གཉིས་པ་འགྱུར་ཕྱག་དངོས།
གཉིས་པ་འགྱུར་ཕྱག་དངོས་ནི།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྔོན་གྱི་བཀས་བཅད་དང་མཐུན་པར་འདུལ་བའི་བཅས་མཚམས་རྣམས་ནི་ས་བཅུའི་བྱང་སེམས་ལྟ་བུ་ལ་མི་དབང་བར་སངས་རྒྱས་ཉིད་ལ་དབང་བས་ན་ཐམས་ཅད་མཁྱེན་པ་ལ་འགྱུར་ཕྱག་མཛད་པའོ། །འདི་སྡེ་སྣོད་ངོས་འཛིན་གྱི་འགྱུར་ཕྱག་ཡིན་ཡང་སྤྱིར་འགྱུར་ཕྱག་ལ་སྡེ་སྣོད་ངོས་འཛིན་དུ་མ་ངེས་སོ། །གསུམ་པ་གཞུང་དོན་ལ། གཞན་འཇུག་པའི་ཡན་ལག་ཏུ་དགོས་འབྲེལ་བསྟན་པ་དང༌།གཞུང་དོན་དངོས་དང་གཉིས། དང་པོ་ནི། མདོ་རྩ་བ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་སོ། །དེའི་དོན་ནི། ཁམས་གསུམ་འཁོར་བ་ནས་ངེ༷ས་པ༷ར་འབྱུ༷ང་བ༷་སྟེ་མྱ་ངན་ལས་འདས་པ་དེ་འཐོབ་པར་བྱེད་པའི་ཚུ༷ལ་ཁྲི༷མས་ཀྱི༷་དབ༷ང་དུ༷་བྱ༷ས་ཏེ༷་རྩོམ་ཞེས་པའོ། །དེའི་མཐའ་དཔྱད་པ་ལ། དགོས་སོགས་ཆོས་བཞི་བཤད་པ་དང༌། བརྗོད་བྱ་ངེས་པར་འབྱུང་བའི་ཚུལ་ཁྲིམས་བསྟན་པ་དང་གཉིས། དང་པོ་ལ་གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པ་དང༌། དེ་ལ་རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། རྣ་བ་མ་ཕུག་པ་ན་རེ་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། བསྟན་བཅོས་ཀྱི་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་ངེས་སྙམ་དུ་ངེས་ཤེས་སྐྱེས་པ་དེ་ཁོ་ན་ཡིན་ལ། དེའི་རྒྱུ་མཚན་ནི། ངེས་ཤེས་སྐྱེས་པ་དེ་ཆོས་ཅན། དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། རྟོག་ལྡན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་ཆོས་ཅན། དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། རྟོག་ལྡན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེས་མཚུངས་པ་ཡིན་ནོ། །སློབ་དཔོན་ཆོས་མཆོག་གིས་མཛད་པའི་ཚད་མ་བརྟག་པ་ལས་ཀྱང༌། གང་ཕྱིར་དོན་གཉེར་འཇིག་རྟེན་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་གསུངས་སོ། །སློབ་དཔོན་ཞི་བ་འཚོའི་བཞེད་པ་ནི། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི།གཞན་གྱི་སྦྱོར་བ་ངན་པ་བཟློག་པ་ཡིན་ཏེ། གཞན་དག་འདི་སྐད་དུ། བསྟན་བཅོས་འདི་ནི། བརྩམ་པར་བྱ་བ་མ་ཡིན་ཏེ། དགོས་པ་ལ་སོགས་པའི་ཆོས་བཞི་མེད་པའི་ཕྱིར་ཞེས་ཟེར་བ་ལ། རྟགས་ཐེ་ཚོམ་ཟ་བའི་སྒོ་ནས་མ་གྲུབ་པར་བསྟན་པའི་ཕྱིར་དགོས་འབྲེལ་བཞི་བསྟན་པ་ཡིན་ནོ་ཞེས་འཆད་དོ། །དེ་ནི་མི་འཐད་དེ། སྦྱོར་བ་ངན་པ་དེ་ལྟ་བུ་ཁྱེད་རང་གི་རྟོག་པས་ དོགས་པ ་བསུ་བ་ཙམ་དུ་ཟད་ཀྱི། དེ་ལྟ་བུའི་སྦྱོར་བ་འགོད་པ་པོ་གཞི་མ་གྲུབ་པའི་ཕྱིར་དང༌། དགོས་འབྲེལ་གྱི་ངག་འདི་ཉིད་ཀྱང༌། བརྩམ་པར་བྱ་བ་མ་ཡིན་ཏེ། དེ་ལ་ཡང་དགོས་པ་ལ་སོགས་པ་ཆོས་བཞི་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡང་དགག་དགོས་པར་མགོ་མཚུངས་པས་ཐུག་པ་མེད་པར་འགྱུར་བའི་ཕྱིར་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །འོན་ཀྱང་གསེར་ཕྲེང་ལས་དགག་པ་མི་རིགས་པར་གསུངས་ལ། ཉ་ཊཱིཀ་ལས། མཁས་གྲུབ་ཞི་འཚོ་ནི། བསྟན་བཅོས་འདི་བརྩམ་བྱ་མིན་ཏེ། དགོས་པ་སོགས་མེད་པའི་ཕྱིར་བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན་ཞེས་བསྟན་བཅོས་རྩོམ་པའི་སྐབས་སམ་བྱ་བ་འགོག་པའི་ལོག་རྟོག་བཟློག་པ་དགོས་འབྲེལ་ངག་གི་དགོས་པ་ཡིན་ཞེས་གསུངས་པའང་དེ་ཁོ་ན་དགོས་པར་བཞེད་ན་བརྗོད་བྱ་མེད་པར་འཛིན་པ་སོགས་བཟློག་པའང་དེའི་དགོས་པ་མིན་པར་འགྱུར་བས་དེ་ཡང་དགོས་པར་བཞེད་དེ་དེ་ལྟར་ཡིན་ནོ། །འདི་དབུ་མ་བདེན་གཉིས་ཀྱི་དཀའ་འགྲེལ་ན་ཡོད་པས་སློབ་དཔོན་དེའི་གཞུང་ན་མེད་གསུངས་པ་ནི་ནོར་རོ། །ཞེས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །མཚོ་ཊཱིཀ་ལས། བྲམ་ཟེ་བདེ་བྱེད་དགའ་བ་ན་རེ། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། གཞུང་མཛེས་པ་བསྐྱེད་པ་ཡིན་ཞེས་ཟེར་རོ། །འོ་ན་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་ཡོངས་གཅོད་ཀྱི་དགོས་པ་དེ་ཆོས་ཅན། དགོས་འབྲེལ་ངག་གི་བརྗོད་བྱ་རྟོགས་པ་དེ་ཁོ་ན་མ་ཡིན་པར་ཐལ། གཞུང་མཛེས་པ་བསྐྱེད་པ་ཡིན་པའི་ཕྱིར་རོ། །རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང༌། འདོད་ན། རྣམ་ངེས་ལས། བརྡ་ཇི་ལྟ་བ་བཞིན་དོན་རྟོགས་པའི་ཕྱིར་དང་སྒྲ་སྦྱར་བའི་༼ཡོངས་གཅོད་ཀྱི་༽དགོས་པ་ཡང་དེ་ཙམ་དུ་ཟད་པའི་ཕྱིར་ཞེས་སོ། །ཞེས་གསུངས་སོ། །འོན་ཀྱང་གཞུང་མཛེས་པ་ཁོ་ན་དགོས་པ་འདོད་པ་ཡིན་མིན་དཔྱད་དོ། །