ཉིན་བཞི་བའི་ཆོས་ཁྲིད།
མཚམས་སྦྱོར་གྱི་གདམས་ངག
དམ་པའི་ཆོས་ཉོན་མོངས་ཀྱི་ནད་ཞི་བར་བྱེད་པའི་བདུད་རྩི། ཐར་བའི་ལམ་ལ་འགྲོ་བའི་ལམ་སྟོན། མུན་པའི་སྒྲོན་མེ་འདི་དང་ལན་གཅིག་འཕྲད་ཡོད་དུསདམ་པའི་ཆོས་དང་རང་རྒྱུད་འདྲེས་པའི་བརྩོན་པ་ཞིག་རང་ངོས་ནས་བྱ་ཐུབ་ན། ཚེ་འདིར་འཁོར་བ་ལས་དུས་གཏན་དུ་ཐར་བའམ། ཐར་བའི་ལམ་སྣེ་ཟིན་པ་ཞིག་ངེས་པར་རེད་ཐུབ་ཅེས་གསུངས། ཐར་ལམ་དེ་གཅིག་ཟིན་སོང་ན། དེ་ནས་བདེ་ནས་བདེ་བའི་ཕྱོགས་སུ་འགྲོ་ཞིང་། མཐར་ཐུག་གི་བསྒྲུབ་བྱ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་སྦྱོར་བ་དམ་པ་དེ་ཡང་རང་གི་ལག་ཏུ་ཡོད་པ་ཡིན་གསུངས་པ་དང་། ཀློང་ཆེན་པས། པདྨོ་ཅན་སོགས་དག་པའི་འཇིག་རྟེན་དུ། །པདྨོ་ལས་སྐྱེས་སེམས་གཙང་རྙོག་པ་མེད། །པདྨོ་ལྟར་མཛེས་ཡོན་ཏན་ཚོགས་མང་ཞིང་། །པདྨོའི་དཔལ་སོགས་རྒྱལ་བ་མཐོང་བར་འགྱུར། །ཞེས་གསུངས་ཏེ། །གོང་དུ་གསུངས་པ་ལྟར་ཐར་བའི་ལམ་སྣེ་ཞིག་ཟིན་ནས་བྱང་ཆུབ་བདེ་ལེགས་ཀྱི་འབྱོར་བ་དམ་པའི་ལམ་སྣེ་ལ་གཅིག་ཐོན་དུས། དེའི་ལེགས་བྱས་ཀྱི་འབྱོར་བའི་མཐུས་ངན་འགྲོའི་གནས་སུ་འགྲོ་མི་དགོས་ཤིང་། གལ་ཏེ་ལས་དབང་ཟློག་མེད་ཀྱིས་འགྲོ་ཙམ་རེ་དགོས་ནའང་ཐར་བའི་ལམ་སྣེ་ཟིན་ཡོད་པའི་སྟོབས་ཀྱིས་ཐར་སླ་ཞིང་། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཏུ་ལྷ་དང་མིའི་ལུས་ཤ་སྟག་བླངས་ཏེ། རྟེན་དེའི་ཐོག་ནས་དགེ་བའི་བྱ་བ་ལ་བརྩོན་ཏེ་མངོན་མཐོ་དང་ངེས་ལེགས་ཀྱི་དགའ་སྟོན་བཟང་པོ་དུས་རྟག་ཏུ་མྱོང་བའོ། །པད་མོ་ཅན་ཞེས་པ་ནི་བདེ་བ་ཅན་ནོ། བདེ་བ་ཅན་གྱི་ཞིང་ནས་མེ་ཏོག་པདྨ་ལས་སྐྱེས་ཏེ། པདྨོ་ལས་སྐྱེས་སེམས་གཙང་རྙོག་པ་མེད་ཅེས་པ་ནི། ལྷག་པའི་བསམ་པ་རྣམ་པར་དག་པས་སེམས་གཙང་བ་དང་བཅས་པས། པདྨོ་ལྟར་མཛེས་ཡོན་ཏན་ཚོགས་མང་ཞིང་། ཞེས་པ་ནི། པདྨོ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་ལྟར། འཁོར་བའི་དྲི་མས་མ་གོས་ཤིང་ཡོན་ཏན་གྱི་ཚོགས་རབ་ཏུ་མང་པོ་དང་ལྡན་པའོ། །པདྨོའི་དཔལ་སོགས་རྒྱལ་བ་མཐོང་བར་འགྱུར། ཞེས་པ་ནི། པདྨོའི་དཔལ་རྒྱལ་བ་འོད་དཔག་མེད་མགོན་ལ་ཞུ་བ་དང་། བཅོམ་ལྡན་རྒྱལ་བ་འོད་དཔག་མེད་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་མཇལ། སངས་རྒྱས་དངོས་ཀྱི་མདུན་ནས་ཆོས་ཉན་ཏེ་ས་ལམ་རིམ་བགྲོད་ཀྱི་སྟེང་ནས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ། རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་ཅེས་གསུངས་པ་རེད། དེས་ན་ཐར་བའི་ལམ་སྣེ་ངོ་མ་ཞིག་ཟིན་དགོས་ཕྱིན་དང་པོ་ཐེག་ཆེན་ཚོགས་ལམ་ཆུང་ངུའི་ལམ་ནས་ཞུགས་དགོས། དེ་ལ་མ་ཞུགས་པའམ་ཐེག་ཆེན་ཚོགས་ལམ་ཆུང་ངུའི་ལམ་སྣེ་མ་ཟིན་ན་ཐར་བའི་ལམ་སྣེ་ལེགས་པོ་ཞིག་མ་ཟིན་པ་ཡིན། དེ་དགོས་ན་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ་པ་ལ་འཇུག་པ་ཚོགས་ལམ་དང་། དེ་ལ་འཇུག་པར་བྱེད་པ་ལ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་ཐབས་མེད་ཡིནཔས། ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེས་པའི་རྟེན་གང་ཡིན་པ་དེས། ཐེག་ཆེན་སེམས་བསྐྱེད་དང་པོ་ཐོབ་ནས་ཚོགས་ལམ་ཆུང་ངུ་ལ་འཇུག་ནུས་ཀྱི་ཡོད། ཡིན་ཡང་སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ་གསུངས་པ་ཡིན་པས་བྱང་ཆུབ་སེམས་སྡོམ་ཐོབ་ལ་མ་ཉམས་པ་དེའི་ཐོག་ནས། ཚོགས་ལམ་ཆུང་ངུའི་ལུས་ཚོར་སེམས་ཆོས་དྲན་པ་ཉེ་བར་བཞག་པ་བཞི་གཙོ་བོར་བསྒོམས་ཏེ། མཉམ་བཞག་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུ་ཞིག་གི་ཚད་ལ་ཐོན་ཏེ། སྦྱོར་ལམ་རང་རྒྱུད་ལ་སྐྱེས་པའི་དུས་ད་དུང་མ་ངེས་པ་དེ་ནི་ཚོགས་ལམ་ཆུང་ངུ། དེའི་སྟེང་དུ་ཡང་དག་སྤོང་བཞི་བསྒོམས་ཏེ་མི་དགེ་བའི་ཆོས་ཀྱི་དངོས་པོ་དང་དགེ་བ་ལ་བར་དུ་གཅོད་པའི་ཆ་སྤོང་བ་ལ་སྤང་བཞི་ཟེར་བ་ཡིན། སྐྱེ་བ་ཕྱི་མར་སྦྱོར་ལམ་རང་རྒྱུད་ལ་སྐྱེ་ངེས་པ་ཚོགས་ལམ་འབྲིང་། དེའི་སྟེང་དུ་འདུན་བརྩོན་སེམས་པ་སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་ཏེ་ཏིང་ངེ་འཛིན་གྱི་རྩལ་དང་རྣམ་པ་མང་པོ་རང་རྒྱུད་ལ་ཐོབ་པ་ཚེ་དེ་ལ་སྦྱོར་ལམ་རང་རྒྱུད་ལ་སྐྱེ་ངེས་ཡིན་པ་དེ་ཚོགས་ལམ་ཆེན་པོ། དེ་ནས་སྦྱོར་ལམ་དྲོད་རྩེ་བཟོད་ཆོས་མཆོག་གི་ངེས་འབྱེད་ཆ་བཞི་པོ་བརྒྱུད་དེ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་དགོས། ཚོགས་སྦྱོར་གཉིས་ཀ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་བྱང་ཆུབ་ཀྱི་སེམས་ལ་མོས་པ་ལམ་དུ་བྱེད་པའི་ས་ཡིན་པས་ན། ཐར་བའི་ལམ་སྣེ་ཞིག་ཟིན་པ་ལ་ཚོགས་ལམ་ཆུང་ངུ་ནས་ངེས་པར་དུ་འཇུག་དགོས། དྲན་པ་ཉེ་བར་བཞག་པ་བཞིའི་སྤྱི་རྣམ་ཙམ་ལ་ཡང་རྟོག་དཔྱོད་ཞིག་ཞུགས་མ་མྱོང་བ་ཞིག་གིས་ཐར་ལམ་གྱི་ཕྱོགས་གར་ཡོད་ཙམ་ཡང་མི་ཤེས་པར་མོས་དགེ་རྣམ་པར་དག་སྟེ་ཡང་དག་པའི་ལམ་ལ་མོས་པ་མི་ལྷོད་པ་ཞིག་ཡིན་པས་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་རིམ་བརྒྱུད་བྱེད་དགོས་ཀྱི་ཡོད། དེ་ལྟ་བུའི་ལམ་སྦྱོང་བ་ལ། ཐེགས་ཆེན་མདོ་དང་སྔགས་ཀྱི་ཐུན་མོང་དང་ཐུན་མིན་གྱི་ལམ་མྱུར་ཞན་གདམས་པའི་ཟབ་ཁྱད་ཀྱི་ཁྱད་པར་ཡོད་པ་དང་། དེའི་ལམ་གང་ལ་ཞུགས་མོས་ན་དེ་ལ་འཇུག་ཆོག་པའི་གདམ་ཁ་རང་ལག་ཏུ་ཡོད། ཡང་ཀུན་མཁྱེན་ཆེན་པོས། དེ་ཕྱིར་བློ་དང་ལྡན་པའི་སྐྱེ་བོ་རྣམས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །དགེ་གོམས་ཡིད་ལ་བྱེད་པ་འབའ་ཞིག་གིས། །ཐར་ལམ་འཛེག་ལ་བརྩོན་པ་བརྒྱ་འགྱུར་རིག །ཅེས་གསུངས་པས། །འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐར་བ་ཨེ་སྒྲུབ་མི་སྒྲུབ་རང་ལ་རག་ལས་པས། བློ་དང་ལྡན་པ་བྱང་ཁོག་ནང་ན་སེམས་ཡོད་པ་ཞིག་ཡིན་ཕྱིན་དེ་རིང་ཉིད་ནས་བརྩོན་འགྲུས་ཀྱི་གོ་ཆ་བགོས་ཏེ། གོ་ཆ་ཟེར་བ་ཕ་རོལ་གྱི་དགྲ་བོས་མཚོན་ཆས་བརྒྱབ་ན་མི་ཆོད་ཐབས་ལུས་སྲུང་བྱེད་ཀྱི་ཁྲབ་གོས་ལྟ་བུ་ཞིག་ལ་གསུངས་པ་དང་། དགེ་བ་མ་བསྒྲུབས་ན་ཐར་ལམ་མི་ཟིན་བདེ་བ་མི་ཐོབ་། དགེ་བ་བསྒྲུབ་པ་ལ་བསྒྲུབས་ཏེ་འགྲུབ་དགོས། འགྲུབ་པ་ལ་བརྩོན་འགྲུས་བྱེད་དགོས། བརྩོན་འགྲུས་ཀྱི་དགྲ་དེ་གང་ཡིན་ཞེ་ན། ཕྱི་བཤོལ་དང་ལེ་ལོ་ཡིན་ལ། ལེ་ལོ་ཡི་དགྲ་དེའི་མཚོན་ཆས་མི་ཆོད་པའི་བརྩོན་འགྲུས་ཀྱི་གོ་ཆ་སྲ་མོ་ཞིག་གྱོན་ནས། དགེ་གོམས་ཡིད་ལ་བྱེད་པ་འབའ་ཞིག་གིས་གསུངས་པ་ནི། དགེ་བ་བསྒྲུབ་པ་དེ་ལྟར་སྣང་ཙམ་དང་ཁྲལ་གསོད་ཙམ་ཞིག་མ་ཡིན་པར། དགེ་བ་ཡིད་ལ་གོམས། ལུས་ངག་ལ་འདྲིས་ཏེ་ཅི་བྱེད་དགེ་བ་མ་གཏོགས་མེད་པ་ཞིག་བྱས་ཏེ། ཐར་ལམ་རིམ་བགྲོད་ཀྱིས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་རྒྱུའི་བརྩོན་པའམ་དེའི་སེམས་ཤུགས་དེ་གནད་མ་ཤེས་གོང་བརྒྱ་འགྱུར་ཞིག་བསྐྱེད་རན་པ་རེད་ཅེས་གསུངས་པ་རེད། ད་གང་བཤད་ཀྱང་རང་རེ་རྣམས་ནི་དམྱལ་བར་སྐྱེ་བ་ལ་སྐྲག་པ་དང་། ཡི་དྭགས་དང་དུད་འགྲོ་གཉིས་ལ་སྐྱེ་བ་ཡང་དེ་བཞིན་དུ་སྐྲག་པ་ཡིན། མིའི་ལུས་རྟེན་ལ་ཆགས་ཞེན་ཞིག་ཡོད་པ་ཡིན་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་འདོད་པས། རྒྱུ་མེད་པ་དགྲ་མང་བ་བསམ་པ་མི་འགྲུབ་པ་ལྟོགས་སྐོམ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་མེད་ན་དགའ་མོད། འོན་ཀྱང་འགྲོ་བ་མིའི་ལུས་རྟེན་ཞིག་ཡིན་ཕྱིན་དེ་དག་འབྲལ་ཐབས་མེད་པ། དཔེར་ན་མེ་ཡིན་ན་ཚ་བའི་རང་བཞིན་ཅན་ཞིག་དང་ཆུ་ཡིན་ན་རླན་པའི་རང་བཞིན་ཅན་ཞིག་ཡིན་པ་རང་གི་ཆོས་ཉིད་ཡིན། སྡུག་བསྔལ་མེད་པའི་མི་ལུས་ཤིག་ལེན་དགོས་ཚེ། མེ་གྲང་བ་ཞིག་དང་ཆུ་སྐམ་པོ་ཞིག་ལོན་དགོས་ཟེར་བ་ལྟ་བུ་ཞིག་ཡིན་པས། དེ་ལོན་ཐབས་མེད་པ་ཡིན། ས་འདི་ཆགས་ནས་ད་ལྟའི་བར་དུ་མི་མང་པོ་ཞིག་གིས། འབད་པ་བྱས་བྱས་ཏེ་འཁོར་བ་བསྒྲུབས་ནས་བདེ་བ་མ་འགྲུབ་ན། འུ་ཅག་ལས་ལྷག་པའི་མི་སྐྱེས་མྱོང་ཡོད་པ་དེ་ཚོས་མ་འགྲུབ་པ་ཞིག་འུ་ཚོས་འགྲུབ་ཐབས་ཡོད་པ་མིན་ལ། དེ་མ་འགྲུབ་པ་ཞིག་ཀྱང་མིན་པར་སྒྲུབ་ཐབས་མེད་པ་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ཅན་ཡིན་པས་སོ། །ངན་སོང་གསུམ་དང་མིའི་འཇིག་རྟེན་ཏེ་བཞི་པོར་ནི་བདེ་བ་མེད་པར་ཤེས་སླ་བ་དེ་འདྲ་ཞིག་རེད། ལྷ་ཡུལ་དུ་ལུས་རྟེན་འདིའི་སྟེང་ནས་ཐོན་མ་མྱོང་ལ། སྐྱེ་བ་སྔོན་མར་ཐེངས་མང་པོར་ཐོན་མྱོང་ཡོད་ཀྱང་མི་དྲན་པས། དེས་ན་ལྷའི་བདེ་བ་འདི་འདྲ་ཞིག་རེད་ཟེར་མི་ཤེས་ཀྱང་། དེ་ཡང་བདེ་བར་གཤེགས་པའི་གསུང་རབས་ལ་བལྟས་ན་ལྷའི་སྡུག་བསྔལ་ཡང་ཧ་ལམ་ཤེས་ཐུབ་སྟེ། གཙོ་ཆེ་བ་འཕོ་ལྟུང་གི་སྡུག་བསྔལ་རེད། མ་ཤི་གོང་གི་ཉི་མ་བདུན་ལ་འཆི་ལྟས་ཚང་། ཤི་ནས་ངན་སོང་དུ་ལྷུང་ས་རང་གིས་ཤེས་པ་ཡིན་ན། ལྷའི་ཡུལ་གྱི་ཉི་མ་བདུན་ནི་མིའི་ལོ་གྲངས་བརྒྱ་ཚོ་མང་པོ་ཡིན་པས། ལྷུང་གྲབས་བྱེད་པའི་སྡུག་བསྔལ་རྐྱང་བ་ཡང་བརྗོད་ལས་འདས། དེར་ན་མི་ཞིག་རྒྱལ་པོའི་ཁྲིམས་ལ་ཐོགས་ཏེ་ཁྱོད་ཉི་མ་བདུན་གྱི་སྐེ་གཅོད་རྒྱུ་ཡིན་ཞེས་བསྒྲགས་ན། ཉིན་བདུན་པོ་དེར་མི་དེའི་སེམས་ལ་སྐྱིད་ཅིག་ཡོད་མི་སྲིད། ད་དུང་སྐེ་བཅད་པ་ནི་ཐེངས་གཅིག་ཤི་བ་ཙམ་ལས་དམྱལ་བར་ལྷུང་བའི་ངེས་པ་མེད་མོད། འོན་ཀྱང་ལྷས་ནི་ཕྱི་མར་དམྱལ་བ་ལ་ལྷུང་བ་ཤེས་ཤིང་མང་ཆེ་བ་དམྱལ་བར་ལྷུང་བའང་ཡིན། དེ་ལྟར་འགྲོ་བ་རིགས་དྲུག་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཞིག་ལས་མེད་པའི་གོ་བ་ངེས་ཤེས་གཏིང་ནས་ཡོད་དགོས། དེ་ཡང་ཁ་ཟེར་ཙམ་མ་ཡིན་པ་ཞིག་དགོས། འཁོར་བ་སྡུག་བསྔལ་ཡིན་པར་ཁ་ཟེར་ཙམ་ལས་མ་ཤེས་ཚེ་དེས་ཆོས་སྒྲུབ་པ་དེ་ཡང་ཁ་ཆོས་ཡིན་ཞིང་། ཁ་ཆོས་དོན་ལ་མེད་པས། ཆོས་པ་རྫུན་མ་ལྟར་སྣང་བ་ཞིག་ཡིན། ཆོས་པ་རྫུན་མས་ཕྱི་མའི་ལམ་གོ་མི་ཆོད། སྒོར་མོ་རྫུན་མས་ཅ་ལག་ཉོ་མི་ཐུབ་པ་དང་། ཤོག་བུས་བྱས་པའི་གྲུ་གཟིངས་ཞིག་གིས་ཆུ་ལ་འབུད་བྱེད་བྱས་ན་གོ་མི་ཆོད་པ་དང་འདྲ་འོ། །དེ་ལྟར་རྒྱུ་མཚན་ཤེས་ཏེ་འཁོར་བའི་ནང་ནས་ཐར་འདོད་ཀྱི་བློ་ཞིག་སྐྱེས་པ་དེའི་མིང་ལ་ངེས་འབྱུང་ཞེས་བྱ། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ཡང་དག་པའི་ལྟ་བ་དང་གསུམ་ནི་ཐར་ལམ་བྱང་ཆུབ་སྒྲུབ་པའི་ལམ་གྱི་གཙོ་བོ་རྣམ་གསུམ་ཡིན། འཁོར་བ་གང་དུ་སྐྱེས་ན་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཤེས་ཤིང་། དེ་ལས་ཐར་འདོད་ཀྱི་བློ་ངེས་འབྱུང་བཅོས་མིན་ཞིག་ཡོད་ཀྱང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་མ་སྐྱེས་ན་ཐེག་ཆེན་ཚོགས་ལམ་ཆུང་ངུའི་སྣེ་ཙམ་ཡང་ཟིན་མེད། དེ་མ་ཟིན་ཕྱིན་གོང་དུ་བཤད་པའི་ཐར་ལམ་གྱི་སྣེ་མོ་མ་ཟིན་པར་ལམ་ལོག་ཏུ་མགོ་འཁོར་ནས་འགྲོ་བཞིན་ཡོད་པ་ཡིན། ཆོས་ཉན་ནས་ཅུང་ཟད་གོ་བཞིན་ཡོད་པ། དཔེར་ན་འུ་ཅག་འདིར་སྡུག་བསྔལ་ཞིག་གི་ནང་དུ་འཁྱམ་ནས་འགྲོ་བཞིན་ཡོད་པ་དང་། སྡུག་བསྔལ་ཡང་ཆེ་བ་དང་། སྡུག་བསྔལ་འདིའི་ནང་ནས་ཐར་ས་ཞིག་ཡོད་པ་ལྟ་བུ་མཚམས་རེར་གོ་ཡང་། ལམ་གང་གི་ནང་དུ་ཕྱོགས་གང་ལ་འཁོར་ཏེ་ཐབས་ཇི་འདྲ་བྱས་ནས་འགྲོ་དགོས་པའི་གནད་དེ་གོ་མེད་ཚེ། གནད་འགག་དང་འཕྲད་དུས་རང་ཉིད་ལ་ཕན་ཐོགས་ཡོད་པའི་དངོས་པོ་དེ་ལོན་མེད། ལག་ཆ་ཞིག་ལ་དཔེར་བཞག་ན་གྲི་ཤུབས་ལོན་ཀྱང་གྲི་ལོན་མེད་པ་དང་། སྨག་ནག་ཏུ་འགྲོ་སྐབས་གློག་སྒྲོན་དགོས་ཚེ་གློག་ཤུབས་ལོན་ཀྱང་ནང་གློག་རྫས་ལོན་མེད་པ་ལྟ་བུ་རེད། མདོར་ན་མུན་ནག་ཏུ་གསལ་སྒྲོན་མེད་པ་དང་ལམ་མི་མཐོང་བ་སྔོན་མ་དང་འདྲ་བ་རེད། དེ་དང་འདྲ་བར་འཁོར་བར་ངེས་འབྱུང་གི་བློ་ཡོད་དགོས་ཀྱང་། བྱང་ཆུབ་ཀྱི་སེམས་མེད་ན་ཐར་བའི་ལམ་སྣེ་ཟིན་མེད་པས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་ཐབས་སུ་བརྩོན་པ་དྲག་དུ་བྱ་དགོས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བ་ལ་སྙིང་རྗེ་ཡོད་དགོས། ཐེག་པ་ཆེན་པོའི་ལམ་སྒྲུབ་པ་ལ་ཐོག་མཐའ་བར་གསུམ་དུ་སྙིང་རྗེ་མེད་ན་མི་རུང་། དེས་ན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་ཕ་མར་བྱས་པའི་གྲངས་ཀ་ས་ཆེན་པོའི་རྡུལ་གྲངས་ལས་ཀྱང་མང་བ་ཤེས་པ་དང་། ཕ་མར་གྱུར་བའི་གནས་སྐབས་སུ་དྲིན་གྱིས་བསྐྱངས་པའི་དྲིན་ཆེན་གྱི་ཕ་མ་ཤ་སྟག་ཡིན་པ་ཡང་ཤེས་ཏེ། མར་ཤེས་དྲིན་དྲན་དྲིན་ལན་གསབ་འདོད་ཀྱི་བློ་བཅོས་མིན་ཞིག་རྒྱུད་ནས་འབྲལ་བ་མེད་པ་ཞིག་ཏུ་གྱུར་ཚེ། ད་གཟོད་ཆོས་པ་ཞིག་ཏུ་འགྱུར་ལ་ཉེ་ཞིང་། དེས་ཐར་ལམ་གྱི་སྣེ་ཞིག་རྙེད་ནའང་ཐང་། སྙིང་རྗེ་རྒྱུད་ལ་མེད་ཕྱིན་གྲྭ་པ་མ་ཟད་བླ་མ། བླ་མ་མ་ཟད་ཁྲི་སུམ་བརྩེགས་ཀྱི་ཐོག་དང་གདུགས་དགུ་བརྩེག་གི་འོག་ན་འདུག་མཁན་ཞིག་ཡིན་ཀྱང་སྙིང་པོ་ཅི་ཡང་མེད། རང་གིས་ཐར་ལམ་མ་ཟིན་གོང་གཞན་ལ་ལམ་སྟོན་བྱེད་པ་ནི་ལོང་བས་ལོང་བར་ལམ་ཁྲིད། ཐ་མ་རང་གཞན་གཉིས་ཀ་མཐའ་འགོ་ནས་ལྷུང་བྱེད་ཡིན་། དེ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སྙིང་རྗེ་གཞུ་ལྟ་བུ། ཤེས་རབ་མདའ་ལྟ་བུ། ཐབས་ལ་མཁས་པ་སྐྱེས་བུ་འཕོང་སྐྱེན་པ་མདའ་རྩལ་ལ་མཁས་པ་ལྟ་བུ་གསུམ་ཚོགས་དགོས་པ་ཡིན། རང་རེ་དམ་པའི་ཆོས་ལམ་དུ་ཞུགས། ཆོས་ངོ་མ་ཞིག་ཨེ་འགྲུབ་ལ་རེ་མཁན་ཤ་སྟག་ཡིན་པའི་དབང་དུ་བཏང་ན། འུ་བུ་ཚོས་གཅིག་གིས་གཅིག་ལ་མེད་ན་ཡོད་མདོག་བསྟན་པས་མི་ཕན། ཡིན་མདོག་བྱས་པཙམ་གྱིས་གོ་མི་ཆོད། མདོར་བསྡུས་ན། ལམ་ཨེ་བརྟན་དགེ་བའི་བཤེས་གཉེན་དང་། མཁས་པའི་གཞུང་ལུགས། གདམས་པའི་བདུད་རྩི་ལ་ཐུག་པ་ཡིན་ལ། ལམ་དེའི་ནང་དུ་ཨེ་འགྲོ་ནི་རང་ཉིད་རག་ལས་པ་ཡིན། ཆུ་ཨེ་ཆོད་འདོ་བ་རྟ་རེད། །འབུད་ཨེ་སྤོབ་བདག་པོ་རང་ཡིན། མདོར་ན་ཆོས་ཀྱི་སྙིང་དོན་དང་སྒྲུབ་ལུགས་ངོ་མ་ཞིག་ཤེས་རྒྱུ་དེ་རྣམ་པ་ཀུན་ཏུ་གལ་ཆེན་ཡིན། ཁ་སང་ལུས་ཀྱི་མི་དགེ་བ་གསུམ་སོང་ནས།
གཉིས་པ་ངག་གི་མི་དགེ་བ་བཞི་བཤགས་པ།
རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་པ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །ཤེས་གསུངས་ཏེ། རྫུན་ནི་བཅས་རང་གཉིས་ཀའི་ཆ་ནས་བཤད་ན། རབ་ཏུ་བྱུང་བ་ཞིག་གིས་ས་མ་ཐོབ་འཞིན་དུ་ས་ཐོབ་པ་དང་། གྲུབ་པ་མ་ཐོབ་བཞིན་དུ་གྲུབ་པ་ཐོབ་པ། གཏེར་བླངས་ཡོད། དགོངས་གཏེར་ཕབ་ཡོད། ཤི་བོའི་རྣམ་ཤེས་གནས་གང་དང་གང་ཞིག་ལ་བུད་སོང་ཞེས་མ་ཤེས་ཤེས་མདོག་བྱས་ཏེ་རྫུན་བཤད་ན། མི་ཆོས་བླ་མའི་རྫུན་ཕམ་བཞིའི་ནང་གི་གཅིག་དང་། རྫུན་གྱི་གཞི་ནི་སྨྲ་ཤེས་དོན་གོ་མིར། །བསམ་པ་འདུ་ཤེས་བསྒྱུར་ནས་བརྗོད་བློ་སྐྱེས། །སྦྱོར་བ་མངོན་ཤེས་ལ་སོགས་ཡོན་ཏན་ཚོགས། །མེད་ཀྱང་ཡོད་ཅེས་བླ་མས་རྫུན་སྨྲས་པ། །མཐར་ཐུག་གཞན་གྱིས་རྫུན་ཏེ་གོ་ན་ཉམས། །ཞེས་གསུངས་སོ། །འདིའི་གླེང་གཞི་གང་ལ་བརྟེན་ནས་ཐོག་མར་སྟོན་པས་བཅའ་བ་ཇི་ལྟར་མཛད་ཅེ་ན། ཡུལ་ཡངས་པ་ཅན་ནས་ཉ་བ་ལྔ་བརྒྱ་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས་མི་ཆོས་བླ་མའི་རྫུན་སྨྲས་པ་དེ་ལ་བརྟེན་ཏེ་བཅས་པའོ། །འདིའི་གཞི་བསམ་སྦྱོར་བ་མཐར་ཐུག་སྡོམ་གསུམ་གྱི་ལུང་གོང་དུ་དྲངས་པ་དེ་ལྟར་དང་། ཁྱིམ་པ་ཡིན་ན་ཕམ་པའི་ལྟུང་བ་ཞེས་པ་ཞིག་མེད་ཀྱང་རང་བཞིན་གྱི་ཉེས་པ་དང་སྡིག་པ་ཆེན་པོས་གོས་འགྲོ་བས། ཁྱིམ་པས་གྲུབ་ཐོབ་དང་མཁའ་འགྲོ་མ་ཡིན་ཟེར་བ་དང་མངོན་ཤེས་ཡོན་ཏན་མེད་ཀྱང་ཡོད་ཅེས་མི་མགོ་བསྐོར་ན་རྫུན་ཆེན་པོ་ཡིན་ལ། ད་དུང་ཆོས་དང་བླ་སེར་ལ་སྐུར་འདེབས་ངན་འདོགས་ཕ་མ་བླ་མ་ཚོ་སླུ་བྱེད་ཀྱི་རྫུན་བཤད་ན་རྫུན་ཆེན་པོའི་གྲལ་དུ་འགྲོ་ཞིང་། ཕྱི་མ་མནར་མེད་དུ་འགྲོ་བྱེད་འདི་དག་ཡིན་ལ། ཁྱད་པར་དུ་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པས། བླ་སེར་ལ་སྐུར་བ་མ་འདེབས། སྤྱིར་ལྐོག་འཕྱ་ཡིས་མི་ཐུབ། ཕ་རོལ་པོ་ཐུབ་དགོས་སྙམ་ནས་གཞི་མེད་སྐུར་འདེབས་ཀྱིས་ངན་སྨོད་ཅིག་བྱས་ཀྱང་། ཕ་རོལ་པོ་མི་ཐུབ་པར་མ་ཟད་ང་རྒྱལ་དང་མགོ་འཕང་སྤོབས་པ་ཇེ་ཆེར་འགྲོ་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད་པས། ཝ་མགྱོག་པ་ཁྱིས་མ་ཆོད་པས་རྗེས་ནས་ངུ་ཟུག་བྱེད་པ་ཆོས་ཉིད་ཡིན། རྫུན་འབྲིང་ནི་མི་མགོ་སྐོར་བའི་ནུས་པ་མེད་ཀྱང་ཁོ་རང་གི་བསམ་པར་མགོ་གཡོགས་ཐུབ་སྣང་ཤར་ནས་བཤད་པ་དང་། དེང་སང་འགའ་ཞིག་གིས་རླབ་རྒྱག་ཅེས་པ་ཡང་དོན་ལ་རྫུན་བཤད་ཅེས་པ་ཡིན། ཁོ་ཆེ་རབས་། བཟང་རབས། ཁོས་སྟག་ལ་ཁ་ནས་ཇི་ལྟར་བསད་རབས། དེ་ལ་ཉན་ན་ཁོ་མེད་ན་འཇིག་རྟེན་ཆགས་ལུགས་ཡོད་ས་ཨེ་ཡོད་ན་བསམ་རྒྱུའི་སྐད་ཆ། དབུས་པ་ཚོས་ཟེར་ན་བོ་རྫུན་བཤད་ཟེར་བ་གཅིག་མཚུངས་རེད། དེ་ཀུན་སློང་ཆགས་སྡང་རྨོངས་གསུམ་གང་གིས་ཀུན་ནས་བསླངས་ཏེ་བཤད་ན་རྫུན་རེད། བར་སྐབས་གཅིག་ལ་རྫུན་ངག་ལ་ལོབ་ནས་ཡར་ལ་འགྲོ་ནའང་མར་ལ་འགྲོ་བ་ཡིན་ཟེར་བ་ལ་སོགས་པ་རྫུན་འབྲིང་པོ། རྫུན་ཆུང་བ་ཁ་རྫུན་སྣ་རྫུན་ཁ་མཚར་རྩེ་མོའི་ཚུལ་ལ་སོགས་པ་རང་གིས་བཤད་པ་དང། གཞན་ལ་བཤད་དུ་འཇུག་པ་གཉིས་ཀ་ཉེས་པ་འདྲ་མཚུངས་ཡོད་པ་ཡིན། གནའ་ཁྱིམ་བདག་ཕྱུག་པོ་ཞིག་ལ། བུ་མིག་མེད་པ། དེ་བཞིན་དུ་རྣ་བ་སྣ་ལྕེ་རྐང་ལག་ལ་སོགས་པ་ཡན་ལག་ཐམས་ཅད་མེད་པ་ཞིག་སྐྱེས། ཁྱིམ་ཚང་ཕྱུག་པོ་དེ་ཚང་ལ་བུ་དེ་མ་གཏོགས་མེད་པས། ཕྱིན་ཆད་ཁྱིམ་གྱི་བདག་པོ་ཡང་དེ་ཡིན། དེ་དུས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ན་བཞུགས་ཡོད་པས། བཅོམ་ལྡན་འདས་ལ་དེའི་རྒྱུ་ཞུས་པས། བཅོམ་ལྡན་འདས་ཀྱིས་དེའི་ལས་ཀྱི་རྒྱུ་འདི་ལྟར་གསུངས་པ་ཡིན། སྔར་ཁྱིམ་ཚང་ཞིག་ལ་བུ་གཉིས་ཡོད་ཅིང་། བུ་གཅིག་གི་མིང་ལ་སྦྱིན་པ། བུ་གཅིག་གི་མིང་ལ་ཚུལ་ཁྲིམས་ཟེར་བ་དང་། ཁྱེའུ་སྤུན་དེ་གཉིས་ཆུང་དུས་ནས་ངོ་ཚ་ཁྲེལ་ཡོད་དང་ལྡན་པ། བདེན་པར་སྨྲ་བ་རྫུན་མི་བཤད་པ། སྦྱིན་པ་གཏོང་བ་ལ་དགའ་བ། དབུལ་ཕོངས་མགོན་མེད་ལ་རོགས་བྱེད་པ། བདེན་དྲང་རྒྱུ་འབྲས་ཀྱིས་འགྲོ་བའི་བུ་གཉིས་ཡིན་པས། དེ་གཉིས་ཀ་ལང་ཚོ་སྨིན་ཏེ་རིག་གནས་ཡོན་ཏན་ལ་སྦྱངས་བའི་རྗེས་སུ། ཡུལ་དེའི་རྒྱལ་པོས་དེ་གཉིས་ཀ་ཁྲིམས་དཔོན་ལ་བསྐོས། དེའི་སྐབས་ཀྱི་རྒྱལ་པོའི་ཡུལ་ཁྲིམས་ཀྱི་ནང་ན་ཡུལ་མི་སུ་དང་སུ་ཞིག་ཡིན་ཡང་རྒྱུ་དངོས་པོ་གཅིག་གིས་གཅིག་ལ་སྐྱི་རྒྱུ་གཡར་རྒྱུ་བྱེད་སྐབས། ཞལ་ལྕེ་བའམ་ཁྲིམས་དཔོན་གྱི་མདུན་དུ་སོང་ནས། ཁྲིམས་པས་དན་རྟགས་ཀྱིས་དཔང་པོ་མ་བྱས་ན་དན་རྟགས་གཞན་གྱིས་མི་ཆོག་པའི་ཁྲིམས་ཡོད་ཅིང་། སྐབས་ཤིག་ལ་ཚོང་བ་ཞིག་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་འགྲོ་བར་བརྩམས་ཏེ། ཚོང་པ་དེས་ཞལ་ལྕེ་བ་ནུ་བོ་ཚུལ་ཁྲིམས་ཀྱི་ལག་ནས་ནོར་མང་པོ་ཞིག་བསྐྱིས་ཏེ་ཕུ་བོ་ཞལ་ལྕེ་བ་སྦྱིན་པ་དཔང་པོ་བཞག་ནས། ཚོང་པ་རྒྱ་མཚོ་ནང་ནས་ཕྱིར་ལ་འཁོར་དུས་སྦྱིན་རྒྱུ་བྱས། ཚུལ་ཁྲིམས་ཀྱིས་སྨྲས་པ་གལ་སྲིད་ཁོ་བོ་ཤི་སོང་ན། ཁོས་རྒྱུ་ནོར་གྱི་དོམ་དེ་ཚུར་ལ་སྤྲད་སྐབས་བུ་ཆུང་འདི་ལ་སྤྲད་ཅིག་ཅེས་ཕུ་བོ་སྦྱིན་པ་ལ་བརྡ་བགོས་བྱས། ཕུ་བོས་ཀྱང་དེ་ལྟར་ཁས་བླངས། དེ་ནས་ཡུན་རིང་མ་འགོར་བར་ཁྲིམས་པ་ཚུལ་ཁྲིམས་ཤི་སོང་བ་དང་། ཚོང་པ་རྒྱ་མཚོ་ནས་གྲུ་གཟིངས་ཞིག་སྟེ་ཁོ་རང་ཤིང་ལེབ་ཞིག་ལ་བཟུང་ནས་སྲོག་འགོ་ཐོན་ཙམ་ཞིག་བྱས་ནས་ཕྱིར་ལ་ཐོན་ཞིང་། ཁྱིམ་བདག་ཤི་བའི་ཤུལ་གྱི་བུ་ཆུང་དེས་ཁོང་ཚང་གིས་དེ་ལ་ནོར་རྫས་འདི་དང་འདི་འདྲ་བསྐྱིས་པ་ཡིན་ཡང་། འདི་ལ་ད་ཐེང་སྤྲད་རྒྱུ་ཅི་ཡང་མི་འདུག་སྙམ་ནས་ཐེངས་དེར་མ་བསྙགས་ཤིང་། ཡང་ཚོང་པ་དེས་མི་གཞན་པ་ཞིག་གི་ལག་ནས་དོམ་མང་པོ་ཞིག་བླང་སྟེ་ཡང་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་སོང་ཞིང་། ཐེངས་དེར་ནོར་བུའི་རིགས་མང་པོ་ལོན་ནས་མགོ་ཐོན་འཚམས་པོར་ཕྱིར་ལ་འཁོར་ཡོང་བ་ན། ཁོས་བསམ་པར་སྔོན་ཆད་དོམ་དགོས་པ་དེ་བུ་འདིས་གཏན་ནས་མི་བསྙགས་པས་འདི་དེ་དུས་ཆུང་བས་བརྗེད་སོང་བ་མ་ཡིན་ནམ་སྙམ་ནས་ཉམས་ཚད་ཅིག་བླང་བས་བརྗེད་མེད་པར་ཤེས་ཏེ། ཁོས་དོམ་དེ་ཕྱིར་ལ་སྦྱིན་མི་དགོས་བའི་ཐབས་ཤིག་བྱེད་དགོས་སྙམ་སྟེ། ཉིན་གཅིག་ཞལ་ལྕེ་བ་སྦྱིན་པའི་ཆུང་མའི་གམ་དུ་ཕྱིན་ནས་དེ་ལ་རྒྱུ་ནོར་མང་པོ་བྱིན་ཏེ། ཁོས་གྱོད་དོན་ཞིག་གིས་ཞལ་ལྕེ་བར་ཐུག་དུས། ཞལ་ལྕེ་བས་དེ་མི་ཤེས་ཟེར་ཐབས་ཤིག་བྱེད་རོགས་གྱིས་སྨྲས། དེའི་ཆུང་མས་ཀྱང་ཁས་བླངས། ཆུང་མས་རང་གི་ཁྱིམ་ཐབས་ཁྲིམས་དཔོན་སྦྱིན་པ་ལ་ཁྱོད་ཀྱིས་ཁྲིམས་རའི་ནང་ནས་དེ་འདྲ་ཞིག་མི་ཤེས་ཞེས་སྨྲ་དགོས་ཞེས་བསྐུལ་ཚེ། ཁྲིམས་དཔོན་གྱིས་སྨྲས་པ། ཁོ་བོས་དེ་ལྟར་རྫུན་བཤད་མི་རུང་ངོ་། དེ་ལྟར་མི་འོས་ཅེས་སྨྲས་པས། ཆུང་མ་ཁོང་ཁྲོས་ཏེ་གལ་ཏེ་ཁྱོད་ཀྱིས་དེ་ལྟར་མ་བཤད་ཚེ་དང་པོ་ཁྱོད་ཀྱི་བུ་དེ་བསད་དེའི་རྗེས་སུ་མོ་རང་ཉིད་ལྕེབས་རྒྱུ་ཡིན་ཅེས་བཤད་བཤད་སྡིགས་སྡིགས་ཀྱིས་ཐ་མར་ཁྲིམས་དཔོན་སྦྱིན་པས་ཀྱང་ཁས་ལེན་དགོས་ཐུག་པ་རེད། དེ་ནས་ཁྱིམ་བདག་གི་བུ་དང་ཚོང་པ་གཉིས་ཀ་དོམ་གྱི་སྟེང་ནས་གྱོད་ལ་ཐུག་སྟེ་ཞལ་ལྕེ་བའི་ཁྲིམས་དང་ཐུག་སོང་བས། བུ་ཡིས་སྨྲས་པ་ཚོང་པ་འདིས་ཁོའི་ཕ་ཡོད་དུས་རྒྱུ་ནོར་དེ་འདྲ་དེ་འདྲ་བསྐྱིས་སོང་བ་དང་། ཁོ་རང་རྒྱ་མཚོ་ནང་དུ་སོང་ནས་འགོ་མ་ཐོན་པའི་ལོར་ཁོས་མ་བསྙགས་པ་ཡིན། ད་ལྟ་འདི་ལ་སྤྲད་རྒྱུ་ཡོད་ཀྱང་ཁོ་ཁྱེར་མ་མྱོང་ཞེས་མངོན་སུམ་བསྙོན་འདེང་བཞིན་ཡོད་པ་འདི་རེད། བུ་ལོན་དགོས་མིན་དེ་ཨ་ཁུ་ཁྱོད་ཀྱིས་ཤེས་པ་ཡིན་པས། དེ་ལུགས་ཀྱི་བདེན་དྲང་གི་ཐོག་ནས་ཐག་གཅོད་ཅིག་བྱེད་རོགས་གྱིས་ཤེས་སྨྲས་པས། ཨ་ཁུ་ཁྲིམས་དཔོན་གྱིས་ཁོས་མི་ཤེས་སྨྲས་པས། ཚ་བོ་དེ་ཡིས་རེ་ཐག་ཆད་དེ་གྱོད་ཕམ་ཞིང་རྒྱུ་ཤོར་སོང་བ་ཡིན། ཁྱིམ་བདག་ཕྱུག་པོ་ཚང་གི་བུ་དབང་པོ་རྣམ་ལྔ་མི་ཚང་བའི་ཤ་ཐོ་ཐོ་ཞིག་ཡོད་པ་འདི་དེའི་སྐབས་ཀྱི་རྫུན་བཤད་མཁན་ཁྲིམས་དཔོན་དེའི་སྐྱེ་བ་རེད་གསུངས་པ་དང་། དེའི་སྐབས་ཀྱི་རྫུན་གཅིག་པོ་དེས་སེམས་ཅན་དམྱལ་བའི་གནས་སུ་སྐྱེས་ཏེ་སྡུག་བསྔལ་སྣ་ཚོགས་མྱོང་ཞིང། དམྱལ་བའི་ནང་གི་ལས་མྱོང་སྟོབས་ཀྱིས་ཟད་དེ་མི་ལུས་བླང་བ་ཡིན་ན་ཡང་། སྐྱེ་བ་ལྔ་བརྒྱའི་བར་དུ་འདི་འདྲའི་ཤ་ཐོ་ཐོ་རྐྱང་པའི་སྐྱེ་བ་བླང་བ་དང་། དེའི་སྐབས་སུ་སྦྱིན་པ་གཏོང་བ་ལ་དགའ་བའི་འབྲས་བུ་ནམ་ཡིན་ཡང་ཕྱུག་པོའི་ཁྱིམ་དུ་སྐྱེས་ཏེ་རྒྱུ་ནོར་གྱི་བདག་པོར་གྱུར་བ་ཡིན། ལས་དགེ་སྡིག་ནི་དུས་ཚོད་རིང་པོ་ཇི་ལྟར་སོང་ཡང་མེད་གྲོ་རྒྱུ་མེད་པ་དང་། དེས་ན་ཁྱེད་ཚོས་ལུས་ངག་གི་མི་དགེ་བའི་ལས་མི་བསགས་པ་དང་ཁྱད་པར་དུ་རྫུན་ཚིག་བཤད་མི་རུང་ངོ་ཞེས་གསུངས་སོ། དེ་ལྟར་རྫུན་ནི་ཉེས་པ་ཆེན་པོ་ཡིན་པས། རབ་ཏུ་བྱུང་བ་ཞིག་གིས་མི་ཆོས་བླ་མའི་རྫུན་བཤད་ན་སྡོམ་པ་ཞིག་སྟེ་སླར་གསོ་མི་རུང་བའི་ཚད་དུ་ལྷུང་ཞིང་། ཁྱིམ་པ་ཡིན་ཡང་དེ་འདྲའི་ཉེས་པ་ཆེན་པོ་ཚེ་ཕྱི་མ་དམྱལ་བའི་རྒྱུ་ཡིན་པར་མ་ཟད་ཚེ་འདི་ལའང་ཐམས་ཅད་ཀྱིས་བརྙས་བཅོས་བྱེད་ས། བཤད་པའི་གཏམ་དང་བསྐྱལ་བའི་མནའ་མེད་པ། བཟུང་སའི་ལུང་དང་བླུག་སའི་མཆུ་མེད་པའི་མི་ངན་དེ་ལ་ཁ་མ་གྲག་ཅེས་གྲགས་པ་ངན་པས་ས་སྟེང་ཁྱབ་ཅིང་། མ་ཤི་གོང་ནས་མི་གྲལ་ནས་བུད་འགྲོ་བ་ཞིག་ཡིན། གནའ་སྔོན་མ་ཞིག་ལ་རྫུན་ཕམ་ཟེར་བ་ཞིག་དང་རབ་འཇིགས་ཟེར་བའི་མི་གཉིས་ཡོད་ལ། གཉིས་ཀ་མི་རྫུན་རྐྱལ་གཉིས་ཡིན་པ་དང་། གཉིས་ཀར་ཐུན་མོང་དུ་གསེར་བུམ་པ་གང་ཡོད་ཅིང་། རྫུན་ཕམ་གྱིས་གསེར་བུམ་པ་གང་བོ་ཤིང་བྱེ་བུམ་པ་གང་དུ་གྱུར་འདུག་ཅེས་རྫུན་བཤད་པ་རེད། དེའི་རྣམ་སྨིན་གྱིས་སྐྱེ་བ་ལྔ་བརྒྱར་ཤིང་བྱེའི་ནང་གི་སྲིན་བུའི་ལུས་བླངས་སོང་བ་དང་། རབ་འཇིགས་ཀྱིས་རྫུན་ཕམ་གྱི་བུ་གཉིས་ཀ་སྤྲེའུ་ལ་གྱུར་འདུག་ཅེས་རྫུན་བཤད་པས། དེའི་རྣམ་སྨིན་གྱིས་སྤྲེའུའི་སྐྱེ་བ་ལྔ་བརྒྱ་ལེན་དགོས་ཐུག་སོང་བ་ཡིན། རྫུན་ནི་དེ་འདྲ་ཉེས་པ་ཆེ་ཞིང་། དྲང་སྲོང་བདེན་ཚིག་གྲུབ་པ་ཡིན་ཡང་རྫུན་ཅུང་ཙམ་བཤད་པས་ལུས་ཀྱི་འོད་ཉམས་སོང་བའི་ལོ་རྒྱུས་ཡོད་པ་དང་། ཡང་གནའ་ཞིག་ལ་རིགས་ངན་རྫུན་པོ་ཆེ་ཟེར་བ་ཞིག་དང་བྲམ་ཟེ་རྫུན་མེད་ཟེར་བ་གཉིས་ཀྱིས་རྒྱལ་པོ་ཚང་གི་མ་ཧེ་སྟོང་ཁྱུ་ཞིག་འཚོས་ཡོད། མ་ཧེ་ཁྱུ་ཡི་ནང་གི་ཁྱུ་མཆོགཁྱུ་མཆོག་ཏ་རི་ཟེར་བ་ཞིག །རྩྭའི་ཕུད་ཟ་བ། ཆུའི་དྭངས་མ་འཐུང་བ། སོང་ན་མ་ཧེ་ཁྱུ་ཡི་སྣ་འདྲེན་བྱེད་ཅིང་། བསྡད་ན་ཐམས་ཅད་ཀྱི་མཇུག་བསྡུ་བ། ས་མཐོ་སར་ལངས་ནས་དགྲ་དང་གཅན་གཟན་ཚོར་སོ་བརྒྱབ་སྟེ་ཚང་མའི་ཉེན་ཁ་འགོག་མཁན་དེ་འདྲ་ཞིག་ཡོད། ཉིན་གཅིག་རིགས་ངན་གྱིས་སྨྲས་པ་ངེད་གཉིས་ཀྱིས་མ་ཧེ་ཁྱུ་མཆོག་བསད་ནས་ཟ་དགོས་ཞེས་བཤད་པ་དེའི་དབང་ཤུགས་སུ་ཤོར་ཏེ་གཉིས་ཀས་མ་ཧེ་ཁྱུ་མཆོག་བསད་ནས་ཤ་ཟོས་པ་རེད། ཡང་རིགས་ངན་གྱིས་སྨྲས་ཏེ་འུ་གཉིས་ཀས་ཁྱུ་མཆོག་བསད་པ་རྒྱལ་པོའི་ཤེས་ཚེ་ཆད་པ་ཆེན་པོ་ཞིག་གཅད་ཁོ་ཐག་ཡིན་པས། འུ་གཉིས་ཀས་རྫུན་བཤད་དེ་ཁྱུ་མཆོག་གཡང་ས་ནས་ལྷུང་སྟེ་ཤི་ཐལ་ཞེས་བཤད་དགོས་པ་རེད་སྨྲས། བྲམ་ཟེས་ཀྱིས་སྨྲས་པ། ང་སྐྱེས་ནས་ད་བར་དུ་རྫུན་ཞིག་བཤད་མ་མྱོང་ཞིང་བཤད་ཤེས་ཀྱང་མི་ཤེས་ཞེས་སྨྲས། ཉིན་གཅིག་རྫི་བོ་གཉིས་ཀ་རྒྱལ་པོའི་མདུན་དུ་ཐོན་པས། རྒྱལ་པོས་མ་ཧེའི་ཁྱུ་བདེའམ་ཁྱུ་མཆོག་ད་ལྟ་འཚོའམ་ཞེས་དྲིས་ཚེ། རིགས་ངན་གྱིས་གཡང་ལ་ལྷུང་སྟེ་ཤི་སོང་ཞེས་སྨྲས་པ་དང་། བྲམ་ཟེས་ཀྱིས་ཁྱུ་མཆོག་ངེད་གཉིས་ཀྱིས་བསད་དེ་ཟོས་པ་ཡིན་ཞེས་སྨྲས་པ་ན། རྒྱལ་པོས་རིགས་ངན་ཀྱིས་རྫུན་ཡིན་པ་ཤེས་ཏེ་དེ་མ་ཐག་ཁྲིམས་བཅད་དེ་ལྕེ་བཅད་པ་དང་། བྲམ་ཟེ་རྫུན་མེད་ཀྱིས་དེ་འདྲའི་གལ་འགག་ལ་ཐུག་ཀྱང་རྫུན་མ་བཤད་པས་དཔའ་དར་བཏགས་པས། ལྷ་དབང་ཕྱུག་ཆེན་པོ་དེ་ལ་ཡ་མཚན་སྐྱེས་ཏེ། རྫུན་གྱི་ལྡོག་ནས་བདེན་པར་སྨྲས། །བྲམ་ཟེ་བྱ་དགའ་མཐོ་རིས་འཐོབ། །རིགས་ངན་ལྕེ་བཅད་ངན་སོང་ལྷུང་། །དེ་བས་རྫུན་སྤོངས་བདེན་པར་སྨྲོས། །ཤེས་པའི་ཚིག་དེ་བྱུང་བ་ཡིན། རྫུན་བཤད་ན་དེ་འདྲའི་ཉེས་པ་ཆེ་བ་དང་མི་འདོད་པ་ཡོང་རྒྱུ་མང་པ་ཡིན། རྒྱུ་མེད་ཅིང་སྡུག་ཐུག་པར་མ་ཟད་འཆི་བ་སྲོག་ལ་བབ་ཀྱང་རྐུ་རྫུན་གཉིས་ཀ་མི་བྱེད་པའི་མི་ཞིག་ཡིན་ན། མི་དེར་ཤི་ན་བདེ་འགྲོ་ཐོབ་པ་དང་། གསོན་ན་བདེ་སྐྱིད་ཐོབ་པ་དེ་རྒྱུ་འབྲས་བསླུ་མེད་ཀྱིས་མི་བསླུ་བ་ཡིན། དུས་སྙིགས་མའི་སྐབས་སུ་མཚམས་རེར་མགོ་བདེ་རྫུན་རྐྱལ་ཁ་མཁས་རྣམས་ཀྱིས་ཉི་མ་འགའ་ཞིག་ལ་ལམ་རེ་ལོན་པ་དང་། འཇིག་རྟེན་འདིའི་ཐོག་ན་བདེན་པ་འགྲོ་སའི་ལམ་དེ་དོག་འདུག་སྙམ་པ་ཡོང་བ་ཡོད་ཀྱང་། གནས་སྐབས་ཀྱི་སྣང་ཚུལ་ཙམ་དང་། ཁོ་ཚོས་སྔོན་མ་ལས་དཀར་པོ་རེ་བསགས་མྱོང་བ་དེ་མ་ཟད་པར། དེའི་བསོད་ནམས་མྱུར་དུ་སྔོན་ལ་སྨིན་ནས་ཚར་བར་བྱེད་པ་ཡིན་གྱི། ལས་འབྲས་གོ་ལྡོག་ནས་རྫུན་ཨ་བྲ་གཉིས་ཀ་རྔ་མ་རིང་། བདེན་ལུང་པ་གཉིས་ཀ་ཕུ་ཐག་ཐུང་བ་དང། དབྱར་དགུན་གོ་ལོག་ཉི་མ་ནུབ་ནས་ཤར། །ས་གཞི་གོ་ལོག་རྩི་ཤིང་རྡོ་ལས་སྐྱེས་ཏེ་གནམ་ས་འགྱུར་འགྲོ་བ་ཞིག་གཏན་ནས་མི་སྲིད་པ་ཡིན། རྫུན་མི་བཤད་མཁན་དེ་གནས་སྐབས་སུ་ཡང་ཐམས་ཅད་ཀྱིས་ཡིད་ཆེས་ས་མི་གསེར་འདྲ་བ། ཀུན་ཀྱིས་ཡིད་དུ་འོང་ཞིང་བྱམས་ས། རྩི་འཇོག་བྱེད་ས་ཞིག་ཏུ་འགྱུར་འགྲོ་བར་མ་ཟད་མཐོ་རིས་བདེ་བའི་གནས་ལ་སོང་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་དུས། བདེན་པར་གསུངས་པའི་ལྗགས་ཀྱི་མཚན་བཟང་ཐོབ། བཅོམ་ལྡན་འདས་ཀྱིས་མདོ་ལས། རིན་པོ་ཆེ་ཐམས་ཅད་ཀྱི་ནང་ནས་བདེན་པའི་རིན་པོ་ཆེ་མཆོག་ཡིན། སྒྲོན་མ་ཐམས་ཅད་ཀྱི་ནང་ནས་བདེན་པའི་སྒྲོན་མ་མཆོག་ཡིན་གསུངས་པ་རེད། གནའ་ཞིག་ལ་མི་གླེན་པ་ཞིག་གིས་ས་སྟོངས་ཞིག་ནས་གསེར་བུམ་པ་གང་རྙེད་པ་རེད། མི་གླེན་པ་ཡིན་པས་རྒྱུ་ངོ་དེ་ཙམ་མ་ཤེས་པས། དེའི་ནང་ནས་གསེར་ཉུང་ངུ་ཞིག་ཁོ་རང་གི་སྤར་མོའི་ནང་དུ་ཁྱེར་ནས་གྲོགས་པོ་བློ་རིག་ཅན་ཞིག་ཡོད་པ་དེ་ལ་བསྟན་ཏེ་འདི་ཅི་ཞིག་རེད་ཅེས་དྲིས་པས། འདི་གསེར་རེད་ཅེས་སྨྲས། འོ་ན་ད་དུང་ང་ལ་མང་པོ་ཡོད་ཅེས་སྨྲས་པས། གྲོགས་པོ་སྤྱང་པོ་དེས་སྨྲས་པ། འོ་ནབཟང་གི་ང་རང་གཉིས་ཀས་གསེར་འདི་ཐུན་མོང་བྱེད་འཇོག་ཨེ་རེད་ཟེར་དུས། གླེན་པ་མི་ཡ་རབ་ཡིན་པས་དེ་ལོས་ཆོག་ཅེས་སྨྲས། གཉིས་ཀས་གསེར་བུམ་པ་གང་བོ་བླངས་ནས་ཤིང་སྡོང་ཆེན་པོ་ཞིག་གི་རྩར་བསྐུངས་ཏེ། ནམ་དགོས་ན་གཉིས་ཀས་ལེན་རྒྱུ་བྱེད་ཅེས་སྨྲས། གྲོགས་པོ་སྤྱང་པོ་དེས་བླུན་པོ་བསླུས་ཏེ་མགོ་སྐོར་དགོས་སྙམ་སྟེ། གསེར་བུམ་པ་གང་བོ་བླངས་ནས་ས་གཞན་དག་ཅིག་ལ་བསྐུངས་ཏེ། གྲོགས་པོ་བླུན་པོ་ལ་ཁྱོས་གསེར་བརྐུས་སོང་ཞེས་བསྙོན་འདེང་པ་རེད། བླུན་པོས་མ་བརྐུས་ཤེས་སྨྲས་ཀྱང་མ་ཉན་པར་ཁྱོས་བརྐུས་སོང་ཞེས་རྒྱལ་པོའི་ཁྲིམས་ལ་གཏུགད་དུང་རྒྱལ་པོ་ལ་འདི་ལ་ཆད་པ་དྲག་པོ་གཅད་དགོས་ཞེས་ཡར་ཞུ་བྱས་པ་ན། རྒྱལ་པོས་ད་དུང་བརྟག་དཔྱད་གཏོང་ཡག་བྱེད་དགོས་སྨྲས། མི་སྤྱང་པོས་གསེར་བཅོས་སའི་ཤིང་གི་ལྷ་ལ་དྲིས་ན་ཤེས་ཞེས་སྨྲས། རྒྱལ་པོས་དེ་ཆོག་འདུག་ཅེས་སྨྲས་ནས་ཤིང་གི་ལྷ་ལ་འདྲི་བར་དུས་ཆད་བྱས། མི་སྤྱང་པོ་དེས་ཁོ་རང་ལ་ཕ་རྒན་རྒན་གོག་ཞིག་ཡོད་པ་དེ་ལ་བསླབས་ཏེ། ཤིང་སྡོང་ཁོག་རུལ་བ་དེ་ཁོག་སྟོངས་བྱས་ཡོད་པས། ཁྱོད་དེའི་ནང་དུ་འཛུལ་ནས་སྐབས་སུ་བབ་དུས་ཁྱོད་ཀྱིས་གསེར་གླེན་པས་བརྐུས་སོང་བར་སྨྲ་དགོས་ཞེས་བསྐུལ་བ་དང་། དེ་ནས་དུས་ཚོད་ཀྱི་སྟེང་དུ་ཐོན་ནས་ཡུལ་དེའི་མི་མང་པོ་འདུས་ཏེ་རྒྱལ་པོ་འཁོར་དང་བཅས་པས་ལྷ་མཆོད་བདེན་པ་བདར་ནས་རྒྱུ་མཚན་རྒྱས་པ་བཤད་དེ་ལྷ་ལ་དྲིས་པ་ན། སྡོང་པོའི་ནང་ན་མི་རྒན་སྔར་ནས་སྦས་ཡོད་པ་དེས། སྐད་ལྡིར་ཕབ་ཏེ་མིད་པའི་གདངས་ཞིག་ནས་ཁ་གྲག་འདུག་པར་བྱས་ཏེ་གསེར་བུམ་གླེན་པས་བརྐུས་སོ་ཞེས་བཤད་པས། མི་སྤྱང་པོས་འདིར་ལྟོས་དང་ཚང་མས་གོ་རྒྱུ་འདི་རེད་ཅེས་སྨྲས་པ་ན། རྒྱལ་པོས་ཀྱང་དེ་བདེན་པ་རེད་ཅེས་དེའི་བརྒྱབ་འཚོས། རྫུན་བཤད་དེ་མི་བསླུས་པའི་ནག་ཆེན་དག་ནི་གསད་པའི་ཁྲིམས་སྲོལ་ཡོད་པས། བླུན་པོས་སྨྲས་པ། ཁྱེད་རྣམས་བདེན་ན་ཐང་མོད་ང་ཡང་བདེན། སུ་མི་བདེན་ན་ཤིང་གི་ལྷ་འདི་མི་བདེན་པས་དང་པོ་ངས་ཤིང་གི་ལྷ་འདི་མེ་ལ་བསྲེགདེ་ནས་ཁྱོད་ཚོས་ཁོ་ལ་ཅི་ཞིག་བྱེད་དགོས་ན་དེ་གྱིས་ཤེས་སྨྲས་ཚེ། སྤྱང་པོས་སྨྲས་པ། འདི་ལྷ་ཡིན་པས་ལྷ་མེ་ལ་བསྲེག་ན་ཁྱོད་རང་ལ་མི་རུང་ཞེས་བཤད། གླེན་པས་སྨྲས་པ། ་ད་གསད་རན་བསྡད་ཡོད་པའི་མི་ཞིག་ལ་དེའི་ཚབ་ཆེ་བའི་རུང་རྒྱུ་དང་མི་རུང་རྒྱུ་ཞིག་གང་ན་ཡོད་སྨྲས་ནས། ཤིང་ཕུང་མང་པོ་སྤུང་སྟེ་སྡོང་རྩ་ནས་མེ་ལ་བརྒྱབ་ཚེ། ཕ་རྒན་དུ་བས་འཚུབ་སྟེ་ས་ཐོག་ཏུ་ལྷུང་། འགའ་ཞིག་གིས་ལྷ་དེ་རེད་ཅེས་སྨྲས། འགའ་ཞིག་གིས་ལྷ་མ་རེད་མི་རྒན་ཞིག་རེད་ཅེས་བཤད། གླེན་པས་སྐད་ཆེན་པོས་ཐམས་ཅད་ཀྱིས་སྤྱང་པོའི་ཕ་རྒན་འདི་ལ་ལྟོས་ཤེས་པས། ཐམས་ཅད་ཧ་རྒོད་ཉི་ལེ་སོང་། དེ་དུས་ནམ་མཁའ་ནས་ལྷ་ཞིག་གིས་ཚིགས་བཅད་བརྗོད་པ། ཧ་ཅང་གླེན་པ་གླེན་པ་མིན། །ཧ་ཅང་མཁས་པ་མཁས་པ་མིན། །ཧ་ཅང་མཁས་པ་མཁས་ཡིན་ན། །ཕ་རྒན་དུ་བས་གསོད་ལ་ལྟོས། །ཤེས་སྨྲས་པ་ཡིན། དེ་ནས་རྒྱལ་པོས་མི་གཡོ་རྒྱུ་ཅན་དེ་བསད། ཕ་རྒན་གཞན་དབང་ཅན་དེར་ཉེས་པ་དེ་འདྲ་མི་ཆེ་ཞེས་མངགགསེར་བུམ་པ་གང་དེ་བླུན་པོ་ལ་སྤྲད་ནས་དོན་དེ་མཇུག་གྲོལ་སོང་བ་ཡིན། དེས་ན་རྫུན་བཤད་ན་ཡུན་རིང་པོར་མཐའ་སུམས་པའི་སྐད་ཆ་དང་ཡུན་རིང་པོར་མཐའ་སུམས་པའི་དོན་དག་ཞིག་མིན་པས། རྫུན་སྤོང་བ་འདི་གལ་ཆེ། ཚང་མས་རྫུན་འདི་ཡག་པ་ཞིག་མིན་པར་ཤེས་དགོས། ༈ ངག་གི་མི་དགེ་བ་གཉིས་པ་ཕྲ་མ་ཞེས་པ་ནི། མཐུན་པ་གཉིས་ཀྱི་བར་དུ་དཀྲུག་ཤིང་བྱས་ཏེ་དེ་གཉིས་དབྱེ་འཇོག་པ་ལ་ཕྲ་མ་གསུངས་པ་ཡིན། འདི་ལ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་ཡོད་པ་ལས། ཆེ་ས་ནས་སངས་རྒྱས་བསྟན་པ་བཤིག་བྱེད་ཀྱི་ཕྲ་མ་ཆེན་པོ། དགོན་པ་དང་དགོན་པ་མི་མཐུན་པར་བྱེད། བླ་མ་དང་བླ་མ་མི་མཐུན་པར་བྱེད། བླ་མ་དང་སློབ་མ་མི་མཐུན་པར་བྱེད་པའི་ཕྲ་མ། ཁྱད་པར་དུ་སྔགས་ཀྱི་དམ་ཚིག་དང་འབྲེལ་པའི་འགལ་གཞི་ཆེན་པོ་ནི་ཕྲ་མ་ཆེན་པོ། ཡང་མི་ཤ་རྟ་གྱོད་ལ་ཐུག་བྱེད། སྡེ་གཉིས་ཐོད་པ་ཐུག་བྱེད། གནོད་འགོ་འཁོན་འགོ་བྱེད་པ་དེ་དག་ནི་ཕྲ་མ་འབྲིང་། གནའ་ཞིག་ལ་མི་མང་ཞིག་ཁྲོམ་འདུས་ས་ཆེན་པོ་ཞིག་ཏུ་འཛོམས་ཡོད་པ་ལ་མིག་མཐོང་བ་ལྷ་འདྲེ་མི་མ་ཡིན་མཐོང་མཁན་ཞིག་གིས་བལྟས་པས། འདྲེ་ཞིག་གིས་ཡ་གའི་གམ་ལ་སོང་ནས་རྣ་བའི་ཁར་ལྐོག་གཏམ་བྱས། མར་ཀྱི་རྣ་བའི་ཁར་སོང་ནས་ལྐོག་གཏམ་བྱས་ནས་བཤད་རྐྱང་བྱེད་འདུག་པས། ཕྱི་དྲོ་བར་སྐབས་ཤིག་ལ་ཚང་མ་གྲི་ཁ་འགྲན་རེས་བྱས་ཏེ་མི་རོའི་ལུང་བ་གང་བཞག་ཐལ་ཟེར་བའི་ལོ་རྒྱུས་ངོ་མ་ཡོད་པ་ཡིན། དུས་ངན་གྱི་སྐབས་ལ་མིའི་བསོད་ནམས་དམན། འཕྲག་ལྷ་ལུས་ལྷ་ཉམས་ཞིང་། མགོ་བའི་ལྷ་སྲུང་གི་སྟོབས་ཞན་ཏེ་འདྲེ་འབྱུང་པོས་རྒྱུད་རློམ། མི་སེམས་ལ་དེ་འདྲའི་འདྲེ་ཞུགས་ནས། མི་ཐབས་ཆག་མངོན་དུ་བུད་དེ་ཐོད་གཏུག་པའི་ཕོ་ཚོད་མེད་ནའང། ལྐོག་ནས་འདྲེ་དང་སྡོང་སྟེ་དཀྲུག་ཡོང་བ་ཡོད་པ་ཡིན། དེ་འདྲའི་བསམ་ངན་རྒྱུ་བའི་སྐད་ཆ་གོ་ཡོང་དུས། བཤད་མཁན་དྲིན་ཕ་མ་ཡིན་ཡང་ཆེ་རྒྱུ་མེད་དེ། ཁ་སེམས་འདྲེ་ཡིས་བསྒུལ་ཡོང་བཞིན་ཡོད་པའི་རྟགས་ཡིན་པ་དང་། དགའ་རབ་དབང་ཕྱུག་དང་དམ་སྲི་འདྲེ་བདུན་ལ་དེའི་སྟོབས་ཤུགས་མེད་ཟེར་རྒྱུ་ག་ལ་ཡོད། དུས་ངན་ལ་བདུད་སྟོབས་ལྷག་པར་ཆེ་བས། དེས་ན་ཚང་མས་དབྱེན་ཁ་མཆུ་འདི་ལ་གཟབ་དགོས། ལུས་ངག་ཡིད་གསུམ་གྱི་ཉེས་པ་མང་པོ་ཞིག་འདིས་བསྐྱེད་ཅིང་། ཁྱད་པར་དུ་དགེ་འདུན་གྱི་སྡེ་དཀྲུགས་ཏེ་འཁྲུག་པ་ཡིན་ན། ས་ཚིག་པོའི་སྟེང་དུ་མྱུ་གུ་མི་འཁྲུང་བ་ལྟར། སྡེ་འཁྲུག་གི་གནས་དེ་ནས་དཔག་ཚད་མང་པོའི་འཁོར་ཡུག་གི་ཚུན་ཆད་དུ་སྒྲུབ་པའི་འབྲས་བུ་མི་འབྱིན་པར་གསུངས་ཡོད་པ་ཡིན། སེང་གེའི་ཕྲུ་གུ་དང་ཁྱུ་མཆོག་གི་ཕྲུ་གུ་གཉིས་ཀ་མ་གཅིག་གི་ནུ་མས་གསོས། ཚང་གཅིག་གི་ནང་ནས་ལག་ཆགས་ན་ཡང་། ཝ་རྒན་ཁྲམ་པ་གཡོ་རྒྱུ་ཅན་ཞིག་གིས་ཁོ་རང་གི་ཟ་ཁ་འཐུང་སྙིག་ཆུང་ངུ་ཞིག་ལ་བལྟས་ཏེ། དེའི་བར་ལ་ཕྲ་མ་བྱས་ནས་གསད་རེས་བྱེད་དུ་བཅུག་པ་ཡིན། བརྟན་པོ་ངོ་མ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཤེས་ནི། འཕྲལ་ཕུགས་ཀྱི་རྒྱང་ཐག་མཐོང་ནི་ཞིག་མིན་ན། རྒྱལ་ཁ་བློན་དང་མཚོན་ཁ་ཉི་མས་བསྒྱུར་ཏེ་ཡག་ཉེས་ཆེན་པོ་གཏུགས་རབས་མང་པོ་ཡོད་པ་རེད། མི་མཐུན་པར་དབྱེ་བྱེད་ཚིག་རེད། བ་ཡར་མ་སྐམ་བྱེད་འགོང་པོ་རེད། བུ་རབ་འདྲ་གཉིས་ཐུག་དུས་དབྱེན་གྱིས་གཏོར་ཏེ་དབྱེ་ཐུབ་པ་མ་རེད། སྟག་ཕྲུག་དཔུང་བཟང་དང་སེང་ཕྲུག་མཆེ་བཟང་གཉིས་ཀ་སྐྱིད་སྡུག་མཉམ་དུ་གཤིབས་པའི་གྲོགས་པོ་ཡིན་པར། ཡང་ཝ་རྒན་མགོ་གཉིས་མ་ཞིག་གིས་ཕྲ་མས་འབྱེད་ས་ནས། སེང་གེས་སྦར་ལྕག་གཅིག་གིས་ཝ་རྒན་ཕྱི་མའི་ལམ་དུ་མངག་པ་ལྟ་བུ་རེད། ཕྲ་མ་ཆུང་ངུ་ནི། མི་ཞིག་ཁ་ཕར་ལ་འཁོར་མ་ཐག་ཏུ་དེའི་བླ་བཙག་ཞོར་དེས་ཁྱོད་ལ་ཅིག་ཅིག་འདྲ་ཞིག་ཟེར། ངས་དེ་ལ་མུག་མུག་འདྲ་ཞིག་བཤད་ཡོད་ཅེས། མདོར་ན་ཕྲ་མ་མངོན་ལྐོག་གཉིས་ཀ་ནས་བྱེད་པ་དེ་སྤོང་དགོས་པ་རེད། ཕྲ་མའི་རིགས་ཐམས་ཅད་སྤོང་རྒྱུ་གལ་ཆེན་པོ་རེད། དེས་མི་འདོད་པ་ཐམས་ཅད་ཀྱི་སྣ་འདྲེན་བྱེད་པ་རེད། དགའ་བྱེད་ཟེར་བའི་མི་ཕྲ་མ་བྱེད་རྒྱུ་ལ་དགའ་བ་ཞིག་ཡོད་པ་དེས། འབའ་རོ་ཡོ་ཧོ་ཟེར་རྒྱུའི་དཔོན་ཆུང་ཞིག་ཡོད་པ་དེ་དང་ཡུལ་གྱི་རྒྱལ་པོ་གཉིས་ཀའི་བར་ལ་དབྱེན་ཁ་མཆུ་གཏུག་ནས། རྒྱལ་པོའི་མདུན་དུ་སོང་ནས་འབའ་རོས་རྒྱལ་པོ་ལས་ཁོ་རྒྱུ་ཆེ། ཁོ་འཁོར་མང་། ཁོ་བུ་བཟང་། མིང་ཆེ་བ་མ་གཏོགས་རྒྱལ་པོས་ཁོང་ན་ཅི་ཡང་མེད། ངོ་མ་བཤད་ན་ཁོས་རྒྱལ་པོ་ལ་ངོ་ལོག་བརྒྱབ་ན་ཐུབ་ཟེར་གྱིན་འདུག་ཅེས་སྨྲས་པ་རེད། རྒྱལ་པོ་སྤྲོ་ལངས་ནས་རྒྱལ་པོ་དང་འབའ་རོ་གཉིས་ཀའི་བར་ལ་འཁྲུག་པ་ཆེན་པོ་ཞིག་བྱུང་དུས། ཡུལ་དེར་བྲམ་ཟེ་མཛའ་བོ་ཟེར་བའི་ཐམས་ཅད་ཀྱི་འཁོན་པ་སྡུམ་གྱིན་འདུག་པ་ཞིག་ཡོད་པ་དེ། བར་ལ་བུད་ནས་རྒྱལ་པོ་འབའ་རོ་གཉིས་ཀ་འགྲིག་ཐབས་བྱས་པ་རེད། དེ་དུས་ཆུ་སྐམ་ས་ནས་གྲམ་པ་ལྷང་ལ་བུད་ཅེས་པའི་དཔེ་ལྟར། ཕྲ་མ་མཁན་དགའ་བྱེད་ཀྱིས་དབྱེན་དཀྲུགས་བྱས་པར་ཤེས་ནས། ཕྲ་མ་མཁན་དགའ་བྱེད་ལ་ཁྲིམས་ཆད་ཕོག་སྟེ་ལྕེ་བཅད་པ་རེད། བྲམ་ཟེ་ལ་རྒྱལ་པོ་དང་འབའ་རོ་གཉིས་ཀས་གསེར་སྲང་བརྒྱ་རེའི་དཔའ་དར་བཏགས་པ་རེད། ཕྲ་མ་གཞན་འགྱེད་རྣམ་སྨིན་སྐྱེས། །ལྕེ་བཅད་ངན་སོང་གནས་སུ་ལྷུང་། །བྲམ་ཟེ་རྫུན་པོ་སྡུམ་མཁན་དེར། །གསེར་སྲང་ཉིས་བརྒྱའི་བྱ་དགའ་ཐོབ། །རྣམ་སྨིན་འཕྲལ་བྱུང་ངོ་མཚར་སྐྱེ། །ཕྲ་མ་སྤོངས་ལ་འཐབ་རྩོད་སྡུམས། །ཤེས་པའི་ཚིག་དེ་དུས་བྱུང་བ་རེད། ཕྲ་མ་སྤངས་ན་ཚེ་རབས་ཀུན་ཏུ་གྲོགས་བཟང་པོ་དང་འཕྲད་ཅིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལམ་གྱི་འགལ་རྐྱེན་ཉུང་བའོ། །ངག་གི་མི་དགེ་བ་གསུམ་པ་ནི་ཚིག་རྩུབ་རེད། ཚིག་རྩུབ་ཅེས་པ་ནི་ངག་འཇམ་པོས་མ་ཡིན་པར། ཚིག་རྩུབ་མོ་ཐོས་པ་དང་མི་སེམས་འཁྲུག་འགྲོ་བ་ཞིག་བཤད་པ་དེར་ཚིག་རྩུབ་ཅེས་བྱ། བླ་མས་ཆོས་གདམས་ངག་བསྟན་ཏེ་སློབ་མའི་རྒྱུད་བཅོས་ཚེ་ཆོས་ཀྱི་མཆོག་མཚང་ལ་རྒོལ་བ་ཡིན། གདམས་ངག་གི་མཆོག་མཚང་ཐོག་ཏུ་ཕོག་པ་ཡིན་ཞེས་གསུངས། སྙིང་བརྩེའི་ཕྱིར་ན་མི་དགེ་མེད། །ཅེས་གསུངས་ཀྱི་དེ་མིན་སྐྱོན་བརྗོད་དེ་ཕ་རོལ་པོའི་མཚང་ལ་ཕོག་པ་བཤད་མི་རུང་ངོ་། མཚང་ལ་རིགས་ཀྱི་མཚང་། རུས་ཀྱི་མཚང་། ཡོན་ཏན་གྱི་མཚང་། ལུས་ཀྱི་སྐྱོན་ལ་སོགས་པ་མི་དེ་ལ་གནོད་བྱེད་དང་སེམས་འཁྲུག་བྱེད་ཀྱི་ཚིག་དག་ལ་ཚིག་རྩུབ་ཅེས་བྱ། ཚིག་རྩུབ་ཆེན་པོ་སངས་རྒྱས་ཀྱི་སྐུ་གཟུགས། དཀོན་མཆོག་གི་རྟེན། དགེ་ཚུལ་སློང་ཁྲིམས་ལྡན། བླ་མ། ཕ་མ་སོགས་ལ་ཚིག་རྩུབ་བརྗོད་ན་ཉེས་པ་བསམ་གྱིས་མི་ཁྱབ། ཁྱད་པར་དུ་རྒ་རྒས་ཚོ་ལ་ཁ་དྲི་ཚིག་འཇམ་དགོས་པ་རེད། རྒས་པ་སེམས་ཆུང་བ་རེད། མི་རྒས་པ་སེམས་ཤེད་ཉམས་ནི་རེད། །མཛོ་རྒས་པ་ཝ་ཤེད་ཆུང་ནི་རེད། །ཅེས་པ་ལྟར་རེད། ཕ་མ་རྒས་ཁོག་ལ་བརྩི་བཀུར་དང་གཅེས་སྤྲས་མེད་པའི་བུ་རྒྱུད་ནི་མཐའ་གྱེན་ལ་འགྲོ་བ་མ་རེད། ཚིག་རྩུབ་འབྲིང་ནི། སྐྱེ་བོ་ཕོ་མོ་སུ་ཡིན་ཡང་ཉན་པར་མི་འདོད་པའི་ཚིག་རྩུབ་མོ་བཤད་པ། ཐ་ན་དུད་འགྲོ་ཞིག་ཡིན་ཀྱང་མིང་འདོགས་དང་ངན་སྨྲས་ཀྱི་ཚིག་རྩུབ་བཤད་རུང་བ་མ་རེད། ཚིག་རྩུབ་ཁ་ཡིས་མ་བཤད་ཀྱང་ཡིག་ཐོག་ནས་བྲིས་ན་དེ་བས་ཚབ་ཆེ་བ་རེད། དེ་རིང་ཁ་རྩང་མི་འགའ་རེས་ཚིག་ལྷུ་རེ་ཟུང་ཡར་མཐུད་མར་མཐུད་བྱས་ཏེ་སྒྲིག་ཤེས་ཤིང་བྲི་ཤེས་དུས། རྫོགས་པའི་སངས་རྒྱས་མན་ཆད་ལ་དཔྱད་པ་གཏོང་བའི་ཟོལ་བྱས་ཏེ་ཤོག་ལྡེབ་རྫོགས་མེད་ཅིག་མིག་རྫོད་བྱེད་དུ་བྲིས་འདུག་པ་འདི་ཚོ་ཡང། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་ཐམས་ཅད་ཚང་སོང་བ་ཞིག་རེད། དེ་ལས་རྒན་མོ་བསམ་བཟང་ཞིག་གི་ཁེ་ཆེ་ཁི་བསམ་རྒྱུ་ཡོད་ནི་རེད། ཡང་འགའ་རེས་དེ་ཙམ་མིན་ཀྱང་ཟུར་ཟ་དང་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། རང་གི་ཆེ་བ་འདོན་བྱེད་དུ་བྲིས་ན་ཚིག་རྩུབ་མིན་ཡང་འདིའི་འོག་གི་ངག་འཁྱལ་གྱི་ནང་དུ་འགྲོ་ངེས་པ་ཡིན། དོན་མེད་དོན་ལོག་གི་བསྟན་བཅོས་འཆོས་སྐྱོབས་ཀྱི་ཡོན་ཏན་གྱི་ལྡོག་ཕྱོགས་ཅན་ཡང་མང་པོ་རེད། ཆོས་ཀྱི་གྲགས་པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་དེ་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར། ངན་པའི་རིགས་བགྲང་ཚོད་མེད་པ་ཞིག་ཡོད། གནའ་སྔོན་མ་ཞིག་ལ་རྒྱ་ནག་ཕྱོགས་ཀྱི་མཁས་པ་ཆེན་པོ་ཞིག་གིས། དགེ་འདུན་རྣམས་ནི་སྦྲུལ་དང་འདྲ་ཞེས་པའི་བསྟན་བཅོས་ཤིག་བརྩམ་མྱོང་བ་རེད། སྔོན་ཞིག་ལ་མི་དེ་དགེ་འདུན་པ་མང་པོ་དང་མཉམ་དུ་འགྲོ་བཞིན་ཡོད་པས། ཁོ་རང་གི་ཚོར་སྣང་ཞིག་རོགས་པ་རྣམས་ལ་སྨྲས་པ། ཁྱེད་རང་ཚོ་མྱུར་མོར་བྲོས་མ་གཏོགས་ཁོས་ལས་བསགས་པའི་རྣམ་སྨིན་ཉམས་སུ་མྱོང་རན་གྱིན་ཡོད་པ་འདྲ་ཞེས་སྨྲས་པ་དང་། དེ་ནས་ལག་པ་གཉིས་ཀ་མགོ་ལ་འབྱར་ཏེ་སྦྲུལ་མགོ་རེད། རྐང་པ་གཉིས་ཀ་མཉམ་དུ་འབྱར་ཏེ་སྦྲུལ་མཇུག་རེད། དུག་སྦྲུལ་ནག་པོ་ཞིག་ཏུ་གྱུར་ཏེ་ནག་འཁྱིག་སེ་ནགས་གསེབ་གཅིག་ཏུ་བརྒྱུགས་སོང་བ་རེད། ལས་ཚབ་ཆེན་བསགས་པས་མཐོང་ཆོས་མྱོང་འགྱུར་དེ་མ་ཐག་ཏུ་དེ་འདྲའི་སྨིན་ཡོང་བ་རེད། དེ་རིང་ཁ་རྩང་སྙིགས་མའི་དུས་རེད་སྤྱིར་ཉོན་མོངས་པའི་སྙིགས་མ། དེའི་ནང་ནས་ཀྱང་ཞེ་སྡང་གི་སྙིགས་མ་ལ་ཁེལ་ནས། བླ་སེར་མན་ཆད། ཁྱིམ་པ་ཕོ་མོ་ཡན་ཆད། ཕྱོགས་རིས་ཆགས་སྡང་གིས་དམྱལ་བའི་གནས་ལ་འཕེན་པ་མང་བ་རེད། ཚོར་འདུ་གཉིས་ཀ་རྩོད་པའི་རྩ་བ་དང་འཁོར་བའི་རྒྱུ་ཡིན་གསུངས་ཡོད་པ་རེད། ཁྱིམ་པ་ཐམས་ཅད་གཙོ་བོ་ཚོར་པའི་དོན་ལ་རྩོད། རབ་བྱུང་ཐམས་ཅད་གཙོ་བོ་འདུ་ཤེས་ཀྱི་དོན་ལ་རྩོད་པས། འཇིག་རྟེན་འཁོར་བའི་དོན་ལ་ཚིག་རྩུབ་བཤད་ན་འདྲ། ཆོས་ལ་བརྟེན་ཏེ་ཚིག་རྩུབ་བཤད་ན་འདྲ། མདོར་ཚིག་རྩུབ་ནི་ཁོང་ཁྲོ་དང་འཁྲུག་ལོང་གི་རྩ་བ་ཡིན་པ་རེད། ཆོས་ལུགས་གྲུབ་མཐའ་ཡི་གྲྭ་ས་ཆགས་སྡང་གི་ཡིན་ན་འདྲ། ཐོབ་མངའ་ཐང་རྒྱུ་ནོར་ལོངས་སྤྱོད་ཀྱི་འགྲན་རྩོད་ཡིན་ན་འདྲ། དང་པོ་དོན་མེད་ས་དང་དོན་ཆུང་ས་ཞིག་ནས། བསམ་ངན་གྱི་དུག་རོ་རེ་ཞེ་ལ་བཞག་དུས། ཚིག་ངན་དུག་མདའ་ལྟ་བུ་རེ་འཕེན་རེས་བྱས་ཏེ། དེའི་རྐྱེན་གྱིས་དམེ་འཁྲུག་གྱོད་ཁ་ཆེན་པོ་སློང་ཡོང་བ་རེད། དེའི་སྟོབས་ཀྱིས་རྒྱལ་ཁམས་རེ་ཕོངས་ཏེ་འབྲེལ་ཚད་དམྱལ་ཁམས་ལ་འགྲོ་བ་ཞིག་ཚིག་རྩུབ་འདིའི་ཁུངས་ནས་ཡོང་ནི་རེད། ཕ་མ་སློབ་དཔོན་ལ་ཚིག་རྩུབ་སྨྲས་ན་ཉེས་པ་ལྷག་པར་ཆེ་བ་རེད། གནའ་སྔོན་མ་ཞིག་ལ་ཁྱིམ་ཚང་ཞིག་ལ་བུ་ཞིག་ཡོད། བུ་དེའི་མིང་ལ་གྲོ་སྦྱིན་སྐྱེས་ཟེར། ཁོ་རང་ན་ཚོད་ལ་ཐོན་དུས་རྒྱ་མཚོའི་ནང་དུ་ཚོང་ལ་འགྲོ་གྲབས་བྱས་པར། མ་རྒན་གྱིས་ཁྱོད་མ་འགྲོ་ཞེས་སྨྲས་ཀྱང་ཁར་མ་ཉན། མ་རྒན་གྱིས་བུ་མངག་མ་ཕོད་རས་ངུས་ཤིང་ཁྱོད་མ་འགྲོ་ཞེས་ཡང་ཡང་སྨྲས་པས། བུ་ཁོང་ཁྲོས་ཏེ་ང་ཚོང་དུ་འགྲོ་བ་ལ་ཁྱོད་ཀྱིས་བཀྲ་མི་ཤིས་པའི་ངུ་འབོད་བྱེད་པ་ཅི་ཡིན། ཁྱོད་དམྱལ་བ་སྐྱེས་ཟེར་ནས་དམྱལ་སྨོད་ཅིག་བྱས་པ་རེད། ཁོ་རང་ལ་ཚོང་རོགས་མང་པོ་ཡོད་པ་རྣམས་དང་ལྷན་དུ་ཚོང་ལ་ཤོར་སོང་ནས། ཚིགས་ལམ་མང་པོ་སོང་སོང་སྟེ་ཉིན་གཅིག་སྒར་རྒྱག་ས་ཞིག་ནས་གྲོ་སྦྱིན་སྐྱེས་གཉིད་མཐུག་པོ་ཞིག་གིས་བཟི་སོང་བ་ལྟ་བུར་གཉིད་སོང་། གཉིད་སད་དེ་གཅིག་བལྟས་པས་ནམ་ལངས་ཏེ་ཉི་མ་ཤར། མགྲོན་པོ་རོགས་པ་ཐམས་ཅད་གནའ་འགྲོ་ད་འགྲོ་བྱས་ནས་སོང་ཚར་ཡོད་འདུགཚོང་པ་རྣམས་ཀྱིས་རང་རང་གིས་ཁལ་བཀལ་ཏེ་ནམ་འོག་ནས་ལམ་ལ་ཆེས་སོང་བས། དེ་ལས་ཀྱི་དབང་གིས་སུ་གཅིག་གིས་ཀྱང་མ་མཐོང་། གཉིད་སད་དེ་ཡར་ལྟ་མར་ལྟ་ཞིག་བྱས་པས་གམ་ན་བོང་བུ་གཉིས་ཀ་མ་གཏོགས་ཅི་ཡང་ལྷག་མེད་པ་རེད། དེ་ནས་སྐྲག་དངངས་འཇིགས་གསུམ་གྱིས་བོང་བུ་གཉིས་ཀ་སྦྲེལ་ནས་དེད་དེ་སོང་མོད། སྐབས་ཤིག་ལ་རླུང་ཆེན་པོ་ཞིག་གཡོས་ནས་ལམ་ཚང་མ་བྱེ་མས་བཀབ་སྟེ། གར་འགྲོ་འདིར་འགྲོ་ངོ་མ་ཤེས་པར་ཤར་ལྷོ་ནུབ་བྱང་གི་ཕྱོགས་ཚང་མ་ནོར་འདུག་པ་ཞིག་ཏུ་སོང་། དང་པོ་མིས་ལམ་མ་ཤེས་ཀྱང་བོང་བུ་གཉིས་ཀས་སྔོན་དུ་རྫི་སྣོམ་ཞོར་བྱས་པས་ལམ་གྱི་ཕྱོགས་ཧ་ལམ་ཞིག་རྙེད་མོད། དངངས་ཚབ་ལངས་ཏེ་བོང་བུ་གཉིས་ཀ་ལྕག་གིས་བྲབ་ནས་འདེད་ཆེ་སོང་བས། བར་སྐབས་ཤིག་ཏུ་བོང་བུ་གཉིས་ཀ་རྒྱུག་རྒྱུག་གི་དྲན་པ་རྨོངས་ཏེ་རྫི་སྣོམ་པའི་ནུས་མཐུ་མེད་པ་དང་། དེ་ནས་བོང་བུ་གཉིས་ཀའང་ཆད་དེ་ལྷག་སོང་། དེ་ནས་ཁོ་རང་ཁེར་རྐྱང་དུ་འཁྱམ་ནས། ཡི་དྭགས་ཀྱི་ཡུལ་དུ་མངོན་སུམ་དུ་ཐོན་སྟེ། མི་ལོ་བཅུ་གཉིས་ཀྱི་བར་དུ་ཡི་དྭགས་དང་དམྱལ་བའི་སྡུག་བསྔལ་མངོན་སུམ་དུ་མྱོང་དགོས་བྱུང་། ཕ་མ་དྲིན་ཆེན་ཡིན་པས་ཡུལ་གཉན་པ་རེད། མི་འགའ་རེ་ཕ་མ་ལ་ཁ་དྲི་ཚིག་འཇམ་ཨ་མ་མ་ལོ་ཁྱོས་ཟོས། ཨ་ཕ་ཕ་ལོ་ཁྱོས་གྱོན་ཟེར་བ་བསྐྱུར་ཏེ་ཕ་མའི་ཁ་ལ་མི་ཉན། ཕ་མ་ལ་དྲིན་ལན་མི་དྲན་པ་ཚོ་ལས་ལམ་ལ་མཐའ་གྱེན་ལ་འགྲོ་བ་མ་རེད། བླ་མ་ཡང་དེ་ལྟར་དུ་ཡུལ་གཉན་པ་རེད། གནའ་ཨ་མདོ་དགེ་བཤེས་ཟེར་བའི་མཁས་པ་ཆེན་པོ་ཞིག་ཡོད། གྲྭ་ས་ནས་ཡོང་བའི་གྲྭ་ཆུང་བསྡུས་གྲྭ་སྦྱངས་བཞག་པ་ཞིག་གིས་རྩོད་པ་བྱས་ཏེ། དགེ་བཤེས་ཀྱི་ཐུགས་ཅུང་ཟད་ཡེང་སྟེ་ཚིག་སྣེ་ཅུང་ཟད་ཅིག་ཐུགས་ཉམས་ལ་མ་བཞག་པར་འགལ་བ་ཆུང་ཆུང་ཞིག་ལ་ཐུག་པས། གྲྭ་ཆུང་ང་རྒྱལ་སྐྱེས་ཏེ་འདི་ལས་ང་མཁས་འདུག་བསམ་ནས། ཁྱོས་ཅི་ཡང་མི་ཤེས་ཁི་ཟེར་ནས་ངན་སྨོད་ཅིག་དང་མཉམ་དུ་འཁོར་གསུམ་ཞིག་ཞུས་ཡོང་བས། གྲྭ་ཆུང་དེའི་ཐོག་ནས་ལྕེ་སྟེང་ལ་རྨ་ཞིག་བུད་ནས་ལྕེ་རྩ་བ་ནས་རུལ་ཏེ་ཆད་སོང་བའི་ལོ་རྒྱུས་ཡོད་པ་རེད། དེ་ད་དུང་མཚན་ཉིད་ཀྱི་ཆོས་རྩོད་རྒྱག་ས་ནས་རེད། སྔགས་ཀྱི་དབང་ཞུས་ཏེ་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་མཆེད་ལྕམ་ལ་ཚིག་རྩུབ་ཤོར་ན་བསྐལ་བ་མང་པོ་ལ་ཡར་ཐར་ཡོད་པ་མ་རེད། ཚིག་རྩུབ་སྤོང་ན་ངན་སོང་ལ་མི་སྐྱེ། ཚེ་འདི་ཕྱི་གཉིས་ཀར་བདེ་སྐྱིད་འབྱུང་པ་རེད། ངག་གི་མི་དགེ་བཞི་པ་ནི་ངག་འཁྱལ་རེད། འབྲེལ་མེད་ཀྱི་གཏམ་མ་བརྟགས་བྱུང་རྒྱལ་དུ་སྨྲ་བ་དེ་ལ་ངག་འཁྱལ་ཞེས་བྱ། ངག་འཁྱལ་གྱི་ཉེས་པ་ཆེ་ཤོས་གང་རེད་ཅེ་ན། ཆོས་ཉན་སྐབས་དང་དཀྱིལ་འཁོར་གཉན་པོ་ཞལ་ཕྱེ་སྟེ་ཆོ་ག་ཞལ་འདོན་མཛད་སྐབས་ལ་ངག་འཁྱལ་ལ་སོགས་པའི་གཏམ་བཤད་ན་ཉེས་པ་ཆེ་བ་རེད། ཁྱད་པར་དུ་ཆོས་ཁྲིད་ཀྱི་སྐབས་སུ་སྐད་ཆ་བཤད་མི་རུང། གཅིག་ན་མ་གུས་པའི་རྣམ་འགྱུར་དུ་འགྱུར་འགྲོ་བ་རེད། གཉིས་ན་རང་གིས་མི་ཉན་པར་མ་ཟད་ཕ་རོལ་པོ་གཞན་དག་གི་ཉན་པར་བར་ཆད་དུ་འགྱུར་འགྲོ་བ་རེད། དེ་ལྟར་ན་ཆོས་ཉན་པ་ལ་ཕན་ཡོན་དང་། ཆོས་རང་གིས་མ་ཉན་པ་དང་གཞན་ལ་ཉན་དུ་མ་བཅུག་པའི་ཉེས་པ་གཉིས་མཉམ་དུ་འབྱུང་བ་རེད། ངག་འཁྱལ་བཤད་མཁན་གྱི་མི་དེ། མི་གང་འདྲའི་རིགས་ཅན་ཡིན་ཞེ་ན། ངོ་ཚ་མེད་པ་དང་གཅིགལེ་ལོ་ཅན་དང་གཉིས། བག་མེད་ཆགས་སྡང་ཆེ་བ་དང་གསུམ། བྱ་ནེ་ཙོ་འདྲ་བའི་བཤད་དགའ་ཅན་དང་བཞི། ངག་དང་སེམས་ལས་སུ་མ་རུང་བ་དང་ལྔ་པོས་ངག་འཁྱལ་བཤད་པ་རེད། ཁ་བདག་མེད་མི་དགེའི་བང་མཛོད། །གཏམ་བྱུང་རྒྱལ་གྱོད་ཀྱི་རྩ་བ། །ཟེར་བ་ལྟར། དེ་ལ་བརྟེན་ཏེ་ཆགས་སྡང་གི་རྣམ་རྟོག་ཡར་ལ་འཕེལ་ཏེ། རང་གཞན་གཉིས་ཀའི་ཁ་འདོན་དགེ་སྦྱོར་ཆག་འགྲོ་བ་རེད། ངག་འཁྱལ་གྱི་ནང་དོན་མང་ཆེ་བ་བདག་བསྟོད་གཞན་སྨོད་ཁོ་ན་ཡིན་པ་རེད། མཚར་མཚར་ཡག་ཡག་འདྲ་ཡང་གཞན་སྐྱོན་རྗེས་ཟློས། །གསུངས་པ་ལྟར། ངག་འཁྱལ་འདི་ཆགས་སྡང་རྨོངས་གསུམ་གྱི་ཁུངས་ནས་མ་ཡོང་བ་ཞིག་ཡོད་པ་མ་རེད། དེས་ན་རྣམ་སྨིན་ངན་སོང་གསུམ་གང་རུང་དུ་སྐྱེས། ངག་འཁྱལ་དང་བསྲེས་ཏེ་ཁྱིམ་པ་ཕོ་མོ་ཚོས་མ་ཎི་བཏོན་ན་ཕན་ཡོན་ཆུང་བ་རེད། རྒ་རྒས་ཚོས་ཉི་མ་མཉམ་དུ་ལྡེ་ལོ་ལོན་ན་ཚོད་གཅིག་པ་སྐད་ཆ་ཁ་བརྡ་རེ་མཉམ་དུ་བཤད་ལོས་བསམ་སྟེ། འོན་ཀྱང་སྐབས་ཤིག་ལ་ངག་འཁྱལ་གྱི་གཏེར་སྒོ་ཕྱེས། དེའི་སྟེང་དུ་ཆགས་སྡང་གི་ཁ་རྩོད་ཤོར། འཇའ་ཐང་དཔལ་ཐང་བརྩད། དོན་མེད་དབྱུག་ཁ་བཀྱེ་ལ་ཁད་ཡོང་རྒྱུ་ཡོད་པ་རེད། དེ་བས་རིན་ཐང་ཅན་གྱི་ཚེ་མཇུག་གི་ནམ་ཟླ་རང་རང་གི་མཆོད་ཁང་ནང་ནས་བསྐྱལ་ན། དུང་འཁོར་སྐོར་ས་དང་ཆོས་ཞུ་སར་སོང་ན་ངག་བཅད་བྱས་ན་བཟང་བ་རེད། ལོ་ཉུང་རྣམས་ཀྱིས་དང་པོ་ཁ་བརྒྱག་བཤད་ཁུལ་བྱེད། ཁ་མཚར་རྩེ་མོ་བཤད་ཁུལ་བྱས། སྐབས་ལ་རྩེ་རྔ་འཁྱོག་སྟེ་ཚིག་ངན་གྱིས་རྒྱག་རེས་བྱེད། ངག་འཁྱལ་ཚིག་རྩུབ་ལ་ལོགཚིག་རྩུབ་ཁོང་ཁྲོ་ལ་ལོགཁོང་ཁྲོ་ཞེ་སྡང་ལ་འགྱུར་དུས། སྐབས་ཤིག་ལ་སྤྲོ་ལོས་སྤྲོ་ལོ་བརྩེང་། སྤྲོ་ལོ་གེགས་ལ་ལངས། མཐར་དོན་མེད་ཀྱི་གྱོད་ཆེན་ཉོ་རྒྱུ། དེར་མ་ཟད་ཕྱི་མ་དམྱལ་བར་འགྲོ་བྱེད་ཀྱི་ལས་དང་བྱ་བ་མང་པོ་ཞིག་ངག་འཁྱལ་གྱི་ཁུངས་ནས་ཡོང་གིན་ཡོད་པ་རེད། ཕོ་སར་རྣམས་དང་མོ་སར་མ་རྣམས། ཉིན་བཞིན་དོན་མེད་དུ་འཁྱམ་ཁི་མ་འདུགཁྱིམ་འཁོར་བའི་བདག་པོ། གཞིས་ད་འཛིན་ཐམས་ཅད། འཁྱར་ཏེ་འཁྱར་ལོབ་ན། སྐབས་ཤིག་ལ་ཁྱིམ་ནས་མི་ཆགས་པར་འཁྱར་རྒྱུ་ལ་ངན་ལོབ་ནས་འཁྱམ་པོ་འཁྱམ་མོ་རང་རེད་འགྲོ་བ་རེད། ཁྱིམ་དུ་ལས་ཀ་ལས། ལས་ཀ་མེད་ན་རིག་གནས་སྦྱོངས། ཁ་ཡིས་འདོན་པ་ཐོན། ལག་གིས་ཕྲེང་བ་ཟུངས་། ཡ་རབས་ཀྱི་བྱ་བར་ཁ་མིག་ཡར་ལྟ་བྱེད་དགོས་པ་རེད། མི་ཡ་རབས་ཀྱི་གཤིས་ཀ་དེ་འཇམ་པོ་ཞིག་ཡིན་པ་རེད། ཡོན་ཏན་ཅི་འདྲའི་ཡོད་ན་དེ་འདྲའི་ངང་རྒྱུད་འཇམ་པོ་དང། ཕན་སེམས་ཆེན་པོ་ཅན་ཡིན་པ་རེད། མི་ཁོ་རང་གི་ཁོག་ན་ཤེས་ཡོན་མེད་ཚེ། སྔོ་ནེ་རྡོ་བྱུར་གྱིས་ཡག་བྱེད་ས་ཡོད་པ་མ་རེད། གཟི་སྟག་ལོག་གིས་སྐེ་ལ་འཁོར་གི་འདུག་ནའང་དེ་ལ་ཡོན་ཏན་ཞིག་དང་མིའི་གཤིས་བཟང་ཞིག་མེད་ཚེ་དེའི་གམ་ལ་གཅར་རྒྱུ་ཡོད་མ་རེད་སྙམ་ནས་བཟུར་ཁི་འདུག་དགོས་ས་ཞིག་ཏུ་ཡོང་བ་རེད། ཡོན་ཏན་ཟེར་བ་དེ་མཐའ་གཅིག་ཏུ་སློབ་གྲྭའི་ནང་ནས་སྦྱོང་བའི་ཡིག་རྩིས་ཤིག་རྐྱང་པ་ལ་ཟེར་བ་མ་རེད། སྐྱེས་ཐོབ་ཀྱི་ཡོན་ཏན་དང་སྦྱང་སྟོབས་ཀྱི་ཡོན་ཏན་སྟེ་གཉིས་ཡོད་པ་རེད། དེ་ལས་སྐྱེས་ཐོབ་ཀྱི་ཡོན་ཏན་ཙནྡན་དང་དྲི་མ་ཞིམ་པོ་གཉིས་ཀ་མཉམ་གཅིག་ཏུ་ཡོད་པ་ལྟར། ལྷན་སྐྱེས་ཀྱི་ཐོག་ནས་མ་ཨ་མའི་པང་ནས་སྐྱེས་དུས་ནས་རྒྱུ་དག་ཡག་པ། ཕན་སེམས་མ་གཏོགས་གནོད་སེམས་མེད་ཅིང་། རྣམ་དཔྱོད་ཀྱི་ཤེས་རབ་ཡོད་པ། བྱ་བ་ཐམས་ཅད་ལ་སྔོན་མཐའ་ཕྱི་མཐའ་མཐོང་ཞིང་། བརྟག་དཔྱད་མཁས་པ། བརྟག་དཔྱད་སྔོན་ལ་མ་སོང་བར་ལས་ཀ་མི་བྱེད་པ། ཡུལ་དེ་ན་ཡོད་ན་དཀྱིལ་ཀྱི་བཅུད། ཟུར་གྱི་རྒྱན། ལས་བྱ་བ་གང་བྱས་ཀྱང་ཐམས་ཅད་སྤྱི་ཁྱབ་ལ་ཕན་བྱེད་ཡིན་པ། ཀུན་ལ་ཕན་ཐོགས་ཅན་ཞིག་མ་གཏོགས་མི་བྱེད་པ་དེ་ནི་མི་ཡ་རབས་ཡིན་པ་རེད། སྐྱེས་ཐོབ་ཀྱི་ཤེས་རབ་བམ་སྐྱེས་ཐོབ་ཀྱི་ཡོན་ཏན་ཅན་ཐམས་ཅད་མི་རིན་ཐང་ཅན་ཡིན་པ་རེད། སྦྱང་སྟོབས་ཀྱི་ཡོན་ཏན་ཞིག་ཡོད་ཀྱང་ལྷན་སྐྱེས་ཀྱི་མི་གཤིས་བཟང་པོ་ཞིག་མེད་ན། ལྷག་བསམ་དང་དྲང་བདེན་གྱི་ནུས་པས་མ་འདང་བའི་སྟོབས་ཀྱིས། ཕན་ཐོགས་མེད་པའི་སྟེང་དུ་གནོད་ལ་ལོག་རྒྱུ་ཡང་མང་བ་རེད། དཔེར་ན་དེ་རིང་མི་མང་ཞིག་གིས་འཚང་ཁ་བརྒྱབ་སྟེ་སུས་ལོན་གང་ལོན་བྱེད་ས་ཞིག་ལ་ཐུག་ན། ཁྱོད་སྔོན་ལ་སོང་ང་རྗེས་ལ་འདུག་ཟེར་མཁན་ཞིག་ཡིན་དགོས་པ་རེད། གཅིག་ལ་དགོས་རྒྱུ་དེ་ཐམས་ཅད་ལ་དགོས་པས། མི་ཐམས་ཅད་ཀྱིས་ང་སྔོན་མ་བྱ་དགོས་བསམ་ཚེ་རྗེས་ལ་འདུག་མཁན་མི་གཅིག་ཀྱང་ཡོད་པ་མ་རེད། རིམ་པ་བརྒྱུད་དགོས་ས་ཞིག་ཏུ་ཇི་ལྟར་བྱ། རང་འདོད་ཆེན་པོ་ཅན་ཞིག་གིས་ཅི་བསམ་བྱེད་དགོས་ཚེ་འཇིག་རྟེན་གྱི་ཁམས་ན་ཁོ་རང་གཅིག་པུ་མ་གཏོགས་སུ་གཅིག་ཀྱང་ཤོང་ས་མེད། དེ་ལྟར་བྱས་ན་འགྲིག་གམ། མི་འགའ་རེར་སེམས་ནད་ཆེན་པོ་ཡོད་པའང་ཡོད་སྲིད། མི་འགའ་རེ་སྙིང་ཁམས་མི་བདེ་བའི་ནད་པ་ཡང་ཡོད་པ་རེད། མི་ཚང་མ་ལོ་ཚོད་ངེས་ཅན་ཞིག་ལ་ཐོན་དུས་ཁོག་རྒྱ་ཇེ་ཆུང་དང་སྤྲོ་ཇེ་ཐུང་ལ་འགྲོ་སྲིད་པ་རེད། དེ་འདྲའི་ལོ་ཚོད་ཀྱི་ཚོད་ཞིག་ལ་ཐོན་རྒྱུ་ཡོད་པ་རེད། མཐའ་གཅིག་ཏུ་དེས་ང་ལ་རྣམ་འགྱུར་ཡག་པ་བསྟན་མ་ཐལ་ཟེར་ནས་ཕར་ལ་ཁྲོ་བ་སྟོན་མི་རུང། ཚུར་རྣ་རྩ་ལ་འགའ་ཞིག་རྒྱབ་ནའང་སྙིང་ཉེ་ལགས་ཁྱོད་ང་ལ་ཁོང་ཁྲོ་འམ། ཁྱེད་རང་ཁོང་མི་ཁྲོ་བར་ཞུ་ཞེས་ཞུ་བ་བྱ་དགོས་པ་རེད། དེ་འདྲའི་རིགས་དེ་ཆེས་གནད་འགག་ལ་འཕྲད་དུས་ཕྱུང་རྒྱུ་ཡོད་རྟགས་ཡིན་པ་རེད། ཐུག་དགའ་ཅན་རྣམས་ཀྱིས་དེ་འདྲ་དེ་ལ་སྣེ་མ་འཐོགས་མ་གཏོགས་འགྱོད་པ་ངོ་ཚ་གཉིས་ཀ་མཉམ་དུ་ཉོ་ཡོང་། ཟེར་ལོང་གཏམ་ལོང་གཉིས་ཀ་མེད་པར་སྤུད་སེ་བུད་འགྲོ་བའི་རིགས་དེ་ལ་གནད་འགག་ལ་འཕྲད་དུས་ཕུགས་ཡོད་པ་མ་རེད། དེས་ཁོ་ལ་ཕུགས་མེད་པའི་ཁོག་བསྟན་ཚར་ཡོད་པ་རེད། དེ་འདྲའི་རིགས་ལ་གཏུག་རིན་ཡོད་པ་མ་རེད། གལ་ཏེ་དེ་འདྲའི་རིགས་དེ་ཐུབ་ནའང་དཔའ་མྱིང་ཅི་ཡང་མེད། མདོར་ན་ལོ་ཆུང་ཚོ་ཁྱེད་རྣམ་པ་ཡུལ་འདིའི་མ་འོངས་པའི་བདག་པོ་ཡིན་ནི་རེད། རིགས་རུས་གཅིག་ལས་ཆད་པའི་ན་གཞོན་གྱི་བོད་ཕྲུག་རྣམ་པ། ཁྱེད་རྣམས་མ་འོངས་གངས་ལྗོངས་ཀྱི་བདག་པོ་ཡིན་པ་རེད། ཁྱེད་རྣམས་ཀྱི་སྤྱོད་ལམ་ལ་བལྟས་ཏེ་ས་ཆ་ཡག་བཙོགསྡེ་བ་བཟང་ངན། མི་རིགས་བཟང་ངན་ཕྱེ་འགྲོ་ཁི་ཡོད་པ་རེད། ཕྱི་ཁ་ཆེན་པོ་ཞིག་མ་ཆོད་ནའང་། ནང་ཁ་ཟེར་བརྗོད་རང་ཁོང་ནས་མི་འབུད་པའི། ཡ་རབས་སྤྱོད་བཟང་ཆོས་དང་མཐུན་པ། དཔལ་སྤྲུལ་ཚང་གིས་གསུངས་པ་ལྟར། བཤད་ན་གཏམ་ཡོད་པ། བསྐོར་ན་བློ་ཡོད་པ། ཁོང་ཡངས་ཤེས་རྒྱ་ཆེ་བ་ཞིག་དགོས་པ་རེད་མ་གཏོགས། ནམ་ཡིན་ན་ཁྱི་ལག་ཐུག་ཐུག་བྱས་ཏེ་ནང་འཛིང་བྱེད་འདུག་པ་དེའི་རིགས་ནི་སུའི་གཅེས་ཕྲུག་ཡིན་ཡང་མི་ངན་རེད། ཡུལ་རྫོད་རེད། མེད་སོང་ན་བསམ་རྒྱུ་ཅན་ཡིན་ནི་རེད། དཔལ་སྤྲུལ་ཚང་གི་གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལས། ལར་ཤེས་དགོས་རྒྱུ་ཞིག་ལ་མི་འདིའི་ཐུ་མེད། མི་རབ་རེ་རེས་ཡུལ་ཁམས་མང་པོ་བདེ་ལ་བཀོད། མི་ངན་རེ་རེས་ཡུལ་སྡེ་མང་པོ་དཀྲུག་ཤིང་བྱེད་པ་ཚོ་ཡོད་གསུངས་པ་རེད། ད་དུང་ཁོང་གིས། ལར་གྲོགས་བཟང་པོ་དང་འགྲོག་ན་བཟང་འགོས། གྲོགས་ངན་པ་དང་འགྲོག་ན་ངན་འགོས་པས་གྲོགས་འདི་གལ་ཆེ་གསུངས། བླ་མ་དམ་པ་ལ་བསྟེན། དགེ་བའི་གྲོགས་པོ་དང་འགྲོགལས་འབྲས་སླུ་མེད་ལ་ཡིད་ཆེས་བྱེད་པ་ཡ་རབས་སྤྱོད་བཟང་ཆོས་མཐུན་གྱི་མི་ཚེ། ཚེ་འདི་ཕྱི་གཉིས་ཀ་ལ་ཇེ་ཡག་ཇེ་བཟང་མཐའ་གྱེན་ལ་བུད་འགྲོ་བ་ཅན་ཡིན་པ་རེད། གྲོགས་པོ་ངན་པ་དང་མི་གཡོ་རྒྱུ་ཅན་གྱིས་འདྲ་ལ་ལ་ཞིག་བཤད་པ་དེ་ཉན་རྒྱུ་ཡོད་པ་མ་རེད། བྱི་ལ་ཞིག་གིས་རྐུ་ཁོ་ན་བྱེད་ཀྱིན་ཡོད་པ་རེད། ཉིན་ཞིག་མི་ཞིག་གིས་བཟུང་ནས་རྣ་བ་གཉིས་ཀ་བཅད་དེ་མངག་ཡོང་བ་རེད། ཡང་རྐུ་བྱས་པ་རེད། ཡང་མི་གཞན་པ་ཞིག་གིས་བཟུང་ནས་རྔ་མ་བཅད་དེ་མངག་ཡོང་བ་རེད། ད་དུང་རྐུ་མཚམས་མ་བཞག་པར་མི་མཐུད་དུ་རྐུས། ཉིན་གཅིག་དགེ་སློང་ཞིག་གི་སར་རྐུ་སར་འཇབ་སོང་བས། དགེ་སློང་གིས་མཐོང་བས་ཕྲེང་བ་འཕང་ཡོང་བ་རེད། ཕྲེང་བ་སྐེ་ལ་གྱོན་སོང་། སྐེ་ལ་གྱོན་གྱིན་བྲོས་བཞག་པ་རེད། དེ་ནས་ཉི་མ་མང་པོའི་བར་དུ་རྐུ་རྒྱུ་གསད་རྒྱུ་གཉིས་ཀ་མ་ལོན་པར་ལུས་ཀྱི་ཤ་ཡང་ཇེ་ངན་དུ་གྱུར་སོང་། ཉིན་ཞིག་བྱི་བ་ཞིག་དང་འཕྲད། བྱི་བ་ལ་གནོད་མ་བསྐྱལ་ཏེ་སྐད་འགོ་ཚོ་སྙོམ་སྙོམ་བྱས་ནས་འདུག་ཁུལ་བྱས་པས་བྱི་བ་ཆེན་པོ་མ་སྐྲག་པ་རེད། བར་སྐབས་ཤིག་ལ་འགྲོ་འདུག་ཚང་མ་ཞི་དུལ་ལྷོད་གསུམ་གྱིས་ཟོལ་བྱས་ཏེ་གཡོ་རྒྱུས་ཚུལ་འཆོས་བྱེད་ཀྱིན་བསྡད་པས་བྱི་བ་མ་སྐྲག་པར། བྱི་བས་ཁྱོད་སུ་ཡིན་ཞེས་དྲིས་ཚེ། ང་བྱི་ལའི་དགེ་བསྙེན་ཟེར་བ་དེ་ཡིན། ངས་སྔོན་ཆད་སྲོག་བཅད་བྱས་པ་དེར་འགྱོད་ནས་དགེ་སློང་ཞིག་གི་མདུན་དུ་སོང་ནས་ཕྱིན་ཆད་སྡིག་པ་མི་བྱེད་པའི་སྡོམ་པ་བླངས་པ་ཡིན། སྐྲ་གཅོད་པའི་འཚབས་སུ་རྔ་མ་དང་རྣ་བ་གཉིས་ཀ་བཅད་པ་ཡིན། དགེ་སློང་ཐུགས་དགྱེས་ཏེ་ཁོང་གི་ཕྱག་ཕྲེང་ང་ལ་དད་རྟེན་ལ་གནང་བ་ཡིན་ཞེས་མགོ་སྐོར་གྱི་ཚིག་དེ་ཚོ་བཤད་པ་རེད། འོ་ན་ཁྱོད་ཀྱི་ལུས་ཀྱི་ཤ་སྐམ་པ་དེ་འདྲ་ངན་ཅི་ཞིག་གིས་རྐྱེན་གྱིསརེད་ཅེས་དྲིས་ཚེ། ངས་ཤ་སྤངས་ཏེ་དཀའ་བ་སྤྱད་པས་རེད་ཅེས་སྨྲས། འོ་ན་ཁྱོད་ཀྱིས་ཟ་མ་ཅི་ཞིག་ཟ་བཞིན་ཡོད་ཅེས་དྲིས་པས། ་ཤིང་ཏོག་ཟ་ཞིན་ཡོད་ཅེས་སྨྲས། བྱི་བས་དེ་བདེན་པར་བཟུང་ནས་བྱི་ལ་གཡོ་རྒྱུ་ཅན་རང་གི་ཡུལ་ལ་ཁྲིད་ཅིང་བྱི་བ་ཐམས་ཅད་ཀྱིས་བཀུར་སྟི་དང་ཤིང་ཏོག་ཕུལ། ཤིང་ཏོག་མང་པོ་མ་ཟོས་པས་ཤུལ་དུ་ལྷག་གི་ཡོད། བྱི་ལས་སྨྲས་པ། ཁྱེད་རྣམས་ཀྱིས་ཉིན་བཞིན་ང་ལ་སྐོར་བ་རྒྱོབ། གཞན་པ་ཞབས་ཏོག་དང་ཞབས་ཞུ་ཇི་ཡང་མི་དགོས་ཅེས་སྨྲས། བླ་མ་བྱི་ལས་སློབ་མ་བྱི་བ་རྣམས་ལ་སྐོར་བ་བྱེད་དུ་བཅུག་སྟེ་ལྐོག་ནས་ཉིན་བཞིན་བྱི་བ་རེ་ཟ་བཞིན་ཡོད། མི་གཙང་བ་ས་འོག་ཏུ་སྦས་ཏེ་ཅི་མི་སྙམ་པར་བསྡད། བྱི་བ་ཇེ་ཉུང་ཇེ་ཉུང་བྱི་ལ་ཇེ་ཚོ་ཇེ་ཚོ་རེད་བཞིན་པའི་སྐབས། ཉིན་ཞིག་ལ་བྱི་བ་ཐམས་ཅད་ཚུར་བསྡུས་ཏེ། བྱི་བའི་རྒྱལ་པོས་སྨྲས་པ། ང་ཡི་འཁོར་རྣམས་ཇེ་ཉུང་རེད། །དགེ་བསྙེན་སྐུ་བརྗིད་ཇེ་ཆེ་རེད། །ཅེས་མི་ལེགས་པའི་བརྡ་བསྟན་ཏེ་བྱི་ལའི་བྲུན་བཙལ་བས་རྙེད་དེ་གཅིག་བལྟས་པས་བྱི་སྐྱག་ནང་ན་སྤུ་ཡོད་པས། བྱི་བས་རྒྱལ་པོས། ཟས་སུ་ཤིང་ཏོག་ཟ་བ་ལ། །བྲུན་རྔ་སྤུ་ཅན་གང་ནས་འོང་། །ཞེས་ཐམས་ཅད་ཀྱིས་ཐབས་ཤིག་བརྙེད་པ་ནི། བྱི་ལའི་སྐེ་ལ་ དྲིལ་བུ ་ཞིག་བཏགས་ཐབས་བྱས། དེ་ནས་སྐོར་བ་བྱས་པས། བྱི་བ་རྗེས་མའི་ཐད་དུ་ དྲིལ་བུ ་སིང་སེ་གྲག་པས་ཚང་མས་གཅིག་བལྟས་ཚེ་བྱི་བ་གཅིག་བཟུང་ནས་ཟ་བར་མཐོང་བས། དེ་ནས་བྱི་བ་ཡོད་ཚད་པོ་བྲོས་སོང་བ་རེད། དེ་ལྟར་གཡོ་རྒྱུ་ཅན་གྱི་གྲོགས་པོ་ངན་པ་དང་རྗེ་དཔོན་ངན་པ་ལ་བསྟེན་ན་ཕོངས་ནི་རེད། ཚིག་འཇམ་པོ་དང་སྐད་ཆ་ཡག་པ་ལ་ལྟ་རྒྱུ་ཡོད་པ་མ་རེད། གྲོགས་དང་རྗེ་དཔོན་བརྟགས་པར་གལ་ཆེ། དཔལ་སྤྲུལ་ཚང་གིས། རྒན་རྒོན་ཐམས་ཅད་ཁ་ཉུང་། གཤིས་འཇམ། ལུས་བདེ། སེམས་བདེ། འཆི་ཆོས་མ་ཎི་རྡོག་རེར་འབད་ཐུབ་པ་ཞིག་ཡིན་དགོས་གསུངས་ཡོད་པ་རེད། རྒས་ཚེ་མཇུག་ལ་ཐོན་དུས་རིན་ཐང་ཅན་གྱི་ཚེ་མཇུག་གི་ནམ་ཟླ་དེ་ཆོས་ཀྱིས་ཟད་དུ་འཇུག་དགོས་པ་རེད། ལོ་ན་ཚོད་གཞོན་ཚེ་འཁོར་བའི་བྱ་གཞག་སྒྲུབ་པ་རེད། མི་རབས་འདིའི་ལོ་ལོན་རྣམས་ཀྱི་ཚེ་སྟོད་དུས་ངན་གྱི་སྐབས་ནས་ཟད་པ་རེད། དེ་རིང་ཁ་རྩང་འདྲ་བའི་སྐྱིད་དགའ་ལོངས་སྤྱོད་མེད་དུས་རེད། སྡུག་དཀའ་ལས་ཀྱིས་མི་རབས་རྗེས་མའི་ཉྭ་མཇུག་བསྐྱངས་མཁན་རེད། རིག་གནས་སྦྱོང་བའི་གོ་སྐབས་མ་ཐོབ་པ་རེད། འོན་ཀྱང་མང་ཆེ་བས་རང་རང་གིས་མི་ཚུགས་རེ་བཟུང་ནས་ལྷག་བསམ་རྣམ་དག་གི་ཁ་དོག་མ་འགྱུར་བ་མང་ཆེ་བ་ཡིན་ནི་རེད། ལྕི་ཡང་རྒྱ་མ་བཀྱགས་མང་ཉུང་བྲེ་ལ་འཇལ་ཚར་སོང་བ་རེད། རྒན་རྒོན་གནའ་མྱི་དག་ཅེས་ཁྲེལ་རྗོད་བྱེད་རྒྱུ་ཡོད་པ་མ་རེད། ད་ཡང་རིགས་གནས་གསར་རྗེ་ཞིག་ཡང་ཚེས་བྱས་ན། འགའ་རེ་སྨྱོས་ནས་རང་ཤ་རང་གིས་ཟ་བ་ལས་གཞན་ཐམས་ཅད་བྱེད་རྒྱུའི་སྔོན་རྟགས་མཐོང་འདུག་པ་འདི་རེད། དེ་ས་ཆ་གཅིག་གི་གནས་ཚུལ་རྐྱང་བ་མ་རེད། དེས་ལོ་ལོན་གྱི་ཆོས་སྒྲུབ། བུ་ཚ་བོ་ལ་ཁ་ཏ་སློབ་གསོ་བྱེད། གཞོན་པས་རྒན་པ་ལ་རྩི་རྒྱུ་ཡ་རབས་ཆོས་མཐུན་གྱི་སྤྱོད་པ་བྱེད་ན་རང་གཞན་འདི་ཕྱི་ཚང་མ་བདེ་བ་རེད། མདོར་ན་ངག་འཁྱལ་འདིའི་ཁུངས་ནས་མི་དགེ་སྡིག་ལས་མང་པོ་ཞིག་རང་ཤུགས་ཀྱིས་འདྲེན་ཡོང་གིན་ཡོད་ནི་རེད། ངག་འཁྱལ་སྤངས་ན་ཚེ་རབས་ཐམས་ཅད་དུ་རིགས་བཙུན་པར་སྐྱེ་བ་ལེན་པ་དང། ཀུན་ཀྱིས་བཀུར་སྤྲོ་ཐོབ། ཆོས་དང་མཐུན་པའི་གཏམ་སྨྲ་བ་ལ་མཁས་པའོ། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་པ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། ཚེ་རབས་ཀུན་ཏུ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དེ་དག་ཐམས་ཅད་མཐོལ་ཞིང་བཤགས་པ་ཡིན་ཞེས་སྙིང་ཐག་པ་ནས་འགྱོད་པ་དང་བཅས་པས་བཤགས་དགོས། དེའི་ཡན་ཆད་ཀྱིས་ངག་གི་མི་དགེ་བ་བཞི་བཤད་པའོ། །
གསུམ་པ་ཡིད་ཀྱི་མི་དགེ་བ་གསུམ་བཤགས་པ།
བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། དང་པོ་བརྣབ་སེམས་ནི། གཞན་ལ་ཡག་ས་བཟང་ས་ཞིག་ཡོད་ཚད་ང་ལ་ཡོད་ན་ཅི་མ་རུང་སྙམ་ནས་ཧབ་པ་ལངས་ཏེ། རྒྱུ་དངོས་པོ་ཞིག་ཡིན་ན་དེ་ངས་ལོན་ཐབས་ཤིག་ཅི་དགའ་སྙམ། ཐོབ་གོ་ས་ཞིག་ཡིན་ནའང་གཞན་ལ་མེད་ཐབས་དང་། རང་ལ་ཐོབ་ཐབས་ཤིག་ཅིས་དགའ་སྙམ་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་ན་བ་སྤུའི་འཁྲི་ཤིང་ཙམ་ཡང་མི་ལྡང་། བཙན་ཕྱུག་གི་སྐད་ཆ་གོ་ན་རློམ་སེམས་ཀྱི་འགྲམ་ཆུ་ལྡང་གི་འདུག་པ་དེ་ལ་བརྣབ་སེམས་ཟེར་ནི་རེད། བརྣབ་སེམས་ལ་བརྟེན་ནས་གནོད་སེམས་སྐྱེས་པ་རེད། གནོད་སེམས་ཀྱི་དབང་གིས་སྡིག་པ་མི་དགེ་བ་གཞན་དག་ཚང་མ་འདྲེན་ཡོང་བ་རེད། བརྣབ་སེམས་འདི་སྤྱིར་འདོད་ཅིང་ཞེན་པའི་རིགས་ཤིག་རེད། དགྲའི་རྒྱུ་ནོར་ལ་བརྣབ་སེམས་ལྟ་བུ་ཞེ་སྡང་དང་འབྲེལ་བ། ཆ་སྙོམ་པ་གཏི་མུགམང་ཆེ་བ་འདོད་པ་ཆེ་བའི་སྟོབས་ཀྱིས་འདྲེན་གྱི་ཡོད་པ་རེད། འདོད་པ་ཆེ་ཆོག་ཤེས་མེད་ཕྱིན་མི་དགོས་རྒྱུ་ཞིག་ཡོད་པ་མ་རེད། མིག་གི་མཐོང་ཚད་དགོས་སྣང་ཤར་ཡོང་བ་རེད། མིག་བསོད་ཆེན་པོས་ཅི་ཞིག་ཡིན་ཀྱང་མཐོང་ཡོང་བས། སེམས་འགོང་པོ་འདྲ་བོས་དེ་ལ་རློམ་སེམས་ཤིག་བྱས་དུས། ལག་བསོད་ཟད་ཀྱི་ནང་དུ་སྨིན་རྒྱུ་ཐོབ་རྒྱུ་ཞིག་ཡོད་པ་མ་རེད་ཅེས་གསུངས་འདུགའདོད་ཆུང་ཆོག་ཤེས་ཅན་གྱི་མི་ལུས་སྤྲང་པོ་ཡིན་ཡང་སེམས་ཕྱུག་པོ་ཡིན། འདོད་ཆེན་ཆོག་ཤེས་མེད་པར་བརྣབ་སེམས་ཅན་ཀྱི་མི་ལུས་ཕྱུག་པོ་ཡིན་ཡང་སེམས་སྤྲང་པོ་ཡིན། ད་ལྟ་མེད་སྣང་ཤར་ཏེ་ལག་བདར་ནས་བརྣབ་སེམས་ཕངས་སེམས་བྱེད་ཀྱིན་བསྡད་ན། ཤི་ནས་མིག་བཙུམ་པ་དང་མཉམ་དུ་དབོས་སུ་ཡི་དྭགས་རང་འགྲུབ་ཏུ་འགྱུར་འགྲོ་བ་རེད། བརྣབ་སེམས་ཁོ་ན་བྱེད་ན་རེ་བས་ཡོང་བ་བཀག་སྟེ་ཁ་གདངས་བ་དེ་སྟོངས་པ་རེད་གྲངས་མང་བ་རེད། རབ་དུ་བྱུང་བས་ཆོག་ཤེས་བརྟེན་དགོས་པ་ལྟ་ཅི། ཁྱིམ་པ་ཕོ་མོའི་ཡིན་ཡང་ཆོག་ཤེས་བརྟེན་ན་ནོར་གྱི་མཆོག་ཡིན། བརྣབ་སེམས་རྐྱང་བ་བྱེད་ཆེ་དུས་ཕྱི་མ་མ་ལོན་གོང་སྔ་མ་ཤོར་བའི་དཔེ། ཝ་མོས་ཁ་ནང་གི་ཤ་དང་ཆུ་ནང་གི་ཉ་ཤ་གཉིས་ཀ་ཤོར་རབས་ཀྱི་གནའ་དཔེ་ཡོད་པ་དེ་འདྲ་རེད། ཡང་གནའ་ཞིག་ལ་ཡུལ་ཝཱ་རཱ་ཎ་སཱིའི་བྲམ་ཟེ་ཁྱིམ་ཚང་ཞིག་ལ་བུ་སྔོན་རྗེས་གཉིས་སྐྱེས་པ་རེད། བུ་སྔོན་མ་དེ་མ་ཁོག་ན་ཡོད་དུས་མ་རྒྱུད་འཇམ་ཞིང་དེས་པ་ཞིག་ཡིན་པས། བུ་དེའི་མིང་ལ་ལེགས་ཚོར་བཏགས། བུ་རྗེས་མ་ལུས་ན་ཡོད་དུས་རྒྱུད་ཁྲོ་ཞིང་གཏུམ་པོ་ཞིག་ཏུ་གྱུར་སོང་བས། བུ་དེའི་མིང་ལ་ཉེས་ཚོར་བཏགས། བུ་གཉིས་ཀ་ནར་སོན་ཏེ་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་འགྲོ་བའི་ཆེད་དུ་བུ་གཉིས་ཀ་རེ་རེ་ལ་འཁོར་ལྔ་བརྒྱ་རེ་ཡོད་པར་བྱས་ཏེ་བུད་སོང་བ་རེད། རྒྱ་མཚོའི་འགྲམ་དུ་ལམ་ཐག་རིང་ཞིང་མི་མང་བའི་སྟབས་ཀྱིས་སོང་སོང་མཐར་ཉིན་ཞིག་གྲོ་ཆད་བྱུང་། མི་ཐམས་ཅད་ཀྱིས་ཟ་བཏུང་གཉིས་ཀ་མ་ལོན་པར་འཆི་ལ་ཉེ་སྐབས། ལེགས་ཚོར་གྱིས་ལྷ་ལ་གསོལ་བ་བཏབ་པས། ས་སྟོངས་བྱེ་ཐང་དམར་པོ་དེའི་ཐག་རིང་ས་ཞིག་ན་ཤིང་སྡོང་ཁེར་སྐྱེས་ཤིག་ཡོད་པ་མཐོང་བས་ཤིང་དེའི་གམ་དུ་སོང་། ལྗོན་ཤིང་བཟང་པོ་དེའི་རྩ་བ་ན་ཆུ་མིག་ཆུང་ཆུང་ཞིག་ཀྱང་ཡོད་པས། ཆུ་དེ་འཐུང་ཞིང་ཁྲུས་བྱས་པ་ན་ལྷ་ཡིས་མངོན་སུམ་དུ་ལྗོན་ཤིང་འདིའི་ཡལ་ག་ཆོགས་ཤིག་དང་གང་འདོད་པ་ཐམས་ཅད་འབྱུང་ངོ་ཞེས་ལུང་བསྟན་པས། ལེགས་ཚོར་གྱིས་དེ་ལྟར་དུ་ཡལ་ག་གཅིག་བཅད་པས་བཏུང་བ་ཞིམ་པོ་བདུད་རྩི་ལྟ་བུ་བྱུང་། ཡང་ཡལ་ག་གཅིག་བཅད་པས་ཁ་ཟས་རོ་བརྒྱ་དང་ལྡན་པ་མང་པོ་ཅི་འདོད་དུ་བྱུང་ཞིང་། དེ་བཞིན་དུ་གོས་དང་རིན་པོ་ཆེ་སྣ་ཚོགས་པ་བྱུང་ནས་ལེགས་ཚོར་འཁོར་དང་བཅས་པའི་ཡིད་ཚིམ། དེ་ནས་ཉེས་ཚོར་ཐོན་ཏེ། ཤིང་འདིའི་ཡལ་ག་རེ་རེ་བཅད་དུས་ཕུ་བོས་འདི་འདྲའི་ཅི་བསམ་གང་འདོད་ཅིག་རྙེད་ཡོད་ན། ངས་ཀྱང་ཤིང་འདི་རྩ་བ་ནས་བཅད་ན་དེ་བས་ལྷག་པ་ཞིག་རྙེད་པ་འདྲ་སྙམ་ནས་ཧབ་པ་ལངས་ཏེ་ཤིང་སྡོང་དྲུང་ནས་གཅོད་པར་བརྩམ་པ་ན། ལེགས་ཚོར་གྱིས་སྨྲས་པ། རང་རེ་རྣམས་ལྟོགས་སྐོམ་གྱིས་མནར་ཏེ་ཤི་ཆས་བྱེད་ཀྱིན་ཡོད་སྐབས་སྲོག་དང་མ་བྲལ་ཞིང་ལྟོགས་སྐོམ་གཉིས་ཀ་འདིས་བླང་སྟེ་གསོན་པོ་འཚོ་ཐུབ་པ་ཤིང་འདིའི་དྲིན་རེད་འཚོ་བ་ཟས་གོས་ཅི་དགོས་ན་ལེན་རྒྱུ་ཡོད་པས་མ་གཅོད་ཅེས་སྨྲས་ཀྱང། ཁར་མ་ཉན་པར་གཅད་གྲབ་བྱས་པས། ལེགས་ཚོར་གྱིས་ཤིང་དྲིན་ཆེན་གཅད་སར་ལྟ་མི་འདོད་དོ་ཞེས་སྨྲས་ཏེ་ལེགས་ཚོར་དཔོན་གཡོག་ཐམས་ཅད་སྔོན་ལ་སོང་བའི་འོག་ཏུ། ཉེས་ཚོར་གྱིས་དེའི་ཤུལ་ནས་ཤིང་སྡོང་དྲུང་ནས་ནས་བཅད་པས། ཤིང་སྡོང་གི་རྩ་བ་ནས་རྒྱུ་ཟས་ནོར་འབྱུང་བ་ལྟ་ཅི་སྲིན་པོ་འཇིགས་སུ་རུང་བ་ལྔ་བརྒྱ་བུད་ནས་ཉེས་ཚོར་འཁོར་དང་བཅས་པ་ཟོས་སོང་བ་རེད། འདོད་པ་ཆེ་དྲག་ནས་ཚང་མ་རང་ལ་ཐོབ་ཏུ་འཇུག་དགོས་སྣང་ཤར་ཚེ་དེ་འདྲ་མི་འདོད་པ་འབྱུང་རྒྱུ་ཡོད་སྲིད་པ་རེད། བརྣབ་སེམས་སྤངས་ན་སྐྱེ་བ་ཕྱི་མ་མི་ལུས་བླང་ན་རྒྱུ་ཆེན་དུ་སྐྱེ་བ་རེད། ལྷ་ཡུལ་དུ་སྐྱེ་ན་ལྷ་གཞན་ལས་ཁྱད་དུ་འཕགས་པའི་འབྱོར་བ་ཅན་ལ་སྐྱེ་རྒྱུ་ལ་སོགས་པ་ཕན་ཡོན་མང་བ་རེད། ཡིད་ཀྱི་མི་དགེ་བ་གཉིས་པ་གནོད་སེམས་རེད། གནོད་སེམས་འདི་རང་སེམས་རང་གིས་སྲེག་བྱེད་ཀྱི་མེ་ཆེན་པོ་ཞིག་དང་འདྲ་བ་རེད། དམྱལ་བའི་ལྕགས་བསྲེག་གི་ས་གཞི་ཡན་ཆད་རྒྱུ་ཅི་ལས་བྱུང་ཞེ་ན་གནོད་སེམས་ལས་བྱུང་། དེ་ཡང་ཉོན་མོངས་དུག་གསུམ་དང་ཕྲག་དོག་གི་ཀུན་ནས་སློང་བ་ཤས་ཆེ་བ་རེད། ཉོན་མོངས་ཕྲག་དོག་གི་རྒྱུད་གང་སོང་བའི་མི་དེའི་མིག་སྔར་མི་གཞན་ཞིག་ལ་མི་འདོད་པ་ཡོང་བ་ནི་དེ་རང་གི་བདེ་སྐྱིད་ཡིན་པར་མ་ཟད། ལྟད་མོའང་ཡིནཔ་རེད། ཕ་རོལ་པོ་དེ་ཁོ་རང་ལ་གནོད་བསྐྱལ་མྱོང་བའི་དགྲ་བོ་ཡིན་དགོས་པ་མ་རེད། སུ་ལ་མི་འདོད་པ་བྱུང་ན་དགའ་བ་རེད། ལྷག་པར་དུ་ཐོབ་གོ་ས་རྒྱུ་འབྱོར་བ་མཚན་སྙན་གྲགས་ཅན་ཞིག་ལ་མི་འདོད་པ་ཞིག་བྱུང་བ་གོ་དུས་སྐྱིད་སོང་བ་རེད། འདྲེ་ངན་གདུག་རྩུབ་ཅན་ཞིག་དང་གཉིས་ཀ་དྲན་ལུགས་འདྲ་བ་རེད། རྩེད་མོ་ཞིག་བརྩེས་ནའང་མི་ལ་གནོད་བསྐྱལ་ནས་དེས་རང་མཚར་ཁ་འཇོག་པ་དང་། མི་ལ་སྡུག་པོ་ཡོང་བར་གོ་ན་དགོད་ཁ་ཤོར། མི་ག་གེ་མོ་ཞིག་ལ་མངའ་ཐང་ལོངས་སྤྱོད་དབང་ཐང་འབྱོར་བ་རྒྱས་འདུག་པར་གོ་ན་ངོ་ནག་པོར་འགྱུར་འགྲོ་བའི་མི་གནོད་སེམས་ཅན་དེ་ལ་འདི་ཕྱི་གཉིས་ཀར་ཡག་པ་ཡོང་ནི་མ་རེད། གནོད་སེམས་འཆང་སའི་ཡུལ་གཉན་ཤོས་གང་ཞེ་ན། སངས་རྒྱས་བྱང་སེམས། བླ་མ་སློབ་དཔོན། ཕ་མ་དགྲ་བཅོམ་སོགས་ལ་ཞེ་ནག་འཆང་ན་ཉེས་པ་ལྷག་པར་ཆེ་བ་རེད། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་བར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞིང་བཅུ་ཚང་བའི་དགྲ་བོ་ཡིན་ཡང་སྙིང་རྗེའི་སེམས་ཀྱིས་མངོན་སྤྱོད་ཀྱི་ལས་སྦྱོར་བྱེད་རྒྱུ་མ་གཏོགས་གནོད་སེམས་འཆང་ན་ལས་མི་འགྲུབ། སེམས་ནག་ཁོ་ན་འཆང་པ་ཞིག་གིས་དགྲ་ཐུབ་པ་མ་རེད། དགྲ་མ་ཐུབ་སྔོན་ནས་རང་ཐུབ་ཡོད་པ་རེད། ཤི་ནས་དམྱལ་བ་མ་གཏོགས་འགྲོ་ས་མེད་པ་ཞིག་རང་གིས་བྱས་པ་རེད། དགྲ་ཅི་ལྟར་སྟོབས་ཆེ་ནའང་དམྱལ་བ་ལ་འཕེན་ཐུབ་པ་མ་རེད། ཞི་བ་ལྷས། ལྕགས་བསྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར། རྒྱལ་པོའི་བུ་ཐང་ལ་འཁྱམ་སྟེ་སྤྲང་ཕྲུག་རེད་སོང་བ་ཞིག་དང་། བྲམ་ཟེའི་བུ་སྤྲང་ཕྲུག་ངོ་མ་ཞིག་དང་གཉིས་མཉམ་དུ་འཁྱམས་པས། ཉིན་ཞིག་ཁྱིམ་བདག་ཕྱུག་པོ་ཚང་ཞིག་གིས་དགེ་འདུན་པ་ལ་བསྙེན་བཀུར་བྱེད་ཀྱིན་ཡོད་པ་ཞིག་ལ་ཐོན། བྲམ་ཟེ་བུས་དགེ་འདུན་པ་ལ་གསོལ་ཇ་མ་དྲངས་སྔོན་ནས་ཟས་སློང་བས་ཅི་ཡང་མ་ལོན། རྒྱལ་པོ་བུས་དགེ་འདུན་པ་ལ་དྲངས་ཚར་རྗེས་སུ་བསླངས་བས་ཟས་མང་པོ་རྙེད། དེ་ནས་གཉིས་ཀ་ཐུག་ཡོང་དུས་རྒྱལ་པོའི་བུས་བྲམ་ཟེ་བུ་ལ་ཁྱོད་ཀྱིས་ཟས་ལོན་ནམ་ཞེས་དྲིས་པས། དེས་མ་ལོན་པས་ཁོང་ཁྲོས་ཏེ་དེས་སྨྲས་པ། གལ་ཏེ་ཁོ་བོ་ལ་དབང་ཞིག་ཡོད་ན་དགེ་སློང་དག་གི་མགོ་བོ་དྲུང་ནས་གཅད་དོ་ཞེས་ངན་སེམས་འཆང་། རྒྱལ་པོའི་བུས་སྨྲས་པ། གལ་ཏེ་བདག་ལ་དབང་ཞིག་ཡོད་ན་ཉིན་རེ་བཞིན་དུ་སངས་རྒྱས་འཁོར་དང་བཅས་པ་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པའི་བསོད་སྙོམས་འབུལ་ཞེས་དགེ་སེམས་སྐྱེས། དེ་ནས་སློང་ཟས་དེ་བགོས་ཏེ་ཟོས་ནས། གཉིས་ཀ་ཕན་ཚུན་ཤིང་དྲུང་རེར་སོང་ནས་གཉིད་ཡུར། གཉིས་ཀ་གཉིད་དུ་ཡུར་བའི་སྐབས་ཤིག་ལ། ག་ཤེད་ནས་ཤིང་རྟ་བདག་མེད་ཅིག་འདྲིལ་ཡོང་ནས་ཤིང་རྟའི་འཁོར་ལོ་བྲམ་ཟེ་ཁྱེའུའི་སྐེ་ལ་ཕོག་སྟེ་མགོ་དྲུང་ནས་བཅད་དེ་གནོད་སེམས་ཀྱི་འབྲས་བུ་འཕྲལ་དུ་སྨིན་པ་རེད། དེའི་སྐབས་སུ་མཉན་ཡོད་ཀྱི་ཚོང་དཔོན་ཞིག་ཤི་ནས་དེ་ལ་བུ་མེད་པས། བསོད་ནམས་ཆེན་པོ་ཅན་ཞིག་དེའི་བུ་འཚབ་ཏུ་བཙལ་ནས་དེའི་རྒྱུད་འཛིན་དུ་འཇོག་དགོས་ཤེས་བཙལ་བཞིན་ཡོད་དུས་ཤིག་ལ། རྒྱལ་བུ་སྤྲང་ཕྲུག་ཤིང་སྡོང་ཞིག་གི་དྲུང་དུ་ཉལ་ཡོད་པ་དེ་ཉི་མ་ཕྱི་དྲོ་རེད་ཡོང་གི་ཡོད་ཀྱང་། ཤིང་གི་གྲིབ་མས་ད་དུང་རྒྱལ་བུ་མ་བཏང་བར་ཉིན་གུང་གི་གྲིབ་མ་རྒྱལ་བུའི་ལུས་ཐོག་ཏུ་གྲིབ་བསིལ་གཡོས་ཏེ་བསྡད་ཡོད་པ་མཐོང་ནས། འདི་བསོད་ནམས་ཆེན་པོ་ཅན་ཞིག་རེད་འདུག་ཅེས་ཚོང་དཔོན་ཕྱུག་པོ་ཚང་གི་མངའ་ཐང་འབྱོར་བ་དེ་ལ་དབང་སོང་བ་རེད། དེས་བྲམ་ཟེའི་སྤྲང་ཕྲུག་ལ་བཤད་པ་ལྟར་སངས་རྒྱས་འཁོར་དང་བཅས་པ་ལ་བསོད་སྙོམས་ཕུལ་ཆོས་ཞུས་ཏེ་ཐར་བ་ཐོབ་སོང་བའི་ལོ་རྒྱུས་ཡོད་རེད། དེས་ན་དགེ་མི་དགེ་ཐམས་ཅད་ལ་སེམས་འདི་གཙོ་ཆེ་བ་རེད། བདེ་བ་ཅན་ལ་སྐྱེ་བར་འདོད་པ་ཞིག་ཡིན་ཕྱིན་གནོད་སེམས་ཡོད་མི་རུང། གནོད་སེམས་ཞེ་ན་ཡོད་ན་བདེ་བ་ཅན་དུ་ལྟ་ཅི་མཐོ་རིས་ལྷ་མིའི་ལུས་རྟེན་ཙམ་ཡང་དཀའ་བ་རེད། གནོད་སེམས་མེད་ཅིང་ཕན་སེམས་འཆང་ན་གྲོགས་བཟང་པོ་དང་ཐུག་ཏེ་ཕར་ལ་ཕན་བཏགས་ན་ཚུར་ལའང་ཕན་བཏགས་པ་རེད། ཕན་སེམས་གྲོས་མཐུན་གྱི་སྟེང་ནས་བྱ་བ་གང་ཡིན་ཡང་ཡག་པོ་ཞིག་འགྲུབ་པ་རེད། བྱི་བ་དབྱིག་ལྡན་ཟེར་བ་ཞིག་དང་། ཕུག་རོན་རི་མོའི་མགྲིན་པ་ཅན་དང་། གསང་བར་རྒྱུ་བའི་བྱ་རོག་དང་། རི་དྭགས་རི་མོའི་ལུས་ཅན་དང་། རུས་སྦལ་དལ་གྱིས་འགྲོ་སྟེ་རིགས་མི་འདྲ་བའི་སྲོག་ཆགས་ལྔ་སེམས་མཐུན་པའི་གྲོགས་པོར་བྱས། གཅིག་གིས་གཅིག་ལ་ཕན་མ་གཏོགས་གནོད་མི་བསྐྱལ་བའི་མནའ་བཞག །ཚང་མ་མནའ་ཡ་ཡིན་ཞིང་། ཉིན་གཅིག་ཕུག་རོན་རི་མོའི་མགྲིན་པ་ཅན་འཁོར་དང་བཅས་པ་བྱ་རྒྱ་ཡིསབཟུང་། འཁོར་འགའ་རེ་འཕུར་གྲབ་བྱེད་དུས་ཕུག་རོན་རི་མོའི་མགྲིན་པ་ཅན་དེ་དཔོན་པོ་ཡིན་པས། ཁྱེད་རྣམས་དེ་ལྟར་མ་བྱེད་ཅིག །དེ་ལྟར་བྱས་ནས་ཐར་མི་སྲིད། དེ་བས་ཁོ་བོས་ཇི་ལྟར་བྱས་ན་ཁྱེད་རྣམས་ཀྱིས་དེ་ལྟར་གྱིས་ཤེས་བློ་ཕུད། ཁོ་རང་དུབ་སེ་བསྡད་འདུག་ཁུལ་བྱས། བྱ་གཞན་པ་ཐམས་ཅད་ཀྱང་དེ་ལྟར་དུ་ལེབ་སེ་བསྡད་འདུག་ཁུལ་བྱས་པས། བྱ་འཛིན་མཁན་གྱི་མི་རྒན་དེས་བྱ་རྣམས་བཟུང་ཚར་ཐལ། ད་དྲག་ནི་རེད་སྙམ་ནས་བྱ་རྒྱའི་སྣེ་མོ་མངག་སྟེ་སེམས་ལྷོད་ལ་བབ་ནས་བསྡད་པའི་སྐབས་དེར་རི་མོའི་མགྲིན་པ་ཅན་འཕུར་དུས་བྱ་ཚང་མ་མཉམ་དུ་འཕུར་ནས་རྒན་པོའི་ལག་གི་བྱ་ཚང་མ་ཐར་སོང་བ་རེད། བྱ་རྣམས་འཕུར་ནས་གྲོགས་པོ་བྱི་བ་དབྱིག་ལྡན་གྱི་སྒོ་ཁར་བབ། གྲོགས་པོ་བྱི་བ་དབྱིག་ལྡན་ལ་བོས། བྱི་བ་དབྱིག་ལྡན་ཐོན་ཏེ་ཁྱེད་རྣམས་ཅི་རེད་ཐལ་ཞེས་དྲིས། ངེད་རྣམས་བྱ་རྒྱའི་ནང་དུ་བཙུད་ཐལ། ངེད་རྣམས་མཉམ་དུ་བྲོས་པས་ཐར་ཐལ་ཁྱེད་ཀྱིས་བྱ་རྒྱས་བཅིང་ཡོད་པ་འདི་གཅད་རོགས་ཤེས་སྨྲས། གྲོགས་པོ་དབྱིག་ལྡན་གྱིས་བྱ་གཟུང་བྱེད་ཀྱི་སྐུད་པ་རྣམས་གཅད་རོགས་བྱས་ཏེ་ཕན་བཏགས། དེ་ལྟར་གྲོགས་པོ་ཐམས་ཅད་མཉམ་དུ་བསྡད་ཡོད་པའི་ཉིན་ཞིག་ལ་རུས་སྦལ་དལ་གྱིས་འགྲོ་ག་ཤེད་ཅིག་ཏུ་འགྲོ་དུས་བྱི་ལ་ཞིག་གིས་ཁྱེར་སོང་། དེས་སྐད་ཆེན་པོས་གྲོགས་པོ་རྣམས་ལ་སྲོག་སྐྱོབས་རོགས་ཞེས་བོས། ཕུག་རོན་གྱིས་གོ་ནས་རི་དྭགས་དང་གཉིས་ཀ་བྱི་བ་དབྱིག་ལྡན་སར་གྲོས་བྱེད་དུ་སོང་། བྱི་བ་དབྱིག་ལྡན་གྱིས་སྨྲས་ཏེ། རི་དྭགས་ཁྱོད་སོང་ནས་བྱི་ལ་རྒན་པོའི་སྔུན་ནས་ཤི་ཁ་བྱོས། དེ་དུས་བྱི་ལ་རྒན་པོས་རུས་སྦལ་བཞག་ནས་ལྟ་རུ་ཐོན་ཡོང་ཚེ་ཕུག་རོན་ཁྱོད་སོང་ནས་རུས་སྦལ་གྱི་སྒྱིད་པ་ནས་བཟུང་སྟེ་འཕུར་ཤོག དེ་ནས་རི་དྭགས་ཡར་ལངས་ཏེ་བྲོས་ཤོག་ཅེས་གྲོས་བྱས། རི་དྭགས་རི་མོའི་ལུས་ཅན་སོང་ནས་བྱི་ལ་རྒན་པོའི་མཐོང་ས་ཞིག་ཏུ་སོང་ནས་ཤི་ཁུལ་བྱས། བྱི་ལ་རྒན་པོ་ཧམ་པ་དེ་བས་ཆེ་ཞིག་ལངས་ཤིང་རུས་སྦལ་བསྐྱུར་ཏེ་རི་དྭགས་ཤི་ཡོད་སར་ལྟ་རུ་ཐོན་ཡོང་སྐབས། དེའི་ཤུལ་ནས་ཕུག་རོན་རི་མོའི་མགྲིན་པ་ཅན་གྱིས་རུས་སྦལ་གྱི་སྒྱིད་པ་ནས་བཟུང་སྟེ་ནམ་མཁའི་ཁམས་ལ་འཕུར་ནས་ཁྱེར། བྱི་ལ་རྒན་པོ་རི་དྭགས་ཀྱི་གམ་ལ་ཐོན་མ་ཐོན་གྱི་སྐབས་སུ་རི་དྭགས་རི་མོའི་ལུས་ཅན་ཡར་ལངས་ཏེ་མཆོང་ལྡིང་འགའ་ཞིག་བྱས་ནས་དགུང་ལ་ཤོར། དེ་ལྟར་གྲོགས་པོ་སྤུན་ལྔ་གྲོས་མཐུན་བྱས་པའི་སྟབས་ཀྱིས་རུས་སྦལ་བྱི་ལ་རྒན་པོའི་ཁ་ནས་ཐར་སོང་བ་རེད། དཔེ་དེ་བཞིན་དུ་གྲོགས་བཟང་པོར་བསྟེན་ན་སྡུག་བསྔལ་ལས་ཐར་བ་དང་། བདེ་བ་དང་འཕྲད་ཐུབ། །གྲོས་མཐུན་གྱི་སྟེང་ནས་བསྒྲུབ་ན་བྱ་བ་ཅི་ཞིག་ཡིན་ཡང་འགྲུབ་ཐུབ། གལ་ཏེ་མ་འགྲུབ་ཀྱང་མཛེས་པ་རེད། བྱ་བ་ཐམས་ཅད་གྲོས་ཀྱིས་བསྒྲུབ། །མ་འགྲུབ་ན་ཡང་མཛེས་པའི་རྒྱུ། །ཞེས་གསུངས་སོ། །གཞན་གྱིས་འཕྱ་སྨོད་མི་ཡོང་། རྗེས་ནས་འགྱོད་པ་མི་སྐྱེ། གྲོགས་བཟང་པོ་བཙལ་ནས་གྲོས་མཐུན་པོ་བྱས་ན་ཐམས་ཅན་ལ་ཕན་ཐོགས་དང་ལྡན་པའོ། །གསུམ་པ་ལོག་ལྟ་ནི། ལོག་པར་ལྟ་བ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པ་ལ་ཕྱིན་ཅི་ལོག་ཏུ་བལྟ་པ་ལ་ལོག་ལྟ་ཞེས་བྱ། འདི་དུག་གསུམ་གང་གི་ཀུན་སློང་གིས་བྱས་པ་ཡིན་ཞེ་ན་གཏི་མུག་སྟོབས་ཆེ་བའི་དབང་གིས་བྱུང་། ལོག་ལྟ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བ་ལས། ལོག་ལྟ་ཆེན་པོ་ནི། ལས་རྒྱུ་འབྲས་ཚེ་སྔ་ཕྱི་ཞེས་པ་ཞིག་མེད། དཀོན་མཆོག་གསུམ་མེད། དེ་ལ་བདེན་མཐུ་མེད། ཕ་མའི་དགེ་རྩ་གཅོད་པ། རྒྱུ་འབྲས་ལོག་པར་བཟུང་ནས་འཚེ་བ་ཆོས་སུ་སྨྲ་བ། དཀོན་མཆོག་གི་དབུ་འཕང་སྨད་པ། ཁྱད་པར་དུ་གསང་སྔགས་སྟོན་པའི་སློབ་དཔོན་ལ་གཤེ་ཞིང་སྐུར་བ་འདེབས་པ། མཚན་གཞི་ནི་རུ་ཏྲ་ཐར་བ་ནག་པོ་ལྟ་བུའོ། །འབྲིང་ནི། མཆེད་གྲོགས། ཐ་མ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་ལ་དེ་ལྟར་མ་ཤེས་པ་ལ་སོགས་པ་རྣམ་གྲངས་མང་པ་རེད། མི་དགེ་བཅུ་ལས་ལོག་ལྟ་ལྕི་ཞེས་གསུངས་བ་ལྟར། རྒྱུ་འབྲས་ལ་ཡིད་ཆེས་མེད་པའི་ལོག་ལྟ་འདི་ཡོད་ཕྱིན། ཡང་དག་པའི་ལྟ་བ་རྒྱུ་འབྲས་ཡིད་ཆེས་མ་སྐྱེས་ཀྱི་བར་དུ་དགེ་རྩ་སྔར་ཡོད་ཐམས་ཅད་ཆད་དེ་རྒྱུད་གསོར་མི་རུང་བ་ཉིད་དུ་འགྱུར། འདི་ཡང་གྲོགས་ངན་ལ་བརྟེན་ནས་སྐྱེས་པ་མང་ཆེ་ཞིང་། དད་པའི་རྩ་བ་མི་བརྟན་པའི་མི་དང་ཐེ་ཚོམ་རྒྱུད་ལྡན་གྱི་མི་ལ་ལོག་ལྟ་སྐྱེ་སླ་བ་ཡིན། སྡིག་པའི་གྲོགས་པོ་ངན་པ་ལས་འབྲས་ལ་ཆེར་མི་རྩི་བ། བརྩིས་ཀྱང་ལས་འབྲས་ཀྱི་ཆོས་མི་ཤེས་པའི་གང་ཟག་དང་འགྲོགས་ན། དེ་དང་འགྲོགས་ནས་ཡུན་རིང་སོང་བས་དེའི་ལོག་ལྟ་ལ་སོགས་པའི་སྐྱོན་རང་ཉིད་ལ་འགོས་ཡོང་བ་ཡིན། ཡང་ཆོས་སྒྲུབ་པའི་དམིགས་ཡུལ་དངོས་མ་གོ་བར་ཆོས་ཅི་ཙམ་ཞུས་ཀྱང་མི་འདོད་པ་ཡོང་རྒྱུ་ཇེ་མང་རེད་སྙམ་ནས་བསོད་ནམས་ཟད་ཁ་ལྷ་ལ་ཡིད་ཆད་ཆོས་ལ་ཡིད་ཆད་བྱེད་པ་དེ་ཚོ་ལོག་ལྟས་བསླད་པ་ཡིན། འགའ་རེས་གདམས་ངག་ཅི་འདྲ་ཞིག་ཞུས་སྒོམ་ཇི་ཙམ་ཞིག་བརྒྱབ་ཀྱང་ཡོང་རྒྱུ་འབྱུང་རྒྱུ་གཉིས་ཀ་མི་འདུག་སྙམ་ནས། བར་སྐགས་ཤིག་ཏུ་ཆོས་ལ་ལོག་ལྟ་དང་བླ་མ་ལ་ལོག་ལྟ་བྱེད་མཁན་ཡོད་པ་རེད། དེ་ཚོ་ཆོས་དང་བླ་མའི་སྐྱོན་ཅི་ལ་ཡིན། མོས་གུས་མེད་བཞིན་དུ་སྒོམ་བྱས་པ་ཞིག་གིས་བྱིན་རླབས་ཀྱི་ཕ་ཕོག་ཅིག་གང་ནས་ཐོབ་ཡོང་། མོས་གུས་སྒོམ་དུ་མ་ཤར་བའི་གང་ཟག་དེས་གདམས་ངག་གི་གནད་ཡག་པོ་ཞིག་གོ་བ་མེད་པས་སྒོམ་སྐྱོན་མེད་ཞིག་ཡོང་དོན་ག་ལ་ཡོད། མཐར་རྣམ་གཡེང་ལེ་ལོའི་དབང་དུ་ཤོར་ནས་ཆོས་དྲེད་དུ་འགྱུར་པའི་ཉེན་ཁ་ཡོད་པ་རེད། ཁྱིམ་པ་ཕོ་མོ་ལ་མཚོན་ནའང། གཏོ་དགེ་སྐུ་རིམ། ཕྱག་སྐོར་སྒྲིབ་སྦྱོང་། འདི་མ་བྱས་བསམ་པ་ཞིག་མེད་མོད་མི་འདོད་སྣ་དགུ་མི་ཡོང་བ་ཞིག་མི་འདུག་སྙམ་ནས་དད་ལོག་བྱ་མི་རུང་། རྒྱུ་འབྲས་བདེན་པས་སྔོན་གྱི་ལས་ངན་ཚེ་འདིར་ཟད་ཐབས་བྱ་རྒྱུ་ཡོད་པ་རེད། སྡིག་ཅན་དམྱལ་བར་སྐྱེ་ཁར་བསོད་ནམས་ཆར་པ་འབབ་འབབ་བྱེད་རྒྱུ་ཡོད་པ་རེད། དེ་སྔོན་བསགས་ཀྱི་བསོད་ནམས་ཕྲན་བུ་ཞིག་ཡོད་པ་དེ་མཇུག་རྫོགས་རན་རེད། སྔོན་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ནའི་བུ་གཙུག་ཕུད་ཅན་རྒྱལ་སར་བཞག་དུས་བློན་པོ་མ་རུངས་པ་གཉིས་ནང་དུ་བཙུད། དེ་གཉིས་ཀ་ལ་དབང་ཆེན་པོ་སྤྲད། བློན་པོ་བཟང་བོ་ཆོས་བློན་གཉིས་ཡོད་པ་ཕྱིར་ཕུད། བློན་པོ་བཟང་ངན་གོ་ནོར་བའི་སྟབས་ཀྱིས་རྒྱལ་ཁམས་ལོག་ལམ་དུ་བསྒྱུར། སངས་རྒྱས་ཀྱི་མདུན་ནས་ཆོས་ཞུས་ཏེ་དགྲ་བཅོམ་ཐོབ་ཡོད་པའི་ཡབ་རྒྱལ་པོ་ཨུ་ཏྲ་ཡ་ནས་བུ་ལོག་ལམ་ནས་བཟློག་དགོས་བསམ་སྟེ་དེར་བྱོན་པས་བུ་དེས་ཡབ་རྒྱལ་པོ་བསད་དེ་ཕ་དགྲ་བཅོམ་བསད་པས་མཚམས་མེད་གཉིས་མཉམ་དུ་བསགས་པ་རེད། དེ་ནས་འཕགས་པ་ཀཱ་ཏྱཱ་ནས་ལུང་བསྟན་པ་ལྟར་ཞག་བདུན་ལ་ས་འོག་ཏུ་མནན་སོང་བ་རེད། ཁོ་རང་གི་སྔོན་བསོད་ནམས་བསགས་པ་དེ་གློ་བུར་དུ་སྨིན་ཏེ། ཉིན་བདུན་གྱི་དང་པོ་རླུང་བྱུང་ནས་མི་གཙང་བའི་རྡུལ་ལ་སོགས་པ་ཐམས་ཅད་ཕྱགས། གཉིས་པ་ལ་མེ་ཏོག་གི་ཆར་བབ། གསུམ་པ་ལ་གོས་ཀྱི་ཆར་བབ། བཞི་པ་ལ་དངུལ་གྱི་ཆར་བབ། ལྔ་པ་ལ་གསེར་གྱི་ཆར་བབ། དྲུག་པ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབ། ད་དུང་དགོས་འདོད་ཀྱི་ཆར་དེ་འདྲ་ཤ་སྟག་འབབ་རྒྱུ་ཡོད་སྣང་ཤར་ཏེ་བལྟས་བསྡད་པས། ཉི་མ་བདུན་པ་ལ་སའི་ཆར་བབ་སྟེ་རྒྱལ་པོ་དང་བདུད་བློན་ཐམས་ཅད་འབྲོས་པར་བྱས་ཀྱང་མི་མ་ཡིན་གྱིས་མཁར་གྱི་སྒོ་བརྒྱབ་ནས་འབྲོ་ས་མ་རྙེད་པར་ས་འོག་ཏུ་མནན་སོང་བ་རེད། ཆོས་བློན་གཉིས་ལ་སོགས་པས་ཀཱ་ཏྱཱ་ནའི་ལུང་བསྟན་ལ་ཉན་ནས་ཚོད་ཚོད་ཅིག་གི་མཚམས་ནས་ཟས་གོས་དང་རིན་པོ་ཆེ་ཁྱེར་ནས་བྲོས་ས་ལོན་སོང་བ་རེད། དེས་ན་ལོག་ལྟའི་ཉེས་དམིགས་ལ་བསམ་སྟེ་ལོག་ལྟ་སྤངས་ནས་ཁྱིམ་པ་ཕོ་མོ་ཚོས་རྒྱུ་འབྲས་ཡང་དག་གི་ལྟ་བ་བརྟན་ཞིང་ངེས་ཤེས་འདྲོངས་བ་ཞིག་རང་རྒྱུད་ལ་ཡོད་པ་དེ། ཆོས་པ་ངོ་མ་ཞིག་ཡིན་མིན་དང་ནང་བ་སངས་རྒྱས་ཡིན་མིན། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ཡོད་མེད་ལྟ་བྱེད་དང་བལྟ་ས་ངོ་མ་དེ་ཡིན། ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་སོ། །མདོ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཡང་དག་ལྟ་བ་ཡང་དག་འཛིན། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །ཞེས་གསུངས་པ་ལྟར། བདེ་བ་ཅན་དུ་སྐྱེ་བ་ལ་རྒྱུ་འབྲས་ཡིད་ཆེས་ཀྱི་ཡང་དག་པའི་ལྟ་བ་ནི་མེད་ཐབས་མེད་པ་ཞིག་ཡིན་པ་རེད། བདེ་བ་ཅན་ལ་མཚམས་མེད་བྱས་པ་དང་། ཆོས་སྤོང་བྱས་པ་གཉིས་མ་གཏོགས་གཞན་ཐམས་ཅད་སྐྱེ་བ་རེད། དེ་གཉིས་ཀ་གསོག་རྐྱེན་ངོ་མ་གང་ཡིན་ཞེ་ན་ལོག་ལྟ་ལ་རྩ་བ་ཐུག་ཡོད་པ་རེད། དེའི་ཡན་ཆད་ཀྱིས་སྒོ་གསུམ་གྱི་མི་དགེ་བའི་ལས་ལམ་བཅུ་པོ་བསྟན་ནས། དེ་ཉིད་གནོང་འགྱོད་ཀྱི་སྒོ་ནས་བཤགས་ཚུལ་དང་བཅས་པ་བསྟན། དེའི་ཡན་གྱིས་མི་དགེ་བ་བཅུ་སྤྱིར་བཤགས་པ་སོང་ནས།
གཉིས་པ་ཉེས་པ་ལྕི་བ་བྱེ་བྲག་ཏུ་བཤགས་པ།
ལ་ནང་གསེས་ལྔ་སྟེ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། ཆོས་སྤོང་། བྱང་སེམས་ལ་སྐུར་བ་འདེབས་པ། ལོག་ལྟ་བྱེ་བྲག་ཏུ་བཤགས་པའོ།།
དང་པོ་ཉེས་དམིགས་ཤིན་ཏུ་ཆེ་བ་མཚམས་མེད་ལྔའི་ལས་བྱས་པའི་སྡིག་པ་བཤགས་པ།
ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་སོགས། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། སྐྱེ་བ་འདིའི་ཕ་མ་གཉིས་ཀ་རྟེན་འདིའི་ལུས་སྲོག་སྟེར་བའི་དྲིན་ཆེན་ཡིན་ཏེ། འཇིག་རྟེན་བསྟན་པའི་དྲིན་ཆེན། དམ་ཆོས་དང་སྤྲད་པའི་དྲིན་ལ་སོགས་པའི་དྲིན་ཆེན་ཡིན་པས། ཕ་མ་བསད་ན་བར་མཚམས་མེད་པར་དུས་རིང་ལ་དམྱལ་བའི་སྡུག་བསྔལ་མྱོང་དགོས་པས་ན་མཚམས་མེད་ཀྱི་ལས་ཞེས་བྱ། སོར་བྱང་སྔགས་གསུམ་གྱི་མཁན་སློབ་དང་བླ་མ་ནི་རང་ངོས་ནས་སངས་རྒྱས་དངོས་ལས་ཀྱང་ལྷག་པའི་བཀའ་དྲིན་ཅན་ཡིན་པས་གསད་པ་ལྟ་ཅི་མ་གུས་པའི་ལས་ཙམ་ཞིག་བྱས་ཀྱང་དམྱལ་བར་སྐྱེ་བ་ཡིན་པས་ན་སློབ་དཔོན་བསད་པའི་མཚམས་མེད་ཀྱི་ལས། དགྲ་བཅོམ་པ་ནི། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་པ། ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་བོར་བ། འཇིག་རྟེན་གྱི་ཆོས་ལས་རིང་དུ་འདས་པ་ཡིན་པས་ན་འཕགས་པའི་གང་ཟག་བསད་པའི་མཚམས་མེད་ཀྱི་ལས། ཡི་གེ་མང་ཆེ་པའི་ནང་དུ་རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་ཞེས་བྲིས་ཡོད་པ་རེད། འདི་བཅོས་དགོས་འདུག་བསམ་ནི་རེད། སྤྱིར་འདོན་ཆོག་ཚོའི་ནང་དུ་བཅོས་འཇོག་དགོས་ས་འདུག་སྙམ་རྒྱུ་མང་པོ་ཡོད་མོད། འོན་ཀྱང་དེ་ལྟར་ལྷག་འགྲོ་བ་རེད། ང་མིན་ནའང་ཚང་མའི་འགན་སྒེར་ཐོག་འདྲ་ཞིག་ལ་མི་འབབ་པས་ལྷག་འགྲོ་བ་ཨེ་ཡིན་སྙམ། རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་གསུངས་པ་ནི་ལྷས་བྱིན་གྱིས་སྒྱོགས་རྡོ་འཕང་ནས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་མྱོང་བ་རེད། དེ་ལྟ་བུ་ལྷས་བྱིན་གསོན་གསོན་ཁར་ས་གས་ཏེ་དམྱལ་བའི་མེ་ནང་དུ་འཐེན་སོང་བ་ལྟར་རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་བྱེད་པའི་མཚམས་མེད། འདིའི་སྨོན་ལམ་གྱི་ཚིག་ཟིན་དངོས་ལ་མཚམས་མེད་བཞི་རྩི་རྒྱུ་ཡོད་བ་འདི་རེད། རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་གསུངས་བས་དང་སྒྲའི་མཚམས་མེད་ལྔ་པ་དགེ་འདུན་འཁོར་ལོའི་ཚིག་རྐང་ཞིག་འདྲེན་རྒྱུ་ཡོད་པ་ཞིག་ལ་འདྲ་མོད། འདིའི་འོག་མ་ཚོའི་བབ་ལ་བལྟས་ན་ཆད་སོང་བ་ཞིག་དང་ཅུང་མི་འདྲ། རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་སྟེ། །མཚམས་མེད་ལྔ་ཡི་ཞེས་པ་ཞིག་གི་གོ་བ་བྱས་དུས་དགེ་འདུན་འཁོར་ལོའི་དབྱེན་ཤུགས་བསྟན་གྱི་གཞི་འཛིན་སའི་ས་ཚད་ཅིག་ལས་འཛིན་ས་མེད། ཡང་ན་སྟེ་ཞེས་བཅོས་དགོས། ཡང་ན་སོགས་ཞེས་བཅོས་དགོས་པ་འདྲ། སོགས་སྒྲའི་ཅི་ཞིག་བསྟན་པ་ཡིན་ཞེ་ན་གོང་གི་མཚམས་མེད་བཞི་དང་དགེ་འདུན་འཁོར་ལོ་སོགས་སྒྲའི་ནང་དུ་བསྡུས་ནའང་འགྲིག་ཡོད་འདུག་པ་འདྲ། དེས་ན་རང་རེས་སྟེ་ཞེས་བཅོས་པ་ལས་སོགས་ཞེས་བཅོས་ན་མི་ལེགས་སམ་སྙམ། རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་སོགས། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། དེ་ལྟ་བུ་ལས་ངན་ཚབ་ཆེན་བསགས་ན་བར་མཚམས་མེད་པར་ཡུན་རིང་པོར་དམྱལ་མེས་འཚོད་པའི་ལས་ཐོག་མེད་ནས་ད་ལྟའི་བར་དུ་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བྱས་པ་ཐམས་ཅད་གནོང་ཞིང་འགྱོད་པ་དྲག་པོས་མགོན་པོ་འོད་དཔག་མེད་དང་སྲས་བཅས་རྒྱལ་བའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མཚམས་མེད་ཕྱི་མ་གསུམ་སྟེ། དགྲ་བཅོམ་བསད་པ་དང་། རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ། དགེ་འདུན་འཁོར་ལོའི་དབྱེན་གསུམ་པོ་སངས་རྒྱས་སྐུ་དངོས་སུ་བཞུགས་མེད་པའི་ད་ལྟའི་སྐབས་སུ་མི་འབྱུང་ན་ཡང་། བདག་གིས་ཐོག་མེད་ནས་བྱས་པ་དང་སེམས་ཅན་གཞན་གྱིས་བྱས་པ་ཐམས་ཅད་ཀྱང་བདག་གིས་ཁུར་བླང་ན་ཕན་ཡོན་ཡོད་པ་རེད། དུས་སྙིགས་མའི་སྐབས་ལ་ཕ་མ་གསོད་མཁན་ཡོད་སྲིད། ཕ་མའི་ལུས་མ་བསད་ནའང་སེམས་བསད་དེ་ཕ་མ་ལས་ངན་འགའ་རེ་རང་སྲོག་རང་གིས་གཅོད་ལ་ཉེ་བ་དེ་མཚམས་མེད་ཀྱི་ལས་རེད་སྙམ། གལ་ཏེ་འཇིག་རྟེན་འདིར་རྒྱུ་ཟས་ཞིག་དང་ལས་ཀ་ཞིག་གིས་ཕ་མའི་དྲིན་ལན་གསད་དགོས་པའི་དབང་དུ་བྱས་ན་བུ་དེའི་ཕྲག་པ་གཅིག་ལ་ཕ་ཁུར་ཕྲག་པ་གཅིག་ལ་མ་ཁུར་ཏེ་ལོ་བརྒྱ་ཡི་བར་དུ་གླིང་བཞི་ལ་སྐོར་བ་བྱས་ཀྱང་ཕ་མའི་དྲིན་ལན་མི་སོད། ས་ཆེན་པོ་འདི་རིན་པོ་ཆེ་སྣ་ཚོགས་པས་བཀང་སྟེ་ཕ་མར་བྱིན་ནའང་དེའི་དྲིན་ལན་མི་སོད། རྔོན་ཟས་དང་རྐུ་ཟས་རྐུ་རྒྱུ་དཀོར་ཟས་ངན་པ་དེ་རྣམས་ཀྱིས་དྲིན་ལན་མི་སོད་པར་མ་ཟད་དྲིན་ལན་ལོག་འཇལ་བྱས་ཏེ་ངན་སོང་དུ་འཕེན་འཇོག་པ་རེད། འོ་ན་ཅི་བྱས་ན་དྲིན་ལན་སོད་པ་རེད་ཟེར་ན། ཕ་མ་ཆོས་སྒོར་བཙུད་ཐུབ་ན་དྲིན་ལན་སོད་པ་རེད། ཡང་ཕ་མ་ལ་ཆོས་བསླབས་བཞག་ཡོད་ཆོས་སྒོར་བཙུད་བཞག་ཡོད། ང་ནི་བླ་མ་མཁན་པོ་སྤྲུལ་སྐུ་ཆེ་གེ་མོ་ཞིག་ཡིན། ཕ་མས་ང་ལ་བརྩི་བཀུར་བྱེད་ན་དྲག་ས་ཡོད་བསམ་རྒྱུ་ཡོད་མི་རུང། གནའ་ཁྱིམ་བདག་ཞིག་ལ་བུ་མཁས་པ་སྡེ་སྣོད་གསུམ་ལ་བྱང་ཆུབ་པ་ཞིག་ཡོད། སྐབས་ཤིག་ལ་ཕ་རྒན་ཁྱིམ་བདག་རབ་ཏུ་བྱུང་སྟེ་ཕ་བུ་གཉིས་ཀ་རབ་བྱུང་རེད་སོང་། ཕ་རྒན་གྱིས་དགེ་འདུན་པའི་ལས་བྱས་ཏེ་ཉིན་གཅིག་དཀའ་ནས་བུ་ལ་ཁྱོད་ཀྱིས་ང་ལ་བསྙེན་བཀུར་ཞིག་གྱིས་དང་ཞེས་སྨྲས་པ། བུས་སྨྲས་པ། སྟོན་པས་སེང་གེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ་གསུངས་པས་མི་རུང་ངོ་ཞེས་སོ། །ཕས་སྨྲས་པ། སེང་གེ་ལྟ་བུ་སུ། ཝ་ལྟ་བུ་སུ་ཞེས་དྲིས་པས། དགེ་སློང་གིས་སྨྲས་པ། ང་བུ་ཡིན་ཡང་ཚུལ་ཁྲིམས་དང་ལྡན་པས་སེང་གེ་ལྟ་བུའོ། །ཁྱོད་ཕ་ཡིན་ཡང་ཚུལ་ཁྲིམས་འཆལ་བས་ཝ་ལྟ་བུའོ་ཞེས་སྨྲས་སོ། །ཕ་རྒན་མ་དགའ་བར་ཕ་ངན་པ་ཝ་འདྲ་བ་ང་ལྟ་བུ་ལ། བུ་བཟང་པོ་སེང་གེ་འདྲ་བ་ཁྱོད་ལྟ་བུ་སྐྱེས་སམ་ཞེས་སྨྲས། བཅོམ་ལྡན་འདས་ཀྱིས་དེ་གསན་ནས། ཕ་མ་ཇི་ལྟར་ངན་ཡང་མཆོད་པར་བྱེད། མགུ་བར་བྱེད། བཀུར་སྟི་བྱ་དགོས་ཤེས་གསུངས། བླ་མ་གལ་ཆེ་བ་ནི་མདོ་སྔགས་གཉིས་ཀའི་ལུང་ཡིན་པ་རེད། ཁྱད་པར་དུ་མཁན་སློབ་བླ་མའི་སྐུ་ལ་བདོ་བ་ཉེ་བའི་དུས་རབས་འདི་ཚོས་ནང་དུ་ཡོད་མྱོང་བ་ཞིག་རེད། དེ་ལྟ་བུའི་ལས་ངན་དེ་ཚོ་ཞེ་ཐོག་ཏུ་བླང་སྟེ་རང་ཉིད་ཀྱིས་ཀྱང་སྔོན་མའི་སྐྱེ་བ་དེ་ཚོར་བྱས་ཡོད་སྲིད་པ་རེད་སྙམ་ནས་བཤགས་པ་བྱ། བླ་མ་བསད་པ་ཕར་ཞོག་བརྙས་བཅོས་དང་ལོག་ལྟ་ངན་སེམས་སོགས་སྐད་ཅིག་མ་ཙམ་སྐྱེས་ཀྱང་ངན་སོང་དུ་སྐྱེ་བ་ཡིན། གཉགས་ཛྙཱ་ན་ཀུ་མཱ་རས་ཁོང་གི་བླ་མ་ལས་བདག་མཁས་སོ་སྙམ་པ་ཙམ་གྱིས་ཁོང་གི་སྐུ་ཚེ་དེར་སྐུ་སྲོག་ལ་ཉེ་བའི་དགྲ་ལན་མ་བདུན་དུ་འཕྲད་པ་རེད། ཡང་བླ་མ་བྱ་བཏང་བ་ཞིག་ལ་སློབ་མ་ཞིག་ཡོད་པ་དེ་ཕྱི་རོལ་ཏུ་སོང་ནས་ཁྲོམ་མང་པོ་འདུས་ཏེ་ཁྲི་མཐོན་པོ་ཞིག་གི་སྟེང་དུ་བསྡད་ནས་ཆོས་བཤད་ཀྱིན་ཡོད་པའི་སྐབས་ཤིག་ལ། བླ་མ་བྱ་བཏང་བ་ཨ་ཅོའི་ཚུལ་ཅན་ཞིག་ཡིན་པས། དེའི་ཁྲོམ་གྱི་མཐའ་དེར་བྱོན་ནས་ཕྱག་ཅིག་མཛད། སློབ་མ་ཁྲི་སྟེང་གི་གདུགས་ཞབས་ན་ཡོད་པས་བླ་མས་ཕྱག་མཛད་པ་མཐོང་ཡང་ཁོ་བོ་ལང་བཞག་ན་མི་མང་པོའི་ནང་ནས་ཁོའི་ཆེ་བ་ཉམས་འགྲོ་བར་སེམས་ཏེ་མ་མཐོང་པའི་ཚུལ་བྱས། ཁྲོམ་ཚང་མ་གྲོལ་ཚར་དུས་བླ་མ་བསུས་ནས་ཕྱག་བྱས་པ་ན། བླ་མས་གསུངས་ཏེ། སྔར་བདག་གིས་ཕྱག་བྱེད་དུས་ཁྱོད་ཡར་ལང་བ་ཙམ་ཡང་མི་བྱེད་ན། ད་ཕྱག་འཚལ་ནས་ཅི་བྱེད་ཅེས་དྲིས་པས། སློབ་མ་སྐྲག་ནས་སྔར་ཁོས་མ་མཇལ་ལགས་ཞེས་རྗུན་ཞུས་པས། དེ་མ་ཐག་ཏུ་མིག་གཉིས་ཀ་ས་ལ་ལྷུང་བ་སོགས་ཀྱི་ལོ་རྒྱུས་ཡོད། གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་མང་པོ་ཐོབ་པའི་བླ་མ་མ་ཟད་ཐ་ན་ཀློག་སློབ་པའི་སློབ་དཔོན་དང་ལུང་ཚིག་བཞི་ཞིག་ཐོབ་མྱོང་བ་ཡན་ཆད་ལ་གུས་པ་བྱ་དགོས། གུས་པ་མ་བྱས་ན་ཉེས་པ་ཆེ་སྟེ། རྒྱུད་ལས། གང་གིས་ཚིགས་བཅད་གཅིག་ཉན་པ། །དེ་ཡང་བླ་མར་མ་བཟུང་ན། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །ཕ་མ་དང་བླ་མའི་དྲིན་ལ་མི་བསམ་པའི་གང་ཟག་ལ་ལྷ་དང་སྲུང་མའང་བདུད་དུ་འགྱུར་བ་ཡིན། ཨོ་རྒྱན་ཆེན་པོས། ཕ་མ་བླ་མའི་དྲིན་ལ་མི་བརྩི་དུས། །ལྷ་དང་སྲུང་མ་བདུད་དུ་འབབ་པ་འབྱུང་། །ཞེས་སོ། །རང་རེས་ཆོས་ཁྲིད་འདི་རིང་ཆེ་འགྲོ་བས་དུས་ཚོད་གཅིག་གི་རིང་ལ་བཤད་ན་ཡག་པོ་ཡིན་རྒྱུ་རེད། དུས་ཚོད་གཉིས་འདྲ་ཞིག་འགོར་སོང་དུས་རིང་ཆེ་སོང་བ་རེད་མོད་ཞིང་ཁྲིད་འདི་ད་ལོ་ཐེངས་གཉིས་པ་རེད། ད་ལོ་མ་གཏོགས་ཕྱིན་ཆད་བཤད་རྒྱུ་མིན་པས་རྒྱས་རྒྱས་འདྲ་ཞིག་མ་བཤད་ན་མི་སྐྱ་ཕོ་མོའི་གོ་མི་ཐུབ་གི་བསམ་པ་ཡིན། ཉི་མ་མང་པོ་ཞིག་ལ་བཤད་ན་ཡང་ཁོམ་པ་ཡོད་རྒྱུ་མ་རེད། ཚང་མས་སྡུག་རུས་བྱས་ཏེ་ཉོན་དང་ཅུང་ཟད་ཅིག་འདོན། དེའི་ཡན་ཆད་ཉེས་པ་ལྕི་བ་བྱེ་བྲག་ཏུ་བཤགས་པའི་ནང་གི་མཚམས་མེད་ལྔའི་ལས་བཤགས་པ་སོང་ནས།
གཉིས་པ་ཉེ་བའི་མཚམས་མེད་ལྔའི་ལས་བྱས་པའི་སྡིག་པ་བཤགས་པ།
དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། དགེ་སློང་ཟེར་བ་འདི་ངེས་པར་འབྱུང་བའི་ཀུན་ནས་བསླངས་ཏེ་འགལ་རྐྱེན་ངེས་པ་ལྔ་བྲལ་གྱི་སྟེང་ནས་མཐུན་རྐྱེན་དད་པའི་དགེ་འདུན་གྲངས་ཚང་བའི་མདུན་ནས། ཚིགས་གསུམ་རིམ་ནོད་ཀྱི་ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་ཚུལ་བཞིན་སྲུང་བར་ཁས་བླངས་ཏེ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ལ་མ་ཉམས་པའི་གང་ཟག་དེ་ལ་དགེ་སློང་ཞེས་བྱ། དགེ་ཚུལ་ཞེས་པ་ནི་ཚིགས་སྔ་མ་དགེ་བསྙེན་གྱི་སྡོམ་པའི་རྨང་གཞིའི་སྟེང་དུ་སྦྱོར་བ་བར་མ་རབ་བྱུང་སྒྲུབ་པའི་ཐོག་ཏུ་དངོས་གཞི་འགལ་རྐྱེན་བར་ཆད་ཀྱི་ཆོས་བཞི་དང་བྲལ་ཞིང་མཐུན་རྐྱེན་ལྔ་ཚང་བའི་སྒོ་ནས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་དགེ་ཚུལ་གྱི་བསླབ་པ་གཞི་བཅུ་ཁས་བླངས་པའི་སྡོམ་ལྡན་དགེ་ཚུལ་ཞེས་བརྗོད། དེ་ལྟར་དགེ་སློང་དགེ་ཚུལ་བསད་པ་དང་། བཙུན་མ་ཕབ་པ་འདི་བོད་ལ་བསམ་བློ་བཏང་ན་དགེ་ཚུལ་མ་སྡོམ་ལྡན་བསླབ་པ་མ་ཕུལ་མ་ཉམས་པ་བསླབ་པའི་གནས་ལས་ཉམས་པར་བྱེད་པའོ། །འདིའི་ཤུགས་བསྟན་ལ་བཙུན་པ་བསླབ་པ་ལས་ཉམས་པར་བྱེད་པའང་དེ་བཞིན་དུ་ཉེ་བའི་མཚམས་མེད་ཀྱི་ལས་སོ། །དགེ་ཚུལ་སློང་རྣམ་པར་དག་པ་ནི་སངས་རྒྱས་བསྟན་པའི་རྩ་བ་ཡིན་པས། དགེ་ཚུལ་སློང་བསད་ན་ཆོས་དང་དགེ་འདུན་གཉིས་ཀ་བཤིག་པའི་ཉེས་པ་ཡོད་ཅིང་། སྡོམ་ཁྲིམས་ལས་ཕབ་ན་དེ་ལྟར་དུ་ཉེས་པ་འབྱུང་ངོ། །སངས་རྒྱས་ཀྱི་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་འཆང་བ་ཞིག་བསད་ན་གསོད་པ་པོ་དཀོན་མཆོག་གསུམ་གྱི་སྐུ་དགྲ་རེད་འགྲོ་བ་རེད། གྲྭ་པ་གྲྭ་ཆས་མནབས་ཡོད་པ་ཞིག་ལ་ཞེ་ས་ཙམ་ཡང་མ་ཞུས་པར་ང་དང་ཁྱོད་ཅེས་སྨྲས་ན་ཉེས་པ་ཆེ་བ་རེད། བུ་ཚ་བོ་ཡིན་མ་ཡིན་ཡོད་པ་མ་རེད་གྲྭ་པ་དང་བཙུན་མ་ལ་ཁྱིམ་པས་ཞེ་ས་ཞུ་དགོས་པར་མ་ཟད། དེ་བཞིན་དུ་གྲྭ་པ་བཙུན་མ་ནང་ཕན་ཚུན་ལའང་ཞེ་ས་ཞུ་དགོས་པ་རེད། དེ་ནི་ཆོས་དང་བསླབ་པའི་ཆེ་བ་འདོན་བྱེད་རེད། དེས་ན་དགེ་འདུན་པ་ལ་གུས་པ་དང་དད་པ་བྱེད་པ་མ་གཏོགས་གནོད་པ་དང་ངན་སེམས་འཆང་མི་རུང་། ཞེ་ས་མ་ཞུས་ནའང་དགེ་འདུན་པ་ལ་ཅི་ཡང་ཐུབ་པ་མ་རེད་མོད་རང་ཉིད་ཀྱིས་དཀོན་མཆོག་གསུམ་ལ་མ་གུས་པའི་ཉེས་པ་བསགས་པ་ཡིན་ཏེ། མདོ་ལས། སེམས་ཅན་གང་ཞིག་དགེ་སློང་གོས་ངུར་སྨྲིག་གྱོན་པ་ལ་ངན་སེམས་བསྐྱེད་ན་མི་དེ་ནི་དུས་གསུམ་གྱི་སངས་རྒྱས་དང་རང་སངས་རྒྱས་དང་དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་དེ། དུས་གསུམ་གྱི་འཕགས་པ་ལ་ངན་སེམས་བསྐྱེད་པས་སྡིག་པའི་ལས་ཁ་ན་མ་ཐོ་བའི་འབྲས་བུ་ཚད་མེད་པ་སྨིན་པར་འགྱུར་རོ། །ཞེས་གསུངས་སོ། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ་ཟེར་བ་འདི་གོ་བ་ཞིབ་ཕྲ་བྱས་ཏེ་བླངས་ན། དགེ་ཚུལ་སློང་འདི་བྱང་སེམས་ངེས་གནས་དང་ཐེག་དམན་སློབ་པའི་འཕགས་པ་གང་རུང་ལ་གོ་རྒྱུ་དང་། དགེ་ཚུལ་སློང་མིན་ན་བྱང་སེམས་ངེས་གནས་དང་ཐེག་དམན་སློབ་པའི་འཕགས་པ་གང་རུང་ཡིན་ན་རབ་བྱུང་མིན་ཡང་འདིའི་གྲངས་སུ་བསྡུ་རྒྱུ་དང་། བཙུན་མ་ཡང་མ་དགྲ་བཅོམ་མ་སུན་ཕྱུང་བར་གོ་རྒྱུ་དེ་འདྲ་ཞིབ་ཕྲ་བྱས་ན་གོ་རྒྱུ་ཡོད་པ་རེད། སངས་རྒྱས་ཀྱི་སྐུ་གཟུགས་རས་སུ་བྲིས་པ་འབུར་དུ་དོད་པ་ལུགས་སུ་བླུགས་པ་ལ་སོགས་པ་སྐུའི་རྟེན། བདེ་བར་གཤེགས་པའི་མཆོད་རྟེན་ཡང་རས་སུ་བྲིས་པ་འབུར་དུ་དོད་པ་ལུགས་སུ་བླུགས་པ་ལ་སོགས་པ་ཐུགས་ཀྱི་རྟེན། སྐུ་གསུང་ཐུགས་རྟེན་བཞུགས་སུ་གསོལ་ས་དགེ་འདུན་འདུ་བའི་ལྷ་ཁང་དང་ཀུན་དགའ་ར་བ་ལ་སོགས་པ་གསུངས་པས། འདིའི་སོགས་ཁོང་གི་ནང་དུ་གསུང་རབ་གླེགས་བམ་ཆོས་ཀྱི་ཕུང་པོ་བཤིག་ན་ཉེས་པ་ཆེ་བ་རེད། འདུས་བྱས་ཀྱི་དགེ་རྩ་རྣམས་ལས་རྟེན་གསུམ་བཞེངས་རྒྱུ་འདི་ཕན་ཡོན་ཆེ་བ་ཡིན་པས། དེ་བཤིག་ན་ཉེས་དམིགས་ཀྱང་དེ་ལྟར་དུ་ཆེ་བ་མདོ་རྒྱུད་དུ་མ་ལས་གསུངས་སོ། །གསུང་རབ་ཡི་གེའི་གཟུགས་སུ་སྣང་བ་འདི་ཚོ་སངས་རྒྱས་ཀྱི་གཟུགས་སྐུ་ཆོས་སྐུ་རིང་བསྲེལ་གྱི་ཕུང་པོ་ཡིན། བཙོང་ནས་རིན་པ་རང་འདོད་གྱིས་ཟོས་ན་ཉེས་པ་ཆེ་བ་རེད། སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་འདི་དག་ཀྱང་བཟོ་སྤྲུལ་སྐུའི་ཕྲིན་ལས་སུ་ཤར་བ། ཚོགས་ལམ་ཆོས་རྒྱུན་ཐོབ་པའི་གནས་སྐབས་ན་སྐུ་བརྙན་འདི་ཚོ་མཆོག་གི་སྤྲུལ་སྐུ་དངོས་སུ་མཐོང་བ་ཡིན་པ་རེད། དེས་ན་སངས་རྒྱས་ཀྱི་ཡོན་ཏན་ལ་བསམ་ནས་སྐུ་གཟུགས་ཀྱི་རྒྱུ་བཟང་ངན་ཅི་འདྲ་ཡིན་ཡང་དེའི་རིན་ཐང་གི་ཐོག་ནས་རྒྱུ་ནོར་གྱི་འདུ་ཤེས་མི་འཇོག་པར། སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་དགོས། མཆོད་རྟེན་དང་སྐུ་འདྲ་གསར་བཞེངས་དང་རྙིང་པ་ཞིག་གསོ་བྱེད་ན་ཕན་ཡོན་ཆེ་སྟེ། སཱཙྪ་གཅིག་གིས་མི་གསུམ་སངས་རྒྱས་པའི་ལོ་རྒྱུས་ལྟར་རོ། །ཡང་གཏམ་རྒྱུད་ཅིག་བཤད་ན་སྟོན་པ་སངས་རྒྱས་མཉན་ཡོད་ན་བཞུགས་སྐབས་ཤིག་ལ། ཡུལ་མ་གཱ་དྷའི་ཁྱིམ་ཚང་ཞིག་ལ་བུ་ཁྱེའུ་ལྟ་ན་སྡུག་པ་ཞིག་སྐྱེས། བྱིས་པ་དེ་སྐྱེས་པ་དང་དེ་ཚང་གི་བང་མཛོད་ནང་ནས་གསེར་གྱི་གླང་པོ་ཆེའི་ཕྲུ་གུ་ཞིག་བྱུང་བས། བུའི་མིང་ལ་གླང་པོ་སྐྱོང་བཏགས། གླང་པོ་ཆེའི་རྟུག་པ་ཐམས་ཅད་གསེར་ཡིན་པ་རེད། བར་སྐབས་ཤིག་ལ་བུ་དང་གླང་པོ་ཆེ་གཉིས་ཀ་ནར་སོན། དེའི་སྐད་ཆ་དེ་རྒྱལ་པོ་མ་སྐྱེས་དགྲས་ཐོས་ནས། བདག་རྒྱལ་པོར་ནམ་གྱུར་པ་ན་དེ་དུས་གླང་པོ་ཆེ་འདི་འཕྲོག་པར་བྱའོ་སྙམ་སྟེ། རྒྱལ་བུ་མ་སྐྱེས་དགྲས་ལྷས་བྱིན་དང་གཉིས་ཀ་ཁ་བརྡུངས་ཏེ་ཕ་བསད་པས་མཚམས་མེད་ཀྱི་ལས་བྱས། ཕ་རྒྱལ་པོ་ཡིན་པ་དེ་བསད་ནས་ཁོ་རང་དེའི་རྒྱལ་སར་འབྱོར་ཏེ་ཉིན་ཞིག་གླང་པོ་སྐྱོང་མདུན་དུ་ཤོག་ཅེས་བརྡ་རྒྱབ་པ་རེད། གླང་པོ་སྐྱོང་དེའི་མདུན་དུ་སོང་བས་ཁྱོད་ཀྱི་གླང་པོ་ཆེ་འདིར་ཕུལ་ལ་སོངས་ཤིག་ཅེས་སྨྲས། གླང་པོ་སྐྱོང་གིས་རྒྱལ་པོའི་བཀའ་བཞིན་དུ་གླང་པོ་ཆེ་རྒྱལ་པོའི་ཕོ་བྲང་གི་ནང་དུ་ཕུལ་ནས་ཕྱིར་སོང་བ་དང་། དུས་ཡུན་རིང་པོར་མ་འགོར་བར་གླང་པོ་ཆེ་ས་འོག་ཏུ་ནུབ་ནས་གླང་པོ་སྐྱོང་ཡོད་སའི་ས་སྟེང་དུ་བུད་དེ་གཉིས་ཀ་མཉམ་དུ་ཁྱིམ་ལ་ཕྱིན་པ་ན། གླང་པོ་སྐྱོང་གིས་བསམ་བློ་ཞིག་བཏང་ནས་རྒྱལ་པོ་མ་སྐྱེས་དགྲ་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཞིག་མ་ཡིན་གྱི་རང་གི་ཕ་ཡང་གསོད་པར་བྱེད་ན་གཞན་ལྟ་ཅི་སྨོས། དེས་ན་གླང་པོ་ཆེ་འདིའི་དོན་དུ་སྲོག་ཤོར་བའི་ཉེན་ཁ་ཡོད་རྒྱུ་རེད། དེ་བས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་བྱའོ་སྙམ་ནས། ཁྱེའུས་ཕ་མར་གནང་བ་ཞུས་ཏེ་གླང་པོ་ཆེ་ཉིད་ལ་ཞོན་ནས་རྒྱལ་བའི་རྒྱལ་བྱེད་ཀྱི་ཚལ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་ལ་སོང་ངོ་། བཅོམ་ལྡན་འདས་ལ་རབ་ཏུ་བྱུང་བར་ཞུས་པས། ཁོ་རང་ལ་ངེས་འབྱུང་ཡང་ཡོད་པས། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་ཆོས་བསྟན་ནས་དགྲ་བཅོམ་པའི་གོ་འཕང་ཐོབ། གསེར་གྱི་གླང་པོ་ཆེ་དེ་ཡང་རྒྱུན་དུ་དྲུང་ན་ཡོད་པས་མཉན་ཡོད་པ་ཐམས་ཅད་གསེར་གྱི་གླང་པོ་ཆེ་དེ་ལ་བལྟ་བའི་ཕྱིར་འདུས་ཏེ་འདུ་འཛི་མང་བར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་གླང་པོ་སྐྱོང་ལ་ཁྱོད་རང་གིས་གླང་པོ་ཆེ་མྱུར་དུ་སྤོངས་ཤིག་ཅེས་བཀའ་སྩལ་པས། དགེ་སློང་གིས་སྨྲས་པ། བདག་གིས་སྔ་མོ་ནས་འདི་སྤོང་བསམ་ཀྱང་། འདི་ཡུལ་གཞན་དུ་འགྲོ་རོགས་བྱེད་མཁན་ཞིག་མ་རེད་ཅེས་ཞུས་ཚེ། ཁྱོད་རང་གིས་གླང་པོ་ཆེ་ལ་ང་ཕྱིན་ཆད་སྐྱེ་བ་མི་ལེན་པས་ཕྱིན་ཆད་ཁྱོད་མི་དགོས་ཞེས་ལན་གསུམ་སྨོས་ཤིག་དང་མེད་པར་འགྱུར་རོ་ཞེས་གསུངས་པས། དགེ་སློང་གིས་ཀྱང་དེ་ལྟར་སྨྲས་པས་གླང་པོ་ཆེ་ས་འོག་ཏུ་ནུབ་བོ། །དེར་དགེ་སློང་ཐམས་ཅད་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་དེའི་ལས་ཀྱི་རྒྱུ་དྲིས་ཚེ། བཅོམ་ལྡན་འདས་ཀྱིས་སྔོན་སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པའི་སྐབས་ཤིག་ལ་སངས་རྒྱས་འོད་སྲུང་འཇིག་རྟེན་གྱི་ཁམས་སུ་བྱོན་ནས། དེ་མྱ་ངན་ལས་འདས་པའི་འོག་ཏུ་རིང་བསྲེལ་གྱི་མཆོད་རྟེན་མང་དུ་བྱས་པ་ལས། མཆོད་རྟེན་གཅིག་གི་ནང་དུ་བྱང་ཆུབ་སེམས་དཔའ་ཐོག་མར་དགའ་ལྡན་གྱི་གནས་ནས་ཡུམ་གྱི་ལྷུམས་སུ་གཤེགས་དུས་ཀྱི་གླང་པོ་ཆེའི་གཟུགས་ཤིག་ཡོད་པ་དེ་ཕྱིས་སུ་ཅུང་ཟད་ཅིག་ཞིག་པར་གྱུར་བ་དང་། སྐྱེ་བོ་དད་པ་ཅན་ཞིག་གིས་མཐོང་ནས་འཇིམ་པས་སླར་གསོས་ཏེ་ལྡོང་རོས་ཀྱིས་བྱུགས་ནས་བདག་མ་འོངས་པའི་དུས་སུ་རྟག་ཏུ་ཆོ་རིགས་བཙུན་ཞིང་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་ཤོག་ཅིག་ཟེར་ནས་སྨོན་ལམ་བཏབ་བོ། །མི་དེ་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་ཤིང་། དེ་ནས་མིའི་འཇིག་རྟེན་དུ་སྐྱེས་ཤིང། གང་དུ་སྐྱེས་ཀྱང་ཆོ་རིགས་བཙུན་ཞིང་ལོངས་སྤྱོད་དང་ལྡན་པར་མ་ཟད། གཟུགས་མཛེས་ཤིང་ཁྱད་དུ་འཕགས་པ་གསེར་གྱི་གླང་པོ་ཆེ་ཞིག་གིས་འབྲལ་མེད་དུ་སྲུང་བར་གྱུར་ཏོ། །དེའི་སྐྱེ་བ་རྗེས་མ་གླང་པོ་སྐྱོང་འདི་ཡིན་ཏེ། དེའི་ཚུན་ཆད་དུ་ལྷ་མི་གང་དུ་སྐྱེས་ཀྱང་ལོངས་སྤྱོད་ཆེན་པོ་དང་ལྡན་པར་གྱུར་ཅིང་། དཀོན་མཆོག་གསུམ་ལ་གུས་ཤིང་བསྟི་བསྟང་བྱས་བའི་འབྲས་བུ་ད་ལྟ་ང་དང་འཕྲད་དེ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་སོང་བ་རེད་གསུངས་སོ། །སྐུ་གཟུགས་མཆོད་རྟེན་ལ་བསམ་པ་རྣམ་དག་གིས་ཞབས་ཞུ་བསྒྲུབ་ན་དེ་ལྟར་ཕན་ཡོན་ཆེ་ཞིང་། དེ་ལྟར་བཤིག་ནའང་ཉེས་པ་ཆེ་བས། དེ་ལྟ་བུ་ཉེ་བའི་མཚམས་མེད་ཀྱི་ལས་ཐོག་མེད་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བསགས་པ་ཐམས་ཅད་མཐོལ་ལོ་བཤགས་གསུངས་སོ།།
གསུམ་པ་ཆོས་སྤོང་གི་ལས་བསགས་པའི་སྡིག་པ་བཤགས་པ།
དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། སྐྱབས་ཀྱི་མཆོག་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་རྟེན་གསུམ། ཁྱད་པར་དུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ས་ལ་བཞུགས་སུ་གསོལ་བའི་ལྷ་ཁང་དང་གདན་ས་ཁྱད་པར་ཅན། གསུང་རབ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཆེན་པོ་ལ་སོགས་པ་གསུངས་བས། སོགས་ཁོངས་ན་ཡུལ་གཉན་པོ་བླ་མ་དགེ་བའི་བཤེས་གཉེན་དམ་པ་དེ་ལ་ཚད་བཙུགས་ཏེ་མནའ་བསྐྱལ་བ་དང་། ཁྱབ་སའི་ཐད་ནས་ཉི་ཟླ་འཛམ་གླིང་ལ་ཤར་བའི་ཁྱོན་དང་གནམ་སྔོན་པོའི་ཁ་འོག་ཟེར་བ་འདྲ་བ། སྡིག་པ་ཆེ་སའི་ངོས་ནས་བཤས་ར་ཁྲིམས་ར་ལ་ཚད་ལེན་རྒྱུ་དེ་ཚོ་ཡིན་པ་རེད། དཀོན་མཆོག་གསུང་རབ་རྟེན་གསུམ་དེ་ཚོ་དཔང་ལ་འཇོག་པ། ཡུལ་གཉན་པོ་ཚད་ལ་འཇོག་པ། དཔང་པོ་དང་ཚད་ལ་བཞག་པ་ཙམ་ཏུ་མ་ཟད་དཔང་པོ་བཞག་པའི་གཏམ་ཐོག་ལ་མི་གནས་པར་མནའ་ཟོས་ཏེ་བསླུས་པ་དང་། དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ་གསུངས་པའི་སོགས་ཁོངས་ཀྱི་ནང་དུ་རྒྱལ་བའི་བསྟན་པ་ཆགས་སྡང་རང་འགའ་བས་དཀྲུག་སྟེ་ཁ་ཕྱི་ལྟའི་ཐོས་པ་ཕྱོགས་རེ་བ་ཞིག་གིས་ཡས་མི་འཐད་མས་མི་འཐད་ཅེས་ཐམས་ཅད་ལ་འགལ་འདུ་ཅན་ཁོ་ནར་བཟུང་ནས་ལོང་བས་གཟུགས་ལ་སྦྱར་བ་ལྟ་བུར་རང་གི་ཕྱོགས་ལ་བསྟོད། གཞན་གྱི་ཕྱོགས་ལ་སྨད། གཞུང་ལུགས་ཐམས་ཅད་འགལ་འདུ་ཁོ་ནར་མཐོང་། །ཆགས་སྡང་གི་དབང་གིས་རང་གཞན་ཕྱོགས་སུ་རྩོད། །ཁྱད་ཆོས་དཔྱོད་ལྡན་ཆོས་སྤོང་ལས་ངན་བསགས། ཐ་སྙད་དོན་ལ་རྩོད་པ་རྣམ་པར་འཕེལ། །ཞེས་གསུངས་པ་ལྟར། འཆལ་བའི་ཤེས་རབ་ཀྱིས་ཡང་དག་གཞལ་བ་བྱེད་པར་རློམ་ཀྱང་ལོག་པའི་ལམ་ལ་འབྲེལ་ཏེ་ཆོས་ལ་བསྟེན་ནས་ཆོས་མིན་འཕེལ་བར་བྱེད་པ་ཡོད་པ་རེད། དཔལ་སྤྲུལ་རིན་པོ་ཆེས། ལྔ་རིག་སྣང་བའི་ཉིན་བྱེད་ས་པན་རྗེ། །མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་བ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་ཞབས། །གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་ཡིན། །ཞེས་སོ། །ཕྱོགས་ལྷུང་གདོན་གྱི་དབང་དུ་མ་གྱུར་པའི། །རྣམ་གསུམ་མཁས་པའི་གཞུང་ལ་ལེགས་སྦྱོང་ན། །ཡོངས་རྫོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཇི་སྙེད་གཟུངས་དང་སྤོབས་པའི་ཡུལ་དུ་འགྱུར། །ཞེས་གསུངས་པ་ལྟར་བྱས་ན་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཐུབ་པ་རེད། ཡང་འགའ་རེས་ནང་པ་སངས་རྒྱས་པའི་ཐེག་གསུམ་དམ་པའི་ཆོས་ཀྱི་ནང་དོན་ཕྱོགས་ཙམ་ཡང་མ་གོ་ཞིང་ནང་རིག་པའི་སྒོ་ནང་དུ་གཏན་ནས་འཛུལ་མ་མྱོང་བ་ཞིག་གིས་ཞིབ་འཇུག་གི་ཚུལ་བྱས་ཏེ་མི་ཁར་བརྒྱུགས་ནས་ལོག་པར་ལྟ་བའི་ཕྱོགས་བཟུང་བ་དེ་ཚོ་ལ་གསུངས་པ་རེད། དེ་ལྟ་བུའི་ལས་དེ་ནི་ཆོས་སྤོང་བའི་ལས་ཡིན། ལས་དེའི་ངན་སོང་དམྱལ་བའི་སྡུག་བསྔལ་མུ་མཐའ་མེད་པ་མྱོང་དགོས་པས་ན། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་དུས་ཐོག་མེད་ནས་ད་ལ་ཐུག་གི་བར་དུ་དེ་ལྟ་བུའི་ལས་བསགས་ཚད་བཤགས་པ་ཡིན་ཞེས་གསུངས་པ་རེད། དེའི་སྟེང་དུ་མནའ་བསྐྱལ་ན་ཉེས་པ་ཆེ་ཞིང་། མནའ་ཟ་བ་དེ་བས་ཀྱང་ཉེས་པ་ཆེ་བ་རེད། གང་ལ་ཚད་བཙུགས་ན་དེ་སྤོང་བ་ཡིན་ཞེས་པའི་དོན་རེད། དཔེར་ན་དཀོན་མཆོག་གསུམ་ལྟ་བུ་ཞིག་ལ་ཚད་བཙུགས་ན་དཀོན་མཆོག་གསུམ་སྤངས་ཚར་བ་རེད། དཀོན་མཆོག་གསུམ་གྱིས་ཁྱོད་སྤོང་བ་མ་རེད་མོད། ཁྱོད་རང་གིས་དཀོན་མཆོག་སྤོང་བཞག་པ་རེད། དེའི་སྟེང་ནས་ཁྱོད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས་བུད་སོང་བ་རེད། དོན་ངོ་མ་བཤད་ན་དེའི་ཐོག་ནས་ཆོས་པ་ངོ་མ་ཞིག་གིས་སྟོན་པ་གཅིག་གི་སྐྱབས་འོག་ལས་འདས་སོང་བ་ཞིག་དང་མཆོག་གསུམ་དཔང་ལ་འཇོག་མཁན་ཞིག་དང་འགྲོག་ན་སྐྱབས་འགྲོའི་བསླབ་བྱ་ལས་ཉམས་འགྲོ་བ་རེད། མི་འགའ་རེས་དེ་མི་ཤེས་པར་མནའ་ཞེས་པ་ནི་གནད་ཆེན་ཞིག་ཡིན་མིན་དང་མནའ་ཡི་ནང་དོན་ཅི་ཡིན་ཙམ་ཡང་ཤེས་པ་མ་རེད། རང་གི་ཁ་ནང་ནས་མནའ་བསྐྱལཨེ་ཡོད་ཀྱང་གོ་ཁི་ཡོད་པ་མ་རེད། མ་རབས་མང་སའི་ས་ཆ་ནས་མནའ་དང་སྐད་ཆ་གཉིས་ཀ་གཅིག་དུ་འདྲེས་ཤོར་ཏེ་མནའ་མེད་ན་གོ་བརྡ་འཕྲོད་བྱེད་ཀྱི་སྐད་ཆ་བཤད་མི་ཤེས་པ་དེ་འདྲའི་ཐབས་སྡུག་གི་ཚད་ལ་ལྷུང་གི་ཡོད་པ་རེད། བཀའ་བསྟན་འགྱུར་ལ་ཚད་བཙུགས་མཁན་ཚོས། བཀའ་བསྟན་འགྱུར་ཞལ་ཕྱེ་ཙམ་ཡང་མ་མྱོང་བའི་སྟེང་དུ་དེ་དཔང་པོར་བཞག་ན་དེ་བསླུས་ཏེ་སྤོང་མཁན་ཚོ། མ་སྤོང་ན་ཡང་སྤོང་བཞག་པ་འདྲ་ཞིག་ཡིན་པའི་ཐོག་ལ་སྤོང་ཞེས་དམྱལ་བར་རིམ་པ་བཞིན་སྐྱེ་བ་ལ་དེ་འདྲའི་སྔ་ཕྱི་ཅི་ཡོད། འབུམ་དུམ་པ་དང་ཡུམ་དུམ་པ་འགའ་རེས་གསེར་ཡུམ་ཞེས་བསྐྱལ་བ་ལས། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤེར་ཕྱིན་ཡུམ་སྲས་བཅུ་བདུན་གྱི་དགོངས་དོན་རྟོགས་པར་ཤོག་ཟེར་ནས་སྨོན་ལམ་འདེབས་པས་དགའ་བ་རེད་འདེང་ཞིག་རྒྱོབ་དང་དེ་སྤངས་ནས་ཚུར་ལ་ལོན་རྒྱུ་དེ་ཅི་ཞིག་རེད། ཁྲེལ་མེད་སྡིག་ལས་སེམས་ཅན་ལ་གནོད་པ་སྐྱེལ་བྱེད་ཀྱི་ལས་ཀྱི་ཕན་ལ་འགྲོ་ས་ཡོད་པ་མ་རེད། ཤར་ཉི་ཟླ། ནམ་མཁའ་སྔོན་པོ། བླ་མའི་སྐུ་སྲོག་དགོན་པ་གང་ཆེ། བཤས་ར་གང་སྡུག་དེ་ཚོ་ཐམས་ཅད་ཚད་ལ་བཞག་ནས་དེ་རྣམས་ཀྱི་སྡིག་པ་ཁུར་ཟེར་དུས། ལར་རང་གི་སྡིག་པ་མི་ཁྱག་པར་དམྱལ་བ་ལ་སང་འགྲོ་གནངས་འགྲོ་ཞིག་ཡིན་ན། རྣམ་ཤེས་སྟེང་གི་ས་སྤུང་ཁམས་གསུམ་སེམས་ཅན་གྱི་སྡིག་པ་ཁྱག་རྒྱུ་ཨེ་རེད། མནའ་ཟོས་ན་སྡིག་པ་ཆེ་བར་མ་ཟད་མནའ་བསྐྱལ་ནའང་སྡིག་པ་ཆེ་བ་རེད། མཆོད་འོས་དམ་པའི་མཚན་དད་དང་གུས་པའི་སྟེང་ནས་གསོལ་བདེབས་སྨོན་ལམ་གྱི་ཚིག་དང་སྦྲགས་རྒྱུ་ཞིག་རེད་མ་གཏོགས། བཤས་ར་བཙོན་ཁང་ཆང་ཁང་སྦག་ཁང་ཁ་ཤགས་ཚོང་གཏམ་བྱེད་ས་སྡུག་རིགས་སྡུག་ཚད་ལས་ས་ནས་སྒྲོག་རྒྱུ་ཞིག་མ་རེད། ཁྱད་པར་དུ་གྲྭ་པ་དང་བུད་མེད་ཀྱིས་མནའ་བསྐྱལ་བས་གཙོག་ཅིག་ཅི་ཡོད། སྐྱེས་པ་དགེ་བསྙེན་གྱིས་ཀྱང་མནའ་སྐྱལ་མི་རུང། ཕོ་སར་དགེ་སྡིག་གཉིས་ཀ་ངོ་མི་ཤེས་བ་ཚོའི་མནའ་མ་སྐྱེལ། གཏམ་གྱི་གོ་མི་ཆོད་ས་ནས་མནའ་ཡིས་གོ་ཆོད་པ་མ་རེད། རྫུན་རྐྱལ་མནའ་ཟན་མིན་པ་ཞིག་དཀོན་པ་རེད། དེས་ན་རང་ལེགས་སུ་འདོད་མཁན་ཞིག་ཡིན་ཕྱིན་རང་རྒྱུད་ལ་བྱི་དོར་བརྟགས་དཔྱད་བྱས་ཏེ་ཆོས་སྤོང་གི་ཕྱོགས་སུ་གཏོགས་པའི་ལས་དེ་ཚོ་སྤོང་ན་གནས་སྐབས་དང་མཐར་ཐུག་ལ་བདེ་ནས་བདེ་བའི་ལམ་དུ་འགྲོ་བའོ།།
བཞི་པ་བྱང་སེམས་ལ་སྐུར་འདེབས་ཀྱི་སྡིག་པ་བཤགས་པ།
ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། སེམས་ཅན་གཅིག་གི་སྲོག་བཅད་ན་སྡིག་པ་ཆེ་བ་ནི་གོང་གི་སྲོག་གཅོད་ཀྱི་སྐབས་ནས་བཤད་པ་ལྟར་རོ། །ཁམས་གསུམ་ན་སེམས་ཅན་ཅི་འདྲའི་མང་རྒྱུ་རེད། དེ་ཐམས་ཅད་ཀྱི་སྲོག་བཅད་ན་སྡིག་པ་ལ་གཞལ་ཐབས་ཤིག་ཡོད་ས་མ་རེད་མོད། དེ་བས་ཀྱང་སྡིག་པ་ཆེ་བ་དེ་གང་ཡིན་ཞེ་ན། ཁམས་གསུམ་གྱི་སེམས་ཅན་བསད་པ་བས་བྱང་ཆུབ་སེམས་དཔའ་གཅིག་ལ་ཁས་སྐུར་བ་ཞིག་བཏབ་ན་ཉེས་པ་ཆེ་ཞེས་གསུངས་ཏེ། མདོ་ལས། བྱང་ཆུབ་སེམས་དཔའ་ལྟ་ཅི་ཐེག་པ་ཆེན་པོར་མོས་པ་ལ་ཁོང་ཁྲོ་བའི་སེམས་སྐྱེས་དེ་གཤེ་བ་དང་། མི་སྙན་པར་སྨྲས་ན་མཆོད་རྟེན་གང་གཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་ལས་སྡིག་པ་ཆེ་བར་གསུངས་སོ། །བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་དཔའི་སྤྲུལ་བ་གང་ན་བཞུགས་ཡོད་ཅི་ཤེས། དེ་འདྲ་མི་ཤེས་བ་ཞིག་གིས་སྣང་ཚུལ་ལ་བལྟས་ཏེ་སྐུར་བ་འདེབས་མི་རུང་། བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་ངེས་མ་ངེས་སྣ་ཚོགས་ཀྱི་སྐྱེ་བ་བཞེས་ཏེ་འགྲོ་དོན་མཛད་ཀྱིན་ཡོད་པ་རེད། བྱ་དང་རི་དྭགས་གྲོང་ཁྱེར་སློང་མོ་བ་ཏིལ་རྡུང་ཆང་འཚོང་ལ་སོགས་པའི་ཚུལ་མཛད་པའང་ཡོད། བླ་སེར་གྱི་ནང་ན་དེ་བས་མང་པོ་ཡོད་ངེས་པ་ཡིན་ལ། ཁྱད་པར་དུ་ང་ཚོ་བོད་གངས་ཅན་དུ་ཐེག་ཆེན་མདོ་སྔགས་ཀྱི་ཆོས་དར་ས་ཡིན་པས་མང་ཆེ་བ་ཐེག་ཆེན་ལ་མོས་པའི་རིགས་ཅན་ཡིན་པས་སུ་ཡིན་ཡང་སྨད་ཅིང་སྐུར་བ་བཏབ་ན་ཉེས་པ་འབྱུང་བ་དང་། དགེ་བསྙེན་ཡན་ཆད་དུ་བྱང་ཆུབ་སེམས་སྡོམ་མ་བླངས་བ་མེད་པས་སུ་ཡིན་ན་སྐུར་བ་འདེབས་མི་རུང་བར་མ་ཟད་དད་པ་བཞག་ན་བྱིན་རླབས་འབྱུང་ངེས་ཅན་ཡིན་པ་རེད། ངན་པ་ཁོ་ན་ལ་བསམ་བློ་བཏང་ན་སྣང་བ་ངན་པར་ཤར་ནས་བར་གཅིག་སངས་རྒྱས་ཚོ་སྐྱོན་ཅན་དུ་མཐོང་བ་རེད། དག་སྣང་སྦྱངས་ནས་བཟང་པོ་ཁོ་ན་ལ་བསམ་བློ་བཏང་ན་ཐམས་ཅད་དག་པ་ཤ་སྟག་ལ་ཤར་ཏེ་རྒན་མོའི་ཁྱི་སོ་ལ་རིང་བསྲེལ་འཁྲུངས་པ་ལྟ་བུ་ཕན་པ་བྱིན་རླབས་རང་ཉིད་ལ་འབྱུང་། དང་པོ་དད་པ་བཞག་སྟེ་བླ་མ་ལ་བསྟེན་ཚར་ཕྱིན་ཕྱིས་སུ་སྐྱོན་སྣ་རེ་མཐོང་ན་ཡང་སྐུར་བ་འདེབས་མི་རུང། སྔར་གྱི་རྒྱུ་འབྲས་ཆུད་ཟར་འགྲོ་བ་རེད། ལར་སུ་ལ་ཡིན་ན་སྐུར་བ་མ་འདེབས་སྐྱུར་ཞོག་དང་རང་ཉིད་ལ་གནོད་པ་ཡོད་པ་མ་རེད། ཇོ་བོ་རྗེས། ཀུན་ལ་སྐུར་བ་མི་གདབ་སྟེ། །གང་མོས་དེ་ལ་འདུན་པར་བྱ། །ཞེས་གསུངས་ཏེ། །ཐམས་ཅད་ལ་སྐུར་བ་མ་འདེབས་རང་གང་ལ་མོས་ན་དེ་ལ་དད་པ་གྱིས་དང་རེད་ཡོད་གསུངས་པ་རེད། དཔལ་སྤྲུལ་ཚང་གིས། བསྟོད་སྨད་གཉིས་ཀ་མི་ཉན་པ་གསུམ་ཡོད་དེ་གསུངས་པ་ལྟ་བུ་རེད། དེ་ལྟར་དུ་དགེ་འདུན་པ་ལ་སྐུར་བ་འདེབས་ཉན་པ་མ་རེད། ཁྱད་པར་དུ་དགེ་འདུན་པ་སྤྱི་ལ་འདིའི་གྲྭ་པ་འདི་ཚོས་ཁོང་ན་མེད་རབས། དགོན་པ་ག་གེ་མོ་ཞིག་གི་གྲྭ་པའི་ཁོང་ན་མེད་རབས་དེ་འདྲ་བཤད་མི་རུང། གང་ཟག་རེ་རེ་གཉིས་རེའི་སྤྱོད་ངན་དགེ་འདུན་པ་སྤྱི་ཁྱབ་ལ་བཀལ་ན་ཉེས་པ་ལྷག་པར་ཆེ་བ་རེད། མོའུ་འགལ་གྱི་བུ་དམྱལ་བའི་ཡུལ་དུ་བྱོན་སྐབས་ཤིག་ལ། མི་ཞིག་གི་ལུས་པོ་དཔག་ཚད་གཅིག་ཙམ་ཡོད་པ་ཞིག་གི་ལྕེ་དཔག་ཚད་གཅིག་ཙམ་ཞིག་བརྒྱངས་ཏེ། དེའི་སྟེང་དུ་ཐོང་གཤོལ་མང་པོས་རྨོས་རྨོད་ཀྱིན་ཡོད་པ་གཟིགས་ཏེ། དེ་ལས་ཅི་ཡིན་བརྟགས་པས་སྐྱེ་བ་མང་པོ་ནས་མང་པོ་ཞིག་ལ་དམྱལ་བ་ཤ་སྟག་བརྒྱུད་ཀྱིན་བསྡད་པ་མ་གཏོགས་ཡར་གྱི་ཕུགས་གང་ཡིན་མ་གཟིགས་པས། དེ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པས། དེ་སངས་རྒྱས་འོད་སྲུང་གི་དགེ་འདུན་ལ་མི་འདིས་ཚུལ་ཁྲིམས་འཆལ་བ་འདི་རྣམས་ཟེར་བ་ལ་སོགས་པ་དགེ་འདུན་སྤྱི་ཁྱབ་ལ་བསྐུར་བ་བཏབ་པའི་ལས་ཡིན་པ་རེད། འདི་སྐྱེ་བ་ལྔ་བརྒྱའི་ཐ་མ་རེད་ད་དུང་སངས་རྒྱས་མང་པོའི་སྐུ་ཚེ་ལ་ཐར་རྒྱུ་ཡོད་པ་མ་རེད་ཅེས་གསུངས་པ་ལྟར་རེད། ཁྱད་པར་དུ་དོན་དག་ཆེན་པོ་མེད་ས་ནས་མི་ཁར་རྒྱུགས་པ་ལ་སོགས་པའི་རྐྱེན་གྱིས་སྐུར་བ་བཏབ་ནས། སྐྱེ་བ་ནས་ཚེ་རབས་རྣམས་སུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དང་འཕགས་པའི་དགེ་འདུན་རྣམས་ལ་དོན་མེད་སྐུར་འདེབས་བྱས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་མཐོལ་ལོ་བཤགས་སོ་གསུངས། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །ཞེས་པའི་གོ་དོན་ཞིབ་ཕྲའི་ཐོག་ནས་བཤད་ན། བྱང་ཆུབ་སེམས་དཔའ་ཞིག་གིས་ཁམས་གསུམ་གྱི་སེམས་ཅན་ལམ་ལ་མ་ཞུགས་པ་ཐམས་ཅད་བསད་པ་ལས་སྔར་བྱང་ཆུབ་ཀྱི་སེམས་ཤིག་སྐྱེས་པའི་སྟོབས་ཀྱིས་དེའི་རྒྱུད་ཀྱི་དགེ་རྩ་ཆད་པ་མ་རེད། གོ་ཆ་གཞི་ནས་བགོ་དགོས་པ་མ་རེད། བྱང་ཆུབ་སེམས་པ་ཞིག་ལ་ཁྲོས་ཏེ་ཚིག་རྩུབ་མོ་ཞིག་བརྗོད་ན། བྱང་ཆུབ་ཀྱི་སེམས་དང་བསྔོ་བས་ཟིན་ཀྱང་རུང་མ་ཟིན་ཀྱང་རུང་དགེ་རྩ་སྔར་བསགས་ཐམས་ཅད་འཇོམ་ཞིང་། ཁྱད་པར་དུ་ཁྲོ་བའི་ཡུལ་ལུང་བསྟན་ཐོབ་པ་ཞིག་ཡིན་ན་ཁྲོ་བ་པོའི་གོ་ཆ་གཞི་ནས་བགོ་དགོས་པ་རེད། དེ་ཚོ་ཞིབ་ཕྲའི་གོ་བ་རེད།
ལྔ་པ་ལོག་ལྟའམ་སྡིག་ལྟ་ངན་པ་བྱེ་བྲག་ཏུ་བཤགས་པ།
དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། ཟག་བཅས་དང་ཟག་མེད་ཀྱིས་བསྡུས་པའི་རྣམ་དཀར་དགེ་བའི་ལས་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་ཕན་ཡོན་དང་། མི་དགེ་སྡིག་པའི་ལས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བྱས་ན་ཉེས་དམིགས་ཡོད་རབས་དང་། དམྱལ་བའི་སྡུག་བསྔལ་ལ་མཚོན་ན་ཚ་དམྱལ་དང་གྲང་དམྱལ་གྱི་སོ་སོའི་སྡུག་བསྔལ་གང་ཡིན་ཀྱང་ཚིག་གིས་མཚོན་མི་ཐུབ་པའི་སྡུག་བསྔལ་ཡོད་པ་རེད། ཚ་དམྱལ་ལྟ་བུར་མཚོན་ན་ཚ་དམྱལ་བརྒྱད་ཀྱི་ནང་གི་སྡུག་བསྔལ་ཆུང་བ་ཡང་སོས་ཀྱི་སྡུག་བསྔལ་རེད། འུ་ཚོའི་འཇིག་རྟེན་གྱི་ཁམས་ཀྱི་དེའི་སྡུག་མེད་པའི་སྡུག་བསྔལ་གྱིས་མི་ཚེ་གཅིག་ལ་མནར་བ་དེས་དེ་ཚང་གི་སྡུག་བསྔལ་དུས་ཚོད་སྐར་ཆ་ཙམ་གྱི་སྡུག་བསྔལ་གྱི་ཕྱེད་ཀ་ཡོང་བ་མ་རེད། ཚེ་ཚད་ཀྱང་མི་ལོ་ལྔ་བཅུ་ལ་ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་དེ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ཡིན་པ་རེད། དེ་ལྟར་བརྩིས་ན་རྒྱལ་ཆེན་རིགས་བཞིའི་ལོ་གཅིག་ཞག་པོ་སུམ་བརྒྱ་དྲུག་ཅུ་ནི་རང་རེའི་ལོ་ཁྲི་གཅིག་དང་རབ་ཅིག་རེད་ཡོད་པ་རེད། དེ་འདྲ་ལྔ་བརྒྱ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ཡིན་པ་རེད། དམྱལ་བ་ཡང་སོས་ཀྱི་ཞག་གཅིག་འུ་བུ་ཚོའི་མི་ལོ་ཁྲི་དགུ་བརྒྱ་དང་འབུམ་དགུའོ། །དམྱལ་བའི་སྡུག་བསྔལ་དང་ཚེ་ཚད་དེ་དག་ཐོས་ཚེ་དེ་འདྲ་ཡིན་ནམ་མིན་བདེན་ནམ་མི་བདེན་སྙམ་པ་དང་། རང་བཞིན་གྱི་བཤད་ཚོད་ཙམ་ཞིག་ཡིན་པ་རེད་སྙམ་པ་ལ་སོགས་པ་རྒྱུ་འབྲས་ལ་ལོག་ལྟ་བྱས་པ་དང། མཚམས་མེད་པའི་ལས་ཕ་མ་དགྲ་བཅོམ་བསད་པ་ལས་ཀྱང་ཉེས་པ་ཆེ་བའི་ལས་ཤིག་བསགས་རྒྱུ་མེད་མོད། ད་དུང་དེ་བས་ཀྱང་ཐུ་བའི་ལས་ངན་ཡིན་གསུངས་པ་རེད། འདི་མཚམས་མེད་ལས་ཐུ་བའི་ལས་ངན་ཡིན་གསུངས་པ་ནི་དགེ་རྩ་ཆད་པའི་ཐད་ནས་གསུངས་པ་རེད། རྣམ་སྨིན་གྱི་ངོས་ནས་མཚམས་མེད་པའི་ཐུ་རེད་ཟེར་རྒྱུ་ཡོད་པ་མ་རེད། དགེ་རྩ་ཆད་ནས་བསྐལ་ཆེན་མང་པོར་ཐར་བ་མེད་པའི་ངན་སོང་ནས་ངན་སོང་དུ་བརྒྱུད་དེ་སྡུག་བསྔལ་མྱོང་དགོས་པའི་ལས་ངན་བསགས་པ་ཐམས་ཅད་མཐོལ་ལོ་བཤགས་སོ་གསུངས། འདི་དམན་ལ་དགག་སྒྲ་སྦྱར་ཏེ་ཡུན་རིང་དུ་མི་ཐར་པ་ལ་གསུངས་པ་ཡིན་གྱི་རིགས་ཆད་སོང་བའི་དོན་མིན་ནོ། རྒྱུ་འབྲས་ཡིད་ཆེས་ཀྱི་ཡང་དག་པའི་ལྟ་བ་ལས་བཟློག་སྟེ་ལོག་རྟོག་གི་མུན་པར་འཁྱམ་པ་ལ་རིགས་གཉིས་ཕྱེ་ཆོག་པ་རེད། མུ་སྟེགས་པ་དང་མཐའ་འཁོབ་ལ་སྐྱེས་པའི་མི། དེ་དང་ཕྱོགས་གཏོགས་ཀྱི་མི་སྡིག་ལྟ་ཅན་འདི་ཕྱི་མེད། ལྷ་མེད་འདྲེ་མེད་རྒྱུ་འབྲས་མེད་ཅེས་སྐུར་བ་འདེབས་པའི་རིགས་བདུད་རིགས་ཀླ་ཀློའི་ལྟ་བ་ཅན་དང་། ཡང་ཆོས་དྲེད་པ་འགའ་རེ་ལྟ་ཕྱོགས་སུ་སྤྱོད་པ་ཤོར་ནས་ནག་པོ་ཁ་འབྱམས་དགེ་མེད་སྡིག་མེད་རུ་ཏྲ་ཐར་བ་ནག་པོ་ལྟ་བུ་ཡང་ཡོད་པ་རེད། དེས་ན་སངས་རྒྱས་ལ་དད་པ་ཡོད་ཅིང་ནང་བའི་ཆོས་པ་ཞིག་ཡིན་ཕྱིན་སངས་རྒྱས་ཀྱི་ཡེ་ཤེས་ལ་ཐེ་ཚོམ་བྱེད་མི་རུང་། སངས་རྒྱས་ཀྱི་ཡེ་ཤེས་ལ་ཐེ་ཚོམ་མེད་ཕྱིན་སངས་རྒྱས་ཀྱི་གསུང་ལ་རྩི་དགོས། སངས་རྒྱས་ཀྱི་གསུང་རྒྱལ་བའི་བཀའ་ཐམས་ཅད་ཀྱི་རྩ་བ་ལས་རྒྱུ་འབྲས་སྤོང་བླང་འདོར་ལེན་གྱི་ནང་དུ་མ་འདུས་པ་ཞིག་དང་དེ་ལས་ལྷག་པའི་ཉམས་སུ་ལེན་བྱ་ཞིག་ཡོད་པ་མ་ཡིན། རྒྱལ་བའི་བཀའ་ལྟར་དུ་རང་གིས་ལག་ལེན་བྱས་ཏེ་ཉམས་སུ་ལེན་རྒྱུ་ཞིག་ལས་ཐར་བའི་ལམ་ལ་འདྲེན་ཐབས་ཤིག་རྒྱལ་བ་ཉིད་ལ་ཡོད་པ་མ་ཡིན། མདོ་ལས། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱིས། །ཐར་བ་རང་ལ་རག་ལས་བརྩོན་པར་མཛོད། །ཅེས་གསུངས་སོ། །དད་པའི་སྟོབས་ཞེས་པ་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་པར་བསྟོད་པ་དེ་ཡིན། རྒྱུ་འབྲས་ལ་ཡིད་ཆེས་མེད་ན་སངས་རྒྱས་དང་སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་པ་མ་རེད། ཡིད་མ་ཆེས་ན་དེ་བས་ཐུ་བའི་སྡིག་པ་ཞིག་འཇིག་རྟེན་ན་མི་སྲིད་། བདེ་བ་ཅན་ལ་ཨེ་སྐྱེ་བསམ་མཁན་ཞིག་ཡིན་ཕྱིན། རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་འཇིག་རྟེན་ཡང་དག་གི་ལྟ་བ་དང་པོ་ཡོད་པ་གནད་ཆེ་བ་ཡིན། འདི་ཡན་ཆད་རང་བཞིན་གྱི་སྡིག་པ་བཤད་ཚར་ནས། འདིས་མཚམས་སུ་བཅས་པའི་ལྟུང་བ་བྱུང་བའི་སྡིག་པ་བཤགས་པ་ཡིན།
གཉིས་པ་བཅས་ལྟུང་གི་སྡིག་པ་ངོ་ཤེས་པ་བཤགས་པ།
དེ་ལ་གསུམ་སྟེ། སོ་ཐར་གྱི་བཅས་ལྟུང་བཤགས་པ། བྱང་སེམས་ཀྱི་ལྟུང་བ་བཤགས་པ། སྔགས་ཀྱི་བསླབ་པ་དང་འགལ་བ་བཤགས་པའོ།།
དང་པོ་སོ་ཐར་གྱི་བཅས་ལྟུང་བཤགས་པ།
ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤངས་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤངས་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །ཞེས་སོ་སོར་ཐར་བའི་འདུལ་ཁྲིམས་སྲུང་བར་ཁས་བླངས་པའི་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་རྗེས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་འདུལ་ཁྲིམས་སྲུང་དགོས། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་གང་དག་ཅེ་ན། སྡོམ་པའི་རྩ་བ་ཕམ་པ་བཞི། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། མི་ཆོས་བླ་མའི་རྫུན་དང་བཞི། དགེ་འདུན་ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས། དེ་ཐམས་ཅད་སྡེ་ཚན་གྱིས་ཕྱེ་ན་ལྟུང་བ་སྡེ་ལྔའི་ནང་དུ་འདུས། ཕམ་པ། ལྷག་མ། ལྟུང་བྱེད། སོར་བཤགས། ཉེས་བྱས་དང་ལྔའོ། །ལྟུང་བྱེད་ལ་རིགས་གཉིས་བྱེད་ན་སྤངས་ནས་བཤགས་དགོས་པ་སྤང་ལྟུང་དང་། ཆད་ལས་ལ་ལྟོས་མི་དགོས་པ་ལ་ནི་ལྟུང་བྱེད་འབའ་ཞིག་པ་ཞེས་བྱ། ཕམ་ལྷག་གཉིས་ཀ་ལ་སྦོམ་པོ་དང་སྦྱོར་བའི་ཉེས་བྱས་གསུངས་པ་དེ་རྣམས་རང་རང་གི་སྡེ་ཚན་ལ་གཏོགས་པ་ཡིན། དེ་ལྟར་དགེ་སློང་གི་ཁྲིམས་ཉེས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་ནང་ནས། སྡོམ་ལྡན་བསླབ་པ་སྲུང་བའི་དགེ་སློང་གིས་སྣེ་རེ་ཉམས་ཀྱང་མ་བཤགས་ན་ཉེས་པར་འགྱུར། དེའི་ཤུགས་བསྟན་ལ་དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི། དེ་བཞིན་དུ་དགེ་སློབ་མ་དང་དགེ་ཚུལ་མའི་ཁྲིམས། དགེ་ཚུལ་གྱི་ཁྲིམས་རགས་པ་བཅུ། བླངས་འདས་སོ་གསུམ། དགེ་བསྙེན་གྱི་གསོད་རྐུ་རྫུན་སྨྲ་འདོད་ལོག་སྨྱོས་འགྱུར་ཆང་དང་བཅས་སྤང་བ་ལ་སོགས་པ་བསྡུས་ཡོད་པ་ཡིན། སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །ཞེས་གསུངས། དེ་ལྟར་སོ་ཐར་གྱི་འདུལ་ཁྲིམས་དང་འགལ་བའི་ཉེས་པ་ཐོག་མེད་ནས་ད་ལྟའི་བར་དུ་བསགས་པ་མཐོལ་ལོ་བཤགས་གསུངས། ཚུལ་ཁྲིམས་མ་བསྲུང་བའི་ཉེས་དམིགས་དང་བསླབ་གཞི་འགའ་རེ་བསྲུངས་བ་དང་དེའི་སྟེང་དུ་སངས་རྒྱས་ལ་དད་པའི་ཕན་ཡོན་གྱི་གཏམ་རྒྱུད་ཅིག་བཤད་ན། སངས་རྒྱས་བཅོམ་ལྡན་འདས་ག་ཤེད་ལ་བྱོན་བཞིན་ཡོད་པའི་ལམ་ཁ་ཞིག་ན་ས་སྟོང་གི་གླང་པོ་ཆེ། གླང་པོ་ཆེ་རི་དྭགས་ཀྱི་ཁྱུ་ན་ཡོད་པའི་རི་དྭགས་ཚོ་གཅིག་ཡོད་འདུག དེའི་རི་དྭགས་ཚོ་གཅིག་དེ་སེང་གེ་ལ་སྐྲག་ནས་རང་གི་ཁྱུ་བསྲུངས་ཏེ་རིའི་རྩེ་མོ་ཞིག་ན་ཚང་མ་མཉམ་དུ་ཡོད་པའི་དུས་ཤིག་ལ། དེའི་ནང་ནས་གླང་པོ་ཆེ་གཙོ་བོ་དེས་སངས་རྒྱས་བཅོམ་ལྡན་འདས་བྱོན་གྱིན་ཡོད་པ་རྒྱང་ནས་མཇལ་ཏེ་ཁོ་རང་ལ་དགའ་བའི་སེམས་སྐྱེས་ཏེ་གཅིག་པུར་རི་མགོ་ནས་མར་བབ་སྟེ་སངས་རྒྱས་བཅོམ་ལྡན་འདས་ལ་སྐོར་བ་བྱས། ཤིང་ནྱ་གྲོ་ཏའི་ཡལ་ག་ཞིག་སྣ་ལྗག་གིས་བཟུང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལུས་ལ་ཉི་མས་མི་གདུང་པའི་ཕྱིར་དུ་དབུའི་སྟེང་དུ་བཟུང་སྟེ། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་འབྲང་ནས་གྲོང་གཞན་ཞིག་ལ་མ་སླེབ་ཀྱི་བར་དུ་བསྐྱལ་ཏེ་ཕྱིར་ལ་སོང་བ་རེད། གླང་པོ་ཆེ་ཕྱིར་ཡོང་སའི་ལམ་བར་ནས་སེང་གེ་དང་འཕྲད་དེ་བསད། ཚེ་འཕོས་པ་དང་ལྷ་ཡུལ་དུ་སྐྱེས། དེས་གནས་གསུམ་ལ་བརྟགས་པས་སྔོན་གྱི་གནས་ཤེས་ཏེ་ལྷའི་རྫུ་འཕྲུལ་གྱིས་དེ་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདུན་དུ་ཡོང་ནས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་སྣ་ཚོགས་པས་མཆོད་དེ་ཆོས་ཉན་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། གླང་པོ་ཆེའི་སྐྱེ་བ་ལྷ་དེས་དགའ་བའི་མདངས་དང་བཅས་ཏེ་བཅོམ་ལྡན་འདས་ལ། ཁྱེད་ཀྱི་བཀའ་དྲིན་འདི་ལྟ་བུ་ཕས་མ་བསྐྱངས་མས་མ་བསྐྱངས་ལྷ་དང་རྒྱལ་པོས་ཀྱང་བསྐྱངས་མྱོང་བ་མ་ཡིན། བཅོམ་ལྡན་འདས་ཁྱེད་ཀྱིས་ང་འཁོར་བའི་རྒྱ་མཚོའི་ཕ་མཐར་བསྐྱལ་བཞག་པ། ཐུབ་པ་ཁྱེད་ཀྱི་ཞལ་ལན་གཅིག་མཐོང་བས་འདི་འདྲའི་འཕགས་པ་རྒྱས་པའི་ཞི་བའི་གོ་འཕང་ཞིག་ཐོབ་པ་ཡིན་ཞེས་བསྔགས་བརྗོད་བྱས། ཞབས་ལ་ཕྱག་འཚལ་ཏེ་ཕྱིར་ལྷ་ཡུལ་དུ་ཕེབས། དེའི་ཕྱི་ཉིན་དགེ་སློང་རྣམས་ཀྱིས་དེའི་ལས་ཀྱི་རྒྱུ་ཞུས་པས། བཅོམ་ལྡན་འདས་ཀྱིས་འདི་ལ་འདས་པའི་ལས་ཀྱི་རྒྱུ་ཡང་ཡོད་ལ་ད་ལྟར་བྱུང་བའི་ལས་ཀྱི་རྒྱུ་ཡང་ཡོད་པ་རེད་གསུངས། འདས་པའི་ལས་ཀྱི་རྒྱུ་ཅི་ཞིག་ཡོད་ཅེ་ན། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཞུགས་ཏེ་སོ་ཐར་གྱི་སྡོམ་པ་བླངས། དེ་དུས་བསླབ་གཞི་ཆེ་ཕྲ་འགའ་རེ་ཉམས་ཏེ་དུད་འགྲོར་སྐྱེ་བ་བླངས། ཡང་བསླབ་གཞི་འགའ་རེ་ལེགས་པར་བསྲུངས་ནས་སྨོན་ལམ་བཏབ་པའི་སྟོབས་ཀྱིས་ད་ལྟར་ཆོས་ཐོས་པར་མ་ཟད་བདེན་པ་མཐོང་། ད་ལྟའི་སྐབས་སུ་བྱས་པའི་ལས་ནི་གླང་པོ་ཆེའི་ལུས་ལེན་སྐབས་ཁོང་ལ་བསྙེན་བཀུར་བྱས་ཏེ་སེམས་དགའ་བའི་སྟོབས་ཀྱིས་ལྷ་ཡུལ་དུ་སྐྱེས་པ་རེད་ཅེས་གསུངས། བསླབ་གཞི་ཆེ་ཕྲ་ཆུང་གསུམ་ཐམས་ཅད་བསྲུང་ན་གནས་སྐབས་མངོན་མཐོ་ནས་མཐར་ཐུག་ངེས་པར་ལེགས་པའི་ས་ལ་བགྲོད་ཐུབ་པའོ།།
གཉིས་པ་བྱང་སེམས་ཀྱི་ལྟུང་བ་བཤགས་པ།
ནག་པོ་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །ཞེས་གསུངས་སྟེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྤྱིའི་མཚན་ཉིད། གཞན་དོན་དུ་རྫོགས་བྱང་གི་སྒྲུབ་པ་ཁྱད་པར་ཅན་གྱི་མཁྱེན་པ་གང་ཞིག་སྒོ་གསུམ་གྱི་ཉེས་པ་མ་ལུས་པ་སྤོང་བའི་སེམས་པ་བྱང་སྡོམ་གྱི་ངོ་བོ། དེ་ལ་རགས་པ་བརྡ་ལས་བྱུང་བ་ཞིག་དང་ཕྲ་བ་ཆོས་ཉིད་ལས་ཐོབ་པའི་ཁྱད་པར་ལས། ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་རྣམ་པ་གཉིས་ལ་འཇོག་པ་ཡིན་པས། ཀུན་རྫོབ་སེམས་བསྐྱེད་སྨོན་འཇུག་གི་བདག་ཉིད་ཆོ་ག་ལས་ཐོབ་པ་དང་། དོན་དམ་སེམས་བསྐྱེད་ཆོ་ག་ལ་མི་ལྟོས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་སྐྱེ་བའོ། །ཀུན་རྫོབ་སེམས་བསྐྱེད་སྨོན་འཇུག་གི་བདག་ཉིད་ཅན་སྲོལ་གཉིས་གང་རུང་གིས་བླངས་ཏེ་དེའི་བསླབ་པའི་གཞི་མཐའ་དག་ལ་ཚུལ་བཞིན་དུ་བསླབ་དགོས་པ་ཡིན་པས། མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུ་སྤྱོད། །ནག་པོའི་ཆོས་བཞི་སྤངས་ཤིང་ཟློག་པ་ནི། །དཀར་པོ་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། ཅེས་གསུངས་པ་ལྟར། རྫུན་གྱིས་བླ་མ་དང་མཁན་སློབ་ཀྱི་དབུ་བསྐོར་ཏེ་མཆོད་འོས་བསླུ་བ། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་དུ་བཅུག་པ། བྱང་ཆུབ་སེམས་དཔའ་ལ་སྐུར་བ་འདེབས་པ། འདིར་བྱང་ཆུབ་སེམས་དཔའ་གསུངས་པ་འདི་སེམས་བསྐྱེད་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྒྲ་འཇུག་པ་ཡིན། སེམས་ཅན་ལ་གཡོ་སྒྱུའི་ཚིག་གིས་མགོ་རྨོངས་པར་བྱེད་པ་འདི་བཞི་ནག་པོའི་ཆོས་བཞི་ཡིན། དེ་ལས་ཟློག་པ་དཀར་པོའི་ཆོས་བཞིའོ། །ལྟུང་བ་ལྔ་ལྔ་བརྒྱད་གསུངས་པ་ནི་བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ། དཀོན་མཆོག་གི་དཀོར་འཕྲོགས་པ། ཆོས་སྤོང་བྱེད་པ། དགེ་ཚུལ་སློང་བརྡུང་ཕྲོག་བྱེད་པ། མཚམས་མེད་ལྔ་བྱེད་པ། ལོག་ལྟ་བྱེད་པའོ། །བྱང་སེམས་བློན་པོ་ལ་འབྱུང་ཉེ་བ་ལྔ་ནི། གྲོང་ལྗོངས་གྲོང་ཁྱེར་གྲོང་བརྡལ་ཡུལ་འཁོར་རྣམས། །འཇོམ་པར་བྱེད་པའང་བློན་པོར་ངེས་པ་ལྔ། །ཞེས་གསུངས་ཏེ། རྒྱལ་པོ་ལ་འབྱུང་ཉེ་བ་དང་པོ་བཞིའི་སྟེང་དུ་གྲོང་ལྗོངས་གྲོང་ཁྱེར་གྲོང་རྡལ་ཡུལ་འཁོར་བཅོམ་པ་སྟེ་ལྔ་པོ་གཅིག་ཏུ་བརྩིས་པས་ལྔའོ། །ཕལ་བ་ལ་འབྱུང་ཉེ་བ་བརྒྱད་ཀྱིས་ལྔ་ལྔ་བརྒྱད་རེད། ཕལ་བ་ལ་འབྱུང་ཉེ་བ་བརྒྱད་ནི། མ་སྦྱང་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །རྫོགས་བྱང་ཕྱིར་ཟློག་ཐེག་དམན་སེམས་བསྐྱེད་དང་། །སོ་ཐར་སྤངས་ནས་ཐེག་ཆེན་སློབ་པ་དང་། །ཉན་ཐོས་ཐེག་པས་ཆགས་སོགས་མི་བཟློག་པས། །དེ་བཟློག་དེ་ཡི་འབྲས་བུ་མེད་པར་བྱས། །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨོད་དང་། །རྙེད་དང་བཀུར་སྟིའི་ཆེད་དུ་བདག་འཚོང་དང་། །དགེ་སློང་ཆད་པས་གཅོད་འཇུག་སུག་འབུལ་དང་། །སྤོང་བའི་ལོངས་སྤྱོད་ཁ་ཏོན་པ་ལ་སྦྱིན། །ཞི་གནས་འདོར་བཅུག་ཕལ་ལ་འབྱུང་ངེས་བརྒྱད། །དེ་ལྟར་བྱང་ཆུབ་སེམས་ཀྱི་བསླབ་པ་ཉམས་ཤིང་དེ་ལས་འགལ་བར་གྱུར་བའི་ལས་གང་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ་གསུངས། སྤྱོད་འཇུག་ལས། དེ་ལྟར་ཇི་ལྟར་དམ་བཅས་བཞིན། །བདག་གིས་གུས་པར་བསྒྲུབ་པར་བྱ། །དེང་ནས་བརྩོན་པར་མ་བྱེད་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར། བྱང་ཆུབ་དུ་སེམས་བསྐྱེད་ནས་བསླབ་བྱ་མི་ཉམས་པར་མ་བསྲུང་ན་འོག་ནས་འོག་ཏུ་འགྲོ་བ་ཡིན་པས་ན་བསྲུངས་ཤིང་བཤགས་པ་ལ་བརྩོན་དགོས། བྱང་ཆུབ་སེམས་དཔས་གཞན་ལ་ཕན་པ་འབའ་ཞིག་ལ་བརྩོན་པའི་གཏམ་རྒྱུད་ཅིག་བཤད་ན། སྔར་འདས་པའི་དུས་སུ་ཡུལ་ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་རྒྱལ་པོ་ཚངས་པས་བྱིན་ཞེས་པས་རྒྱལ་སྲིད་སྐྱོང་བའི་སྐབས་ཤིག་ལ། ཡུལ་དེ་ན་དེད་དཔོན་དབྱིག་ཅེས་པ་ཞིག་ཡོད་པ་དེར་བུ་དབྱིག་དགའ་ཞེས་བྱ་བ་དེས་རང་གི་ཕ་ཤི་རྗེས་སུ་བསོད་ནམས་བསགས་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་ཐེངས་མ་དྲུག་གི་བར་དུ་ནོར་བུའི་རིགས་ལེན་སར་སོང་ནས་ཉེར་འཚེ་མེད་པར་ཕྱིར་ལ་འགོ་ཐོན་འཚམས་པོར་འཁོར་ནས་བསོད་ནམས་སྙན་གྲགས་ཅན་ཞིག་རེད། སྐབས་དེར་གྲོང་ཁྱེར་གཞན་པ་ལྔའི་དེད་དཔོན་ཆེ་བ་ལྔ་ཡོད་པ་དེ་ལྔ་ཡོང་ནས། དེ་རྣམས་ཀྱིས་སྔོན་མ་གྲུ་གཟིངས་མགོ་མ་ཐོན་པས་ཐེངས་དེར་དེད་དཔོན་དབྱིག་དགའི་གམ་དུ་ཡོང་ནས་ངེས་པར་ད་ཐེངས་ཁྱོད་ཀྱིས་དེད་དཔོན་བྱས་ཏེ་ཐེངས་གཅིག་འགྲོ་དགོས་ཤེས་ཞུ་བ་བྱས་པས། དེད་དཔོན་དབྱིག་དགས་སྨྲས་པ་ཐེངས་མ་བདུན་ལ་རྒྱ་མཚོའི་ནང་ནས་དོན་འགྲུབ་མཁན་ཞིག་ཡོད་མ་མྱོང་བས་མགོ་ཐོན་དཀའ་རྒྱུ་རེད། འོན་ཀྱང་ཁྱེད་རྣམས་ཀྱི་བསམ་པ་རྫོགས་ཆེད་དུ་ཁྱེད་རྣམས་ཀྱི་འདོད་པ་བཞིན་དུ་བསྒྲུབ་ཆོག་ཁྱེད་རྣམས་ཀྱི་ངོ་བཟློག་མི་ཐུབ་ཅེས་བཤད་དེ། དེད་དཔོན་དབྱིག་དགས་གཞན་པ་ལྔ་པོ་ཁྲིད་དེ་གཟིངས་ལ་ཞུགས་ནས་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་སོང་། ཕར་ལམ་འཚམས་པོར་ཐོན་ནས་རིན་པོ་ཆེ་གྲུ་གང་བླངས་ཏེ་ཕྱིར་ཡོང་བཞིན་ཡོད་སྐབས་དེར། ཕྱིར་ལ་ཡོངས་སྐབས་མགོ་ཐོན་འཚམས་པོར་ཐོན་པའི་རྟགས་དང་མཚན་མ་གང་ཡང་མེད་པས། དེད་དཔོན་དབྱིག་དགས་རིན་པོ་ཆེ་རིན་ཐང་གང་གི་ཆེ་བ་འགའ་ཞིག་རས་སྒྱེའི་ནང་དུ་བླུགས་ཏེ་རང་གི་སྐེད་པ་ལ་དཀྲིས་ནས། གཞན་པ་རྣམས་ལ་སྨྲས་པ་གལ་སྲིད་གྲུ་འདི་ཞིག་འདྲ་སོང་ནས་དགྲས་གནོད་པ་འདྲ་ཡོང་ན་ངའི་ལུས་ལ་འཐམ་ནས་ང་མ་མངག་ཅེས་སྨྲས། དེ་ནས་སོང་སོང་མཐར་བར་མཚམས་ཤིག་ནས་ཆུ་གནས་གདུག་པ་ཅན་འགའ་ཞིག་དང་འཕྲད་དེ་གྲུ་གཟིངས་གཏོར་ཤོར། དེད་དཔོན་ལྔ་པོ་སྐྲག་ནས་དབྱིག་དགའི་ལུས་པོར་འཐམ་འདུག དབྱིག་དགས་སྙམ་པ་ངས་འདི་རྣམས་རང་ཉིད་གསོན་བཞིན་དུ་རྒྱ་མཚོའི་ཕ་རོལ་དུ་བསྐྱལ་ཐུབ་རྒྱུ་མ་རེད། རྒྱ་མཚོ་ཆེན་པོ་རོ་དང་ལྷན་ཅིག་མི་གནས་པས་ང་ཤི་ན་རྒྱལ་མཚོ་ཆེན་པོ་ལས་འདི་རྣམས་ཐར་འགྲོ་བ་རེད་སྙམ་ནས་དེ་དག་ལ། ཁྱེད་རྣམས་མ་སྐྲག་ཅིག་སེམས་བརྟན་པོ་གྱིས་དང་ངས་རྒྱ་མཚོའི་ཕ་རོལ་ཏུ་ཁྱེད་རྣམས་བདེ་མོར་བསྐྱལ་ཆོག རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་སྐབས་ངའི་ལུས་འདི་དོར་མ་འཇོག་དང་ངའི་སྐེད་པ་ན་བཅང་ཡོད་པའི་རིན་པོ་ཆེ་རིན་ཐང་ཅན་མང་པོ་ཡོད་པ་ཡིན། དེ་རྣམས་ཁྱོད་ཚོས་བགོས་ནས་ལོངས་སྤྱོད་དང་ཁྱེད་རྣམས་ཀྱི་མི་རབས་བདུན་བརྒྱད་ཚུན་ཆད་དུ་འདང་འགྲོ་བ་ཡིན་ཞེས་སྨྲས། དེ་ནས་དེད་དཔོན་དབྱིག་དགས་སེམས་ཅན་གྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སྨོན་ལམ་བཏབ་སྟེ་མཚོན་རྣོན་པོ་སྐེད་པ་ནས་ཤབས་ཏེ་རང་གི་སྐེ་བཅད་དོ། །རྒྱ་མཚོའི་ཀླུ་གཙང་སྦྲ་ཅན་རྣམས་ཀྱིས་རོ་རྒྱ་མཚོའི་འགྲམ་གྱི་ཐང་ཞིག་ལ་འཕང་བཞག་པ་རེད། དེ་ནས་དེད་དཔོན་ལྔ་པོའི་སྲོག་མགོ་ཐོན་དེད་དཔོན་དབྱིག་དགའི་སྐེད་པའི་རིན་པོ་ཆེ་ཚང་མ་བགོས། དེད་དཔོན་དབྱིག་དགའི་གདུང་ལ་མཆོད་འབུལ་བྱས། དེ་དཔོན་དབྱིག་དགའ་དེ་བདག་ཅག་གི་སྟོན་པ་སློབ་པ་ལམ་ན་ཡོད་དུས་ཀྱི་སྐྱེས་རབས་ཤིག་ཡིན་པ་རེད། དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྲོག་གི་ཕྱིར་ཡང་གཞན་བློས་མི་འདོར་དེ་བདེ་བ་ཅན་ལ་སྐྱེས་ནས། བྱང་ཆུབ་སེམས་དཔའི་གཙོ་བོ་རྒྱལ་བའི་གདུང་འཚོབ་ཏེ་མགོན་པོ་འོད་དཔག་མེད་ཀྱི་རྒྱལ་ཚབ་དུ་གྱུར་ནས་བསྐལ་བའི་ཕྱི་མཐར་མ་ཐུག་གི་བར་དུ་སེམས་ཅན་གྱི་འགྲོ་དོན་བྱེད་པའི་རྒྱུར་གྱུར་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཙམ་དུ་མ་ཟད་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཐོག་ཏུ་བསླབ་པ་མི་ཉམས་པར་སྲུང་བ་དེ་གནད་ཆེའོ། །དེ་རིང་གི་ཆོས་མཚམས་བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས་གསུངས་སའི་མཚམས་འདི་ནས་འཇོག ཐམས་ཅད་ཀྱིས་ཐུན་གྱི་ནང་ཡིན་ན་འདྲ། ཆོས་ཁྲིད་དང་འཚོགས་པ་འཚོགས་པའི་སྐབས་ཡིན་ན་འདྲ། ཐུན་མཚམས་ཀྱི་སྐབས་བར་གསེང་གི་ཕྱག་སྐོར་བ་བྱེད་དུས་དང་ཟ་འཐུང་འགྲོ་འདུག་གི་སྤྱོད་ལམ་ཐམས་ཅད་ཀྱི་སྐབས་སུ་སེམས་ཀྱིས་ཅི་ཞིག་བསམ་དགོས་པ་རེད་ཅེ་ན། འདིར་སྣང་མི་རྟག་སྒྱུ་མ་མདང་གི་རྨི་ལམ་ལྟ་བུ། མི་ལུས་ཐོབ། དམ་ཆོས་ཐོས། རང་དབང་ཡོད་པའི་གནས་སྐབས་འདིར། དལ་འབྱོར་དོན་ལྡན་ཞིག་བྱེད་དགོས་སྙམ་པའི་བསམ་པ་དང་སྤྱོད་པ་གཉིས་ཀ་དང་འབྲལ་མི་རུང། རྒན་རྒོན་ཡིན་པས་སྔོན་དུ་འཆི་རྒྱུ་ཞིག་དང་ལོ་ཉུང་ཡིན་པས་མི་འཆི་བའི་ངེས་པ་ཡོད་པ་མ་ཡིན། རྫ་མ་ཆག་དང་རྫ་ལུང་ཆད་སུས་ཤེས། ཕ་མ་སྔོན་ལ་ཤི་དང་བུ་རྒྱུད་སྔོན་ལ་ཤི་སུས་ཀྱང་ཤེས་པ་མ་ཡིན། གལ་སྲིད་ཕ་མའི་སྔོན་ལ་རང་ཉིད་ཤི་ན་རང་ཉིད་ལ་ཆོས་མེད་ཕ་མ་ལ་བུ་མེད་ཕྱིན་ཆད་མཉམ་དུ་འཛོམས་རྒྱུ་མེད་པའི་མེད་གསུམ་འཛོམས་པ་ཞིག་ཏུ་འགྱུར་རྒྱུ་རེད། དེ་བས་བུ་རྒྱུད་ཡིན་ན་ཆོས་བྱེད་སར་སོང་དང་རང་ཉིད་ལ་ཆོས་ཡོད་ཕ་མ་ལ་བུ་ཡོད་ཕྱིར་ཁྱིམ་ལ་སོང་ན་ཐུག་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཏེ་ཡོད་གསུམ་མཉམ་དུ་འཛོམས་པ་ཞིག་ཡོང་པ་ཡིན། གནའ་རྒྱ་གར་གྱི་རྒྱལ་པོ་ཞིག་གི་སྲས་ཀྱིས་མ་ལ། ཨ་མ་ཁྱེད་ཀྱིས་ཚེ་རབས་གཏན་གྱི་མ་བུ་འབྲལ་མེད་ཅིག་བསམ་མམ་ཚེ་འདིའི་ཡུད་ཙམ་གྱི་མ་བུ་ཞིག་བྱེད་བསམ་འདུག་ཅེས་དྲིས་པས། ཨ་མས་ཚེ་རབས་གཏན་གྱི་མ་བུ་འབྲལ་མེད་ཅིག་ལོས་བསམ་ཞེས་སྨྲས། དེས་ན་ཚེ་འདིར་གནས་སྐབས་ཀྱི་རིང་ལ་འབྲལ་དགོས་པ་རེད་ཅེས་ཡབ་ཡུམ་རྒྱལ་སྲིད་དང་བཅས་པ་སྤངས་ནས་ས་ཆ་ཐག་རིང་ཞིག་ལ་བླ་མ་ཞིག་གི་མདུན་དུ་སོང་ནས་ཆོས་ཉན་པ་རེད། དེ་འདྲའི་བུ་རྒྱུད་ཆོས་ལ་མོས་པ་ཅན་ཡོད་ན་ཕ་མས་བཀག་མིི་རུང། ཕ་མ་ཡོད་པ་ཞིག་ཡིན་ན་ནམ་ཞིག་ཕ་མ་དང་མི་འབྲལ་བར་འདུག་ས་ཞིག་སུ་ལ་ཡང་ཡོད་པ་མ་ཡིན། དེ་དུས་ཕ་མ་བུ་གསུམ་ལ་ཆོས་མེད། ཚེ་འདི་མེད་ཕྱི་མེད་རང་གཞན་གཉིས་ཀའི་དོན་མ་འགྲུབ་པར་མེད་གསུམ་མཉམ་དུ་འཛོམས་པ་ཞིག་རེད་པ་བས། ད་ལྟ་ཆོས་ཀྱི་དོན་ལ་དགོན་པ་རི་ཁྲོད། ཡང་ན་ཆོས་དང་བླ་མ་ཡོད་ས་ཞིག་ལ་སོང་ནས་གནས་སྐབས་གསོན་བྲལ་ཞིག་བྱེད་དགོས་ཐུག་ཀྱང་ཕ་མ་བུ་གསུམ་འདི་བདེ། ཕྱི་མ་བདེ། བདེ་སྐྱིད་སྙན་གསུམ་འཛོམས་པ་ཞིག་ཡོང་བ་ཡིན། ན་ཚོད་གཞོན་པའི་སྐབས་སུ་ཆོས་རེ་བྱེད་མ་ཐུབ་ན་རྒས་པའམ་རྒུད་པ་ཐོག་ལ་བབ་ཚེ་ལུས་ཀྱི་སྟོབས་ཟད། སེམས་ཀྱི་བླ་ཤེད་ཆག་དུས་ཆོས་བྱེད་འདོད་ཞེ་ན་ཡོད་ཀྱང་འགྲུབ་རྒྱུའི་ལག་འབབ་འདྲ་བོ་ཞན་ཡོང་བ་ཡིན། དེས་ན་ལས་བྱ་བ་གང་སྒྲུབ་ཀྱང་རྗེས་ནས་འགྱོད་པ་མེད་པ་ཞིག་བྱེད་དགོས། ཆོས་འཇིག་རྟེན་གཉིས་དང་མཐུན་པ་ཡ་རབས་དམ་པའི་རྗེས་སུ་འཇུག་ཐབས་ཀྱི་གདམས་ངག་ཡིན། ཧ་ཅང་འདོད་པ་ཆེ་མི་ཉན། རྒྱུ་ལོངས་སྤྱོད་ཀྱིས་སེམས་ཁ་གང་རྒྱུ་མེད། ལོངས་སྤྱོད་ཀྱི་འབྱོར་བ་ཅི་འདྲ་རྒྱས་ཀྱང་དེ་འདྲ་སྡུག་ཆེ་བ་རེད། སྐྱིད་རེའི་རྩ་ན་སྡུག་རེ་ཡོད། ཁེ་རེའི་རྩ་ན་ཕམ་རེ་ཡོད། བདེ་སྐྱིད་སྙན་གསུམ་འཛོམས་པ་ཞིག་ལ་སྡིག་སྡུག་གཏམ་ངན་ཡང་མཉམ་དུ་འོང་། འཁོར་བའི་ཕུན་ཚོགས་བློས་གཏོང་མ་ཐུབ་ན་འདི་ལ་བརྟེན་ཏེ་མི་འདོད་པ་མང་པོ་ཡོང་བ་རེད། གནའ་སྔ་མོ་ཁྱིམ་ཚང་ཞིག་གི་སྒོ་ཁར་ནང་སྔ་མོ་ཞིག་ནས་བུ་མོ་གཟུགས་མཛེས་པ་ཞིག་ཐོན་ཡོང་པ་རེད། ཁྱོད་ཀྱི་མིང་ལ་ཅི་ཟེར་ཁྱོད་ལ་ཡོན་ཏན་ཅི་ཡོད་ཅེས་དྲིས་པས། ངའི་མིང་ལ་བཀྲ་ཤིས་ལྷ་མོ་ཟེར། འདོད་དགུ་ལོངས་སྤྱོད་ཐམས་ཅད་སྦྱིན་ཞིང་གར་སོང་ལ་བཀྲ་ཤིས་པར་བྱེད་ཅེས་སྨྲས། ཁྱོད་ཁྱིམ་ལ་ཤོག་དང་ཁྱོད་ནི་ཡག་པ་ཡིན་འདུག་ཅེས་ཁྱིམ་དུ་བོས་པས། ཕྱི་དྲོ་ཞིག་ལ་ཡང་བུད་མེད་མདོག་ངན་ཞིག་ཐོན་ཡོང་བས། དེ་ཚང་གི་ཡང་ཁྱོད་ཀྱིས་མིང་ལ་ཅི་ཟེར་ཁྱོད་ལ་ཡོན་ཏན་ཅི་ཞིག་ཡོད་ཅེས་དྲིས་པས། ངའི་མིང་ལ་བྱིར་སྣ་ནག་མོ་ཟེར། ཡོན་ཏན་ཅི་ཡང་མེད་གར་བསྡད་ས་ལ་མི་འདོད་སྣ་དགུ་ཡོང་ཞིང་བཀྲ་མི་ཤིས་པར་བྱེད་མཁན་ཞིག་ཡིན་ཞེས་སྨྲས། ཁྱོད་མ་འདུག་སོང་ཞིག་ངེད་ཀྱི་ཁྱིམ་ན་བཀྲ་ཤིས་ལྷ་མོ་ཡོད་པས་དེ་ལ་གནོད་ན་མི་ཤེས་ཞེས་སྨྲས་པས། ཧེ་ཧེ་བཀྲ་ཤིས་ལྷ་མོ་ངེད་གཉིས་སྤུན་ཡིན་དེ་འདུག་དགོས་ན་ང་ཡང་འདུག་དགོས་པ་རེད་ང་འགྲོ་དགོས་ན་དེ་ཡང་འགྲོ་དགོས་པ་རེད་ཅེས་སྨྲས། དེ་ནས་བཀྲ་ཤིས་ལྷ་མོ་ལ་དྲིས་པས་དེ་བདེན་པ་རེད་ཅེས་སྨྲས། འོ་ན་གཉིས་ཀ་འདུག་མི་དགོས་ཞེས་ཕྱིའི་ཉིན་གཉིས་ཀ་ཕུད་བཞག་པ་རེད། དེའི་ཕྱིན་ཆད་ཁྱིམ་ཚང་དེ་ཚང་ལ་བཟང་ངན་གཉིས་ཀའི་མཐའ་ལ་མ་ལྷུང་བར་སྐྱིད་པོ་ཞིག་རེད་སོང་བ་རེད། ཡང་དེ་མིན་ཁྱིམ་ཚང་གཞན་ཞིག་གིས་དེ་གཉིས་ཀ་བཞག་ནས་སྔ་དྲོ་བཀྲ་ཤིས་ལྷ་མོས་མི་ནོར་ཟས་གསུམ་འཛོམས་པའི་བཀྲ་ཤིས་པ་ཞིག་བྱས་ཀྱང་། ཕྱི་དྲོ་བྱིར་སྣ་ནག་མོས་ན་ཚ་ཤི་རྐྱེན་ལ་སོགས་པ་མི་འདོད་རྣ་དགུ་བཏང་ནས་དེ་ཚང་ལ་བདེ་བདེ་ཉིན་གཅིག་ཀྱང་ཡོང་མ་ཐུབ། དེས་ན་འདོད་ཆུང་ཆོག་ཤེས་ཀྱི་འཕགས་པའི་ནོར་ནི་སོ་སོའི་སྐྱེ་བོའི་སྒྱུ་མའི་ནོར་རྫས་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པ་རེད། དེ་ལ་བསྟེན་ནས་དམ་པའི་ལྷ་ཆོས་ལ་འབད། དེའི་རྩ་བ་ཐོས་བསམ་སྒོམ་པའི་ཤེས་རབ་རང་གི་ནུས་ཚོད་རེ་གསོག་ཐུབ་ན་ཚེ་འདི་ཕྱི་རང་གཞན་གཉིས་ཀར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ནི་དེ་ཡིན།།