ་ནས་ཟ་བ་དང་། ཀླུ་རྣམས་ལ་ཉིན་རེ་བཞིན་བྱེ་ཚན་གྱིས་བསྲེག་ཅིང་མཁའ་ལྡིང་གིས་འཇིགས་པ་དང་། ཁ་འཐོར་བ་ས་གཞི་རི་ཀླུང་ཀུན་ན་ཡོད་པའི་བྱ་དང་རི་དྭགས་ཕྱུགས་ལུག་ལ་སོགས་པ་འདི་དག་ཀྱང་། གཅིག་གིས་གཅིག་ཟ་བ་དང་། འཚེ་བ་དང་། ཤ་ལྤགས་རུས་པའི་ཆེད་དུ་མི་རྣམས་ཀྱིས་རང་དབང་མེད་པར་གསོད་པ་དང་། གཞན་ཡང་ཁལ་མི་ཐེག་བཞིན་དུ་འགེལ་བ། རྨོས་རྨོ་བ། ཞོ་བཞོ་བ་བལ་འཐོག་པ་སྤུ་འབྲེག་པ་འདེད་པ། བརྡུང་བ་སོགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། ཐུན་མོང་དུ་གླེན་ལྐུགས་ཀྱི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ། ཚེ་ནི་རིང་ཐུང་མཐའ་གཅིག་ཏུ་མ་ངེས་ཤིང་། རིང་ཤོས་ཁ་ཅིག་བསྐལ་པའི་བར་དུ་སྡུག་བསྔལ་མྱོང་བའང་ཡོད་དོ། དེ་ཡང་རང་ཅག་རྣམས་སྔར་ཡང་ངན་སོང་གི་གནས་གསུམ་པོ་འདིར་ལན་གྲངས་དུ་མར་སྐྱེས་ཏེ་སྡུག་བསྔལ་འདི་མ་མྱོང་བྱ་བ་མེད་དེ་མྱོང་། ད་ལན་ཀྱང་སྔར་གྱི་ལས་ངན་རྒྱུད་ལ་ཡོད་པའི་སྟེང་དུ་ཚེ་འདི་བློས་མ་ཐོང་བས་འདིའི་ཆེད་དུ་མི་བྱ་བ་མེད་པ་གཅིག་བྱས་པས་ཕྱིས་ཀྱང་འགྲོ་ས་ཐུར་ལས་མེད། མྱོང་རྒྱུ་སྡུག་བསྔལ་ལས་མེད་པས་ད་ལྟ་ཉིན་གཅིག་གི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་རེ་ཡང་མི་བཟོད་ན། དམྱལ་བའི་ཚ་གྲང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་སྐོལ་སྤྱོད་ལ་སོགས་པ་ངན་འགྲོའི་སྡུག་བསྔལ་ཡུན་རིང་ལ་བཟོད་གླག་མེད་པ་དེ་དག་བཟོད་པར་འདུག་གམ་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །ཡང་དགེ་བའི་ལས་ཀྱིས་བདེ་འགྲོར་སྐྱེས་ན་མཐོ་རིས་ཀྱི་བདེ་བ་ལ་ལོངས་སྤྱོད་དུ་ཡོད་པའི་ཕྱིར་དེ་ཙམ་གྱིས་ཆོག་གམ་སྙམ་ན་མེ་ཆེ་ཆུང་གང་གིས་ཀྱང་བསྲེག་པ་ལས་མ་འདས་པ་བཞིན་དུ། འཁོར་བ་མཐོ་དམའ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པས། ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་མེའི་འོབས་ལྟར་བཟོད་དཀའ་བར་མ་ཟད། མཐོ་རིས་ན་ཡང་བདེ་བ་མེད་དེ། འདི་ལྟར་མིའི་གནས་ནའང་ཆེ་ཆུང་ཐམས་ཅད་ལ་རང་རང་གི་བོང་དང་སྦྱར་བའི་སྡུག་བསྔལ་རེ་སོ་སོར་ཡོད་ཅིང་། ཁྱད་པར་སྤྱི་མཐུན་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། དབུལ་ཕོངས་འབྱོར་རྒུད་འདུ་འབྲལ་བརྡེག་བརྡུང་གསོད་གཅོད་སོགས་བསམ་གྱིས་མི་ཁྱབ། ལྷ་མ་ཡིན་རྣམས་ལའང་གཞན་གྱི་དཔལ་ལ་ཕྲག་དོག་པས་རྟག་ཏུ་ཕན་ཚུན་རྩོད་པ་དང་། འཁྲུག་པ་དང་། ལུས་སྨས་པ་དང་། ཡན་ལག་ཆད་པ་དང་། གསོད་པ་དང་། གཡུལ་ཉེས་པ་སོགས་འཐབ་རྩོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་དོ། །འདོད་པའི་ལྷ་ལའང་འདོད་པས་མྱོས་ཤིང་བག་མེད་པའི་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་ལྷའི་ཞག་བདུན་མྱོང་དགོས་པ་དང་། འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་ཀྱང་ཡོད་དོ། །ཁམས་གོང་མ་གཉིས་ན་རེ་ཞིག་སྡུག་བསྔལ་དྲག་པོས་གཟིར་བ་མེད་ཀྱང་འགྱུར་བའི་སྡུག་བསྔལ། བྱ་ནམ་མཁའ་ལ་འཕུར་བ་ཅིས་ཀྱང་ས་ལ་འབབ་པ་བཞིན་དུ། ཟག་བཅས་ཀྱི་བདེ་བའི་འཕེན་ཤུགས་ཟད་ནས་སླར་ངན་འགྲོར་ལྷུངས་ནས་སྡུག་བསྔལ་དྲག་པོ་མྱོང་དགོས་ཏེ། བཤེས་སྤྲིངས་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་འཆད་པ་བརྟེན་འཚལ་ལོ། །ཞེས་སོ། །འཁོར་བའི་བདེ་བ་ལ་ཆགས་པ་རྣམས་ནི། ཕྱེ་མ་ལེབ་མར་མེའི་འོད་ཀྱི་གཟུགས་མཐོང་ནས་ཕྱིན་པས་ཚིག་པ་དང་། རི་དྭགས་གླིང་བུའི་སྒྲ་ལ་ཉན་པས་བསད་པ་དང་། བུང་བ་སྦྲང་རྩིའི་འབྱུང་གནས་མེ་ཏོག་ལ་འཇིབས་པས་འབྱར་བའམ་ཁ་ཟུམ་ནས་ཤི་བ་དང་། ཉ་ཉ་པ་རྣམས་ཀྱིས་ལྕགས་ཀྱུའི་རྩེའི་ཟས་ཀྱི་རོས་བླངས་ཏེ་བསད་པ་དང་། གླང་པོ་ཆེ་བསིལ་བའི་རེག་བྱ་འདོད་ནས་མཚོར་ཞུགས་ཏེ་ཤི་བ་ལྟ་བུ་སྟེ། དོ་ཧ་ལས། ཀྱེ་ཧོ་རྨོངས་རྣམས་མདའ་བསྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །འདི་ནི་རི་དྭགས་བཞིན་དུ་བལྟ་བར་བྱོས། །ཞེས་སོ། །གཞན་ཡང་སྤྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། དུག་ཅན་གྱི་ཟས་ལ་སྤྱོད་པ་ལྟ་བུ་འདུ་བྱེད་ཐམས་ཅད་རྐྱེན་ཁར་ལུས་པས་རྟག་ཏུ་རང་དབང་དང་བྲལ་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ཏེ། བཞི་བརྒྱ་པ་ལས། ལས་ནི་འབད་པས་བྱེད་འགྱུར་བཞིན། །བྱས་ཟིན་འབད་པ་མེད་པར་འཇིག །ཅེས་གསུངས་སོ། །དེས་ནི་ཁམས་གསུམ་འཁོར་བའི་གནས་འདི་ནི་མཐོ་དམའ་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་འཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག་པས་ནག་ཅན་བརྩོན་དོང་ནས་འབྲོས་པ་ལྟར་ད་རེས་འདི་ནས་ངེས་པར་ཐར་བ་ཞིག་བྱ་སྙམ་དུ་འཁོར་བ་ལ་ཞེ་ཐག་པ་ནས་སྐྱོ་བ་སྐྱེ་དགོས་ཏེ། སློབ་དཔོན་ཆེན་པོས། འཇིག་རྟེན་བྱ་བར་བརྩོན་ཀྱང་ཟིན་པ་མེད༔ ཆོས་ལ་འབད་ན་ལས་ཐབས་མྱུར་དུ་ཟིན༔ འཁོར་བའི་བྱ་བ་ལེགས་ཀྱང་ཐ་མར་འཕུང་༔ དམ་ཆོས་བྱས་པའི་འབྲས་བུ་ཉམས་མི་སྲིད༔ ལས་ཉོན་བག་ཆགས་ཐོག་མ་མེད་དུས་ནས༔ གོམས་ཤིང་རྒྱུད་ལ་བར་མེད་བསོགས་པ་སྟེ༔ དེ་ཡི་དབང་གིས་འཁྲུལ་སྣང་འཁོར་བར་འཁྱམས༔ འདི་ཙམ་དུས་ན་ཐར་ཞེས་ཚད་བཟུང་མེད༔ འཆི་བའི་ཚེ་ན་དྲན་ཡང་རབ་ཏུ་འཕྱིས༔ མགོ་བོ་ཆད་ལ་སྨན་གྱིས་ཕན་མེད་བཞིན༔ དེ་ཕྱིར་འཁོར་བའི་སྡུག་བསྔལ་ཡོངས་ཤེས་ནས༔ ཞི་བའི་ལམ་ལ་ཡང་དག་འཇུག་པའི་ཕྱིར༔ བྱམས་དང་སྙིང་རྗེས་འགྲོ་ཀུན་རྗེས་སྐྱོང་ཞིང་༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ་པར་མཛོད༔ ཅེས་དང་། གྲུབ་ཆེན་མེ་ལོང་གི་ཞལ་ནས། འཁོར་བའི་སྡུག་བསྔལ་སོམས་མཛོད་ལ། །འབུང་གསུམ་དམ་པའི་ཆོས་ལ་ཐོན། །མི་ལུས་དོན་ཆེན་ཡོང་སྟེ་མཆི། །ཞེས་དང་། སློབ་དཔོན་ཆེན་པོས། རྣམ་དཀར་དགེ་བ་སྤྱད་དང་སྤྱོད༔ ཐོས་དང་བསམ་དང་བསྒོམ་པ་དང་༔ འཛིན་དང་འཆང་དང་ཀློག་པ་དང་༔ ཕ་རོལ་ཕྱིན་པ་དྲུག་ལྡན་ཞིང་༔ བརྩེ་བའི་སེམས་དང་སྙིང་རྗེ་ཅན༔ ཡང་དག་སྤྱོད་པ་རབ་སྤྱད་དེ༔ བྱང་ཆུབ་ལ་མོས་བྱང་ཆུབ་སྒྲུབ༔ བསྐྱེད་རྫོགས་ཏིང་འཛིན་ལས་སུ་རུང་༔ ཚུལ་བཞིན་སྤྱོད་ལ་བདེ་འབྲས་ནི༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ བདེ་བར་འཕོ་ཞིང་བདེ་དང་ལྡན༔ སྡུག་བསྔལ་བྲལ་ཞིང་ཆོས་དང་འཕྲད༔ ཚེ་རིང་ནད་མེད་འཇིགས་པ་མེད༔ དཔལ་དང་ལོངས་སྤྱོད་དབང་ཐང་མཐོ༔ འཁོར་དང་གཟི་བརྗིད་གྲགས་པ་འཕེལ༔ བསམ་པ་འགྲུབ་ཅིང་ཕྱོགས་ལས་རྒྱལ༔ འབྲེལ་ཚད་དོན་ལྡན་ཆོས་ལ་སྦྱོར༔ ཉམས་རྟོགས་བརྩོན་འགྲུས་ན་རིམ་གྱི༔ སྐྱེ་བ་གཅིག་དང་ལྔ་བདུན་དགུ༔ བརྒྱ་དང་སྟོང་སོགས་ཐེག་རིམ་བཞིན༔ འདི་ན་མི་གནས་མྱ་ངན་འདས༔ བླ་མེད་བྱང་ཆུབ་མངོན་དུ་བྱེད༔ ཡེ་ཤེས་ལྔ་ལ་དབང་བསྒྱུར་ཞིང་༔ མངོན་པར་དགའ་དང་དཔལ་དང་ལྡན༔ བདེ་བ་ཅན་དང་ལས་རབ་རྫོགས༔ སྟུག་པོ་བཀོད་སོགས་ཆོས་དབྱིངས་སུ༔ གྲོལ་ཞིང་གྲོལ་བའི་དཔལ་དང་ལྡན༔ འགྲོ་དྲུག་སྟོང་གསུམ་འཇིག་རྟེན་དུ༔ སྤྲུལ་པ་ཉི་མའི་ཟེར་ལྟར་སྤྲོ༔ གང་ལ་གང་འདུལ་སྣ་ཚོགས་པས༔ བསྟན་པ་སྐྱོང་ཞིང་འགྲོ་དོན་བྱེད༔ འདི་ནི་སྨིན་གྲོལ་འབྲས་བུ་ལས༔ གཞན་དུ་ཤེས་པར་མི་བྱའོ༔ ཞེས་གསུངས་པ་རྣམས་ལ་ངེས་ཤེས་བསྐྱེད་ནས་བྱ་བ་བཏང་སྟེ་དམ་པའི་ཆོས་ལ་ཉམས་ལེན་བྱའོ། ༈ །རྒྱུད་ལ་སྐྱེ་སླ་ཕྱིར་སྐབས་སུ་དམིགས་པ་ནི། ལུས་མྱ་ངན་གྱི་འདུག་སྟངས་བཅས་ལ། འཁོར་བའི་སྡུག་བསྔལ་ཡང་དང་ཡང་དུ་བསམ་ཞིང་འདི་ལྟར་ཕྱི་ནང་སྣོད་བཅུད་འཁོར་བའི་རང་བཞིན་ཐམས་ཅད་མེ་ཡི་དོང་ཆེན་པོ་ཚ་བའི་ངར་དང་ལྡན་པ། གཏིང་ཟབ་ལ་དཔང་མཐོ་བ། རྒྱ་ཆེ་ལ་མུ་མེད་པ་འཇིགས་སུ་རུང་བའི་ཀློང་དུ་རང་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཚུད་ནས་ཡོད་པ་ལ་སྔོན་ཆད་ཐོག་མེད་ནས་ད་བར་དུ་ཚིག་ཅིང་སྡུག་བསྔལ་བཟོད་གླག་མེད་པས་མནར་བ་ལ། ཀྱེ་མ་ཀྱེ་ཧུད་འཁོར་བའི་སྡུག་བསྔལ་ཨ་རྫི། འདི་ནས་འབྲོས་པའི་དུས་ལ་བབས། ཨ་ཙ་མ་ང་རེ་འཇིགས། ཞེས་སྨྲེ་སྔགས་ཟི་ལྷང་ལྷང་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ལ་རྩ་བའི་བླ་མ་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་ཞིང་ཕྱག་གཉིས་ཟིལ་གནོན་གྱི་ཕྱག་རྒྱ་ལས་འོད་ཟེར་གྱི་ལྕགས་ཀྱུ་འཕྲོ་བ་ཞིག་བྱུང་བའི་ཞལ་ནས། ངན་སོང་གི་སྡུག་བསྔལ་མེ་འོབ་ཆེན་པོ་འདི་ནས་འབྲོས་རེ་རན། ཞེས་གསུངས་དེ་ཐོས་པ་ཙམ་གྱིས། ད་ནི་བླ་མའི་བཀའ་ལ་ཉན་ཏེ་སེམས་ཅན་གཅིག་ཀྱང་མ་ལུས་པ་འདྲེན་པར་བྱ་སྙམ་པའི་སེམས་བསྐྱེད་མ་ཐག་བླ་མའི་ཕྱག་གི་འོད་ཟེར་གྱི་ལྕགས་ཀྱུས་སྙིང་ག་ནས་བཟུང་སྟེ་བདེ་ཆེན་གྱི་གནས་སུ་ཡེར་གྱིས་དྲངས་མ་ཐག་ཏུ། འཁོར་བའི་སེམས་ཅན་ལ་སྙིང་རྗེ་དྲག་པོ་བསྒོམ་པའི་ཤུགས་ཀྱིས་བདག་གི་ལག་ནས་ཀྱང་འོད་ཟེར་གྱི་ལྕགས་ཀྱུ་དཔག་མེད་འཕྲོས་པས། མེ་དོང་གི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདེ་ཆེ་ན་གྱི་ཞིང་དུ་དྲངས་ནས་སངས་རྒྱས་པར་བསམ་མོ། །དེ་དག་རྣམས་ནི་འཁོར་བ་ལས་བློ་ལྡོག་ཅིང་ཐར་ལམ་ལ་འཛུད་པའི་རིམ་པ་སྟེ། འདི་དག་དུས་རྒྱུན་དུའང་ཉིན་རེ་བཞིན་ཐུན་རེ་བསྒོམ་པ་གལ་ཤིན་ཏུ་ཆེ་བར་གསུངས་སྣང་ངོ་། ༈ །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ལམ་ལོག་པ་ལས་སྐྱོབ་པའི་སྐྱབས་འགྲོ། ལམ་དམན་པ་ལས་སྐྱོབས་པའི་སེམས་བསྐྱེད། སྡིག་སྒྲིབ་མྱུར་དུ་འདག་པ་རྡོར་སེམས། ཚོགས་མྱུར་དུ་རྫོགས་པར་བྱེད་པ་མཎྜལ། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ཏེ་དམིགས་རྐང་ལྔ་རྣམས་ཀྱི་སྐབས་སུ་བབ་པར་ལོ་རྒྱུས་དད་བསྐུལ་སོགས་ཉུང་འདུས་བཤད་པ་ལེགས་ཤིང་། མང་ཆེ་ན་ཁྲིད་ཀྱི་དམིགས་རྐང་མི་ཟིན་པའི་སྐྱོན་དུ་འགྲོ་བས་མི་ལེགས་ཞེས་གསུང་སྲོལ་སྣང་ངོ་། ༈ །དང་པོ་སྐྱབས་སུ་འགྲོ་བ་ལ། ངོ་བོ་ངོས་བཟུང་བ། ཚུལ་ཇི་ལྟར་འགྲོ་བ། མི་ཉམས་ཕྱིར་བསླབ་བྱ་དང་གསུམ་ལས། དང་པོ་ནི་ཐུན་མོངས་ཕྱིའི་སྐྱབས་ཡུལ་དཀོན་མཆོག་གསུམ། གང་ཟག་ནི་ཉན་རང་། ཚུལ་ནི་རང་དོན་དུ་བྱེད་པའོ། ཁྱད་པར་ནང་གི་སྐྱབས་ཡུལ་རྩ་བ་གསུམ། །གང་ཟག་ནི་བྱང་སེམས། ཚུལ་ནི་ཚད་མེད་བཞིའི་སྒོ་ནས་རང་གཞན་གྱི་དོན་སྤྱོད་པའོ། བླ་མེད་གསང་བའི་སྐྱབས་ཡུལ་སྐུ་གསུང་ཐུགས། གང་ཟག་ནི་གསང་སྔགས་ཀྱི་རྣལ་འབྱོར། ཚུལ་ནི་སྒོ་གསུམ་སྐུ་གསུམ་དབྱེར་མེད་ཡུལ་དང་ཡུལ་ཅན་གཉིས་མེད་དུ་སྤྱོད་པའོ། ཨ་ཏི་ཡང་གསང་གི་སྐྱབས་ཡུལ་རིག་པ་སྐུ་བཞིའི་བདག་ཉིད། གང་ཟག་ནི་ཡང་རབ་ཨ་ཏིའི་རྣལ་འབྱོར། ཚུལ་ནི་རང་རིག་སྐུ་བཞི་ཡེ་ཤེས་ལྔའི་རང་བཞིན་གཅིག་དང་དུ་མར་བྲལ་བ་གཉིས་མེད་རང་གྲོལ་དུ་སྤྱོད་པའོ། །གཉིས་པ་ནི་དེ་ལྟར་ཕྱི་ནང་གསང་བ་དེ་བཞིན་ཉིད་དང་བཅས་པ་དབྱེར་མེད་གཅིག་ཏུ་ཉམས་སུ་བླངས་བ་ལ་གནས་སྐབས་སུ་རྒྱུའི་སྐྱབས་འགྲོ་དང་། མཐར་ཐུག་འབྲས་བུའི་སྐྱོབ་བྱེད་གཉིས་ཟུང་དུ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་སྤྲུལ་པ་སྐུ་གསུམ་གྱི་བདག་ཉིད་ཅན་གདུལ་བྱའི་སྣང་ངོར་རང་གི་རྩ་བའི་བླ་མ་དེ་ཁོ་ན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཡིན་ཏེ། བླ་མ་ངོ་བོ་ཐུགས་སངས་རྒྱས་ཆོས་སྐུ། རང་བཞིན་གསུང་དམ་ཆོས་ཡི་དམ་ལོངས་སྐུ། ཐུགས་རྗེ་སྐུ་དགེ་འདུན་མཁའ་འགྲོ་སྤྲུལ་སྐུ་སྟེ། གང་ལ་ཅི་འདུལ་གྱི་ཐུགས་རྗེའི་རོལ་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ཅན་དེ་ཡང་རང་ཤེས་རིག་པའི་ངོ་བོ་ལས་ལོགས་སུ་མ་གྲུབ་པ་དབྱེར་མེད་སྐུ་གསུམ་གྱི་རང་བཞིན་ཅན་དུ་གསལ་གདབ་པ་ནི། ཨཱོཾ་ན་མོ་ཧཱུྃ༔ ནམ་མཁའ་རྣམ་དག་ཆོས་དབྱིངས་འོད་ཀློང་དུ༔ སོགས་གཞུང་ལྟར་བརྗོད་པས་རང་ཐ་མལ་པར་གནས་པའི་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་གུར་ཁང་མཐའ་དང་མུ་མེད་པར་འབྱམས་ཀླས་པའི་དབུས་སུ་འོད་སྣང་ལས་གྲུབ་པའི་སྣ་ཚོགས་པདྨ་འབུམ་ཕྲག་བརྡལ་བའི་སྟེང་དུ་ཉི་ཟླའི་གདན་ཡངས་ཤིང་རྒྱ་ཆེ་བ་དཔག་ཚད་ཀྱི་ཁྱོན་ཙམ་པའི་དབུས་སུ། དྲིན་ཅན་རྩ་བའི་བླ་མ་དེ་ཉིད་ཆོས་སྐུ་གསང་བ་འདུས་པ་ཡབ་ཡུམ་ཧེ་རུ་ཀའི་ཆ་བྱད་ཅན་གྱི་སྤྱི་བོར་ཤྲཱི་སེང་དགའ་རབ་རྡོར་སེམས་ཀུན་བཟང་ཡབ་ཡུམ་རྣམས་ཐོ་བརྩེགས་སུ་བཞུགས་པའི་མཐར་དགོངས་བརྡའ་སྙན་རྒྱུད་ཀྱི་བླ་མ་རྒྱ་བོད་རིགས་འཛིན་གྲུབ་ཐོབ་བྱེ་བ་ས་ཡ་མང་པོའི་ཚོགས་ཀྱིས་བསྐོར་བ། གཡས་སུ་ཤཱཀ་ཐུབ་ལ་བསྐལ་བཟང་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་ཚོགས་ཀྱིས་བསྐོར་བ། གཡོན་དུ་ཐུགས་རྗེ་ཁྲོས་མ་ནག་མོ་ལ་རྡོ་རྗེ་ཕག་མོ་མཁའ་སྤྱོད་མ་གསང་ཡེ་སེང་གདོང་མ་སོགས་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། མདུན་དུ་རྩ་བའི་ཡི་དམ་གང་ཡིན་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་པད་ཟླའི་སྟེང་དུ་འོད་སྣང་གི་ཁྲི་རྐང་དྲ་མིག་བསམ་གྱིས་མི་ཁྱབ་པ་ལ་བརྟེན་ཏེ་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞི་སོགས་མདོར་ན་ཐེག་པ་ཆེ་ཆུང་མདོ་རྒྱུད་ལུང་དང་མན་ངག་མཐའ་དག་གི་གླེགས་བམ་ཐམས་ཅད་འོད་སྣང་གི་ཚུལ་དུ་སྤྲུལ་པའི་རང་གཟུགས་ཀྱི་ཡིག་འབྲུ་རྣམས་གང་ལ་གང་འདུལ་གྱི་ཆོས་སྒྲ་ལྷང་ལྷང་སྒྲོགས་པར་བསམ། བར་མཚམས་རྣམས་སུ་སངས་རྒྱས་བྱང་སེམས་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་སྤྲིན་ཕུང་ལྟར་གཏིབ་པར་བསམ་ཞིང་། མཐའ་བསྐོར་དུ་མ་མགོན་ལྕམ་དྲལ་སོགས་བཀའ་གཏེར་སྲུང་མ་རྒྱ་མཚོ་རྣམས་ཞལ་ཕྱིར་གཟིགས་ནས་བྱང་ཆུབ་སྒྲུབ་པའི་བར་ཆད་བདུད་རིགས་ཐམས་ཅད་ཚར་གཅོད་ཅིང་བསྲུང་བའི་ཚུལ་དུ་བཞུགས་པ། དེ་ལྟར་རང་སྣང་ལས་གྲུབ་པའི་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་རྒྱུད་ཟག་པ་མེད་པའི་བདེ་བ་ཆེན་པོས་གཏམས་ཤིང་། ཡེ་ཤེས་ལྔའི་འོད་སྣང་ཀུན་ཏུ་འཕྲོ་བས་འབྱུང་ལྔས་གར་ཁྱབ་ཐམས་ཅད་ལ་ཐུགས་རྗེའི་གཟི་བྱིན་རང་ཤུགས་ཀྱིས་བསྐྱེད་དེ་ཁམས་གསུམ་རིགས་དྲུག་བདག་དང་བདག་གིར་འཛིན་པ་རྣམས་དྭངས་པའི་བློ་དང་གདུང་བའི་མོས་གུས་ངང་གིས་སྐྱེས་ཏེ། དུས་འདི་ནས་བཟུང་སངས་རྒྱས་མ་ཐོབ་ཀྱི་བར་དུ། སྐྱབས་གནས་དམ་པ་ཁྱེད་རྣམས་ཀྱིས་ཐུགས་རྗེས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། འཁོར་བའི་སྡུག་བསྔལ་ལས་ཐར་ཞིང་རྣམ་མཁྱེན་གྱི་ས་ལ་འགོད་པར་མཛད་དུ་གསོལ། སྙམ་པའི་བློ་རྩེ་གཅིག་པས་སྐྱབས་འགྲོ་འུར་དིར་གྱིས་བརྗོད་པར་བསམ་ལ། །ཨོཾ་ན་མོ་ཧཱུྃ༔ དཀོན་མཆོག་རིན་ཆེན་སྐྱབས་གནས་རྩ་བ་གསུམ༔ སོགས་ཅི་མང་བརྗོད་ཅིང་མཐར་སྐྱབས་གནས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་མེད་འཕྲོས་པས་ཁམས་གསུམ་རིགས་དྲུག་གི་ཁམས་ཐམས་ཅད་ཡེ་ཤེས་ཀྱི་དྭངས་མར་སྦྱངས་ཏེ་འཁོར་བ་སྐྱེ་མེད་དུ་སངས་རྒྱས་ཤིང་སྣང་སྲིད་དག་པ་རབ་འབྱམས་སུ་སད། དེ་ཡང་རིམ་བཞིན་གཙོ་ལ་ཐིམ། གཙོ་བོ་ཡབ་ཡུམ་འོད་དུ་ཞུ་བ་རང་ཉིད་ལ་ཐིམ་པས་འོད་ཀྱི་ཕུང་པོར་གྱུར་ནས། སྐྱབས་གནས་ཀྱི་ཐུགས་རྗེའི་བདག་གི་བྱང་ཆུབ་ཀྱི་སེམས་དང་ཡུལ་སེམས་ཅན་གཉིས་སུ་མེད་པའི་སེམས་ཉིད་ཅིར་ཡང་མ་གྲུབ་པས། རྣམ་རྟོག་མཐའ་བྲལ་ནམ་མཁའ་ཡངས་པ་ལྟར་མ་བཅོས་པར་བཞག་པས་དོན་དམ་སེམས་བསྐྱེད་དམིགས་མེད་ཀྱི་བསམ་གཏན་རྒྱུད་ལ་སྐྱེ་བ་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡན་ཆད་ཀྱི་སྤྱོད་ཡུལ་ཡིན་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་མོས་པས་རྗེས་སུ་སྤྱོད་པའོ། དེ་ལྟར་འབད་པས་སྐྱབས་ཡུལ་ལ་བཅོས་མིན་གྱི་ངེས་ཤེས་ལྷང་ལྷང་སྐྱེ་བ་དང་།  སེམས་ཅན་ལ་སྙིང་རྗེའི་འོད་གསལ་དུང་དུང་འཆར next hit་ཞིང་། འཁོར་བའི་ཆོས་ལ་བློ་སྣ་ཐུང་རྦུད་ཀྱིས་འགྲོ་བ་སྐྱབས་སུ་སོང་བའི་ཚད་དོ། གསུམ་པ་སྐྱབས་འགྲོའི་སྡོམ་པ་དེ་རྒྱུད་ལ་བརྟན་ཕྱིར་སླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ་ཞིང་། སངས་རྒྱས་ཀྱི་རྟེན་སཙྪའི་དུམ་བུ་ཙམ་ལའང་གུས་པས་མཆོད་པ་དང་། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་ཅུང་ཟད་ཡང་མི་བྱ་ཞིང་། ཆོས་ཀྱི་ཡི་གེ་འབྲུ་གཅིིག་ལའང་གུས་པར་བྱ་བ་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་བླ་གབ་གཅིག་པར་མི་འགྲོགས་ཤིང་། དགེ་འདུན་གྱི་རྟག་ཙམ་འཛིན་པ་ལའང་གུས་པར་བྱ་བ་དང་། བླ་མ་ལ་སྐྱབས་སུ་སོང་ནས་མཛད་སྤྱོད་ལ་ལོག་རྟོག་སྤུ་ཙམ་ཡང་མི་བསྐྱེད་ཅིང་སངས་རྒྱས་ལས་ལྷག་པའི་འདུ་ཤེས་བསྒོམ་པ་དང་། ཡི་དམ་ལ་སྐྱབས་སུ་སོང་ནས་སྒོ་གསུམ་ལྷ་སྔགས་ཏིང་ངེ་འཛིན་ལས་མི་འདའ་ཞིང་འཕྲིན་ལས་རྣམ་པ་བཞིས་འགྲོ་དོན་མཐར་དབྱུང་བ་དང་། མཁའ་འགྲོ་ལ་སྐྱབས་སུ་སོང་ནས་རྩ་རླུང་ཕོ་ཉའི་གདམས་པས་བདེ་སྟོང་རྒྱུན་ཆད་མེད་པར་ཐབས་ཤེས་ཟུང་འཇུག་ཏུ་སྦྱོར་བ་དང་། ཆོས་སྐྱོང་ལ་སྐྱབས་སུ་སོང་ནས་ཚོགས་གཏོར་གྱིས་དགྱེས་པ་སྐོངས་ཤིང་འཕྲིན་ལས་གནད་ནས་བསྐུལ་བས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་དང་། སྐུ་གསུམ་ལ་སྐྱབས་སུ་སོང་ནས་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་གཅིག་ཆར་ཟུང་འཇུག་ཏུ་སྤྱོད་པའི་ཏིང་ངེ་འཛིན་ལས་མི་འདའ་བ་སོགས་མདོར་ན་སྐྱོབ་བྱ་སྐྱོབ་བྱེད་ཐམས་ཅད་གཉིས་མེད་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་འདའ་བ་སྟེ་མཐར་ཐུག་འབྲས་བུའི་སྐྱོབ་བྱེད་ཀྱང་དེ་ཁོ་ན་ཉིད་དོ། ༈ །གཉིས་པ་སེམས་བསྐྱེད་པ་ལ། གཞི་ཚད་མེད་པ་བཞི། ལམ་ཕར་ཕྱིན་དྲུག །འབྲས་བུ་བླ་ན་མེད་པ། མཐར་ཕྱིན་བསླབ་བྱ་དང་གཞི་ལས། དང་པོ་ཚད་མེད་བཞིའི་ནང་ཚན་སྙིང་རྗེ་ནི། ཁམས་གསུམ་རིགས་དྲུག་གི་སེམས་ཅན་འདི་རྣམས་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་ལ། འདི་རྣམས་མ་རིག་པའི་དབང་གིས་ངན་སོང་གི་གནས་ན་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་ཀྱིས་ཉམས་ཐག །མི་རྣམས་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས་ཉམས་ཐག །ལྷ་མ་ཡིན་འཐབ་རྩོད་འཁྲུག་ལོང་གིས་ཉམས་ཐག །ལྷ་རྣམས་འཆི་འཕོ་ལྟུང་བའི་སྡུག་བསྔལ་གྱིས་ཉམས་ཐག་པ་རྣམས་མིག་སྔར་མངོན་སུམ་དུ་ཡོད་པ་ཙམ་དུ་དམིགས་ཏེ། འགྲོ་དྲུག་སེམས་ཅན་ཕ་མ་དྲིན་ཅན་འདི་རྣམས་འཁོར་བའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བས་མནར་བ་སྙིང་རེ་རྗེ་ན། འཁྲུལ་སྣང་འཁོར་བའི་སྡུག་བསྔལ་འདི་ལས་ད་ལྟ་ཉིད་དུ་ཐར་ན་སྙམ་པའི་སྙིང་རྗེ་ཤས་མི་བཟོད་པ་རྒྱལ་པོའི་གཅེས་ཕྲུག་སྟོར་བའམ། མ་པང་གི་བུ་ཆུ་ལ་ཤོར་བ་ལྟར་སྒོམ་མོ། །དགའ་བ་ནི་དེ་ལྟར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཡང་། བླ་མེད་ཀྱི་བྱང་ཆུབ་མ་ཐོབ་ན་གནས་སྐབས་ཀྱི་བདེ་བ་དེ་ཉིད་མི་རྟག་འགྱུར་བའི་ཆོས་ཅན་ཏེ་མཐར་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་དེས་ན་སྔོན་ཆད་བདག་ལ་འགྲོ་བ་སྒྲོལ་བའི་ནུས་པ་མ་མཆིས་ཀྱང་། ད་ལན་ཐེག་པ་ཆེན་པོའི་ལམ་ཟབ་མོ་ཉམས་སུ་བླངས་ནས་འཁོར་བ་དོང་ནས་སྤྲུགས་པའི་ནུས་རྩལ་ཕྲིན་ལས་ལ་སྤྱོད་དུ་ཡོད་པའི་དགའ་བ་དང་ལྡན་པ་ནི། དཔེར་ན་རབ་ཆད་ལ་བུ་སྐྱེས་པའམ་རྒྱལ་པོའི་གཅེས་ཕྲུག་སྟོར་བ་རྙེད་པ་ལྟར་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བླ་མེད་ཀྱི་སར་འགོད་སྙམ་པའི་དགའ་བ་ཚད་མེད་པ་སྒོམ་མོ། །བྱམས་པ་ནི། ཁམས་གསུམ་གྱི་སེམས་ཅན་འདི་རྣམས་དྲིན་ཅན་ཕ་མ་ཤ་སྟག་ལ། བཟང་པོའི་བག་ཆགས་ཤས་ཆུང་བས་དགེ་བའི་ལས་ནི་ཕྲ་མོ་ཙམ་ཡང་འགྲུབ་པར་དཀའ་ཞིང་། ངན་པའི་སྡིག་སྟོབས་ཆེ་བས་འཁོར་བའི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་འདི་དག་མཐར་མ་དབྱུང་གི་བར་དུ་བདག་གི་ལུས་ངག་ཡིད་གསུམ་ཀའི་སྒོ་ནས་གཞན་གྱི་སྡུག་བསྔལ་དང་དུ་བླངས་ཤིང་། རང་གི་བདེ་བ་གཞན་དོན་དུ་བསྔོ་བའི་བྱམས་པ་ཚད་མེད་ནི་དཔེར་ན་བྱ་མོའི་སྒོ་ང་སྲོ་བ་ལྟར་སྒོམ་མོ། །བཏང་སྙོམས་ནི། ཁམས་གསུམ་གྱི་སེམས་ཅན་འདི་རྣམས་དྲིན་ཅན་ཕ་མའི་རང་བཞིན་ལ་ཉེ་རིང་བྱར་འོས་པ་ནི་གཅིག་ཀྱང་མེད་དེ། ངར་འཛིན་གྱི་དགྲ་གཉེན་ཆགས་སྡང་ཕན་གནོད་ཀྱི་ལན་སྒྲུབ་ན་ལང་བའི་དུས་མེད་པས། ཉེ་རིང་གི་སེམས་བོར་ཏེ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། ཉེ་རིང་མེད་པའི་བཏང་སྙོམས་ལ་གནས་པ་ནི་དཔེར་ན་དྲང་སྲོང་གི་གཏོར་མ་བསྔོ་བའམ་སྦྱིན་ཤུགས་ཅན་གྱིས་ཡོ་ལངས་འགྱེད་པ་ལྟར་ཁམས་གསུམ་གྱི་སེམས་ཅན་ལ་ཉེ་རིང་མེད་པའི་བཏང་སྙོམ་ཚད་མེད་པ་བསྒོམ། །མདོར་ན་སེམས་ཅན་ཐམས་ཅད་ལ་མ་གཅིག་བུ་གཅིག་བརྩེ་བ་ལྟར་ཚད་མེད་བཞི་ནན་ཏན་དུ་བསྒོམ་པར་བྱའོ། །གཉིས་པ་ལམ་སྨོན་འཇུག་གཉིས་ལས། སྨོན་པ་ནི་ཚད་མེད་བཞིའི་ངོ་བོ་ལས་མ་འདས་འཇུག་པ་ནི་ཕར་ཕྱིན་དྲུག་སྟེ་སེམས་ཅན་གྱི་དོན་དུ་བདག་གི་བདེ་ལེགས་ཀྱི་དཔལ་ཐམས་ཅད་སྦྱིན་པར་གཏོང་བ། གནོད་སྦྱོར་ལས་ལོག་པར་ཚུལ་ཁྲིམས་བསྲུང་བ། གཏོང་ལེན་མཐར་ཕྱིན་པའི་བཟོད་པ་བསྒོམ་པ། བྱང་ཆུབ་ཀྱི་ལམ་ལ་འཇུག་པའི་བརྩོན་འགྲུས་རྩོམ་པ་ཡོན་ཏན་གྱི་རྩལ་རྫོགས་པའི་བསམ་གཏན་བསྒོམ་པ་ཤེས་རབ་རྟོགས་པ་མཐར་ཕྱིན་པར་བྱས་ཏེ་སེམས་ཅན་འཁོར་བ་ལས་མ་བསྒྲལ་བ་རྣམས་ཐར་པའི་ལམ་ལ་བསྒྲལ་བ་དང་མ་གྲོལ་བ་རྣམས་ཡང་དག་པའི་ལམ་ལ་གཟུད་པ་དང་དབུགས་མ་དབྱུང་བ་རྣམས་ཐེག་པ་ཆེན་པོར་དབུགས་འབྱིན་པ་རྣམས་སྙིང་ཐག་པ་ནས་བསམ་ཞིང་སེམས་བསྐྱེད་མི་ཉམས་པའི་དཔང་པོར་སྐྱབས་ཡུལ་གསལ་བཏབ་ལ། ཨཱོཾ་ན་མོ་ཧཱུྃ༔ བསམ་བརྗོད་བྲལ་བའི་རང་རིག་ཡེ་ཤེས་ལ༔ ཞེས་སོགས་བརྒྱ་སྟོང་དུ་འབད་པས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མིན་དུ་འབྱོང་བ་ནི་ཚད་དོ། །དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བདག་དང་གཞན་གྱི་དོན་བྱེད་པར་དམ་བཅས་ནས་བློ་བཏང་སྙོམས་སུ་མ་སོང་བར་བྱ་ཞིང་ཚོགས་ཀུན་ཏུ་བསགས་པ་དང་སྒྲིབ་པ་ཀུན་ཏུ་སྦྱང་བར་བྱའོ་སྙམ་པའི་བློ་རྩེ་གཅིག་གི་ངང་ནས་རང་གི་ཤེས་རིག་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཤེས་པ་མ་བཅོས་པར་གནས་ལུགས་གཉུགས་མའི་ངང་ནས་ལུས་གྲངས་མེད་དུ་སྤྲུལ་ལ་ཕྱག་འཚལ་བ་དང་གཏིང་མཐའ་བྲལ་བ་རྒྱ་མཚོ་བཞིན་དུ་ཟད་མཐའ་བྲལ་བའི་མཆོད་པ་དཔག་མེད་ཀུན་ཏུ་བཟང་པོའི་སྤྲིན་རབ་འབྱམས་དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ་བ་དང་དུས་གསུམ་དུ་བསགས་པའི་སྡིག་པ་མི་དགེ་བ་ཐམས་ཅད་སྟོབས་བཞིའི་སྒོའམ་མཉམ་པ་ཉིད་དེ་ཁོ་ནའི་ཀློང་དུ་བཤགས་པ་དང་། གཞན་དག་གི་དགེ་བ་རྒྱ་ཆེ་བ་དང་ཕྲ་མོ་རེ་ལའང་ཡི་རངས་པར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་སྟེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་ན་ཚད་གཟུང་རུང་། རྗེས་སུ་ཡི་རངས་དགེ་བ་དེ་ནི་དེ་ལྟ་མིན། ཞེས་གསུངས་པས་རྗེས་སུ་ཡི་རང་། འགྲོ་བ་མ་ལུས་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་སྔོན་སངས་རྒྱས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལྟར་བདག་གིས་ཀྱང་དགེ་བའི་བཤེས་གཉེན་དམ་པའི་སྤྱན་སྔར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། འཁོར་བ་མ་སྟོང་བར་དུ་མྱ་ངན་མི་འདའ་བར་བཞུགས་གསོལ་འདེབས་པ། དེ་དག་ཐམས་ཅད་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ཅིང་འཁོར་གསུམ་དམིགས་མཐའ་བྲལ་བའི་ངང་དུ་བསྔོ་བ་དང་བཅས་ཡིན་པ། དེའི་ངག་འདོན་ནི། ཨོཾ་ན་མོ་ཧཱུྃ༔ རང་རིག་དག་པ་ཆེན་པོར་ཕྱག་འཚལ་ལོ༔ ཞེས་པ་ནས། ཀུན་བཟང་དགོངས་པའི་དབྱིངས་སུ་གྲོལ་བར་ཤོག༔ ཅེས་པའི་བར་ཚིག་དོན་འདྲེས་ངེས་སུ་བྱ་ཞིང་དེ་དག་ནི་སེམས་བསྐྱེད་ཀྱི་ཡན་ལག་གོཐུན་མཐར་སེམས་བསྐྱེད་ཀྱི་དཔང་པོ་ཚོགས་ཞིང་རྣམས་སྐྱབས་འགྲོ་ལྟར་བསྡུ་ཞིང་། དོན་དམ་སེམས་བསྐྱེད་ཀྱི་ངང་ནས་བསྔོ་བ་བྱེད། སྐབས་སུ་རང་གི་དབུགས་ཚུར་རྔུབ་པས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ཉེས་ལྟུང་རང་གི་རྒྱུད་ལ་ལེན་པ་དང་། ཕར་བཏང་བས་རང་གི་བདེ་སྐྱིད་ཡོན་ཏན་གྱི་ནུས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྨིན་ནས་སོ་སོའི་སྡུག་བསྔལ་བྱང་ཞིང་གང་ལ་གང་འདོད་ཐམས་ཅད་འབྱུང་བར་སྨོན་སེམས་བླ་ན་མེད་པར་བྱ་ཞིང་དགེ་བ་བསྔོ། བཞི་པ་བྱང་སེམས་མི་ཉམས་པར་རྒྱུད་ལ་བརྟན་ཕྱིར་སླབ་བྱ་ནི། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང་། དགེ་བའི་ཆོས་སྡུད་པའི་སེམས་དང་། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ། སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་དང་བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ནི་གསུམ་པོ་འདི་དག་ཙམ་ཁོ་ནར་ཟད་དེ། ཞེས་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་དེ་གསུམ་དུ་འདུས་པས། དེའི་སྤང་བྱ་རྣམས་སྤངས་ཤིང་། བསྒྲུབ་བྱ་རྣམས་རྩེ་གཅིག་ཏུ་བསླབ་པར་བྱའོ། །རྒྱས་པར་བསྟན་ན་མཐའ་ཡས་ཏེ། མདོར་ན་ལྷག་བསམ་རྣམ་པར་དག་པ་དང་མི་འབྲལ་བ་སེམས་བསྐྱེད་ཀྱི་རྩ་བ་ཡིན་པས། རབ་ཏུ་སེམས་ཅན་རེ་རེའི་དོན་དུ་ཡང་ཕན་པར་འདུག་ན་རང་གི་ལུས་སྲོག་འཕང་མེད་དུ་གཏོང་བ་དང་། འབྲིང་དུ་བདག་བས་གཞན་གཅེས་ཀྱི་གཞན་དོན་གལ་ཆེ་བར་བསྐྱེད་ལ་རང་འདོད་བོར་ཅིང་། །ཐ་མར་ཡང་རང་གཞན་མཉམ་པའི་འདུ་ཤེས་ཙམ་ཞིག་མ་བྱས་ན་སེམས་བསྐྱེད་ཀྱི་དམ་ཚིག་འཕོ་བ་ཡིན་པས་ཚེ་འདིར་མི་ཤིིས་སྣ་ཚོགས་འབྱུང་ཞིང་ཕྱི་མ་ངན་སོང་དུ་འགྲོ་ཞིང་དེ་ལས་ཐར་བར་དཀའ་བ་ཡིན་པས། ཚུལ་བཞིན་དམ་ལ་གནས་ན་འགྲོ་དོན་ནུས་པའི་སྤྲུལ་སྐུ་འགྲུབ་པར་འགྱུར་རོ། ༈ །གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཡིན་ཏེ། དེ་ཡང་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་ཚན་པོ་ཆེ་དེ་ཞག་འགའ་ཙམ་གྱིས་དག་པར་མི་ནུས་སྙམ་ན། སྡིག་པ་ནི་འདུས་བྱས་མི་རྟག་པ་ཡིན་པས་དཔེར་ན་མེ་ལོང་ལ་ཡུན་རིང་པོ་ནས་གཡའ་རྡུལ་ཆགས་པ་ཡུད་ཙམ་ལ་ཕྱིས་པས་དག་པ་བཞིན་སྟོབས་བཞིའི་སྒོ་ནས་བཤགས་ན་སྐད་ཅིག་ལ་དག་པར་འགྱུར་བས་དེ་ལ་བཤགས་ཡུལ་རྟེན་གྱི་སྟོབས་ནི་རང་གི་ལུས་དྲང་པོར་བསྲང་བའི་སྤྱི་བོ་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་སྣང་ལ་རང་བཞིན་མ་གྲུབ་པའི་འོད་དཀར་པོ་ལས་རང་གསལ་བ༔ བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཤེལ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ ཆོས་སྐུ་ཉག་གཅིག་མཚོན་པའི་ཕྱིར་སྐུ་ཞལ་གཅིག༔ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་ཅན༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བའི་ཕྱིར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ ཆོས་ཀྱི་སྒོ་མ་འགག་པ་ཐེག་པ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་བཀོད་པའི་ཕྱིར་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན་པ༔ སྒྲིབ་གཉིས་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་ཡིད་ལ་དྲན་པ་ཙམ་གྱིས་ཡོངས་སུ་འཇོམས་ཤིང་དྲུང་ནས་ཕྱུང་བའི་བརྡར་སྐུ་ཤིན་ཏུ་དཀར་ལ་ཕྱི་ནང་མེད་པར་ཟང་ཐ་ལེར་གསལ་ཞིང་འོད་ཟེར་དང་ལྡན་པ་ཅིག་ཏུ་སྒོམས་ཤིང་། རྣམ་པར་སུན་འབྱིན་པའི་སྟོབས་ནི། རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་གཅིག་གི་དཀྱིལ་དུ་ཐུགས་ཀྱི་ངོ་བོ་ས་བོན་ཡི་གེ་ཧཱུྃ་དཀར་ལ་འཚེར་བ་གཅིག་གི་མཐར། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་གཟུངས་སྔགས་ཡི་གེ་བརྒྱ་པའི་ཕྲེང་བ་མུ་ཏིག་རྩར་ལ་བརྒྱུས་པ་ལྟར་གཡས་བསྐོར་དུ་འཁོར་བར་བསམ་ལ༔ བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དྲག་པོ་སྐྱེས་ནས་མི་འཆབ་མི་རྦེད་པར་བཤགས་སྡོམ་གྱི་ཚིག་རིགས་སྔགས་ཡི་གེ་བརྒྱ་པ་ཐུགས་དམ་བསྐུལ་བའི་ཚུལ་དུ་བདག་གིས་ཇི་ལྟར་བཟླས་པ་བཞིན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང་སྔགས་འབྲུ་རྣམས་ལས་ཀྱང་རང་སྒྲ་སྒྲོགས་པའི་སྟོང་གསུམ་ཐམས་ཅད་ཡིག་བརྒྱའི་སྒྲ་དི་རི་རི་ཡོད་པར་དམིགས་ལ། འོད་ཟེར་གྱི་རྟ་ལ་ཞོན་ནས་སྔགས་འབྲུ་རྣམས་འཁོར་བ་ལས་ཡེ་ཤེས་ཐུགས་རྗེའི་བདུད་རྩིའི་རྒྱུན་དཀར་པོ་འོ་མ་བུམ་མཆུ་ནས་རྩལ་བ་ལྟར་སྤྱི་བོའི་ཚངས་བུག་གི་ལམ་ནས་བབས༔ ལུས་ཕྱི་ནང་གསང་གསུམ་དུ་ཁྱབ་པས་ཁམས་གསུམ་འཁོར་བ་འདིར་ཐོག་མ་མེད་པ་ནས་འཁྱམས་པའི་སེམས་ཅན་ཐམས་ཅད་བདག་མེད་པ་ལ་བདག་ཏུ་བཟུང་ཞིང་ང་མེད་པ་ལ་ངར་བཏགས་པའི་རིགས་དྲུག་གི་ཚོགས་ཐམས་ཅད་ཀྱི་སྒོ་གསུམ་གྱིས་དུས་གསུམ་དུ་དུག་གསུམ་གྱི་ཀུན་ནས་བསླངས་ཏེ་བསགས་པའི་དམ་ཚིག་ཉམས་ཆགས་རྟོགས་སྒྲིབ་མདོར་ན་མི་དགེ་བའི་ལས་སུ་གྱུར་པ་ཅི་བསགས་པ་ཐམས་ཅད་སྦྱང་ཞིང་འོག་སྒོ་དང་རྐང་མཐིལ་གྱི་ལམ་བརྒྱུད་ནས་ནག་ནུར་གྱིས་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ། རང་ལུས་ཆུ་ཤེལ་གྱི་བུམ་པ་དྲི་མ་མེད་པ་འོ་མས་བཀང་བ་ལྟར་ཁེངས་པས། དངོས་གྲུབ་ཐམས་ཅད་དམ་དབང་བཞིའི་ཡེ་ཤེས་མངོན་སུམ་དུ་རང་རྒྱུད་ལ་སྐྱེས་པར་བསམས་ཤིང་གཟུངས་སྔགས་བཟླ། ཉེས་པ་ལས་ལྡོག་པའི་སྟོབས་ནི། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་ཆ་ཙམ་ཡང་བྱེད་རེ་སྙམ་པའི་དམ་བཅའ་བརྟན་པོས་བཟུང་བའོ། །སོར་ཆུད་པའི་སྟོབས་ནི། བླ་མ་རྡོ་རྗེ་སེམས་དཔའི་ཞལ་གྱི་འཛུམ་མདངས་སུ་བཞད་ཅིང་༔ རིགས་ཀྱི་བུ་སྒྲིབ་གཉིས་དག་ནས་ཚོགས་གཉིས་རྫོགས་ཏེ་སྐུ་དང་ཞིང་ཁམས་ཐམས་ཅད་རང་སྣང་གི་ཡེ་ཤེས་གོ་མ་འགགས་པའི་རོལ་པ་ལ་སྤྱོད་པར་གྱུར་ཅིགཅེས་གསུངས་ནས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་འོད་དུ་ལམ་ལམ་ཞུ་ཞིང་རང་ལ་ཐིམ་པར་སྒོམ་ལ་བསྔོ་སྨོན་གྱིས་རྒྱས་འདེབས། ཡིག་བརྒྱ་བཟླས་པའི་ཕན་ཡོན་ནི། དྲི་མེད་བཤགས་པའི་རྒྱལ་པོ་ལས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆགས་ཐམས་ཅད་སྐོངས་ཏེ་ངན་སོང་གསུམ་དུ་ལྷུང་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཞེས་དང་། མེ་ཏོག་བཀོད་པའི་རྒྱུད་ལས། བླ་མ་རྡོ་རྗེ་སེམས་དཔའ་བསྒོམ༔ རང་བྱུང་ཡི་གེ་བརྒྱ་པའི་མཐུས༔ སྒྲིབ་པ་རྣམ་གཉིས་བྱང་བར་འགྱུར༔ ཅེས་གསུངས་སོ། དེ་བཞིན་དུ་ཀ་བ་ཙི་གྷརྦ་བསྟན་པའི་རྒྱུད་ལས། སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ རེ་རེའི་བསྐྱེད་རྫོགས་བསམ་ལས་འདས༔ མ་ལུས་ཀུན་འགྲུབ་འདི་ལྟར་བྱ༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས་ཞེས་གསུངས། དེ་བཞིན་དུ་ཡིག་བརྒྱ་ཡང་རྡོ་རྗེ་སེམས་དཔའ་ཀླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ༔ སངས་རྒྱས་ཀུན་གྱི་ས་བོན་ཏེ༔ ཉམས་ཆགས་ཐམས་ཅད་འཇོམས་པར་བྱེད༔ ཅེས་དང་། མཚན་བརྗོད་ལས། ཐིག་ལེ་སྟོང་པ་ཡི་གེ་བརྒྱ༔ ཞེས་སོ། དེ་ལྟར་སྒྲིབ་པ་མ་སྦྱངས་ན་མི་དག་སྟེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཅེས་སོ། དེ་བས་སྦྱངས་ན་ཟད་སྟེ། དོན་དམ་པ་གསལ་བའི་ཚིགས་སུ་བཅད་པ་ལས༔ སྒྲིབ་པ་ཀུན་རྫོབ་ཉིད་ཡིན་ཕྱིར༔ སྦྱངས་ན་དག་པར་གདོན་མི་ཟ༔ ཞེས་སོ། དེ་ལྟར་ཡིག་བརྒྱ་འབུམ་ཕྲག་སོགས་བཟླས་པས་སྡིག་སྒྲིབ་འཛད་པའི་རྟགས་སྤྱི་མཐུན་ལྟར་འབྱུང་ཞིང་། རྒྱུན་དུའང་ནང་རེ་བཞིན་ཡིག་བརྒྱའི་སྒོམ་བཟླས་བརྒྱ་རྩ་རེ་བགྱིས་ན་རྒྱལ་བའི་སྲས་སུ་འགྱུར་ཞིང་དམ་ཚིག་ཉམས་ཆགས་སྐོང་བ་དང་། ཉེར་གཅིག་རེ་བཟླས་ཀྱང་ཉེས་ལྟུང་མི་འཕེལ་ཞིང་བྱིན་གྱིས་རླབས་པར་འགྱུར་ཞེས་རྒྱུད་སྡེ་རྣམས་ལས་གསུངས་སོ། ༈ །བཞི་པ་ཚོགས་བསགས་པ་མཎྜལ་ལ་སྒྲུབ་པ་རྟེན་གྱི་མཎྜལ་དང་འབུལ་བ་མཆོད་པའི་མཎྜལ། ཕན་ཡོན་བསྟན་པ་རྣམས་ལས། དང་པོ་སྒྲུབ་པའི་མཎྜལ་ཚོགས་བསག་གི་དཔང་པོར་སྐྱབས་ཡུལ་སྔར་ལྟར་གསལ་གདབ་དགོས་ཏེ། དེ་ཡང་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ཕྱིའི་མཆོད་ཡུལ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ནང་གི་མཆོད་ཡུལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གསང་བའི་མཆོད་ཡུལ། ཀ་དག་བློ་བྲལ་གྱི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་མཆོད་ཡུལ་ཡིན་ཅིང་། སྐྱབས་འགྲོ་ཡང་མཐར་ཐུག་གི་སྐྱབས་གནས་སངས་རྒྱས་ཉག་གཅིག་ཡིན་པ་ཀ་དག་བློ་བྲལ་གྱི་ཡེ་ཤེས་ཁོ་ན་ལ་དགོངས་པའོ། །གཉིས་པ་མཆོད་པའི་མཎྜལ་རིན་པོ་ཆེའམ་ཤིང་དང་རྡོ་བ་རྫ་སོགས་འབྱོར་ཚོགས་དང་བསྟུན་ཅིང་ཐ་ན་ལག་པའི་ཕྱག་རྒྱ་ལ་དམིགས་པའོ། །ཚོམ་བུའང་རིན་པོ་ཆེ་འབྲུ་སྨན་ཅི་འབྱོར་གྱིས་བྱ་ཞིང་། འབུལ་ཚུལ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་གསུམ་བྱེ་བ་ཕྲག་ས་ཡ་རི་རབ་གླིང་བཞི་གླིང་ཕྲན་གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་གྱི་ཚོགས་རྣམས་དང་༔ ནང་བཅུད་འགྲོ་བའི་དཔལ་འབྱོར་དབང་ཐང་རྩི་བཅུད་སྨན་སྤོས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུང་པོ་ཁམས་དང་སྐྱེ་མཆེད༔ གསང་བ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་སྙིང་པོར་རང་བྱུང་གི་ཡེ་ཤེས་གདོད་མ་ནས་སུས་ཀྱང་མ་བྱས་ཤིང་འཁོར་འདས་ལམ་གསུམ་གྱི་འཆར་སྒོ་མ་འགག་པའི་མངའ་བདག་ངོ་བོ་ཀ་ནས་དག་ཅིང་གསལ་རིག་རྒྱུན་ཆད་མེད་པའི་ཆོས་ཉིད་ཀྱི་སྙིང་པོས་བརྒྱན་ཏེ༔ རང་རིག་གི་གསལ་སྣང་ལས་རང་ཤར་བའི་སྐུ་གསུམ་གྱི་སྟོན་པ། རྩ་གསུམ་གྱི་ལྷ་ཚོགས་མདོར་ན་མཆོད་འོས་སྐྱབས་ཡུལ་ཐམས་ཅད་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམས་པར་སྤྲུལ་ཏེ་ཡོངས་སུ་འབུལ་ཞིང་། ཨཱོཾ་ན་མོ་ཧཱུྃཿཿ རིན་ཆེན་མཎྜལ་ཕྱི་ནང་མཆོད་པའི་སྤྲིན༔ སོགས་མཎྜལ་གྱི་ཚོམ་བུ་གསོ་བ་དང་བཅས་བརྒྱ་སྟོང་ཁྲི་འབུམ་སོགས་ཕྱག་བཞེས་ལྟར་འབུལ་ལ། མཐར་ཚོགས་ཞིང་སྣང་སྲིད་དག་པ་རབ་འབྱམས་སུ་གསལ་བ་མཆོད་རྫས་དང་བཅས་པ་འོད་དུ་ཞུ་ནས་ཧཱུྃ་གི་རྣམ་པར་གྱུར་པ་རང་ལ་བསྟིམ་སྟེ་དགེ་བ་བསྔོ། ཕན་ཡོན་ནི། ཚོགས་བསགས་སྒྲིབ་སྦྱངས་ལ་མཎྜལ་ཡན་ལག་བདུན་པ་རྣམས་གལ་ཆེ་སྟེ། མཚན་བརྗོད་ལས། བསོད་ནམས་ལྡན་པའི་བསོད་ནམས་ཚོགས༔ ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ༔ ཚོགས་གཉིས་ཚོགས་ནི་བསགས་པ་པོ༔ ཞེས་སོ། བསོད་ནམས་ཀྱི་ཚོགས་ཕྲན་བུས་ཀྱང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་དཔག་ཏུ་མེད་པ་ལ་སྤྱོད་དེ། ཁྱེའུ་ལུང་བསྟན་པའི་མདོ་ལས། བཅོམ་ལྡན་འདས་མཉན་ཡོད་ན་བྱོན་པའི་ཚེ་བྱིས་པ་ཁྱེའུ་ཞིག་གིས་ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་བས། སངས་རྒྱས་ཀྱི་ཞལ་ནས་འདིས་བསོད་ནམས་འདི་ལ་བསྟེན་ནས་འཛམ་བུའི་གླིང་ལ་དབང་བའི་རྒྱལ་པོར་འགྱུར་ཞིང་། དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེ་བ་བྱས་ནས་སངས་རྒྱས་པར་འགྱུར་རོ། །ཅེས་ལུང་བསྟན་ཏོ། དེ་བས་མཎྜལ་དང་ཡན་ལག་བདུན་པ་ནི་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཡོད་དེ། བཀོད་པ་ཆེན་པོ་ལས། རྣམ་དག་སེམས་ལྡན་མཎྜལ་ནི༔ ཕུལ་བས་བསོད་ནམས་གཞལ་དུ་མེད། ཅེས་སོགས་ཕན་ཡོན་དཔག་ཏུ་མེད་པ་གསུངས་པས། མདོར་ན་མཎྜལ་ཕུལ་ནས་ཚོགས་རྣམ་པ་གཉིས་རྫོགས་ཏེ་སྐུ་གསུམ་རྒྱལ་བའི་གོ་འཕང་མངོན་དུ་གྱུར་ནས་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པར་འགྱུར་རོ། ༈ །ལྔ་པ་མོས་གུས་བྱིན་རླབས་ཀྱི་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་བྱ་བའི་ཕྱིར་ལམ་ཟབ་བླ་མའི་རྣལ་འབྱོར་ལ་ཡུལ་གསལ་གདབ་པ། གསོལ་བ་འདེབས་པ། དབང་བླངས་ཤིང་ཉམས་སྐྱོང་བ་དང་གསུམ་ལས། དང་པོ་བླ་མའི་རྣལ་འབྱོར་སྒོམ་ཐབས་མང་དུ་གསུངས་ཀྱང་འདིར་རང་ཉིད་སྐད་ཅིག་གི་དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་དུ༔ ཐོད་པ་སྐམ་རློན་འབར་བའི་གཞལ་ཡས་ཁང་༔ གྲུ་བཞི་རྟ་བབས་དང་ལྡན་པ་ལ་གཞལ་ཡས་ཁང་གི་བཀོད་པས་ཡོངས་སུ་བརྒྱན་པའི་དབུས་སུ༔ རིན་པོ་ཆེའི་ཁྲི་རྐང་གིས་བཏེགས་པའི་སྟེང་དུ༔ ཉི་ཟླ་པདྨ་དང་བམ་རོའི་གདན་སྟེང་དུ༔ ཐུགས་ཀྱི་ས་བོན་ཡི་གེ་ཧཱུྃ་ཧྲཱིཿགཉིས་ཡོངས་སུ་གྱུར་པ་ལས༔ ཡི་དམ་པདྨ་རྟ་མཆོག་དབང་གི་རྒྱལ་པོ་ཡབ་ཡུམ་དུ་གསལ་བར་བསྐྱེད་ཅིང་༔ དེའི་སྤྱི་བོར་པདྨ་འབྱུང་གནས་མཚོ་རྒྱལ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བ་ལ༔ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་ལ་སོགས་པའི་བརྒྱུད་ལྡན་བཀའ་བབས་ཀྱི་བླ་མ་རྣམས་ཀྱང་མངོན་སུམ་དུ་ཐོ་བརྩེགས་པའི་རྣམ་པར་བཞུགས་པ་ལ༔ སྟེང་གི་ཆ་ལ་བླ་མ་རྒྱ་མཚོ༔ བར་གྱི་ཆ་ལ་ཡི་དམ་རྒྱ་མཚོ༔ འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་མངོན་སུམ་དུ་ཁྲ་ཤིག་གེ་འོད་ཁྱིལ་ལིར་བསྐོར་ནས་བཞུགས་པར་དམིགས་ཤིང་༔ གཉིས་པ་གསོལ་བ་འདེབས་པ་ནི། ན་མོ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གདོད་ནས་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ སོགས་གསོལ་འདེབས་ཚར་ཅི་མང་འདོན་ཞིང་ཡིད་ཁྱེད་ཤེས་ཀྱི་བློ་བཀལ༔ སེམས་མོས་གུས་ཀྱི་གདུང་ཤུགས་བསྐྱེད༔ ངག་སྨྲེ་སྔགས་ཀྱི་གདུང་བའི་གསོལ་འདེབས་སུ་འབོད་དེ་ལུས་བ་སྤུ་གཟེངས༔ མིག་མཆི་མ་འཁྲུགས་པའི་ངང་ནས༔ ཚེ་འདི་ལ་ལྟོས་པ་མེད་པའི་ཉམས་དང་། བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་མ་སྐྱེས་ཀྱི་བར་དུ་གསོལ་བ་ཕུར་ཚུག་ཏུ་གདབ་པར་བྱའོ༔ གསུམ་པ་དབང་ལེན་ཞིང་ཉམས་སྐྱོང་བ་བསྔོ་སྨོན་གྱི་རྒྱས་འདེབས་པའི་རིམ་པ་ནི། མཐར་བླ་མའི་འོད་ཟེར་གྱིས་སྣང་སྲིད་འཁོར་འདས་ཐམས་ཅད་དག་པ་རབ་འབྱམས་བླ་མ་ལྷ་ཚོགས་སུ་སད་པས་བླ་མ་ལྷ་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་ལུས་ལ་ཕོག༔ སྐུའི་དབང་ཐོབ༔ ལུས་ཀྱི་སྡིག་སྒྲིབ་དག༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་བསམ༔ གསུང་ལས་འོད་ཟེར་དམར་པོ་འཕྲོས༔ རང་གི་ངག་ལ་ཕོག༔ གསུང་གི་དབང་ཐོབ༔ ངག་གི་སྡིག་སྒྲིབ་དག༔ འབྲས་བུ་ལོངས་སྐུ་ཐོབ་པར་བསམ༔ ཐུགས་ལས་འོད་ཟེར་མཐིང་ག་འཕྲོས༔ རང་གི་ཡིད་ལ་ཕོག༔ ཐུགས་ཀྱི་དབང་ཐོབ༔ སེམས་ཀྱི་སྡིག་སྒྲིབ་དག༔ ཆོས་ཀྱི་སྐུ་ཐོབ་པར་བསམ༔ དེ་ནས་ལྷ་ཚོགས་བླ་མ་ཡབ་ཡུམ་དང་བཅས་པ་ཐམས་ཅད་གཅིག་ནས་གཉིས་སུ་ཐིམ་ཞིང་༔ འོད་དུ་ཞུ་སྟེ་རང་དང་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པའམ༔ འོ་མ་ལ་འོ་མ་ཐིམ་པ་ལྟར་དབྱེར་མེད་གཅིག་ཏུ་གྱུར་ནས༔ བླ་མའི་ཐུགས་ཡེ་གདོད་མ་ནས་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་ཆེན་པོ་དང་༔ རང་གི་སེམས་གཉིས་གྱི་བག་ཆགས་ལ་ཞེན་པའི་ཨ་འཐས་ཅན་གཉིས༔ འོད་གསལ་ཉམས་སྣང་གི་མ་བུ་དབྱིངས་སུ་འདྲེས་པས༔ རང་རིག་པའི་ངོ་བོ་བླ་མ་ཀུན་ཏུ་བཟང་པོ་རུ་ལྟར་གྱི་སངས་རྒྱས་པར་བསམ་ཞིང་༔ མ་ཡེངས་པའི་ངང་ནས་ལྷོད་དེ༔ མ་བཅོས་པའི་ངང་དུ་ཆམ་མེ༔ བློ་འདས་ཀྱི་ངང་དུ་ཁྱིལ་ལིར་བཞག་ཅིང་མཐར་ཆོས་ཉིད་སྤྲོས་པའི་མཐའ་དང་བྲལ་བའི་རང་བྱུང་རྣལ་མ་ཡེ་གྲོལ་རྫོགས་པ་ཆེན་པོའི་དགོངས་པ་འདི་རང་ལ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་ཀྱང་གཉིས་འཛིན་བག་ཆགས་ཀྱིས་ཁ་འཁོར་བའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྡུག་བསྔལ་བདེ་བ་ཆེན་པོར་རང་ཤར་རང་གྲོལ་ནས༔ སྐུ་གསུམ་བླ་ན་མེད་པ་ཀུན་བཟང་གདོད་མའི་མགོན་པོའི་ས་ཐོབ་པར་གྱུར་ཅིག་སྙམ་པས། ཨཱོཾ་ན་མོ་ཧཱུྃ༔ སོགས་བསྔོ་སྨོན་བྱ། །རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ། །བླ་མ་ཉིད་སྤྱི་བོར་འབྲལ་མེད་ངང་། །སྨྲ་བརྗོད་ཀུན་གསོལ་འདེབས་ཁོ་ནར་དམིགས། །བསྙེན་སྒྲུབ་ཀྱི་དམ་པ་ཉིད་དུ་འགྱུར། །འགྲོ་དུས་སུ་གཡས་ཀྱི་ནམ་མཁར་བསྒོམ། །སྐོར་བ་ལ་རྒྱུན་ཆད་མེད་པའོ། །ཟས་ཟ་ཚེ་མགྲིན་པར་བསྒོམ་ཞིང་མཆོད། །ཚོགས་ཆེན་གཉིས་ལྷུན་གྱིས་རྫོགས་པ་ཡིན། །ཉལ་བའི་ཚེ་སྙིང་གི་དབུས་སུ་བསམ། །འོད་གསལ་གྱི་གདམས་ངག་མཆོག་ཏུ་འགྱུར། མཆོང་གུར་སྨུག་པོའི་དབུས་སུ་བླ་མ་རྡོར་སེམས་མཐིང་གསལ་གྱི་ཐུགས་ཀར་ཉི་ཟླའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་གསལ་འོད་དུ་འཚེར་བ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་གཉིད། །འཆི་ཁའི་ཚེ་སྤྱི་བོར་བསྒོམ་བྱས་ལ། །རླུང་རིག་ཀུན་བླ་མའི་ཐུགས་ཀར་གཏད། །འཕོ་བ་ཡི་མཆོག་གྱུར་དེ་ལ་འབད། །གདོན་བགེགས་ཀྱི་ཆོ་འཕྲུལ་བྱུང་ན་ཡང་། འདྲེ་གདོན་ཀྱང་བླ་མའི་སྤྲུལ་པར་མོས། །ལུས་སྲོག་ཀུན་འཕང་མེད་ཚོགས་སུ་འབུལ། །གཅོད་ཡུལ་གྱི་ཉམས་ལེན་མཐར་ཐུག་ཡིན། །ནད་བྱུང་ན་ན་སར་བླ་མ་ཡི། །སྐུ་ཕྲ་ལ་དོད་པ་གསལ་བ་ལས། །བདུད་རྩི་བབས་ནད་ཀུན་དག་པར་བསམ། །རོ་སྙོམས་ཀྱི་གདམས་ངག་ཁྱད་པར་འཕགས། །མདོར་བསྡུ་ན་རྒྱལ་བ་སྲས་བཅས་ཀུན། །དབྱེར་མེད་དུ་བླ་མར་རོ་གཅིག་པས། །དེ་ཉིད་ལ་བློ་རྩེ་གཅིག་དྲིལ་ན། །གནས་སྐབས་དང་མཐར་ཐུག་དགོས་འདོད་ཀུན། །འབད་མེད་དུ་ལྷུན་གྲུབ་འབྱུང་འགྱུར་བས། །ཚུལ་འདི་ལ་རྟག་ཏུ་འབད་པ་གཅེས། །ཞེས་གསུངས་པ་ལྟར་བྱ་ཞིང་། ཕན་ཡོན་ནི། གསང་བ་འདུས་པ་ལས། འབྲས་བུ་གསང་སྔགས་རྡོ་རྗེ་ཡི། །རྒྱུད་དང་ལུང་ཆེན་ཀུན་ལས་ཀྱང་། །ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི། །དོན་རྟོགས་འདོད་ན་བླ་མ་སྒྲུབ། །ཅེས་དང་། གསང་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྐུ་ཉིད་ལ། །བདེར་གཤེགས་རྒྱལ་བའི་སྐུ་རྣམས་རྫོགས། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ཆེན་ཧེ་རུ་ཀཿཿ ཀུན་བྱེད་རྒྱལ་པོ་བླ་མ་ཡིན། །ཞེས་དང་། བདུད་རྩི་འབྱུང་རྒྱུད་ལས། ལྷ་སྐུ་འབུམ་ཕྲག་སྒོམ་པ་བས། །བླ་མའི་སྐུ་གཅིག་བསྒོམ་པ་མཆོག །ཅེས་དང་། ཌཱཀྐིའི་ལས་རྒྱུད་ལས། ནད་གདོན་ཞི་བྱེད་སྨན་གྱི་མཆོག །དགོས་འདོད་འབྱུང་བ་རིན་པོ་ཆེ། །ཐམས་ཅད་དབང་དུ་སྡུད་བྱེད་ཅིང་། །འགྲོ་བ་མ་ལུས་སྒྲོལ་བའི་གྲུ། །འཕྲིན་ལས་ཡང་དག་བླ་མ་མཆོག །ཅེས་དང་། རྒྱུད་དྲ་བ་ལས། བླ་མ་སངས་རྒྱས་ཀུན་གྱི་རྗེ། །རྒྱལ་བའི་མན་ངག་གསང་ཆེན་རྣམས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གཙོ་རུ་རྡོ་རྗེ་འཛིན་པ་སྒོམས། །ཞེས་དང་། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་པས། །བླ་མ་གཉན་པ་ཤེས་པར་བྱ། །དེ་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་དང་། དྲ་བ་སྡོམ་པ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ཉིད་ཐོབ་པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། བཀུར་འོས་མཆོད་འོས་ཕྱག་གི་གནས། །རྟག་ཏུ་རིམ་གྲོར་བྱ་བའི་འོས། །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་དང་། ནམ་མཁའ་ཆེའི་རྒྱུད་ལས། ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི། །དོན་རྟོགས་འདོད་ན་བླ་མ་སྒྲུབ། །ཅེས་དང་། ཡེ་ཤེས་དམ་པའི་རྒྱུད་ལས། བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །འབྲུ་མར་ཐིག་པ་གཅིག་བྱུག་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཅེས་དང་། སངས་རྒྱས་འདུས་པ་ལས། གང་གི་གདུལ་བྱའི་ཡིད་བཞིན་དུ༔ བླ་མ་བསྒྲུབ་པའི་ཐབས་བརྩམས་ཏེ༔ དེ་ཉིད་དོན་དུ་སུས་གཉེར་བ༔ ཐེག་ཆེན་བླ་མའི་ས་བོན་ཏེ༔ ཀུན་གྱི་བདག་ཉིད་ཆེན་པོར་འགྱུར༔ ཞེས་དང་། རྒྱུད་ལས། བསྙེན་སྒྲུབ་བྱེ་བ་ས་ཡ་ལས། །བླ་མའི་གསོལ་འདེབས་ལན་གཅིག་དགའ། །ནུས་པ་འབུམ་ཕྲག་ཆར་མི་ཕོད། །ཅེས་སོགས་རྒྱ་ཆེར་གསུངས་བ་ལྟར་བླ་མ་སངས་རྒྱས་ལས་ལྷག་པའི་མོས་གུས་བསྐྱེད་འཚལ། དེ་ཡང་བླ་མ་ནི་སངས་རྒྱས་ཀྱི་རྣམ་སྤྲུལ་ཡང་ཡིན་པར་ངེས་ཏེ། མདོ་ལས། མ་འོངས་པ་སྙིགས་མ་ལྔ་བདོ་བའི་སེམས་ཅན་ཉོན་མོངས་པ་རགས་པའི་དུས་ན། གང་ཟག་དམ་པ་གཅིག་གིས་འགྲོ་བ་གཅིག་གམ་གཉིས་གསུམ་གྱི་བློ་ཁ་ཆོས་ལ་བསྒྱུར་བར་ནུས་པ་ཡང་སྐྱེས་བུ་དེ་ནི་དགེ་བའི་ཚོགས་དཔག་ཏུ་མེད་པ་བསགས་ཤིང་སངས་རྒྱས་མང་པོ་ལ་བསྙེན་ཅིང་བཀུར་བར་ཤེས་པར་བྱའོ། །ཞེས་དང་། ཡང་དགོངས་པ་ལུང་བསྟན་པའི་མདོ་ལས། དགེ་སློང་དག་འགྲོ་བའི་ཡུལ་དང་མཐུན་པ་དང་ཕན་པར་གྱུར་པའི་དུས་ན། སངས་རྒྱས་རྣམས་ནི་དམན་པའི་ཚུལ་གྱིས་ཀྱང་འགྲོ་བ་རྣམས་ལ་ཆོས་སྟོན་པར་བྱའོ། །ཞེས་པ་དང་། རྒྱུད་དྲི་མེད་རྣམ་རྒྱལ་ལས། རྒྱལ་བ་ཐབས་མཁས་ཐུགས་རྗེ་ཆེ། །མ་འོངས་ཕྱི་མར་གྱུར་པ་ན། །ང་ཡང་སློབ་དཔོན་གཟུགས་ཀྱི་སྐུ། །ཞེས་དང་། ལྷ་མོ་དྲི་མ་མེད་པའི་མདོ་ལས། །གདུལ་བྱ་གང་དང་གང་འཚམས་པའི། །བློ་ཡི་མོས་པ་དེ་ལྟར་ཡང་། །ཁྱིམ་བདག་ལ་སོགས་ཚུལ་གྱིས་ཀྱང་། །ང་ཡིས་འགྲོ་བ་འདུལ་བར་བྱེད། ཅེས་དང་། སངས་རྒྱས་ནི་ཐུགས་རྗེ་ཆེ་བས་འབྱུང་བ་བཞི་ལ་སོགས་པར་ཡང་སྤྲུལ་ནས་འགྲོ་བའི་དོན་བྱེད་དེ། རྒྱུད་གསང་བ་སྙིང་པོ་ལས། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་རྣམས་ནི་བདེ་བར་འཚོ། །ཞེས་པ་ལ་སོགས་པས་སྤྱིར་ཡང་བླ་མ་ནི་སངས་རྒྱས་དངོས་ཡིན་ཞིང་། ཁྱད་པར་དུ་ཡང་སྙིགས་མ་ལྔའི་དུས་སུ་ཐར་པའི་ལམ་མ་ནོར་བར་འཁྲིད་པར་བྱེད་པའི་བླ་མ་སངས་རྒྱས་དངོས་ཡིན་ཞིང་། སངས་རྒྱས་ལས་ཀྱང་བདག་ཅག་ལ་ནི་དྲིན་ཆེ་སྟེ་སངས་རྒྱས་ཉིད་ཀྱིས་བསྟན་པའི་བྱིན་རླབས་ཡོད་ཀྱང་། བདག་ཅག་ལམ་ལོག་པ་ལས་སྐྱོབས། ཐར་པའི་ལམ་དུ་ཁྲིད། རང་སེམས་ཆོས་སྐུར་ངོ་སྤྲོད། སངས་རྒྱས་ལག་འཆངས་སུ་གཏོད་པའི་བླ་མ་ལ། མོས་གུས་སངས་རྒྱས་བས་ཀྱང་ལྷག་པར་བྱེད་དགོས། དེ་མ་སྐྱེས་ན་ཚེ་གཅིག་གིས་སངས་རྒྱས་སྒྲུབ་པའི་ལམ་གྱི་རྟེན་འབྲེལ་འཆུག་པས། ཅི་ནས་ཀྱང་སྒོ་དུ་མ་ནས་བླ་མ་ལ་སངས་རྒྱས་ཀྱི་མོས་གུས་དུང་དུང་བར་སྐད་ཅིག་མི་ཡེངས་བར་བྱས་པས་ཅི་ལྟར་གཅིག་ན་བླ་མའི་བྱིན་རླབས་ཐུགས་བརྒྱུད་ཀྱི་རྟོགས་པ་འཕོས་ནས་བླ་མ་སངས་རྒྱས་སུ་མཐོང་། མོས་གུས་ལ་བཅོས་མ་མི་དགོས་པའི་སྣང་བ་བླ་མས་འཕྲོག་པ། སྣང་བ་བླ་མ་དང་མི་འབྲལ་བར་འགྱུར་ཏེ། དེ་ལ་རྩེ་གཅིག་ཏུ་ནན་ཏན་བྱའོ། །ལོ་རྒྱུས་ཀྱི་མགོ་སོགས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་སོགས་དང་བསྟུན་ཏེ་བཤད་པ་ལེགས་ཤིང་། ཐུན་མོངས་སྔོན་འགྲོའི་སྐབས། སྐྱབས་ཡུལ་རང་ལ་བསྡུས་པའི་རྗེས་སོགས་ཐུན་མཚམས་རྣམས་སུ་རང་གི་སེམས་ཁོ་རང་ལ་ཁོ་རང་གིས་བལྟས་པས་སེམས་ཉིད་དེ་ཀ་ཅི་ཡང་དྲན་མེད་དུ་ལྷན་ནེར་གནས་འདུག་གམ། རྣམ་རྟོག་སྣ་ཚོགས་པར་འཕྲོ་བར་སྣང་ངམ། གང་ལྟར་འདུག་པ་དེ་ལ་འདི་ལྟར་བྱེད་འདུག་སྙམ་པའི་ངོ་ཤེས་རྒྱུའམ་ཚོར་རྒྱུ་ཞིག་ཡོད་པས། དེ་ལྟར་ཚོར་མཁན་ལྟ་བུ་དེ་དུས་རྒྱུན་དུ་མ་བརྗེད་པར་བྱས་ལ་རྣམ་རྟོག་ཅི་འདྲ་ཞིག་འགྱུས་ཀྱང་འདི་འདྲ་འགྱུས་སྣང་ངོ་སྙམ་མཁན་དེ་དང་མ་བྲལ་བ་དང་མ་འགྱུས་ཀྱང་འགྱུ་མི་འདུག་སྙམ་མཁན་དེ་ཀ་ངོས་ཟིན་པར་བྱའོ། །འདི་ལྟ་བུ་རྒྱུན་དུ་བསྐྱངས་ན་རྫོགས་རིམ་གྱི་ཁྲིད་སོགས་ཞུ་མ་མྱོང་ཀྱང་རྣམ་རྟོག་ཨ་འཐས་ཉིད་འཁྲུལ་ལ་མ་ཤོར་བའི་དགོས་ཆེད་ཆེན་པོ་ཞིག་ཡོད་ལ། འདི་ལ་འགྱུ་བ་བཀག་ནས་སེམས་བསྐྱུར་ཏེ་བཞག་པར་བྱེད་རྒྱུ་ནི་མ་ཡིན་ཏེ། སེམས་རང་བབས་ཀྱི་འཕྲོ་གནས་ཅི་འདྲ་བྱེད་འདུག་བལྟ་བ་གཅིག་པུ་ཡིན་ནོ། ད་ལྟའི་ཐ་མལ་གྱི་ཤེས་པ་དེ་ཀའི་འཆར་སྒོའི་འདུག་ཚུལ་ཅི་འདུག་དེ་ཉིད་ཀྱི་ངང་ལ་ལྷོད་དེ་སྡོད་ཚེ་གང་ཟག་སོ་སོའི་བབས་ཚུལ་གྱི་དབང་གིས་སྣ་ཚོགས་འབྱུང་མོད་ཀྱི་དད་པ་ཅན་བྱིན་རླབས་ཞུགས་པ་འགའ་ཞིག་ལ་བསྒོམ་ལྷད་མེད་སྐྱེ་བ་སྲིད་ལ་གང་ལྟར་ཡང་སེམས་ཁོ་རང་རང་བབས་སུ་བཞག་པ་ལས་ལྷག་པའི་བཅོས་མའི་དམིགས་པ་གང་ཡང་དགོས་པ་མ་ཡིན་ཅིང་འགྱུ་བ་གང་previous hit འཆར་དང་ཚོགས་དྲུག་ཅིར་སྣང་ལ་ངོས་ཟིན་ཙམ་ལ་བསླབ་པར་བྱ་སྟེ། འདི་ཙམ་ལ་གོམས་ནས་སེམས next hit་རྒྱ་ཡན་འཁྲུལ་འབྱམས་སུ་མ་ཤོར་ཙམ་དུ་དྲན་པས་ཟིན་ཐུབ་ན་སླད་དུ་བླ་མ་ཉམས་མྱོང་ཅན་དང་འཕྲད་ན་བསྒོམ་ཚུལ་ལྡན་ངོ་འཕྲོད་སླ་བར་འགྱུར་རོ། །དང་པོ་དལ་འབྱོར་རྙེད་དཀའ་སོགས་ཁྲིད་རྐང་རྣམས་ཀྱི་ཐུན་བར་དུ། ཕྱག་སྐོར་སོགས་ཆོས་སུ་འགྲོ་བའི་སྤྱོད་པ་ལ་བསླབ་པ་གྲུབ་ཐོབ་པདྨ་རིགས་འཛིན་གྱི་ཕྱག་བཞེས་དང་། ཡང་སྔོན་འགྲོ་རེ་རེ་ལ་སྨིན་སློབ་ཀྱི་ཚེ་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་དུ་བསྒོམ་དགོས་ལ། མོས་སློབ་ཤར་བསྒོམ་རྒྱུན་ཁྱེར་གྱི་དུས་སྐྱབས་ཡུལ་མ་བསྡུས་པར་བཞག་པ་དེ་ཉིད་སེམས་བསྐྱེད་ཀྱི་དཔང་པོ་དང་། མཎྜལ་གྱི་ཚོགས་ཞིང་དུ་བྱ་ཞིང་བསྡུ་བ་ཉམས་ལེན་ལ་བདེ་བ་ཡིན་ནོ། །གཞན་ཡང་ཁྲིད་སྦྱངས་སྐབས་མིན་པའི་ཆགས་མེད་རྒྱུན་གྱི་རྣལ་འབྱོར་ལ་ཉིན་ཞག་ཕྲུགས་རེ་ལ་དུས་བཞིའམ་དུས་དྲུག་གམ། ཐ་ན་ཐོར་ཐུན་གྱི་སྐབས་སོགས་སུ་སྔོན་འགྲོ་སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་ཡན་གཏོང་ནས་ཉམས་ལེན་བསྐྱངས་བ་ལས་ཁྱད་པར་གྱི་སྔོན་འགྲོ་རྣམས་མ་གྲུབ་ཀྱང་ཆོག་ཅེས་བླ་མའི་གསུང་ཡིན་གྱི་དགེའོ། ༈ །རྫོགས་པ་ཆེན་པོའི་ཁྱད་པར་གྱི་དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ། ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་ཀྱི་ལམ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་གཉིས་ལས། དང་པོ་ལ་ཡང་གནས་ལུགས་གཏན་ལ་དབབ་པར་བྱེད་པ་རྫོགས་པ་ཆེན་པོའི་ཁྱད་པར་གྱི་སྔོན་འགྲོ་དང་རིག་པ་རང་ངོ་སྤྲོད་པ་ཆོས་སྐུ་གཅེར་མཐོང་དུ་སྟོན་པ་གཉིས་ལས། དང་པོ་སྔོན་འགྲོའི་རིམ་པ་ལ་བཞི་སྟེ། དང་པོ་ལུས་ངག་ཡིད་གསུམ་ཐ་མལ་གྱི་སྣང་ཞེན་ལ་སྐྱུག་ནད་ཅན་ཟས་མཐོང་བ་ལྟར་ཞེན་པ་ལོག་ནས་མི་རྟོག་པའི་ཏིང་ངེ་འཛིན་ལ་ངང་གིས་གནས་པར་བྱེད་པ་འཁོར་འདས་རུ་ཤན་དབྱེ་བ་ནི། དབེན་པའི་གནས་སུ་གཞི་བདག་ལ་དཀར་གཏོར་ཕུལ་ལ་འདོད་དོན་གསོལ། བསྲུང་འཁོར་རང་ལུས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་མེ་དཔུང་འབར་བའི་སྤྱི་བོར་བླ་མ་བསྒོམ་ཞིང་གསོལ་བ་གདབ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། མ་བཅོས་པར་དར་གཅིག་མཉམ་པར་བཞག་པའི་ངང་ནས། ཐོག་མར་ལུས་ངག་ཡིད་གསུམ་ཐ་དད་དུ་རུ་ཤན་དབྱེ་བ་མཚོན་ཙམ་གཏོང་ཞིང་ཆུན་གཅིག་ཏུ་བསྒྲིལ་བ་ཉིད་གཙོ་བོར་བྱེད་པ་བླ་མ་རྣམས་ཀྱི་ཕྱག་ལེན་ནོ། །དེ་ཡང་འགྲོ་བ་རིགས་དྲུག་གི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱི་རང་རྒྱུད་ལ་མྱོང་བར་བསམ་ཞིང་། ལུས་ཀྱི་མཆོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེའི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་ཤུགས་འབྱུང་འགག་མེད་དུ་སྤྱད་པས་ངལ་དུབ་འགྱུ་བ་བན་བུན་དག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྣལ་དུ་དབབ་ཅིང་རྗེས་ཤེས་ཀྱི་རང་ངོ་ལ་བལྟ་ཞིང་ངལ་བསོ། ཡང་ལུས་ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར་དང་ངག་གཟུངས་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་རྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་བྱས་ནས་རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་པ་རེ་དང་ཡིད་ཀྱིས་བསྟོད་པ་རེ་བྱས་པའི་མཇུག་ཏུ་བསྐྱེད་རིིམ་བསྡུ་ཞིང་རིམ་བཞིན་སྒོམ་པའི་རྗེས་རྣལ་དུ་དབབ་ཅིང་རང་ངོ་བསྐྱང་ངོ་། །སྐབས་སྐབས་སུ་སེམས་ཚོལ་ཀྱང་གཏོང་བ་གྲུབ་ཐོབ་ཉམས་བརྒྱུད་ཀྱི་ཕྱག་བཞེས་མན་ངག་གོ། གཉིས་པ་སྒྲིབ་སྦྱངས་རང་ལུས་ཀྱི་སྤྱི་བོ་ན་ལྷའི་ས་བོན་ཨ་དཀར་ནག །མགྲིན་པར་ལྷ་མིན་གྱི་སུ་སེར་ནག །སྙིང་གར་མིའི་ནྲི་སྔོ་ནག །ལྟེ་བར་དུད་འགྲོའི་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་པྲེ་ལྗང་ནག །རྐང་མཐིལ་གཡོན་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་རིགས་དྲུག་རང་རང་གི་བག་ཆགས་རྣམས་ལྷན་སྐྱེས་སུ་གནས་པ་རྣམས་སོལ་དོང་དུ་དུ་བ་འཕྱུར་བ་ལྟར་བསམ་ཞིང་། སྦྱང་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་རྣམས་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཾཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམ་ལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བའི་ཡི་གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་རང་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་། ཨཱོཾ་ཨཱཾཿཧཱུྃ་གསུམ་བཟླ་ཞིང་། དེའི་དུས་སུ་བདག་ཇི་ལྟ་བ་བཞིན་སེམས་ཅན་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་ལས་མེ་འབར་ཏེ་ས་བོན་དྲུག་ཚིག་པར་བསམ་ཞིང་བཟླས་སོ། །གསུམ་པ་སྔོན་འགྲོ་གསུམ་ལ། དང་པོ་ལུས་ཀྱི་རྐང་པའི་མཐིལ་གཉིས་སྤྲད༔ ལག་པ་སྤྱི་བོར་ཐལ་སྦྱར་ནས་རྡོ་རྗེ་རྩེ་ལྔ་པ་མེ་ཆེན་འུ་རུ་རུ་འབར་བ་ཅིག་ཏུ་བསམ་ཞིང་སྒོམ་པ་དང་། གཉིས་པ་ལ་བཞི་སྟེ། དེ་ལ་དང་པོ་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་ཧཱུྃ་གི་གླུ་སྙན་ལ་རིང་བ་བླངས་བས་རང་གི་ཁ་ནང་ནས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་ནས་ཕྱི་ཡི་སྣང་བ་ཐམས་ཅད་ཧཱུྃ་གིས་རང་བཞིན་དུ་མེར་རེ་རེ་ཁེང་པར་བསམ། ཡང་ཧཱུྃ་སྔར་ལྟར་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་རྣམས་ཁ་སྣའི་སྒོ་ནས་ཐོག་པ་མེད་པར་ཞུགས། ལུས་ཀྱི་ནང་ཐམས་ཅད་མེར་རེ་རེ་གང་བར་བསམ་པ་དང་། གཉིས་པ་ཧཱུྃ་དྲག་པོ་ངར་དང་ལྡན་པ་བརྗོད་པས་ཧཱུྃ་མཐིང་ནག་མེ་འབར་ཞིང་ཚྭ་ཚྭ་ཁོལ་བ་དངོས་པོ་ཆེ་ཆུང་དང་འཚམས་པ་ཞིག་གི་ཕྱི་རོལ་གྱི་གཟུགས་ཆེ་ཆུང་ཐམས་ཅད་ཕར་ཐལ་ཚུར་ཐལ་ཡར་ཐལ་མར་ཐལ་དུ་ཕུག་པར་བསམ་པ་དང་། ཡང་ཧཱུྃ་དེས་རང་གི་ལུས་ཐམས་ཅད་རྟ་རྔའི་ཉ་ཚག་ལྟ་བུར་བར་མཚམས་མེད་པར་ཕུག་པར་བསམ་མོ། །གསུམ་པ་མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་བཙུག་སྟེ་ངག་གིས་ཧཱུྃ་སྙན་མཐིང་ནག་མཐོ་གང་ཙམ་བ་་་ཅིང་རིང་པོར་བརྗོད་པས་རང་གི་སྙིང་གར་ཧཱུྃ་མཐིང་ག་གཅིག་གསལ་བ་ལས་ཧཱུྃ་གི་ཕྲེང་བ་བར་མ་ཆད་དུ་བྱུང་། དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབ་པ་དང་ངལ་བསོ། ཡང་རིམ་བཞིན་བཤིག་ནས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུྃ་ལ་བསྟིམ་ནས་ངལ་བསོ། བཞི་པ་རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པ་ཅན་དུ་བྱས་ལ་མདུན་ནས་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་སྟེ་འཁྱོག་འཚམས་སུ་ཅུང་ཟད་ངལ་བསོ་ཞིང་། རྒྱང་རིང་པོའི་མཐའ་ཚད་མེད་པའི་ཕ་རོལ་ཏུ་སོང་བར་བསམ་ཞིང་ཧཱུྃ་རིང་པོར་བརྗོད་ལ་རང་བབས་སུ་ངལ་བསོ། ཡང་སྔར་བཞིན་ཚུར་ལོག་ནས་རང་སོར་གནས་པ་ལ་ངལ་བསོ་བ་རྣམས་སོ། །ཡང་ན་ངག་ནས་ཧཱུྃ་ཧཱུྃ་ཞེས་པས་ཧཱུྃ་གཅིག་ཐོན་ནས་ཕྱོགས་རིས་སུ་སྲིན་བུའི་འགྲོས་ཀྱི་རང་གི་ཁང་ཁྱིམ་ཡུལ་འཁོར་དང་། དེ་ནས་རང་གི་འགྲོ་གར་མྱོང་གི་ལུང་པ་རྣམས་སུ་ཕྱིན་ལ། མཚམས་སུ་ཧཱུྃ་ཐམས་ཅད་ངལ་བསོའི་ཚུལ་གྱིས་སྡོད་པ་དང་། མཐར་ཧཱུྃ་དེ་ལུང་པ་ཕུ་ཤར་བསྟན་མདའ་ནུབ་ཏུ་བསྟན་པ་རོང་དོགས་པ་ཡིད་སྐྱོ་བ་ཆུ་རབ་ཏུ་འབབ་པ་ཞིག་ཏུ་ཧཱུྃ་རྣམས་འགྲོ་བར་བསམ་པའི་ངང་ནས་ཧཱུྃ་གདངས་རིང་ལ་སྙན་པར་བརྗོད་དོ། སླར་ཧཱུྃ་རང་གནས་སུ་བསྡུད་ཀྱང་རུང་ངོ་། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ༔ དང་པོ་རྩད་བཅད་པ། བར་དུ་མཚང་བཙལ་བ། ཐ་མ་གནས་ལུགས་ལ་བརྟག་པ་གསུམ་ལས༔ དང་པོ་རྩད་བཅད་པ་ནི། རང་གི་ལུས་ངག་ཡིད་གསུམ་པོ་འདི་བདེ་སྡུག་གི་ཚོར་བ༔ བཟང་ངན་གྱི་སྤང་བླངས་ཐམས་ཅད་ཀྱི་བྱེད་པ་པོ་གང་གཙོ་བོར་འདུག་བརྟགས་པས༔ སེམས་གཙོ་བོར་ངོས་ཟིན་པ་ནི་རྐུན་མ་ངོས་ཟིན་པ་ལྟ་བུའོ། །མཚང་བཙལ་བ་ནི༔ རང་གི་སེམས་དང་དེའི་ཡུལ་སྣང་གཉིས་གཅིག་གམ་ཐ་དད་ལ་བརྟགས་པ་སྟེ༔ དེ་ལ་ལུས་ངག་ཡིད་གསུམ་པོ་གཅིག་གམ་ཐ་དད༔ གཅིག་ན་ལུས་ངག་ལྟར་སེམས་ཀྱང་མཐོང་ཐོས་སུ་འགྱུར་ལ༔ སེམས་ལྟར་ན་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་ངོ་༔ ཐ་དད་ན་ལུས་རྡུལ་ཕྲན་ཆ་མེད༔ ངག་རྗེས་མེད་གཏད་ཡལ༔ སེམས་བྱ་ལམ་རྗེས་མེད་དུ་སོང་ཚེ་གཅིག་གམ་ཐ་དད་དུ་འདུག་གམ༔ དཔྱད་ན་འབྲེལ་བ་མ་གྲུབ་པའི་ཕྱིར༔ གཅིག་གམ་ཐ་དད་མ་ཡིན་ནོ༔ དེ་ལྟར་ན་གཉིས་ཡིན་དང་གཉིས་མ་ཡིན་གྱི་ཕུང་པོ་གསུམ་པོའང་ཞར་ལ་ཁེགས་པས༔ གཅིག་དང་ཐ་དད་དུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ༔ དེ་བཞིན་དུ་ཕྱི་གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ ནང་སེམས་ལ་སེམས་ཀྱི་འཛིན་དུས་ན༔ བཟུང་ཡུལ་སྣང་བ་དང་༔ འཛིན་བྱེད་ཤེས་པ་གཉིས་གཅིག་དང་ཐ་དད་ལ་བརྟགས་པས༔ ཡུལ་མེད་རྟེན་འབྲེལ་གཅིག་ཏུ་རྟོགས་ཏེ༔ གཟུང་འཛིན་གྱི་རྩ་བ་ཆད༔ གཉིས་འཛིན་གྱི་མཁར་འགྱེལ༔ བདག་གཞན་གྱི་སྣང་བ་ནུབ༔ དགྲ་གཉེན་གྱི་འཁྲུལ་འཛིན་ཞིག༔ དགག་སྒྲུབ་ཀྱི་སྤྲིན་ཚོགས་དེངས་པས༔ ཆོས་ཉིད་ནམ་མཁའ་ལྟ་བུའི་དགོངས་པ་ལ་ཕྱིན་པའོ༔ གསུམ་པ་གནས་ལུགས་བརྟགས་པ་ལ་དབེན་པའི་གནས་སུ་སྒོ་གསུམ་གྱི་བྱ་བ་རྣམས་བཏང་སྟེ་རང་བབས་ཀྱི་ངང་ནས་previous hit སེམས་ཞེས་པ་འཁོར་འདས་གཉིས་ཀའི་འཆར next hit་གཞི་བྱེད་པ་རིག་རིག་ཏུར་ཏུར་པོ་འདིའི་བྱུང་གནས་འགྲོ་གསུམ་ལས། དང་པོ་བྱུང་ས་ནི། སེམས་གང་ནས་བྱུང་། རྩད་བཅད་པས་རང་གི་ལུས་ལོངས་སྤྱོད་དགྲ་གཉེན་བར་མ་སོགས་དུག་གསུམ་གྱི་ཡུལ་དུ་གྱུར་པ་དེ་དག་གི་གཉེན་ལ་ཆགས་ཡུལ་ཆགས་བྱ་ཆགས་པར་བྱེད་མཁན་དགྲ་ལ་སྡང་ཡུལ་སྡང་བྱ་སྡང་བར་བྱེད་མཁན་བར་མ་ལ་སྙོམ་ཡུལ་སྙོམ་བྱ་སྙོམ་པར་བྱེད་མཁན་རྣམས་ཀྱི་གཟུགས་སོགས་འདོད་ཡོན་ལྔ་ལ་བཙལ་བ། མི་ལ་མཚོན་ན་དབང་པོ་ཚོགས་དྲུག་ཕུང་པོ་ཁམས་དང་སྐྱེ་མཆེད་བྱ་སྤྱོད་སོགས་དྲན་ཡུལ་དུ་བྱས་ཏེ་འདི་ཡིན་ནམ་སྙམ་པའི་རྟོགས་པ་འཆར་ཡང་ཞིབ་ཏུ་དཔྱད་ཚེ་གཞན་ནས་མི་རྙེད་པར་ཚེ་འདིའི་མ་ལས་བྱུང་བར་ངེས་ཤེས་རྙེད་པ་ལྟ་བུ་ཡོང་ཡང་དེའི་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཆ་ཤས་ཕྲ་མོ་རེ་རེ་ནས་བཙལ་བས་མི་རྙེད། སེམས་ལས་སེམས་བྱུང་ན་སྐད་ཅིག་རང་དུས་ན་སེམས་ཆ་གཉིས་སུ་འཛིན་དགོས་པ་ལ་དེ་འདྲ་བློས་དཔྱད་མི་བཟོད་པའི་ཕྱིར་སེམས་སྐྱེ་བ་མེད་པ་གཏན་ལ་ཕེབས་པའི་ཆོས་སྐུ་བློ་བྲལ་ཆེན་པོ་ཐོག་མའི་ཟད་སར་ཤེས་སོ། །གཉིས་པ་བར་དུ་གནས་ས་མེད་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཕྱི་ནང་བར་གསུམ་དང་ཁྱད་པར་རང་གི་ལུས་ནས་བཙལ་ཀྱང་མི་རྙེད་ཅིང་སེམས་ལ་སེམས་གནས་ན་གནས་ཡུལ་དང་གནས་མཁན་གཉིས་དགོས་པའི་ངོས་བཟུང་དུ་མེད་པའི་ཕྱིར་གནས་ས་མེད་པའི་སེམས་ཉིད་ལོངས་སྐུ་གཞི་བྲལ་གསལ་དག་ཆེན་པོའི་ཆོས་ཉིད་རང་བབས་ཀྱི་དགོངས་པར་ཤེས་སོ། །གསུམ་པ་མཐར་འགག་པ་མེད་པ་ནི། ལུས་སེམས་བྲལ་བའི་རྗེས་སུ་སེམས་འདིར་འགགས་ཞེས་འཁོར་འདས་གང་གིས་སར་ཡང་ངོས་ཟིན་རྒྱུ་མེད། འོ་ན་མར་མེ་ཤི་བ་ལྟར་གཏན་མེད་དུ་སོང་ངོ་སྙམ་ན་སེམས་ཀྱི་ཐོག་ཏུ་རིགས་དྲུག་གི་བདེ་སྡུག་རྣམས་མྱོང་བ་མངོན་སུམ་གྱིས་གྲུབ་ཕྱིན། དེ་ལ་ཁ་དོག་དབྱིབས་ངོ་བོ་ངོས་བཟུང་རྒྱུ་འདུག་གམ་མི་འདུག་བརྟགས་པས་ཁ་དོག་དཀར་པོ་དང་དབྱིབས་ཟླུམ་པོའོ། །ཞེས་པ་ལྟ་བུ་བརྗོད་དུ་མེད་པས་སྣང་དུས་ན་སྟོང་སྟོང་དུས་ན་སྣང་གསལ་དུས་ན་གཞི་མེད་རྩ་བྲལ་དུ་གསལ་ལེ་བ། ཚིག་གི་བརྗོད་དུ་མེད་པ་བློ་ཡི་ཡུལ་དང་བྲལ་བ་ད་ལྟར་གྱི་ཤེས་རིག་ཝལ་ལེ། གསལ་ལེ་ཧྲིག་གེ་བ་འདི་ག་ཐ་མལ་གྱི་ཤེས་པའམ་གཉུག་མ་ལྷན་ཅིག་སྐྱེས་པའི་བཞུགས་ཚུལ་ལམ་ཀ་དག་བློ་འདས་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་ཉིད་ཡིན་པའི་ཕྱིར་ཆོས་བརྒྱད་ཀྱི་རྟོག་པ་ཐམས་ཅད་སྒྱུ་མའི་རྟ་གླང་ངམ་རྨི་ལམ་གྱི་སྣང་བ་ལྟར་ནམ་མཁའི་དབྱིངས་སུ་བན་མ་བུན་བཞིན་ཀ་ནས་དག་པར་ཐག་བཅད་དེ་མཉམ་གཞག་གི་ངང་ལ་རྣམ་རྟོག་བཟང་ངན་གང་ཤར་དེའི་ངོ་བོ་ལ་གཅེར་གྱིས་བལྟས་པ་ན་སྦྲུལ་གྱི་མདུད་པ་བཞིན་ཞིག་འགྲོ་བས་མཉམ་རྗེས་བསྲེ་ཞིང་དགེ་སྦྱོར་གྱི་རྒྱུན་བསྐྱངས། དེ་དག་ཐམས་ཅད་ཀྱི་གཞི་མ་རིག་པའི་དབང་གིས་བདེན་པར་མེད་བཞིན་དུ་གཉིས་སུ་བཟུང་བར་བརྟེན་དུག་ལྔ་རྒྱས་ཤིང་ཀུན་གྱི་རྩ་བ་བདག་གཅེས་འཛིན་གྱི་ལན་པས་དེ་གར་ཡོད་བརྟགས་པ་ན་ཕྱི་ནང་གི་སྣོད་བཅུད་གང་གི་སྟེང་ནས་ཀྱང་མ་རྙེད་པའི་previous hit སེམས་ཀྱི་འཁྲུལ་སྣང་གི་འཆར next hit་སྒོ་ཙམ་དུ་ཐག་ཆོད། སེམས་ཀྱི་ངོ་བོ་གསལ་སྟོང་གང་ཤར་འཛིན་མེད་ཀྱི་ངང་ལ་ཆམ་གྱིས་འཇོག་དེར་མ་ཟད་ཕྱི་ནང་གི་སྣོད་བཅུད་རྣམས་ལའང་བྱུང་གནས་འགྲོ་གསུམ་དཔྱད་པས། གཟུགས་སྣང་སྟོང་། སྒྲ་གྲགས་སྟོང་། སེམས་རིག་སྟོང་སྟེ་ཐ་སྙད་ཀྱི་ཆོས་ཀུན་ཀ་དག་ཏུ་ཐག་བཅད་པའི་མཉམ་བཞག་ནམ་མཁའ་ལྟ་བུ་ལ་རྗེས་ཐོབ་ཏུ་འཁྲུལ་ཤེས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཉམས་འོག་ཏུ་ཚུད་པར་བྱས་པས་མཉམ་ཡངས་ཆེན་པོར་བློ་བདེའོ། །དགོས་པ་གསུམ་ནི། ཐུན་མོང་དུ་སེམས་ཀྱི་སྡིག་པ་འདག །ཡོན་ཏན་སྐྱེ། མངོན་ཞེན་ལྡོག །ཁྱད་པར་སེམས་འཁོར་བར་མི་འཁྱམ་ཞིང་ཆོས་སྐུར་གྲོལ། མཐར་ཐུགས་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ། །བཞི་པ་རྣལ་དུ་དབབས་པ་ནི། རུ་ཤན་དབྱེ་བ་མན་གྱི་དམིགས་སྐོར་རྣམས་ཀྱི་བར་མཚམས་སུ་སྐབས་དང་བསྟུན་ནས་ཉམས་སུ་ལེན་པ་ནི། བདེ་བའི་མལ་དུ་ལུས་འགུལ་སྤྱོད་དང་བྲལ། ངག་སྨྲ་བརྗོད་དང་བྲལ། ཡིད་སོ་མ་དྲན་རྟོག་དང་བྲལ་བར་ལྷོད་ཀྱིས་གློད་ལ་ཉལ་ལོ། །དགོས་པ་གསུམ་ནི། ཐུན་མོང་དུ་རྩ་རླུང་ཁོད་སྙོམས་པས་འབྱུང་བ་མི་འཁྲུག་ཅིང་ནད་མེད། ཁྱད་པར་ཏིང་ངེ་འཛིན་རང་བབས་སུ་སྐྱེ་ཞིང་ལུས་སེམས་བདེ། མཐར་སྒོ་གསུམ་གྱི་འཛིན་པ་རང་སར་གྲོལ་བའོ། །སྐབས་འདིར་སོར་འཇུག་རྣལ་དབབ་སྤྱོད་ལམ་དང་བསྲེ་ཕྱིར་འབྱུང་ཡང་འདིར་མ་བཤད་པས་མེད་ཀྱང་རུང་ངོ་། ༈ །གཉིས་པ་དངོས་གཞིའི་རིག་པ་རང་ངོ་སྤྲད་པ་འོད་གསལ་ཆོས་སྐུ་གཅེར་མཐོང་དུ་བསྟན་པ་ལ། ངོ་སྤྲད་པ། རྩལ་སྦྱངས་པ། བོག་དབྱུང་བ་གསུམ་ལས། དང་པོ་རིག་པ་གཏན་ལ་འབེབས་པ་ལ། ཚོགས་ཀྱི་འཁོར་ལོ་གཏོར་མ་སོགས་རྒྱས་པར་བཤམས། བཀའ་སྲུང་ལ་གཏོར་མ་འབུལ། དཔོན་སློབ་ཐམས་ཅད་ལུས་གནད་དྲང་ཐ་ལེར་བསྲང་། བརྒྱུད་པའི་བླ་མ་དང་ཁྱད་པར་རང་གི་བླ་མ་ཆོས་ཀྱི་སྐུ་མངོན་སུམ་དུ་སྒོམས་ལ་མོས་གུས་ཀྱི་གདུང་བ་དྲག་པོས་གསོལ་བ་ཕུར་ཚུགས་སུ་གདབ། བླ་མས་སློབ་བུ་རྣམས་ལ་སྟོང་ཉིད་ཀྱི་རྒྱས་འདེབས་ཤིང་། སློབ་བུ་རྣམས་ཀྱིས་དབང་བཞི་ལེན། བླ་མ་དང་ཐུགས་ཡིད་བསྲེ། དར་ཅིག་བརྗོད་མེད་དུ་ཆམ་མེར་བཞག་ཅིང་ཤེས་པ་གློད་ནས་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས་སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར་དེའི་ངང་ལ་ལྷོད་ཀྱིས་གློད་པས་རིག་མདངས་མོས་གུས་སུ་ལམ་མེར་གཤིས་འཛིན་མེད་དུ་ཁྲོ་ལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལ་བསལ་བཞག་མེད་པར་རང་བབས་སུ་བསྐྱར་དུ་གཞུག་གོ། དེ་ནས་དངོས་གཞིའི་ཁྱད་པར་ཉམས་ལེན་གནད། གདོད་ནས་ཀ་དག་རིག་པ་ཆོས་ཀྱི་སྐུ། །ལྷུན་གྲུབ་རང་བྱུང་ཡེ་ཤེས་གཏན་ཕབ་ནས། །ཞེས་པ་ལྟར་འཁོར་འདས་དང་རྒྱབ་གྱེས་པའི་དུས་སུ་ཀུན་ཏུ་བཟང་པོ་གཞི་ཐོག་ནས་གྲོལ། སེམས་ཅན་རྣམས་འཁོར་བར་འཁྱམས་པ་ཡིན་ཏེ། འཁོར་བའི་གཞི་མ་རིག་པ་ནི། འཐོམ་མེ་བ། འཐིབ་པ་ཡེངས་པ་རྨུགས་པ་འབྱམས་པ་མི་དྲན་པ་བརྒྱལ་བ་ལྟ་བུ་འབྱུང་། དེ་ནི་འཁྲུལ་བའི་མ་རྒན་མོ་ལོང་བ་བཞིན་ཡིན་ལ། སེམས་ཞེས་བྱ་བ་ཟི་ཟི་ལོང་ལོང་བ། གཡོ་བུན་བུན་བ་མཉམ་ཁྲིག་གེ་བ། རྒྱངས་ཡེད་ཡེད་པ་ཏི་འཁོར་འཁོར་བ། ང་བདག་ཆེར་བྱེད་པའི་བུ་ལྟ་བུ་ཞིག་སྐྱེས་པ་དེ་སྲིད་པའི་བཙོན་རར་འཇུག་པའི་མ་རིག་པ་དེ་ལ་བརྟེན་ནས་བདག་གཞན་འབྱུང་། བདག་ལ་བརྟེན་ནས་འདོད་ཆགས་ང་རྒྱལ་སེར་སྣ་གཞན་ལ་བརྟེན་ནས་ཞེ་སྡང་ཕྲག་དོག་དེ་ལས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་གྱེས་ཏེ་འགྱུ་བྱེད་དབུགས་ཀྱི་རྟ་ལ་ཞོན། མི་དགེ་བ་ཅི་ཡང་བྱེད་ཅིང་སྡུག་བསྔལ་གང་ཡང་མྱོང་བ་དུས་རྒྱུན་དུ་འཁོར་བར་འཁྱམས་པ་འདི་རིག་ན་དེ་ལ་གྲོལ་བས། གདོད་ནས་རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་གཤིས་ཀྱི་འདུག་ཚུལ་འདི་ཉིད་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། ནམ་མཁའ་རྣམ་པར་དག་པ་ལྟ་བུ་རྒྱ་ཆད་ཕྱོགས་ལྟུང་སྤྲོས་པའི་མཚན་མ་ཐམས་ཅད་ལས་འདས་པར་ཡེ་ནས་གནས་པས་དང་པོ་འདི་ནས་བྱུང་བ་མེད། རང་བཞིན་གསལ་བ་སྟོང་པ་ཕྱང་ཆད་དུ་མ་སོང་བར་གདངས་རིག་པའི་རང་རྩལ་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུར་ཡེ་ནས་གྲུབ་པས་འདིར་གནས་མེད་པར་སྟོང་པས་གར་ཁྱབ་རིག་པས་ཁྱབ། ཐུགས་རྗེ་མ་འགགས་ཀུན་ལ་ཁྱབ་ཅིང་སྣང་ནུས་པ་སྤྲུལ་པའི་སྐུར་ཡེ་ནས་གྲུབ་པའི་མཁྱེན་ཆ་རང་བཞིན་གྱིས་གསལ་བ་ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡུལ་ཡུལ་ཅན་གྱི་ཤེས་པས་སྒྲོ་བཀུར་ཐམས་ཅད་དང་བྲལ་བ་རིན་པོ་ཆེའི་ཤེལ་གོང་འབར་བ་ལྟ་བུ། མཐར་འདིར་འགགས་མེད་པས་གཞི་གནས་ཐམས་ཅད་ཀྱི་སྐུ་གསུམ་མམ་ཡེ་ཤེས་ལྔ་ལྡན་ནི། ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས། རང་བཞིན་གསལ་བ་མེ་ལོང་། གསལ་སྟོང་གཉིས་མེད་མཉམ་ཉིད་མཁྱེན་ཆའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་རྟོག་བྲལ་དུ་རིག་པ་སོར་རྟོགཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་བྱ་གྲུབ་སྟེ། དེ་ལྟ་བུའི་ཡེ་ཤེས་ལྔ་ལྡན་དེ་ཉིད། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱིས་མ་གོས་པར་དྲི་བྲལ་དུ་གནས་པའི་ཕྱིར། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ༔ མ་རིག་པ་ཡི་སྲིད་མིང་མེད༔ གཅིག་དང་གཉིས་ཀྱི་གྲངས་མཐའ་ཟད༔ དེ་ཕྱིར་འཁྲུལ་པ་གདོད་ནས་དག༔ ཅེས་བྱུང་བས་ན་ཡར་སངས་རྒྱས་ལ་རེ་བ་དང་མར་ངན་སོང་དུ་ལྷུང་གི་དོགས་པ་མེད་པའི་ཕྱིར་ཆོས་སྐུ་སྐྱོན་ཡེ་ནས་དག་པའི་གཞི་རིག་པ་ཀ་དག་ལ་ཡོན་ཏན་ལྷུན་གྱིས་གྲུབ་པའི་བདག་ཉིད་དེ་བརྟུལ་སྦྱངས་མ་བྱས་ཀྱང་ས་ལེ་སྦྲམ་གདོད་མ་ནས་གསེར་ཡིན་པ་ལྟར་ཐག་རྦད་ཀྱིས་བཅད་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ངོ་འཕྲོད་པ་ཡིན་ནོ། །དེ་ནི་ཀུན་གཞི་གཏན་ལ་ཕབ་སྟེ་ངོ་སྤྲད་པའོ། །གཉིས་པ་གཏན་ལ་ཕབ་པ་དེ་ངོ་སྤྲད་པ་ལ། སྣང་བ་སེམས་སུ་ངོ་སྤྲད་པ། སེམས་སྟོང་པར་ངོ་སྤྲད་པ། སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད་པ། གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ། ངོ་སྤྲད་པའི་རིག་པ་གཅེར་མཐོང་ལ་ངེས་ཤེས་དྲངས་ནས་གདེངས་ཚད་བཙལ་བ་དང་ལྔ་ལས། དང་པོ་ནི། ཁྲེགས་ཆོད་ཟབ་མོས་འཁོར་འདས་སྣང་བ་རྣམས། སེམས་ཀྱི་རྩལ་སྦྱངས་ཙམ་དུ་ངོ་སྤྲད་ཅིང་། ཞེས་པ་ལྟར་གཞི་འཁོར་བའི་འཁྲུལ་གཟུགས། ལམ་ཐེག་དགུའི་བགྲོད་ཚུལ། འབྲས་བུ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སེམས་ཀྱི་སྣང་ཆ་མ་འགགས་ཙམ་འདིའི་གདངས་སམ་རོལ་པ་ཡིན་པས་ན། ཀུན་བྱེད་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་པའི་དོན་ལྟར་བྱེད་མཁན་ཀུན་སེམས་ལས་མ་འདས་པའི་ཆུ་ལས་ཆུ་བུར་རྡོལ་བ་ལྟར་གཞན་ནས་བཙལ་དུ་མེད་པས་སྣང་བ་སེམས་སུ་ཐག་ཆོད་པར་ངེས་པ་མ་རྙེད་ཀྱི་བར་དུ་སྒོམ། འདི་སེམས་ཙམ་ལུགས་ཀྱི་ལྟ་བ་དང་མཐུན་པར་བཞེད་དོ། །གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི། སེམས་སྣང་སྣ་ཚོགས་ཇི་ལྟར་ཤར་བ་རྣམས། །རང་ངོ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་། ཞེས་པ་ལྟར་སེམས་ཀྱི་ངོ་བོ་སྟོང་ཉིད་ཆོས་ཀྱི་སྐུ་སྟེ་དེའི་སེམས་སྣང་མ་འགགས་ཙམ་གྱིས་རང་རྩལ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འགག་མེད་དུ་རང་སྣང་ཡང་ཆོས་རྣམས་ཀྱི་ངོ་བོ་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་ལས་བྲལ་བས། ཇི་སྐད་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་འབྱུང་བས་དེ་ཤེས་ན་གནས་སྐབས་སུ་ཉོན་མོངས་པས་མི་གནོད་ཅིང་འཁྲུལ་གཞི་རྩད་ནས་ཆོད། རྟག་ལྟའི་དངོས་འཛིན་ཞིག་ནས་མཐར་ཐུག་སེམས་ཉིད་སྟོང་པར་ཐག་ཆོད་པ་དཔེར་ན་རྨུག་ཟིལ་དང་ཆུ་བོ་རླན་གཤེར་དུ་ངོ་འཕྲོད་པ་དབུ་མའི་ལྟ་བ་དང་མཐུན་པར་བཞེད་དོ། །གསུམ་པ་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད་པ་ནི། སྣང་སྟོང་གཉིས་ལ་བཟང་ངན་སྔ་ཕྱི་སོགས། །ཐ་དད་མེད་ཕྱིར་ཟུང་འཇུག་དབྱེར་མེད་ངང་། ཞེས་པ་ལྟར་ཆོས་ཐམས་ཅད་སེམས་ལ་ཤར་བའི་སྣང་བ་དང་previous hit འཆར་གཞི་སེམས ་རང་བཞིན་གྱི་སྟོང་པ་གཉིས་དབྱེར་མེད་དེ་སྟོང་པའི་དུས་སྣང་བ་མ་བཀག་པར་དུག་ལྔ་སོགས་ཀྱི་རྟོག་པ་ལམ་གྱིས་ཤར་བའི་ཚེ་དེ་གའི་ངོ་བོ་སྟོང་ཉིད་དུ་གསལ་ལེ་བ། སྣང་བའི་དུས་ན་གང་ཤར་གྱི་ཆོས་རྣམས་སྒྱུ་མའི་རྟ་གླང་ལྟར་དོན་ལ་མེད་པས་སྟོང་པ་མ་སྤང་བར་སྣང་སྟོང་དབྱེར་མེད་དུ་ཐ་ལེར་ཤེས་ན་ཉོན་མོངས་ཡེ་ཤེས་སུ་གྲོལ་བས་ན། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་འབྱུང་བས་དེ་གཉིས་ལ་རང་བཞིན་གྱི་བཟང་ངན་འདུག་ས་ཐ་དད་དུས་ལ་སྔ་ཕྱི་མེད་པས། ངོ་བོ་དབྱེར་མེད་གནས་འགྱུའི་སྣང་སྲིད་གཅིག་ཏུ་རྟོགས་པས་ཆོས་ཀུན་ཟུང་འཇུག་ཏུ་གྲོལ་ཞིང་གཉིས་སྣང་གི་གཟུང་འཛིན་དང་བྲལ་བའི་སྣང་སྟོང་གཉིས་མེད་དུ་ཐག་ཆོད་པ་བུ་རམ་དེའི་རོ་བཞིན་འདི་ཞེས་སོ་སོར་དབྱེ་མི་ནུས་པ་གསང་སྔགས་ཀྱི་ལྟ་བ་དང་མཐུན་པར་བཞེད་དོ། བཞི་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། ཟུང་འཇུག་ཙམ་དུ་འཛིན་པ་རང་དག་ནས། སེམས་ལས་ཀ་དག་རིག་པ་ཆོས་ཀྱི་སྐུ། ཞེས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་མ་འགགས་ཙམ་ཡིན་པ་དེ་འཁྲུལ་མེད་དུ་ཤེས་པའི་ཐབས་སུ་ཟུང་འཇུག་ཏུ་ངོ་སྤྲད་ནའང་རིག་པ་ཀ་དག་ཆེན་པོའི་དབྱིངས་སུ་སྤྲོས་པ་དང་བྲལ་བའོ། དེའང་མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། ཞེས་གསུངས་པ་ལྟར་སེམས་དང་རིག་པ་གཉིས་ནི་རྣམ་པ་ཀུན་ཏུ་ཐ་དད་པས། ཀུན་གཞིའི་སེམས་ནི་གློ་བུར་གྱི་ཀུན་རྫོབ་ཡུལ་སྣང་གི་སྤྲོས་པ་ཅན་རྐྱེན་ལས་བྱུང་བའི་འདུས་བྱས་གཉིས་འཛིན་གྱི་རྟོག་པ་ཅན་དེ་གནས་པ་གློ་བར་གནས་ཤིང་ལས་རླུང་གིས་དྲངས་ཏེ། དབང་པོའི་སྒོ་རྣམས་ལས་ཐོན་ནས་ཚོགས་བརྒྱད་ཀྱི་ཡུལ་ལ་ལོངས་སྤྱོད། །བྱེད་ལས་བདེན་འཛིན་གྱི་འཁྲུལ་པའི་དབང་གིས་འབྲས་བུ་འཁོར་བར་སྐྱེལ། རིག་པ་རང་བྱུང་གི་རྒྱལ་པོ་ནི་མཐར་ཐུག་དོན་དམ་པ་ཡུལ་ཡུལ་ཅན་གྱི་སྤྲོས་པ་དང་བྲལ་བ་རྒྱུས་མ་བསྐྱེད་པའི་འདུས་མ་བྱས་གཉིས་འཛིན་ལས་འདས་པ་སྟེ་གནས་ས་ཡང་། ཀུན་བཟང་ཐུགས་ཀྱི་མེ་ལོང་ལས། །ཙིཏྟ་སྙིང་གི་གཞལ་ཡས་ན། །རིག་པ་ཞི་བའི་སྐུ་རུ་བཞུགས། །ཞེས་པ་ལྟར་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་འདུས་ཀྱི་བདག་ཉིད་ཡེ་ཤེས་ལྔ་ལྡན་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བཞུགས་ཏེ། ཆོས་ཉིད་ཡེ་ཤེས་ཀྱི་རང་སྣང་ལས་ཐོན་ནས་ཆོས་ཉིད་ཀྱི་ཡུལ་ལ་ལོངས་སྤྱོད་ལ། གློ་བ་དང་སྙིང་གི་བར་དུ་རྩ་གྲོ་སོག་གི་སྦུ་གུ་ཙམ་གྱིས་འབྲེལ་ནས་གློ་བའི་ལས་རླུང་ཆེར་གཡོ་ནས་དེ་དྲངས་ཏེ་རིག་པ་ཐུགས་རྗེ་རང་རླུང་དེ་ཉིད་ལས་རླུང་གི་རྟ་ལ་ཞོན་ནས་འཕྲོ་ཞིང་བྱས་ཆོས་ཀྱང་ཐལ་འགྱུར་ལས། ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །རྒྱལ་བ་འོད་ཀྱི་ཕུང་པོར་བཞུགས། ཞེས་གསུངས་པ་ལྟར་བདེན་འཛིན་གྱི་རྣམ་རྟོག་མེད་པའི་འཁྲུལ་བྲལ་ཡེ་ཤེས་གསུམ་དང་ལྡན་པ་དེ་ཡང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པར་སྟོང་དུས་ན་སྣང་སྣང་དུས་ན་སྟོང་དབྱེར་མེད་དུ་བདེ་ཆམ་མེ། མཁྱེན་ཆ་ནང་དུ་གསལ་ཞིང་ཡེ་ཤེས་ཀྱི་སྒོ་མ་བྱེ་བའི་གཞོན་ནུ་བུམ་སྐུ་སྐྱོན་ཡེ་ནས་དག་པའི་ཀ་དག་དང་ཡོན་ཏན་ཡེ་ནས་རྫོགས་པའི་ལྷུན་གྲུབ་འཁོར་འདས་ཀྱི་ཆོས་ཀུན་རང་བཞིན་ལྷུན་གྲུབ་ཀྱི་ཐེག་པ་འདིར་རྫོགས་པས་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལྟ་བུའི་གནས་ལུགས་ལ་སེམས་རྣམ་རྟོག་གི་དྲི་བཅས་འདིས་གདོད་ནས་མ་གོས་པར་སྤྲད་དོ། །དབུ་མ་པ་ཕལ་དང་གནས་ལུགས་ཕྱག་རྒྱ་པ་སོགས་ལ་མ་གྲགས་པའི་ཁྱད་ཆོས་སེམས་རིག་མ་འདྲེས་པར་གཅེར་མཐོང་དུ་དབྱེ་བའི་གསང་ཚིག་འདི་ནི་རྫོགས་ཆེན་པ་རྣམས་ཀྱི་ཟབ་གནད་ཡིན་ལ། དེར་མ་ཟད་སྔགས་གསར་མའི་དགོངས་པའང་དཔྱིས་ཕྱིན་པ་རྟོགས་ན་འདི་ལས་གཞན་དུ་མེད་དེ། བསྡུས་རྒྱུད་ལས། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ལུས་ཀྱི་དབུས་དག་ཏུའང་དེ་བཞིན་ནོ། ཞེས་དང་བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །མི་ཤེས་མུན་པས་སྒྲིབ་རྣམས་ཀྱིས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ལུས་གནས་པ་དེ་ལུས་སྐྱེས་མིན། །ཞེས་པས་ཤེས་ནུས་སོ། དེ་ཡང་བཀོད་པ་ཆེན་པོ་ལས། །རིན་ཆེན་ཁ་དོག་ལྔ་ལྡན་པ། །ལུས་ཅན་ཀུན་གྱི་སྙིང་ལ་གནས། ཞེས་པས་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་ཆ་རྣམས་གདོད་ནས་གྲུབ་པའི་ལྷ་སྔགས་བདེ་ཆེན་གྱི་ངོ་བོ་དང་རྙིང་མ་རྣམས་ཀུན་རྫོབ་འཁྲུལ་པའི་རྫུན་སྣང་དུ་དབྱེ་བས་སྔགས་གསར་མ་བ་ལས་ཟབ་པའི་ཁྱད་ཆོས་ཤིག་འདིར་མཆིས་སོ། །ལྔ་པ་ངོ་སྤྲད་པའི་རིག་པ་གཅེར་མཐོང་ལ་ངེས་ཤེས་དྲངས་ནས་གདེངས་ཚད་བཙལ་བ་ལ། ངེས་ཤེས་དྲང་བ། རྩལ་སྦྱངས་པ་བོག་དབྱུང་བ་དང་གསུམ་ལས། དང་པོ་ནི། རིག་པ་རང་ཤར་ལས། ཡེ་གྲོལ་ཅོག་བཞག་ངང་ལས་གཞན་མེད་པས། །རང་བྱུང་བདལ་བའི་སྐུ་དེ་གང་བདེར་གློད། ཅེས་པ་ལྟར་དྲི་མ་ཐམས་ཅད་དང་བྲལ་བས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་གཅེར་གྱིས་བལྟས་པས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་བརྡལ་བའི་ཆོས་སྐུ་ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་ཅིང་གཅིག་ཏུ་བཟླུམས་པ་གཉུག་མ་གཤིས་ཀྱི་གནས་ལུགས་སྟོང་པ་རིག་པའི་སྙིང་པོ་ཅན། ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་འདི་ལ། དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟའི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་བབས་ཆོས་ཉིད་ཀྱི་ངང་ལ་བསལ་བཞག་མེད་པར་རང་བབས་སུ་ཞོག་ཅིག་བྱས་ལ་དེ་ནས་བླ་མས་འདི་སྐད་དོ། ཀྱཻ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་ལྟོས་དང་༔ ཞེས་སོགས་ཐུགས་ཁྲིད་ཡིད་བཞིན་ནོར་བུའི་གཞུང་ལྟར་བྱའོ། ༈ །གཉིས་པ་དེ་ལྟར་ཁྲེགས་ཆོད་ཀྱི་ལམ་གཏན་ལ་ཕབ་གྲུབ་པའི་རྗེས་སུ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་ལ་བཞི་ལས། དང་པོ་ལུས་ངག་ཡིད་གསུམ་བྱ་བ་དགུ་བྲལ་དུ་གཏོང་བ་གོང་གི་རྣལ་དབབ་དང་མཐུན། གཉིས་པ་ལུས་ཀྱི་གནད་གཟིར་བའི་ཕྱིར་བཞུགས་སྟངས་གསུམ་སྟོན་ཏེ་དེ་དང་ལྷན་དུ་ཡེ་ཤེས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ། ཐོག་མར་ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེའི་འདུག་སྟངས་ཀྱིས་གཞི་བཅའ་བ་ཅེས་གསུངས་པས་དེ་ནི་ཁ་སྦུབ་པུས་བྲང་སྦྱར་ལ་རྐང་མཐིལ་གཉིས་ཕྱིར་བསྟན། གྲུ་མོ་གཉིས་བཙུག་པའི་ལག་མཐིལ་གྱིས་འགྲམ་པ་གཉིས་བརྟེན་ལ་མཇིང་པ་ཡེད་ཙམ་ཕྱིར་དགྱེ་བའི་མིག་ཐད་ཀའམ་ཅུང་ཟད་གྱེན་ལ་ཧད་པོར་བལྟའོ། སྤྲུལ་སྐུའི་བཞུགས་སྟངས་ཀྱིས་གནད་མ་གཟིར་ན་ལུས་མི་ཆུན་པས་དྲང་སྲོང་གི་འདུག་སྟངས་ཀྱིས་བཅུན་པར་བྱ་གསུངས་ཏེ། དེ་ནི་རྐང་པའི་ལོང་བུ་གཉིས་གཤིབ་པའི་ཙོག་པུར་འདུག་ལ་གྲུ་མོ་པུས་སྟེང་བཞག་པའི་འགྲམ་ནས་བརྟེན་པའམ་ཡང་ན་པུས་མོའི་སྟེང་ལག་གཉིས་བསྣོལ་བའི་ཐལ་མོས་གྲུ་མོ་བཀབ་ཅིང་། མིག་ཅུང་ཟད་ཕབ་ལ་སྨིན་མཚམས་སུ་ཐད་ཀར་མི་འགུལ་བར་ཧར་པོར་བལྟའོ། །ཆོས་སྐུའི་བཞུགས་སྟངས་ཀྱི་རྩལ་མ་སྦྱངས་ན་རིག་པ་མི་ཆུན་པས་ཆོས་སྐུ་སེངྒེ་ལྟ་བུའི་འདུག་སྟངས་ཀྱིས་རིག་པ་གཅུན་པར་བྱ་གསུངས་ཏེ་དེ་ནི་ལུས་རྒལ་ཚིག་བསྲངས་ཤིང་འཕོང་ཕྱིར་ཡེད་ཙམ་ཕྱུང་། ལག་སོར་ནང་དུ་བསྐུམ་པའི་ཁུ་ཚུར་ཁ་སྦུབ་པ་རྐང་མཐིལ་གཉིས་མདུན་དུ་སྤྲད་པའི་དབུས་སུ་བཙུག་ཅིང་། མཇིང་པ་རྒྱབ་ཏུ་དགྱེ་སྟེ། མིག་སྟེང་གི་ནམ་མཁའ་ལ་ཧད་པོར་བལྟའོ། ངག་གི་གནད་ནི། ཉིན་རེ་བཞིན་སྨྲ་བཅད་ཇེ་དམ་དུ་བཏང་ལ་ཅི་ཡང་མི་སྨྲ་བར་ལྐུག་པ་ལྟ་བུ་ལ་བསླབ། སེམས་གནད་ནི། དྲན་བསམ་འཕྲོ་འདུ་དང་བྲལ་བའི་ངང་ལ་རྩེ་གཅིག་ཏུ་བཞག་པར་བྱ་གསུངས་ཏེ། དེ་དག་ནི་སྔོན་དུ་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བའོ། །དེ་ནས་གནད་གསུམ་ལ་བསྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་སྟེ། སྒོའི་གནད་ནི། གཟིགས་སྟངས་གསུམ་གང་རུང་ལ་བསླབ་པ་ཡིན་གསུངས། དེ་ཡང་ཆོས་སྐུའི་གཟིགས་སྟངས་གྱེན་བཟློག་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་ཟུར་བལྟས་སྙུག་མ་སྲང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུའོ། །ཡུལ་གྱི་གནད་ནི། ནམ་མཁའ་སྤྲིན་དང་བྲལ་བ་ལ་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་ཀྱི་དུས་དང་བསྟུན་ཏེ་ཉི་ཤར་གྱི་ཚེ་ཤར་དང་། ནུབ་ཀར་ནུབ་ཏུ་ཁ་བལྟས་ལ། ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་སར་གཏད་དོ། །སྤྱིར་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་མར་མེ་རྣམས་གང་རུང་ལ་གཏད་དོ། །རླུང་རིག་གི་གནད་ནི། རླུང་སྣ་ནས་མི་བཏང་བར་ཁ་ནས་རྒྱུ་བ་འཇམ་ཞིང་དལ་བ་ལ་བསླབ། དེ་ཡང་རྩོལ་བ་དང་བཅས་པ་མ་ཡིན་པར་འཇམ་རླུང་ནང་དུ་རང་བབས་སུ་འཛིན་པའམ་ཕྱིར་འཕང་ན་ཅུང་ཟད་ཕྱིར་འཛིན་པ་གང་རུང་བྱ་བ་ནི་ལས་དང་པོའི་དུས་སུ་གཅེས་པ་ཡིན་གསུངས། དེ་ལྟར་བཞུགས་སྟངས་དང་གཟིགས་སྟངས་བསྟུན། རླུང་དལ་བར་འཕང་ལ་རིག་པ་ནམ་མཁའི་དཀྱིལ་ན་གཞན་དུ་མ་ཡེངས་པར་བལྟས་པས། ཐོག་མར་དཀར་ཟང་ཟིང་དང་ཕྲལ་ཕྲོ་ལས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་འོད་ལྔ་ཐིག་ལེ་དང་བཅས་པའི་ནང་དུ་རྟ་རྔ་ལ་མདུད་པ་བསྒྲིམ་པ་ལྟ་བུའམ། གསེར་སྐུད་དང་མུ་ཏིག་གི་ཕྲེང་བ་འདྲ་བ་ཅུང་ཟད་འཕར་གཡོ་བྱེད་པའི་རྣམ་པར་འཆར་བས་དེ་ཉིད་བཙོན་དུ་འཛིན་པར་གསུངས་ཏེ། དེ་ཡི་མན་ངག་ནི་མིག་གྱེན་ལ་ཡེད་ཙམ་ལྡོག་པའི་སྨིན་མཚམས་སུ་དབྱིངས་རྣམ་དག་གི་སྒྲོན་མ་ཞེས་བྱ་བ་དབྱིབས་ཡི་གེ་ན་རོ་འདྲ་བ་ལ་ཁ་དོག་འཇའ་ཚོན་ལྟ་བུ་འཆར་ཏེ་རིག་པ་མ་ཡེངས་པར་དེ་ལ་བཅུག་སྟེ་བལྟ་བཞིན་འཛིན་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་མཆོག་ཏུ་ཟབ་པའི་མན་ངག་ཡིན་གསུངས་སོ། །འདི་དག་རྒྱས་པར་འདོད་ན་ཟབ་ལམ་གསལ་བྱེད་དང་། རིགས་འཛིན་ཞལ་ལུང་གཉིས་ལ་བལྟ་བར་བྱའོ། །གསུམ་པ་དངོས་གཞི་ལ། རི་མཐོ་ཞིང་དྭངས་ལ་ཉམས་དགའ་བའི་གནས་སུ་སློབ་བུ་རྣམས་ཁྲིད། སྐྱ་རེངས་ཤར་བའི་དུས་སུ་ཁྲུས་ནས་ཕྱུང་། ཚོགས་ཀྱི་འཁོར་ལོ་བསྐོར། མཎྜལ་ཁྱད་པར་ཅན་ཕུལ། ལུས་གནད་བཅས་ཏེ་ངོ་སྤྲོད་འདེབས་པ་པོ་སྒོམ་གཞིིར་བྱས་ནས་བརྒྱུད་པའི་བླ་མ་དང་ཁྱད་པར་རང་གི་བླ་མ་ཆོས་ཀྱི་སྐུ་མངོན་སུམ་དུ་བསྒོམ་ལ་མོས་གུས་ཀྱི་གདུང་བ་དྲག་པོས་གསོལ་བ་ཕུར་ཚུགས་སུ་གདབ་པའི་གདུང་ཤུགས་དྲག་པོ་བསྐྱེད་དུ་བཅུག །སྤོས་བཏུལ་ཞིང་བླ་མས་ཌཱ་དྲིལ་གྱི་སྒྲ་དང་སྦྱར་བའི་གདངས་སྙན་པོས། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས་སོ། །ཡང་ན་གསོལ་འདེབས་རང་གཞུང་ལྟར་དཔོན་སློབ་ཀུན་གྱིས་འདོན་པར་གནང་ཡང་རུང་ངོ་། །ཟབ་ལམ་གྱི་ཉམས་རྟོག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྒྱུད་པའི་བཤར་འདེབས་ཀྱི་བྱིན་ཕབ་པའི་རྗེས་ལ། བླ་མས་སློ་བུ་ལ་སྟོང་ཉིད་ཀྱི་རྒྱས་འདེབས་ཤིང་། སློབ་མ་རྣམས་ཀྱིས་བླ་མ་ལས་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེས་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་བྲལ་ཀྱི་ངང་ལ་ཤེས་པ་གློད་ནས་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར། དེའི་ངང་ལས་ལྷོད་ཀྱིས་གློད་པས། རིག་མདངས་མོས་གུས་སུ་ལམ་མེ་གཤིས་འཛིན་མེད་དུ་ཁྲོ་ལེར་ཤར་བའི་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལ་བསལ་བཞག་མེད་པར་རང་བབས་སུ་བསྐྱང་དུ་གཞུག་ཅིང་། དེ་རྗེས་ཐོད་རྒལ་རིིག་པའི་རྩལ་དབང་བསྐུར། དེ་ནས་གོང་གི་གནད་རྣམས་གཟིར་ཞིང་། ཟེར་དང་པོའི་དུས་སུ་སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་དེ་འབེན་དུ་བཙུག་ནས། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། ཀྱཻ་རིགས་ཀྱི་བུ་རྣམས། སོགས་ཀྱིས་ངོ་སྤྲད། བཞི་པ་དེ་དང་རྗེས་འབྲེལ་དུ་སྣང་ཉམས་ཀྱི་འཆར་ཚུལ་དང་མཐའ་བརྟན་བཞིའི་གོམ་ཚུལ་གྲོལ་བའི་རང་ས་ཟིན་ལུགས་རྣམས་རང་གཞུང་ལྟར་གཏོང་བ་ཐོད་རྒལ་གྱི་ཁྲིད་དང་། གཞན་ཡང་བར་དོ། འཕོ་བ། མུན་ཁྲིད། རླུང་ཁྲིད། རྨི་ལམ་འོད་གསལ་སོགས་ཀྱང་བླ་མའི་གསུང་ངག་ལྟར་བྱའོ། །རྒྱུན་གྱི་ཉམས་ལེན་ལ་ཐུན་མོང་གི་སྔོན་འགྲོའི་རྩིས་ཟིན་པའི་སྒོ་ནས་གཙོ་བོར་ཁྲེགས་ཆོད་ཀྱིས་གདོད་མའི་གནས་ལུགས་གཏན་ལ་དབབ་པ། ཕབ་ནས་ངོ་སྤྲད་པའི་ས་བཅད་དང་པོ་བཞི་པོར་བྱང་མ་ཆུབ་ན་དོན་གྱི་སྙིང་པོ་གསལ་འདེབས་ཀྱི་ཚུལ་དུ་ཤར་སྦྱངས་ཙམ་དང་གོ་ཡུལ་དུ་ངེས་ཚེ་བར་བཀག་མི་དགོས་པས། ས་བཅད་ལྔ་པ་ཉིད་ཉམས་ལེན་དངོས་ཡིན་པས་ཆིག་དྲིལ་དུ་བསྐྱངས། ཐོད་རྒལ་གྱི་ཆོས་ཉིད་མངོན་སུམ་དུས་སྐབས་དང་བསྟུན་ནས་ཉམས་སུ་བསྟར་ཞིང་བར་དོ་དང་འཕོ་བ་ཡང་མཆོག་དམན་གྱི་བློ་དང་འཚམས་པར་སྦྱང་ངོ་། གང་གི་ཚེ་ཡང་ལམ་དེ་དང་འབྲེལ་བའི་རྒྱབ་ཆོས་གཏེར་གཞུང་གི་མན་ངག་རྩ་བ་རྣམས་དང་འབྲེལ་སྡེབས་ཏེ། རིག་འཛིན་བརྒྱུད་པའི་ཕྱག་བཞེས་སྨར་ཁྲིད་དབྱེ་བསྡུའི་གནས་རྣམས་ལ་འདྲིས་པར་བྱའོ། །དེ་ལྟར་གསང་བ་སྙིང་ཐིགས་ཀྱི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལ་ཞབས་ཏོག་གི་ཚུལ་དུ་བཀོད་པ་འདི་ནི་རང་གཞན་ལ་ཕན་པའི་ལྷག་བསམ་གྱིས་ཟབ་གསང་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་པ་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་སྦྱར་བའོ། །མངྒ་ལཾ།། །།ཨོཾ་སྭ་སྟི། མཁའ་ཁྱབ་ཡེ་ཤེས་བསམ་བརྗོད་བྲལ་བའི་དཀྱིལ། །མ་འགག་གསལ་སྟོང་རིག་རྩལ་བདེ་བ་ཆེ། །ཁམས་གསུམ་འགྲོ་བའི་སྤྱི་དཔལ་ཨོ་རྒྱན་རྗེ། །སྐུ་གསུམ་བླ་མས་བདག་རྒྱུད་བྱིན་གྱིས་རློབས། །བདེ་བར་གཤེགས་པ་སྟོབས་བཅུའི་ཡོན་ཏན་བསམ་གྱིས་མི་ཁྱབ་མཁའ་ལྟར་དག །སྤངས་རྟོགས་ཡེ་ཤེས་གསལ་འགྲིབ་བྲལ་བའི་མི་གནས་མྱང་འདས་མཁྱེན་གཉིས་དཔལ། །ནམ་མཁའི་མཐའ་མཉམ་སེམས་ཅན་བགྲང་ཡས་ཀུན་གྱི་སྐྱབས་དང་མགོན་པོ་རུ། །དུས་གསུམ་དུས་བཞི་མཐའ་མེད་སྟོང་པར་མ་གྱུར་དེ་སྲིད་ཕྱག་གི་ཡུལ། །རང་བྱུང་རང་ཤར་ཆོས་དབྱིངས་སྟོང་པ་ཡེ་ནས་འཕོ་འགྱུར་བྲལ་བ་ཉིད། །མ་རྟོག་ལོག་རྟོགས་འཁོར་བའི་མུན་པར་ཡང་ནས་ཡང་དུ་འཕྱན་པའི་འགྲོ། གང་ལ་གང་འདུལ་སྙིང་རྗེའི་ཞགས་པས་ཡུན་རིང་དུས་ནས་མི་གཏོང་བ། །བདེན་གཉིས་ངོ་བོ་བླ་མེད་ཐེག་པ་རྫོགས་པ་ཆེན་པོ་འདུ་འབྲལ་མེད། །དོན་དམ་ངོ་བོ་རྟོགས་བྱ་རྟོགས་བྱེད་རྒྱུ་རྐྱེན་མཚན་མ་ལས་གྲོལ་ཞིང་། །ཟག་མེད་ཐུགས་ཀློང་བརྩེ་བའི་སྙིང་རྗེ་ཡེ་ཤེས་རྒྱུ་མར་རབ་བརླན་པ། །གསང་བ་ཆེན་པོའི་རྣལ་འབྱོར་བྲི་གང་མེད་པ་ཟབ་གསལ་ཡེ་ཤེས་ཐུགས། །རྡོ་རྗེ་གསུམ་གྱི་རང་བཞིན་གཡོ་མེད་འཕགས་ཚོགས་དགེ་འདུན་དད་པའི་ཡུལ། །རང་རིག་རང་གསལ་གཞོན་ནུ་བུམ་པའི་སྐུ། །ཡེ་ནས་སྐྱེ་འཆི་བགྲེས་རྒུད་མིང་ལས་འདས། །ཀུན་བཟང་དགོངས་པ་གནས་ལུགས་རང་ཞལ་དུ། །མངོན་སུམ་མཇལ་བ་རིགས་བདག་བླ་མའི་དྲིན། །དེ་ཕྱིར་ཐོས་བསམ་སྒོམ་པའི་ཡིད་བརྟན་ཕྱིར། །ཟབ་མོའི་གདམས་ངག་རྒྱ་ཆེ་བགྲང་འདས་ཀྱང་། །འདིར་ནི་ཐུན་མོངས་ཐུན་མིན་ཉམས་ལེན་ཀུན། །གནད་གཅིག་བསྡེབས་པ་བདེ་གཤེགས་སྤྱི་ཡི་ལམ། །གྲུབ་མཆོག་བླ་མས་ཁྲིགས་སུ་སྡེབས། །སྐལ་མཉམ་རང་དང་གཞན་ཀུན་གྱི། །ཡིད་བརྟན་ཡི་གེའི་ཕྱི་མོ་རུ། །འདུ་བྱེད་རྟེན་འབྲེལ་སྤར་དུ་སྤེལ། །འདིས་མཚོན་ཟག་བཅས་ཟག་མེད་དགེ་བའི་ཚོགས། །འཁོར་འདས་དུས་གསུམ་བསོད་ནམས་ཡེ་ཤེས་ཀྱི། །དགེ་རྩ་སྐྲ་རྩེའི་ཆ་ཙམ་གང་མཆིས་ཀུན། །གཅིག་ཏུ་བསྡུས་ཤིང་སྡོམ་པའི་དངོས་པོ་གང་། །དངོས་དང་བརྒྱུད་ན་འབྲེལ་བ་གང་མཆིས་པ། །སྤར་ཤིང་བྲིས་བརྐོས་གང་ལ་དམིགས་པའི་རྒྱུ། །རིན་ཆེན་ཟས་ནོར་བཟའ་བཏུང་དཀོར་ཆ་སོགས། །ལྷག་བསམ་བྱེད་ལས་མཐུན་པའི་རྐྱེན་དང་བཅས། །བསྟན་པ་བསྟི་སྟང་བྱ་དང་རི་མོར་བགྱིད། །ཆོས་མཐུན་ཀུན་ལ་ཆར་པ་ཆུ་གྲོགས་བཞིན། །རྐྱེན་འདིས་ཀུན་ལ་རྣམ་མཁྱེན་ས་བོན་ཐེབས། །ཆོས་དབྱིངས་ཟག་པ་མེད་པའི་རྒྱུ་རུ་བསྔོ། །གསང་སྔགས་རྒྱལ་པོ་འདི་ཉིད་གང་དུ་གནས། །འཆད་དང་བསྒོམ་དང་སྒྲུབ་པ་རྩེ་གཅིག་ཡུལ། །མོས་པ་ལམ་དུ་བྱེད་པ་ཙམ་གྱིས་ཀྱང་། །འཁོར་བ་མཐའ་ཅན་བདེན་ཚིག་འགྲུབ་པར་ཤོག །གནས་སྐབས་ཚེ་དང་བསོད་ནམས་མཐོ་རིས་དཔལ། །འཕེལ་ཞིང་བསྐལ་པའི་རྒུད་གསུམ་རབ་ཞི་ནས། །རྫོགས་ལྡན་མགྲོན་དུ་འགུགས་པའི་ལྕགས་ཀྱུ་འདིས། །ཉོན་མོངས་གླང་པོ་འདུལ་བའི་གཉེན་པོར་གྱུར། །རིས་མེད་བསྟན་འཛིན་འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་བྱེད་པ། །གསང་གསུམ་མི་ཟད་ཁ་སྦྱོར་བདུན་ལྡན་མི་འཇིགས་རྡོ་རྗེའི་ཆོས། །ཚངས་ཆེན་བཀོད་པ་ཆམས་གཅིག་གཞོན་ནུ་བུམ་པའི་རང་བཞིན་དུ། །ཡེ་གྲོལ་ཀུན་བཟང་གཅིག་དང་དུ་བྲལ་འབད་མེད་སངས་རྒྱས་ཤོག །ཅེས་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་ཁྲིིད་ཡིག་བདེ་གཤེགས་སྤྱི་ལམ་འབྲིང་པོ༧རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་ལྗགས་བསྒྲིགས་འདི་བཞིན་ཞི་བ་ཞེས་པ་ས་མེ་བྱ་ཟླ་༡༡བའི་དགའ་བ་གཉིས་པའི་དུས་ཚེས་ལ་སྤར་དུ་གྲུབ་པའི་སྤར་བྱང་དགེ་སྦྱོང་ཆོས་ལྟར་བཅོས་པ༧ཉི་དབོན་དཀོན་མཆོག་གསང་སྔགས་བསྟན་འཛིན་ཆོས་ཀྱི་གྲགས་པ་དཔལ་བཟང་པོས་སྦྱར་བ་དགེ། །དགེའོ། །དགེའོ། །དགེའོ།། །།


previousརྩ་གསུམ་གསང་བ་སྙིང་ཐིགས་ཀྱི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལ་ཞབས་ཏོག་གི་ཚུལ་དུ་བྲིས་པ།next