རྫོགས་པ་ཆེན་པོ་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པའི་གནད་བཀྲོལ།
འཇམ་མགོན་མི་ཕམ་རྒྱ་མཚོའི་གསུང་རྫོགས་པ་ཆེན་པོ་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པའི་གནད་བཀྲོལ་ཆོས་རྗེ་བླ་མ་པདྨ་སྐལ་བཟང་གི་ཞལ་རྒྱུན་ཞེས་བྱ་བ་བཞུགས་སོ།།
ཐུགས་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་།།
བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ།།
པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག།
སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།
དྲི་མེད་མཚོ་གླིང་པདྨའི་སྡོང་པོའི་རྩེར།།
རྒྱལ་བའི་རྣམ་སྤྲུལ་རང་བྱུང་ལྷུན་གྱིས་གྲུབ།།
མཚན་རྫོགས་དཔེ་བྱད་ཡོན་ཏན་ཚོགས་འབར་བ།།
པདྨ་འབྱུང་གནས་བདག་བློའི་པད་མཚོར་སྐྱོངས།།
བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས།།
སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས།།
གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ།།
འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས།།
དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།
འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།།
དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།།
རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པའི།།
རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས།།
བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར།།
གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན།།
བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག།
དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབ་ཀྱི།།
གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག།
ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།།
གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།།
འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པར།།
ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག།
ནམ་མཁའ་དང་མཉམ་པའི་མར་གྱུར་འགྲོ་བ་རིགས་དྲུག་གི་སེམས་ཅན་བདེ་འདོད་སྡུག་བསྔལ་གྱི་རྒྱུར་སྤྱོད་ཀྱིན་ཡོད་པ་ཐམས་ཅད་སྙིང་རེ་རྗེ། སྙིང་རྗེ་བ་ཙམ་ཞིག་གིས་མི་ཡོང་བར་འདི་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་ནང་ནས་གཏན་དུ་ཐར་ཐབས་ཤིག་བྱེད་དགོས་པ་ཡིན། དེ་ཡང་བསམ་བཟང་ཙམ་ཞིག་གིས་ཕན་ཐོགས་མེད་པས། ད་རེས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པས་མ་ཚད་ཐེག་མཆོག་རྫོགས་པ་ཆེན་པོ་ཡང་གསང་མན་ངག་སྡེའི་ཟབ་ཆོས་ཁྱད་དུ་འཕགས་པ་འདི་ལྟ་བུ་ལ་འཕྲད་ཡོད་དུས། ད་སྔོན་ལྟར་དུ་གནད་ཆེན་བསྐྱུར་ནས་གནད་ཆུང་བསྙབས་པའི་འཇིག་རྟེན་གྱི་བྱ་བཞག་གིས་ཚེ་འཕྲོ་བརླག་ལ་མི་གཏོང་བར། ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་ལ་བསམས་ནས། སང་དང་གནངས་ལ་མི་བཞག་པར་ཉི་མ་སྔ་ཕྱིའི་བརྩོན་ལེན་གྱི་ཐོག་ནས། ལམ་ཟབ་མོའི་མན་ངག་ཉམས་སུ་བླངས་ཏེ་ཚེ་འདིའི་ཐོག་ནས་དཔལ་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་བྱ་སྙམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། དེ་ཡང་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་། སྣང་སྲིད་གཞིར་བཞུགས་ཡེ་ནས་ཡིན་པ་ལ་དེ་ལྟར་ཡིན་པར་ཤེས་པའི་གཞིར་བཞེངས་ཀྱི་དག་མཉམ་ཆེན་པོའི་ལྟ་བ་ངོ་འཕྲོད་ནས། སྣོད་དག་པ་ལྷ་ཡི་ཞིང་ཁམས། བཅུད་དག་པ་རིག་འཛིན་གྱི་ཚོམ་བུ་རུ་གསལ་བཏབ་སྟེ། རྫོགས་ཆེན་འབྲས་བུའི་ཐེག་པའི་གདམས་ངག་ཟབ་མོ་གསན་དགོས་ནི་རེད། གང་ཞིག་གསན་པར་བྱ་བ། རྫོགས་པ་ཆེན་པོའི་དངོས་གཞིའི་ཟབ་ཁྲིད་དང་འབྲེལ་བའི་ཀ་དག་ཁྲེགས་ཆོད་ཀྱི་མན་ངག་ཟབ་མོ་ཁྱེར་བདེ་ཞིང་། གནད་ཀྱི་གདམས་པ་ཁ་ཚང་ལ་དོན་འདྲིལ་བ། རྟོགས་ལྡན་རྒན་པོའི་མཛུབ་ཚུགས་ཞེས་བྱ་བ་འདི་ཉིད་ཁྲིད་ཀྱི་ལུགས་སུ་འབུལ་བའི་སྐབས་རེད། སྤྱིར་ན་རྫོགས་པ་ཆེན་པོའི་ཆོས་འདི་འཆད་ཉན་སྒོམ་གསུམ་གང་གི་སྐབས་སུ་ཡིན་ནའང་། སངས་རྒྱས་ཀྱི་བསྟན་པ་སྤྱིའི་བབས་དང་བསྟུན་ནས་ཐེག་པ་རིམ་འཛེགས་ཀྱི་ལམ་གནད་ཆ་ཚང་ལྡན་པ། ཁྱད་པར་དུ་སྔོན་འགྲོ་དང་དངོས་གཞི་སྦྲེལ་ནས་འགྲོ་དགོས་ནོ་ཞུ་མ་དགོས་མཁྱེན་བཞིན་པ་ལྟར་རེད། སྔོན་འགྲོ་དེ་ལ་ཡང་འདྲ་མི་འདྲ་མང་པོ་ཡོད་དེ། ཐེག་པ་ཆེ་ཆུང་ཐུན་མོང་གི་སྔོན་འགྲོ། ཐེག་ཆེན་བྱང་སེམས་ཀྱི་སྔོན་འགྲོ། གསང་སྔགས་ཁྱད་པར་ཅན་གྱི་སྔོན་འགྲོ་ལ་སོགས་པ་ཡོད་པའི་ནང་ནས། དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་མགོ་བརྩམས་ཏེ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པ་ཞིག་དང་། གཞན་ཕན་དོན་གཉེར་གྱི་བྱང་སེམས། བླ་མར་སངས་རྒྱས་དངོས་མཐོང་གི་དག་སྣང་སྟེ་གནད་གསུམ་པོ་དེ་དང་བྲལ་སོང་ནི་ཡིན་ན། རིགས་ཅན་གསུམ་དང་བསྟུན་པའི་ཐེག་པ་གསུམ་གྱི་ཆོས་གང་ཞིག་བསྒྲུབས་ཀྱང་། ཁ་ཆོས་ཙམ་ལས་དོན་ཆོས་ངོ་མ་ཞིག་ཡོང་གི་ཡོད་ནི་མ་རེད། དེས་ན། ཆོས་སྒྲུབ་པ་ལས་ཀྱང་སྒྲུབ་ཚུལ་ཤེས་རྒྱུ་གཙོ་ཆེ་ནི་རེད། ད་ལྟ་སྐབས་སུ་བབས་པའི་ཆོས་ཀྱི་རིམ་པ་རྟོགས་ལྡན་རྒན་པོ་རྣམས་ཀྱི་ལུགས་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ་མུན་སེལ་སྒྲོན་མེ་ཞེས་བྱ་བ་འདི་བཤད་པ་ལ། ཆོས་ཁུངས་བཙུན་པར་སྟོན་པའི་ཕྱིར་དུ་མཛད་པ་པོའི་ཆེ་བ་བཤད་ན། གདམས་ངག་འདི་ཉིད་ཀྱི་མཛད་པ་པོ་ནི། ཉེ་རབས་ཀྱི་དུས་སུ་བྱོན་པའི་མཁས་པ་ཆེན་པོ། གྲུབ་པའི་དབང་ཕྱུག རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་པའི་དབྱངས་མིའི་ཟོལ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པ་མི་ཕམ་རིན་པོ་ཆེ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དེ་ཉིད་ཀྱིས་མཛད་དེ་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་ཕྱི་རབས་བསྟན་པའི་བཙས་སུ་བཞག་ནི་རེད། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བའི་ཕྱོགས་ནས་བཤད་ན། མན་ངག་གི་གདམས་པ་འདི་ཉིད་ཕྱོགས་གང་ལ་གཏོགས་ན། ཐེག་པ་ཆེ་ཆུང་གཉིས་ལས་ཐེག་ཆེན་ལ་གཏོགས། ཐེག་ཆེན་མདོ་སྔགས་གཉིས་ལས་སྔགས། སྔགས་དེ་ལ་འགྱུར་སྔ་ཕྱིའི་དབང་གིས་མཚན་བཏགས་པའི་གསར་རྙིང་གཉིས་ཡོད་ནིའི་ནང་གི་སྔ་འགྱུར། སྔ་འགྱུར་དེ་ལ་ཡང་ཕྱི་རྒྱུད་སྡེ་གསུམ་དང་ནང་རྒྱུད་སྡེ་གསུམ་ཡོད་ནིའི་ནང་གི་ནང་རྒྱུད་སྡེ་གསུམ། ནང་རྒྱུད་དེ་ལ་ཡང་བསྐྱེད་རྫོགས་རྫོགས་ཆེན་གསུམ། རྒྱུད་ལུང་མན་ངག་གསུམ་སྟོན་པའི་ཡོ་ག་རྣམ་གསུམ་ཡོད་ནིའི་ནང་གི་རྫོགས་ཆེན་ཨ་ཏི་ཡོ་ག རྫོགས་ཆེན་ཨ་ཏི་ཡོ་ག་དེ་ལ་ཡང་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་ཡོད་ནིའི་ནང་གི་ཕྱི་མ་གསང་བ་མན་ངག་གི་སྡེར་གཏོགས། དེ་ལ་ཡང་ཕྱི་ནང་གསང་བ་ཡང་གསང་གི་སྐོར་བཞི་ཡོད་ནིའི་ནང་གི་ཡང་གསང་མན་ངག་གི་སྡེའི་ཁོངས་སུ་གཏོགས་ནི་རེད། དེ་ལ་འདིའི་དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ན། གཞི་ཀ་དག་གིས་བཟུང་སྟེ། ལམ་ཁྲེགས་ཆོད་ལ་བརྟེན་པ། འབྲས་བུ་རྡུལ་ཕྲན་དུ་དེངས་ནས་གྲོལ་བ་ཀ་དག་ཁྲེགས་ཆོད་ཀྱི་ཟབ་གནད་གཙོར་བཟུང་བ་མན་ངག་གི་ཚིག་ཉུང་ཉུང་གིས་བསྟན་ནི་ཞིག་རེད། དེ་ལྟ་བུའི་མཛད་པ་པོ་གང་ཟག་གི་ཆེ་བ་དང་དེས་གསུངས་པའི་ཆོས་ཀྱི་ཆེ་བ་གཉིས་ཀ་དང་ལྡན་པའི་ཆོས་དེ་ལ་འཆད་ཉན་ཇི་ལྟར་བྱ་ཚུལ་གྱི་ཐད་ནས། འདི་དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ནི་རེད་ཅེ་ན། ཐོས་བསམ་སྦྱོང་བ་རྒྱ་ཆེར་བྱས་མིན་ལ་མ་ལྟོས་པར་གང་ཟག་དབང་རྣོན་ལས་ཅན་ཚེ་གཅིག་ལུས་གཅིག་ལ་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཐུབ་པ་དང་། ཉིང་དགོས་མཐར་ཐུག་སེམས་ཅན་ཐམས་ཅད་སྐུ་གསུམ་འདུས་པའི་བདག་ཉིད་གཞི་འབྲས་དབྱེར་མེད་པའི་ས་ལ་འགོད་པའི་ཆེད་དུ་བརྗོད་བྱ་དེ་དང་མཐུན་པའི་འཆད་ཉན་ཚུལ་བཞིན་བྱས་ཏེ་གདམས་པ་ཉམས་སུ་བླངས་ནས་སྒྲུབ་འབྲས་མངོན་དུ་འགྱུར་བར་བྱེད་རྒྱུ་དེ་རེད། བརྗོད་བྱ་རྗོད་བྱེད་དང་འབྲེལ་བ་འབྲེལ་བ་སྟེ་བརྗོད་བྱ་དགོས་པ་ཉིང་དགོས་འབྲེལ་བ་བཅས་དགོས་སོགས་ཆོས་བཞི་དེ་ལྟར་ཚང་ནི་རེད། གཞན་ཡང་རྗོད་བྱེད་ཚིག་དང་ཡི་གེས་མཚོན་པའི་བརྗོད་བྱ་ཁོང་དུ་ཆུད་པ་དེ་དགོས་པ་རེད། བརྗོད་དོན་རྟོགས་པ་དེ་ལ་བརྟེན་ནས་འབྲས་བུའི་རྟོགས་པ་རྒྱུད་ལ་སྐྱེ་རྒྱུ་དེར་ཉིང་དགོས་ཟེར་ནི་ཡིན་ན། བརྗོད་དོན་རྟོགས་པ་རྗོད་བྱེད་ལ་རག་ལས་པས། བརྗོད་བྱ་རྗོད་བྱེད་གཉིས་ཀ་ཤེས་བྱ་ཤེས་བྱེད་ཀྱིས་འབྲེལ། རྗོད་བྱེད་དགོས་པ་གཉིས་ཀ་ཐབས་དང་ཐབས་བྱུང་གིས་འབྲེལ། བརྗོད་བྱ་ཉིང་དགོས་གཉིས་ཀ་ངོ་བོ་བདག་གཅིག་གིས་འབྲེལ་བས་འབྲེལ་བ་གྲུབ་ཚུལ་དེ་ལྟར་ཡང་ཡོད་པ་རེད། དེ་ལྟ་བུའི་གདམས་ངག་ཟབ་མོ་དེ་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན་རྩོམ་པ་ལ་འཇུག་པའི་ཡན་ལག་བཤད་པ། བར་དུ་དགེ་བ་གཞུང་གི་དོན་བརྩམ་བྱ་ལུས་ཀྱི་རང་བཞིན་བཤད་པ། ཐ་མར་དགེ་བ་མཇུག་གི་དོན་མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ་ཡོད་ནིའི་ནང་གི དང་པོ་རྩོམ་པ་ལ་འཇུག་པའི་ཡན་ལག་བཤད་པ་དེ་ལ་ཡང་། དོན་དང་མཐུན་པའི་མཚན་བསྟན་པ་དང་། མཆོད་པར་བརྗོད་ཅིང་ཕྱག་འཚལ་བ། མན་ངག་གི་ཆེ་བ་བརྗོད་ཅིང་སྤྲོ་བ་བསྐྱེད་པ་དང་གསུམ་གྱི་སྒོ་ནས་བཤད་པ་ལ། དང་པོ་དོན་དང་མཐུན་པའི་མཚན་བསྟན་པ་དེ་ལ་ཡང་མཚན་བསྟན་པའི་དགོས་པ་དང་མཚན་དངོས་གཉིས་ཡོད་པའི་ནང་གི་དང་པོ་མཚན་བསྟན་པའི་དགོས་པ་ནི། མདོ་སྡེ་ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་ཡོད་ནི་རེད། དེ་ལྟར་མཚན་ཐོག་མར་སྨོས་པ་ལ་དགོས་པ་ཅི་ཞིག་ཡོད་ནི་རེད་ཟེར་ན། གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་ཡོད་པ་ལས། དབང་པོ་རབ་ཀྱིས་སྨན་པ་མཁས་པས་ལག་པའི་རྩ་ལ་བརྟེན་ནས་ནད་ངོས་འཛིན་ཐུབ་པ་བཞིན་མཚན་ཙམ་ལ་བརྟེན་ནས་བརྗོད་དོན་གཞུང་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པའི་དགོས་པ་ཡོད་པ་དང་། དབང་པོ་འབྲིང་གིས་དམག་མིར་མདའ་བྱང་བཏགས་པ་བཞིན་ཁ་བྱང་ལ་བརྟེན་ནས་ཕྱོགས་གང་དུ་གཏོགས་པ་ཤེས་པ་དང་། དབང་པོ་ཐ་མས་སྨན་རྐྱལ་ལ་ཁ་བྱང་བཏགས་པ་བཞིན་དུ་གླེགས་བམ་འཚོལ་བདེ་བ་སོགས་ཀྱི་དགོས་པ་ཡོད་ནི་རེད། གཉིས་པ་དགོས་པ་དེ་ལྡན་གྱི་མཚན་བཤད་པ་དངོས་ནི། རྟོགས་ལྡན་རྒན་པོ་རྣམས་ཀྱི་ལུགས་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ་མུན་སེལ་སྒྲོན་མེ་བཞུགས་སོ། །ཞེས་གསུངས་པས་བསྟན་ཏེ། རྟོགས་ལྡན་རྒན་པོ་རྣམས་ཀྱི་ལུགས་ཞེས་གསུངས་པ་ནི། འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་མན་ངག་སྡེའི་ཟབ་གནད་མཐར་ཐུག་གདམས་ངག་ཏུ་སྟོན་པའི་སྐབས་ཡིན་པས་རྟོགས་ལྡན་ཞེས་གསུངས་པ་ནི། ལམ་སྣང་བ་བཞིའི་ཉམས་རྟགས་ཀྱི་དྲོད་ཚད་དང་ལྡན་པའི། གནས་བརྟན་རྒན་པོ་སྐྱེ་དགུའི་བདག །ཅེས་པ་དེ་ལ་གོ་དགོས་ནི་རེད། འོ་ན་ཉམས་དང་རྟོགས་པ་ལྡན་པ་རྣམས་ཀྱི་རབ་བམ་རྩེ་མོ་མཆོག་ཏུ་གྱུར་བའི་རྒན་པོ་དེ་སུ་ཡིན་ཞེ་ན། དེ་ནི་བརྒྱུད་གསུམ་རིག་འཛིན་བླ་མ་ལ་ངོས་བཟུང་སྟེ་དམ་པའི་དགོངས་དོན་གྱི་རྗེས་སུ་ཞུགས་པ་ལ་དེའི་ལུགས་ཞེས་པའི་བརྡ་ཁྱད་སྦྱར་བར་འགྲེལ་ན་ཆོག་ནི་རེད། འདི་ཁྲེགས་ཆོད་བཤད་པའི་སྐབས་ཡིན་ན་ལམ་སྣང་བ་བཞི་1༡ཞེས་པ་ནི་ལྷུན་གྲུབ་ཐོད་རྒལ་གྱི་སྐད་ཆ་ཞིག་མ་ཡིན་ནམ་ཞེ་ན། ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཕྱོགས་མི་གཅིག་ནིའི་སོ་སོ་བ་ཞིག་ལ་འཛིན་དགོས་ནི་མ་རེད། ཀ་དག་ཁྲེགས་ཆོད་ཀྱི་སྐབས་སུ་སྣང་བཞི་ལུགས་ལྡོག་དང་། ལྷུན་གྲུབ་ཐོད་རྒལ་གྱི་སྐབས་སུ་ལུགས་འབྱུང་གི་བཤད་པ་ཡོད་པས། དེ་གཉིས་དོན་གཅིག་གི་ཐོག་ཏུ་འབབ་ཀྱིན་ཡོད་ནི་རེད། དེ་རྟོགས་ལྡན་རྒན་པོ་ཞེས་པ་དེའི་འགྲེལ་ལུགས་གཅིག་རེད། ཡང་མིན་ན་རྟོགས་ལྡན་རྒན་པོ་ཞེས་པ་འདི་ལམ་འདིར་ཞུགས་པའི་རྟོགས་ལྡན་རྣལ་འབྱོར་བ་རྒན་པོ། ནང་གི་ཉམས་རྟོགས་མཐོ་བ་དང་མཉམ་དུ་ཕྱིའི་ན་ཚོད་ཀྱང་སྨིན་པའི་སྤྲོས་མེད་ཀུ་སཱ་ལུའི་སྤྱོད་པ་བསྐྱངས་པ་དག་ལ་འདི་གོ་སླ་མོ་ཉན་བདེ་མོ་བྱས་ནས་གསུངས་པའི་མན་ངག་ཡིན་ན། དེ་ལྟ་བུའི་མན་ངག་གི་གདམས་ཁྲིད་དྲི་མ་མེད་པ་གོ་སླ་མོའི་ཚིག་ཉུང་ཉུང་ཞིག་གིས། ཅར་ཕོག་ཅིག་ཆར་དུ་གདམས་ངག་འདེབས་པ་རྣམས་ཀྱི་རིང་ལུགས་དེ་ལ་རྟོག་གེའི་རྟོག་དཔྱོད་མང་པོའི་ཟེར་སྒྲོས་ཀྱི་ཚིག་གི་བསླད་མ་ཞུགས་ཤིང་དམ་ཚིག་འགལ་ཉམས་འདས་རལ་དུ་གྱུར་པ་སོགས་ཀྱི་གང་ཟག་གི་སེལ་དང་དྲི་མས་མ་གོས་ཤིང་། བརྒྱུད་པའི་བབས་སོ་མ་ཉམས་པ་དེ་ལ་རྟོགས་ལྡན་རྒན་པོ་རྣམས་ཀྱི་ལུགས་གསུངས་ནི་རེད་ཅེས་སྨྲས་ཀྱང་ཆོག་ནི་རེད། སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ་ཞེས་པ་སེམས་ཀྱི་ཆོས་ཉིད་ལ་སེམས་ཉིད་ཟེར་བ་ཡིན་ཙ་ན། སེམས་ཉིད་ཀྱི་ངོ་བོ་དེ་ཡོད་མེད་ཡིན་མིན་རྟག་ཆད་སྐྱེ་འགག་གི་སྤྲོས་པའི་མཐའ་བཞིའམ་བརྒྱད་དང་བྲལ་བ། ཡེ་ནས་སྟོང་བའི་རང་བཞིན་རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་། ནམ་ཡང་འགྱུར་བ་མེད་པ་ནམ་མཁའ་ལྟ་བུ། དེའི་རང་བཞིན་ལ་གསལ་བའི་ཆ་རྟག་ཏུ་འགག་པ་མེད་པ་རྒྱ་མཚོ་ལ་གཟུགས་བརྙན་ཤར་བ་ལྟ་བུ། ཐུགས་རྗེ་འཁོར་འདས་ཀུན་ལ་ཁྱབ་པ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་བཞུགས་པའི་སྐུ་གསུམ་རང་ཆས་ཀྱི་ཡེ་ཤེས། སོ་སྐྱེ་ཐ་མལ་བ་འཆིང་བ་ཀུན་ལྡན་ཞིག་ཡིན་ན་ཡང་མཛུབ་ཚུགས་ཀྱིས་མིག་ལྡན་ལ་གཟུགས་འདི་རེད་ཅེས་མངོན་སུམ་དུ་སྟོན་པ་བཞིན་དུ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་གསུམ་གྱི་དོན་ཅར་ཕོག་ཏུ་ངོ་སྤྲོད་བྱེད་ཀྱི་གདམས་པ། མུན་སེལ་སྒྲོན་མེ་ཞེས་པ་བྱེད་ལས་ཀྱི་ཆ་ནས་མཚན་བཏགས་ནི་རེད། མ་རྟོགས། ལོག་རྟོགས། ཕྱོགས་རྟོགས། ཡང་དག་ཉིད་དུ་མ་རྟོགས་པ་ལ་སོགས་པའི་མི་ཤེས་པའི་མུན་པ་རྒྱང་རིང་དུ་བསྐྲད་ཅིང་སེལ་ནས། གནས་ལུགས་ཇི་བཞིན་པའི་དོན་གནད་མ་བོར་བར་གསལ་བར་མཐོང་ཐུབ་པའི་ལམ་སྟོན་གྱི་སྒྲོན་མེ་མཆོག་ཏུ་གྱུར་བ་འདི་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མཚན་ཞིག་རེད། བཞུགས་སོ་ཞེས་པ་མཚན་དེ་ལྡན་གྱི་གདམས་པ། རྗོད་བྱེད་ཚིག་གི་སྒོ་ནས་སྒྲར་སྣང་ཞིང་གྲགས་པ་དེ་གླེགས་བམ་ཡི་གེའི་གཟུགས་ཅན་གྱི་བརྡར་གྱུར་བ་དཔེ་དང་ཡི་གེའི་ཚུལ་གྱིས་འདི་ན་དངོས་སུ་བཀོད་ཡོད་པར་བསྟན་ནི་རེད། དེ་ཡན་གྱིས་མཚན་བསྟན་པ་སོང་སྟེ། རྩོམ་པ་ལ་འཇུག་པའི་ཡན་ལག་གཉིས་པ་མཆོད་བརྗོད་དམ་ཕྱག་འཚལ་བ་རེད། མཆོད་བརྗོད་དེ་ལ་ཡང་མཆོད་བརྗོད་བྱས་པའི་དགོས་པ་དང་། མཆོད་བརྗོད་དངོས་བཤད་པ་གཉིས་འདྲ་ཞིག་གི་སྟེང་ནས་བཤད་ན། དང་པོ་མཆོད་བརྗོད་བྱས་པའི་དགོས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་པ་ལྟར་དུ་བསྟན་བཅོས་མཛད་པ་པོས་སྟོན་པ་དང་། བསྟན་པ་གང་ཡིན་རྗེས་འཇུག་རྣམས་ཀྱིས་ངོ་ཤེས་ཏེ། དེ་ལ་གུས་པ་མཆོག་ཏུ་བསྐྱེད་དེ་ལམ་དེ་ལ་འཇུག་པའི་དགོས་པ་དང་། ཡུལ་དམ་པ་རྣམས་ལ་ཕྱག་འཚལ་བས་བསོད་ནམས་འཕེལ། བསོད་ནམས་འཕེལ་ན། བསོད་ནམས་ལྡན་པའི་མི་ཡི་བསམ་པ་ཐམས་ཅད་འགྲུབ། །ཅེས་པ་ལྟར་བསམ་པའི་དོན་ཐམས་ཅད་གྲུབ་ནས་རྩོམ་པ་མཐར་ཕྱིན་པ་ལ་སོགས་པའི་དགོས་པ་ཆེན་པོ་ཡོད་ནི་རེད། གཉིས་པ་མཆོད་བརྗོད་དངོས་ནི། བླ་མ་དང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །གསུངས་པས་གདམས་ངག་གི་བསྟན་བཅོས་འདི་ཉིད་རྩོམ་པའི་ཐོག་མར་མཆོད་པར་བརྗོད་ཅིང་ཕྱག་འཚལ་ནི་རེད། བླ་མ་ཞེས་པ་འདི་ཐད་ཀའི་སྒྲའི་འཇུག་ཚུལ་ལྟར་ན་གོང་མ་ཞེས་པའི་དོན་རེད། དེའི་ཡན་དང་གོང་ན་གུས་ཤིང་བཀུར་བར་འོས་པའི་ཡུལ་གཞན་ཞིག་མེད་པས་ན་བླ་མ་གསུངས་ནི་རེད། གུས་ཤིང་བཀུར་བའི་ཡུལ་དུ་གྱུར་པའི་བླ་མ་ཞེས་པ་དེ་ལ་ཡང་རྣམ་གྲངས་དང་དབྱེ་བ་མང་བོ་ཞིག་ཡོད་ནི་རེད། གཞན་ལ་ཕན་པའི་ཡོན་ཏན་དང་ལྡན་པ། སོ་སོ་རང་ཉིད་ཀྱིས་ཀྱང་ཆོས་འབྲེལ་ཅུང་ཟད་རེ་ཐོབ་མྱོང་ནི་ཞིག་ཡིན་ན་དེ་ལ་སྤྱིའི་སློབ་དཔོན་གསུངས་པ་དང་། སྐྱབས་འགྲོའི་སྡོམ་པ་ལ་སོགས་པ་གནངས་ནས་དམ་པའི་ཆོས་སྒོར་འཛུད་མཁན་ལ་ཆོས་སྒོར་འདྲེན་པའི་བླ་མ་དང་། དབང་ཟབ་མོ་བསྐུར་པ་པོ་ལ་དམ་ཚིག་དབང་གི་བླ་མ། ཉམས་ཆག་བཤགས་པའི་ཡུལ་དུ་གྱུར་བ་ཉམས་ཆག་བསྐང་བའི་བླ་མ། རྒྱུད་སྡེའི་ཆོས་བཤད་པ་པོར་ཤེས་རྒྱུད་འགྲོལ་བའི་བླ་མ། མན་ངག་ཟབ་མོ་གནང་བ་པོ་མན་ངག་ལུང་གི་བླ་མ་ལ་སོགས་པ་མང་བོ་ཡོད་ཀི ཁྱད་པར་དུ་དབང་བསྐུར། རྒྱུད་གསུངས། རིག་པ་ངོ་སྤྲོད་ཀྱི་མན་ངག་གནང་རྒྱུ་དེ་གསུམ་ཚང་བ་དེ་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་ཡིན་པས་ན་གཞན་ལས་བཀའ་གཉན་ནི་རེད། དེ་ལྟ་བུའི་བླ་མ་དང་འཇམ་དཔལ་ཡེ་ཤེས་སེམས་དཔའ་གསུངས་ན། བླ་མ་དང་གཉིས་སུ་མེད་པའམ་དབྱེར་མེད་པའི་ལྷག་པའི་ལྷ་མཆོག སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྩུབ་རེག་དང་བྲལ་པས་ན་འཇམ་དང་། མཁྱེན་དང་ནུས་པ་བརྩེ་བའི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པའི་རྟོགས་པ་བདག་གི་དཔལ་དང་འགྲོ་བའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱོང་བའི་ཐུགས་རྗེ་གཞན་གྱི་དཔལ་གཉིས་ཀ་དང་ལྡན་པས་འཇམ་དཔལ། ཡེ་ཤེས་ལ་གཞི་འཛིན་པའི་ཡེ་ཤེས་གསུམ་མམ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། ཡུལ་ལ་ཁྱབ་པའི་ཡེ་ཤེས་གཉིས་སོགས་ཀྱི་དབྱེ་བ་ཡོད་པ་ལས་འདིར་མཁྱེན་གཉིས་ཀྱིས་བསྡུས་པའི་ཡོན་ཏན་རྒྱ་མཚོ་དང་གཉིས་སུ་མ་ཡིན་ཐ་མི་དད་པའི་གསང་གསུམ་རྒྱན་གྱི་འཁོར་ལོ། ཡེ་ཤེས་ཀྱི་སྐུ་ཅན། ཡེ་ཤེས་ཀྱི་གསུང་ཅན། ཡེ་ཤེས་ཀྱི་ཐུགས་དང་ལྡན་པའི་ཡོན་ཏན་འཕྲིན་ལས་ཅན་ཏེ། སེམས་དཔའ་གསུངས་ན། རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས། འགྲོ་བའི་དོན་མཛད་པའི་ཐད་ནས་སྐྱོ་དུབ་མེད་པའི་ཚུལ་ལ་བསམ་བློ་བཏང་ན། བསྐལ་བའི་ཡུན། འགྲོ་མང་གི་མཐའ། བྱ་དཀའི་སྤྱོད་པ་ལ་སེམས་མི་ཞུམ་པར་མཆོག་ཏུ་དཔའ་བས་སེམས་དཔའ། མདོ་ལྟར་ན་ས་བཅུའི་རྒྱུན་མཐའ་ལ་བཞུགས་པའི་སར་གནས་ཀྱི་བྱང་སེམས་རྒྱལ་བའི་སྲས་ཀྱི་ཚུལ་བཟུང་བའི་ལྷག་པའི་ལྷ་མཆོག རྒྱུད་འཆད་པའི་སྔགས་ཀྱི་སྐབས་ལྟར་ན། ཆོས་སྐུ་ཀུན་ཏུ་བཟང་པོ་དང་ཐ་མི་དད་པ། དོན་དུ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མེད་པ། དེ་ལ་གསུངས་པའི་ལ་སྒྲའི་ངེས་བརྗོད་ཀྱི་ཚིག་དང་བཅས་ཏེ། ཕྱག་འཚལ་ལོ་ཞེས་གསུངས་ནས། ཕྱག་ལ་རབ་ལྟ་བ་མཇལ་བའི་ཕྱག འབྲིང་སྒོམ་པ་གོམས་པའི་ཕྱག ཐ་མ་སྤྱོད་པ་མོས་གུས་ཀྱི་ཕྱག་དང་གསུམ་ཡོད་པ་ལས། འདིར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མ་ཡིན་ཐ་མི་དད་པའི་རང་རིག་སྤྲོས་བྲལ་མཉམ་པ་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་དེ་རབ་ལྟ་བ་མཇལ་བའི་ཕྱག་ཡིན་ན་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པའི་སྒོ་ནས་ཕྱག་འཚལ་ཏེ་མཆོད་བརྗོད་མཛད་ནི་རེད། འདི་སྡེ་སྣོད་ངོས་འཛིན་གྱི་ཕྱག་དང་ཡང་མཐུན་པར། འདིར་བྱིན་རླབས་འཕོ་བའི་ལུགས་ཀྱི་མན་ངག་གི་གདམས་པ་བཤད་པའི་སྐབས་ལ། འཁོར་འདས་ཤེས་བྱའི་ཆོས་ཐམས་ཅད་རོ་མཉམ་ཆེན་པོར་ཡོངས་སུ་རྫོགས་པའི་དགོངས་དོན་གཏིང་ཟབ་གཏན་ལ་འབེབ་པའི་ཕྱིར་བྱིན་རླབས་ཀྱི་རྩ་བ་བླ་མ་དང་མཁྱེན་རབ་ཀྱི་བདག་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནི་རེད། གསུམ་པ་མན་ངག་འདི་ཉིད་ཀྱི་ཆེ་བ་བརྗོད་པའི་སྒོ་ནས་རྗེས་འཇུག་སྤྲོ་བ་བསྐྱེད་པའི་ཚུལ་ནི།
ཐོས་བསམ་སྦྱོང་བ་རྒྱ་ཆེར་མི་དགོས་པར།།
མན་ངག་ལུགས་ཀྱིས་སེམས་ངོ་སྐྱོང་བ་ཡི།།
གྲོང་སྔགས་ཕལ་མོ་ཆེ་ཞིག་ཚེགས་ཆུང་ངུས།།
རིག་འཛིན་ས་ལ་གཤེགས་དེ་ལམ་ཟབ་མཐུ།།
ཞེས་གསུངས་ན། ཐོས་བསམ་སྦྱོང་བ་རྒྱ་ཆེར་མི་དགོས་པར་ཞེས་གསུངས་པ་ནི། འཆད་རྩོད་རྩོམ་པའི་གྲྭ་ས་མང་པོ་འགྲིམས་ནས་མདོ་སྔགས་གཞུང་ལུགས་མང་པོ་ཡུན་རིང་པོར་དང་པོ་ཐོས་པ་བྱས་ནས་ཉན། ཐོས་པའི་དོན་དེ་དཔྱད་པ་གསུམ་གྱིས་བསམ་པར་བྱས་ཏེ་བསམ་པའི་ཤེས་རབ་བསྐྱེད་པ་དེ་ལྟ་བུའི་ཐོས་བསམ་མི་དགོས་གསུངས་ནི་མ་རེད། དེ་ལྟ་བུའི་ཐོས་བསམ་སྦྱོང་བ་རྒྱ་ཆེན་པོའི་དུས་དང་ངལ་བ་ལ་མ་ལྟོས་པའམ་ལྟོས་མི་དགོས་པར་མན་ངག་ལུགས་ཀྱིས་སེམས་ངོ་སྐྱོང་བ་ཡི། །གསུངས་ན། དམ་པ་གོང་མ་གྲུབ་བརྙེས་རིག་འཛིན་རྣམས་ཀྱི་བརྒྱུད་པའི་བྱིན་རླབས་དེ་རང་ཉིད་ཀྱི་མོས་གུས་དག་པའི་མཐུས་འདྲེན་ནུས་པའི་ཚིག་ཉུང་ངུས་དོན་ཆེན་པོ་བདེ་བླག་གིས་རྟོགས་པར་བྱེད་པ། བྱིན་རླབས་འཕོ་བའི་ལུགས་ཀྱི་མན་ངག་ཟབ་མོའི་གདམས་ཁྲིད། གདམས་ངག་ལག་ཁྲིད་ཀྱི་ལུགས་ཀྱིས་སེམས་ཀྱི་གཤིས་སེམས་ཉིད་གནས་ལུགས་ཀྱི་བཞུགས་ཚུལ་ཇི་བཞིན་པ་སྒྲོ་སྐུར་དང་བྲལ་བར་མཛུབ་མོས་རི་སྟོན་པ་ལྟ་བུའི་མཛུབ་ཁྲིད་ཀྱིས། རང་ལ་ཡེ་ནས་ཡོད་པའི་ཡེ་ཤེས་རང་ངོ་འཕྲོད་ཅིང་ཤེས་པའི་ཐོག་དེ་ནས། ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་མེད་པར་ཡེངས་མེད་འཛིན་མེད་རང་བབས་གསལ་སྟོང་གི་ངང་སྐྱོང་བ་ཡི་གྲོང་སྔགས་ཕལ་མོ་ཆེ་ཞིག ཚེགས་ཆུང་ངུས་གསུངས་ན། དེ་ལྟ་བུའི་ཉམས་སུ་ལེན་མཁན་གྱི་གང་ཟག་གྲོང་ངམ་ཁྱིམ་དུ་གནས་པའི་ཁྱིམ་སྔགས་པ་ཕལ་མོ་ཆེ་ཞིག་ཀྱང་རང་ཁྱིམ་དུ་བསྡད་དེ་སེམས་ངོ་བསྐྱངས་ནས། ཐོས་བསམ་སོགས་ཀྱི་དཀའ་ཚེགས་ཆེན་པོ་ཡུན་རིང་དུ་བསྟེན་མ་དགོས་པར་རང་བཞག་ཆུ་བོའི་རྒྱུན་ལ་གནས་པའི་རྩོལ་བའམ་ཚེགས་ཆུང་ངུའི་ཐབས་ལ་བརྟེན་ཏེ། རིག་འཛིན་ས་ལ་གཤེགས་དེ་ལམ་ཟབ་མཐུ། །གསུངས་ན། སྤྱིར་ན་རིག་འཛིན་ཟེར་རྒྱུའི་ཚིག་འདི་སཾསྐྲྀཏའི་སྐད་ཀྱི་བིདྱཱ་དྷཱ་ར་ཞེས་པའི་སྒྲ་ལས་དྲངས་ན་བིདྱཱ་རིག་པ་དང་དྷཱ་ར་འཆང་བ་ཡིན་ནི་རེད། རིག་པ་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཅན་སྔགས་ཀྱི་དེ་ཁོ་ན་ཉིད་དེ་རང་རྒྱུད་ལ་འཛིན་ཅིང་འཆང་བར་བྱེད་པས་ན་རིག་འཛིན་གསུངས་ནི་རེད། རིག་འཛིན་གྱི་སྒྲ་འཇུག་ས་མང་ན་ཡང་སྔགས་ནང་རྒྱུད་ཐུན་མོང་གི་ལུགས་དང་གཙོ་བོ་མ་ཧཱའི་ཨ་ཏིའམ་ཨ་ཏིའི་མ་ཧཱའི་ཆོས་སྐད་ལྟར་ན། རྣམ་སྨིན། ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་སྟེ་རིག་འཛིན་རྣམ་པ་བཞིའི་ས་ལམ་ལ་དཀའ་ཚེགས་མེད་པར་ཕྱིན་ནས། ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བའི་ཤུགས་ཀྱིས་གཤེགས་པར་མཛད་ནུས་པ། ཚེ་འདི་ཉིད་ལ་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པ་དེ་ལྟ་བུ་ཡིན་ནི་རེད། རིག་འཛིན་བཞི་འདི་བཤད་པའི་སྐབས་སུ་རིག་འཛིན་བཞིས་ས་ལམ་བགྲོད་ཚུལ་ལ་བཞེད་པ་མི་འདྲ་བ་ཅུང་ཟད་རེ་ཡོད་ནི་རེད། ཀུན་མཁྱེན་ཆེན་པོའི་བཞེད་པ་འདྲ་ཞིག་ཡིན་ན། མོས་སྤྱོད་ཀྱི་ལམ་མཐར་ཐུག་པ་ན་ཡིད་ལྷ་ཡི་རྣལ་འབྱོར་དུ་སྨིན་ཀྱང་། ལུས་རྣམ་སྨིན་གྱི་གཟུགས་ད་ལྟའི་ལུས་འདི་ལས་གནས་མ་འགྱུར་ནོ། ལུས་རྒྱ་དང་བྲལ་ནི་ར་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པ་འདི་ཚོ་ལ་རྣམ་སྨིན་རིག་འཛིན་གསུང་གན་ཡོད་ནི་རེད། མཐོང་ལམ་ཡན་ཆད་ཀྱི་སློབ་པའི་ལམ་ན། རྣམ་སྨིན་གྱི་ལུས་རྡོ་རྗེའི་ལུས་སུ་གནས་གྱུར་ནས་ལུས་དེ་མ་སྤངས་བར་སངས་རྒྱས་ཀྱི་ས་ལ་སྦྱོར། ཕུང་པོ་ཟག་པ་མེད་ཅིང་ཡེ་ཤེས་ཀྱི་གཟིགས་པ་དང་ལྡན་པ་མཐོང་ལམ་ཚེ་དབང་རིག་འཛིན་ཡིན། འཕགས་པ་སློབ་པའི་ལམ་ཁྱད་པར་ཅན་གང་ཞིག་རང་ལུས་གང་སྒོམ་པའི་ལྷར་གྱུར་ཏེ། སངས་རྒྱས་དང་མཛད་པ་ཆ་འདྲ་ནའང་སྒྲིབ་པ་མཐའ་དག་ད་དུང་མ་ཟད་པས་མཐར་འབྲས་དངོས་མ་ཐོབ་ནོ་དེ་ལ་ཕྱག་ཆེན་རིག་འཛིན་གསུང་གིན་ཡོད་ནི་རེད། སྤངས་རྟོགས་མཐར་ཕྱིན་ནས་མི་སློབ་པའི་ལམ་མངོན་དུ་མཛད་ནོ་དེ་ལ་ལྷུན་གྲུབ་རིག་འཛིན་ཞེས་ཀུན་མཁྱེན་ཆེན་པོས་བཞེད་ཀྱིན་ཡོད་ནི་རེད། ཡང་བཀའ་སྡེ་ཟུར་བས་ཇི་ལྟར་བཞེད་ནི་རེད་ཟེར་ན། རིག་འཛིན་བཞི་ག་འཕགས་པ་སློབ་པའི་སས་བསྡུས་པར་བཞེད་ནི་རེད། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་སྟོབས་ཆེ་ཆུང་གིས་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེ་ཡིས་སྦྱངས་མ་ནུས་ནོ་དེ་རྣམ་སྨིན་རིག་འཛིན་དང་། སྦྱངས་ནུས་ནས་སྐྱེ་འཇིག་མེད་པར་དྭངས་མའི་ལུས་སུ་གྱུར་ནོ་དེ་ཚེ་དབང་རིག་འཛིན་ཏེ། དེ་གཉིས་ཀ་མཐོང་ལམ་ལ་གཉིས་སུ་ཕྱེས་ནི་ཞིག་རེད། སྒོམ་ལམ་པ་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་ཆེན་རིག་འཛིན། སློབ་ལམ་མཐར་ཕྱིན་ནས་སངས་རྒྱས་སུ་གྱུར་མ་རག་པ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་དེ་ལྷུན་གྲུབ་རིག་འཛིན་ལ་བཞེད་པ་དེ་ལྟར་རེད། དེ་གཉིས་ཀྱི་དོན་གྱི་དགོངས་པ་གཅིག་ལ་སྒྲུབ་ཐུབ་པ་ལས། ཐ་དད་འགལ་འདུ་ཅན་ཡིན་ནི་མ་རེད། གང་ལྟར་རིག་འཛིན་རྣམ་པ་བཞིའི་ས་ལ་བགྲོད་པ་མྱུར་བ་དེ་ལྟ་བུའི་མྱུར་ལམ་ཁྱད་པར་ཅན་ནི་རྩོལ་མེད་ཡིད་དཔྱོད་ལས་འདས་པའི་ལམ་ཟབ་མོ་འོག་མའི་ཐེག་པ་བརྒྱད་ཀྱིས་འགྲན་ཐབས་མེད་པའི་ཐེག་མཆོག་རྒྱལ་པོ་འདི་གཅིག་པུའི་མཐུ་ཁོ་ན་ཡིན་པས་ན། ལམ་ཟབ་མཐུ། །གསུངས་ནི་རེད། དེས་ན་ལམ་འདི་དང་གདམས་ངག་འདི་ལ་བརྟེན་པའི་གང་ཟག་དག་གིས་དགའ་ཞིང་སྤྲོ་བས་ཆོས་ཚུལ་འདི་ལ་འཇུག་འོས་པར་མ་ཟད་། རང་ཉིད་སྐལ་བ་དང་ལྡན་པ་ཞིག་ཡིན་རྒྱུའི་ཡིད་ཆེས་བྱེད་ཆོག་ནི་རེད་གསུངས་ནི་རེད། འདིའི་ཡན་ཆད་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་སོང་ནས། གཉིས་པ་བསྟན་བཅོས་དངོས་ཀྱི་ལུས་གཏན་ལ་དབབ་པ་ལ། མན་ངག་རྣམ་པ་གསུམ་གྱི་ཆིངས་ཀྱིས་བཅིངས་ནས་གསུངས་ནི་རེད། མན་ངག་རྣམ་པ་གསུམ་པོ་གང་ཡིན་ནི་རེད་ཅེ་ན། དང་པོ་མ་རིག་སྒོ་ངའི་སྦུབས་འབྱེད་ཀྱི་མན་ངག གཉིས་པ་སྲིད་པའི་དྲྭ་བ་གཅོད་པའི་མན་ངག གསུམ་པ་མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་མན་ངག་དང་གསུམ་རེད། དེ་ལྟ་བུའི་མན་ངག་རྣམ་པ་གསུམ་གྱིས་བསྟན་པའི་དང་པོ་མ་རིག་སྒོ་ངའི་སྦུབས་འབྱེད་ཀྱི་གདམས་པ་དེ་ལ་ཡང་། སྔོན་འགྲོ་དང་དངོས་གཞིའི་ཚུལ་རྣམ་པ་གཉིས་ཀྱིས་བཤད་ན། དང་པོ་སྔོན་འགྲོ་གཞག་ཐབས་ཀྱི་གནད་དང་བསྟུན་ཏེ་བཤད་པ་དང་། དངོས་གཞི་བསམ་གཏན་གྱི་ངོ་བོ་བཤད་པ་གཉིས་སུ་གསུངས་པ་ལས། དང་པོ་སྔོན་འགྲོ་གཞག་ཐབས་ནི། དེ་ཡང་རང་གི་སེམས་འདི་རང་བབས་སུ་ཅི་ཡང་མི་བསམ་པར་བཞག་ནས་དེ་ཡི་ངང་དུ་དྲན་པའི་རྒྱུན་བསྐྱང་བ་དེ་ཡི་ཚེ། ཞེས་གསུངས་ཏེ། དེ་ཡང་རང་གི་སེམས་ཟེར་རྒྱུའི་རྣམ་རྟོག་རླུང་ལྟར་དུ་འཚུབ་ཀྱིན་འདུག་ནོ་འདི་དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་རྟོག་གི་དབང་དུ་དེ་སྔོན་ལྟར་རྟ་རྒོད་རི་ཡན་ལ་ཤོར་ནི་འདྲ་ཞིག་བྱས་ཏེ་འཁྲུལ་བའི་དབང་དུ་མི་གཏོང་བར། ཚུར་ལ་བདག་ཅིག་བརྒྱབ་སྟེ། དཔལ་སྤྲུལ་ཚང་གིས། དང་པོ་རང་སེམས་ལྷོད་དེ་བཞག། ཅེས་གསུངས་པ་ལྟར་རང་བབས་སུ་ཅི་ཡང་མི་བསམ་པར་བཞག་ནས་རྣམ་རྟོག་མི་འཕྲོ་བའི་ཡེངས་མེད་ཀྱི་དྲན་པའི་རྒྱུན་སྐྱོང་བ་ལ་འབད་པ་དེ་ཡི་ཚེ། བཏང་སྙོམས་ལུང་མ་བསྟན་གྱི་ཤེས་པ་མུན་ཐོམ་མེ་བ་ཞིག་འབྱུང་། གསུངས་ན། ལས་དང་པོ་བས་ཁ་ནང་ལ་འཁོར་མ་ཐག་ཏུ་བདེ་སྡུག་ཆགས་སྡང་ལ་སོགས་པའི་རྟོག་པ་གང་ཡང་མངོན་དུ་གྱུར་མེད་པའི་བཏང་སྙོམས། དགེ་སྡིག་གང་དུ་ཡང་ངོས་མ་འབྱེད་པའི་ལུང་མ་བསྟན་གྱི་ཤེས་པ། མུན་ཐོམ་མེ་བ་གསུངས་དུས་ཆོས་ཉིད་སྟོང་པའི་རང་བཞིན་མ་མཐོང་བས་མུན་ནེ་བ་དང་། ཆོས་ཅན་སྣ་ཚོགས་པའི་སྣང་བ་ལ་གསལ་ཆ་མ་སྐྱེས་པས་ཐོམ་མེ་བ་ཞིག་འབྱུང་གསུངས་ནི་རེད། དེ་ལ་འདི་ཤེས་དེ་ཤེས་ཀྱི་ལྷག་མཐོང་གང་ཡང་མ་སྐྱེས་པའི་ཚེ་ན། གསུངས་ན། དེའི་སྐབས་སུ་གནས་ལུགས་ཀྱི་དོན་མ་མཐོང་བས་ཅི་ཡིན་འདི་ཡིན་མེད་པར་ཐོམས་སེ་ཡོད་ནིའི་མུན་པ་འཁྲིགས་སོང་ནི་འདྲ་བོ་དེ་ལ། འདི་ཤེས་དེ་ཤེས་ཞེས་གསུངས་དུས་ཆོས་ཅན་འདི་ཤེས་ཐལ་ཞེས་པའི་གསལ་སྣང་མེད་ནི། ཆོས་ཉིད་དེ་ཤེས་ཐལ་ཞེས་པའི་ངེས་ཤེས་ཀྱིས་ལྷག་མཐོང་གི་གསལ་བའི་ཆ་གང་ཡང་མ་སྐྱེས་པ། མི་ཕམ་ཚང་གིས་ངེས་ཤེས་སྒྲོན་མེའི་ནང་ན། ཤེས་པ་དྲན་མེད་ཧ་ཤང་ལུགས། །མ་དཔྱད་ཙེན་ནེར་བཞག་པ་ཡིས། །ལྷག་མཐོང་གསལ་བའི་ཆ་མེད་པར། །མཚོ་གཏིང་རྡོ་བཞིན་ཐ་མལ་གནས། །ཞེས་གསུང་ཡོད་མོ། དེ་འདྲ་བོ་དེའི་ངང་དུ་ཅི་ཙམ་བསྡད་ཀྱང་གྲོལ་བའི་དུས་མེད་པ་ཧ་ནེ་ཧོན་ནེ་ཐ་མེ་ཐོམ་མེ་ཞིག་གི་ངང་དུ་བསྡད་པའི་ཚེ་ན་གསུངས་ནི་རེད། དེའི་ཆ་ནས་བླ་མ་དག་མ་རིག་པར་མིང་འདོགས་པར་འདུག་གསུངས་ན། གནས་ལུགས་ཀྱི་དོན་མ་མཐོང་ཞིང་། མུན་ཐོམ་མེ་བ་ཞིག་གི་ངང་དུ་བསྡད་པའི་ཚེ་ན། དེའི་ཆ་ནས་གནས་ལུགས་ཀྱི་དོན་མ་མཐོང་ཞིང་མུན་ཐོམ་མེ་བ་ཞིག་ཡོད་རྒྱུ་བོ་དེའི་ཆ་ནས་རྫོགས་ཆེན་གྱི་མན་ངག་གི་གཞུང་བཤད་མཛད་ནིའི་བླ་མ་ཆ་བོས་དེ་ལ་མ་རིག་པ་ཞེས་པའི་མིང་དེ་བཏགས་ཐལ་གསུངས་ནི་རེད། སྤྱིར་ན་རྫོགས་པ་ཆེན་པོ་བཤད་པའི་སྐབས་ན། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་ཡུལ་དང་སྒོ། །ཞེས་པ་སོགས་རྡོ་རྗེའི་གནས་བཅུ་གཅིག་གིས་གཏན་ལ་ཕབ་ནས་བཤད་ཡོང་དུས། དང་པོ་གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན། ཐུགས་རྗེའི་རྩལ་ཤེས་པ་ཡུལ་དཔྱོད་ནུས་སུ་ཤར་བ་དེ་རང་ངོ་མ་ཤེས་པ་ལ་ལྟོས་ནས། མ་རིག་པ་ཞེས་གསུངས་ནི་རེད། རང་ངོ་མ་རིག་པའི་ཤེས་པ་སྐྱེ་ཙམ་གྱི་ཆ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པ་གསུངས་ནི་རེད། དེ་གཟུང་འཛིན་རྒྱང་ཆད་དུ་སོང་ནི་རེད། ཡུལ་གཟུང་བའི་ཆ་ནས་ཀུན་ཏུ་བཏགས་པའི་མ་རིག་པ་ཟེར་ནི་རེད། དེ་ལྟར་ལྷན་སྐྱེས་ཀུན་བཏགས་ཀྱི་མ་རིག་རྣམ་པ་གཉིས་སུ་གྲུབ་སོང་ནི་ཡིན་ན། དེ་གཉིས་ཤེས་པ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་ཅན་དེ་རྒྱུའི་རྐྱེན་རེད། ཡུལ་ཅན་དུ་ཤར་ནོ་བདག་པོའི་རྐྱེན་དང་། དེ་རྣམས་དུས་གཅིག་ལ་ཤར་བའི་དུས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནི་རེད། མདོར་ན། རྒྱུ་གསུམ་དང་རྐྱེན་བཞི་གནས་པ་དེ་མ་རིག་པ་ཡིན་པས། མ་རིག་པ་དེ་ལས་འཁྲུལ་བའི་འདུ་བྱེད་བྱུང་། དེ་ལས་ཡུལ་ལ་དཔྱོད་པའི་རྣམ་ཤེས་བྱུང་། དེ་ལྟར་བྱས་ནས་རིམ་བཞིན་རྟེན་འབྲེལ་བཅུ་གཉིས་ཀྱི་སྣང་བ་བར་མ་ཆད་པ། མ་རིག་པ་ནས་རྒ་ཤིའི་བར་གྱི་སྐྱེ་འཆི་རྒྱུ་མགལ་མེའི་འཁོར་ལོ་བཞིན་འཁོར་བ་འདིར་འཁོར་ཙ་ན། དེའི་རྒྱུའམ་རྩ་བ་ངོ་མ་བོ་དེ་གང་ལ་ཐུག་ནི་རེད་ཟེར་ན། མ་རིག་པ་ལ་ཐུག་ནི་རེད། ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་བའི་རྒྱུ༔ ཞེས་ཀུན་བཟང་སྨོན་ལམ་གྱི་ལུང་འོག་ནས་དྲངས་ཡོད་མོད། དེ་ལྟར་ཡིན་ནི་རེད། དེ་ལ་འདི་འདྲ་འདི་ཡིན་གྱི་ངེས་བཟུང་སྨྲ་མ་ཤེས་པའི་ཆ་ནས་ལུང་མ་བསྟན་ཞེས་མིང་བཏགས། གསུངས་ན། འདི་ལ་ཞབས་དཀར་ཚང་གིས། ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན། །གསལ་ཆ་མི་སྣང་ཕྱོགས་གཅིག་དུམ་བུར་གནས། །ཧན་ནེ་ཧོན་ནེ་ཐོམ་མེ་བ་ཞིག་སྟེ། །དེ་དང་མ་ནོར་ནོར་ས་གཞན་མ་མཆིས། །གསུངས་ནི་རེད། དགེ་སྡིག་གང་ཡིན་ཞིག་ཏུ་ལུང་བསྟན་ནས་འདི་རེད་ཅེས་སྨྲ་རུ་མི་བཏུབ། སྨྲ་ཐག་མི་ཆོད་པ་ཞིག་ཡོད་པ་འདི་ལ་ལུང་མ་བསྟན་གསུངས་ནི་རེད། ཅི་ལ་གནས་དང་ཅི་བསམ་པ་སྨྲར་མེད་པས་ཐ་མལ་བཏང་སྙོམས་ཞེས་བཏགས་ཏེ། གསུངས་ན། ཡང་གཟུགས་སྒྲ་དྲི་རོ་སོགས་ཕྱིའི་ཡུལ་སྣང་ཅི་ཞིག་གི་ཐོག་ཏུ་གནས་ནི་ཡིན་དང་། ཡུལ་ཅན་རང་གི་ངོས་ནས་དཔྱད་པ་བཏང་ན། འདིའི་སྐབས་སུ་སེམས་ཅི་ལྟ་བུ་ཞིག་ཡིན་པ་བཤད་རྒྱུ་མེད་ནོ་འདིའི་རྒྱུ་མཚན་གྱིས་ཐ་མལ་བཏང་སྙོམས་ཞེས་བཏགས་ཏེ། ཡིན་ནི་ཀུན་གཞིའི་ངང་དུ་ཐ་མལ་རང་གར་བསྡད་པ་ཡིན། གསུངས་ན། དོན་ངོ་མར་ཡིན་རྒྱུ་བོ་གང་ཡིན་ནི་རེད་ཅེ་ན། ཡིན་ནི་སེམས་སེམས་བྱུང་གི་རྟོག་ཚོགས་གཞན་ཐམས་ཅད་དང་བྲལ་སོང་ནས། ཀུན་གཞི་རྐྱང་པའི་ངང་དུ་ཀུན་གཞི་རང་གི་རང་ཚུགས་མ་ཤོར་བར་ཐ་མལ་རང་གར་བསྡད་པ་ཡིན་གསུངས་ནི་རེད། སྤྱིར་ན་ཀུན་གཞི་ཞེས་གསུངས་པ་དེ་ལ། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཟེར་རྒྱུ་ཞིག་གི་རྣམ་པ་བཞི་འདྲ་བོ་ཞིག་ཏུ་དབྱེ་ཡོད་གི འདི་ནས་གསུངས་ཀྱིན་འདུག་རྒྱུ་བོ་འདི་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་གསུངས་ཀྱིན་ཡོད་ནི་རེད། བག་ཆགས་སྣ་ཚོགས་པའི་ཀུན་གཞི་དེ་འཁོར་བའི་གཞི་མ་ཡིན་ནི་རེད། འོ་དེ་ཅི་ལྟ་བུ་ཞིག་ཡིན་ནི་རེད་ཅེ་ན། འདིའི་ཀུན་གཞི་ཟེར་བ་འདི་བེམ་ཤེས་གཉིས་ཡོད་ནིའི་ནང་གི་བེམ་པོ་མ་རེད། ཤེས་པ་ཡིན་ནི་རེད། ཤེས་པ་ཡིན་པ་ལ་ཤེས་པའི་ནང་གི་གཙོ་སེམས་དང་སེམས་བྱུང་གང་ཞིག་རེད་ཟེར་ན། སེམས་བྱུང་མ་རེད། གཙོ་སེམས་རེད། ཇི་ལྟ་བུ་ཞིག་རེད་ཅེ་ན། སྣོད་བཅུད་རྒྱ་ཆེ་བ་ལ་དམིགས་པ་རྒྱུན་ཆགས་སུ་འབྱུང་བ་ཞིག་ཡིན་དགོས་ནི་རེད། དེ་ལ་རྟོག་པ་གཞན་གྱིས་བསླད་པའི་སྐབས་སུ་དཔེར་ན། ཤེལ་དཀར་པོ་གཞི་སྔོན་པོའི་སྟེང་དུ་བཞག་ན་སྔོན་པོ་རེད། གཞི་དམར་པོའི་སྟེང་དུ་བཞག་ན་དམར་པོ་རེད། ཤེལ་དཀར་པོའི་རང་མདོག་མི་མངོན་པར་འགྱུར་སོང་བ་ལྟར་དུ་དེའི་སྐབས་སུ་ཀུན་གཞི་མི་མངོན་ནི་རེད། ཅི་ག་རེད་ཅེ་ན་ཀུན་གཞི་རྟོག་མེད་དེས་ཡུལ་ཐད་ཀ་ཐད་ཀར་འཛིན་ནི་མ་རེད། དེ་གཙོ་སེམས་ཀྱི་ཤེས་པ་ཡིན་པས་ཡུལ་གཏན་ནས་མི་འཛིན་ནི་ཡང་ཡིན་ནི་མ་རེད། འོ་ན་དེས་ཇི་ལྟར་འཛིན་ནི་རེད་གང་ལྟར་མི་འཛིན་ནི་རེད་ཅེ་ན། འཇུག་ཤེས་དྲུག་པོའི་སོ་སོའི་ཕྱོགས་སུ་མ་ལྷུང་བས་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པ་ཅན་ཡིན་པས་ན་ཡུལ་གཟུང་བ་མི་མངོན་ནི་རེད། ཀུན་གཞི་རྐྱང་པའི་ངང་དུ་འཇོག་རྒྱུ་ཡང་སླ་མོ་ཞིག་ཡིན་ནི་མ་རེད། དེ་ཡང་རྩོལ་བས་བསྒྲུབ་དགོས་རྒྱུ་ཅན་ཞིག་ཡིན་ནི་རེད། ཤེས་པ་གཞན་གྱི་སྐྱོད་བྱེད་དང་བྲལ་བར་བྱས་ཏེ། རང་ས་ཟིན་དགོས་པའི་རྒྱུ་མཚན་གྱིས་དེ་ཡང་རྩོལ་བ་མི་དགོས་ནི་ཞིག་ཡིན་ནི་མ་རེད། འུ་ཚོ་ཀུན་གཞིའི་ངང་དུ་ལམ་གོལ་ནས་འགྲོ་ས། ལམ་ནོར་མི་ནོར་ཅན་པོའི་ཕྱོགས་ག་ཡང་གཏན་ནས་བཅར་ཐུབ་ཀྱིན་ཡོད་ནི་མ་རེད། ཀུན་གཞིའི་ངང་དུ་འདུག་དགོས་ན་ཡང་དེ་ལ་རྩེ་གཅིག་མི་གཡོ་བའི་འདུན་པ་ཡོད་དགོས་ནི་རེད། འོ་ན་ཀུན་གཞི་བོ་སོ་སོ་སྐྱེ་བོའི་ཆོས་ཤིག་ཡིན་ནི་རེད་མོ། དེ་འཁོར་བའི་གཞི་རྩ་ཡིན་ཞེས་གོང་དུ་བཤད་བཏང་མོ། དེ་ལ་ཡང་གདམས་ངག་ཟབ་མོའི་ལམ་བརྒྱུད་དགོས་ནོ་ཅི་ཞིག་རེད་ཀོ་ཟེར་ན། སྟོང་ཉིད་ཀྱི་དཔེ་སྟོན་རྒྱུའི་ཆེད་དུ་སྒྱུ་མ་སྤྲུལ་ནི་དང་འདྲ་བར་ལམ་ཟབ་མོ་སྒྲུབ་པར་བྱེད་པ་ལ་ཉེ་བར་མཁོ་བའི་ཕྱིར་ན་གདམས་ངག་གིས་སྒྲུབ་པ་ཡིན་ནི་རེད། དེས་ན། གཞག་ཐབས་དེ་འདྲ་བ་ལ་བརྟེན་ནས་མི་རྟོག་ཡེ་ཤེས་བསྐྱེད་དགོས་ཀྱང་། གསུངས་ཏེ། དེ་ལྟར་ན་རང་གི་སེམས་འདི། ཡུལ་གང་ལ་ཡང་འཕྲོ་རུ་མ་བཅུག་ནས་ཅི་ཡང་མི་བསམ་པར་རྩེ་གཅིག་འདུན་པའི་གཞུར་ལ་དྲངས་ཏེ། རྟོག་ཚོགས་ཐམས་ཅད་རྒྱུན་ཆད་སོང་བ་བཞིན་དུ་རང་བབས་སུ་བཞག་པའི་ཐབས་དེ་འདྲ་བ་ལ་བརྟེན་ནས་རང་བཞིན་ཡེ་གནས་ཀྱི་ཉམས་དང་མ་བྲལ་བཞིན་དུ། ཐབས་དེ་ལས་བྱུང་བའི་ཐབས་བྱུང་། རྣམ་གྲངས་མ་ཡིན་པའི་དོན་དམ་ཞེས་བརྗོད་རུང་བའི་རང་ངོ་ཡེ་སྟོང་ནམ་མཁའ་ལྟ་བུ། མ་བཅོས་རྗེན་པ་ཟང་ཐལ་དུ་མཐོང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་དགོས་པ་ཡིན། དེའི་ཚུལ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། སྣ་ཚོགས་སྤྲོས་ལ་ཀུན་ཏུ་འཆེལ་བ་ན། །སེམས་ཉིད་འོད་གསལ་དྭངས་བའི་ཡེ་ཤེས་དང་། །སྤྱན་དང་མངོན་ཤེས་གཟའ་སྐར་མི་འཆར་བས། །གཅིག་ཏུ་མི་གཡོ་མཉམ་པར་བཞག་པ་གཅེས། །གསུངས་ཡོད་ནི་རེད། དེས་ན་རྩེ་གཅིག་འདུན་པའི་གཞུར་ལ་དྲངས་ཏེ་རྟོག་ཚོགས་རྒྱུན་ཆད་སོང་བ་ལྟ་བུའི་རང་བབས་སུ་བཞག་པའི་བཞག་ཐབས་དེ་འདྲ་བ་ལ་བརྟེན་དགོས་ནི་རེད། འོན་ཀྱང་རང་ངོ་རིག་པའི་ཡེ་ཤེས་མ་ཤར་བ་དེ་འདྲ་སྒོམ་གྱི་དངོས་གཞི་མ་ཡིན་ཏེ། གསུངས་ན། ཅི་ཡང་མི་བསམ་པར་བཞག་པ་ཙམ་དེ་ནི། རང་ངོ་གསལ་སྟོང་དབྱེར་མེད། གནས་ལུགས་དོན་གྱི་བཞུགས་ཚུལ་ཇི་བཞིན་པ་རིག་པའི་ཡེ་ཤེས་མ་ཤར་བ་ཡིན་པས་ན། གཟུགས་མེད་ཀྱི་ཏིང་འཛིན་དེ་འདྲ་བ་དེ་སྲིད་པ་འཁོར་བའི་རྩ་བ་དྲུངས་ནས་འབྱིན་པའི་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་སྒོམ་གྱི་དངོས་གཞི་མ་ཡིན་ཏེ་གསུངས་ཡོང་དུས། སྒོམ་གྱི་དངོས་གཞི་མ་ཡིན་པའི་ཕྱིར་ན། སྒོམ་སྐྱོན་མེད་ཅིག་བྱེད་བསམ་དུས་བཏང་སྙོམས་ལུང་མ་བསྟན་དེའི་ནང་ནས་ཕྱི་ལ་འབུད་ཐུབ་དགོས་ནི་རེད་གསུངས་ནིའི་བརྡ་དོན་རེད། ཀུན་མཁྱེན་ཀློང་ཆེན་པས་ཀྱང་། གང་ཚེ་མི་རྟོག་རྩེ་གཅིག་ཉིད་ཡིན་ན། །བསམ་གཏན་གཟུགས་མེད་ལྷ་རྣམས་ཅིས་མི་གྲོལ། །གསུངས་ནི་རེད། ད་དུང་ཀུན་མཁྱེན་ཆེན་པོས། གང་དུ་རྩེ་གཅིག་མི་རྟོག་ལུང་མ་བསྟན། །གསལ་ཞིང་རིག་ཙམ་རྟོག་པ་མེད་པ་དང་། །གཡོ་བའི་ཀུན་རྟོག་སྣ་ཚོགས་རྣམ་པ་གསུམ། །གཟུགས་མེད་གཟུགས་དང་འདོད་པའི་སེམས་ཉིད་དེ། །ཏིང་འཛིན་དེ་ཡིས་ཁམས་གསུམ་ཉེ་བར་སྐྱེ། །འཁོར་བ་ཉིད་ལས་གྲོལ་བའི་སྐབས་མེད་དོ། །དེ་མོ་གསུངས་ཡོད་ནི་རེད། མདོར་ན་དེ་ལྟ་བུས་འཁོར་བ་ལས་ཐར་ཐབས་ཡོད་ནི་མ་རེད། དེས་ན། དེ་སྒོམ་གྱི་དངོས་གཞི་མ་ཡིན་ཏེ་ཞེས་པ་འདིས་ཞི་ལྷག་ཟུང་དུ་འཇུག་པའི་ལམ་མ་ནོར་བ་ཉམས་སུ་ལེན་དགོས་ནོ་དོན་གྱིས་གདམས་པ་ཡིན་ནི་རེད། ད་རུང་ཀློང་ཆེན་པས། ཞི་གནས་མེད་པའི་ལྷག་མཐོང་སྤྲོས་ལ་རྒོད། །ལྷག་མཐོང་མེད་པའི་ཞི་གནས་ལུང་མ་བསྟན། །ཟུང་འབྲེལ་སྒྲིབ་པའི་གཉེན་པོ་མཆོག་གི་ལམ། །ཞེས་གསུངས་པའི་གདམས་པ་ལྟར་ཉམས་སུ་ལེན་དགོས་ནི་རེད། དེ་ཉམས་སུ་ལེན་པ་ལ། དབང་པོ་རབ་ཡིན་ན། རྟོགས་གྲོལ་དུས་མཉམ་དུ་གྱུར་ནས་རང་བབས་ཡེ་གནས་རང་བཞིན་གྱི་འོད་གསལ་མངོན་དུ་གྱུར་ནས་རྩོལ་བས་ཆེད་དུ་བསྒྲུབ་མི་དགོས་ནི་ཞིག་ཡིན། དབང་པོ་འབྲིང་ཞིག་ལ་མཚོན་ན། ཞི་ལྷག་ཟུང་འབྲེལ་གྱིས་གོང་ནས་ཞུས་པ་ལྟར་དུ་སྒོམ་དགོས། ལྟ་ཐོག་ནས་སྒོམ་པ་འཚོལ་བ་ཞེས་པ་དེ་ཡིན། དབང་པོ་ཐ་མ་ཞིག་ཡིན་ན། ཞི་གནས་སྔོན་དུ་སོང་ནས་ད་གཟོད་ལྷག་མཐོང་གི་ཡེ་ཤེས་འདྲེན་པར་བྱ་དགོས། དེ་སྒོམ་ཐོག་ནས་ལྟ་བ་འཚོལ་བ་རེད། དེ་ལ་འདི་ནས་སྐབས་སུ་བབས་པ་མཐོ་མ་ཆེས། དམའ་མ་ཆེས་པའི་དབང་པོ་འབྲིང་ཞིག་ལ་ཆ་བཞག་ནས་བཤད་རྒྱུ་ཡིན་ན། དེའི་སྒོམ་རིམ་དེ་ཅི་ལྟ་བུ་ཞིག་ཡིན་ཞེ་ན། དང་པོ་ལུང་རིགས་ཀྱིས་དཔྱད་པ་བཏང་བའི་དཔྱད་སྒོམ་གྱིས་སྟོང་ཉིད་ལ་ངེས་ཤེས་འདྲོངས་ནི་ཞིག་བྱེད། དང་པོ་སྒོམ་རྒྱུ་བོ་དེ་ཅི་ཞིག་ཡིན་ཤེས་དགོས། མ་ཤེས་ན་ཅི་ཞིག་སྒོམ་ཡོང་། དེ་ནས་ཤེས་པ་དེ་ཉིད་ཀྱིས་ངེས་པ་གང་མཚམས་ཤིག་རྙེད་ནོ་དེའི་སྐབས་ལ། ངེས་པ་རྙེད་རྒྱུ་བོ་དེའི་ངང་དུ་མཉམ་པར་བཞག་བརྗེད་ནས་དེའི་སྟེང་དུ་མ་བསྡད་ན། ཡང་དཔྱད་པའི་ངེས་པ་དྲངས་ནས་དང་པོ་དཔྱད་འཇོག་སྤེལ་མ་འདྲ་འདྲ་ཞིག་བྱེད། མཇུག་མཐར་ཅུང་ཞིག་གོམས་པ་ཐོབ་པའི་སྐབས་ན་དཔྱད་མི་དགོས་པར་འཇོག་སྒོམ་རྐྱང་རྐྱང་བྱེད། དེའི་སྐབས་ན་སེམས་བྱིང་འཐིབས་འདྲ་འདྲ་བྱུང་ན། འདི་ལྟར་སྣང་བའི་འཁོར་འདས་སྣང་བཏགས་ཀྱི་ཆོས་ཅན་ཐམས་ཅད་སྒྱུ་མ་དང་། རྨི་ལམ། དྲི་ཟའི་གྲོང་ཁྱེར་སོགས་སྒྱུ་མའི་དཔེ་བརྒྱད་ཀྱི་རོལ་བར་བལྟ་བ་དང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནམ་མཁའ་དྭངས་བ་ལྟ་བུའི་ངང་ལ་རྩལ་སྦྱོང་བ་གཙོ་བོར་བྱེད། མི་རྟོག་རྩེ་གཅིག་པ་དེ་དེའི་འཁོར་གྱི་ཚུལ་དུ་རང་ཚུགས་མ་ཤོར་བར་ཉམས་སུ་བླངས་ཀྱང་རྒོད་ཅིང་འཕྲོ་ཆེས་པར་བསམ་ན། སེམས་རང་བབས་སུ་རྩེ་གཅིག་ལ་འཇོག་རྒྱུ་དེ་གཙོ་བོ་བྱེད་རྒྱུ་དང་། སྟོང་ཉིད་ངེས་པའི་ཤེས་པའི་ངར་གདངས་མ་ཤོར་བ་ཞིག་གི་ཚུལ་དང་མི་འབྲལ་ནི་ཞིག་བྱེད། བྱིང་རྒོད་ཀྱི་ཕྱོགས་སུ་མ་ལྷུང་ནིའི་སྐབས་ལ་ཆ་སྙོམས་པོ་ཞིག་གིས་ཞི་ལྷག་ཟུང་འབྲེལ་གྱིས་ཉམས་སུ་བླངས་དགོས་ནི་རེད། ཞབས་དཀར་ཚང་གིས། ཏིང་འཛིན་སྒྲུབ་བྱེད་ལུང་མ་བསྟན་བྱིང་ན། །སྨིན་མ་བལྟ་སྟངས་གཟེངས་ཤིང་ཆེས་ཆེར་སྟོད། །ཏིང་འཛིན་རྒྱལ་པོ་མཁའ་ལྟར་ཁྱབ་བརྡལ་གནས། །ལུང་མ་བསྟན་དེ་སྤྲིན་བཞིན་རང་སར་དེངས། །གསུངས་ནི་རེད། བོགས་སམ་བསྐྱེད་འདོན་པའི་ཆེད་དུ་སྤྱོད་ལམ་དང་བསྲེས་ནས་སྒོམ་པས་ས་དང་ལམ་གྱི་ཡོན་ཏན་ངང་གིས་འབྱུང་བ་ཡིན་ནི་རེད། ཀུན་བཟང་སྨོན་ལམ་ལས། ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་བའི་རྒྱུ༔ ཞེས་གསུངས་ཡོད་པ་བཞིན་ནོ། །གསུངས་ནི་རེད། མདོར་ན། སེམས་གནས་པའི་ཆ་དེ་ཞི་གནས་དང་། ཤར་གྲོལ་དུ་སོང་བའི་ཆ་དེ་ལྷག་མཐོང་རེད། རང་ངོ་ཤེས་པའི་ལྷག་མཐོང་མེད་དུས་ཅིར་ཡང་མི་གནས་པའི་མི་རྟོག་པ་ཙམ་ཞིག་ཡོད་ནའང་། ལམ་ངོ་མ་ཡིན་ནི་མ་རེད། ཀུན་བཟང་དགོངས་པ་ཟང་ཐལ་གྱི་རྒྱུད་ཀྱི་སྙིང་དོན་བསྡུས་ནས་ཁོལ་དུ་ཕྱུང་བའི་ཀུན་བཟང་སྨོན་ལམ་ལས་ཀྱང་། །ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་བའི་རྒྱུ༔ གསུངས་ནས་འདི་ལྟར་གསུངས་ཡོད་ནི་རེད་གསུངས་ནི་རེད། ཡོད་མེད་ཡིན་མིན་ལ་སོགས་པ་ཅི་ཡང་དྲན་པ་མེད་པར་རང་བབས་སུ་བཞག་ཀྱང་སེམས་ཀྱི་ཆོས་ཉིད་ལ་ངེས་ཤེས་མ་སྐྱེས་པའི་མུན་ཐོམ་མེ་བ་དེ་ཀ་ནི་གོང་ནས་བཤད་པ་ལྟར་མ་རིག་པ་ཞེས་བྱ་སྟེ། ཐོག་མར་གཞི་ལས་གཞི་སྣང་མཆེད་པའི་སྐབས་ན་འཁྲུལ་བའི་སྣང་བ་སྣ་ཚོགས་འབྱུང་བའི་རྒྱུ་འདིས་བྱས་ནི་རེད། ད་ལྟའི་སྐབས་སུ་ཡིན་ན་ཡང་འཁྲུལ་བ་ལ་གསོས་འདིས་འདེབས་པར་བྱེད་པ་ཡིན་པས་ན་འཁྲུལ་བའི་རྒྱུ་འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་ཡིན་ནི་རེད། བླུན་སྒོམ་ཐ་མལ་བ་དེའི་ངང་དུ་བུད་སོང་དུས་ཉོན་མོངས་པའི་གཉེན་པོར་མི་འགྲོ་བ་མ་ཟད། ཉམས་རྟོགས་ཀྱི་ཡོན་ཏན་གསར་པ་རང་རྒྱུད་ལ་མི་སྐྱེ། སྔར་ཡོད་ཀྱི་ཡོན་ཏན་རྙིང་པ་མར་ལ་འགྲིབ་ནས་དད་པ་དག་སྣང་། རྒྱུ་འབྲས་ཡིད་ཆེས། སྙིང་རྗེའི་སེམས་ཅུང་ཟད་སྔོན་ནས་ཡོད་ནོ་ཚང་མ་ཕྱིར་ལ་ཉམས་འགྲོ་ནི་རེད། ལོ་ཅི་ཙམ་བསྒོམས་ན་ཡང་སྙིང་རྗེ་ཇེ་ཆེ་མ་རེད་དུས་སྒོམ་ཡག་པ་འགྲུབ་ཀྱིན་མེད་ནིའི་རྟགས་ཡིན་ནི་རེད། ཞེས་ཀུན་བཟང་སྨོན་ལམ་གྱི་ནང་དུ་གསུངས་པ་བཞིན་ནོ། །གསུངས་ནི་རེད། གཉིས་པ་དངོས་གཞི་བསམ་གཏན་གྱི་ངོ་བོ་བཤད་པ་ནི། དེ་ལྟར་ཅི་ཡང་མ་དྲན་མ་འགྱུ་བའི་ཤེས་པ་ཐོམ་མེ་བ་དེ་འདྲ་སེམས་ཀྱིས་མྱོང་བས་ན། དེ་འདྲའི་དོན་ཤེས་མཁན་དང་མི་བསམ་པར་འདུག་མཁན་ཁོ་རང་ལ་བབས་ཀྱིས་བལྟས་པས། གསུངས་ན། མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་གནས་པ་དེ་འདྲའི་དོན་ཤེས་མཁན་དང་རྣམ་རྟོག་གང་ཡང་ཡིད་ལ་མི་འཁོར་ཞིང་མི་བསམ་པར་འདུག་མཁན་གྱི་གཤིས་དེ་གར་རང་སར་རང་བབས་སུ་གློད་ནས་བཞག་པ་ལ། དེ་ཕྱིར་མ་ཡེངས་རང་ངོ་རང་གིས་ལྟོས། གསུངས་པ་བཞིན། བལྟ་བྱ་དང་ལྟ་བྱེད་གཉིས་སུ་མེད་པར་བབས་ཀྱིས་བལྟས་པས་དྲན་མཁན་དང་བསམ་མཁན་གྱི་ཤེས་པ་ཁོ་རང་གི་ངོར་ཁ་ནང་ལ་འཁོར་ཙམ་པ་དེའི་ཐོག་ནས་ངོས་ཟིན་དགོས་ནི་རེད། རྣམ་རྟོག་གི་ངོ་ལ་བལྟ་དགོས་ནི་མ་རེད། རྣམ་རྟོག་དུ་ཤར་རྩིས་ལེན་གིན་ཡོད་ནི་ལྟ་བུ་ཞིག་ཡིན་དགོས་ནི་མ་རེད། དེ་སྐྱེ་འགག་གྲངས་སུ་འདེབས་པ་སྒོམ་ཐ་ཤལ་བའི་མཚན་ཉིད་རེད། རྣམ་རྟོག་ཤར་མཁན། ཁོ་རང་གི་རང་ངོ་ལ་བལྟས་དུས་དཔལ་སྤྲུལ་ཚང་གིས། སེམས་ཁོ་རང་གི་ངོ་ལ་བལྟས་ཙམ་ན། འགྱུ་རྟོག་ཐམས་ཅད་དང་བྲལ་བའི་རྗེན་སེང་ངེ་བ་ཞིག་ཡོད་རྒྱུ་དེ་རིག་པ་ཡིན་གསུངས་ཡོད་ནི་རེད། གནས་པ་དང་འཕྲོ་བའི་རྣམ་རྟོག་གང་ཡིན་ཡང་ཕྱི་ནང་བར་གསུམ་གང་དུ་ཡང་མ་གྲུབ་པ། དེ་ཡང་གསར་དུ་མེད་སོང་ནི་ལྟ་བུ་མ་ཡིན་པར། ཡེ་ནས་གྲུབ་མ་མྱོང་ནི། བར་སྣང་སྟོང་པའི་རང་བཞིན་ལྟ་བུ་ད་ལྟ་མངོན་སུམ་དུ་མཐོང་བས། མཁས་གྲུབ་སྟོང་བྱོན་ཡོང་ཡང་དེའི་དོན་དེ་ལས་གཞན་དུ་དྲངས་མི་ནུས་ནི་ཞིག་ཡོང་ན། ངོ་བོ་སྟོང་པ་ངོ་འཕྲོད་སོང་ནི་ཡིན། རྣམ་རྟོག་དང་འཛིན་ཞེན་གང་ཡང་མེད་ཀྱང་། མིག་ལྡན་གྱིས་གཟུགས་ལ་བལྟས་པ་བཞིན་སེམས་རང་གི་རང་བཞིན་རང་གིས་ཁོ་ཐག་ཆོད་ནས་ཡོད་མེད་གང་གི་ངོ་བོ་རུ་གྲུབ་པ་མེད་ཀྱང་། མདུན་འདི་ནས་ཉིན་དཀར་བུམ་པ་མཐོང་བ་བཞིན་དུ། ད་དུང་འཚོལ་འདོད་ཀྱི་རེ་བ་གཏིང་ནས་མེད་ནི་ཞིག་རེད་དུས་རང་བཞིན་གསལ་བ་ངོ་འཕྲོད་ནི་ཡིན་གསུངས་ནི་རེད། འདིའི་གསལ་བའི་ཡེ་ཤེས་འདི་རྩལ་ལས་ཤར་བའི་ཡེ་ཤེས་ཟེར་བ་གཞི་གཞི་སྣང་གཉིས་ཀའི་ནང་ནས་གཞི་སྣང་ཡིན་རྒྱུའི་གོ་བ་ལེན་དགོས་ནི་རེད། འགྱུ་དྲན་བྲལ་བའི་རིག་པ་ཕྱི་ནང་མེད་པར་ཟང་ཐལ་ལེ་བ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། གསུངས་ན། སྒོ་གསུམ་ལྷོད་ལ་འཕང་ཚོགས་དྲུག་ཆ་མཉམ་དུ་བཞག་པའི་གནས་སྐབས་ན། ཚོགས་དྲུག་རྟོག་མེད་ཀྱི་རྣམ་རྟོག་འགྱུ་བ་དང་། རྟོག་བཅས་དམིགས་རྣམ་ཅན་གྱི་བློ་ཡི་དྲན་བསམ་ཐམས་ཅད་དང་བྲལ་བའི། རིག་པ་ཡེ་སྟོང་ཆེན་པོ། ཕྱི་དང་ནང་མེད་པ་འདི་ཡིན་གྱི་གཏད་སོ་ཆགས་འཛིན་གྱི་ཞེན་པ་མཐའ་དག་བྲལ་སོང་ནིའི་ཟང་ཐལ་ལེ་བ། བར་མེད་ཧར་སངས་རྗེན་པ་ཞིག་ཏུ་རང་དག་པ། ནམ་མཁའ་དྭངས་པའི་དཀྱིལ་ལ་བལྟས་པ་འདྲ་བ། དེ་ཚེ་ཐད་ཀའི་ནམ་མཁའ་ལ། །བལྟས་པ་བཞིན་དུ་རང་གི་སེམས། །འགྱུ་བཞིན་པ་ལ་སྟོང་བ་ཡི། །ངེས་ཤེས་ཁོ་ཐག་ཆོད་པ་དགོས། །གསུངས་ནི་ལྟ་བུའི་ཡོད་མེད་ཡིན་མིན་རྟག་ཆད་བཟང་ངན་སོགས་སྤྲོས་པའི་མཐའ་དང་མཚན་མ་ཐམས་ཅད་ལས་ཤིན་ཏུ་འདས་སོང་བའི་སྟབས་ཀྱིས། མྱང་བྱ་མྱོང་བྱེད་གཉིས་མེད་ཀྱང་རང་གི་རང་བཞིན་རང་གིས་ཁོ་ཐག་ཆོད་ནས་འདི་ལས་གཞན་ཅི་ཡང་མི་འདུག་སྙམ་པ་བྱུང་ན། གསུངས་ན། རང་བཞིན་གསལ་བའི་ཆ་ནས་དེ་ལ་མྱོང་བྱ་ཡུལ་ཟེར་རྒྱུ་ཞིག་དང་། ཡུལ་ཅན་མྱོང་བྱེད་ཀྱི་བློ་འམ་ཤེས་པ་ཟེར་རྒྱུ་ཞིག་ཁ་ཁ་རུ་སོ་སོ་བ་གཉིས་སུ་འབྱེད་རྒྱུ་མེད་ཀྱང་། རིག་པ་རང་གི་རང་བཞིན་རིག་ཐོག་ནས་རང་གིས་ཁོ་ཐག་ཆོད་པ་དེ་ཅི་ལྟ་བུ་ཞིག་ཡིན་ནི་རེད་ཟེར་ན། གོང་དུ་བཤད་པ་ལྟར་ཉིན་མོ་མིག་ལྡན་གྱིས་མདུན་གྱི་གཟུགས་ལ་བལྟས་པ་བཞིན་དུ་རང་བཞིན་གཤིས་ཀྱི་བཞུགས་ཚུལ་གྱི་ཡིན་ལུགས་དངོས་ལ་རང་གིས་ཐེ་ཚོམ་མེད་པར། དཔལ་སྤྲུལ་ཚང་གིས། དེ་ལས་གཞན་མེད་ཁོ་ཐག་བཅད། །ཅེས་གསུངས་ནི་འདྲ་ཞིག་དང་། ཀུན་མཁྱེན་འཇིགས་གླིང་གིས། མཁས་བཙུན་བརྒྱ་དང་གྲུབ་ཐོབ་སྟོང་། །ལོ་པཎ་ཁྲི་དང་མན་ངག་འབུམ། །བསྟན་བཅོས་བྱེ་བ་ས་ཡ་དང་། །མཇལ་ཡང་ཐེ་ཚོམ་གཅོད་མི་དགོས། །གསུངས་པ་ལྟར། ཁོ་ཐག་ནང་ནས་ཆོད་དེ། གསལ་སྟོང་ཟུང་དུ་འཇུག་པའི་བདག་ཉིད་འདི་ལས་གཞན་དུ་གྱུར་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དམ་ཆོས་ཀྱི་དབྱིངས་ཟེར་རྒྱུ་ཞིག་ལོགས་ན་མེད་ནོ་དེ། བུ་རམ་ཐམས་ཅད་ལ་མངར་བའི་རོས་ཁྱབ་པ་བཞིན་དུ་ཆོས་ཅན་སེམས་དང་སྣང་བ་ཡུལ་ལ་སོགས་པ་འཁོར་འདས་ཐམས་ཅད་ལ་རིག་པ་གཅིག་པུ་འདི་ཡིས་ཁྱབ་ནོ། འདི་ལས་ལྷག་པའི་ལམ་སངས་རྒྱས་བྱོན་ཡང་སྟོན་རྒྱུ་ཡོད་ནི་མ་རེད་བསམ་རྒྱུའི་བྱ་རྩོལ་དང་བྲལ་བ་ཀློང་ཆེན་ཡངས་པའི་རང་བཞིན་ལ་ཁོ་ཐག་ནང་ནས་ཆོད་པ་ཞིག་བྱུང་ན། དེ་ལ་བསམ་བརྗོད་ཀྱིས་འདི་འདྲ་ཞེས་སྨྲར་མེད་པས་མཐའ་བྲལ་དང་། བརྗོད་བྲལ་དང་། གཉུག་མའི་འོད་གསལ་དང་། རིག་པ་ཞེས་བཏགས་ཆོག་སྟེ། ཞེས་གསུངས་ན། ཕྱི་ཆོས་ཅན་ལ་བལྟས་པས་གང་སྣང་ཐམས་ཅད་རང་བཞིན་མེད་པ་སྒྱུ་མའི་དཔེ་བརྒྱད་དུ་གྲོལ། ནང་ཆོས་ཉིད་ལ་བལྟས་པས་ཐམས་ཅད་རོ་མཉམ་གྲུབ་བསལ་སྤང་བླང་མེད་པ་ནམ་མཁའ་ལྟ་བུར་རྟོགས། གསང་བ་རིག་པ་ལ་བལྟས་པས་དགག་སྒྲུབ་བྱ་རྩོལ་ལས་འདས་པའི་དབྱིངས་དང་རིག་པ་དབྱེར་མེད་ཀྱི་དོན་མངོན་སུམ་དུ་རྟོགས་པ་དེ་ལ། ཚུར་མཐོང་སོ་སྐྱེའི་བློ་རྟོག་གི་བསམ་པས་མཐར་འཛིན་དུ་དཔྱད་པ་བྱེད་རྒྱུ་མེད་ནི་ཡིན་པ་མ་ཟད། ཚིག་དང་བརྡ་ཡིས་བརྗོད་པའི་སྒོ་ནས་མཚོན་པའི་ཐབས་ཀྱིས་འདི་འདྲ་རེད་དེ་འདྲ་མ་རེད་ཅེས་སྨྲ་མི་ཐུབ་ཅིང་སྨྲ་རྒྱུ་མེད་པས་ན། རིག་པ་དེ་སྤྲོས་པའི་མཐའ་བརྒྱད་སྒྲོ་འདོགས་སོ་གཉིས་དང་ཡོངས་སུ་བྲལ་བས། དབུ་མའི་གཞུང་ནས་བསྟན་པའི་མཐའ་བྲལ་དང་། འཁོར་འདས་ཡོངས་ལ་ཁྱབ་པའི་མ་བཅོས་དོན་གྱི་ཡེ་ཤེས། བརྗོད་བྲལ་ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་སྤྱི་ཁྱབ་ཀྱི་གཞུང་ནས་སེམས་ཉིད་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས། རང་བྱུང་གཉུག་མའི་འོད་གསལ། འདའ་ཀ་ཐུགས་ཀྱི་ཡེ་ཤེས། དུས་འཁོར་གྱི་ལུགས་སུ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ལ་སོགས་པ་དང་། རྫོགས་ཆེན་རང་གཞུང་ནས་གསུངས་པའི་རིག་པ་རང་བྱུང་གི་ཡེ་ཤེས་ལ་སོགས་པ། མདོར་ན་གནས་ལུགས་མཐར་ཐུག་གི་མིང་ཐམས་ཅད་པོ་རྩ་བ་འདི་ཁོ་ན་ལ་བཏགས་ཆོག་གི དེ་ཇི་ལྟར་རེད་ཅེ་ན། རང་ངོ་འཕྲོད་པའི་ཡེ་ཤེས་ཤར་བས་མུན་ཐོམ་མེ་བའི་མུན་པ་དྭངས་ཏེ། གསུངས་ན། རིག་འཛིན་འཇིགས་མེད་གླིང་པས། རྒྱལ་བས་འཁོར་ལོ་བར་བ་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་དེ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་པ་ལྟར། སེམས་ཀྱི་གནས་ལུགས་ཡེ་ཇི་བཞིན་པ་བྱར་མེད་བློ་འདས་ཆེན་པོ་སྟོང་གསལ་འཕོ་འགྱུར་མེད་པའི་རང་བཞིན། བཞག་ཐབས་ཀྱི་གནད་དང་མན་ངག་ལ་བརྟེན་ནས་ཐོས་བསམ་གྱི་གོ་ཡུལ་སྐམ་པོ་ཙམ་ཞིག་མ་ཡིན་པར་ཉམས་མྱོང་གི་སྟོབས་ཀྱིས་རང་ངོ་འཕྲོད་པས། ནམ་ཞིག་གི་ཚེ་ན་མཉམ་པར་མ་བཞག་ཀྱང་གཞི་རང་གི་རྩལ་ལས་ཤར་བའི་ཡེ་ཤེས་རྟོག་མེད་རང་ཆས་སུ་ཤར་བས་ཡུལ་དང་ཡུལ་ཅན་ཟེར་རྒྱུ་ཞིག་ཁ་ཁར་བྱས་ནས་ཐ་དད་དུ་རིས་སུ་མ་ཆད་པ། སྒྲོ་སྐུར་དང་བྲལ་བ་ཉམས་སུ་མྱོང་དུས། མུན་ཐོམ་མེ་བའི་མུན་པ་དེ་ཆེད་དུ་གཉེན་པོ་ཐ་དད་པ་ཞིག་གི་མཐུས་སྤོང་བ་ལྟ་བུ་མ་ཡིན་པར། ན་བུན་ནམ་མཁའ་ལ་ཡལ་བ་བཞིན་རང་གི་ངང་གིས་དྭངས་ཏེ་ནམ་ལངས་པས་ཁྱིམ་མཐོང་བ་ལྟར་དུ་གསུངས་ན། སློབ་དཔོན་ཆེན་པོའི་དྲིས་ལན་གྱི་ནང་དུ། འཁོར་འདས་ཁྱད་པར་གང་གིས་འབྱེད་པ་ལགས། ཞེས་ཡར་ལ་ཞུས་པ་ན། རིག་དང་མ་རིག་གཉིས་ཀྱིས་འབྱེད་པ་ཡིན། ཞེས་ལན་བཏབ་ཡོད་མོ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་ཐེ་ཚོམ་གྱི་དྲི་མ་དང་བྲལ་བ། ནམ་ལངས་པས་མིག་ལྡན་གྱིས་རང་ཁྱིམ་མཐོང་བའི་སྐབས་སུ། ཁྱིམ་གྱི་དངོས་པོ་ཀ་བ་དང་། བུམ་པ་ལ་སོགས་པ་ཡོད་མེད་ཡིན་མིན་ལ་ཐེ་ཚོམ་མ་དགོས་པ་ལྟར་དུ། རང་གི་སེམས་ཀྱི་ཆོས་ཉིད་ལ་ངེས་ཤེས་སྐྱེས་པས་སོ། །གསུངས་ན། ཀུན་གཞི་ལས་སངས་ནས། རིག་པ་མངོན་དུ་གྱུར་བའི་མཉམ་བཞག་གི་སྐབས་ལ། རང་གི་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་ནས། རྗེས་ཐོབ་ལ་ངེས་པའི་ཤེས་པ་གཞན་སུས་ཀྱང་ལྡོག་ཏུ་མེད་པ་སྐྱེས་པས་སོ། །གསུངས་ནི་རེད། འདི་ཀ་དག་ཁྲེགས་ཆོད་ཀྱི་རིག་པ་རེད། ཀ་ནས་ཇི་ལྟར་དག་ནི་རེད་སྙམ་ན། དུས་གསུམ་གྱི་རྟོག་པ་བཟང་ངན་ཐམས་ཅད་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་དུ་རིག་པ་ཡེ་དང་པོ་ནས་དག་པས་ན་ཀ་དག་དང་། དུས་གསུམ་གྱི་འཁྲུལ་བའི་རྟོག་པ་ཐམས་ཅད་ཀ་དག་རིག་པའི་དབྱིངས་སུ་ཁྲེགས་ཀྱིས་ཆོད་པས་ན་ཁྲེགས་ཆོད་གསུངས་ནི་རེད། དེ་ལྟ་བུའི་ལྟ་བ་ཟབ་མོའི་མན་ངག་འདི་དང་འཕྲད་པ་ནི། བསྐལ་བ་མང་པོའི་སྔོན་ནས་ཚོགས་བསགས་པའི་འབྲས་བུ་ཡིན་ནི་རེད། ཀུན་མཁྱེན་ཆེན་པོས། གསང་མཆོག་ངེས་པ་འདིར་ཞུགས་ནས། ཁྲིད་དང་གདམས་པ་ཐོབ་སྟེ་གོ་དོན་ཟབ་མོ་ཞིག་མ་རྙེད་རུང་། སྐྱེས་པ་དང་བུད་མེད། བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་བར་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་འཕྲད་པ་ཡིན་པའི་ཕྱིར་རོ་ཞེས་གཏན་ཚིགས་བཀོད་ཡོད་ནི་རེད། སེམས་ཀྱི་ཆོས་ཉིད་ལ་ངེས་ཤེས་གཏིང་ནས་རྙེད་ན་དེའི་ཡན་གྱི་རྙེད་པ་མཆོག་ཏུ་གྱུར་བ་ཞིག་དགོས་ནི་མ་རེད། སྟོང་གསུམ་གསེར་ཕྱེས་བཀང་ནས་བྱིན་པ་དང་འཛམ་བུ་གླིང་གི་རྒྱུ་ནོར་མི་གཅིག་ལ་དབང་བ་ལས་ཀྱང་འདིས་དགའ་ནི་རེད། མི་ཕམ་ཚང་ཁོང་རང་གིས། མ་བཅོས་རིག་པ་རྙེད་པ་ནི། །རྫོགས་རིམ་ཀུན་གྱི་བླ་མ་ཡིན། །གསུངས་པ་ལྟར་ཡིན་ནི་རེད། ད་ནི་མན་ངག་དང་པོ་འདིའི་འགག་དོན་བསྡུ་བ་སྟེ། འདི་ལ་མ་རིག་སྒོ་ངའི་སྦུབས་འབྱེད་པའི་མན་ངག་ཅེས་བྱའོ། །གསུངས་ན། དེ་ལྟ་བུའི་མན་ངག་འདི་ལ་ནི་ཐོག་མའི་འཁྲུལ་གཞིའི་སྐབས་ལ། ངོ་བོས་གོ་ཕྱེས་ནས་ཤར་བའི་རང་བཞིན་ཡུལ་དུ་བཟུང་། ཐུགས་རྗེ་སེམས་སུ་ཤར་བ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་། དེའི་ཐོག་ཏུ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཏེ་མ་རིག་པ་གསུམ་དང་དེས་བསྐྱེད་པའི་བག་ཆགས། བྱ་ཕྲུག་སྒོ་ངས་འཐུམས་པ་ལྟ་བུའི་སྒོ་ངའི་སྦུབས་སམ་འཐུམ་བྱེད་ཀྱི་ཕྱི་རྒྱ་ལྟ་བུ་དེ་སྐད་ཅིག་གིས་འབྱེད་པའམ་གྲོལ་བར་བྱེད་པའི་མན་ངག་ཅེས་བྱའོ་ཞེས་གསུངས་ནས། མ་རིག་པའི་མགོ་ཤུབས་དེ་ཕར་ལ་ཕུད་སྤྱད་ཀྱི་མན་ངག་ཡིན་གསུངས་ནི་རེད། དེ་ཡན་ཆད་ཀྱིས་མན་ངག་དང་པོ་མ་རིག་སྒོ་ངའི་སྦུབས་འབྱེད་ཀྱི་མན་ངག་སོང་ནི་རེད། གཉིས་པ་སྲིད་པའི་དྲྭ་བ་གཅོད་པའི་མན་ངག་ནི། དེ་ལྟར་རྟོགས་ཚེ་ཆོས་ཉིད་དེ་ལྟ་བུ་ནི་རང་བཞིན་བབས་ཀྱིས་ཡེ་ནས་གནས་པས་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང་། དུས་གསུམ་འཕོ་འགྱུར་མེད་པ་ཡིན་པར་ཤེས་ཤིང་། གསུངས་ན། གོང་དུ་བཤད་པ་དེ་ལྟར་སྣང་སྲིད་འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ཆོས་སྐུ་གཅིག་པུའི་ཡོ་ལང་དུ་རྟོགས་པའི་ཚེ། འཁྲུལ་གྲོལ་དོན་ལ་མེད་པའི་ཆོས་ཉིད་དེ་ལྟ་བུ་ནི། རྒྱུ་རྐྱེན་གསར་པ་ཞིག་ལ་བརྟེན་ནས་གསར་དུ་བྱུང་བ་དེ་ལྟ་བུ་མ་ཡིན་པར་དུང་དང་དཀར་པོ། མེ་དང་ཚ་བ་བཞིན་དུ་ཆོས་ཐམས་ཅད་ལ་རང་བཞིན་བབས་ཀྱིས་ཡེ་ནས་གནས་པས། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ། ཀུན་ཏུ་བཟང་པོའི་ཆོས་དྲུག་གི་ནང་ནས་རྒྱུ་ལས་མ་བྱུང་བའི་འབྲས་བུ་མངོན་དུ་གྱུར་པ་དང་། བྱ་རྩོལ་བློ་ཡུལ་ལས་འདས། དམིགས་གཏད་མྱོང་ཞེན་དང་བྲལ་སོང་བའི་དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པའི་སྤྲོས་བྲལ་མཉམ་པ་ཉིད་ཡིན་པར་ཤེས་ནས། སེམས་ལས་མ་བྱུང་བའི་སངས་རྒྱས་ཀྱི་སར་བསླེབས་ནས། འཁྲུལ་བ་རང་ག་བ་དོན་ལ་མེད་པའི་གདེངས་རྙེད་ནས། འཁོར་བར་ཕྱིན་ཆད་འཁྱམས་མི་དགོས་པས་བློ་བདེ། ཐ་སྙད་ཚིག་གིས་འཚང་མི་རྒྱ་བར་གང་ལ་ཡང་གདེངས་མི་འཆའ་བའི་བློ་དེ་ཁོང་ནས་འཆར་བ་ཡིན་ནི་རེད། དེ་ཅིའི་ཕྱིར་སྙམ་ན། དེའི་སྐབས་ངོ་མཚར་བའི་ཚིག་ཆེན་བརྒྱད་ཀྱི་ཐོག་ལ་དངོས་སུ་སླེབས་སོང་ནི་རེད། དེ་ལས་གཞན་དུ་གྱུར་བའི་སེམས་ཞེས་བྱ་བ་རྡུལ་ཙམ་ཡང་ཡོད་པར་མི་དམིགས་སོ། །ཞེས་གསུངས་ཏེ། སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་ནས་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་དུས། སེམས་ཀྱི་ཆོས་ཉིད་རིག་པའི་ཡེ་ཤེས། མ་རྙེད་པའི་རྙེད་པ་ཆེན་པོ་རྙེད་པས། རང་གྲོལ་སྤང་གཉེན་ལས་འདས་པའི་རིག་པའི་ཡེ་ཤེས། དེ་ལས་གཞན་དུ་གྱུར་བའི་སེམས་ཞེས་བྱ་བ་མ་དག་གཟུང་འཛིན་གྱི་རྣམ་པ་ཅན། ཟག་བཅས་ཀྱི་སྣང་བ་རྡུལ་ཙམ་ཡང་ཡོད་པར་མི་དམིགས་པ། རིན་པོ་ཆེ་གསེར་གླིང་ལ་སླེབས་ན། གསེར་མིན་པའི་ས་རྡོ་ཕལ་བ་བཙལ་ཀྱང་མི་རྙེད་པ་བཞིན་དུ་རིག་པའི་རང་ས་ཟིན་ནས་རྣམ་རྟོག་ཕལ་བ་བཙལ་ཀྱང་མི་རྙེད་པ་ཡིན་པས་སོ་གསུངས་ནི་རེད། ད་འདི་ནས་འདྲ་ནོར་གྱི་འཕྲང་བསལ་ནི་རེད། སྔ་མ་མུན་ཐོམ་མེ་བ་དེ་ལ་བརྗོད་དུ་མེད་ཀྱང་། ཅི་ཡང་བརྗོད་མ་ཤེས་པས་ཁོ་ཐག་མ་ཆོད་པ་ཡིན་ལ། ཞེས་གསུངས་ཏེ། སྔ་མ་གསུངས་ན་གོང་གི་སྔོན་འགྲོ་བཞག་ཐབས་ཀྱི་སྐབས་ནས་བཤད་རྒྱུའི་ཀུན་གཞི་བེམ་སྟོང་ལུང་མ་བསྟན་གནས་ལུགས་ཇི་བཞིན་པའི་དོན་དངོས་སུ་མ་མཐོང་ནོ། ཅི་བསམ་འདི་དྲན་མེད་ནིའི་ལུང་མ་བསྟན་མུན་ཐོམ་མེ་བ་དེ་ཡང་བརྗོད་མེད་ཡིན་ནི་རེད། དེ་ལ་ཡང་འདི་དང་འདི་ལྟ་བུ་ཞེས་བརྗོད་དུ་མེད་ཀྱང་ཧན་ནེ་ཧོན་ནེ་ཐམ་མེ་ཐོམ་མེ་དྲན་མེད་ལ་བརྒྱལ་སོང་ནི་འདྲ་ཞིག་ཡིན་ནི་རེད། ངོ་བོ་འདི་ལྟ་བུ་ཞིག་རེད་ཅེས་བརྗོད་མ་ཤེས་པའི་ཕྱིར་ན་ཧད་དེ་ལུས་འགྲོ་རྒྱུ་མ་གཏོགས། འདི་ཡིན་དེ་མིན་གྱི་དོན་ཐག་མ་ཆོད་པ་ཡིན་པས། མཉམ་བཞག་གི་སྐབས་སུ་རྣལ་མའི་དོན་ངོ་མ་བོ་མ་མཐོང་བ་ཡིན་ནི་རེད། དེ་བཞིན་དུ་རྗེས་ཐོབ་ཀྱི་སྐབས་སུ་ཡིན་ན་ཐེ་ཚོམ་མ་ཆོད་པ་ཡིན་ལ། གསུངས་ནི་རེད། རིག་ངོ་ལ་བརྗོད་དུ་མེད་ཀྱང་བརྗོད་མེད་ཀྱི་དོན་ལ་ཐེ་ཚོམ་མེད་པའི་ཁོ་ཐག་ཆོད་པས། གསུངས་ན། སེམས་ཀྱི་ཆོས་ཉིད་རིག་པ་རང་གི་ངོ་བོ་ལ་འདི་ཡོད་པ་རེད་ཅེས་བརྗོད་རྒྱུ་ཡོད་ནི་མ་རེད། ཕྱི་ནང་བར་གསུམ་གང་དུ་བཙལ་ཀྱང་ཡོད་པ་ཞིག་མ་གྲུབ་པའི་ཕྱིར་ན། ཡོད་པ་ཞིག་འགྲུབ་ནི་མ་རེད། མེད་པ་ཞིག་རེད་ཟེར་དགོས་ན། དེ་ཡང་ཟེར་རྒྱུ་ཡོད་ནི་མ་རེད། རང་བཞིན་གསལ་བའི་ཡོན་ཏན་རང་ཆས་སུ་གྲུབ་པའི་ཕྱིར་ན་མེད་པ་ཡང་ཡིན་ནི་མ་རེད། ཡོད་མེད་ཡིན་མིན་གྱི་མཐའ་གཉིས་ལས་དེ་ལྟར་འདས་སོང་ནི་ཡིན་པས་ན། ཚིག་གིས་མཚོན་ཅིང་བརྗོད་དུ་མེད་པ་ཡིན་ན། སྔ་མ་མུན་ཐོམ་མེ་བའི་བརྗོད་མེད་དང་འདི་གཉིས་ཚིག་ཙམ་གྱི་ཐོག་ནས་བརྗོད་མེད་ཡིན་པ་འདྲ་ན་ཡང་། མ་བཅོས་ཆོས་སྐུའི་དོན་ལྷག་གེར་མཐོང་བའི་བརྗོད་མེད་ཀྱི་དོན་མཉམ་བཞག་གི་སྐབས་སུ་མངོན་སུམ་དུ་མཐོང་བ་དེ་ལ་རྗེས་ཐོབ་ཀྱི་སྐབས་སུ་ཐེ་ཚོམ་མེད་པའི་ངེས་ཤེས་རྙེད་དེ། ཁོ་ཐག་ནང་ནས་ཆོད་པ་ཡིན་པས་ན། མིག་མེད་དང་མིག་ལྡན་ལྟར་འདི་གཉིས་ཀྱི་བརྗོད་དུ་མེད་ཚུལ་ཁྱད་ཆེ་བས་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ཡང་འདིར་གནད་འདུས་སོ། །ཞེས་གསུངས་ཏེ། རྒྱ་ནག་ཧ་ཤང་གིས་ཀྱང་སྔོན་གུ་རུ་རིན་པོ་ཆེ་བོད་དུ་བཞུགས་སྐབས་བསམ་ཡས་ནས་རྩོད་གླེང་བྱས་དུས་ཚིག་ཙམ་ལ་ཞེན་ནས་མདོ་ལུང་བརྒྱད་ཅུ་ཐམ་པ་དྲངས་ཏེ། བརྗོད་དུ་མེད་པ་ལ་སོགས་པའི་དོན་ཕྱོགས་རེ་བ་ཞིག་ལ་བསམ་བློ་བཏང་ནས། སྟོང་པ་ཕྱང་ཆད་ཀྱི་ཞི་གནས་ལྟེང་པོ་ལ་གོལ་བས་ལྟ་བ་འཆུགས་སོང་ནི་རེད་ཟེར་དར་ནི་རེད་མོ། དེ་འདྲའི་ཐོག་ནས་གནས་ལུགས་དོན་གྱི་ལྟ་བ་དང་གནམ་ས་ལྟར་ཐག་རིང་སོང་བ་མ་ཟད། ཤར་ནུབ་ལྟ་བུའི་འགྲོ་ཕྱོགས་ཁ་ཁ་རེད་སོང་ནི་རེད། དེས་ན་མིག་མེད་དང་མིག་ལྡན་ལྟར་གསུངས་ན། མིག་གཉིས་ཀ་སྐྱོན་མེད་དུ་ཡོད་ནིའི་མིག་ལྡན་ཞིག་གིས་གཟུགས་རགས་པ་ཉིན་དཀར་མོར་མ་མཐོང་ན། གཟུགས་དེ་མེད་ངེས་ཡིན་པ་ལྟ་བུ། སྔ་མའི་བརྗོད་མེད་དེ་རྨོངས་པས་བཏུམ་སོང་བའི་ཁོ་ཐག་མ་ཆོད་ནི་ཞིག་དང་། ཕྱི་མའི་བརྗོད་མེད་དེ་སྨྲ་བསམ་བརྗོད་མེད་ཀྱི་དོན་ལ་ཁོ་ཐག་ནང་ནས་ཆོད་སོང་ནི་ཞིག་རེད། དེས་ན། འདི་གཉིས་ཀྱི་བརྗོད་དུ་མེད་ཚུལ་ལ་ཁྱད་ཆེ་བས། ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ཡང་གནད་འདིར་འདུས་སོ། །ཞེས་གསུངས་ཏེ། ཀུན་གཞི་ཟེར་རྒྱུ་དེ་མུན་ཐོམ་མེ་བ་ཞིག་དང་། ཆོས་སྐུ་ནི་སྟོང་གསལ་དབྱེར་མེད་པ་དྲན་བསམ་སྤྲོས་པ་ཐམས་ཅད་དང་བྲལ་བ། །ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཞིག་ཡིན་ནི་རེད། ཀུན་མཁྱེན་འཇིགས་གླིང་གིས། དེ་བཞིན་ཀུན་གཞི་དང་ནི་ཆོས་སྐུ་གཉིས། །དབྱིངས་སུ་གཅིག་ཀྱང་ཆོས་སྐུ་རྒྱ་མཚོ་འདྲ། །ཀུན་གཞིའི་རྣམ་ཤེས་དེ་ཡི་སྒྲིབ་ཆ་སྟེ། །གྲུ་བ་བཞིན་དུ་འཁོར་འདས་གཉིས་ཀར་ལྡིང་། །གསུངས་ནི་རེད། བག་ཆགས་སྣ་ཚོགས་ཀྱི་གཞིར་གྱུར་ཅིང་། འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་ཐོག་མར་སྐྱེས་པ། ངོ་བོ་གང་ལ་ཡང་མི་རྟོག་པར་རྩེ་གཅིག་ལུང་མ་བསྟན་དུ་སྡོད་པ་ཀུན་གཞི་ཡིན་ན། དྭངས་གསལ་སྤྲོས་པ་དང་བྲལ་བ་འབྲས་ཆོས་རྒྱ་མཚོའི་རྟེན་གཞིར་གྱུར་པ་དེ་ཆོས་སྐུ་རེད། རིག་པ་རང་ཤར་ལས་ཀྱང་། ཀུན་གཞི་རྣམ་རྟོག་འཛིན་པ་ལ། །སྣ་ཚོགས་འཁྲུལ་བའི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་ཡིན་ནོ། །གསུངས་ནི་རེད། ཡང་མུ་ཏིག་ཕྲེང་བའི་ནང་ན། ཆོས་ཀྱི་སྐུ་ནི་ཟད་པ་མེད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་སྦགས་དྲན་པ་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་དག་མཚོན་པ་ཀུན་དང་བྲལ། །ཞེས་གསུངས་པ་ལ་སོགས་པས་མཚོན་ནས་ཀུན་གཞི་དང་ཆོས་སྐུའི་དབྱེ་བའི་གནད་དོན་སྙིང་པོར་དྲིལ་ན། གོང་གི་མིག་མེད་དང་མིག་ལྡན་གྱི་དཔེ་འདིར་འདུས་སོ་གསུངས། དེས་ན་ཐ་མལ་གྱི་ཤེས་པ་ཞེས་པ་དང་། ཡིད་ལ་མི་བྱེད་པ་དང་། བརྗོད་བྲལ་སོགས་ལ་ཡང་དག་ཡིན་མིན་གཉིས་ཡོད་པས་སྒྲ་མཐུན་དོན་འཕགས་ཀྱི་གནད་ངེས་པར་བྱས་ན་ཟབ་མོའི་ཆོས་ཀྱི་དགོངས་ཉམས་རྙེད་པར་འགྱུར་རོ། །གསུངས་ན། དེ་ལྟར་ལུང་དང་མན་ངག རང་ཉིད་ཀྱི་ཉམས་མྱོང་རྣམས་ལ་ཞིབ་ཏུ་བརྟགས་ཤིང་དཔྱད་ན། ཚིག་འདྲ་ལ་དོན་མི་འདྲ་བ་དང་། དོན་ཕྱོགས་ཙམ་འདྲ་ཡང་གནད་ངོ་མ་མི་འདྲ་བ་ལ་སོགས་པ་མང་པོ་ཡོད་པའི་རྒྱུ་མཚན་དེས་ན། འདྲ་འདྲ་བ་ལ་ནོར་ དོགས་ཀྱི་འཕྲང་ཤིན་ཏུ་མང་ནི་རེད། དཔེར་ན། ཐ་མལ་གྱི་ཤེས་པ ་ཟེར་རྒྱུ་ལྟ་བུ་ཞིག་ལ་མཚོན་ན། སྤྱིར་བཏང་གི་དབྱེ་བ་གསུམ་འདྲ་ཞིག་ཡོད་ནི་རེད། འཁྲུལ་རྟོག་ཐ་མལ་གྱི་ཤེས་པ། ཉམས་རྟོགས་ཐ་མལ་གྱི་ཤེས་པ། གཉུག་སེམས་ཐ་མལ་གྱི་ཤེས་པ་གསུམ་དུ་གསུངས་དུས་ཡོད་ཀི་མོ། དེ་ཚོ་འདྲ་ཞིག་ཡིན་ན་སེན་དྷ་པ་ཡི་སྒྲ་བཞིན་དུ་སྐབས་ཐོབ་ཀྱི་གོ་བས་ཤེས་དགོས་རྒྱུ་ཞིག་རེད། འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་འདྲ་ཞིག་ཡིན་ན་མ་དག་འཁྲུལ་བ་རྒྱ་འབྱམས་ཀྱི་སྐབས་རེད། ཉམས་རྟོགས་ཐ་མལ་གྱི་ཤེས་པ་ཞེས་པ་ཅུང་ཟད་དག་པ་ལམ་གྱི་གནས་སྐབས་ན་བདེ་གསལ་མི་རྟོག་པའི་ཉམས་སྣ་ཚོགས་ཤར་ནོ་རེད། གཉུག་སེམས་ཐ་མལ་གྱི་ཤེས་པ་ཞེས་པ་དེ་ཤིན་ཏུ་དག་པ་འབྲས་བུའི་གནས་སྐབས་ལ་གསུང་གིན་ཡོད་ནི་རེད། དེ་ཡིན་དུས་ཐ་མལ་གྱི་ཤེས་པ་འདྲ་ཞིག་ལ་མཚོན་ན། ཐ་མལ་རང་ག་བའི་སེམས་ཅན་གྱི་འཁྲུལ་རྟོག་གི་ཤེས་པ་ལ་གོ་བའི་སྐབས་ཀྱང་ཡོད་ནི་རེད། འགྲོ་ཀུན་ཐ་མར་གློད་ཆེས་པས། །ཁམས་གསུམ་འཁོར་བར་གཏན་འཁྱམས་ན། །གསུངས་ཡོད་ནོ་དེ་འདྲ་དང་། རིག་པ་རང་བྱུང་གི་ཡེ་ཤེས་ལ་གོ་བའི་སྐབས་ཀྱང་ཡོད་ནི་རེད། ཐ་མལ་ཤེས་པ་རྒྱ་ཡན་ལ། །ཚིག་གིས་མི་མཚོན་རང་གིས་རིག །ཅེས་པ་ཡང་ཡོད་ནི་རེད། དེ་ལྟར་དུ་ཡིད་ལ་མི་བྱེད་པ་དང་བརྗོད་བྲལ་ལ་སོགས་པ་འདི་ཚོ་ལ་ཡང་ཡང་དག་ཡིན་མིན་གཉིས་རེ་ཡོད་པས། སྒྲ་མཐུན་ཞིང་འདྲ་ཡང་། དོན་གྱིས་འཕགས་པའི་ཁྱད་པར་གྱི་གནད་ངེས་པར་བྱས་ན། ཟབ་མོའི་ཆོས་ཀྱི་དགོངས་ཉམས་མ་ནོར་མ་འཁྲུལ་བར་རྙེད་ངེས་པས་དེ་ལྟར་དུ་བརྩོན་འགྲུས་བརྩམས་ནས་ཉམས་སུ་བླངས་ན། ཚེ་ལུས་གཅིག་གིས་འཚང་རྒྱ་བར་འགྱུར་རོ་གསུངས་ནི་རེད། སེམས་ངོའི་ངང་དུ་རང་བབས་བཞག་ཚེ་ཁ་ཅིག་གིས་གསལ་ཙམ་རིག་ཙམ་སྐྱོང་རྒྱུར་བྱས་ཏེ་ཡིད་ཤེས་ཀྱིས་གསལ་ལོ་སྙམ་པའི་ངང་དུ་འཇོག གསུངས་ན། སེམས་ཉིད་ཀྱི་ངོ་བོ་རིག་པ་ཆོས་སྐུའི་ངང་གསལ་སྟོང་དབྱེར་མེད་ཀྱི་ཀློང་དུ་དགག་སྒྲུབ་འཛིན་ཞེན་མེད་པར་རང་བབས་སུ་བཞག་པ་དེའི་སྐབས་ལ། སྒོམ་པ་བ་ཁ་ཅིག་གིས་སྟོང་རྐྱང་ལ་བཟུང་ན་ཆད་པའི་མཐར་ལྷུང་འགྲོ། དེ་ལྟར་འཛིན་ཞེན་གང་ཡང་མ་བྱས་ནི་ཙམ་གྱིས་བཞག་ན་ནི་ཧ་ཤང་གི་ལྟ་བ་རེད་འགྲོའོ་སྙམ་ནས་སེམས་རང་གི་ངོ་བོ་གསལ་བ་རིས་སུ་མ་ཆད་པ། རིག་ཙམ་པ་ཡིད་ཤེས་གཙོར་འདོན་སྒོམ་གྱི་སྐྱོང་རྒྱུར་བྱས་ནས། ཡིད་ཤེས་ཀྱིས་སེམས་ཀྱི་ཆོས་ཉིད་འདི་ནི་གསལ་ལོ་སྙམ་དུ་རྟོག་པའི་བྱེད་ལས་མ་ཉམས་པའི་ངང་དུ་འཇོག་མཁན་ཡོད་ནི་རེད་གསུངས་ནི་རེད། དེ་ལྟར་བཞག་ན་ཉམས་རྟོགས་ཐ་མལ་གྱི་ཤེས་པ་གཟུགས་ཁམས་སུ་སྐྱེ་སྤྱད་པོ་ཡིན་གསུངས་ནི་རེད། ཁ་ཅིག་གིས་སྟོང་ཆམ་མེ་བ་ཤེས་པ་སྟོང་སོང་བ་ལྟ་བུ་ལ་སེམས་འཛིན་ཀྱང་། གསུངས་ནི་རེད། ཡང་སྒོམ་པ་བ་ཁ་ཅིག་གིས། སྟོང་ཉིད་རྟོགས་པ་འདི་མེད་ན་ནི། སྲིད་རྩའི་བདག་འཛིན་གཅོད་ཐབས་ཡོད་ནི་མ་རེད། དེ་མ་ཆོད་ན་འཁོར་བའི་ནང་ནས་ཐར་ཐབས་ཡོད་ནི་མ་རེད་བསམ་ནས་ཡུལ་ཡེ་ནས་མ་གྲུབ་པ་སྟོང་ཆམ་མེ་བ། ཤེས་པའི་ངོ་བོ་ཅང་མེད་སྟོང་སོང་བ་ལྟ་བུ། ཅམ་འཇོག་གི་ངང་ལ་སྟོང་འཛིན་གྱི་བྱེད་ལས་མ་ཉམས་པར་སེམས་འཛིན་པ། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་ན། རྒྱ་ནག་ཧ་ཤང་དང་ལྷན་དུ་བཀའ་བཀྱོན་བརྒྱག་ས་ཅན་པོ། དེ་འདྲ་བྱེད་མཁན་ཡོད་ཀྱང་དེ་ནི་གསལ་ཆ་མེད་པའི་སྟོང་རྐྱང་གཟུགས་མེད་ཁམས་ལ་སྐྱེ་འགྲོ་སྤྱད་ཀྱི་ཉམས་རྟོགས་ཐ་མལ་གྱི་ཤེས་པ་ཡིན་ནི་རེད། འདི་གཉིས་ཀ་ཡེ་ཤེས་ཀྱི་ཆ་གཟུང་འཛིན་གྱི་ཉམས་ལ་ཞེན་པ་ཙམ་ཡིན་པས། དེའི་ཚེ་གསལ་བ་དང་གསལ་བར་འཛིན་མཁན། སྟོང་བ་དང་སྟོང་བར་འཛིན་མཁན་གྱི་ཤེས་པ་དྲན་འཛིན་གྱི་རྒྱུད་བྲེང་ངེ་བ་དེའི་བབས་ལ་བལྟས་པས། གསུངས་ན། བློའི་བྱེད་རྩོལ་གྱིས་གསལ་བ་ལ་དམ་དུ་འཛིན་པ་དང་སྟོང་བ་ལ་མངོན་པར་ཞེན་པ་འདི་གཉིས་ཀ་གསལ་སྟོང་སོ་སོར་ཡིད་ཤེས་ཀྱིས་ཡོད་པར་གཟུང་བའི་ཆ། ཀུན་གཞིའི་རྣམ་ཤེས་ཀྱི་ཁམས་ལ་གཟུང་འཛིན་གྱི་རྩལ་ཕྲ་མོ་ཞུགས་སོང་བའི་ཉམས་ལ་ཞེན་པ་ཙམ་ཡིན་པ་མ་གཏོགས། བརྗོད་བྲལ་སེམས་ལས་འདས་པའི་འཛིན་མེད་ཀྱི་ཡེ་ཤེས་རྫོགས་ཆེན་མཐར་ཐུག་གི་ལམ་ཡང་དག་མིན། དེའི་ཚེ་གསུངས་ན། དེ་ལྟ་བུའི་ལམ་སྐྱོན་ཅན་གྱིས་ཟིན་པ་དེའི་ཚེ། མ་འཁྲུལ་བའི་ལམ་ཡང་དག་པ་སྐྱོང་ཚུལ་དེ་ཅི་ལྟ་བུ་ཞིག་རེད་ཅེ་ན། གསལ་བ་དང་གསལ་བར་འཛིན་མཁན་གསུངས་ན། ཡུལ་གསལ་བ་རིས་སུ་མ་ཆད་པ་དང་དེ་ལ་ཡུལ་ཅན་གྱིས་གསལ་བ་རེད་བསམ་སྟེ་གསལ་བར་འཛིན་མཁན་དང་། ཡང་དེ་བཞིན་དུ་སྟོང་པ་དང་སྟོང་པར་འཛིན་མཁན་གསུངས་ན། ཡུལ་སྟོང་པ་ཉིད་དང་དེ་ལ་སྟོང་པ་རེད་བསམ་ནས་སྟོང་པར་འཛིན་མཁན་གྱི་ཤེས་པ་དྲན་འཛིན་གྱི་རྒྱུད་བྲེང་ངེ་བའམ་དམ་ཧྲིག་གེ་བ་ཞིག་ཡོད་རྒྱུ་དེའི་བབས་ལ་བལྟས་པས་གསུངས་ན་དེ་ཁོ་རང་ལ་རང་བབས་སུ་བལྟས་ཚེ། གསལ་ཞིང་སྟོང་བའི་བདག་ཉིད་ཅན་གྱི་ཡུལ་ཞིག་དང་དེར་འཛིན་གྱི་བློ་ཞིག་རིས་ཆད་དུ་གྲུབ་པ་མེད་པར། ཡེ་སྟོང་རྩ་བ་དང་བྲལ་བ་འཛིན་མེད་རིག་པའི་རང་གཤིས་རྗེན་ལ་བུད་པ། ཕྱིའི་ཡུལ་ལ་མཚན་མར་མ་བཟུང་། ནང་རྣམ་རྟོག་གི་འགྱུ་འཕྲོ་མ་མཐུད། བྱིང་རྒོད་ཀྱི་དབང་ལ་མ་སོང་། རེ་ དོགས་དགའ་སྡུག་གི་འཁྲིས་མི་གདག ཉམས་ཞེན་འཛིན་གྱི་རྟོད་ཕུར་ཕྱུང་། དྲན་མེད་རྨོངས་པའི་མུན་པ ་སངས་ནས་རྒྱ་ཆེ་ཤལ་ལེ། ཁོངས་ཡངས་ཁྲོལ་ལེ་བའི་ངང་སྐྱོང་བ་ནི་མདོ་སྔགས་ཐམས་ཅད་ཀྱི་དགོངས་པའི་གནད་མཐར་ཐུག་གཅིག་ལ་འབབས་ས་བོ་ཡིན་ནི་རེད། གཟུང་འཛིན་དུ་ཞེན་པའི་རྣམ་ཤེས་ཀྱི་རྟེན་ཕུར་ཕྱུངས་ཏེ་གསུངས་ན། ཕྱི་གཟུང་བའི་ཡུལ་སྣང་གཟུགས་སོགས་ལ་མཚན་མར་འཛིན་པ་དང་། ནང་འཛིན་པ་འཁྲུལ་བ་བློ་ཡི་བཀོད་པ་རྒྱ་འབྱམས་སུ་སོང་བ་མ་ཡིན་པར། སྣོད་བཅུད་ཀྱི་སྣང་བ་གང་ལ་ཡང་ཆེད་དུ་བཟང་ངན་འདོར་ལེན་དུ་ཞེན་པའི་རྣམ་ཤེས་ཀྱི་རྟེན་ཕུར་ཕྱུངས་ནས། དམིགས་གཏད་རྩིས་གདབ་འཛིན་ཞེན་གྱི་སྤུ་རིས་དང་བཅས་བཅོས་དགག་སྒྲུབ་སྤང་ལེན་གྱི་རྩོལ་བ་དོར་ནས། སྒོ་གསུམ་མ་བཅོས་རང་བབས་སུ་བཞག་ན། བདེ་གསལ་མི་རྟོག་པའི་ཉམས་སྣང་ལ་དགའ་བྲོད་དང་བདེན་ཞེན་གྱི་དྲི་མ་རང་སར་དག་ནོ། རྗེན་ནེ་ཡེ་རེ་བ་གསལ་སྟོང་མཐའ་དབུས་དང་བྲལ་བའི། རང་བབས་ལ་ཁོ་ཐག་ཆོད་དེ་དྭངས་སེང་ངེ་བ་དེ་ལ་རིག་ངོ་ཞེས་མིང་འདོགས་ཏེ། གསུངས་ན། རིག་པ་དེ་དུས་གསུམ་གྱི་རྟོག་པའི་ཤུབས་ནས་བུད་དེ་གཟིགས་དང། རིག་ཆ་རྗེན་པ་གཅེར་བུ་སྣང་སྟོང་སོ་སོའི་ཕྱོགས་སུ་མ་ལྷུང་བའི་རྗེན་ཡེར་རེ་བ། བཏང་བཞག་དགག་སྒྲུབ་དང་བྲལ་བ། རྟག་ཏུ་རིག་པའི་རང་ས་བཟུང་ཡང་སྟོང་འཛིན་རིས་ཆད་ཀྱི་མཚན་མས་བསླད་པ་མེད་པར། ངོ་བོ་སྟོང་རང་བཞིན་གསལ་གསལ་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། དུས་གསུམ་འཕོ་འགྱུར་མེད་པ། སྟེང་འོག་ཕྱོགས་མཚམས་སྣང་སྟོང་མཐའ་དབུས་དང་བྲལ་བའི་གནས་ཚུལ་ཇི་བཞིན་པ། མ་བཅོས་རང་བབས་ཆེན་པོ་ལ་མཁས་པ་བརྒྱ་དང་གྲུབ་ཐོབ་སྟོང་བྱོན་ཀྱང་འདི་ལས་གཞན་གསུངས་ཡོང་རྒྱུ་ཞིག་ཡོད་ནི་མ་རེད་བསམ་རྒྱུའི་ཁོ་ཐག་ནང་ནས་ཆོད་དེ། རིག་པ་དྭངས་སང་ངེ་བ། ཡངས་ཁྲོལ་ལེ་བ། རང་ཤར་འཛིན་པ་མེད་པ། རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་ཡུལ་སྣང་མ་འགག་པར་ཤར་བའི་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་པ་དེ་ལྟར། ཉིན་མཚན་དུས་བཞིར་ཉམས་སུ་ལེན་པ་ལ་གོམས་སོང་ནི་ཡིན་ན། དེར་རིག་ངོ་མཐོང་བ་ཞེས་མིང་འདོགས་ཏེ། གསུངས་ནི་རེད། རིག་ངོ་མཐོང་ཟེར་རྒྱུ་དེ་ཡང་མིང་གི་བླ་དྭགས་ཙམ་ཞིག་ཡིན་ནི་རེད་གསུངས་པའི་ཉམས་རེད། འཛིན་པ་ཅན་གྱི་ཉམས་ཀྱི་ཤུན་པ་དང་བྲལ་བའི་རིག་པ་ཡེ་ཤེས་རྗེན་པར་ཤར་བ་ཡིན་ནོ། །གསུངས་ན། བླང་དོར་རྩོལ་སྒྲུབ་ཀྱི་འཛིན་པ་དང་ཞེན་པ་ཅན་གྱི་ཉམས་ཀྱི་ཤུན་པ་དང་བྲལ་བའི་རིག་པ། ཡེ་གྲོལ་རྩལ་རྫོགས་ཆེན་པོ་ཅིར་སྣང་ཡེ་ཤེས་རྗེན་པའི་ངོ་བོར་སྣང་ངོར་ཤར་བ་ཡིན་ནོ་གསུངས་ནི་རེད། སྤྱིར་ན་ལྟ་བས་ཐག་བཅད་ན། སྒོམ་པས་དེ་ཉམས་སུ་བླངས་ནས། སྤྱོད་པས་བོགས་དབྱུང་སྟེ། མཐར་ཐུག་གི་འབྲས་བུར་བགྲོད་དགོས་ནི་ཡིན་ན། ལྟ་བ་འཆུག་དུས་སྒོམ་པ་འཆུག སྒོམ་པ་འཆུག་དུས་སྤྱོད་པ་འཆུག སྤྱོད་པ་འཆུག་དུས་དེའི་མུར་འབྲས་བུ་དང་བཅས་པ་ཡང་འཆུག་འགྲོ་ནི་རེད། རིག་པ་དང་རྐང་བར་ལྡན་དགོས་ནི་རེད། དེ་ཅི་ཟེར་ནི་རེད་ཅེ་ན། མིག་ལྟ་བུའི་ལྟ་བས་བལྟས་ནས་རྐང་བ་ལྟ་བུའི་སྒོམ་པས་བལྟ་ས་བོ་ལ་བརྫི་དགོས་ནི་རེད། མིག་གིས་བལྟས་མེད་སར་རྐང་བས་བརྫིས་ན་ལོག་ནིའི་ཉེན་ཁ་ཡོད་ནི་རེད། འགའ་རེས་མདོ་སྔགས་གཉིས་ཀྱི་ལྟ་བ་གཅིག་རེད་གསུངས་ནི་ཡོད་ནི་རེད། དེ་ཚོར་དགོངས་པ་གཞན་ཡོད་རྒྱུ་རེད། རང་ལུགས་ལ་ལྟ་བ་གཅིག་མ་རེད་ཟེར་དགོས་ནི་རེད། ལྟ་བ་འདི་ལ་ཆོས་ཅན་ལྟ་བའི་ལྟ་བ་དང་། ཆོས་ཉིད་ལྟ་བའི་ལྟ་བ། རང་རིག་ལྟ་བའི་ལྟ་བ་དང་གསུམ་ཡོད་ནི་རེད། ཆོས་ཉིད་ལྟ་བའི་ལྟ་བ་གཅིག་ཡིན་ཆོས་ཀྱི་དབྱིངས་གཅིག་རེད། འོན་ཀྱང་ཆོས་ཅན་ལྟ་བའི་ལྟ་བ་གཅིག་མིན། དཔེར་ན། མིག་གསལ་མི་གསལ་མང་པོས་ཐག་རིང་གི་གཟུགས་ལ་བལྟས་པ་དང་འདྲ་བར་མཐོང་བ་གསལ་མི་གསལ་ལ་ཁྱད་ཡོད། དེས་ན་གཅིག་མིན་གསུངས་ནི་རེད། མན་ངག་གཉིས་པ་འདི་ཉིད་ཀྱི་འགག་བསྡུ་བ་ནི། འདི་ལ་སྲིད་པའི་དྲྭ་བ་གཅོད་པའི་མན་ངག་ཅེས་བྱའོ། །གསུངས་ན། སྣང་སྲིད་གཞིར་བཞུགས་ཡེ་ནས་དེ་ལྟར་ཡིན་པའི་བདག་ཉིད་དེ་ལ། གཞི་གྲོལ་གྱི་ཚུལ་གྱིས་ཉམས་སུ་ལེན་ཚུལ་འདི་ལ། སྲིད་པའི་དྲྭ་བ་རྒྱུ་མ་རིག་པ་དང་ཀུན་གཞི་འབྲས་བུ་འཁོར་བའི་འཁྲུལ་སྣང་ཐམས་ཅད་མ་སྤངས་རང་སར་གྲོལ་བའི་མན་ངག་ཅེས་བྱའོ། །གསུངས་ན། སྟོང་རྐྱང་ཅང་མེད་ལ་སེམས་བཟུང་ན་གཟུགས་མེད་ཁམས་ཡན་ལ་མི་འཕགས། གསལ་ཆ་རིས་ཆད་ལ་སེམས་བཟུང་ན་གཟུགས་ཁམས་ལས་ཡར་མི་འཕགས་པ་ཡིན་པས། སྲིད་པའི་དྲྭ་བ་ཆོད་ཡོད་ནི་མ་རེད། དེ་གཉིས་ཀ་གང་ཅན་པོ་ཡིན་ཡང་ཀུན་གཞིའི་རྣམ་ཤེས་ཀྱི་ཁམས་ལ་གཟུང་འཛིན་གྱི་རྩལ་ཕྲ་མོ་ཞིག་ཞུགས་ནས་བསླད་སྐྱོན་ཐེབས་སོང་ནི་བོ། སྲིན་བུའི་ཁ་ཆུའི་དར་སྐུད་ཀྱིས་རང་གིས་རང་འཆིང་ནི་འདྲ་ཞིག་བྱས་ནས། གཟུང་འཛིན་གྱིས་བཅིངས་ཏེ་མ་ཐར་ནི་ཡིན་ན། གཟུང་འཛིན་ལ་ཞེན་པའི་རྣམ་ཤེས་ཀྱི་རྟེན་ཕུར་རྟ་འདོགས་པའི་རྟོད་ཕུར་འདྲ་བོ་དེ་ཕྱུང་བས། རིག་པ་གསལ་སྟོང་བརྗོད་མེད་ཀྱི་ངང་མངོན་དུ་གྱུར་བ་དེ་ལ་སྲིད་པའི་དྲྭ་བ་གཅོད་པའི་མན་ངག་གསུངས་ནི་རེད། མན་ངག་གཞུང་གི་དངོས་བསྟན་གྱི་རྩ་བའི་ས་བཅད་གཉིས་པ་སྲིད་པའི་དྲྭ་བ་གཅོད་པའི་མན་ངག་སོང་ནི་རེད། ད་གསུམ་པ་མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་མན་ངག་བསྟན་པ་ནི། དེ་བཞིན་དུ་ཡིད་དཔྱོད་ཉམས་ཀྱི་སྤུན་པ་སྣ་ཚོགས་དང་བྲལ་བའི་རིག་པ་འབྲས་སྣེའུ་ལྟ་བུ། ཞེས་གསུངས་ཏེ། གོང་དུ་བཤད་པ་ལྟར་འཁོར་འདས་གཞི་གྲོལ་གྱི་ཉམས་ལེན་ཚད་དུ་འཁྱོལ་ཞིང་ཚུལ་བཞིན་དུ་གོམས་པས། ཡིད་དཔྱོད་མཚན་མའི་དམིགས་གཏད་ཅན་གྱི་བློ་དང་། བདེ་གསལ་མི་རྟོག་སོགས་ཀྱི་ཉམས་ཀྱི་སྤུན་པའམ་ཤུན་པ་སྣ་ཚོགས་གསུངས་ན། བདེ་ཉམས་ཞེན་པ་ཅན་དང་གཅིག གསལ་ཉམས་འཛིན་པ་ཅན་དང་གཉིས། མི་རྟོག་པའི་ཉམས་གཡོ་མེད་དང་གསུམ། དེ་བཞིན་དུ་བྱིང་རྒོད་འཐིབ་གསུམ་ལ་སོགས་པའི་ཉམས་ཀྱི་ཤུན་པགས་འདྲ་བོ་ཡོད་ཉན་ནི་མ་རེད། རིག་པ་གཅེར་བུ་རྗེན་ན་འབུད་དགོས་ནི་རེད། དེ་འབུད་མ་ཐུབ་ན་སྐྱོན་ཅི་ཞིག་འཇུག་ནི་རེད་ཅེ་ན། དཔེར་ན། བདེ་བར་གོལ་ན་འདོད་ཁམས་དང་། གསལ་བར་གོལ་ན་གཟུགས་ཁམས། མི་རྟོག་པར་གོལ་ན་གཟུགས་མེད་ཁམས། རྒྱུ་སྙོམས་འཇུག་གི་བསམ་གཏན་ལ་གོལ་སོང་ན་འབྲས་བུ་སྐྱེ་བའི་བསམ་གཏན་ལ་ཉིང་མཚམས་སྦྱར་འགྲོ་རྒྱུ། དེ་ལྟ་བུའི་སྒོམ་པ་གོལ་ཤོར་ནོར་གསུམ་གྱི་འཕྲང་ཡོད་ནི་རེད། དེ་ལྟ་བུའི་རྣལ་འབྱོར་ལམ་གྱི་གནས་སྐབས་ཀྱི་ས་ཐག་རིང་ལ་སོང་ན་ལམ་བདེ་གཟར་སྣ་ཚོགས་ལ་འཕྲད་པ་དང་འདྲ་བའི་ཉམས་ཀྱི་ཞེན་པ་སྣ་ཚོགས་ཟད་དེ་ཆོས་ཟད་ཀ་དག་ཆེན་པོའི་གཞི་ཀློང་དུ་ཐིམ་པས། མ་དག་འཁྲུལ་སྣང་ཐམས་ཅད་བྲལ་བའི་ནང་གསལ་གཞོན་ནུ་བུམ་པ་སྐུའི་མཁྱེན་ཆ། ཕྱིར་གསལ་རིག་པའི་སེམས། འབྲས་ཀྱི་སྣེའུ་འམ་ཤུན་པ་མེད་པའི་འབྲས་རྗེན་པ་ལྟ་བུ་ཆོས་ཉིད་ཀྱི་རང་བབས་རང་གསལ་གྱི་སྒོ་ནས་ངོས་ཟིན་པར་བྱའོ། །གསུངས་ན། ཡིད་དཔྱོད་ཉམས་ཀྱི་སྤུན་པ་དང་བྲལ་བའི་ཆོས་སྐུ་མཐའ་བྲལ་ཟང་ཐལ་གྱི་ཡེ་ཤེས་དེ་ལས་རང་སྣང་གཉིས་སུ་མ་ཡིན་པའི་ལོངས་སྐུའི་བཀོད་པ་དང་གཞི་སྣང་འགྲོ་བའི་ཁམས་ལ་གང་འདུལ་དེར་སྟོན་དུ་རང་གསལ་གྱི་སྒོ་ནས་སྣང་བ་སྤྲུལ་སྐུའི་ཡེ་ཤེས་མངོན་དུ་སྣང་བ་འབྲས་བུའི་ཚད་དེ་ཉིད་ངོས་ཟིན་པར་བྱའོ། །ཞེས་རིག་པའི་བབས་ངོ་ཤེས་པ་ཙམ་གྱིས་མི་ཆོག་པར་དེ་གའི་ངང་དུ་གོམས་པའི་གནས་ཆ་བརྟན་དགོས་པས། ཤེས་པ་རང་བབས་བཞག་པའི་དྲན་རྒྱུན་མ་ཡེངས་པར་སྐྱོང་བ་གལ་ཆེ། ཞེས་གསུངས་ཏེ། བསལ་བཞག་བྲི་གང་དང་བྲལ་བའི་རིག་པའི་བབས་ངོ་ཤེས་ནས་ངོ་འཕྲོད་པ་ཙམ་གྱིས་མི་ཆོག་སྟེ། མདོ་ལས། ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་བཏུང་སྐོམ་ནི་མི་སེལ་བཞིན། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །གསུངས་ནི་རེད། དེ་ཡིན་ན་སྐོམ་པའི་གདུང་བ་སེལ་དགོས་ན། ཆུ་མཐོང་བས་ཕན་པ་ཡོད་ནི་མ་རེད། ཁོག་ལ་སོང་ན་ད་གཟོད་སྐོམ་སེལ་ནི་རེད། ཀུན་མཁྱེན་འཇིགས་བྲལ་གླིང་པས། རིག་ངོ་འཕྲོད་ཀྱང་དེ་ངང་མ་བསྒོམས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་བཞིན། །གསུངས་པ་ལྟར། རྐྱེན་དང་འཕྲད་ཚེ་ཚུགས་ཐུབ་ནི་མ་རེད། ལས་ཉོན་འཁྲུལ་བའི་སྣང་བ་དབྱིངས་སུ་ཞི་བའི་ཐབས་ལ། འབད་པ་བརྒྱ་ཕྲག་གིས་བརྩོན་ནས་བསྒོམ་དགོས་ནི་རེད། གཞི་རང་གནས་ཀྱི་ཡེ་ཤེས་གདོད་ནས་འགྱུར་བ་མེད་པ་ཉི་མ་ལྟ་བུའི་ཆ་དེ་ལ། སྤང་བྱ་གློ་བུར་འཕྲལ་བྱུང་གི་དྲི་མ་སྤྲིན་ལྟ་བུའི་སྒྲིབ་གཡོག་དང་བྲལ་བ་དག་པ་གཉིས་ལྡན་གྱི་རང་བཞིན་བརྟན་པོ་རང་ཚུགས་ཐུབ་ནི་ཞིག་མངོན་དུ་གྱུར་དགོས་པས། སྤྱོད་ལམ་རྣམ་བཞི་ལ་སོགས་པ་དུས་དང་རྣམ་པ་ཀུན་ཏུ་སེམས་འཁྲུལ་བའི་དབང་དུ་ཤོར་གྱིན་ཡོད་མེད་དྲན་པས་རྒྱང་འཚོ་བྱས་ཏེ། སྣང་ན་སྣང་བའི་ཐོག འགྱུས་ན་འགྱུ་བའི་ཐོག གནས་ན་གནས་བའི་ཐོག་དེ་ལ་ཤེས་པ་རང་བབས་སུ་མ་བཅོས་པར་ཅོག་གེར་བཞག་པས། ཡེངས་འཁྲུལ་འདྲེས་མ་མ་ཡིན་པར་དྲན་པའི་རྒྱུན་མི་ཆད་ནས་བསྐྱང་བྱ་སྐྱོང་བྱེད་གཉིས་མེད་ཀྱི་རིག་ངོ་རྗེན་པར་བསྐྱངས་ཐུབ་རྒྱུ་ཡིན་ན། ཡུལ་སྣང་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱི་རོལ་བར་རྡོ་ཚན་གྱི་སྟེང་དུ་ཁ་བའི་འདབ་མ་ཕོག་པ་འདྲ་ཞིག་གིས་རང་གྲོལ་དུ་སོང་ནས་འཛིན་ཞེན་ནམ་མཁའི་བྱ་རྗེས་ལྟར་དག་སོང་དུས། འཛིན་མེད་རང་བཞག་གི་ངང་ནས། སྤྱོད་པ་དང་སྣང་བ་སྣ་ཚོགས་ལ་རྩལ་སྦྱང་ཐུབ་རྒྱུ་དེ་གལ་ཆེན་ཞིག་རེད། ཉམས་ལ་འདྲ་མི་འདྲ་ཤར་ནི་རེད། རྣལ་འབྱོར་བའི་ཉམས་ལ་མི་ཤར་རྒྱུ་ཞིག་དང་དབྱར་ཁའི་སྤང་ལ་མི་སྐྱེ་རྒྱུ་ཞིག་ཡོད་ནི་མ་རེད། འོན་ཀྱང་ཉམས་གཅིག་གི་ཐོག་ཏུ་འདུག་ནི་མ་རེད། ཉམས་ན་བུན་དང་འདྲ་སྟེ་ཡལ་ནས་འགྲོ་གསུངས་ནི་རེད། ཉམས་རྟོགས་པ་གཉིས་ཀ་ཁ་ཁ་རེད། དེ་ལྟར་སྐྱོང་དུས་རེས་ཅི་ཡིན་མེད་པའི་མི་རྟོག་རྨུན་པོ། གསུངས་ན། གོང་དུ་བཤད་པ་ལྟར་ཐོས་བསམ་གྱིས་མཐའ་རྒྱ་བཅད་ནས། མན་ངག་ལ་ཐེ་ཚོམ་བསལ། མི་མེད་ཀྱི་དབེན་པ་བསྟེན། སྨྲ་བརྗོད་ཀྱི་ཞེན་པ་བོར། གཏད་མེད་ཀྱི་སྤྱོད་པ་བསྐྱངས། སྣང་སེམས་ལ་རང་དབང་འབྱོར་བའི་སྤྱོད་པའི་རྒྱལ་པོ་བདུན་གྱི་ངང་བསྐྱངས་དུས། རེས་ཅི་ཡིན་འདི་ཡིན་མེད་པའི་མི་རྟོག་རྨུན་པོ། རྨུན་པོ་གསུངས་ན་གླེན་ཐོམ་མེ་བ་རིག་པའི་དྭངས་ཆ་དང་གསལ་ཆ་གཉིས་ཀ་མི་ཐོན་པའི་གཉིད་མཐུག་གི་སྐབས་ལྟ་བུ་ཡོང་རྒྱུ་ཡོད་ནི་རེད། དེའི་སྐབས་ལ་དེ་སེལ་བའི་ཐབས་སུ། གེགས་སེལ་ཅི་ཞིག་དགོས་ནི་རེད་ཟེར་ན། རང་སེམས་འདི་ཉིད་ཨ་ཡིག་དཀར་པོའི་རྣམ་པར་ཚངས་པའི་བུ་ག་ནས་ཡར་ལ་ཐོན་ནས། ནམ་མཁའ་ན་ལིང་ངེར་འདུག་པ་དེར་སེམས་གཏད། བལྟ་སྟངས་ཡང་ནམ་མཁར་ཡར་གཏད་ནས། ངག་ནས་ཨ་ཞེས་བརྗོད་དགོས་ནི་རེད། མཐར་ཨ་ཡིག་ཀྱང་ཇེ་མཐོ་ཇེ་མཐོར་སོང་ནས་མི་སྣང་བར་གྱུར་བར་སེམས་གཏད་དགོས་ནི་རེད། དེས་ཅི་ཞིག་ལ་ཕན་ཐོགས་ནི་རེད་ཅེ་ན། རྨོངས་ཤིང་མུན་པའི་ཆ་དེ་སངས་ནས་རིག་ངོ་རྗེན་པར་འཆར་རྒྱུ་ལ་ཕན་ཐོགས་ཡོད་གསུངས་ནི་རེད། དེ་ལ་སོགས་པའི་གེགས་སེལ་སྣ་ཚོགས་གསུངས་ཡོད་ནི་རེད། རེས་ལྷག་མཐོང་གི་དྭངས་ཆ་ཐོན་པའི་མི་རྟོག་ཟང་ཐལ། གསུངས་ན། སྐབས་རེས་འགར་ལྷག་མཐོང་གི་རང་ངོ་ཤེས་པའི་དྭངས་ཆ་ཐོན་པས། ཤེས་པ་གང་དུ་ཡང་མི་རྟོག་པའི་ངང་དེ་ནས། འཛིན་ཞེན་རང་སར་གྲོལ་ཏེ་སྟོང་སང་ངེ་། ཟང་ཐལ་ལེ། དྭངས་གསལ་ལེ། ཡང་ཁྲོལ་ལེར་སོང་ནས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རིག་ངོ་རྗེན་པ། མ་སྐྱེས་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པ་དང་། ཡང་སེམས་ནམ་མཁར་ཐིམ་སོང་ནིའི་སྣང་བ་དང་། ལུས་གཞི་མེད་དུ་ཡལ་སོང་བའི་སྣང་བ། ལོ་མང་པོར་ཏིང་ངེ་འཛིན་དེའི་ངང་ལ་གནས་ཐུབ་པའི་སྣང་བ། རྣམ་རྟོག་ཤར་ལོང་མེད་པར་ཏིང་ངེ་འཛིན་གྱི་ངང་དུ་ཐིམ་སོང་བའི་སྣང་བ་ལ་སོགས་པ་བྱུང་ན་དེ་ལ་མཆོག་འཛིན་གྱི་བློ་སྤངས་ནས་བླ་མའི་མན་ངག་བཞིན་ཉམས་སུ་མ་བླངས་ན། དང་པོའི་དུས་སུ་ལམ་ཡང་དག་ཡིན་ན་ཡང་། མཐའ་མར་སྐྱོན་གྱིས་བསྒྱུར་ནས་ཕྱིན་ཅི་ཁར་གྱུར་ནས། ཁམས་གོང་མར་གོལ་བ་ལ་སོགས་པའི་གོལ་ཤོར་ནོར་གསུམ་གྱི་སྐྱོན་བསལ་དགོས་ནི་རེད། རེས་བདེ་ཉམས་ཞེན་པ་ཅན། གསུངས་ན་ཡང་སྐབས་རེས་འགར་བདེ་ཉམས་ཞེན་པ་ཅན་ཉམས་དེ་དང་འབྲལ་མི་བྲ་བ་ལྟ་བུ་ཤར་ཡོང་ན། དེ་དུས་གློ་བུར་དུ་ཕཊ་སྒྲ་དྲག་པོ་བརྗོད་དགོས་ནི་རེད། ཐབས་ཤེས་འབྲེལ་བའི་ཡི་གེའི་སྒྲ་གདངས་ཕཊ་སྒྲ་དྲག་པོ་དེ་བརྒྱབ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཟང་ཐལ་གྱི་རིག་པ་ལྷག་གེར་འཆར་བ་ཡིན་པས། དེའི་ངང་སྐྱོང་དགོས་ནི་རེད། རེས་བདེ་ཉམས་ཞེན་མེད། གསུངས་ན། ཡང་མཚམས་རེར་སྣང་བ་ཐམས་ཅད་པོ་དགའ་བདེའི་ཚོར་བ་སྐྱིད་པའི་རྐྱེན་དུ་སྣང་རྒྱུ་དང་། ཚོར་བ་བདེ་བ་ལུས་སེམས་ཀྱིས་མི་བཟོད་པ་སྐྱེ་རྒྱུ་སོགས་ཅི་ཞིག་ཤར་ཡང་དངོས་གཞི་ལྟ་བས་ས་ཟིན་པར་བྱེད་དགོས་ནི་རེད། དགའ་ཞེན་རང་ཁ་མའི་དབང་དུ་སོང་ན་འདོད་ཁམས་སུ་གོལ་བར་གསུངས་ཡོད་ནི་རེད། རེས་སྣ་ཚོགས་གསལ་ཉམས་འཛིན་པ་ཅན། གསུངས་ན། ཡང་མཚམས་མཚམས་དང་སྐབས་རེས་འགར་སྣང་བ་སྣ་ཚོགས་ཤར། ཤར་རྒྱུ་དེ་ཡང་གསལ་བའི་ཉམས་འཛིན་པ་ཅན་འདྲ་བྱུང་ན། རུ་ཤན་གྱི་སྤྱོད་པས་ཉམས་སུ་བླངས་ཏེ་བླང་དོར་མེད་པའི་སྤྱོད་པ་སྤྱད་ན། གེགས་སེལ་དུ་འགྲོ་རྒྱུ་དེ་མོ་ཡིན་ནི་རེད། རེས་དྭངས་གསལ་རྙོག་མེད་འཛིན་བྲལ། གསུངས་ན། སྐབས་རེས་འགར་ཉམས་དྭངས་ཤིང་གསལ་བ། རྙོག་མེད་འཛིན་པ་དང་བྲལ་བ། ཕ་རོལ་པོ་མི་གཞན་གྱི་སེམས་ཤེས་སྣང་ཤར་རྒྱུ། རང་ལུས་དང་གནས་ཁང་རི་བྲག་སོགས་ཀྱི་དངོས་པོ་སྒྲིབ་མེད་དུ་མཐོང་རྒྱུ། ལྷའི་ཞལ་མཇལ་བ། རང་གཞན་གྱི་སྔོན་གནས་དང་། ཕྱི་མའི་སྐྱེ་གནས་སོགས་རིག་གིན་འདུག་རྒྱུ། མཚམས་རེར་སྣང་བ་ཐམས་ཅད་ཡི་གེ་དང་བརྡ་སྣ་ཚོགས་སུ་ཤར་ནས་མདོ་སྔགས་རིག་གཞུང་ཐམས་ཅད་ཐོགས་མེད་དུ་རྩོམ་ཐུབ་སྙམ་ཤར་རྒྱུ། དུས་གསུམ་གྱི་བླང་དོར་སྟོན་པའི་ལུང་བསྟན་ལ་ཐོགས་པ་མེད་པར་ས་ལེར་སྣང་བ་ལ་སོགས་པ་ཅི་ཞིག་ཤར་གྱིན་བསྡད་ཀྱང་། དེ་ལ་དགའ་ཞེན་སྤངས་ནས་རིག་པའི་བཙན་ས་འཛིན་དགོས། དེ་དུས་སུ་ཨ་འཐས་བདེན་ཞེན་གྱི་དབང་དུ་སོང་ན་གཟུགས་ཁམས་སུ་གོལ་བར་གསུངས་ཡོད་ནི་རེད། རེས་རྩུབ་ཉམས་མི་སྡུག་པ། གསུངས་ན། སྐབས་རེས་འགར་སྔར་དང་མི་འདྲ་བར་གདུག་རྩུབ་ཀྱི་ཉམས་མི་སྡུག་པའམ་ཁྲོ་ཞིང་སྡང་བའི་རྣམ་པ་ཅན། རང་རྒྱུད་སྔར་དང་མི་འདྲ་བར་གནས་འགྱུར་ནས་མི་མཐུན་པའི་རྐྱེན་ཆུང་ཆུང་རེ་ལ་བརྟེན་ནས་ཁྲོ་བ་དང་། མཐུན་པའི་རྐྱེན་ཟས་གོས་ནོར་རྒྱན་ལ་སོགས་པ་ཇི་ལྟར་ཕུན་སུམ་ཚོགས་ཀྱང་ཡིད་མི་དགའ་ནི། སེམས་མི་བདེ་ནི། འདུག་ས་གཅིག་ལ་འདུག་མི་ཚུགས་པར་འགྲོ་སྣང་ཤར་གྱིན་འདུག་རྒྱུ། གཞན་ཕ་རོལ་པོ་ཐམས་ཅད་ཀྱིས་རང་ཉིད་ལ་ངན་པ་ཞིག་བཤད་ཀྱིན་མེད་ཀྱང་ཡོད་སྣང་ཤར་ནི། ཐམས་ཅད་ཀྱིས་རང་ཉིད་ལ་སྐྱོན་བརྗོད་དང་སྡང་སེམས་བཅངས་ཀྱིན་ཡོད་ནིའི་སྣང་བ་ཤར། ཉམས་ལེན་གང་བྱས་ཀྱང་རྣམ་རྟོག་གི་ཁ་སྣོན་དུ་འགྱུར་སྣང་ཤར་རྒྱུ། ཐ་ན་ཆོས་ལ་ཡང་ཞེ་སྡང་སྐྱེ་རྒྱུ་སོགས་ཀྱི་ཉམས་ཤར་དུས་འགའ་རེ་དེའི་ཐོག་ནས་སྨྱོས་འགྲོ་ནི་ཡང་ཡོད་ནི་རེད། དེ་དུས་མཉམ་པར་བཞག་ནས་གྲིམ་ལྷོད་རན་པོ་ཞིག་གི་ཐོག་ནས་རིག་ངོ་བསྐྱངས། རྗེས་ཐོབ་ཏུ་སྣང་བ་གང་ཤར་ཐམས་ཅད་ཉམས་ཀྱི་སྣང་བ་ཡིན་ནོ་ཤེས་པར་བྱས་ནས། སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ་བསྒོམས་ནས། དག་སྣང་སྦྱང་རྒྱུ་གལ་ཆེ་གསུངས། དེ་འདྲར་གོལ་སོང་ན་གདུག་རྩུབ་ཅན་གྱི་འདྲེ་ངན་དུ་སྐྱེ་བའི་ཉེན་ཁ་ཡོད་གསུངས་ནི་རེད། རེས་འཇམ་ཉམས་ཡིད་འོང་། གསུངས་ན། གོང་གི་དེ་ལས་ལྡོག་ནས་མཚམས་རེས་འགར་ཉམས་འཇམ་པོ་ཡིད་དུ་འོང་བ། ཡིད་མི་བདེ་བ་དང་ཞེ་སྡང་མེད་ནི། གང་ན་བསྡད་ཀྱང་སྐྱིད། སུ་དང་འགྲོགས་ན་མཐུན། ཐམས་ཅད་པོ་རང་ཉིད་ལ་དགའ་བཞིན་ཡོད་སྣང་དང་ཐམས་ཅད་ཀྱིས་རང་ཉིད་ལ་བསྟོད་བསྔགས་ཏག་ཏག་བྱེད་ཀྱིན་ཡོད་ནིའི་སྣང་བ་ཤར་རྒྱུ། ཅུང་ཟད་ཅིག་བསྒོམས་ཀྱང་ཡར་སྐྱེད་ཡོད་སྣང་ཤར་རྒྱུ། ནད་གདོན་དང་བར་ཆད་ཀྱི་རིགས་རྨེག་མེད་དུ་གྱུར་སྣང་ཤར་རྒྱུ་དེ་འདྲ་ཡོང་ན་དེ་དག་ལ་ཞེན་པ་མེད་པར་ཏིང་ངེ་འཛིན་གྱི་ངང་བསྐྱང་ཐུབ་དགོས་ལ། དེ་དུས་ཞེན་མེད་ཀྱི་ངང་སྐྱོང་མ་ནུས་པར་དེར་གོལ་སོང་ན་འདོད་ལྷའི་གནས་སུ་སྐྱེ་བ་ལེན་འགྲོ་བར་གསུངས་ཡོད་ནི་རེད། རེས་རྣམ་རྟོག་ཆེས་འཚུབ་ཆེ་བའི་ཕྱིར་འབྲངས་ནས་སྒོམ་སྟོར་བ། ཞེས་གསུངས་ན། ཡང་དུས་རེས་འགའི་སྐབས་སུ་རིག་ངོ་སྐྱོང་བཞིན་ཡོད་ནིའི་སྐབས་སུ་རྣམ་རྟོག་མང་པོ་ཞིག་གཅིག་ཐོག་ཏུ་གཅིག་འཕྲོས་ཏེ། འཚུབ་ཆེ་བའི་རྣམ་རྟོག་འདྲ་མི་འདྲའི་རྗེས་དེད་དེ་དེའི་ཕྱིར་འབྲངས་ནས་རིག་ཐོག་ཏུ་མི་འདུག་པར་སྒོམ་སྟོར་བའམ་སྒོམ་བོར་བ་དེ་འདྲ་ཡོང་བའི་སྐབས་སུ་ས་སྟོང་ལུང་སྟོང་དུ་སོང་སྟེ་ཁ་ནས་གཏམ་གང་དྲན་སྣ་ཚོགས་སྨྲ་ཞིང་། ཡིད་ཀྱིས་རྣམ་རྟོག་མང་པོ་ཆེད་དུ་ཡར་བསླངས་པས། མཐར་རྣམ་རྟོག་འཕྲོ་མི་བསམ་པར་འཕྲོ་རོགས་མི་བྱེད་པ་དེ་འདྲ་བྱུང་དུས། རང་ངོ་བསྐྱངས་བས་རང་སར་གནས་ཐུབ་ནི་ཞིག་ཡོང་གསུངས་ནི་རེད། རེས་འཐིབ་དྭངས་མི་ཕྱེད་པས་རྙོག་པ་ཅན་སོགས། གསུངས་ན། ཡང་སྐབས་རེས་འགར་འཐིབ་ཆ་དང་དྭངས་ཆ་གཉིས་ཀ་ཁ་ཁ་འབྱེད་མི་ཐུབ་པར་དབྱེ་བ་མི་ཕྱེད་པའི་རྙོག་པ་ཅན། རིག་པ་དང་ཀུན་གཞི་དྭངས་སྙིགས་འབྱེད་མི་ཐུབ་པར་ཉོག་སོང་ནིའི་རྙོག་པ་ཅན་དེ་འདྲ་བྱུང་ན། ཡང་གེགས་སེལ་དུ་སྐབས་སུ་རི་མཐོན་པོའི་རྩེ་སོགས་ལ་སོང་ནས། ཁ་ནས་ཧ་སྒྲ་དྲག་པོ་དང་བཅས་ཏེ་རླུང་རོ་ཕྱིར་ལ་འཕང་སྟེ། སྣང་ཐོག་ཏུ་ཅེར་གྱིས་གཏད་ནས་བསྒོམ་ན་རིག་པའི་གསལ་ངར་ཐོན་ཏེ་ཞི་ལྷག་ཟུང་འཇུག་གི་ལམ་རྒྱུད་ལ་སྐྱེ་བར་འགྱུར། གསུངས་ཡོད་ནི་རེད། ཐོག་མེད་ནས་གོམས་པའི་རྣམ་རྟོག་དང་ལས་རླུང་གི་རྦ་རླབས་སྣ་ཚོགས་ངེས་པ་དང་ཚད་བཟུང་མེད་པར་འབྱུང་བ་ནི། ལམ་རིང་པོར་ཞུགས་པས་བདེ་གཟར་སྣ་ཚོགས་ཀྱི་གནས་མཐོང་བ་དང་འདྲ་བས་གང་ཤར་ཆེད་འཛིན་མེད་པར་རང་ལམ་བསྐྱང་། གསུངས་ན། འཁོར་བར་འཁོར་བའི་ཐོག་མེད་ཀྱི་དུས་ནས་ད་ལྟའི་བར་དུ་གོམས་སོང་བའི་རྣམ་རྟོག་དང་ལས་རླུང་བློ་ངན་གོམས་ཀྱི་བག་ཆགས་ཤོག་བུ་དྲིལ་ལམ་ལ་རྒྱུག་པ་ལྟ་བུའི་རྦ་རླབས་སྣ་ཚོགས་གང་ཟག་སོ་སོའི་ཁམས་ཀྱི་བྱེ་བྲག་གི་ཉམས་སྣ་ཚོགས་པ། འདི་རེད་ཅེས་གཅིག་ཏུ་ངེས་པ་ཅན་དང་། དེ་རེད་ཅེས་མཐའ་གཅིག་ཏུ་ཚད་བཟུང་མེད་པར་འབྱུང་བ། དཔེར་ན། ས་ཐག་རིང་དུ་འགྲོ་བའི་འགྲུལ་བ་བཤུལ་ལམ་རིང་པོར་ཞུགས་པའི་གང་ཟག་གིས་ལ་མཐོན་པོའི་རྩེ་མོར་གྱེན་དུ་བགྲོད་དགོས། ཐུར་རིང་བོའི་གཞུང་ལ་ཐུར་དུ་འབབ་དགོས། ཐང་ཆེན་པོའི་དཀྱིལ་གཤགས། རྩིབ་རིང་པོ་འཕྲེད་ཀྱིས་བཅད་དེ་ལམ་བདེ་གཟར་སྣ་ཚོགས་ཀྱི་གནས་མ་མཐོང་བར་ས་ཐག་རིང་ལ་མི་སླེབས་པ་དང་འདྲ་བས། གང་ཤར་ཆེད་འཛིན་མེད་པར་རང་ལམ་བསྐྱང་། ཞེས་གསུངས་ན། སྣང་བ་གང་ཅན་པོ་ཤར་གྱིན་སྣང་གིན་བསྡད་ཀྱང་དེ་ལ་དགའ་སྡུག་དང་རེ་དོགས་མེད་པར་བདེན་མེད་རྨི་ལམ་གྱི་རང་བཞིན་དུ་ཐག་བཅད་ནས་ག་ལེར་ལྷོད་ལ་འབེབ་དགོས་ནི་རེད། ཉམས་བཟང་ངན་གང་ཤར་ཡང་དེར་ཞེན་རྒྱུ་དང་དེའི་རྗེས་སུ་འདེད་རྒྱུ། དེའི་གཉེན་པོ་ཆེད་དུ་བསྟེན་རྒྱུ་དེ་འདྲ་མི་བྱེད་པར་ལྷོད་ལ་འཇོག་དགོས། ལས་ཀྱི་འཕེན་པ་རྒྱང་རིང་བས། །སྐྱིད་སྡུག་སྣ་ཚོགས་ད་གཟོད་འོང་། །འབྱོར་ཡང་དྲེགས་པ་མི་བྱ་ཞིང་། །རྒུད་ཀྱང་ཞུམ་པར་མི་བྱའོ། །གསུངས་ནི་རེད། རྣམ་རྟོག་ཟེར་རྒྱུ་འདི་བཙན་གྱིས་བཀག་ན་ཁོག་ནི་མ་རེད། ཆུ་ཆེན་པོའི་འོལ་ཁ་དེ་བཀག་ན་ཁེག་རྒྱུ་ཞིག་ཆེ་ཡིན་ཇེ་སྡུག་ཡིན་ནི་རེད། དེས་ན་སྐྱིད་སྡུག་གང་བྱུང་ཡང་ག་ལེ་སོས་དལ་མོ་བྱེད་དགོས་ནི་རེད། རྣམ་རྟོག་ཤར་ཚད་ལ་ཆེད་འཛིན་མེད་པར་རིག་པ་སྟོང་གསལ་བརྗོད་མེད་རྩོལ་བྲལ་ཅོག་བཞག་ཆེན་པོའི་རང་ལམ་བསྐྱངས་ནས་ཉམས་སུ་བླང་། འདིའི་སྐབས་སུ་བླ་མ་ལ་གསོལ་བ་འདེབས། དད་པ་དང་མོས་གུས་དྲག་པོ་བྱེད་རྒྱུ་གལ་ཆེ་ནི་རེད། མོས་གུས་དད་པའི་སྣང་བ་ལ། །རིག་པ་རང་བྱུང་འགག་མེད་གསལ། །གསུངས་ནི་རེད། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས། ཉམས་གང་ཤར་ན་ཡང་དེ་ལ་བླང་དོར་དང་ཆེད་འཛིན་མེད་པར་རིག་པའི་རང་ས་བཟུང་། རང་ལམ་བསྐྱང་རྒྱུར་བརྩོན་པ་མ་ཞན་ན། ཉམས་རྟོགས་རིམ་གྱིས་སྐྱེས་པ་དང་ཉམས་རྟོགས་ཀྱི་ཡོན་ཏན་ཡང་རིམ་གྱིས་འཕེལ་རྒྱུ་ཅན་ཞིག་ཡིན་ནི་རེད། ལྷག་པར་མ་གོམས་པའི་དུས་ན་རྣམ་རྟོག་སྣ་ཚོགས་མེ་ལྟར་འབར་བ། གསུངས་ན། ལས་དང་པོ་བའི་སྐབས་ལྟ་བུར་ལྷག་པར་དུ་ཞི་ལྷག་ཟུང་འབྲེལ་གྱི་ལམ་ལ་ཡུན་རིང་དུ་གོམས་འདྲིས་མ་སོང་བར་མ་གོམས་པའི་གནས་སྐབས་ན། སྒོམ་གྱི་མགོ་ཟིན་པའི་རྟགས་འོག་ནས་འབྱུང་མ་རག་པ་ལྟར། ཆོས་ཅན་གྱི་རྣམ་ཤེས་ལྷོད་ལ་བཞག་པས། དེའི་ཆོས་ཉིད་ཡེ་ཤེས་རང་གསལ་དུ་ཤར་ཡོང་ནི་རེད། གནས་དང་། ལམ་དང་། སྒོ་ལ་སོགས་པ་བརྒྱད་ཀྱི་ཐོག་ནས་སེམས་དང་ཡེ་ཤེས་ཀྱི་ཁྱད་པར་འབྱེད་རྒྱུ་ཡོད་ནི་རེད། མདོར་ན། འོག་འགྱུ་ཕྲ་བ་བར་མ་ཆད་པ་དང་འཕྲོ་རྒོད་ཀྱི་རྣམ་རྟོག་རགས་པ་སྣ་ཚོགས་མེ་ལྟར་འབར་བ་འབྱུང་ནི་རེད། དཔེར་ན། ཆུ་དྲག་འབབ་ཀྱི་གཏིང་གི་སྲོག་ཆགས་དེ་མཐོང་མི་ཐུབ་ཀྱང་། དལ་འབབ་ཀྱི་ནང་གི་ཉ་དང་རྡོ་སོགས་ཅི་ཞིག་ཡོད་ན་གསལ་མོ་བྱས་ནས་མཐོང་ཐུབ་པ་བཞིན་དུ་སྔར་རྣམ་རྟོག་རྒྱ་འབྱམས་ཁ་ཡན་དུ་ཤོར་དུས་རྟོག་ཚོགས་འགྱུ་བཞིན་ཡོད་ནོ་ངོས་མ་ཟིན་ནི་རེད། འདིའི་སྐབས་སུ་རྣམ་རྟོག་ཇེ་མང་ཇེ་རྒོད་དུ་བུད་ཐལ་བསམ་རྒྱུ་དེ་རྣམ་རྟོག་ལ་བདག་པོ་སྤྲོད་ནི་ཞིག་ཡོད་ཡོང་དུས་རྣམ་རྟོག་ཅེས་པ་འཕྲོ་རྒོད་ཅན་ཞིག་ཡིན་ནོ་ལྷང་ལ་བུད་ནས་ཤེས་ཡོང་ནི་རེད། གཡོ་བའི་ཉམས་ཀྱི་དུས་སུ་དེས་མ་སུན་པར་བྱས་ཏེ། སྒྲིམ་ལྷོད་རན་པོས་རྒྱུན་མ་བཏང་བར་བསྐྱང་བས་ཐོབ་པ་སོགས་ཉམས་ཕྱི་མ་དག་རིམ་བཞིན་འབྱུང་ངོ་། །གསུངས་ན། འདིའི་སྐབས་ལ་གནས་པའི་མགོ་ཙམ་ནས་རྣམ་རྟོག་གང་འགྱུ་ཐེར་ལ་བུད་དེ། རྟོག་ཚོགས་ཇེ་རགས་སུ་སོང་ཐལ་བསམ་རྒྱུ་དེ། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་རྣམས་དང་སྦྱར་ན། གཡོ་བའི་ཉམས་རི་གཟར་གྱི་རྦབ་ཆུ་ལྟ་བུ་དེ་ཤར་བའི་དུས་ལ་སླེབ་སྐབས། ཉམས་དེས་མ་ཟིན་ནི་ཞིག་བྱས། ལྷོད་ལ་བཞག་ནས་བཟོད་བསྲན་བསྐྱེད་དེ། མ་ལབ་སྒྲོན་གྱིས། གྲིམ་གྱིས་སྒྲིམ་ལ་ལྷོད་ཀྱིས་གློད། །དེ་ན་ལྟ་བའི་གནད་ཅིག་ཡོད། །གསུངས་པ་ལྟར་གྲིམ་ལྷོད་རན་པོ་ཞིག་གི་སྒོ་ནས་སེམས་འཕྲོ་ཤོར་རྒྱུ་དེ་ལ་སེམས་ཁྲལ་མི་བྱེད་པར་ག་ལེ་ག་ལེར་གོམས་སུ་བཅུག་ནས། བྱ་འཕྲུལ་ཐབས་ཀྱི་སྒོ་ནས་བཟུང་བ་ལྟར་བྱས་ཏེ་གོམས་པའི་རྒྱུན་མ་བཏང་དུས། ནམ་ཞིག་གི་སྐབས་ན་རིག་པ་ཅུང་ཟད་ཅིག་ལྷང་ལ་བུད་ནས་ཉམས་ལེན་གྱི་བཙན་ས་ཟིན་ཡོང་ནི་རེད། དེ་ལ་གོམས་པ་ཇེ་བརྟན་དུ་སོང་དུས། སྔར་བས་ཇེ་བརྟན་དུ་སོང་པའི་ཉམས་རེད། དེ་ནས་གོམས་པ་དང་བརྟན་པ། མཐར་ཕྱིན་པའི་ལམ་རྟགས་ཕྱི་མ་དག་རིམ་གྱིས་འབྱུང་ངོ་གསུངས་ནི་རེད། ཐོབ་པའི་ཉམས་དེ་ལུང་ཁུང་དོག་མོའི་ཆུ་ལྟ་བུ་ཞིག་ཡིན་ནི་རེད། སྔར་གཡོ་བའི་ཉམས་ཀྱི་སྐབས་ཀྱི་རི་གཟར་གྱི་རྦབ་ཆུ་དང་བསྡུར་ན་ལུང་ཁུང་དོག་མོའི་ཆུ་འཇམ་ནི་རེད། སྔར་བས་ཇེ་ལྷོད་ཇེ་འཇམ་ལ་བུད་སོང་ནི་རེད། དེ་ནས་གོམས་པའི་ཉམས་དལ་འབབ་ཀྱི་ཆུ་ཀླུང་ཆེན་པོ་ལྟ་བུ་དང་བརྟན་པའི་ཉམས་དྭངས་གསལ་གཡོ་མེད་དུ་འཁྱིལ་བའི་རྒྱ་མཚོ་ལྟ་བུ་ལ་སོགས་པའི་ཉམས་ཕྱི་མ་རྣམས་རིམ་བཞིན་ཡོང་ནི་རེད། དེ་ཇི་ལྟར་ཡོང་ནི་རེད་ཟེར་ན། གོམས་པའི་ཉམས་ཟེར་རྒྱུ་དེ་དྲན་ཤེས་ལ་བརྟེན་ནས་རིག་ངོ་ཡང་དང་ཡང་གིས་བསྐྱངས་དུས། བར་ཞིག་ལ་རིག་ངོ་བསྐྱང་བདེ་མོ་འདྲ་ཞིག་ཡོང་རྒྱུ་དེ་རེད། དེ་ནས་དེའི་ཐོག་ལ་རྒྱུན་མཐུད་དེ་བརྩོན་འགྲུས་བསྐྱེད་ན་བར་ཞིག་ནས་རྣམ་རྟོག་ཤར་གྱིན་བསྡད་ཀྱང་རིག་ཐོག་ནས་མི་གཡོ་བར་རྣམ་རྟོག་འཕྲོ་བཞིན་ཡོད་ཀྱང་རྣམ་རྟོག་ལ་ཤུགས་དང་ནུས་པ་མེད་པ། སྟོན་ཁའི་དུས་ཀྱི་སྦྲང་མ་དང་སོ་གའི་དུས་ཀྱི་གྲང་རླུང་ལྟར་ངར་ཤུགས་འདྲ་བོ་དེ་ཙམ་མེད་པའི་རྣམ་རྟོག་ནུས་མེད་ལ་གྱུར་སོང་ནོ་བརྟན་པའི་ཉམས་དེའི་འཕྲོར་མཐར་ཕྱིན་པའི་ཉམས་དེ་ཇི་ལྟ་བུ་ཞིག་ཡིན་ནི་རེད་ཟེར་ན། རྐྱེན་ཆེ་ཕྲ་ཆུང་གསུམ་ཇི་འདྲ་ཞིག་ལ་ཐུག་ཀྱང་། དེས་བསྐྱོད་མི་ཐུབ་པ་རི་ཆེན་པོ་རླུང་གིས་སྒུལ་མི་ཐུབ་པ་དེ་ལྟ་བུ་ཡིན་ནི་རེད། རི་བོ་ལྟར་གཡོ་འགུལ་མེད་པ་མངོན་དུ་གྱུར་བ་མཐར་ཕྱིན་པའི་ཉམས་ཡིན་ནི་རེད། འདི་དག་གཙོ་ཆེར་ཞི་གནས་ཀྱི་སྟེང་ནས་གཙོ་བོ་ཕྱག་ཆེན་གྱི་ཆོས་སྐད་ལ་སྦྱར་ནས་གསུངས་ཡོད་ནི་རེད། ལྷག་མཐོང་གི་ལམ་རྟགས་ལ་མཚོན་ན། དང་པོ་རིག་པ་ངོ་ཤེས་དུས་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ། བར་དུ་རྩལ་རྫོགས་དུས་བཟང་ངན་གང་སྣང་རྟོག་ཚོགས་གང་ཤར་གྱིན་བསྡད་ཀྱང་ཕན་གནོད་མེད་པ་ཁང་སྟོང་གི་ནང་དུ་རྐུན་མ་འཛུལ་བ་ལྟ་བུ། མཐར་བརྟན་པ་ཐོབ་བའི་སྐབས་ན་མ་དག་པའི་ཆོས་བཙལ་ཀྱང་མི་རྙེད་པ་གསེར་གླིང་དུ་ཕྱིན་ན་ས་རྡོ་ཕལ་བ་བཙལ་ཀྱང་མི་རྙེད་པ་ལྟ་བུ་ཡིན་ནི་རེད། འདི་ཅོག་བཞག་བཞི་དང་སྦྱར་ནས་བཤད་ན། རང་གི་སེམས་འདི་བཅོས་བསླད་དང་བཟོ་བཅོས་མེད་པར་རང་སར་བཞག་ནས། སེམས་ཁོའི་གཤིས་ལ་བབས་ཀྱིས་ལྟ་སྐབས་ཡེ་སྟོང་རྩ་བྲལ་ཟང་ཐལ་ལེ་བ། ཕྱི་ནང་མཐའ་དབུས་དང་བྲལ་བ། སྟོང་བ་ཕྱང་ཆད་ཀྱང་མ་ཡིན་པར། རང་གདངས་འགག་པ་མེད་པ། འགྱུ་དྲན་གྱི་རྣམ་རྟོག་ཐམས་ཅད་དང་བྲལ་སོང་ནི། སྨྲ་བསམ་བརྗོད་མེད་ཀྱི་དོན་དེ་ལ་ཁོ་ཐག་ནང་ནས་ཆོད་དེ། དུས་གསུམ་རྒྱལ་བའི་ཐུགས་དང་མ་དག་སེམས་ཅན་གྱི་སེམས་ལ་བཟང་ངན་མེད་པར་རིག་སྟོང་ཡེ་ཤེས་གཅིག་གི་ཀློང་དུ་འདུས་པར་ངོ་ཤེས་པ་དེ་ལྟ་བ་རི་བོ་ཅོག་བཞག་རེད། ལྟ་བ་དེའི་རང་ངོ་ཤེས་བཞིན་དུ་དེའི་ངང་ལ་རང་བབས་མ་བཅོས་པར་བཞག་ཡོང་དུས་གཟུང་འཛིན་གྱི་རྟོད་ཕུར་ཕྱུངས་ནས་ཡོད་མེད་ཡིན་མིན་ལ་སོགས་པ་ཆེད་འཛིན་དམིགས་གཏད་ཅན་གྱི་བསྒོམ་བྱ་གང་ཡང་མེད་ནི། གསལ་སྟོང་མཐའ་དབུས་དང་བྲལ་བའི་རང་ངོ་རྗེན་ལ་བུད་དེ་འཛིན་ཞེན་ཉམས་ཀྱི་ཤུན་པ་དང་བྲལ་ཞིང་དགག་སྒྲུབ་རྟོག་དཔྱོད་ཀྱི་སླད་དང་བྲལ་བས་སྒོམ་མེད་ཡེང་མེད་ཀྱི་སེམས་ཀྱི་ངོ་བོ་སྐྱོང་བ་ཡེ་གནས་རང་བབས་ཀྱི་བསམ་གཏན་དང་སེམས་ཀྱི་ཆོས་ཉིད་སྐྱོང་བ་རང་ངོ་རང་གསལ་གྱི་ལྷག་མཐོང་གཉིས་ཀ་ཟུང་དུ་འཇུག་པ་དེ་སྒོམ་པ་རྒྱ་མཚོ་ཅོག་བཞག དེ་ལྟ་བུའི་སྒོམ་པའི་རྒྱུན་བསྐྱང་བ་དེའི་སྐབས་ལ་ཚོགས་དྲུག་གི་སྣང་ཤེས་གང་ཤར་ཐམས་ཅད་ལ་བཅོས་སྒྱུར་སྤང་བླང་མེད་པའི་རིག་པའི་རང་ཚུགས་མ་ཤོར་བའི་ཐོག་དེ་ནས་རྩལ་སྣང་བཟང་ངན་གང་གིས་ཀྱང་ཕན་གནོད་མེད་པ་ཆབ་རོམ་ཆུར་ཞུ་བའམ་རྦ་རླབས་རྒྱ་མཚོར་འགྱུར་བ་ལྟ་བུ་དེ་སྤྱོད་པ་མན་ངག་ཅོག་བཞག་ཡིན་ནི་རེད། དེ་ལྟར་བྱས་ནས་གོམས་ཏེ་གོང་ནས་བཤད་རྒྱུའི་ཞི་ལྷག་གི་ལམ་རྟགས་ཐམས་ཅད་མངོན་དུ་གྱུར་ནས་ཉོན་མོངས་ཡོད་ཚད་ཀྱི་ཚབ་ཏུ་ཡེ་ཤེས་རེད་སོང་དུས་ཉོན་མོངས་ཡེ་ཤེས་སུ་གནས་འགྱུར་ཟེར་བའི་ཐ་སྙད་དེ་འདྲ་ཞིག་བཏགས་བཞག་ནི་རེད། དོན་ལ་སྣམ་བུ་ཚོས་ཀྱིས་བསྒྱུར་བ་བཞིན་དུ་མཚན་འཛིན་གྱི་འཁྲུལ་སྣང་ཐམས་ཅད་དབྱིངས་སུ་ཞི་བ་ཡིན་ནི་རེད། འདི་དུས་སྤྱིར་རིག་པ་དང་མ་རིག་པ། ཀུན་གཞི་དང་ཆོས་སྐུ། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར། གསུངས་ན། ཞི་ལྷག་ཟུང་དུ་འབྲེལ་བའི་ཉམས་ལེན་གྱི་གནད་དུ་བསྣུན་པ་འདིའི་སྐབས་སུ་སྤྱིར་གལ་འགངས་ཆེ་བ་གང་ཡིན་ནི་རེད་བསམ་ན་གསུངས་ནི་རེད། ཤན་འབྱེད་དང་ལ་བཟླའི་སྐོར་དེ་གནད་ཆེ་སར་ཐུག་ཡོད་ནི་རེད། སེམས་ཀྱི་ཆོས་ཉིད་གཟུང་འཛིན་གཉིས་སུ་མེད་པ་མ་སྐྱེས་རྗེན་པར་ཤར་བ་རིག་པ་ཡིན་ནི་རེད། རིག་པའི་རང་བཞིན་དེ་ཅི་ལྟ་བུ་ཞིག་ཡིན་ནི་རེད་ཅེ་ན། འོད་གསལ་དུ་ཤར་བ་ཞིག་ཡིན་ནི་རེད། གཟུང་འཛིན་རང་མཚན་དུ་ཞེན་པ་དེ་མ་རིག་པ་སྟེ་རྟོག་པ་ཡུལ་ལ་འཕྲོ་བ་དེ་མ་རིག་པ་ཡིན་ནི་རེད། དེ་གཉིས་ཀ་ཕན་ཚུན་སྤངས་འགལ་གཅིག་ཡིན་ན་གཅིག་མ་ཡིན་པ་ལག་པའི་ལྟོ་རྒྱབ་ལྟ་བུ་ཞིག་རེད། དེ་རིག་པ་དང་མ་རིག་པ་གཉིས་ཀྱི་ཤན་འབྱེད་རེད། ཀུན་གཞི་དང་ཆོས་སྐུའི་ཐད་གོང་ནས་ཀྱང་གསུངས་ནི་རེད། བག་ཆགས་སྣ་ཚོགས་ཀྱི་གཞིར་གྱུར་ཅིང་། འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་ཐོག་མར་སྐྱེས་པ། ངོ་བོ་གང་ལ་ཡང་མི་རྟོག་ཅིང་རྩེ་གཅིག་ལུང་མ་བསྟན་དུ་སྡོད་པ་དེ་ཀུན་གཞི་རེད། གནད་གསུམ་ཤན་འབྱེད་ཀྱི་ནང་ན། ཀུན་གཞི་རྙོག་མ་ཅན་གྱི་ཆུ་དང་འདྲ། །བག་ལ་ཉལ་གྱི་གཏི་མུག་མགོ་རྨོངས་ནས། །ཡེ་ཤེས་རིག་པའི་དྭངས་ཆ་ལྐོག་ཏུ་གྱུར། །གསུངས་པ་ལྟར་ཀུན་གཞི་ཤེས་པ་མི་རྟོག་པར་སྡོད་པ་དང་། ཆོས་སྐུ་ངོ་བོ་སྤྲོས་བྲལ་དུ་གནས་པ་གཉིས་ཀ་ཁ་ཁ་ཡིན་ནི་རེད། དྭངས་གསལ་སྤྲོས་པ་དང་བྲལ་བ་འབྲས་ཆོས་རྒྱ་མཚོའི་རྟེན་གཞིར་གྱུར་བ་ཆོས་སྐུ་རེད། ཆོས་སྐུ་རྙོག་མ་དྭངས་བའི་ཆུ་དང་འདྲ། །གློ་བུར་དྲི་མ་སྤངས་བའི་བདག་ཉིད་ཅན། །རྣམ་གྲོལ་ཡོན་ཏན་ཀུན་གྱི་ངོ་བོ་སྟེ། །ཕྱིན་ཆད་འཁྲུལ་མི་ཤེས་པའི་ཡེ་ཤེས་ཡིན། །གསུངས་ནི་རེད། དེ་བཞིན་དུ་རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱི་ཁྱད་པར་ཡང་། རྣམ་རྟོག་སྣ་ཚོགས་ཡུལ་ལ་འཕྲོ་བ་རྣམ་ཤེས་དང་། ཞེན་མེད་རང་གྲོལ་གྱི་མཁྱེན་ཆ་མ་འགག་པ་ཡེ་ཤེས་ཡིན་ནི་རེད། དེ་ལྟར་ན་ཆོས་སྐུ་དང་། རིག་པ། ཡེ་ཤེས་གསུམ་པོ་དེ་ངོ་བོ་སྤྲོས་བྲལ། རང་བཞིན་འོད་གསལ། ཐུགས་རྗེ་འགག་མེད་གསུམ་དང་སྦྱར་ནས། ངོ་བོ་སྤྲོས་བྲལ་དུ་གནས་པ་དེ་ཆོས་སྐུ་དང་། རང་བཞིན་འོད་གསལ་དུ་ཤར་བ་དེ་རིག་པ། ཐུགས་རྗེ་འགག་མེད་དུ་ཤར་བ་དེ་ཡེ་ཤེས་ཏེ་གསུམ་གྱི་ཐ་སྙད་བཏགས་ནི་རེད། ཀུན་གཞི་དང་། མ་རིག་པ། རྣམ་ཤེས་གསུམ་དེ་ཡང་ཤེས་པ་མི་རྟོག་པར་སྡོད་སྐབས་དང་། རྟོག་མེད་ཡུལ་ལ་འཕྲོ་བ། རྟོག་པ་ཡུལ་ལ་འཕྲོ་བ་གསུམ་ལ་སྦྱར་ནས་ཤེས་པ་མི་རྟོག་པར་སྡོད་པ་ཀུན་གཞི་དང་། རྟོག་མེད་ཡུལ་ལ་འཕྲོ་ནོ་མ་རིག་པ། རྟོག་པ་ཡུལ་ལ་འཕྲོ་ནོ་རྣམ་ཤེས་ཞེས་བཏགས་པ་ཞིག་ཡིན་ནི་རེད། དེ་དག་གི་ཁྱད་པར་དང་དབྱེ་བ་གཞུང་བཤད་ཀྱི་སྐབས་ལ་མང་པོ་ཞིག་བཤད་རྒྱུ་ཡོད་ཀྱང་། སྤྲོས་མེད་བྱ་བཏང་བ་ཀུ་སཱ་ལུ་པའི་ལུགས་ལྟར་བྱས་དུས། བླ་མའི་མན་ངག་གི་ཉམས་མྱོང་གི་སྟེང་ནས་ངོ་འཕྲོད་པ་གདེང་དུ་བྱས་ནས། གསུངས་ན། སྤྲོས་བཤད་ཀྱི་ཚིག་ཚོགས་མང་པོའི་སྤྲོས་པ་ལ་མ་བརྟེན་པར་དཀའ་བ་སླ་བར་བཏང་སྟེ་བདེ་བླག་ཏུ་སྟོན་པ་མན་ངག་ཡིན་པས། འདིའི་སྐབས་སུ་ལྷག་པར་དུ་བླ་མ་ལ་གསོལ་བ་འདེབས། དད་པ་དང་མོས་གུས་དྲག་པོ་བྱེད་རྒྱུ་གལ་ཆེན་ཡིན་ནི་རེད། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །གསུངས་ནི་རེད། དེས་ན་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དམ་པ་ལ་གསོལ་བ་བཏབ་ན། གདམས་ངག་གི་དགོངས་དོན་ཐུགས་རྒྱུད་ཀྱི་བྱིན་རླབས་འཕོ་ཞིང་། རྟོགས་པ་རྒྱུད་ལ་སྐྱེ་བ་ལ་དེའི་དགའ་ཞིག་མེད་ནིའི་མ་ཚད། རང་རྒྱུད་ཀྱི་སྡིག་སྒྲིབ་དག་རྒྱུ་དང་ཡང་དག་པའི་ལམ་རྙེད་རྒྱུར་ཡང་དེའི་དགའ་ཞིག་ཡོད་ནི་མ་རེད། དེ་ཡིན་དུས་མན་ངག་དང་གདམས་པའི་སྙིང་བཅུད་ཀྱི་ཐོག་ལ་འཁེལ་ནི་ཞིག་བྱས་ཏེ། བླ་མའི་མན་ངག་གིས་ཁ་བཤད་ཙམ་ཞིག་མ་ཡིན་པར་རང་ཉིད་ཀྱིས་དངོས་སུ་མྱོང་བའི་ཉམས་མྱོང་གི་སྟེང་ནས་ངོ་འཕྲོད་པ་ལ་བརྟེན་ནས། གོལ་ས་དང་ནོར་ས་ཐམས་ཅད་པོ་རང་སར་སྤངས་ནས། ལྟ་བ་ཟབ་མོ་གདེང་དུ་བྱས་ནས་གང་སྣང་གང་ཤར་ལ་སྤང་བླང་མེད་པར་རང་ས་ཟིན་པར་བྱ་རྒྱུ་དེ་གནད་ཡིན་ནི་རེད། གོང་གི་ཤན་འབྱེད་དེ་ཚོར་བསམ་བློ་བཏང་ན། ཀུན་གཞི་དང་ཆོས་སྐུ་གཉིས་ཀ་ཤན་ཕྱེས་ནས་སྒོམ་པ་དེ་རྒྱལ་བོ་ཁྲི་ལ་འཁོད་པས་མི་འགྱུར་བ་ལྟ་བུའི་མན་ངག་དང་། རིག་པ་དང་མ་རིག་པ་གཉིས་ཀ་ཤན་ཕྱེས་ནས་སྒོམ་རྒྱུ་དེ་བཀའ་བློན་བཙོན་ལ་བཟུང་བ་ལྟ་བུའི་མན་ངག རྣམ་ཤེས་དང་ཡེ་ཤེས་གཉིས་ཁྱད་ཕྱེས་ནས་སྒོམ་རྒྱུ་དེ་འབངས་ཆམ་ལ་ཕབ་པ་ལྟ་བུའི་མན་ངག་ཡིན་གསུངས་ནི་རེད། སེམས་རིག་གཉིས་ཀྱི་ཐད་ནས་བཤད་ན། སེམས་ལ་རིག་པས་ཕར་ཁྱབ་ཀྱང་། རིག་པ་ལ་སེམས་ཀྱིས་ཚུར་མ་ཁྱབ། དེའི་སྟབས་ཀྱིས་སེམས་ཀྱི་དབང་དུ་རིག་པ་མ་གྱུར་ལ། སེམས་རིག་པའི་དབང་དུ་གྱུར་བ་ཡིན་ནི་རེད། དཔེ་བཞག་ན། ཆུ་མ་གཡོས་ན་རྦ་རླབས་མི་འབྱུང་ནི་འདྲ་ཞིག་གི་རིག་པ་མ་གཡོས་ན་སེམས་རྟོག་གཡོ་མི་སྲིད་ནི་ཞིག་རེད། འདིའི་གནད་འདི་མ་གོ་ནས་སེམས་ལ་སངས་རྒྱས་འདོད་པའི་རྫོགས་ཆེན་པ་ཡོད་ན་ཤིན་ཏུ་བླུན་པོའི་གྲས་ལ་བཞག་ཡོད་ནི་རེད། དེས་ན། སྐྱོང་དུས་ཆུ་མ་བསྒུལ་ན་དྭངས་པ་ལྟར། རྣམ་ཤེས་རང་སར་བཞག་པས་གསུངས་ན། རིག་སྟོང་མཐའ་བྲལ་གྱི་ངང་སྐྱོང་དུས། དཔེར་ན་གོང་དུ་ཞུས་མ་ཐག་པ་ལྟར་ཆུ་འཕྱར་རྒྱུ། གཡུག་རྒྱུ། དཀྲུག་རྒྱུ་གསུམ་པོ་མ་བྱས་ནས་མ་སྒུལ་བར་བཞག་ན་རྙོག་མ་རང་དྭངས་སུ་སོང་ནས། ཡུལ་སྣང་སྣ་ཚོགས་ཀྱི་གཟུགས་བརྙན་ཤར་བ་ལྟར་སྒོ་ལྔའི་རྣམ་ཤེས་ལ་དགག་སྒྲུབ་མི་བྱེད་པར་རང་སར་གློད་དེ། ཡིད་ཀྱི་འགྱུ་བ་རང་གྲོལ་དུ་བཞག་པས། དེའི་ཆོས་ཉིད་ཡེ་ཤེས་རང་བྱུང་དུ་གསལ་བའི་མན་ངག་གཙོ་བོར་བྱ་དགོས་ཀྱི་གསུངས་ན། རྣམ་ཤེས་དེ་ཆོས་ཅན་རེད། རིག་པ་དེའི་ཆོས་ཉིད་རེད། རྣམ་ཤེས་ཞེས་པ་སེམས་རེད། སེམས་དང་རིག་པའི་ཁྱད་པར་དེ་རྒྱུད་རང་ཤར་ལས་འདི་ལྟར་གསུངས་ཏེ། སེམས་དང་རིག་པའི་དཔེ་ནི་ཆུ་དང་ལྦུ་བ་ལྟ་བུའི་ཚུལ། གསུངས་ཡོད་ནི་རེད། རིག་པ་ཆུ་དྭངས་པ་ལྟ་བུ་སྙིང་གི་དབུས་སུ་གནས་ན། དེའི་རྩལ་གདངས་སེམས་ཀྱི་མཚན་ཉིད་ཅན་ཆུའི་ལྦུ་བ་ལྟ་བུ་དེ་རྩ་སྦུབས་ཀྱི་ནང་ལ་སོང་ནོ་དེ་རླུང་གི་བྱེད་པས་བསྐྱོད་ནས་སྣ་ཚོགས་སུ་འཆར་ནི་རེད། འོ་ན་ཆུ་དང་ཆུ་ལྦུར་གཉིས་རྫས་འགལ་བ་ཞིག་མ་རེད། དེ་གཉིས་ཀ་ཁ་ཁ་འབྱེད་དགོས་ན་འབྱེད་ཐུབ་རྒྱུ་ཅན་ཞིག་མ་རེད་བསམས་ན། སེམས་རིག་པ་ཡོད་མེད་ཀྱི་རྗེས་སུ་བྱེད་ནི་རེད་མ་གཏོགས། རིག་པ་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ནི་མ་རེད། ཁྱབ་བྱ་དང་ཁྱབ་བྱེད་ཀྱི་ཐོག་ནས་བཤད་སོང་ན། གོང་ནས་བཤད་པ་ལྟར། སེམས་ལ་རིག་པས་ཕར་ཁྱབ་ཀྱང་། རིག་པ་ལ་སེམས་ཀྱིས་ཚུར་མི་ཁྱབ། རྒྱུ་མཚན་དེ་ལ་བརྟེན་ཏེ་སེམས་ཀྱི་དབང་དུ་རིག་པ་མ་གྱུར་ལ། སེམས་རིག་པའི་དབང་དུ་གྱུར་བ་དེ་མོ་ཞིག་ཡིན་ནི་རེད། རྣམ་ཤེས་མ་བཅོས་རང་སར་བཞག་ན་དེའི་ཆོས་ཉིད་ཡེ་ཤེས་དེ་ཚུར་ལྷང་ལ་མི་འབུད་མི་སྲིད་རྒྱུ་ཞིག་རེད། དེས་ན་རྣམ་ཤེས་རང་སར་བཞག་དུས་རྟོག་ཚོགས་རང་ཡལ་ལ་སོང་ནས་ཡལ་འགྲོ་ས་དེ་ཆོས་ཉིད་སྟོང་གསལ་འགག་མེད་ཀྱི་རིག་ཆ་རེད། དེའི་ཕྱིར་ན་སེམས་དེའི་ཆོས་ཉིད་གཉུག་མ་དོན་གྱི་འོད་གསལ། སྐུ་དང་ཡེ་ཤེས་ཀྱི་རོལ་བ་རང་བྱུང་ཉི་མའི་དཀྱིལ་འཁོར་ལྟར་དུ་བཞུགས་པ་ལ། ལས་ཉོན་སྤྲིན་ལྟ་བུའི་སྒྲིབ་གཡོགས་དང་བྲལ་ཏེ་དག་པ་གཉིས་ལྡན་དུ་གསལ་བའི་འབྲས་བུ་མངོན་དུ་གྱུར་བ་འདི་ལ་རང་བཞིན་རྣམ་པར་དག་པའི་འབྲས་བུ་གསུངས་ནི་རེད། དེས་ན་རྩོལ་མེད་རང་བཞག་གིས་རིག་ངོ་བསྐྱང་བའི་མན་ངག་འདི་ནི་ཐོག་མཐའ་བར་གསུམ་དུ་གཙོ་བོར་བྱ་དགོས། ཐེག་པ་གཞན་གྱིས་བཤད་པའི་ཞི་རགས་ཀྱི་རྣམ་པ་སྒོམ་ནི་འདྲ་ཞིག་གི་དང་བོར་མཁོ་ནི་མཐར་མི་དགོས་ནི་དེ་འདྲ་ཡིན་ནི་མ་རེད། དེ་མོ་མིན་གསུངས་ནི་རེད། བདག་གི་སྒོམ་རྒྱུ་འདི་རྣམ་ཤེས་སམ་ཡེ་ཤེས་གང་ཡིན་ཞེས་སྤང་བླང་གི་དཔྱད་ར་དང་དཔེ་ཆའི་གོ་རྟོག་གི་འདུ་འཕྲོ་སྤེལ་བར་མི་བྱ་སྟེ། ཞེས་གསུངས་ཏེ། བདག་གིས་རྩེ་གཅིག་མཉམ་པར་འཇོག་པའི་སྐབས་སུ་སྒོམ་གྱིན་འདུག་རྒྱུ་འདི་གཟུང་འཛིན་ཅན་གྱི་རྣམ་ཤེས་སམ། གཟུང་འཛིན་ལས་འདས་པའི་ཡེ་ཤེས་གང་ཡིན་ཞེས་གང་རེད་ཡོད་ཀི་བསམ་ནས་སྤང་བྱ་ཀུན་ཉོན་གྱི་ཕྱོགས་དང་། བླང་བྱ་རྣམ་བྱང་གི་ཆོས་གཉིས་ཀ་ལ་སྤང་བླང་འདོར་ལེན་གྱི་བློས་དཔྱད་ར་དང་། སེམས་ཀྱི་རང་བཞིན་གསལ་བའམ་ཡང་ན་སྟོང་པ་འདི་མོ་ཞིག་རེད་ཅེས་གཏན་ཚིགས་ཀྱི་སྒྲུབ་བྱེད་དང་དཔེ་ཆའི་གོ་བས་དྲངས་པའི་རྣམ་རྟོག་གི་འདུ་འཕྲོ་སྤེལ་བར་མི་བྱ་སྟེ། ཉམས་ལེན་གྱི་གནད་མངོན་སུམ་ལ་རྟོགས་དུས་དཔེ་ཆའི་གོ་བ་རྐྱང་བ་ཞིག་ལ་བརྟེན་མི་དགོས་གསུངས་ནི་རེད། སློབ་དཔོན་ཆེན་པོས། ཚིག་ལ་མཁས་ན་མཁས་པ་མ་ཡིན་ཏེ། །མི་གཡོ་དོན་ལ་མཁས་ན་མཁས་པ་ཡིན། །གསུངས་ནི་རེད། དེས་ཞི་ལྷག་གཉིས་ཀ་ཅུང་ཟད་སྒྲིབ་པར་འགྱུར་རོ། །གསུངས་ན། ཐེ་ཚོམ་ཅན་གྱི་རྟོག་ཚོགས་དེ་ལྟ་བུ་དེས་རང་བབས་སུ་བཞག་པའི་ཞི་གནས་དང་། རང་གི་ཆོས་ཉིད་རང་གསལ་དུ་མཐོང་བའི་ལྷག་མཐོང་གཉིས་ཀ་ཅུང་ཟད་སྒྲིབ་པར་འགྱུར་ཏེ་ཆུ་དྭངས་སུ་འཇུག་བསམ་ནས་དབྱུག་པ་ལ་སོགས་པ་ཁྱེར་ཡོང་ནས་ཆུ་དཀྲུགས་པ་དང་འདྲ་བར་ཕྱིར་ཞིང་མི་དྭངས་པར་བྱེད་པའི་ཕྱིར་རོ་གསུངས་ནི་རེད། ཆུ་དྭངས་དགོས་ན་མ་སྒུལ་བར་འཇོག་དགོས་ནི་རེད། རྣམ་རྟོག་འདུ་འཕྲོ་ལས་རྒྱུ་བཅའ་རྒྱུ་མང་ན་ཕྱིར་ཞིང་འཁྲུལ་བའི་རྒྱུ་ཡིན་ནི་རེད། འདིས་ནི་སྤང་བྱ་རྣམ་གཅོད་ཀྱིས་གསལ་བར་བསྟན་ནས་དེའི་ཤུགས་ལ་གནས་ཐོག་ནས་རང་ངོ་རིག་ཅིང་། རིག་ཐོག་ཏུ་ཁྲིག་གེར་འདུག་པའི་ཞི་ལྷག་ཟུང་འཇུག་གི་ཡེ་ཤེས་དེ་ཡོངས་གཅོད་ཀྱིས་ཚུར་ལ་བསྟན་པ་ཡིན་ནི་རེད། ཇི་ལྟར་བསྟན་ནི་རེད་ཅེ་ན་རང་བབས་འཇོག་པའི་དྲན་པའི་རྒྱུན་བརྟན་པའི་ཞི་གནས་ཀྱི་གོམས་ཆ་དང་། གསུངས་ན། རང་གི་ངོ་བོ་ཡོངས་གཅོད་དུ་བཤད་ན། རང་བབས་འཇོག་པའི་དྲན་པའི་རྒྱུན་བརྟན་པར་གྱུར་བ་དེའི་ཚེ་ན། རྣམ་རྟོག་དང་ཡུལ་རྐྱེན། གང་གིས་ཀྱང་བསྐྱོད་དུ་མེད་པ་རི་རྒྱལ་ལྷུན་པོ་ལྟ་བུའི་ཞི་གནས་ཀྱི་གོམས་ཆ་མཐར་སོན་པ་དང་། རང་ངོ་རང་གསལ་དུ་ཤེས་པའི་ལྷག་མཐོང་རང་ཤུགས་ཀྱིས་འབྲེལ་བའི་ཚུལ་དུ་གོམས་པ་བརྟན་པོར་སོང་བ་ན། ཞེས་གསུངས་ན། རང་གི་ངོ་བོ་གཟུང་འཛིན་དང་བྲལ་བ་རང་གསལ་དུ་ཤེས་པ། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་ཐེ་ཚོམ་གྱི་མུན་པ་ཅུང་ཟད་ཙམ་ཡང་མེད་པར། ཉི་མ་ཤར་བ་ལྟ་བུའི་ལྷག་མཐོང་དེ་རང་ཤུགས་ཀྱིས་ཞི་གནས་དང་ཟུང་དུ་འབྲེལ་བའི་ཚུལ་གྱིས་གོམས་པ་བརྟན་པོར་སོང་བ་དེའི་སྐབས་སུ། ཞི་གནས་ཁེར་རྐྱང་དུ་གྱུར་ནས་མུན་ཐོམ་མེ་བའི་ངང་དུ་མ་འཕྱན་པ། གསལ་ཞིང་སྟོང་ལ་སྟོང་ཞིང་གསལ་བའི་རང་བཞིན་དང་མ་བྲལ་དུས་གཟུགས་མེད་ཁམས་ཀྱི་བག་ཆགས་དང་བྲལ། རང་ངོ་མ་མཐོང་བའི་གསལ་ཆ་རིས་ཆད་དུ་མ་གྱུར་བ་གསལ་སྟོང་ཟུང་དུ་འཇུག་པས་གཟུགས་ཁམས་ཀྱི་བག་ཆགས་དང་བྲལ། འཛིན་པ་རང་རྒྱུད་པ་ཁ་ཡན་དུ་ཤོར་སོང་ནོ་མིན་པས་འདོད་པའི་ཁམས་ཀྱི་བག་ཆགས་དང་བྲལ་སོང་དུས་ཁམས་གསུམ་ཡོངས་གྲོལ་གྱི་ས་ལ་དབུགས་དབྱུང་ཐོབ་པ་ཡིན་ནི་རེད། འདི་ལྟར་བྱས་ནས་ཉིན་མཚན་ཀུན་ཏུ་ཉམས་ལེན་ལ་བརྩོན་པའི་སྐབས་འདིར། ལྟེང་བ། གོལ་བ། འབྱམས་པ་གསུམ་པོའི་སྐྱོན་འབྱུང་ཉན་ནི་མ་རེད། ལྟེང་བ་ཟེར་རྒྱུ་དེ་ཇི་འདྲ་ཞིག་ཡིན་ན། ཡུན་རིང་ལ་བསྒོམས་ཀྱིན་བསྡད་ཀྱང་ཡར་སྐྱེད་འབྱུང་རྒྱུ་མེད་ནི་དེ་རེད། ལྟེང་བའི་སྐབས་འདིར་ཞི་གནས་ལྷག་མཐོང་གཉིས་ཀའི་རྩལ་ཤུགས་ཆུང་ནི་རེད། དེས་ན་ལྟེང་བའི་ཐོག་ཏུ་སྐད་ཅིག་ཀྱང་གནས་སུ་མི་འཇུག་པར་དར་ཆེན་རླུང་གིས་བསྐྱོད་ནི་དང་འདྲ་བར་འཕྲོ་རུ་འཇུག་སྟེ། རང་གྲོལ་དུ་བསྐྱང་ན་ལྷག་མཐོང་གི་ཡེ་ཤེས་གློ་བུར་དུ་རྒྱུད་ལ་འཆར་ནི་རེད། ཞི་ལྷག་གཉིས་ཀ་ལྟེང་ཤོར་ན་ཡང་སྐྱེད་ཆུང་ནི་ཡིན་པས། དེའི་སྐབས་སུ་མན་ངག་དང་ཞལ་ཤེས་ཅི་ལྟ་བུ་ཡོད་ནི་རེད་ཅེ་ན། ནམ་མཁའ་སྤྲིན་མེད་ཀྱི་དུས་སུ་ཉི་མ་ལ་རྒྱབ་བསྟན་ནས། ནམ་མཁའི་ཁམས་ལ་མིག་གིས་ཧད་པོར་བལྟས་ཏེ། སེམས་མི་འཕྲོ་བའི་ཐོག་ལ་བཞག་ན་ངང་དྭངས་རྣམ་པར་མི་རྟོག་པའི་སྟོང་གསལ་སྤྲོས་པ་དང་བྲལ་བ་ཁོངས་ནས་འཆར་ནི་རེད། གོལ་བ་ཞེས་གསུངས་པ་དེ་གོལ་གཞི་འདྲ་མི་འདྲའི་ཐོག་ནས་ལམ་འཆོལ་བར་འཁྱམས་སོང་ནི་བོ་རེད། དང་པོ་བསྒོམས་ནས་ཡོན་ཏན་ཅུང་ཟད་སྐྱེས་ཡོང་དུས་རློམ་སེམས་དང་ང་རྒྱལ་གྱིས་ཁེངས་ཡོང་ན་གོང་མའི་ཡོན་ཏན་ལ་བསམ་དགོས་ནི་རེད། ཚེ་འདིར་ཆགས་ན་མི་རྟག་པ་བཙན་ཐབས་ཀྱིས་བསྒོམ། ཉམས་མཐོ་དམན་ལ་ཆགས་ན་གང་ལ་ཆགས་ན་དེ་བཤིགས་ནས་བསྒོམ། བྱམས་སྙིང་རྗེ་མེད་ན་འགྲོ་དྲུག་ཕ་མར་བསྒོམ། རིག་པས་རྐྱེན་མ་ཐུབ་ན་རྐྱེན་དང་བསྲེས་ནས་བསྒོམ་དགོས་ནི་རེད། འདི་ཚོ་ལས་དང་པོ་བར་གནད་ཆེ་ནི་རེད། འབྱམས་པ་འདྲ་ཞིག་ཡིན་ན་ཤར་གྲོལ་རྟོག་པ་ལ་འབྱམས་རྒྱུ། ངང་དྭངས་བདེ་ཆགས་ལ་འབྱམས་རྒྱུ་ཡོད་ནི་རེད། ཤར་གྲོལ་རྟོག་པ་ལ་འབྱམས་སོང་ན་སེམས་ནང་དུ་མི་གནས་ནི་རེད་པས་ཞི་གནས་ཀྱི་དོན་བསྒོམ། ངང་དྭངས་བདེ་ཆགས་ལ་འབྱམས་ན་རྟོགས་པ་ལ་སྐྱེད་འབྱུང་རྒྱུ་ཡོད་ནི་མ་རེད། དེའི་ཐད་ཚོད་རྣམ་རྟོག་སྣ་ཚོགས་ལ་སྤྲོས་ནས། ཤར་གྲོལ་འཛིན་མེད་དུ་སྦྱང་དགོས་ནི་རེད། ཞི་གནས་དང་ལྷག་མཐོང་དབྱེར་མེད། ཀ་དག་དང་ལྷུན་གྲུབ་ཟུང་འཇུག་གསུངས་དུས། རྣམ་རྟོག་ཕར་ལ་ཡལ་བ་དེ་ཞི་ལྷག་དབྱེར་མེད་དང་རིག་པ་ཚུར་ལྷང་ལ་བུད་ནི་བོར་ཀ་ལྷུན་ཟུང་འཇུག་ཀྱང་ཟེར་ཆོག་ནི་རེད། མདོར་ན་གང་བསྒོམས་ཀྱང་དེའི་ཉམས་དེས་གཞན་ཁྱད་གསོད་རིས་ཆད་དུ་བསྒྱུར་རྒྱུ་དེ་འདྲ་ཡོང་ན། དེ་ལས་ལྡོག་པའི་ཐབས་ལ་འབད་ནས་གེགས་སེལ་དགོས་ནི་རེད། རང་བབས་ཡེ་གནས་དང་། རང་བཞིན་འོད་གསལ་གྱི་ཞི་ལྷག་ཡེ་ནས་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོའི་དགོངས་པ་འཆར་བར་འགྱུར་རོ། །ཞེས་གསུངས་ན། རང་བབས་ཡེ་གནས་ཀྱིས་ཞི་གནས་བསྟན་པ་དང་རང་བཞིན་འོད་གསལ་གྱིས་ལྷག་མཐོང་བསྟན་ནི་རེད། ལྷག་མཐོང་གི་རིག་པ་གསལ་དྭངས་ངར་ཆ་ཅན་རྗེན་ལ་བུད་ན་ཞི་གནས་ཤུགས་ལ་ཡོད་ནི་རེད། དེ་ལྟ་བུའི་ཞི་ལྷག་དབྱེར་མེད་པ་དེ་ཇི་ལྟར་འཆར་ནི་ཡིན་ན། ཉམས་ལེན་སྐྱོན་མེད་གོམས་པས་ཉོན་ཤེས་ཀྱི་སྒྲིབ་པ་རང་གྲོལ་མངོན་དུ་གྱུར་ཏེ། ངོ་བོ་སྟོང་བ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་དབྱེར་མི་ཕྱེད་པ་ལ་མངའ་དབང་འབྱོར་བ་དང་མཉམ་དུ། རང་བཞིན་འོད་གསལ་གྱི་སྐུ་ལོངས་སྤྱོད་རྫོགས་པ་མངོན་དུ་གྱུར་ནས་མཚན་དང་དཔེ་བྱད་ཡེ་ཤེས་ལྔ་ལ་སོགས་པ་ལ་མངའ་དབང་སྒྱུར་བ་དང་། ཞི་གནས་ཀྱི་ཆ་ཆོས་སྐུ་དང་། ལྷག་མཐོང་གི་ཆ་ལོངས་སྐུ། གཉིས་ཀ་ཡེ་ནས་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཤར་བས་ན་སྤྲུལ་སྐུ་མངོན་དུ་སྣང་ནས་སྐུ་གསུམ་རང་ཆས་སུ་ཚང་བའི་སྟོབས་ཀྱིས་འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་པ་དང་ཆབས་ཅིག་ཏུ་སྐུ་དང་ཡེ་ཤེས་འཕྲིན་ལས་དང་བཅས་པ་མ་ཚང་བ་མེད་པར་རང་ཆས་སུ་རྫོགས་པའི་ཀློང་ཆེན་པོའི་དབྱིངས། དུས་གསུམ་སངས་རྒྱས་ཐམས་ཅད་དགོངས་པ་དབྱེར་མེད་དུ་བཞུགས་པའི་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། རྫོགས་པ་ཆེན་པོའི་སྐབས་ན། རིན་པོ་ཆེའི་སྦུབས་གསུམ་གསུངས་པའི་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས། ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གསུམ་གྱི་ནང་ནས་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནང་གསལ་གཞོན་ནུ་བུམ་སྐུའི་ཀློང་དུ་གཡོ་མེད་ཀྱིས་བཞུགས་ནས། སླར་གདུལ་བྱ་ཡོད་ཚེ་ཆོས་སྐུ་ལས་ལོངས་སྐུ་ཤར། ལོངས་སྐུ་ལས་སྤྲུལ་སྐུར་སྣང་ནས་ནམ་མཁའ་ཇི་སྲིད་བར་དུ་འཆར་པར་འགྱུར་རོ་གསུངས་ནི་རེད། མན་ངག་གི་དོན་བསྡུ་བ་ནི། འདི་ནི་མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་མན་ངག་གོ །གསུངས་ན། རིག་པ་སྟོང་གསལ་འདི་ནི་མཁའ་ལྟར་རྒྱ་ཆེ་ལ་ཁྱོན་ཡངས་པ། འཛིན་ཞེན་ཐམས་ཅད་དང་བྲལ་བ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ། ནང་གསལ་བུམ་སྐུའི་དབྱིངས་སུ་སྐུ་གསུམ་དབྱེར་མེད་མཉམ་པ་ཉིད་ལ་གནས་བཞིན་དུ་འཕྲིན་ལས་ཀྱི་རོལ་གར་དཔག་ཏུ་མེད་པས། འགྲོ་ཁམས་དོང་ནས་སྤྲུགས་པའི་ནུས་པ་ཐོབ་བྱེད་ཀྱི་མན་ངག་ཡིན་གསུངས་ནི་རེད། འདི་རྟོགས་པའི་གང་ཟག་དེ་ལ་མྱིང་བཏགས་ན། ཆོས་བོར་བ་ཟེར་རྒྱུ་བོ་ཡིན་ནི་རེད། དེ་ཅི་ལ་གསུངས་ནི་རེད་ཟེར་ན། ཆེད་དུ་ཡིད་ལ་བྱ་རྒྱུའི་ཆོས་གང་ཡང་ཡོད་ནི་མ་རེད། དེ་ཡན་ཆད་ཀྱིས་རྩ་བའི་ས་བཅད་གསུམ་པ་མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་མན་ངག་གསུངས་ཚར་ནི་རེད། དེས་སྣང་བ་ཡུལ་གྱི་བློ་ཅན་ལ་རྒྱས་པར་བཤད་པ་སོང་ནས། འདི་ནས་མར་ལ་རིག་པ་རང་སྣང་གི་བློ་ཅན་ལ་བསྡུས་ཏེ་བསྟན་པ་ནི། དེ་ཡང་དཔལ་ས་ར་ཧས་འདི་སྐད་གསུངས་ཏེ། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །བསམ་མེད་བུ་ཆུང་ཚུལ་དུ་གནས་བྱ་ཞིང་། །ཞེས་བཞག་ཐབས་དང་། གསུངས་ན། བསམ་དང་གསུངས་དུས་བསམ་པ་རྟོག་ཚོགས་ཀྱི་ཞེན་འཛིན་གཅིག་འཕྲོར་གཅིག་མཐུད་དེ་རྣམ་རྟོག་སྣ་ཚོགས་ཤར་གྱིན་འདུག་རྒྱུ་དེ་དང་ནི། བསམ་བྱ་གསུངས་ན་ཡུལ་གྱི་སྣང་བ་སྣ་ཚོགས་སུ་ཤར་བ་གང་ཡང་ཡིད་ལ་བྱེད་པ་རབ་ཏུ་སྤངས་ནས་སུ། བསམ་མེད་བུ་ཆུང་ཚུལ་དུ་ཇི་ལྟར་གནས་དགོས་ནི་རེད་ཟེར་ན། རྟོག་ཅིང་དཔྱོད་པས་ཅི་ཡང་བསམ་དུ་མེད་པ་བུ་ཆུང་སྐྱེས་ནས་ཡུན་རིང་མ་ལོན་ནི་ཞིག་གི་ཚུལ་བཞིན་དུ་རང་བབས་ཏུ་གནས་པར་བྱ་ཞིང་། ཞེས་གསུངས་པའི་བཞག་ཐབས་དང་ལྡན་པར་བྱ་དགོས་གསུངས། དང་པོ་རིག་ངོ་མ་འཕྲོད་གོང་ལ་བཞག་ཐབས་འདི་གནད་ཆེ་ནི་རེད། བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ཞེས་རིག་པ་ངོ་སྤྲོད་པའི་མན་ངག་དང་ལྡན་པར་བྱས་ནས། གསུངས་ཏེ། ལྟ་བའི་དངོས་གཞི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡོན་ཏན་ཐམས་ཅད་བླ་མ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བྱུང་བ་དང་། ཁྱད་པར་དུ་བྱིན་རླབས་འཕོ་བའི་ཁྲིད་ལུགས་འདིར་ཟོལ་མེད་ཀྱི་དད་པ་དང་ཡེངས་མེད་ཀྱི་བརྩོན་འགྲུས་དྲག་པོས་བླ་མའི་མན་ངག་ལྟར་འབད་པ་གཅིག་པུ་གལ་ཆེ། མན་ངག་གང་ཡིན་ན། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། ཐུན་མིན་མན་ངག་ཟབ་མོའི་གནད་གསུམ་པོ་དང་ལྡན་པར་བྱས་ན། ལྷན་གཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་གདོད་ནས་རང་གི་སེམས་དང་ལྷན་ཅིག་སྐྱེས་པ་སེམས་ཀྱི་ཆོས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་འབྱུང་སྟེ། ཞེས་གསུངས་ཏེ། གདོད་མ་ཉིད་ནས་རང་སེམས་འདི་གྲུབ་ཙམ་པ་དང་མཉམ་དུ། བུ་རམ་དང་མངར་བ་བཞིན་ལྷན་ཅིག་སྐྱེས་པའི་སེམས་ཀྱི་ཆོས་ཉིད་སེམས་དང་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བ། སེམས་ལས་མ་བྱུང་བའི་རིག་པ། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་རང་བྱུང་གི་ཡེ་ཤེས། གཉུག་མའི་སེམས་སམ། གཞི་རྒྱུད་དམ། བདེར་གཤེགས་སྙིང་པོ། རང་བྱུང་ཡེ་ཤེས། སེམས་ཀྱི་ཆོས་ཉིད། གཉུག་མ་དོན་གྱི་འོད་གསལ། ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས། གསར་རྒྱུད་ཚོའི་ནང་ནས་གསུང་རྒྱུའི་མི་ཤིགས་དོན་གྱི་ཏི་ལ་ཀ་སོགས་གང་ཅན་པོ་གསུངས་ན་མདོ་གཅིག་ཡིན་ནི་རེད། དེ་ལྟ་བུའི་ཡེ་ཤེས་དེ་ཅི་མོ་ཞིག་ཡིན་ནི་རེད་ཟེར་ན། རྒྱུན་དུ་བཤད་ཀྱིན་འདུག་རྒྱུའི་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་དབྱེར་མེད་པ་དེ་ངོ་འཕྲོད་པ་ཞིག་འབྱུང་གསུངས་ནས་དེའི་མིང་ལ་ལྟ་བ་ངོས་ཟིན་པ་ཟེར་རྒྱུ་དེ་ཡིན་གསུངས་ནི་རེད། དེ་ནི་ཆོས་ཀུན་གྱི་ཆོས་ཉིད་དང་ཐ་དད་མེད་པ་གཉུག་མ་དོན་གྱི་འོད་གསལ་ཡང་ཡིན་ནོ། །གསུངས་ནས། གདོད་ནས་རང་གི་སེམས་དང་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས། གནས་ལུགས་སྟོང་གསལ་དབྱེར་མི་ཕྱེད་པ་དེ་ནི་ཆོས་ཀུན་གྱི་ཆོས་ཉིད་དང་དབྱེར་མེད་པ་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས། ཆོས་ཐམས་ཅད་ཀྱི་ཁྱབ་བྱེད་ཀྱི་ཡེ་ཤེས་ཡིན་པས་ཆོས་ཀུན་གྱི་ཆོས་ཉིད་མཐར་ཐུག་པ་ཡིན་ལ་གསུངས་ནི་རེད། སྔགས་རྒྱུད་ཚོའི་ནང་ནས་ཡང་ཡང་འབྱུང་གིན་འདུག་རྒྱུའི་གཉུག་མ་དོན་གྱི་འོད་གསལ་ཡང་འདི་ཁོ་ན་ཡིན་ནོ་གསུངས་ནས་ཐག་བཅད་ནི་རེད། དེས་ན་རང་བབས་བཞག་པ་དང་། རང་ངོ་ཤེས་པའི་རིག་པའམ་སེམས་ཀྱི་ངོ་བོའམ་ཆོས་ཉིད་སྐྱོང་ཚུལ་འདི་གནད་བརྒྱ་གཅིག་འདུས་ཀྱི་མན་ངག་ཡིན། གསུངས་ན། ལྟ་བས་གཏན་ལ་ཕབ་ཀྱིན་འདུག་རྒྱུ་དེ་སྟོང་གསལ་དབྱེར་མེད་ཀྱི་རིག་པ་འདི་ཁོ་ན་ཡིན་པའི་སྟབས་ཀྱིས་སྒོམ་པས་ཉམས་སུ་ལེན་པའི་ཚེ་ན་ཡང་འཛིན་སྟངས་གང་ཡང་ཡིད་ལ་མི་བྱ་བར་རང་བབས་སུ་བཞག་པ། རྣམ་རྟོག་འཆར་བའི་ཆ་ཐམས་ཅད་འཕྲོད་མཐུད་མེད་པར་བཞག་པ་ཞི་གནས་དང་། རང་གི་ཆོས་ཉིད་མཐའ་བྲལ་གྱི་ངོ་བོ་རིག་ཆ་རྗེན་པའི་ཆ་གསལ་དྭངས་ངར་ཆ་ཅན་གཟུང་འཛིན་དང་བྲལ་བར་ཤེས་པའི་རིག་པ་ལ་ལྷག་མཐོང་ཞེས་བརྗོད་པའམ། ཡང་ན་བརྗོད་ཚུལ་གཞན་ཞིག་བྱས་ན་སྔ་མ་རང་བབས་སུ་བཞག་པ་དེ་ལ་སེམས་ཀྱི་ངོ་བོ་སྐྱོང་བའམ། ཕྱི་མ་གནས་ལུགས་མཐོང་བ་དེ་ལ་ཆོས་ཉིད་སྐྱོང་ཚུལ་གསུངས་པའི་གནད་འདི་ནི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་ཟབ་གནད་གཅིག་ཏུ་འདུས་པའམ། ཡང་གསང་སྙིང་ཐིག་གི་རྒྱུད་ལུང་མཐའ་དག་གི་ཟབ་གནད་བརྒྱ་ཕྲག་མང་བོ་གཅིག་འདུས་ཀྱི་མན་ངག་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་དོན་གྱི་གནད་ཐམས་ཅད་ཀྱང་འདུས་པ་ཡིན་པས་ཉིན་མཚན་ཁོར་ཡུག་ཏུ་འདི་ཉིད་ཉམས་སུ་ལེན་པར་བྱ་དགོས་ནི་རེད། གསུངས་ཏེ་ཞོར་དུ་གདམས་པ་མཛད་ནི་རེད། རྒྱུན་དུ་སྐྱོང་རྒྱུ་ཡང་དེ་ཡིན་གསུངས་ན། ཉམས་སྣང་སྣ་ཚོགས་ལ་ཞེན་མེད་ཀྱི་རྩལ་སྦྱོང་བ་དང་མཉམ་རྗེས་དབྱེར་མེད་པའི་ཐབས་ལ་བརྩོན་པའི་སྐབས་དང་། སྤྱོད་ལམ་རྣམ་བཞི། ཐུན་དང་ཐུན་མཚམས་ཀྱི་སྐབས་སོགས་དུས་རྒྱུན་དུ་སྐྱོང་རྒྱུ་ཡང་རང་བབས་སུ་བཞག་པ་དང་རང་ངོ་ཤེས་རྒྱུ་དེ་གཉིས་ཀ་ཡིན་པས་ན། ལྟ་སྒོམ་གྱིས་མ་ཟད་སྤྱོད་པའི་གཞི་ཡང་འདི་ཁོ་ན་ལ་བརྟེན་དགོས་པ་དེ་མོ་ཡིན་ནི་རེད། གོམས་པའི་ཚད་ནི་མཚན་མོ་འོད་གསལ་གྱིས་འཛིན། གསུངས་ན། རྟགས་སྤྱོད་པས་སྟོན་ཚད་རྨི་ལམ་གྱིས་འཛིན་གསུངས་ནི་རེད་པས། གོམས་པའི་ཚད་དེ་མཚན་མོ་འོད་གསལ་འཆར་ལུགས་ཀྱིས་ཤེས་ནི་རེད། ཉིན་དཀར་སྟོང་འཛིན་ལྟེང་པོ་ཞིག་ཨེ་ཡིན། མིན་ན་སེམས་བྱུང་འོག་འགྱུ་ཕྲ་མོ་ཅན་ལ་འདུག་རྒྱུ་དེ་སྒོམ་ཡིན་སྣང་ཤར་ཡང་། མཚན་སྣང་ནག་ཐིམ་མེ་འགྲོ་རྒྱུ་དང་། འཁྲུལ་འབྱམས་དུག་ལྔ་རྒྱ་འབྱམས་སུ་འགྲོ་རྒྱུ་མ་གཏོགས་མེད་དུས། བར་དོ་དང་པོ་ལ་གྲོལ་དཀའ་ནི་རེད། གསང་བ་སྒྲ་རྒྱུད་ཀྱི་ལུང་ལས། རབ་ནི་འཆར་དང་འབྲིང་གིས་ཤེས། །ཐ་མ་འགྱུར་བ་མེད་པ་སྟེ། །གསུངས་ནི་རེད། རྣལ་འབྱོར་པ་དབང་བོ་ཡང་རབ་རྣམས་ལ་སྐྱེ་བ་འདིར་འཚང་རྒྱ་བའི་རྟགས་ལ། རྨི་ལམ་འོད་གསལ་གྱི་འཁོར་ལོར་ཤར་ནི་རེད། འབྲིང་ཞིག་ཡིན་ན་རྨི་ལམ་རྨི་ལམ་དུ་ངོ་ཤེས་པས་མ་ཚད། རྨི་ལམ་བཟུང་ནས་སྤྲུལ་སྒྱུར་བྱེད་ཐུབ་ནི་རེད། ཐ་མ་འགྱུར་བ་ངེས་པ་སྟེ། །གསུངས་པས་དབང་པོ་ཐ་མའི་རིགས་ཅན་ཡིན་ཡང་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོར་འགྱུར་ངེས་པ་ཡིན་གསུང་ནི་རེད། དེས་ན་མཚན་མོའི་འོད་གསལ་ལ་སྦྱང་རྒྱུའི་ཐད་འདིར་དང་པོ་ཅུང་ཟད་གོམས་པའི་སྐབས་སུ་རྨི་ལམ་དགེ་བར་འགྱུར། དེ་ནས་རྨི་ལམ་ངོ་ཤེས་ནས་ཉམས་ལེན་གྱི་ངང་ལ་བཞག་དུས་རྨི་ལམ་འོད་གསལ་ཟིན་ཡོང་ནི་རེད། ཡང་འགའ་རེས་གཉིད་རན་ཁར་སྒོམ་པའི་ངང་ལ་བཞག་ནས་གཉིད་སོང་དུས། གཉིད་པའི་སྐབས་དེར་འོད་གསལ་ངོས་འདི་ཟིན་ཐལ་ཟེར་རྒྱུ་མེད་ཀྱང་། ཡར་ལ་སད་དུས་སྔར་གྱི་གཉིད་ཁའི་ཉམས་ལེན་གྱི་ངང་དེ་མ་ཤོར་ནས། དེའི་ཐོག་ལ་གནས་ཡོད་ན་དེ་ལ་མཐུག་པོའི་འོད་གསལ་གསུངས་ཀྱིན་ཡོད་ནི་རེད། དེ་ལྟར་གང་འཚམས་ནས་གཉིད་སོང་ཡང་ཉེ་འཁོར་གྱི་གཟུགས་སྒྲ་ལ་སོགས་པ་མཐོང་ཐོས་ཡོད་པ་དང་། ཉམས་ལེན་ལྷག་པར་ཇེ་གསལ་ལ་འགྲོ་རྒྱུ་དེ་དག་ཕྲ་མོའི་འོད་གསལ་ཟིན་པ་ཡིན་ནི་རེད། འདིའི་སྲབ་མཐུག་གསུངས་པ་དེ་འོད་གསལ་སྲབ་མཐུག་ལ་གསུངས་ནི་མ་རེད། གཉིད་སྲབ་མཐུག་གི་སྐབས་ཀྱི་འོད་གསལ་ཟིན་ལུགས་ལ་གསུངས་ནི་རེད། དེ་ནས་སྣང་མཆེད་ཐོབ་གསུམ་ངོས་ཟིན་ནས། སྒོ་ལྔ་ཡིད་ལ་ཐིམ། ཡིད་ཀུན་གཞིའི་རྣམ་ཤེས་ལ་ཐིམ། ཀུན་གཞིའི་རྣམ་ཤེས་ཀུན་གཞི་ལ་ཐིམ། ཀུན་གཞི་ཡང་ཆོས་དབྱིངས་འོད་གསལ་གྱི་ངང་ལ་ཐིམ་པ་ངོས་ཟིན་ནས། ཉིན་དང་མཚན་དུ་དེ་ལས་མ་འདས་ན་ཉིན་མཚན་རྟག་ཏུ་འོད་གསལ་གྱི་འཁོར་ལོ་ལ་སྤྱོད་པ་ཡིན་ནི་རེད། གཉིད་དང་འཆི་བ་གཉིས་ཀ་ཕྲ་རགས་ཙམ་ཞིག་མ་གཏོགས་འདྲ་ནི་ཡིན་པས་མན་ངག་འདི་ཚོ་ཤིན་ཏུ་གལ་ཆེན་ཡིན་ནི་རེད། ཡང་དག་པའི་ལམ་ཡིན་པའི་རྟགས་ནི་དད་པ་དང་སྙིང་རྗེ་ཤེས་རབ་སོགས་རང་ཤུགས་ཀྱིས་འཕེལ་བས་རྟོགས། ཞེས་གསུངས་ན། དེའི་ཚད་ཐིག་དེ་ཇི་འདྲ་ཞིག་ཡིན་ནི་རེད་བསམ་ན། ཡང་དག་མ་ནོར་བའི་ལམ་ཡིན་པའི་རྟགས་ནི། མན་ངག་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དང་བའི་དད་པ་དང་། དེས་བསྟན་པའི་དམ་པའི་ཆོས་ཀྱི་ཆེ་བ་དང་ཟབ་ཁྱད་གཞན་དང་མི་འདྲ་བ་མཐོང་ནས། ཡིད་ཆེས་པའི་དད་པ་སྐྱེ་རྒྱུ་དང་། གནད་ཀྱི་སྙིང་པོ་དེ་དུས་རྟག་ཏུ་མི་བསྐྱུར་བར་ཉམས་སུ་ལེན་བསམ་རྒྱུ་ལ་ཕྱིར་མི་ལྡོག་པའི་ལྡོག་མེད་ཀྱི་དད་པ་བརྟན་པོ་བཅས་རྩོལ་མེད་རང་ཤུགས་སུ་སྐྱེས་ཡོང་བའི་སྐབས་དེར། སེམས་ཅན་ཐམས་ཅད་ལ་བུ་གཅིག་པུའི་མའི་འདུ་ཤེས་ལྟ་བུའི་སྙིང་རྗེ་ཞིག་མི་འཁྲུངས་པའི་ཐབས་ཡོད་ནི་མ་རེད། གཞན་གྱི་སྡུག་བསྔལ་ཆེ་ཕྲ་ཐམས་ཅད་རང་ཐོག་ལ་ལེན་ནུས་པ་དང་། རང་གི་ལུས་ལོངས་སྤྱོད་དགེ་རྩ་ཐམས་ཅད་གཞན་ལ་གཏོང་ནུས་རྒྱུ། སེམས་ཅན་གཞན་གྱིས་རང་ཉིད་ལ་མི་སྙན་པ་བརྗོད་པ་དང་ནི་རྡུང་རྡེག་བྱེད་པ། ཐ་ན་གསོད་གྲབས་བྱས་ཀྱང་ཁྲོ་བ་མེད་ནི་ཞིག་ཡོང་གིན་ཡོད་ནི་རེད། དེའི་ཐོག་ལ་མདོ་སྔགས་རིག་གནས་ཐམས་ཅད་ལ་སྦྱངས་པ་ལྷག་ཏུ་མ་བྱས་ཀྱང་། འབད་མེད་དུ་རྟོགས་ནུས་པའི་སྤོབས་པའི་གཏེར་བརྒྱད་ལ་དབང་འབྱོར་བའི་ཤེས་རབ་དང་། དུས་གསུམ་ཤེས་བྱའི་སྣང་བ་མ་འདྲེས་པར་མཐོང་རྒྱུ། བརྩོན་འགྲུས་དང་། དྲན་པ། ཏིང་འཛིན། ཤིན་སྦྱངས་ལ་སོགས་པ་མི་ཟད་པ་བརྒྱད་ཅུའི་ཡོན་ཏན་ཐམས་ཅད་རང་ཤུགས་ཀྱིས་འཕེལ་བས། རང་གིས་ཀྱང་ལམ་ཚད་འདི་འདྲ་ཞིག་ལ་ཐོན་ཡོད་ཀི་བསམ་རྒྱུ་བོ་རྟོགས་ཐུབ་ནི་ཞིག་ཡིན་གསུངས་ནི་རེད། བདེ་ཞིང་ཚེགས་ཆུང་བ་ནི་རང་གི་ཉམས་སུ་མྱོང་བས་ཤེས། གསུངས་ན། འདི་ལ་ལུས་ཀྱི་ཕྱག་སྐོར་སྒྲིབ་སྦྱང་། ངག་གི་ཁ་བཏོན་བཟླས་བརྗོད། ཡིད་ཀྱི་རྟོག་དཔྱོད་འཕྲོ་འདུ་མི་དགོས་པར་སྟབས་བདེ་ཞིང་ཚེགས་དཀའ་ལས་ཆུང་རྒྱུ་བོ་ནི་རང་གི་ཉམས་སུ་མྱོང་བས་ཤེས་ཐུབ་ནི་རེད་གསུངས་ནི་རེད། ཆོས་སྤྱོད་བཅུའི་སྤྲོས་པ་ཟུར་ནས་མི་དགོས་རྒྱུ་དང་། བསྐྱེད་རྫོགས་སྒོམ་པ་ལྟ་བུའི་སེམས་འཛིན་གྱི་རྩོལ་བ་དང་། དབང་དཀྱིལ་འཁོར་སྦྱིན་བསྲེག་མཆོད་པ་ལྟ་བུའི་ལུས་ངག་གི་ངལ་བ་གང་ཡང་བསྟེན་མི་དགོས་པར། ངའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་ཚང་གིས། ཚེ་གང་སྒྲུབ་ལ་དྲིལ་བའི་བྱས་ཡུས་ཤིག་མེད་ཀྱང་། །རེ་ དོགས་ཐད་ཀར་ཞིག་པའི་བྱར་མེད་ཀྱི་རྒྱལ་ས། །མ་བཙལ་གཞི་ལ་ཟིན་པ ་བླ་མ་ཡི་བཀའ་དྲིན། །བསམ་བཞིན་དགའ་སྤྲོའི་སྣང་བ་འགོག་མེད་དུ་ཤར་སོང་། །གསུངས་ནི་འདྲ་བོ་དང་། ཞབས་དཀར་ཚང་གིས། བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ། །དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མ་ཤེས་བྱ་བ་ཅི་ལ་ཟེར། །གསུངས་ནི་འདྲ་འདྲའི་རང་བཞག་བདེ་ཉལ་ཁོ་ནས་ས་ལམ་དུས་གཅིག་ལ་ཆོད་ནི་ཡིན་པས། བདེ་ཞིང་ཚེགས་ཆུང་བ་དེ་དེའི་སྐབས་ཀྱི་ཉམས་སུ་མྱོང་བས་ཤེས་རྒྱུ་ཅན་ཞིག་ཡིན་ནི་རེད། ཟབ་ཅིང་མྱུར་བ་ནི་ཤིན་ཏུ་འབད་རྩོལ་ཆེན་པོས་བསྒྲུབ་པའི་ལམ་གཞན་ལ་ཞུགས་པ་རྣམས་དང་རྟོགས་ཚད་བསྟུན་པས་ངེས་པ་ཡིན་ནོ། །ཞེས་གསུངས་ཏེ། ཟབ་པའི་ཐད་ནས་ཐེག་རིམ་དགུའི་ཡང་རྩེ་རྒྱུ་འབྲས་གཉིས་ཀྱི་ནང་ནས་རྩོལ་མེད་འབྲས་བུའི་ཐེག་པ་ཡིན་པས། འདི་ལས་ཟབ་པའི་གདམས་ངག་ཡོད་ནི་མ་རེད། མྱུར་བའི་ཐད་ནས་ཡིན་ན། མདོ་ལམ་ལྟ་བུའི་དབང་དུ་བྱས་ན་དབང་པོ་ཤིན་ཏུ་རྣོན་པོ་ཡིན་ཡང་བསྐལ་ཆེན་གྲངས་མེད་གཅིག་གི་བར་དུ་ཚོགས་བསགས་སྒྲིབ་པ་སྦྱངས་ནས། མཐར་མཐོང་ལམ་རྣམ་པར་མི་རྟོག་པ་ངོ་འཕྲོད་ནས་བསྒོམས་ཀྱང་བསྐལ་ཆེན་གྲངས་མེད་གཉིས་མ་སོང་ན་སངས་རྒྱས་ཐོབ་མི་ཐུབ་ཅིང་། ཕྱི་རྒྱུད་སྡེ་གསུམ་ལ་མཚོན་ན། མི་ཚེ་བཅུ་དྲུག་མ་སོང་གི་བར་ལ་རང་འབྲས་མི་ཐོབ། བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་སྒོ་ནས་ཡིན་ན། བརྩོན་པ་ཤིན་ཏུ་དྲག་པོ་ཞིག་བརྟེན་ནུས་ན་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་གསུངས་ཡོད་ནི་རེད་ཀྱང་། དེའི་ནང་གི་གསར་རྒྱུད་ཚོའི་དབང་དུ་བྱས་ན། རིམ་ལྔ་དང་སྦྱོར་དྲུག་ལྟ་བུ་རྩོལ་བཅས་ཀྱི་ཐབས་ལ་ཡུན་རིང་འབད་ནས་བཞི་བའི་འོད་གསལ་ད་གཟོད་མངོན་དུ་གྱུར་དགོས་རྒྱུ་དང་། རྙིང་རྒྱུད་ཀྱི་མ་ཧཱ་ཨ་ནུ་ཚོ་ལྟ་བུ་ཡིན་ན། བསྐྱེད་རྫོགས་ཀྱི་རྩོལ་བ་ལ་བརྟེན་ནས་ཡེ་ཤེས་མངོན་དུ་སྨིན་དགོས་རྒྱུ་དེ་ཚོ་ཐམས་ཅད་ཀྱང་། འདི་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད་ནི་རེད། བླ་མའི་བྱིན་རླབས་དང་སློབ་མའི་དད་པ་ནང་འཛོམས་པའི་རྐྱེན་གྱིས་སོ་སྐྱེ་འཆིང་བ་ཀུན་ལྡན་ཞིག་ཡིན་ན་ཡང་། རིག་པ་རང་བྱུང་གི་ཡེ་ཤེས་ངོ་སྤྲད་ནས་རྩོལ་མེད་རང་བཞག་གི་ལམ་ཉམས་སུ་བླངས་ན། ལོ་གསུམ་གྱིས་སངས་རྒྱས་ཐོབ་ཐུབ་པའི་གདམས་པ་འདི་དང་བསྡུར་ན། རྐང་ཐང་ཞིག་དང་ཉི་ཟླའི་བགྲོད་པའི་མྱུར་ཁྱད་སྡུར་གིན་ཡོད་ནི་འདྲ་ཞིག་གི་ཁྱད་པར་ཡོད་ནི་དེ་མོ་ཡིན་ནི་རེད། རང་སེམས་འོད་གསལ་བསྒོམ་པས་འབྲས་བུ་ཐོབ་རྒྱུའང་དེའི་སྟེང་གི་རྣམ་རྟོག་དང་། དེའི་བག་ཆགས་ཀྱི་སྒྲིབ་པ་སངས་ཚེ། མཁྱེན་གཉིས་རྩོལ་མེད་དུ་རྒྱས་ནས་གདོད་མའི་གཏན་སྲིད་ཟིན་ཏེ་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཞེས་གསུངས་ན། དང་བོ་བླ་མས་ལྟ་བ་ངོ་སྤྲད་པ་དེའི་ཐོག་ལ་ཐག་བཅད། དེའི་ངང་ལ་རྒྱུན་དུ་གནས་པའི་སྒོམ་པས་ངང་བསྐྱང་། དེའི་སྐབས་སུ་གང་ཤར་རང་སར་གྲོལ་བའི་སྤྱོད་པས་བོགས་དབྱུང་ན་སྐུ་གསུམ་ལྷུན་གྱིས་གྲུབ་པའི་འབྲས་བུ་མངོན་དུ་གྱུར་ཡོང་ནི་རེད། མི་ཕམ་ཚང་ཁོང་རིག་གིས། ལྟ་བ་འཛིན་མེད་རང་གསལ་ཡིན། །སྒོམ་པ་གཞི་མེད་རྩ་བྲལ་ཡིན། །སྤྱོད་པ་ཕྱོགས་མེད་བློ་བདེ་ཡིན། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཡིན། །ཞེས་གསུངས་ཡོད་པ་ལྟར། རང་གི་སེམས་ཀྱི་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོའི་དོན་སྒོམ་པའི་འབྲས་བུ་ཐོབ་པ་དེ་ཡང་། གཞི་ལ་མེད་པའི་འབྲས་བུ་རང་རྒྱུད་པ་གཞན་ཞིག་ཐོབ་པ་ཡིན་ནི་མ་རེད། སྤངས་པའི་ཡོན་ཏན་གྱི་ཐད་ནས་ཡིན་ན། རང་བཞིན་ལ་ཡུལ་དུ་འཁྲུལ་སོང་ནོ་དེས་བསྐྱེད་པའི་ས་རྡོ་ལ་སོགས་མ་དག་པའི་སྣང་བ་དང་། ཐུགས་རྗེ་ལ་སེམས་སུ་འཁྲུལ་ནས་དེ་ལས་ཤར་བའི་གཞི་རང་གི་བཞུགས་ཚུལ་དང་མི་མཐུན་པ། རྒྱུད་བརྟག་གཉིས་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དྲི་མ་དེ་བསལ་སངས་རྒྱས་དངོས། །གསུངས་ནོ་ལྟར་དུ། སེམས་ཅན་ཐམས་ཅད་ངོ་བོ་ཡེ་དག་དང་རང་བཞིན་རྣམ་དག་གི་ཆ་ནས་སངས་རྒྱས་ཡིན་ཡང་། གློ་བུར་ཉོན་ཤེས་ཀྱི་དྲི་མས་སྒྲིབ་པ་ན། དེའི་སྟེང་གི་རྣམ་རྟོག་དང་དེའི་བག་ཆགས་ཀྱི་སྒྲིབ་པ་ཆེད་དུ་སྤངས་པ་མིན་པར། རང་སངས་རེད་སོང་དུས་དེ་དུས་སྤངས་པ་མཐར་སོན་པ་ཡིན་ནི་རེད། དེའི་སྐབས་མཁྱེན་གཉིས་རྩོལ་མེད་དུ་ཇི་ལྟར་རྒྱས་ནི་རེད་ཟེར་ན། ཆོས་ཉིད་ཇི་བཞིན་དུ་མཐོང་བ་ཇི་ལྟ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་མ་འདྲེས་པར་གཟིགས་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཏེ། མཁྱེན་པ་གཉིས་ཀ་རྩོལ་མེད་རང་བྱུང་གི་ཚུལ་དུ་རྒྱས་ནས། གདོད་མའི་གཏན་སྲིད་ནང་གསལ་བུམ་པའི་སྐུ། འབྲས་བུའི་མཐར་ཐུག་མངོན་དུ་གྱུར་ནས། སླར་འཁོར་བར་འཁྱམས་མི་དགོས་པའི་བཙན་ས་ཟིན་ཏེ། སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཡིན། །གསུངས་ནོ་ལྟར་དུ། ཆོས་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྐུ་ངེས་པ་ལྔ་ལྡན། སྤྲུལ་སྐུ་གང་ལ་གང་འདུལ་དུ་སྣང་བ་གསུམ་པོ་དབྱེར་མེད་པར་ལྷུན་གྱིས་གྲུབ་པ་འབྲས་བུའི་མཐར་ཐུག་བརྙེས་པ་ཡིན་ནོ་གསུངས་ནི་རེད། དེ་ཡན་ཆད་ཀྱིས་ཐོག་མར་དགེ་བ་ཀླད་ཀྱི་དོན་བཤད་བྱའི་ཡན་ལག་བཤད་པ་དང་། བར་དུ་དགེ་བ་གཞུང་གི་དོན་བཤད་བྱ་གཞུང་གི་དོན་ཆ་ཚང་བ་སོང་ནས། ད་གསུམ་པ་ཐ་མར་དགེ་བ་མཇུག་གི་དོན། མཇུག་ཡོངས་སུ་རྫོགས་པའི་བྱ་བ། དམ་ཚིག་ལ་ཚད་བཙུགས་ནས་ཟབ་མོའི་གདམས་ངག་གསང་བར་གདམས་པ་དང་། གང་གིས་མཛད་པའི་མཛད་བྱང་སྨོས་པ་དང་གཉིས་ཡོད་པའི་ནང་གི དང་པོ་དམ་ཚིག་ལ་ཚད་བཙུགས་ནས་ཟབ་མོའི་གདམས་ངག་གསང་བར་གདམས་པ་ནི། ཟབ་པོ། ཞེས་པའི་བཀའ་རྟགས་ཀྱི་རྒྱ་ཡིས་བསྟན་ནི་རེད། མན་ངག་འདི་ནི་ཆོས་ཚུལ་གཞན་ལས་ཁྱད་དུ་འཕགས་པའི་བརྗོད་བྱ་གཏིང་ཟབ་པ་དང་། བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ། མཐོང་ཐོས་དྲན་རེག་ཐམས་ཅད་འཚང་རྒྱ་བར་བྱེད་པ་ཡིན་པར་བསྟན་ནི་རེད། གུ་ཧྱ༔ ཞེས་པའི་ཐ་ཚིག་གི་རྒྱ་ཡིས་ཅི་ཞིག་བསྟན་ནི་རེད་སྙམ་ན། ཆོས་འདི་ནི་ཤིན་ཏུ་གཏིང་ཟབ་ཅིང་། དཔོག་དཀའ་བ་ཡིན་པས་ན། སྣོད་དང་ལྡན་མིན་ལ་མི་བལྟ་བར་གང་ཐུག་སུ་བྱུང་ལ་བསྟན་ན། སྒྲོ་སྐུར་གྱི་དབང་གིས་ངན་འགྲོའི་རྒྱུར་འགྱུར་བ་དང་ནི། དམ་ཉམས་སོགས་ལ་བཤད་པས་དམ་ཚིག་ཉམས་ན། བྱིན་རླབས་ཀྱི་དྲོད་ཚད་ཡལ་འགྲོ་བ་དང་། བཀའ་སྲུང་དམ་ཅན་གྱི་འཁུ་ལྡོག་དྲག་པོ་ཡོང་རྒྱུ་ལ་སོགས་པ་མི་འདོད་པ་དུ་མ་འབྱུང་བ་ཡིན་པས་ན། གསང་བར་གདམས་ནི་རེད། ས་མ་ཡ༔ ཞེས་པའི་དམ་ཚིག་གི་རྒྱ་འདིས་ཆོས་འདི་སྣོད་དང་ལྡན་མིན་ལ་མི་བལྟ་བར་སུ་ཡིན་ལ་སྤེལ་ན་གསང་སྒོ་འཆོལ་བས། དམ་ཚིག་ཉམས་པ་ཡིན་པའི་ཕྱིར་ན། ཡཀྴ་ཁྲོ་བོས་སྙིང་ཁྲག་ཞོ་ལྟར་དུ་འཐུང་བ་དང་། ཚེ་འདིར་མི་འདོད་པ་སྣ་ཚོགས་ཀྱིས་མནར་ནས། ཕྱི་མར་རྡོ་རྗེའི་དམྱལ་བར་འགྲོ་དགོས་པས་ན་ས་མ་ཡ༔ གསུངས་ནས། དམ་ཚིག་ཚད་ལ་བཞག་ནས། ཟབ་པོ། གུ་ཧྱ༔ ས་མ་ཡ༔ གསུམ་གྱིས་གསང་བའི་མན་ངག་གསང་དགོས་པར་རྒྱ་རིམ་པ་གསུམ་གྱིས་བསྡམས་པ་ཡིན་ནི་རེད། གཉིས་པ་དུས་ནམ་དུ་གང་གིས་མཛད་པ་པོའི་མཛད་བྱང་ནི། རབ་ཚེས་མེ་རྟ་ཟླ་གཉིས་པའི་ཚེས་བཅུ་གཉིས་ལ་ཐོས་བསམ་ལ་ཆེར་མི་བརྩོན་ཡང་སེམས་ངོའི་ཉམས་ལེན་འདོད་པའི་གྲོང་སྔགས་པ་སོགས་ཀྱི་ཆེད་དུ། རྟོགས་ལྡན་རྒན་པོ་ཕལ་གྱི་ཉམས་མྱོང་དམར་ཁྲིད་ཀྱི་ཆོས་སྐད་གོ་བདེ་དང་བསྟུན་པའི་གདམས་པ་ཟབ་མོ་མི་ཕམ་འཇམ་དཔལ་རྡོ་རྗེས་བཀོད་པ་དགེའོ། །ཞེས་གསུངས་ཏེ། རབ་ཚེས་ཞེས་པའི་རབ་འདི་ཕུག་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་བོད་རབ་བྱུང་གི་རྩིས་མགོ རབ་བྱུང་རྣམ་བྱུང་དཀར་པོ་དང་ལ་སོགས་པའི་ལོ་དང་པོ་དེའི་མིང་དེ་བརྩི་གཞི་བྱས་ནས་དེ་ཉིད་དེའི་མན་གྱི་བརྩི་གཞི་རེད་སོང་ནི་རེད། དཔེར་ན་རབ་ཅེས་པ་རབ་བྱུང་དང་། ཚེས་གསུངས་ན་ཚེས་ཀྱི་ཟླ་བའི་ཆ་ཤས་ཡོངས་སུ་རྫོགས་པ་དེ་ཚེས་བཅོ་ལྔའི་ཉིན་ཡིན་པས། བཅོ་ལྔ་ལ་གོ་ནི་རེད། གྲངས་ཀྱི་མངོན་བརྗོད་ལ་ཚེས་ཟེར་རྒྱུ་དེ་གྲངས་བཅོ་ལྔའི་མངོན་བརྗོད་རེད། མངོན་བརྗོད་ཅེས་པ་མངོན་པར་བརྗོད་འདོད་ཀྱི་མིང་བཅོ་ལྔའི་མིང་ལ་ཚེས་ཞེས་བཏགས་ནི་འདྲ་ཞིག་རེད། དེ་དང་རབ་བྱུང་གཉིས་ཀ་ཚིག་སྡུད་ཀྱིས་སྦྲེལ་ནས་བོད་རབ་བྱུང་བཅོ་ལྔ་པ་ལ་རབ་ཚེས་ཟེར་རྒྱུའི་ཐ་སྙད་བཏགས་ནི་རེད། རབ་བྱུང་བཅོ་ལྔ་པའི་ལོ་རྒན་དྲུག་ཅུའི་ནང་ནས་མེ་ཕོ་རྟ་ཡི་ལོ་དེ། མེ་ཕོ་ཡིན་ཟེར་སྤྱད་ཅིའི་ཕྱིར་རེད། མེ་མོ་ཡིན་ན་ཅི་ཤེས་བསམ་རྒྱུ་ཡོད་ནི་མ་རེད། བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ། །དེ་ལྷག་དྲུག་པོ་མོ་ལོ་ཡིན། །གསུངས་ནི་རེད། རྩིས་གཞུང་གི་ནང་ན་གཏན་འཁེལ་བྱས་བཞག་ཡོད་ནི་རེད། དེའི་ལོ་དེའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཉིས། ཟླ་བའི་ཡར་ཚེས་ལ་དཀར་ཕྱོགས་དང་མར་ཚེས་ལ་དམར་ཕྱོགས་ཟེར་རྒྱུ་བོ་ཟླ་བའི་འཕེལ་འགྲིབ་ཀྱི་ཆ་ནས་ཟླ་བ་རེ་རེར་ཕྱོགས་གཉིས་རེ་ཡོད་ནི་རེད། ལོ་གསུམ་ཕྱོགས་གསུམ་ལ་མཚམས་བསྡམ་ཟེར་རྒྱུ་དེ་ཚོ་ལོ་གསུམ་དང་ཟླ་ཕྱེད་གསུམ་ལ་ཟེར་གྱིན་ཡོད་ནི་རེད། དེ་ལྟ་བུའི་ཡར་ཚེས་བཅུ་གཉིས་ཀྱི་ཉི་མ་ལ་ཐོས་བསམ་གྱི་གྲྭ་ས་མ་འགྲིམས་པས་འདི་སྦྱངས་ཐལ་བསམ་རྒྱུའི་བརྩོན་པ་མི་མངོན་ན་ཡང་། སེམས་ངོའི་ཉམས་ལེན་སེམས་ཉིད་དེ་བཞིན་ཉིད་སྤྲོས་པ་དང་བྲལ་བའི་རིག་པ་ཆོས་སྐུའི་ངོ་བོ་དང་འདུ་འབྲལ་མེད་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྱེར་སོ་དང་མི་འབྲལ་བའི་ཉམས་ལེན་ལ་བརྩོན་འདུན་ཡོད་པའི་གྲོང་ངམ་ཁྱིམ་ན་གནས་པའི་སྔགས་པ་དང་སྔགས་མ་ལ་སོགས་པ། མདོར་ན། ལམ་འདིར་མོས་པ་དང་དོན་གཉེར་ཅན་ཐམས་ཅད་ཀྱི་ཆེད་དུ་། སྟབས་བདེ་མོ། དཀའ་ལས་མེད་པར། དོན་ཆེན་པོ་སངས་རྒྱས་རང་ལག་ལ་ཡོད་པའི་ཉེ་ལམ། རྟོགས་ལྡན་རྒན་པོ་ཚོའི་ཉམས་མྱོང་དམར་ཁྲིད་ཐད་ཀར་དམར་འཇུས་བྱས་ཏེ་བཤད་པའི་གོ་བདེ་རྒྱུ་གཙོ་བོར་བྱས་པའི། གདམས་པ་ཟབ་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ལག་ཏུ་བླངས་ནས་བསྟན་པའི་གདམས་པ་ཟབ་མོ་འདི། ཁོང་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བཀོད་པའོ་གསུངས་ན་འདིའི་མཛད་བྱང་དང་བཅས་པ་གདམས་པ་ཟབ་མོ་ཆ་ཚང་བ་བཤད་གྲུབ་པའོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་སེམས་ཅན་ཐམས་ཅད་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་བཅས་པས་དུས་གསུམ་ཀུན་ཏུ་བསགས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་ནས། ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་ཅན་བཤད་དང་སྒྲུབ་པ་གཉིས་ལྡན་གྱིས་འཛིན་སྐྱོང་སྤེལ་ཏེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་རླབས་ཆེན་བསྟན་འགྲོའི་དཔལ་མགོན་གང་ན་འཚོ་ཞིང་བཞེས་པ་དག་གི་སྐུ་ཚེའི་ཞབས་པད་བརྟན། ཐུགས་བཞེད་གེགས་མེད་དུ་འགྲུབ། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ནད་མུག་མཚོན་འཁྲུགས་འབྱུང་བཞིའི་འཇིགས་པ་ལ་སོགས་པ་རྒུད་པའི་སྐལ་བ་ངན་པ་ཐམས་ཅད་ཞི། འབྲེལ་ཐོགས་འགྲོ་བས་གཙོས་པའི་མཁའ་མཉམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བའི་ཕྱིར་དུ། སྔར་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུའོ།། །།བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུནཿ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིསཿ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནསཿ གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ
ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན།།
ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ།།
བློ་གྲོས་པདྨོ་རབ་ཏུ་བྱས་བྱེད་ཅིང་།།
སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག།
རྒྱལ་དབང་ཀློང་ཆེན་པས།
མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ།།
མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ།།
ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་པའི།།
བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག།
འཇམ་མགོན་མི་ཕམ་པས།
དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན།།
མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ།།
འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ།།
ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག།
སྐྱབས་རྗེ་པདྨ་སྐལ་བཟང་གིས།