བརྟན་བཞུགས་འཆི་མེད་ཚེ་ཡི་དཔལ་སྟེར།
བརྟན་བཞུགས་འཆི་མེད་ཚེ་ཡི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །
ཨོཾ་བདེ་ལེགས་སུ་གྱུར་ཅིགརྨད་བྱུང་ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས། །ངོ་མཚར་མཚན་དཔེའི་ལང་ཚོའི་གཟི་དཔལ་བཞད། །ཕན་བདེའི་གེ་སར་བཞད་པའི་གཉེན་གཅིག་པུ། །མཉམ་མེད་ཟས་གཙང་སྲས་ཀྱིས་དགེ་ལེགས་སྩོལ། །དོན་དམ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །གཙང་བདག་བདེ་ཆེན་རྟག་པའི་མཐར་ཐུག་པའི། །སྐུ་བཞིའི་མངའ་བདག་དོན་དམ་དེ་བཞིན་ཉིད། །བདེ་གཤེགས་སྙིང་པོར་གུས་པའི་ཕྱག་འཚལ་ལོ། །རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་པོ་དང༌། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །རྒྱལ་བའི་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་ཞབས། །སྤྱི་གཙུག་པད་ཟླའི་གདན་ལ་བཞུགས་སུ་གསོལ། །རྒྱལ་ཟླ་རྣམ་གནོན་རྒྱལ་སྲས་བྱང་སེམས་ཚུལ། །རྒྱལ་གསུང་འགྲེལ་ལ་རྒྱལ་བའི་ཤེས་རབ་གཏམས། །རྒྱལ་བའི་ལུང་བསྟན་རྒྱལ་བའི་མཚན་འཛིན་པས། །རྒྱལ་དགོངས་སྨྲ་ལ་རྒྱལ་བ་ཅི་བཞིན་མཛོད། །དཔལ་ལྡན་ནག་པོ་སྤྱོད་པའི་སྒྱུ་འཕྲུལ་གྱིས། །ཐུབ་བསྟན་ཕན་བདེའི་སྙིང་པོ་ངེས་གསང་མཆོག །རྒྱལ་བ་གཉིས་པའི་བསྟན་པ་ས་གསུམ་དུ། །སྤེལ་མཛད་ཏཱ་ར་ནཱ་ཐའི་ཞབས་ལ་འདུད། །གང་སྐུ་ངུར་སྨྲིག་རྒྱན་གྱིས་མཛེས་པ་ཡི། །གང་གསུང་སྡེ་སྣོད་གསུམ་གྱི་མཛོད་འཛིན་པ། །གང་ཐུགས་བསླབ་གསུམ་ནོར་བུའི་གཏེར་འཆང་བའི། །ཀུན་དགའ་ཤེས་རབ་གསལ་བྱེད་ཞབས་ལ་འདུད། །ཅེས་ཤིས་པར་བརྗོད་པ་ཨུ་དམ་ཝ་རའི་ཆུན་པོས་མདུན་བསུས་ཏེ། གང་བརྗོད་པར་བྱ་བ་ནི་མས་གཏམ་སྲིད་པ་ཆགས་པའི་ལོ་རྒྱུས་ཡས་གཏམ་དམ་པ་ལྷ་ཆོས་ཀྱི་བྱུང་ཚུལ། སྟེང་ན་ལྷ་ཡི་གདུང་རབས། འོག་ན་འབངས་ཀྱྀ་མི་རབས། སྟོང་སྡེ་བའི་ཆགས་ཚུལ་འཇིག་རྟེན་ལུགས་ཀྱི་རྣམ་བཞག་སོགས་མང་དུ་ཡོད་པ་ལས། འདིར་སྐབས་སུ་བབས་པ་ནི། འོ་དེ་ཡང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་མེ་ཏོག་གི་ཆུན་པོ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རང་བསྲེལ་ངོ་མཚར་མཚན་དཔེའི་ཟ་མ་ཏོག་ཏུ་སྤུངས་བའི་ཚོམ་བུ། སྲིད་ཞིའི་དབྱིངས་ན་ཉི་ཟླ་དཔག་བསམ་བུམ་བཟང་ཡིད་བཞིན་གྱི་ནོར་བུའི་མཆེད་ཟླར་འབར་ཞིང་ལྷ་དང་མི་དང་ལྷ་མ་ཡིན་གྱི་གཙོ་བོ་བྱེ་བ་ཕྲག་བརྒྱའི་ཅོད་པན་གྱིས་མངོན་པར་བཏུད་པ།ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་རྗེ་བཙུན་བླ་མ་དམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐྱབས་རྗེ་མཚུངས་མེད་མཁན་རིན་པོ་ཆེ་༧ ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་ངེས་དོན་བཤད་སྒྲུབ་འཕྲིན་ལས་དཔལ་བཟང་པོའི་ཞབས་མཐིལ་རྩིབས་སྟོང་གསེར་གྱི་འཁོར་ལོ་རབ་འབར་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིའི་དྲུང་དུ། རབ་དང་མངོན་འདོད་ཡིད་ཆེས་ཀྱི་སོར་བཅུ་སྙིང་ག་དྷརྨ་ཙཀྲའི་མཛེས་རྒྱན་དུ་བཀོད་དེ་བཅོས་མིན་གུས་ཕྱག་གི་དངོས་པོ་འབུམ་ཕྲག་དང་བཅས་གསོལ་བ་རྩེ་གཅིག་ཏུ་འདེབས་འབྲས། རྣམ་འདྲེན་སྟོབས་བཅུ་མངའ་བ་མཐའ་དག་གི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད་གཅིག་པུར་གྱུར་བ་མགོན་པོ་མཚུངས་ཟླ་མ་མཆིས་པ་ཉིད་ནི་བསྐལ་བ་དཔག་ཏུ་མ་མཆིས་པའི་སྔ་རོལ་ནས་ཟུང་འཇུག་སྐུ་བཞིའི་གོ་འཕང་མངོན་དུ་མཛད་དེ། ཇི་སྐད་དུ། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདིནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་པ་ལྟར་ཡོངས་སུ་གྲགས་པ་དང་མ་གྲགས་པའི་གཟུགས་སྐུའི་བཀོད་པ་ཆུ་ཟླ་དང་མིག་འཕྲུལ་བཞིན་གང་ལ་གང་འདུལ་གྱི་རོལ་གར་གཞལ་དུ་མི་སྤོབས་པའི་སྐད་ཅིག་རེ་རེ་ཞིང་ཁམས་རབ་འབྱམས་ཀྱི་རྡུལ་གྲངས་དང་མཉམ་པའི་ལུས་ཅན་བྱང་གྲོལ་ལམ་འབྲས་ཀྱི་བདུད་རྩིས་ཚིམ་པར་མཛད་པའི་རང་བཞིན་ནི་ཚུར་རོལ་མཐོང་བ་བདག་ལྟ་བུས་བརྗོད་པར་ག་ལ་ནུས། ལྷག་པར་བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རྗེ་བཙུན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་བོ་མཚུངས་མེད་མཁན་རིན་པོ་ཆེ་༧ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་འཛིན་བྱེད་ཅེས་པ་མེ་བྱི་ལོར་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་གཟུགས་སྐུའི་མེ་ཏོག་ལྗོངས་འདིར་གསར་དུ་བཞད། དགུང་གྲངས་བརྒྱད་ནས་འཕྲལ་ཕུག་གི་དགེ་ལེགས་ཐམས་ཅད་ཀྱི་འབྱུངས་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་རིམ་བཞིན་ཡི་གེ་འབྲི་ཀློག་སུམ་རྟགས་དག་གསུམ་སོགས་ལ་སློབ་གཉེར་རྒྱ་ཆེར་བྱས། དགུང་གྲངས་བཅུ་བཞི་པ་རབ་རྒྱལ་ས་གླང་ལོར་རྡོ་རྗེ་འཆང་ཆེན་ཀུན་དགའ་མཚན་བཟང་རིན་པོ་ཆེ་དང༌། བླ་མ་ཀུན་དགའ་རྒྱལ་མཚན་སོགས་ཀྱི་མདུན་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་ཤེས་རབ་གསལ་བྱེད་འོད་ཅེས་གསོལ། དགེ་བའི་བཤེས་གཉེན་ཆེན་པོ་བླ་མ་ཀུན་དགའ་རྒྱལ་མཚན་དང༌། རྡོ་རྗེ་འཆང་ཀུན་དགའ་མཚན་བཟང་རིན་པོ་ཆེ་དང༌། དམེ་བླ་མ་ངག་དབང་དོན་འགྲུབ་ཀྱི་ཡང་སྤྲུལ་དཀོན་མཆོག་ངེས་དོན་བསྟན་པའི་རྒྱལ་མཚན་དང༌། བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་བླ་མ་མཁས་བཟང་སོགས་ཀྱི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་སོགས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོར་གསན་བསམ་མཐའ་ཡས་པ་མཛད་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་མངའ་བའི་ཀུན་གྱིས་བསྔགས་པར་བྱ་བའི་ཡུལ་དུ་གྱུར། དགུང་གྲངས་ཉི་ཤུ་བ་རབ་རྒྱལ་ཤིང་ལུག་ལོར་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་མཚན་བཟང་རིན་པོ་ཆེ་དང༌། བསྙུང་གནས་བླ་མ་མཁས་བཟང་སོགས་དགེ་འདུན་གྲངས་ཚང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ། ཉེས་ལྟུང་ཕྲ་མོའི་ཀྱང་མ་གོས་པར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་ཐུགས་རྒྱུད་གཏམ་པ་ཡིན་ནོ། །སྐྱབས་མགོན་རྗེ་ངག་དབང་བློ་གྲོས་གྲགས་པ་གང་ཉིད་ཀྱི་དྲུང་ནས་དུས་འཁོར་སྦྱོར་དྲུག་གི་ཁྲིད་ལུང་དང༌། ཟབ་མོ་གཞན་སྟོང་དབུ་མའི་ལྟ་གྲུབ་སོགས་ཟབ་ཆོས་མཐའ་དག་གི་ཆུ་ཀླུང་གཅིག་ཏུ་འདུས་པའི་བསྟན་པའི་ཆུ་མཛོད་ཆེན་པོ་ཟབ་ཡངས་ཐུགས་ཀྱི་ཀློང་དུ་བསྐྱིལ་བར་མཛད། གཞན་ཡང་སྒྲུབ་བརྒྱུད་བསྟན་པའི་བདག་པོ་ཀུན་དགའ་ཐུགས་རྗེ་དཔལ་དང་དགེ་བའི་ཤེས་གཉེན་འབྲོག་དགེ་མཆོག་སྤྲུལ་བློ་གྲོས་རྣམ་རྒྱལ། བླ་མ་མཁས་བཟང་རིན་པོ་ཆེ། བླ་མ་སྐལ་ལྡན། གཙང་ཆེན་གཟུམ་ཁང་གི་རྡོ་རྗེ་སློབ་དཔོན། བླ་མ་ཡོན་ཏན་བཟང༌། ལྔ་རིག་སྨྲ་བའི་དབང་བོ་མཁན་ཆེན་བློ་བཟང་འཕྲིན་ལས། གུང་ཐང་བསྟན་པའི་དབང་ཕྱུགམཁས་དབང་དམུ་དགེའི་བསམ་གཏན་སོགས་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་བཅུ་ཕྲག་དུ་མའི་ཞབས་རྡུལ་ནོར་བུའི་རེ་ཁ་སྤྱི་གཙུག་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་བཀོད་དེ། གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལས་རྒྱུད་པའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྤྱི་དང༌། ཁྱད་པར་རྒྱལ་བ་ཇོ་ནང་བ་ཆེན་པོའི་ཟབ་བཀའ་ཡོངས་རྫོགས་ཀྱི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་བཅས་ལྷག་ལུས་མེད་པར་གསན་བསམ་མཛད་པར་མ་ཟད། སྒོམ་སྒྲུབ་ཀྱང་ཚད་དང་ལྡན་པར་མཛད་པས་རྟོགས་པའི་རང་རྒྱུད་གྲོལ་ནས་གསང་གསུམ་གྱི་ཡོན་ཏན་ཟད་མི་ཤེས་པ་ལ་མངའ་དབང་འབྱོར་བར་གྱུར་ལ། མདོར་ན་དམ་པ་འདི་ཉིད་ཀྱིས་བསླབ་གསུམ་ལུང་རྟོགས་ཀྱི་བང་མཛོད་ཐེག་པ་མཆོག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མ་ལས་འདུལ་བ་ཀཱ་རི་ཀཱ་ལྔ་བཅུ་བ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བར་གྱི་དམ་ཆོས་བདུད་རྩིས་བགོ་སྐལ་མཐའ་དག་བུམ་པ་གང་བྱོས་ཀྱི་རྣམ་པར་ལྷག་མེད་དུ་བཞེས། སྒྲ་སྙན་སྡེབ་སྦྱོར་སྨན་རྩིས་སོགས་ཐ་སྙད་རིག་པའི་གནས་དང༌། ནང་དོན་ཚད་མ་དབུ་ཕར་འདུལ་མཛོད་གསང་སྔགས་དང་བཅས་པར་གསན་སྦྱང་རྡོ་རུས་ཐུག་པ་ལྟ་བུས་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་དཔེ་ཟླར་གྱུར་བའི་དགེ་ལེགས་ཀྱི་གྲུ་ཆར་འཇོ་བ་དང་ཆབས་གཅིག་མཚན་སྙན་གྱི་འབྲུག་སྟོང་མཁའ་ལ་ལྡིར་ཞིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བ་དན་སྲིད་རྩེར་བསྒྲེངས། གཞན་ཡང་མཛད་ཕྲིན་གྱིས་གཞན་རྒྱུད་སྨིན་པར་བྱས་ཚུལ་ཡང༌། རབ་རྒྱལ་ཆུ་ཕག་ལོར་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་གི་མི་འཇིགས་རྡོ་རྗེའི་ཁྲིར་འཁོད་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་སྐྱོན་བྲལ་འཚམས་སྤྲིན་གསར་བའི་མངོན་པར་མཛེས་པའི་འདུས་སྡེ་བཤད་སྒྲུབ་ཡོངས་སུ་རྒྱས་པའི་ཆོས་ཀྱི་མདུན་ས་བླ་ན་མེད་པ་འདི་ཉིད་གསར་དུ་བསྐྲུན་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ལེགས་བཤད་རྨད་དུ་བྱུང་བའི་དུས་འདའ་བར་བྱས། གཞན་ཡང་སྔ་འགྱུར་རྙིང་མའི་ཨ་བཟོད་དགོན་དང༌། རྔ་སྟོད་རྩི་ནང་དགོན་སོགས་སུ་ཡང་དབྱར་གནས་དང༌། ཟབ་ལམ་སྦྱོར་དྲུག་སོགས་ཟབ་བཀའ་མཐའ་ཡས་པ་གསུངས་བ་ཡིན་ལ། དགུང་གྲངས་རེ་གཅིག་པར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གདན་ཞུས་ལྟར་མཐོ་རིམ་ནང་བསྟན་སློབ་ཚོགས་རྣམས་ལ་ངེས་དོན་གཞན་སྟོང་དབུ་མའི་ལྟ་ཁྲིད་དང༌། ཇོ་ནང་ཆོས་འབྱུང་ངག་དབང་བློ་གྲོས་གྲགས་པའི་གྲུབ་མཐའི་རྣམ་བཞག་སོགས་དཔེ་ཁྲིད་གནད་སྨིན་མཛད་ལ། རབ་རྒྱན་ཆུ་མོ་ལུག་གི་ལོར་ཐུབ་བསྟན་ཡོངས་སུ་རྫོགས་པའི་གནས་རྒྱ་གར་འཕགས་ཡུལ་དུ་འཆིབ་བསྒྱུར་གནང་ནས་སུམ་ལ་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་དང་གོང་ས་མཆོག་གི་བཀའ་དགོངས་ལྟར་རྩེ་རྣམ་རྒྱལ་གྲྭ་ཚང་དང༌།བཀའ་བརྒྱུད་ཀྱི་འབི་དཀར་རིན་པོ་ཆེའི་དགོན་པ་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང༌། ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྨིན་ཁྲིད་སོགས་དབང་ལུང་མན་ངག་གི་ཟབ་ཆོས་མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྤྱི་ནོར་གོང་ས་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཆ་ཚང་དང༌། བྱང་ཆུབ་སེམས་སྡོམ་སོགས་ཟབ་ཆོས་གང་མང་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གནང་བ་དག་ལེགས་ཞུས་མཛད། རབ་རྒྱན་ཤིང་བྱ་ལོར་སྒྲུབ་བརྒྱུད་བསྟན་པའི་གནས་གཞི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་རྒྱལ་བ་ཇོ་ནང་བའི་དགོན་ཁག་ལྔ་བཅུ་ལྷག་གི་བླ་སྤྲུལ་བསྟན་བདག་དང་སྐུ་ཚབ་མཉམ་འཛོམས་ཀྱི་སྒོ་ནས་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱི་ཚོགས་གཙོར་མངའ་གསོལ་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་རྒྱ་ཆེར་མངའ་ཞིང་ད་ལྟར་གྱི་དུས་སུ་སའི་སྟེང་མ་ལུས་པ་འཕྲིན་ལས་ཀྱི་གདུགས་དཀར་གཅིག་གིས་ལྷམ་མེར་གཡོག་པ་སོགས་ཡ་མཚན་པའི་རྣམ་ཐར་མཐོང་ཐོས་དྲན་རེག་དོན་ལྡན་གྱི་གནས་སུ་ཆེ་ཡང༌། ཇི་སྐད་དུ། དེ་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ཅི། ཤེས་པ་དང་ནི་བརྗོད་པར་ནུས་གྱུར་རམ། ཞེས་གསུངས་པ་ལྟར་ཚུར་རོལ་མཐོང་བ་བདག་ལྟ་བུས་ཞིབ་པར་བརྗོད་པར་ག་ལ་སྤོབས། དེ་ལྟར་མཆོག་གི་མཛད་ཚུལ་ལ་སྙིང་ནས་ཡི་རང་ཞིང་གུས་པས་ཕྱག་བགྱི་བའི་ཕྱིར་དང༌། ཇོ་ནང་ཤམ་བྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་དུས་ཁྲིད་དང་བགྲོ་གླེང་གི་ཐེངས་དང་པོའི་དུས་འདིར་ཡང༌། མཁས་གྲུབ་ཀྱི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་མཚུངས་མེད་མཁན་རིན་པོ་ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོ་མཆོག་གིས་གཞན་སྟོང་དབུ་མ་ཆེན་པོའི་དུས་ཁྲིད་བཀའ་བསྡུ་བཞི་བའི་རྩ་འགྲེལ་དང༌། ཚུལ་གཉིས་རྣམ་འབྱེད། ཟབ་དོན་ཉེར་གཅིག གཞན་སྟོང་དབུ་མའི་རྒྱན་དང༌། བྱང་ཆུབ་སེམས་སྡོམ་སོགས་ཐུགས་བརྩེ་བས་ལེགས་པར་གནང་བའི་བཀའ་དྲིན་གཏང་རག་དང་དམ་པ་གང་ཉིད་ཀྱི་སྐུ་ཚེ་རྟག་བརྟན་མི་འགྱུར་མགོན་པོ་ཚེ་འཐའ་ཡས་པའི་ངོ་བོར་བཞུགས་པའི་རྟེན་འབྲེལ་མཚོན་བྱེད་དུ་སྣོད་བཅུད་ཞིང་ཁམས་རྒྱ་མཚོའི་བཀོད་པ་ཡིད་དུ་འོང་བའི་སྣ་དྲངས་ཏེ། སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་པའི་རྟེན་མཚོན་སྐུ་ཡི་རྟེན། གསུང་དབྱངས་ཡན་ལག་དྲུག་ཅུའི་སྙན་པ་སྒྲོགས་པའི་རྟེན་མཚོན་གླེགས་བམ་གསུང་གི་རྟེན། ཐུགས་མི་འགྱུར་བདེ་བ་ཆེན་པོ་ཡིན་པར་མཚོན་དོན་དུ་ཐུགས་ཀྱི་རྟེན་དང༌།ཐུགས་ཡེ་ཤེས་ཆེན་པོའི་བདག་ཉིད་བདེ་སྟོང་ཟུང་འཇུག་གི་ངོ་བོ་ཡིན་པར་མཚོན་དོན་རྡོ་རྗེ་དང་ དྲིལ་བུ ་རྟེན་དང༌། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་དངོས་པོ་བཅས་ལྟོས་པ་མེད་པར་ཕུལ་བ་ལགས་ན་དངོས་འབྱོར་གྱི་འབུལ་བ་པདྨའི་རྩ་བ་ལྟར་ཕྲ་རུང༌། བདག་ཅག་བསོད་ནམས་ཀྱི་ཕུང་བོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆགས་བྲལ་གསེར་དང་བུང་བ་མཉམ་པའི་ཡེ་ཤེས་ཀྱི་གཟིགས་ངོར་ཡིད་ཙམ་མངའ་བར་ཞུས་ནས། སླར་ཡང་གསོལ་བ་འདེབས་པའི་སྙིང་བོ་ནི། སྤྱིར་རྣམ་འདྲེན་རྒྱལ་བ་མཉམ་མེད་ཟས་གཙང་སྲས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང༌། ཁྱད་པར་དུ་དཔལ་རྒྱལ་བ་ཇོ་ནང་བ་ཆེན་པོའི་ཟབ་མོ་གཞན་སྟོང་དབུ་མའི་ལྟ་བ་ཉིན་བྱེད་འོད་སྟོང་འབར་བས་ས་གསུམ་འགྲོ་བློའི་མུན་པ་སེལ་ཞིང༌།དགེ་མཚན་འོད་སྣང་འབུམ་གྱིས་ངེས་གསང་པདྨོའི་གེ་སར་འདབ་སྟོང་རྣམ་པར་བཞད་པའི་ཆེད་དུ་མགོན་པོ་གང་གི་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁྲི་འཕང་བསྐལ་བརྒྱའི་བར་དུ་བཞུགས་སུ་གསོལ། བདག་ཅག་གུས་སློབ་རྣམས་ཀྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་སྙིང་དམ་པ་གང་ཉིད་ལུགས་གཉིས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། བསྟན་པ་དང་འགྲོ་བའི་དོན་དུ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ནས་མཛད་འཕྲིན་ཉི་ཟླའི་འོད་ཀྱིས་བསྟན་འགྲོའི་རྒུད་པའི་མུན་པ་དག་ལྷག་མེད་དུ་བཅོམ་ནས་སྐུ་ཚེ་མི་འགྱུར་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཞིང་གཞེས་པར་ཐུགས་བརྩེ་བའི་ཉེ་བར་དགོངས་སུ་གསོལ། གཞན་ཡང་མཚུངས་མེད་མཁན་རིན་པོ་ཆེ་༧ ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་མཆོག་ཉིད་ཀྱི་ཐུགས་བརྩེ་བས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་དུ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གསེར་སྦྱང་བཙོ་མ་ལྟ་བུ་འདི་ཉིད་ཉམ་ཆུང་ཞིང་ཉག་ཕྲ་བ་ལ་ཉེ་བར་དགོངས་ནས་གང་གི་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཏེ་ལོ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བརྟན་པར་བཞུགས་སུ་གསོལ། མགོན་པོ་གང་གིས་ལེགས་པར་རྗེས་སུ་བཟུང་བའི་བདག་ཅག་སློབ་འབངས་རྣམས་ལ་མགོན་སྐྱབས་དམ་པ་ཁྱེད་ལས་གཞན་ན་རེ་ས་གཞན་མ་མཆིས་པས་ན་བདག་ཅག་རྣམས་བླ་མེད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དམ་པ་གང་ཉིད་སྐུ་ཚེ་མི་འགྱུར་རྟག་བརྟན་དུ་བཞུགས་ནས་མགོན་སྐྱབས་དམ་པ་མཛད་དུ་གསོལ། དུས་འདིར་ཡང་གཞན་སྟོང་བགྲོ་གླེང་གི་རྣམ་པར་དཀར་བ་དང༌། བདག་ཅག་སློབ་མ་རྣམས་ཀྱི་དད་གུས་ཀྱི་རྣམ་དཀར་ཅི་མཆིས་པ་འདིས་རྗེ་བཙུན་དམ་པ་མཁན་རིན་པོ་ཆེ་༧ ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་ཀྱི་སྐུ་ཚེ་མི་འགྱུར་བསྐལ་བ་མཐའ་མེད་མུ་མེད་ཀྱི་བར་དུ་བཞུགས་ནས་མཛད་འཕྲིན་འོད་སྣང་ཕྱོགས་བཅུར་རྒྱས་པར་ཤོག མཆོག་གསུམ་དཀོན་མཆོག་རྒྱ་མཚོའི་བདེན་པའི་མཐུ་ལ་བརྟེན་ནས་རྗེ་བཙུན་དམ་པའི་སྐུ་ཚེ་སྲིད་མཐའི་བར་དུ་བརྟན་པར་བཞུགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་འདི་ནི་འཇིགས་མེད་དངོས་གྲུབ་སམ་ངག་དབང་དངོས་གྲུབ་དཔལ་གྱིས་བསྒྲིགས་པའོ། །