ཟབ་དོན་གནད་ཀྱི་ལྡེ་མིག ཤོག་སེར༔
ཟབ་དོན་གནད་ཀྱི་ལྡེ་མིག་བཞུགས་སོ༔ ཤོག་སེར༔ ༈།། །ཟབ་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བ༔ ཨོ་རྒྱན་པདྨ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་ལུང་༔ དོན་གྱི་སྙིང་པོ་མངོན་སུམ་རིག་པའི་གནད༔ ཇི་ལྟར་བདག་གིས་རྟོགས་པའི་ཚུལ་བཞིན་དུ༔ གབ་ཅིང་སྦས་མེད་གསལ་བར་འདིར་དགོད་བྱ༔ དེ་ལ་རྣམ་རྟོག་བག་ཆགས་ཀྱི་སྦུབས་ནས་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ༔ ཡེ་ཤེས་སྒྱུ་མའི་སྦུབས་ལས་དག་པ་ལོངས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ༔ ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ་གསུམ་ལས༔ དང་པོ་ལ་རྣམ་རྟོག་བག་ཆགས་ཀྱི་སྦུབས་གྲུབ་ཚུལ༔ དེ་ལ་ཡེ་ཤེས་གནས་ཚུལ༔ ཇི་ལྟར་ཉམས་སུ་བླང་ཚུལ་གསུམ་ལས༔ དང་པོ་ནི་འཁོར་འདས་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དུས་ན༔ ཡུལ་ཆོས་ཀྱི་དབྱིངས༔ སྟོང་ལ་གོ་འབྱེད་པ་ནམ་
མཁའ་དྭངས་པའི་དཀྱིལ་ལྟ་བུ༔ གསལ་ལ་སྒྲིབ་པ་མེད་པ་མེ་ལོང་དྭངས་པའི་ངོས་ལྟ་བུ༔ དྭངས་ལ་མི་གཡོ་བ་རྒྱ་མཚོ་དྭངས་པའི་གཏིང་ལྟ་བུ༔ སངས་རྒྱས་སེམས་ཅན་གང་དུའང་མ་གྲུབ་ལ༔ གང་ལྟར་ཡང་འཆར་བའི་གཞི་མ་འགགས་པས༔ གཞི་འཛིན་པའི་རིག་པ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྨ་བྱའི་སྒོ་ང་་ལྟ་བུར་གནས་སོ༔ ངོ་བོ་སྤྲོས་པ་མེད་པ་ཆོས་ཀྱི་སྐུ་སྟོང་གསལ་ཀ་ནས་དག་པ༔ གཡུ་གོང་འབར་བ་ལྟར་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀྱི་རང་གདངས་མཐིང་ཀར་ཤར་རོ༔ རང་བཞིན་ལྷུན་གྱིས་གྲུབ་པ་ཆུ་རིས་འོད་དུ་འཁྱིལ་བ་ལྟར༔ རིག་པའི་རྩལ་མ་འགགས་པ་སྲོག་རླུང་ཡན་ལག་བཞིའི་རང་གདངས་དཀར་སེར་དམར་ལྗང་བཞིར་ཤར་རོ༔ ཐུགས་རྗེ་འོད་ལྔའི་ཀློང་ན་རིག་པའི་སྐུ་ལྔ་རྣམ་ཤེས་ཀྱི་རྟར་ས་བོན་གྱི་ཚུལ་དུ་གནས་སོ༔ དེ་དག་ཀྱང་ནང་གསལ་དུ་ཡིན་གྱིས༔ ཕྱིར་གསལ་དུ་མ་ཡིན་ནོ༔ གཞིའི་གནས་ཚུལ་ལོ༔ དེའི་ངང་ལས་རིག་རྩལ་སྲོག་རླུང་བཞིར་ཕྱིར་གསལ་དུ་གཡོས་པ་ལས༔ དྭངས་མ་འོད་ཀྱི་འབྱུང་བ་ལྔ་ཤར་རོ༔ དེའང་སྲོག་རླུང་གདངས་
མཐིང་ག༔ གྱེན་རྒྱུའི་གདངས་དཀར་པོ༔ ཐུར་སེར་གྱི་གདངས་སེར་པོ༔ མེ་མཉམ་གྱི་གདངས་དམར་པོ༔ ཁྱབ་བྱེད་ཀྱི་གདངས་ལྗང་གུར་ཤར་རོ༔ སྲོག་རླུང་ངོ་བོ་སྡོང་པོ་ལྟ་བུ་ལ་གཞན་བཞི་ཡན་ལག་ལྟར་ཕྱིར་གསལ་དུ་གཡོས་པས༔ ཟླ་བ་ལ་འཇའ་ཚོན་ཕྱི་མ་ནང་ལྟར་ཤར་རོ༔ དེ་ཉིད་རང་སྣང་དུ་ངོ་ཤེས་པས་གཞི་ཐོག་ཏུ་གྲོལ་ལོ༔ དེ་མ་ཤེས་པས་ཤེས་པ་ཡུལ་ལ་གཟུང་འཛིན་དུ་སྐྱེས་པས༔ ཕྱི་སྐོར་གཟུགས་བརྙན་གྱི་འོད་ལ་བཟུང་བས་ཕྱི་ཡུལ་གྱི་འཁྲུལ་པ༔ གླིང་བཞི་རི་རབ་ལ་སོཊ་པ་སྣ་ཚོགས་སྣོད་དུ་སྣང་ངོ་༔ ནང་སྐོར་རང་བཞིན་གྱི་འོད་ལ་བཟུང་བས་བག་ཆགས་ཀྱི་ལུས་རྡོས་བཅས་སུ་གྲུབ་བོ༔ དེ་ཡང་འོད་ལྔ་ལས་འབྱུང་ལྔ་རགས་པར་འགྱུར༔ དེ་ལས་སྣོད་བཅུད་སྨིན་ནོ༔ གཉིས་པ་ནི་སུམ་ལྡན་དང་བཞི་ལྡན་དུ་བུམ་ནང་གི་མར་མེ་ལྟར་གནས་ཏེ༔ སྙིང་ནང་ན་ཀ་ཏི་ཤེལ་སྦུག་ཅན་ལ་བརྟེན་ནས༔ ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགགས་མེད་རིག་པའི་སྙིང་པོ་ཅན་དུ་བཞུགས༔ དེའང་དབྱིངས་རྣམ་དག་གི་སྒྲོན་མ་འོད་ལྔའི་
ཀློང་ན་ཐིག་ལེ་སྟོང་པའི་སྒྲོན་མ་དངོས༔ ཁང་བུ་ལྟར་འོད་ལྔའི་མུ་ཁྱུད་དུ་སྣང་བའི་དབུས་ན༔ རིག་པ་ཉིད་རིག་ལ་གཟུང་འཛིན་མེད་པ་ཤེས་རབ་རང་བྱུང་གི་སྒྲོན་མ་སྐུ་ལྔའི་སྙིང་པོར་བཞུགས་སོ༔ དེའི་གདངས་རྩ་འདབ་ཐམས་ཅད་ན་གནས་ཤིང་༔ དངོས་ཀྱི་ལམ་རྒྱང་ཞགས་ཆུའི་སྒྲོན་མ་ནི་གཟའ་སྐར་ཆུ་ནང་དུ་གསལ་བ་བཞིན༔ ཐིག་ལེ་སྟོང་པའི་སྒྲོན་མའི་གདངས་བར་མཚོན་གང་འོད་ཀྱི་རང་བཞིན་དུ་གསལ་བ་ལས༔ ཕྱིའི་སྟོང་གཟུགས་ཀྱི་གོ་འབྱེད་ཅིང་གནས་སོ༔ དེ་ལས་ཕྱིར་དབྱིངས་སྣང་འཇའ་ཚོན་གྱི་ནང་དུ༔ སྙིང་དང་མིག་གི་ནང་གི་རང་གདངས་ཀྱི་ཐིག་ལེ་སྟོང་སྒྲོན་དང་༔ ལུ་གུ་རྒྱུད་དང་ཐིག་ཕྲན་སྣ་ཚོགས་སུ་སྣང་བའོ༔ ཡེ་ཤེས་གནས་ཚུལ་ལོ༔ སེམས་ནི་སྙིང་ནས་གློ་བར་རྩ་འབྲེལ་པ་ལས་རིག་པའི་གདངས་ཤར་བ་ལ་གློ་བའི་རླུང་དང་འདྲེས་ཏེ༔ སྒོ་ལྔར་ཤར་བས་གཟུང་འཛིན་གཉིས་འཛིན་བག་ཆགས་ཀྱི་རྟེན་དུ་གནས་སོ༔ གསུམ་པ་ལ༔ ངོ་བོ་སྟོང་གསལ་ཆོས་ཀྱི་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཉམས་སུ་བླང་ཚུལ༔ རང་བཞིན་གསལ་སྟོང་བར་དོར་འཆར་
ཚུལ༔ ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་སྒྱུ་མའི་སྦུབས་ཉམས་སུ་བླང་ཚུལ༔ ཐུགས་རྗེ་རིག་སྟོང་སྤྲུལ་པའི་སྐུ་ད་ལྟར་འཆར་ཚུལ༔ རྣམ་རྟོག་བག་ཆགས་ཀྱི་སྦུབས་ཉམས་སུ་བླང་ཚུལ་དང་གསུམ་ལས༔ དང་པོ་ནི་དྭངས་ཤིང་དབེན་པར་བཞུགས་སྟངས་གཟིགས་སྟངས་གང་རུང་དང་བསྟུན་ལ༔ ནམ་མཁའ་དྭངས་པའི་རང་གདངས་སྤྲིན་དང་བྲལ་བ་ལ་ཟིམ་བུར་བལྟས་པས༔ ཡེ་ཤེས་ཆེན་པོའི་འོད་གདངས་དབྱིངས་རིག་འོད་ལྔའི་སྣང་བ་ལ་མ་ཡེངས་པར་བལྟས་པས་ཆོས་ཉིད་དག་པའི་ཡེ་གདངས་གཟུང་འཛིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས༔ སྟོང་གསལ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་ཁོང་ནས་འཆར་རོ༔ དེའི་ངང་ལ་བཞག་པས་འོད་གསལ་དུ་སྣང་བས་བྱིང་རྨུགས་མེད༔ གང་ཡང་མི་དམིགས་པས་རྒོད་འགྱོད་མེད༔ གཉིས་འཛིན་ཞིག་པས་ཐེ་ཚོམ་མེད་དེ༔ རང་བཞིན་ལྷུན་གྲུབ་ཆེན་པོའི་དགོངས་པ་སྐུ་གསུམ་འདུ་འབྲལ་མེད་པ་ལ་གནས་སོ༔ དེའི་ཚེ་ནམ་མཁའ་སྟོང་པ་ནི་ལྷུན་གྲུབ་རིན་པོ་ཆེའི་
སྦུབས༔ འོད་སྔར་སྣང་བ་ནི་ནང་གསལ་ཡེ་ཤེས་ལྔའི་དཀྱིལ་འཁོར་རོ༔ དེ་ལ་བལྟས་པས་སེམས་ཕྱི་ནང་གང་དུའང་མི་དམིགས་ལ་གསལ་ཆ་ཤེས་པ་ནི་ཐུགས་རྗེ་ནང་གསལ་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན་ནོ༔ དེའི་ཚེ་ཐིམ་ལ་མ་རྨུགས་ལ༔ གསལ་ལ་མི་འཛིན༔ ཡིན་ལ་བདག་མེད༔ སོ་སོར་མ་འདྲེས་ལ་མི་འབྱེད་པའོ༔ དེའི་ཚེ་ཏིང་ངེ་འཛིན་གསུམ་འབྱུང་སྟེ༔ ལྟ་སྟངས་གཟིགས་སྟངས་ལ་བཞག་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཞི་ནས་སྟོང་གསལ་གྱི་ངང་ལ་ཅི་རིགས་སུ་གནས་པས་གནས་པའི་ཏིང་ངེ་འཛིན་ནོ༔ དེ་ལ་གོམས་ནས་སྒོམ་རིང་ལ་གཟུང་འཛིན་གྱི་ཡིད་མི་གཡོ་ཞིང་མི་འཕྲོག་པ་ནི་མི་གཡོ་བའི་ཏིང་ངེ་འཛིན་ནོ༔ དེ་ལས་རབ་ཏུ་གོམས་ནས་དུས་ཐམས་ཅད་དུ་ཤེས་པ་བསྒོམས་དུས་བཞིན་གནས་པ་ནི་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ནོ༔ ད་ལྟ་འདི་བཞིན་དུ་ཉམས་སུ་བླངས་པས༔ ཕྱིས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་རང་ངོ་ཤེས་པར་ཐེ་ཚོམ་མེད་པ་ཡིན་ནོ༔ འདི་ནི་གནད་གལ་པོ་ཆེའོ༔ གཉིས་པ་ལ་འོད་ཁྱིམ་ཁ་སྦྱོར་གྱི་དགོངས་པ༔ ༔
སྐུ་ལྔ་ལྷུན་གྲུབ་ཀྱི་དགོངས་པ༔ ཀ་དག་ཆོས་ཟད་ཀྱི་དགོངས་པ༔ དཔེས་ཉམས་སུ་བླང་པ་གསུམ་ལས༔ དང་པོ་ནི་འོད་མཐིང་གའི་ཀློང་དུ་དཀར་སེར་དམར་ལྗང་བཞི་འཁྱིལ་བ་དང་༔ དཀར་སེར་དམར་ལྗང་རེ་རེའི་ཀློང་དུ་དེ་དག་འཁྱིལ་བའི་རི་མོ་ཉི་མའི་ངོས་ལ་བཀྲམ་སྟེ༔ མཚན་མོའི་ཕྱོགས་ནས་མེ་ལོང་ལ་བལྟས་པས་སྣང་བ་ལྔ་པོ་རིམ་གྱིས་ནམ་མཁའ་འཆར་དུས་བར་དོ་དང་པོ་འོད་ལྔའི་སྣང་བ་ཡིན་སྙམ་དུ་རང་སྣང་དུ་ཤེས་ནས་གསལ་སྟོང་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་གོ༔ དེ་ལ་གོམས་པས་འོད་གསལ་ཐུགས་རྗེའི་སྣང་བ་ལ་གྲོལ་ལོ༔ གནད་གལ་པོ་ཆེའོ༔ གཉིས་པ་ནི་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་རིམ་གྱིས་སྔ་མ་བཞིན་བཀྲམ་ལ༔ བལྟས་པས་བསམ་གཏན་གྱི་ཞག་ལྔར་གཞོན་ནུ་བུམ་པའི་སྐུར་འཆར་བ་ལ་གྲོལ་བ་ཡིན་ནོ༔ འདི་ནི་གནད་གལ་པོ་ཆེའོ༔ གསུམ་པ་ནི་ནམ་མཁའ་སྤྲིན་དང་བྲལ་བའི་མཚན་མོ་གཟའ་སྐར་ལྷུན་གྲུབ་ཏུ་ཤར་བ་ན༔ ལྟ་སྟངས་ གང་མོས་བྱས་ལ་བལྟས་པས་སྟོང་གསལ་སྤྲོས་པ ་དང་བྲལ་
བའི་ཡེ་ཤེས་འཆར་རོ༔ དེའང་ནམ་མཁའ་རྣམ་པར་དག་པ་ནི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀ་དག་མཚོན་ལ༔ གཟའ་སྐར་འོད་གསལ་དུ་ཤར་བ་ནི༔ རང་སྣང་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནང་གསལ་དུ་གནས་པ་མཚོན་ནོ༔ དེའི་ཚེ་རིག་པ་ངང་དྭངས་གཉིས་སུ་མེད་པར་གསལ་བས༔ ཐུགས་རྗེ་ནང་གསལ་དུ་ཡོད་པ་མཚོན་ནོ༔ དེའི་ཚེ་མཚན་མོ་ཟླ་བ་འཇས་འཁྱིལ་བ་ན་རང་རིག་འོད་ལྔའི་ཀློང་ན་ལྷུན་གྲུབ་ཏུ་བཞུགས་པར་རྟོགས་པར་བྱའོ༔ གནད་འདི་ནི་ཡང་ཏིག་གལ་པོ་ཆེ་སྟེ་རབ་ཏུ་གསང་ཞིང་སྐལ་ལྡན་གྱིས་ཉམས་སུ་བླང་བར་བྱའོ༔ ལུས་བོར་བ་དང་ཞིང་སྣང་ཤར་དུས་རྣལ་འབྱོར་པ་རྣམས་ཆོས་ཟད་གདོད་མའི་གཞི་ལ་གྲོལ་ནས༔ ལྷུན་གྲུབ་རིན་པོ་ཆེ་ལ་དུས་གསུམ་འཕོ་འགྱུར་མེད་དོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ གསུམ་པ་ཐུགས་རྗེ་རིག་སྟོང་བག་ཆགས་ཀྱི་སྦུབས་སུ་གནས་པ་ཉམས་སུ་བླང་ཚུལ་ལ༔ མཉམ་གཞག་དང་རྗེས་ཐོག་གཉིས་ལས༔ དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས༔ སེམས་གཟུང་འཛིན་སྤྲོས་བྲལ་
གྱི་ངང་ལ་བཞག་པ་ན༔ རིག་པ་གང་དུའང་མ་གྲུབ་པ་ནམ་མཁའ་ལྟ་བུའི་དགོངས་པ་ནང་ནས་ཤར་བ་ལ་གནས་པ་ནི༔ སེམས་རྣམ་རྟོག་གི་སྤྲོས་པ་ཞི་བའི་ཞི་གནས་སོ༔ དེའི་ངང་ལས་ཕྱི་སྒོ་ལྔ་ཡུལ་གྱི་སྣང་བ་གསལ་ལ་འཛིན་པ་མེད་པ་དང་༔ ནང་རྣམ་རྟོག་འཕྲོ་འདུ་ཆུའི་དབའ་རླབས་ལྟར་ཤར་གྲོལ་དང་དྭངས་ཆེན་པོར་ཞི་གནས་ཀྱི་ངང་ལ་ཕྱམ་ཕྱམ་གནས་པ་ནི༔ སེམས་གཟུང་འཛིན་གྱི་རང་མདངས་མཐོང་བས་ལྷག་མཐོང་གསལ་སྟོང་ཆེན་པོར་ཤར་བའོ༔ དེའི་ཚེ་སེམས་སྣང་ལ་ངོས་གཟུང་མེད་པས་ལྷག་མཐོང་༔ གནས་ལ་བྱིང་རྒོད་མེད་པས་ཞི་གནས༔ གཅིག་ལ་གཅིག་ཚང་དུ་གནས་པས་ཟུང་འབྲེལ་ལོ༔ གང་ལྟར་ཤར་ཡང་གང་དུའང་མི་འཛིན་པས་སངས་རྒྱས་ཀྱི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོའོ༔ གཉིས་པ་རྗེས་ཐོབ་ནི༔ འགྲོ་འདུག་ཟ་ཉལ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ༔ ཕྱི་ཡུལ་གྱི་སྣང་བ་རྨི་ལམ་སྒྱུ་མ༔ ནང་སེམས་ཀྱི་སྣང་བ་གང་ཤར་རང་གྲོལ༔ ཡུལ་སེམས་གཉིས་མེད་ཀྱི་སྣང་བ་གཏད་མེད་ཕྱམ་བརྡལ་
ལ་གོམས་པར་བྱའོ༔ དེ་ལྟར་གྱི་སྣང་བ་ལ་འདི་ཡིན་གྱི་ངོས་གཟུང་མེད་པ་མདང་སུམ་གྱི་རྨི་ལམ་ལྟ་བུ༔ གང་ཤར་གྱི་རིག་པ་ལ་སྤང་བླང་གི་གོལ་སྒྲིབ་མེད་པ་ཆུ་དང་རྦ་རླབས་ལྟ་བུ༔ གཏད་མེད་ཀྱི་ངོ་བོ་ལ་འཛིན་མེད་ཀྱི་ཀློང་རྡོལ་བ་བར་སྣང་གི་རླུང་པོ་ལྟ་བུ༔ སྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་སྒྱུ་མའི་རྩེད་མོ་ལྟ་བུ་སྟེ༔ ངོ་སྤྲོད་རྣམ་པ་བཞིས་མ་དག་པའི་སྣང་བ་ལ་བདེན་མེད་ཆེན་པོའི་རྩལ་སྦྱང་བྱའོ༔ ཞར་ལ་མཚན་མོའི་གདམས་པ་འགག་ལ་གདམས་པའང་བཤད་པར་བྱ་སྟེ༔ ཉལ་དུས་འཆི་བའི་སྣང་བ་དྲན་པར་བྱའོ༔ དེའི་ཉིན་གང་དུ་བདེ་སྡུག་ཅི་བྱས་ཀྱིས་མི་ཕན་པས༔ ཚེ་འདིའི་སྣང་བ་ལ་དགག་སྒྲུབ་ཆགས་ཞེན་མེད་པར་དྲན་པར་བྱའོ༔ གཉིད་དུ་འགྲོ་ཁར་རགས་པའི་སྣང་བ་འགགས་པས༔ ས་ཆུ་ལ་ཐིམ་པ་ལ་སོགས་པ་འབྱུང་བཞི་སྡུད་ཚུལ་གྱི་རིམ་པ་དྲན་པར་བྱའོ༔ དར་ཅིག་གཉིད་དུ་བརྒྱལ་བས་ཤེས་བྱ་བུམ་འཇུག་གི་དགོངས་པ་སྙིང་ནང་དུ་དྭངས་མ་འདུས་པ་དྲན་པར་བྱའོ༔ རྨི་ལམ་སྣ་ཚོགས་སུ་ཤར་བས༔ ཆོས་ཉིད་དང་སྲིད་པའི་བར་དོ་དྲན་པར་བྱའོ༔ དེ་
ལས་སད་དུས་རྨི་ལམ་རང་སེམས་སུ་ཐིམ་པ་ལྟར་འཁོར་འདས་གདོད་མའི་ངང་དུ་ཐིམ་པའི་གདམས་པ་དྲན་པར་བྱའོ༔ འདི་ནི་གནད་ཀྱི་མན་ངག་དམ་པའོ༔ དོན་གཉིས་པ་ཡེ་ཤེས་སྒྱུ་མའི་སྦུབས་ལས་ལོངས་སྐུའི་སྣང་བ་འཆར་ཚུལ་ནི༔ འབྱུང་བཞི་རིམ་གྱིས་ཐིམ་སྟེ་ཚེ་འདིའི་སྣང་བ་ནུབ༔ ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་ལ་ཕྱི་ནང་གཟུང་འཛིན་གྱི་འཁྲུལ་པ་ནི་འགགས༔ ཡེ་ཤེས་གསང་སྒོར་ཐོན་ཏེ་རང་སྣང་གི་མདུན་གྱི་ཕྱིའི་ནམ་མཁའ་ལ༔ ཡེ་ཤེས་རིན་པོ་ཆེའི་སྦུབས་ན་རིག་པ་འོད་ཀྱི་ཁང་པ་ཅན་འོད་མཐའ་མེད་པའི་ཡུལ་ཅན་ནམ་མཁའ་ཁྱབ་པར་འཆར་རོ༔ ཡེ་ཤེས་རིན་པོ་ཆེའི་སྦུབས་དང་༔ རིག་པའི་བར་ན་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་འོད་ཀྱི་སྙེ་ཚོན་ལྔ་སྒྲིལ་སྐས་བཙུག་པའམ༔ དྲུ་བུ་བརྒྱངས་པ་ལྟར་འབྲེལ་ཏེ་དཔེར་ན་ཉི་མ་ཤར་གྱི།། །ལ་ཁར་སྣང་བའི་འོད་ནུབ་རི་ལ་སྣང་བའི་བར་ན་ཉི་ཟེར་གྱིས་མཚམས་སྦྱར་བ་བཞིན་ནོ༔ དེའི་ཚེ་འོད་ལྔའི་སྣང་བ་རང་སྣང་དུ་ཤེས་པ༔ སྔར་གྱི་འོད་ཁྱིམ་ཁ་སྦྱོར་གྱི་
གདམས་པ་དྲན་པར་བྱའོ༔ དེའི་ཚེ་རིག་པ་ཡེ་ཤེས་ཀྱི་ཟེར་ལ་ཞོན་ནས་ཡེ་ཤེས་རིན་པོ་ཆེའི་སྦུབས་ཀྱི་སྣང་བ་ལ་འཇུག་གོ༔ སྣང་བ་དེའང་མི་བརྗེད་པའི་གཟུངས་མངའ་བས༔ གཞིའི་ཤེས་པ་ཆོས་སྐུར་སྣང་༔ རང་གདངས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་འོད་ཀྱི་འཁོར་ལོར་འཁྱིལ་བས༔ གཞོན་ནུ་བུམ་པའི་སྐུ་ལྔ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ངོ་༔ དེའི་ཚེ་སྐུ་ལྔ་ལྷུན་གྲུབ་ཀྱི་གདམས་པ་དྲན་པས་གྲོལ་ལུགས་ནི༔ གཟུང་འཛིན་གྱི་ཡིད་བག་ཆགས་སེམས་ཀྱི་འཁྲུལ་པ་འགགས་ཀྱང་༔ ཡིད་ལས་འདས་པའི་ཤེས་རབ་མི་འགགས་པས༔ སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ལྟར༔ ཤེས་བྱེད་ཀྱིས་ཤེས་ལ་དཔྱོད་བྱེད་མེད་དོ༔ དེའི་ཚེ་རང་སྣང་རང་གདངས་སུ་ཤེས་ནས༔ ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་བཞག་པས༔ སྐུ་ལྔ་ཡེ་ཤེས་ལྔའི་སྣང་བ་ལ་གཟེར་ཐེབས༔ སྤྱན་དང་མངོན་པར་ཤེས་པ་ཤར་བས་ལྔ་ལྡན་ཞེས་བྱའོ༔ དེའི་ཚེ་གདུལ་བྱ་དང་འདུལ་ཐབས་མཁྱེན་ཏེ༔ ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས༔ འཆོས་ཉིད་སྤྲོས་
པ་དང་བྲལ་བའི་སྒྲ༔ ཨ་གཟུང་འཛིན་གཉིས་སྣང་དག་པའི་སྒྲ༔ ཧ་ཆོས་ཉིད་རང་བྱུང་གི་སྒྲ༔ ཤ་ཤེས་རབ་འགགས་པ་མེད་པའི་སྒྲ༔ ས་ཆོས་ཉིད་འགྱུར་བ་མེད་པའི་སྒྲ༔ མ་ཆོས་ཉིད་མཉམ་པ་ཉིད་ཀྱི་སྒྲ་སྟེ༔ ཡི་གེ་དྲུག་པའི་འཁོར་ལོས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པའི་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཀུན་ཏུ་འབྲེལ་བས༔ ཕྱེད་སྤྲུལ་ཏེ་ལོངས་སྐུའི་འཁོར་ལ་སྣང་བ་རང་བཞིན་སྤྲུལ་པའི་སྐུ་དང་༔ ཐུབ་པ་དྲུག་སྟེ་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་དང་༔ སོ་སོའི་སྣང་བ་མ་དག་པ་དེ་དང་མཚུངས་པར་བཟོ་དང་སྐྱེ་བ་ལ་སོགས་པ་མ་དག་པ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བའི་དོན་མཛད་པ་ནི༔ སེམས་ཅན་གྱི་དོན་རྫོགས་པར་མཛད་པས་རྫོགས་ལྡན་ཞེས་བྱ་སྟེ་འོད་ཀྱི་སྦུབས་སོ༔ དོན་གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཆོས་སྐུ་ངོ་ཤེས་པར་བྱ་བ་ནི༔ སངས་རྒྱས་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ༔ སྔར་གྱི་འོད་ཀྱི་སྦུབས་ཀྱི་གཟུགས་སྐུ་རྣམས་ཆོས་སྐུར༔
ཐིམ་པ་ཤེལ་གྱི་ཕྱིའི་འོད་སྣང་དུ་བསྡུས་པ་ལྟ་བུའོ༔ དེའི་ཚེ་ཤེས་རབ་མཁའ་ལ་འདེགས་པ་ཞེས་བྱ་སྟེ༔ ཡེ་ཤེས་ཀྱི་རླུང་སྟོབས་ལྡན་མས༔ དང་པོ་ཆོས་སྐུ་ལས་གཟུགས་སྐུར་ཤར་ལ༔ ཐ་མ་གཟུགས་སྐུ་ཆོས་སྐུར་གྲོལ་ལོ༔ ཤུགས་འཆང་མས་འབད་སྩོལ་མེད་པར་རང་ཤར་རང་གྲོལ་ལོ༔ འདེགས་བྱེད་མས་རྟེན་མེད་པའི་ནམ་མཁའ་ལ་བརྟེན་ཏེ་ཆོས་ཉིད་ངང་དུ་གནས་པའོ༔ བརྟན་མས་ཡེ་ཤེས་ཀྱི་རླུང་ནོན་ཏེ་ཕྱིས་མ་དག་པར་མི་འགྱུར་བའོ༔ འབྱུང་བ་རྣམས་མ་ལ་།། །ཞ་བ་ནི༔ རླུང་རྡོ་རྗེ་རྒྱ་གྲམ་བརྩེགས་ལེགས་ཏེ༔ དམ་ཚིག་ལྷ་མོ་བཞིས་ཤེས་རབ་མཁའ་ལ་འདེགས་པའོ༔ ཆུ་ཤེལ་གྱི་འཁོར་ལོར་བརྩེགས་ལེགས་ཏེ༔ ཕྱི་ནང་མེད་པར་དབྱིངས་གཅིག་ཏུ་སྡུད་པའོ༔ ས་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཤིང་ཚུལ་དུ་ཤེས་སོ༔ མེ་པདྨའི་དྲ་བ་འོད་འབར་ཞིང་སྨིན་པའོ༔ ནམ་མཁའ་རྣམ་དག་ཡེ་ཤེས་དཔངས་མཐོ་སྟེ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པའོ༔ སོ་སོར་བཤད་ན་དམ་ཚིག་གི་ལྷ་མོ་བཞི་ནི༔ སྟོབས་ལྡན་མ་ལ་སོགས་
པ་ཡེ་ཤེས་རླུང་བཞིས་གདོད་མའི་ཤེས་རབ་མི་གཡོ་བའོ༔ ཆུ་ཤེལ་ནི་དངོས་པོ་དང་མཚན་མ་མེད་ཅིང་སྟོང་པ་ཡེ་ཤེས་ཀྱི་སྙིང་པོར་བཞུགས་པའོ༔ ས་རིན་པོ་ཆེ་ནི་ཡོན་ཏན་ལྔ་ལྷུན་གྲུབ་ཏུ་ཁྱབ་པའོ༔ མེ་པདྨའི་དྲ་བ་ནི་གཞིའི་དུས་ན་ས་བོན་དུ་གནས་པ༔ འབྲས་བུའི་དུས་སུ་སྐུ་དང་ཡེ་ཤེས་སུ་འཆར་བའོ༔ ནམ་མཁའ་ནི་ཡེ་ཤེས་དབྱིངས་སུ་ཐིམ་པས་གཟིགས་སྣང་གདོད་མར་ཐིམ་སྟེ༔ ནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའོ༔ དེའི་ཚེ་ཤེས་རབ་མཁའ་ལ་འཁྱིལ་བ་ཞེས་བྱ་སྟེ༔ ཐིམ་པ་ལ་མ་རྨུགས་པ༔ གསལ་བ་ལ་རྟོག་པ་མེད༔ ཡིན་པ་ལ་བདག་མེད་པ༔ སོ་སོར་མ་འདྲེས་ལ་མི་འབྱེད་པའོ༔ ངོ་བོ་སྟོང་པ་རིན་པོ་ཆེ་ཆོས་སྐུའི་སྦུབས་ན༔ རང་བཞིན་གསལ་བ་ལོངས་སྐུ་དང་༔ ཐུགས་རྗེ་མ་འགགས་རིག་པའི་སྙིང་པོ་ཅན༔ ནང་གསལ་དུ་བཞུགས་པ་ནི་མི་སྣང་ལ་རང་བཞིན་ཡོད་པ༔ གནམ་སྟོང་གི་ཟླ་བ་ལྟ་བུ་ཕྱིར་གསལ་དུ་མ་གྲུབ་ཀྱང་༔ ནང་གསལ་ལ་བཞུགས་སོ༔ དུས་གསུམ་གྱི་སངས་རྒྱས་
ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་བསམ་གྱིས་མི་ཁྱབ་པ་བཞུགས་ཀྱང་༔ གཅིག་ལ་གཅིག་མི་གཟིགས་ཏེ༔ ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལ་བཞུགས་པའོ༔ དེ་ལས་མ་གཡོས་བཞིན་དུ༔ ཕྱོགས་བཅུའི་ཞིང་དུ་ལོངས་སྤྱོད་རྫོགས་པ་དང་༔ སྤྲུལ་པའི་སྐུ་ནམ་མཁའི་ཟླ་བ་ལས༔ ཆུ་ཟླ་ལྟར་སྣང་བས་འགྲོ་བའི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ནི༔ ཐམས་ཅད་མཁྱེན་པའི་ཐུགས་རྗེ་དང་༔ ཐབས་ལ་མཁས་པའི་ཕྲིན་ལས་མ་བཙལ་ལྷུན་གྲུབ་ཏུ་བཞུགས་པ་ལས༔ འབད་རྩོལ་མེད་པར་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ཡིན་ནོ༔ འདི་ནི་ངེས་པའི་དོན་གཅིག་ཏུ་གསང་བ་ཆེན་པོ་བཀོད་པའོ༔ ཆོས་ཚུལ་འདི་ནི་མངོན་སུམ་སྙིང་པོའི་དོན༔ རིམ་དགུའི་ཐེག་པ་ཀུན་ལས་འདས་པ་སྟེ༔ བླ་མེད་རྡོ་རྗེ་སྙིང་པོ་སྦས་པའི་དོན༔ དྲི་མེད་འོད་ཟེར་བདག་ལ་བབས་པ་ཡིན༔ འདི་དག་སྙིང་ཕྱུང་རིན་ཆེན་ཤོག་སེར་ཏེ༔ ཤིན་ཏུ་དཀོན་པས་མཁའ་འགྲོའི་སྙིང་ཏིག་མ༔ ཤིང་མོ་ཡོས་ལ་མཆིམས་ཕུར་སྙིང་ལ་བབས༔ དེ་དོན་ཕྱི་རབས་སྐལ་ལྡན་དོན་ཆེད་དུ༔ མ་
སྦས་མ་གབ་ཚང་མེད་སྙིང་རྗེས་བཀོད༔ ད་ནི་མི་སྡོད་མྱུར་དུ་ཕ་རོལ་འགྲོ༔ རང་སྣང་བར་དོར་གཏན་སྲིད་ཟིན་ནས་ཀྱང་༔ བརྩེ་བའི་སེམས་དང་སྔོན་སྦྱངས་སྨོན་ལམ་དང་༔ རྒྱལ་སྲས་ཆེན་པོའི་བྱིན་རླབས་མཐུ་ཡིས་ནི༔ བུམ་ཐང་ཐར་གླིང་རིན་ཆེན་དགེ་གནས་སུ༔ ཟབ་གཏེར་ཆོས་ཀྱི་སྣང་བ་འགྱེད་དུ་འགྲོ༔ འཁོར་བའི་ཆུ་གཏེར་སྡུག་བསྔལ་རླབས་ཕྲེང་ཅན༔ ཤིན་ཏུ་མི་བཟད་ཆུ་སྲིན་འཛིན་ཁྲི་ལས༔ དལ་འབྱོར་གྲུ་བོས་བདེ་ཆེན་ཕ་རོལ་འགྲོ༔ རྒྱུ་སྐར་གྲངས་མཐའ་རྙེད་ལས་ཚེ་རྫོགས་ཀྱང་༔ ལས་སྨོན་བྱིན་རླབས་རྟེན་འབྲེལ་ཟབ་མོའི་མཐུས༔ རྒྱལ་བའི་མཚན་གྱི་གྲངས་ལོར་དེང་སང་འདུག༔ ད་ནི་མྱུར་འགྲོ་རི་གཟར་འབབ་ཆུ་འདྲ༔ སྐྱེས་པའི་ཐ་མ་ཡིན་གྱིས་འཆི་བར་ངེས༔ འདུས་པའི་ཐ་མ་ཡིན་གྱིས་འབྲལ་བར་ངེས༔ སྐྱེད་ཚལ་གཅིག་ནས་གཅིག་ཏུ་འཕོ་བ་བཞིན༔ དྲི་མེད་འོད་ཟེར་ཐར་པའི་གླིང་དུ་འགྲོ༔ དགེ་བ་འདི་ཡིས་སྲིད་པའི་སེམས་ཅན་ཀུན༔ མ་ལུས་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག༔ གངས་
རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ༔ སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་དུས་བཀོད༔ སྐལ་ལྡན་རྣམས་ཀྱིས་དོན་ཡོངས་འགྲུབ་པར་ཤོག༔ ཟབ་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བ༔ དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ༅༔ #div1 འོད་གསལ་པྲ་ཁྲིད། རིན་ཆེན་ཤོག་སེར་སྐོར༔
འོད་གསལ་པྲ་ཁྲིད་བཞུགས་པ་ལགས༔ རིན་ཆེན་ཤོག་སེར་སྐོར༔ ༔རྒྱ་གར་སྐད་དུ༔ རཏྣ་བན་དྷུ་ཝ་ར་ཏི་ནཱ་མ༔ བོད་སྐད་དུ༔ འོད་གསལ་རིན་པོ་ཆེའི་པྲ་ཁྲིད་ཅེས་བྱ་བ༔ སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ལ་ཕྱག་འཚལ་ལོ༔ སངས་རྒྱས་རྣམས་ཀྱི་ངེས་པའི་བཅུད་ཕྱུང་བ༔ སྙིང་པོའི་ཡང་གསང་ཚེ་གཅིག་སངས་རྒྱས་ལམ༔ དགོངས་གཏེར་ཟབ་མོའི་གནད་བསྡུས་མངོན་སུམ་པར༔ ཞེ་ཕུགས་ཉམས་ལེན་སྙིང་ཕྱུང་ལག་ཁྲིད་དགོད༔ དེ་ལ་ཚེ་འདིར་གྲོལ་བ་འོད་གསལ་གྱི་གནད༔ བར་དོར་གྲོལ་བ་འོད་གསལ་གྱི་གནད༔ ཕྱི་མར་གྲོལ་བ་འོད་གསལ་གྱི་གནད་གསུམ་ལས༔ དང་པོ་ནི༔ སྣང་དང་མུན་པའི་བྱེ་བྲག་གིས༔ འོད་གསལ་དེ་ཡང་རྣམ་པ་གཉིས༔ ཐོག་མར་སྣང་བའི་རྣལ་
འབྱོར་ནི༔ དངས་ཤིང་མཐོ་བའི་ས་ཕྱོགས་སུ༔ ཉི་མ་ལ་ནི་རབ་ཕྱོགས་པར༔ རྡོ་རྗེ་འཛིན་པའི་སྐྱིལ་ཀྲུང་གིས༔ མཉམ་གནས་རླུང་ནི་ཁ་ནས་དྲང་༔ མ་བསྐྱོད་པ་ཡིས་དབང་བསྐུར་ཏེ༔ རབ་ཏུ་ཐིམ་པས་དབྱིངས་རིག་བལྟ༔ དེ་ཡང་པུས་མོ་ཕྱིར་དགྱེད་ལ༔ རྐང་པ་གཉིས་བསྣོལ༔ ལག་པ་གཉིས་བརླ་དང་སྐེད་པའི་བར་དུ་བསྣོལ༔ ཉི་མའི་ངོས་ལ་ཕྱོགས་པར༔ བླ་མའི་མན་ངག་གིས་དབང་བསྐུར་ལ༔ ཐད་དྲང་ལ་བལྟ་ཞིང་རླུང་ཁ་ནས་དབྱུང་རྔུབ་རབ་ཏུ་དལ་བར་བྱའོ༔ དེའི་ཚེ་དབྱིངས་འོད་ཁྱིམ་དང་༔ རིག་གདངས་ལུ་གུ་རྒྱུད་ཐིག་ཕྲན་གྱི་སྣང་བ་ལ་བལྟས་པས༔ རིག་པ་ཤེས་རབ་རང་བྱུང་གི་སྒྲོན་མ་གསལ་སྟོང་གཟུང་འཛིན་དང་བྲལ་བ་ཁོང་ནས་འཆར་རོ༔ དེའི་ཚེ་དབྱིངས་སྣང་ཁ་དོག་ལྔ༔ ཟ་འོག་བེར་ཁྱིམ་བཀྲམ་པ་འདྲ༔ གདངས་ཀྱི་ཐིག་ལེ་སྟོང་སྒྲོན་ནི༔ འབྲེལ་ལ་མ་འདྲེས་སོ་སོར་གསལ༔ རིག་གདངས་ལུག་རྒྱུད་ཐིག་ཕྲན་རྣམས༔ འགྲོ་འོང་གིས་ནི་རྣམ་པར་སྣང་༔ དེ་ཉིད་མི་འགུལ་བཅིངས་པ་
གཅེས༔ དབྱིངས་སྣང་ཟ་འོག་རིས་ཀྱི་ནང་ན༔ གདངས་ཀྱི་ཐིག་ལེ་སྟོང་སྒྲོན་ཟླུམ་འཁྲིགས་རིས༔ ཁ་དོག་སྣ་ལྔའི་མུ་ཁྱུད་ཀྱིས་བསྐོར་བ༔ དབུས་ན་པདྨ་འདབ་བཞིའི་རྣམ་པ་ཅན༔ གཅིག་ལ་གཅིག་འབྲེལ་མང་པོ་སྣང་བའི་ནང་ན༔ ལུ་གུ་རྒྱུད་ཐིག་ཕྲན་འགྲོ་འོང་བྱེད་པ་རྣམས་ལ་མིག་དང་ཤེས་པ་མ་འགུལ་བར་བལྟས་པས༔ ས་རྡོ་རི་བྲག་ལ་སོགས་པ་མི་སྣང་བར༔ འོད་གསལ་ཆུ་ཟླ་ལྟར་སྣང་བས་ཕྱི་གཟུང་བ་ཡུལ་གྱི་འཁྲུལ་པ་འོད་གསལ་དུ་འགགས་ཤིང་༔ དེའི་ངང་ལ་གནས་པས༔ ངང་དྭངས་རང་བཞིན་བདག་ཉིད་ཆེ༔ སྟོང་གསལ་ཀ་དག་ངང་ལ་གནས༔ མི་གནས་མི་དམིགས་སྤྲོས་ཀུན་ཞི༔ རང་བཞིན་གདོད་མའི་སར་ཕྱིན་པའོ༔ དེ་ལྟར་རིག་པ་སྟོང་གསལ་ཕྱོགས་ལྷུང་དང་བྲལ་བས༔ ནང་འཛིན་སེམས་ཀྱི་འཁྲུལ་པ་གཞི་ཐོག་ཏུ་གྲོལ་ཏེ༔ དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལྷུན་གྱིས་གྲུབ་བོ༔ དེ་ལས་ཕྱི་ཕྱིར་གོམས་པ་ཡིས༔ ཕྱི་ནང་རྡོས་བཅས་གདོད་མར་གྲོལ༔ དེའང་སྣང་བ་བཞི་རིམ་གྱིས་མཆེད་ནས༔ ཆོས་ཉིད་
གདོད་མའི་ངང་།། །དུ་རབ་ལོ་གསུམ༔ འབྲིང་ལྔ༔ ཐ་མ་བདུན་ན་གྲོལ་བ་ཡིན་ནོ༔ ཞར་ལ་ཆུ་ཤེལ་སྒྲོན་མ་ཡང་༔ སྣང་བའི་རྣལ་འབྱོར་ཉིད་དུ་བཤད༔ ཟླ་བའི་དཀྱིལ་འཁོར་དབུས་སུ་སྟེ༔ ཉིན་དུས་ཚ་བའི་རབ་རིབ་སེལ༔ སྒྲོན་མེའི་འོད་ཀྱི་རྩ་ལམ་སྦྱོང་༔ དེ་ལྟར་ཉམས་སུ་ལེན་པའི་ཚེ༔ ཉིན་མོའི་སྣང་བས་མིག་གི་ཚ་བ་འཕེལ་ནས་མི་བདེ་བ་ཀུན༔ མཚན་མོ་ཟླ་བའི་དཀྱིལ་དུ་བ་རེ་བལྟས་པས་སེལ་ལོ༔ མར་མེའི་འོད་ལ་བལྟས་པས་རྩ་ཤེལ་སྦུག་ཅན་གྱི་ལམ་བྱང་ནས༔ གཟིགས་སྟངས་བདེ་ཞིང་སྣང་བ་འཕེལ་བ་ཡིན་ནོ༔ སྣང་བའི་རྣལ་འབྱོར་རོ༔ གཉིས་པ་མུན་པའི་རྣལ་འབྱོར་ནི༔ སྣང་བ་ལ་ཟླ་བ་དྲུག་ཏུ་བསྒོམས་པས་མཚན་མོའི་འོད་གསལ་སྦྱང་བ་ནི༔ སྣང་བ་མེད་པའི་ཁྱིམ་དག་ཏུ༔ རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ༔ གཟིགས་སྟངས་གསུམ་ལ་སྔ་ཕྱིར་བསླབས༔ ཉི་ཤུ་གཅིག་གིས་སྐལ་ལྡན་པར༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ དེ་ཡང་བུ་ག་མེད་པའི་ཁང་པར༔ བྲམ་ཟེའི་སྐྱིལ་ཀྲུང་གིས་རླུང་དལ་བས༔
ཞག་བདུན་དུ་ཐུར་དུ་ཟིམ་བུར་བལྟ༔ དེ་ནས་བདུན་དུ་ཐད་དྲངས་ལ༔ དེ་ནས་བདུན་དུ་གྱེན་ལ་ཧར་པོར་བལྟས་པས༔ ན་བུན་ལྟ་བུ་དང་༔ མེ་ཏོག་ལྟ་བུ་དང་༔ སྣ་ཚོགས་གཟུགས་ཅན་དང་༔ འོད་ལྔའི་རྣམ་པ་ཚད་མེད་པ་འཆར་རོ༔གཞན་ཡང་༔ ཁམས་དྲུག་འདུས་པའི་རླུང་སེམས་ལས༔ འགྲོ་བ་དྲུག་གི་རྣམ་པར་སྣང་༔ ཡེ་ཤེས་འདུས་ལས་དག་པའི་ཞིང་༔ སྐུ་དང་ཐིག་ལེ་ལ་སོགས་སོ༔ དེའང་ལུས་ཀྱི་གནས་སྤྱི་གཙུག༔ སྨིན་མཚམས༔ མགྲིན་པ༔ ལྟེ་འོག༔ གསང་གནས༔ རྐང་མཐིལ་དྲུག་ཏུ་རླུང་སེམས་འདུས་པ་ལས༔ མ་དག་པ་སྦྱང་གཞི་འགྲོ་དྲུག་གི་སྣང་བ་སྣ་ཚོགས་འཆར་ཞིང་༔ བདེ་ཆེན་འཁོར་ལོ་ལ་སོགས་པ་ལྔར་རླུང་སེམས་འདུས་པ་ལས་སངས་རྒྱས་ཀྱི་ཞིང་དང་ཉན་རང་དང་༔ བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་ལྔ་ལ་སོགས་པ་དག་པའི་སྣང་བ་སྣ་ཚོགས་འཆར་ཞིང་༔ རིག་པ་གང་དུའང་མ་འདུས་པས་རླུང་སེམས་གཞི་ཐོག་ཏུ་གྲོལ་བ་སྟེ༔ སྣང་དང་མི་སྣང་གི་འཛིན་པ་མེད་པར་ཀུན་ཏུ་བཟང་པོའི་ཀློང་དུ་ཐིམ་པའོ༔
དེ་ལ་ནི་ཇི་སྐད་གསུངས་པའི་སྣང་བ་བཞི་འཆར་ཡང་དེར་འཛིན་པ་མེད་པས་གྲོལ་བ་ཡིན་ནོ༔ འདིར་རྣལ་འབྱོར་པས་འཁོར་འདས་ཀྱི་རྩ་ཁམས་སུ་རླུང་སེམས་འདུས་ཀྱང་དགག་སྒྲུབ་མེད་པས༔ ལྟ་སྟངས་གཟིགས་སྟངས་བསྒྱུར་ཏེ་གང་དུའང་མི་རྟོག་པར་བཞག་པས་སྣང་བ་དེ་དག་ལས་གྲོལ་བའོ༔ དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་ནི༔ ཉིན་མཚན་དུས་རྣམས་ཐམས་ཅད་དུ༔ ཕྱིར་ནི་སྣང་བའི་འོད་གསལ་ལས༔ ནང་དུ་སྟོང་པའི་འོད་གསལ་འཆར༔ ཐབས་ཤེས་དབྱིངས་རིག་འདུ་འབྲལ་མེད༔ ཕྱི་འོད་གསལ་ཐབས་ཀྱི་སྣང་བ་ལས༔ ནང་འོད་གསལ་ཤེས་རབ་ཀྱི་སྣང་བ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བ༔ ངང་དྭངས་རང་གསལ་གྱི་སྒོམ་པ༔ ཚོགས་དྲུག་རང་གྲོལ་གྱི་སྤྱོད་པ༔ རེ་དོགས་མེད་པའི་འབྲས་བུ་རང་བཞིན་ལྷུན་གྲུབ་ཏུ་ཤར་ཏེ༔ འོད་སྣང་སྣ་ཚོགས་སུ་སྣང་ཡང་དབྱིངས་རང་བཞིན་གྱི་རྣམ་དག་སྐྱེ་བ་མེད་པའི་ཆོ་འཕྲུལ་དུ་འབྱུང་བ་ནི༔ ཇི་ལྟར་སྣང་བ་ཆུ་ཟླ་འདྲ༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེས་ཙམ་ཉིད་ནས་སྐྱེ་བ་
མེད༔ སྐྱེས་དང་མ་སྐྱེས་མཉམ་པ་ཉིད༔ སྣ་ཚོགས་སྣང་ལ་སྤྲོས་དང་བྲལ༔ རང་བཞིན་གཉིས་མེད་མཐའ་ཡས་འདས༔ ཀུན་བཟང་ཡབ་ཡུམ་དགོངས་པར་ཕྱིན༔ དེ་ལྟར་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་གཟུགས་བརྙན་དང་འདྲ་བར་རྟོགས་པའི་རྣལ་འབྱོར་པའི་རིག་པ་ལ་ངོ་སྤྲད་ན༔ རང་རིག་མ་འགགས་ཝ་ལེར་གསལ་བ་ཀུན་ཏུ་བཟང་པོ༔ གསལ་ལ་འཛིན་མེད་སྟོང་པར་སངས་ངེ་བ་འདི་ཀུན་ཏུ་བཟང་མོའི་དགོངས་པའོ༔ དེའི་ཚེ་འོད་གསལ་འཛིན་མེད་སྒྲོན་མ་བཞིའི་ངང་ལ་ཆེ་བའི་ཡོན་ཏན་ཉི་ཤུ་རྩ་ལྔ་ཡང་རྫོགས་ཏེ༔ མིག་ལ་སོགས་པ་དབང་པོའི་ཞེན་པ་ལོག་སྟེ་རྣམ་པར་མི་རྟོག༔ གཟུགས་ལ་སོགས་པ་ཕུང་པོའི་ཞེན་པ་ལོག་སྟེ་རིགས་དྲུག་མངལ་ཁ་སྟོངས༔ ཕྱི་ཡུལ་གྱི་ཞེན་པ་ལོག་སྟེ་གཉིས་སུ་མེད་པར་ཞིག༔ སེམས་ཀྱི་དངོས་པོ་སྤུར་ཏེ་རང་གྲོལ་སེམས་ཀྱི་བྱུང༔ ཚོར་གནས་སུ་ཆོད་པས་ངར་འཛིན་ཞིག༔ འདུས་ཚོར་སྣང་བ་རང་སྣང་དུ་ངོས་ཟིན་པས་རང་རིག༔ རིག་པ་ཆོས་ཉིད་ཀྱི་བརྩོན་རར་ཟིན་པས་འཁོར་བ་དག༔
འཁྲུལ་པའི་རང་རྒྱུད་ཁུངས་ཆོད་དེ་རང་འོད་ངོས་ཟིན༔ རང་གིས་རིགས་དྲུག་རིམ་གྱིས་བསྒྲལ་ཏེ་འགྲོ་དྲུག་གི་གཡངས་ཆོད༔ འཁོར་བའི་དོང་ནས་ཐོན་ཏེ་ཕྱིར་མི་ལྡོག༔ ཆོས་ཅན་ཐུར་དུ་ཚུད་པས་ཆོས་ཉིད་དོན་གྱི་ཚད་མ་རྟོགས༔ རོའི་ཁུངས་སྦུར་སྟེ་ཡེ་ཤེས་ཀྱི་ལུས་ཐོབ༔ ཞེན་པའི་ཕྲེང་ཐག་ཆོད་དེ་བག་ཆགས་རང་དག༔ ལུ་གུ་རྒྱུད་ཨར་ལ་གཏད་པས་རིག་པ་དབྱིངས་སུ་གནས༔ འོད་ལྔ་ལྷའི་ཕྱག་རྒྱར་མཐོང་བས་རིག་པ་རང་གསལ༔ ཡིད་དཔྱོད་ཀྱི་ལྟ་སྒོམ་ལོག་པས་ཀུན་གསལ་དག་པའི་དྲི་མེད་ཆོས་ཀྱི་སྐུ་ཐོབ༔ ས་ལམ་དུས་གཅིག་ཆོད་པས་རྩོལ་བ་རང་སར་དག༔ ཡིད་དཔྱོད་འཛིན་པའི་ལྟ་བ་ཁུངས་ཆོད་པས་སྙེམས་དང་བྲལ༔ སྐུ་གསུམ་ལམ་དུ་ལོངས་པས་འཁྲུལ་པ་ཀ་ནས་དག༔ སྣང་བ་དངོས་སུ་བསླངས་པས་རྟོག་པ་མངོན་དུ་གྱུར༔ སྒྲའི་ཞེན་པ་ཆོད་པས་བདུད་བཞིའི་འཇིགས་པ་བཅོམ༔ བསམ་གཏན་ཆེན་པོའི་ས་ནོན་པས་དམིགས་གཏད་ཐམས་ཅད་དང་བྲལ༔ ཕྱི་ནས་
སངས་རྒྱས་སུ་རེ་བའི་མངོན་ཞེན་ཆོད་པས་རེ་དོགས་རང་གྲོལ༔ ཕྲིན་ལས་མཐར་ཕྱིན་པས་འགྲོ་དོན་ལྷུན་གྱིས་གྲུབ༔ རྒྱལ་སྲས་ས་ཆེན་པོ་ནོན་པས་ཆོས་དབྱིངས་ཟད་མི་ཤེས༔ དེ་ལྟར་བཏགས་གྲོལ་ནས་གསུངས་པའི་ཡོན་ཏན་རྣམས་རྣལ་འབྱོར་པ་གཅིག་གིས་ད་ལྟ་ཐོབ་པས་འདིར་གྲོལ་བ་ཡིན་ནོ༔ དེ་ལྟར་གོམས་པའི་གང་ཟག་ལ༔ ཏིང་ངེ་འཛིན་དང་མངོན་ཤེས་དང་༔ སྤྱན་དང་རྫུ་འཕྲུལ་ལ་སོགས་འཆར༔ དེ་ལྟར་འོད་གསལ་ལ་ཉིན་མཚན་དུ་གནས་པ་ན༔ སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་དང་བྲལ་བ་འོད་གསལ་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོ་འཆར་རོ༔ དེ་ལས་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དང་༔ སྒོམ་ཁང་ནས་འཛམ་བུའི་གླིང་ལ་སོགས་པ་ལེགས་པར་མཐོང་བའི་ལྷའི་མིག་ལ་སོགས་པ་དང་། ལུས་སྣ་ཚོགས་སུ་འཕྲུལ་པས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དང་༔ གཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་འཆར་རོ༔ ཚེ་འདིར་གོམས་པའི་མན་ངག་གོ༔ གཉིས་པ་བར་
དོའི་འོད་གསལ་ནི༔ འབྱུང་བ་རྣམས་རིམ་གྱིས་ཐིམ་ནས༔ ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ༔ ནམ་མཁའི་ཁམས་སུ་འོད་ལྔའི་སྣང་བ་སྣ་ཚོགས་སུ་ཤར་བ་དང་༔ རང་རིག་གི་བར་ན་ཟེར་ལྔ་ཐག་པ་བརྒྱངས་པ་ལྟར་ཟུག་པས་རིག་པའི་ཡེ་ཤེས་དེ་རང་སྣང་དུ་ངོ་ཤེས་པ་ནི༔ ཀུན་ཏུ་བཟང་པོ་ཡབ་ཀྱི་དགོངས་པའོ༔ རང་སྣང་ངོ་ཤེས་རང་ལ་འོད་ལྔར་གསལ་ཡང་༔ འོད་དུ་འཛིན་པ་མེད་པར་གཏད་མེད་དུ་ཤིགས་སེ་འཇོག་པ་ནི་ཀུན་ཏུ་བཟང་མོའི་དགོངས་པའོ༔ དེའང་སྐད་ཅིག་དང་པོར་ཡབ་ཀྱི་དགོངས་པས་རང་ངོ་ཤེས་སོ༔ གཉིས་པར་ཡུམ་གྱི་དགོངས་པས་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་གནས༔ གསུམ་པར་གདོད་མའི་ས་ལ་ནང་གསལ་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ནི་སངས་རྒྱས་མྱ་ངན་ལས་འདས་པ་ཞེས་བྱའོ༔ ད་ལྟ་སྣང་བའི་འོད་གསལ་ལ་དེ་བཞིན་དུ་ཡང་ཡང་སྦྱང་བ་ནི༔ གནད་གལ་པོ་ཆེའོ༔ དེ་ལ་མ་ཟིན་ན་ཆོས་ཉིད་ཀྱི་བར་དོ་ལ་སྣང་བ་གང་ཤར་ཡང་གདམས་ངག་དེ་བཞིན་དུ་དྲན་པ་ནི་གནད་མངོན་སུམ་དུ་ཕྱུང་བའོ༔ གཞན་མེད་དོ༔
འདི་ཁོ་ནའོ༔ གསུམ་པ་ཐ་མ་སྤྲུལ་པའི་ཞིང་སྦྱོང་བ་ནི༔ དེ་ལས་སྣང་བ་ཕྱིར་ཐལ་ཏེ༔ སྲིད་པའི་བར་དོ་རྨི་ལམ་དུ་སྣང་བ་ལྟ་བུ་ལས༔ ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས༔ ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པར་སྐྱེས་ནས་གྲོལ་ཚུལ་ནི་ཁྲིད་ཡིག་བཞིན་ཤེས་པར་བྱའོ༔ ད་ལྟ་སྐབས་སུ་ཞིང་དེ་དག་ཏུ་རང་རིག་མིག་ནས་འཕངས་སོ༔ ཉལ་དུས་གཞོགས་གཡས་ཕབ་ནས༔ ཞིང་ཡིད་ལ་བྱ་སྟེ་སྙིང་གའི་འོད་ལ་སྦྱངས་པ་ནི་གདམས་ངག་དམ་པའོ༔ མདོར་བསྡུ་ན་དུས་རྣམས་ཐམས་ཅད་དུ་གསལ་སྟོང་འཛིན་མེད་ཆེན་པོར་རྩལ་སྦྱང་ངོ་༔ ཕྱི་ནང་་བཅུད་སྣང་བ་ལ༔ རྨི་ལམ་ལྟ་བུའི་ལམ་ཁྱེར་བྱ༔ རང་རིག་དྲི་མེད་ཡེ་ཤེས་ལ༔ ཆུ་ཟླ་ལྟ་བུའི་ལམ་ཁྱེར་བྱ༔ སྣ་ཚོགས་འཕྲོ་འདུའི་རྟོག་པ་ལ༔ སྨྱོན་པ་ལྟ་བུའི་ལམ་ཁྱེར་བྱ༔ གང་ཤར་དྲན་རིག་ཆུ་རིས་འདྲ༔ སྔ་ཕྱིའི་འཛིན་པས་མི་བསླད་འཚལ༔ རྟག་ཏུ་འཆི་བ་དྲན་པར་བྱ༔ ཉལ་དུས་བར་དོའི་གདམས་པ་གཟུང་༔ རྩིས་མེད་ཞེན་མེད་ཆགས་མེད་བྱ༔ གང་ལའང་གཟའ་གཏད་ཆེད་འཛིན་ཐོང་༔ ལས་འབྲས་མི་
གོས་ནམ་མཁའ་འདྲ༔ ཇི་ལྟར་བུམ་པ་ཆག་པ་ན༔ ནམ་མཁའ་གསུམ་ཉིད་གཅིག་པ་བཞིན༔ ནམ་ཞིག་འབྱུང་བཞིའི་བུམ་པ་ཆག༔ རིག་པ་ཉིད་ནི་དབྱིངས་སུ་ཐིམ༔ རང་ངོ་ཤེས་པས་གྲོལ་བ་ནི༔ རྡོ་རྗེ་གདན་ལ་མངོན་བྱང་ཆུབ༔ གདོད་མའི་སར་ཕྱིན་མི་འཁྲུལ་བའོ༔ དེའི་ཚེ་རང་ངོ་མ་ཤེས་ན་མའི་མངལ་གྱིས་ཐོགས་ལ་འཁོར་བར་འཇུག་ཅིང་༔ ཤེས་ན་རྡོ་རྗེའི་གདན་ལ་ཐོགས་ནས་མཐར་ཕྱིན་པའོ༔ དེའི་ཕྱིར་ན་ད་ལྟ་ཉིད་དུ་གོམས་པར་བྱའོ༔ འདི་ནི་རྒྱལ་སྲས་པདྨའི་ཡང་གཏེར་ཏེ༔ གཏེར་དང་གཏེར་ཕྲན་དགོངས་གཏེར་ཟབ་དགུ་ལས༔ འདི་འདྲའི་གདམས་པ་སྔོན་ཆད་བྱུང་བ་མེད༔ འབྲས་བུའི་ཐུགས་གཏེར་ལྷ་སྲས་ཆོས་སྐལ་འདི༔ དེང་སང་བདག་ལ་དགོངས་པས་བརྒྱུད་པའི་མཐུས༔ ངོ་སྤྲོད་གནད་དང་ཟབ་ཡིག་སྙིང་ཏིག་མ༔ ཡི་གེས་མི་ཤེས་དོན་རྣམས་འདིར་བསྡུས་ཏེ༔ ཤོག་སེར་ཤོག་འདྲ་རིན་ཆེན་ཤོག་སྐྱར་བཀོད༔ ཤོག་སེར་ལས་ཀྱང་ཡང་སེར་ཡི་གེ་འདི༔ མངོན་སུམ་གོམས་པའི་གནད་དུ་དེབས་ལ་བཏབ༔ ཕྱི་རབས་སྐལ་ལྡན་
རྣམས་དང་འདི་འཕྲད་དེ༔ གདོད་མའི་ས་ལ་ཀུན་ཏུ་བཟང་པོར་ཤོག༔ དྲི་མེད་འོད་ཟེར་ཐར་པའི་གླིང་འགྲོ་ཡང་༔ སྙིང་གི་སྙིང་པོ་མ་སྦས་འདིར་བཀོད་དེ༔ སྐལ་ལྡན་རྣམས་ལ་སྙིང་ཕྱུང་དངོས་སུ་གཏད༔ ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད༔ འོད་གསལ་རིན་པོ་ཆེའི་པྲ་ཁྲིད་ཅེས་བྱ་བ༔ པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ༔ དགེ་ཞིང་བཀྲ་ཤིས་སོ༔