ཉིན་དང་པོའི་ཆོས་ཁྲིད།
བླ་སྒྲུབ་རིག་འཛིན་འདུས་པའི་རྣམ་བཤད་རིག་འཛིན་བརྒྱུད་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཁྱབ་བདག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་རིན་པོ་ཆེར་འགོད་པར་བྱ། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་ཉན་ཅིང་དེའི་དོན་ཚུལ་བཞིན་དུ་བསྒྲུབ་པར་བྱ་སྙམ་པའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་མདོ་སྔགས་སྤྱི་དང་མཐུན་པ་དང་། ཁྱད་པར་དུ་གསང་སྔགས་དག་སྣང་གི་ལམ་དང་བསྟུན་ཏེ། སྣོད་བཅུད་སྐུ་དང་ཞིང་ཁམས། སྣང་སྲིད་དག་པ་རབ་འབྱམས་སུ་གསལ་བཏབ་ནས་གསན་དགོས། འུ་ཅག་གིས་ཁར་སང་ནས་དབུ་བཙུགས་པའི་ད་ལོའི་གནམ་ལོ་གསར་པ་ས་མོ་གླང་གི་ལོ་འདིའི་ཆོས་སྒོ་དང་པོ་དབང་གིས་ཕྱེས་ནས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེའི་ནང་ཚན་གྱི་རྩ་བར་གྱུར་པ། རིག་འཛིན་འདུས་པའི་དབང་སྟེ། ལྷ་དབང་པདྨ་རཱ་གའི་ཕྲེང་བ་དང་བཅས་པའི་བཀའ་དབང་དེ་ཉིད། དམ་པ་གོང་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་ཆ་ཚང་བར་ཕུལ་གྲུབ་ནས། དེ་ཡང་སྨིན་པར་བྱེད་པ་དབང་གིས་རྒྱུད་སྨིན་པར་བྱས་པའི་རྗེས་སུ། གང་ཞིག་གསན་པར་བྱ་བ་གྲོལ་བར་བྱེད་པའི་གདམས་ཁྲིད་དང་འབྲེལ་ནས། བསྐྱེད་རྫོགས་རིམ་གཉིས་ཀྱི་ཉམས་ལེན་གནད་དུ་བསྣུན་པ་བབས་ཐོབ་ཡིན་ཞིང་། ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་འཐོབ་པར་བྱེད་པ་ནི་མཐར་ཐུག་གི་དོན་དུ་གཉེར་བྱ་དངོས་ཡིན་པས། དེས་ན་རང་རེ་སྤྱིར་སྔགས་ལ་མོས་པའི་རྟེན་ཅན། ཁྱད་པར་དུ་ཐེག་རྩེ་རྫོགས་ཆེན་གྱི་ལམ་ལ་ཞུགས། དེ་ལས་ཀྱང་ཀློང་ཆེན་སྙིང་གི་ཐིག་ལེའི་སྨིན་གྲོལ་རིམ་གཉིས་ཀྱི་ལམ་ལ་ཞུགས་པ་ཡིན་ན། དེ་ཡང་རྩ་གསུམ་གཅིག་འདུས་བྱིན་རླབས་ཀྱི་རྩ་བ་ནང་སྒྲུབ་རིག་འཛིན་འདུས་པ་འདི་རྩ་བའི་ནང་གི་རྩ་བ་རེད། ལུས་རྟེན་འདིར་རིག་འཛིན་རྣམ་པ་བཞིའི་སྒོ་ནས་ས་ལམ་ཉི་ཟླའི་བགྲོད་པ་ལྟ་བུའི་མྱུར་ལམ་ལ་བསྟེན་ནས། སྐུ་ལྔ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འཚང་རྒྱ་བའི་དགོས་པ་ཁྱད་པར་ཅན་གྱི་ལམ་སྟེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། བྱིན་རླབས་ཐམས་ཅད་ཀྱི་རྩ་བ། ནང་སྒྲུབ་རིག་འཛིན་བླ་མའི་སྒྲུབ་པའམ་རིག་འཛིན་འདུས་པའི་ཆོ་ག་འདི་ལ་བསྟེན་ནས། བསྙེན་སྒྲུབ་རྣམ་པ་བཞིས་ཁོག་ཕུབ་པའི་ཚོགས་སྒྲུབ་ཀྱི་ཚུལ་གྱིས། མཆེད་ལྕམ་དམ་ཚིག་དང་ལྡན་པ། ལས་དང་སྨོན་ལམ་གཅིག་ཏུ་མཐུན་ཞིང་མཉམ་དུ་འཚོགས་པ་རྣམས། ཞག་བདུན་གསུམ་ཉེར་གཅིག་གི་དུས་ཡུན་ལ་ལས་རུང་ཙམ་གྱི་གཞི་བསྙེན་ཞིག་འཇོག་རྒྱུའི་འཆར་གཞི་བྱས་པ་རེད། འོན་ཀྱང་དེའི་སྔོན་དུ་ལས་དང་པོ་པ་སོགས་ལ་གཙོ་བོར་དམིགས་ཏེ། ངས་བསྐྱེད་རྫོགས་ཀྱི་སྐོར་ནས་གསལ་འདེབས་ཀྱི་ཚུལ་དུ་སྐྱོར་སྦྱང་ཞིག་བྱེད་སྙམ་པ་ཡིན། སྤྱིར་རང་རེ་འདིར་བཞུགས་ཚང་མ་ལ་མཚོན་ན། ཆོས་དང་ལྡན་པའི་ལུས་བླངས། དམ་པའི་ཆོས་ཀྱི་སྒོར་ཞུགས། དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པའི་ཆོས་པའི་རྟགས་དང་མིང་འཆང་བ་འབའ་ཞིག་ཡིན་པས་ལྷག་ཏུ་ཞུ་མ་དགོས་མོད། དེ་ཡང་བཤད་པ་དེ་ལོ་རྒྱུས་དང་འབྲེལ་ནས་གཏམ་གྱིས་བཤད་པ་ཡིན་ཚེ། གཏམ་འགོ་ནས་བཤད་དེ་མཇུག་བསྐྱང་དགོས་པ་ཡིན་པས། ལར་རང་ཅག་རྣམས་ཀྱིས་དོན་གཉེར་བྱེད་བཞིན་པའི་དམ་པའི་ཆོས་ཞེས་པ་དེ་ཅི་འདྲ་ཞིག་ཡིན་པའི་དཔྱད་པ་ལ་ཞུགས་པའི་དབང་དུ་བཏང་ན། དེ་ཡང་ལྷའི་བུ་ནོར་བུ་འཛིན་གྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། ཞེས་གསུངས། སྤྱིར་ཆོས་ཞེས་པ་འདི་སྒྲ་ཙམ་འཇུག་ཡུལ་མང་ཡང་། དྷརྨ་ཞེས་པའི་སྒྲ་ལས་དྲངས་བའི་ཚེ་དམ་པའི་ཆོས་ཞེས་པ་འདི། ངན་པའི་ལམ་ལས་བཅོས་ནས་ལེགས་པའི་ལམ་དུ་འཆོས་པར་བྱེད་པའི་ཆོས་ཏེ། བཅོས་འཆོས་ཆོས་རྣམས་བྱ་བྱེད་འདས་འོངས་ཀྱི་ཁྱད་པར་ཙམ་ལས་དོན་གཅིག་ཡིན་ཞིང་། ཐར་པ་དམ་པའི་གོ་འཕང་ལ་འགོད་པར་བྱེད་པའི་ལམ་གྱི་མཆོག་དང་། ཞི་བ། བསིལ་བ། སྡུག་བསྔལ་མྱ་ངན་གྱི་ཚ་གདུང་དང་བྲལ་བའི་ཐུགས་འགོག་པ་དམ་པའི་བདག་ཉིད་ཅན་ཡིན་ཕྱིར་ལྷ་ཆོས་ཞེས་སུ་གསུངས་པ་རེད། དེ་ལྟ་བུའི་ཆོས་སམ་འཆོས་པའི་ཁྱད་ཆོས་ཅན་ཏེ། འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པ་བསྟན་བཅོས་ཀྱི་མཚན་ཉིད་ཡིན་པ་མ་ཟད། གང་གི་དགོངས་པ་འགྲེལ་བྱའི་རྒྱལ་བའི་བཀའ་ལ་དེ་བས་ཀྱང་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པ་སྨྲོས་མ་དགོས་པ་ཞིག་རེད། དེས་ན་ཆོས་སྒྲུབ་པའི་ཐོག་མར་གང་བསྒྲུབ་བྱའི་གཞི་དང་གང་ལ་བརྟེན་ནས་སྒྲུབ་པར་བྱེད་པའི་བཀའ་དང་བསྟན་བཅོས་ཞེས་པ་དེ་གང་ནས་ཇི་ལྟར་ཡོང་བ་ཤེས་པར་བྱ་དགོས་སྙམ། སྤྱིར་འདི་ལ་བཤད་ཚུལ་མང་ཡང་། དེ་ཡང་མདོ་སྔགས་སྤྱི་དང་མཐུན་པའི་བཤད་ཚུལ་ནི། དེ་ཡང་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དེ་ཉིད་རང་རིག་གདོད་མའི་དབྱིངས་སུ་སངས་རྒྱས་ཐམས་ཅད་ཀྱི་བྱེད་པོར་སངས་རྒྱས་ནས། སྤྲུལ་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པས་སེམས་ཅན་གྱི་ཁམས་མཐའ་ཡས་པའི་དོན་མཛད་པ་ལས། འུ་ཅག་ཡུལ་དུས་འདིའི་སེམས་ཅན་འདུལ་བའི་ངོ་སྐལ་དུ་སྣང་བ་ཅི་འདྲ་ཞིག་རེད་ཅེ་ན། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་ཡིན་ཞིང་། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་མང་པོར་ཚོགས་བསགས་དཀའ་བ་སྤྱད། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཞིང་འདི་ནས་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་བཅུ་གཉིས་ཀྱིས་ཐུན་མོང་དང་ཁྱད་པར་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། དེ་ཡང་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་ཆོས་ཀྱི་བརྗོད་བྱ་མཐར་ཐུག་དེ་ཉིད། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཡིན་ཞིང་། དེ་ཉིད་སྟོན་པས་གསར་དུ་བརྩམས་པའམ་བཟོས་པ་ཞིག་རེད་དམ་ཞེ་ན་མ་ཡིན་ཏེ། རང་གནས་ཀྱི་ཡེ་ཤེས་དྲི་མའི་སྦུབས་སུ་ཡོད་པ་ཇི་ལྟར་བསལ་བའི་ཐབས་ཙམ་སྟོན་པས་གསུངས་པ་ཞིག་རེད། དེས་ན་སྟོན་པས་གདུལ་བྱ་མི་འདྲ་བ་འདུལ་བྱེད་དུ་དམ་པའི་ཆོས་ཀྱི་འཁོར་ལོ་མི་འདྲ་བ་ཇི་ལྟར་བསྐོར་བར་མཛད་སྙམ་ན། ཤཱཀྱའི་རིགས་སུ་འཁྲུངས་པའི་སངས་རྒྱས་ཆགས་བྲལ། རབ་ཏུ་བྱུང་བའི་རྣམ་པ་ཅན་གྱི་སྐུ་དངོས་དེས། ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང། ཡུལ་རྒྱལ་པོའི་ཁབ་ནས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར། ཡུལ་པདྨ་ཅན་ལ་སོགས་པ་ནས་བཀའ་ཐ་མ་ངེས་དོན་གྱི་ཆོས་འཁོར་བསྐོར། ད་དུང་ཡུལ་མཱ་གྷ་དྷ་ནས་ལྷ་དང་མི་ལ་དགེ་བཅུའི་ཆོས་འཁོར་དང་། རང་རྒྱལ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་འཁོར་སོགས་ཐུན་མོང་གི་ངོར་དེ་ལྟར་ཆོས་འཁོར་བསྐོར། དེ་ལས་ཐུན་མིན་ཁྱད་པར་བ་དེ་ཐེག་པ་ཆེན་པོ་ཡིན་ཞིང་། ཐེག་ཆེན་མདོ་དང་སྔགས་ཀྱི་རྒྱུ་དང་འབྲས་བུའི་ཆོས་འཁོར་ལ། དབུ་མ་དང་སེམས་ཙམ་གྱི་དགོངས་པའི་རྣམ་གཞག་བསྟན་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། སྔགས་ཕྱི་ནང་གི་གཞུང་ལུགས་སུ་གཏོགས་པའི་འབྲས་བུ་གསང་སྔགས་ཀྱི་ཐེག་པ་སྟེ་གཉིས་ལས། ད་རེས་ཀྱི་སྐབས་དང་འབྲེལ་བའི་བཤད་བྱ་ནི་གསང་སྔགས་ཀྱི་རྒྱུད་དོན་ཡིན་པས་རྒྱུད་དང་འབྲེལ་ནས་བཤད་དགོས། སྟོན་པས་གསུངས་པའི་གསང་སྔགས་ཀྱི་རྒྱུད་ལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད་དེ་གསུམ་དུ་དབྱེ་རུ་ཡོད་ལ། དེ་ལས་བྱ་རྒྱུད་ནི་ཐུན་མོང་གི་གནས་ནེ་རཉྫ་ན་དང་ཁྱད་པར་གྱི་གནས་ལྕང་ལོ་ཅན་ལ་སོགས་པ་ནས། ལྷའི་དབང་པོ་སོགས་གསུང་སའི་གང་ཟག་ལ། གསུང་པ་པོ་སྟོན་པ་རིགས་གསུམ་མགོན་པོ་སོགས་སུ་སྤྲུལ་ནས་གསུངས་ཤིང་། དེའི་སྐབས་སུ་གསུངས་པའི་བྱ་རྒྱུད་ཀྱི་རྒྱུད་སྡེ་རྣམས་སྤྱི་རྒྱུད་དང་བྱེ་བྲག་གི་རྒྱུད་ཀྱི་དབྱེ་བ་ཅན་སྟེ། རིག་སྔགས་ཐམས་ཅད་ཀྱི་ཁོག་ཕུབ་པ་དཔུང་བཟང་གི་རྒྱུད་ལ་སོགས་པ་སྤྱི་རྒྱུད་དྲུག་དང་། འཇམ་དཔལ་དྲི་མ་མེད་པ་ལ་སོགས་པ་བྱེ་བྲག་གི་རྒྱུད་སྡེ་མང་པོ་ཡོད་པ་རྣམས་རེད། དེ་ཡང་སྤྱོད་རྒྱུད་ནི་ལྟ་སྤྱོད་གཉིས་ཀྱི་ཕྱོགས་ནས་བྱ་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་དང་ཁོག་འདྲ་ཞིང་། རྒྱུད་སྡེ་ལ་རྣམ་སྣང་མངོན་བྱང་སོགས་ཅི་རིགས་པ་གསུངས་པ་ཞིག་རེད། གསུམ་པ་རྣལ་འབྱོར་གྱི་རྒྱུད་ལ། རྣལ་འབྱོར་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད། རྣལ་འབྱོར་མཆོག་གི་རྒྱུད་དེ་གསུམ་དུ་དབྱེ་རུ་ཡོད་པའི་ནང་ནས། རྣལ་འབྱོར་རྒྱུད་ཀྱི་ཐུན་མོང་གི་གསུང་སའི་གནས་སུམ་ཅུ་རྩ་གསུམ་དང་། ཁྱད་པར་གྱི་གནས་འོག་མིན་ནས། གསུང་མཁན་གྱི་སྟོན་པ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས། ཞུ་བ་པོ་གསང་བའི་བདག་པོ་སོགས་ལ་གསུངས། རྣལ་འབྱོར་གྱི་རྒྱུད་དེ་ཉིད་ལ་ཡོ་ག་གཞུང་ཆེན་པོ་བམ་པོ་སུམ་བརྒྱ་པ་དང་ལུང་ཆེན་པོའི་རྒྱུད་བཞི་ཡོད་པ་རེད། ལུང་ཆེན་པོའི་རྒྱུད་བཞི་ནི། དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། རྟོགས་པ་བསྡུས་པའི་རྒྱུད་བཅས་བཞི་རེད། དེ་དག་ལ་སོགས་པ་ཡོ་གའི་རྒྱུད་སྡེ་ཐམས་ཅད་སུའི་དོན་དུ་གསུངས་པ་རེད་ཅེ་ན། ལྷ་དང་མིའི་བྱང་ཆུབ་སེམས་དཔའ་མང་པོའི་དོན་དུ་གསུངས་པ་རེད། དེ་ཉིད་ཀྲི་ཡ། ཨུ་པ། ཡོ་ག་གསུམ་གྱི་ནང་ནས་ཡོ་ག་རེད། རྣལ་འབྱོར་ཆེན་པོ་དེ་ཉིད་མ་ཧཱ་ཡོ་གའི་རྒྱུད་རེད། མ་ཧཱ་ཞེས་པ་ཆེན་པོ་དང་། ཡོ་ག་ནི་རྣལ་འབྱོར་ཞེས་པའི་དོན་ཡིན་ཞིང་། མ་ཧཱ་ཡོ་གའི་རྒྱུད་སྡེ་གསུང་མཁན་གྱི་སྟོན་པ་གང་རེད་ཅེ་ན། སྟོན་པ་ཉིད་དཔལ་རྣམ་པར་སྣང་མཛད་སོགས་སུ་སྤྲུལ་ནས། ཞུ་བ་པོ་རྡོ་རྗེ་འཛིན་པ་སོགས་ལ་གསུངས། འདི་ལ་གླང་པོ་རབ་འབོག་ལ་སོགས་པ་ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱིས་མཚོན་པའི་མ་ཧཱ་ཡོ་གའི་རྒྱུད་སྡེ་མང་པོ་ཡོད་པ་རེད། དེ་ཐམས་ཅད་ཀྱང་ཚུར་ལ་བསྡུས་ན་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་ཀྱི་ཁོངས་སུ་འདུས། གཞན་ཡང་རྣལ་འབྱོར་མཆོག་གི་རྒྱུད་ལ་རྫོགས་པ་ཨ་ནུ་ཡོ་ག་དང་རྫོགས་ཆེན་ཨ་ཏི་ཡོ་ག་གཉིས་ཡོད་ཅིང་། དེ་ལས་རྫོགས་པ་ཨ་ནུ་ཡོ་ག་ནི་སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོའམ་རྡོ་རྗེ་སེམས་དཔའ་རུ་སྤྲུལ་ཏེ། གསུང་སའི་གནས་རྒྱལ་མོ་པུ་རིའི་ཚལ་དུ། ཞུ་བ་པོ་ལངྐའི་བདག་པོ་ལ་མདོ་བཞི་དེམས་དང་བཅས་པ་གསུངས་པ་རེད། མདོ་བཞི་ནི། ཀུན་འདུས་རིག་པའི་མདོ། སེམས་ཀློང་ཆེན་མོའི་མདོ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་བཅས་རེད། མདོ་བཞི་དེམས་དང་བཅས་པ་ཞེས་གསུངས་པས་དེམས་ཞེས་པ་གང་རེད་ཅེ་ན། མདོ་དགོངས་པ་འདུས་པ་དེ་ཉིད་བཀའ་ཐམས་ཅད་ཀྱི་དེམས་སུ་བཞག་པས་ན་དེ་ལྟར་ཡིན་པ་རེད། རྫོགས་ཆེན་ཨ་ཏི་ཡོ་ག་ནི་གནས་རྒྱལ་མོ་པུ་རིའི་ཚལ་དང་ཟོ་མ་པུ་རིའི་ཚལ་ནས། སྟོན་པ་དཔལ་ཀུན་ཏུ་བཟང་པོ་ཀུན་བྱེད་རྒྱལ་པོར་སྤྲུལ་ནས། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལ་སོགས་པ་རྫོགས་ཆེན་སེམས་ཕྱོགས་ཀྱི་མཆོག་གི་སྐོར་གསུངས། དེ་ལྟར་སྟོན་པས་ཆོས་འདྲ་དང་མི་འདྲ། ཐེག་པ་སོ་སོའི་ཆོས་གསུངས་པ་དེ་ཉིད། འཛམ་གླིང་མིའི་སྣང་ངོ་རུ་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟོན་པ་ཤཱཀྱའི་རྒྱལ་པོ་སྐུ་དངོས་ཀྱིས་ཡུལ་རྒྱ་གར་འཕགས་པའི་ཡུལ་སོགས་ནས་གསུངས་པ་དང་། སྔགས་ཕྱི་རྒྱུད་སྡེ་གསུམ་ནི་ཀུན་རིག་རྣམ་པར་སྣང་མཛད་དུ་སྤྲུལ་ནས་ལྷ་རྣམས་དང་རིགས་གསུམ་མགོན་པོ་སོགས་ལ་གསུངས་ཤིང་། ནང་རྒྱུད་སྡེ་གསུམ་ནི་དཔལ་ཀུན་ཏུ་བཟང་པོ་རུ་སྤྲུལ་ནས་རིགས་ལྔ་སྲས་དང་བཅས་པ་ལ་གསུངས། དེ་དག་གདུལ་བྱའི་བློ་རིམ་དང་མཐུན་པར་སྐུའི་རྣམ་པ་འདྲ་དང་མི་འདྲ་ཡིས་འཁོར་གདུལ་བྱ་འདྲ་དང་མི་འདྲ་ལ་དེ་ལྟར་གསུངས་པ་རེད། གསུང་སའི་གནས་ཀྱང་གོང་དུ་ཞུས་པ་ལྟར་ཐུན་མོང་གི་གནས་དྷཱ་ན་ཀོ་ཤ་དང་། བསིལ་བའི་ཚལ། རི་བོ་མེ་རི་འབར་བ་སོགས་དང་། ཁྱད་པར་གྱི་གནས་འོག་མིན་དང་། ཡུམ་གྱི་མཁའ། ཆོས་ཀྱི་དབྱིངས་ལ་སོགས་པ་ནས། ཐུན་མོང་དང་ཁྱད་པར་གྱི་སྟོན་པ་རུ་སྣང་བའི་སྒོ་ནས་འཁོར་གདུལ་བྱ་ཕལ་བ་དང་ཁྱད་པར་ཅན་ལ་རྒྱུ་འབྲས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་རྣམས་དོན་དངོས་ཀྱི་སྟེང་ནས་སྟོན་པ་གཅིག་གི་ཡེ་ཤེས་ཀྱི་སྐུ་ཉིད། གདུལ་བྱའི་བསམ་པ་སྣ་ཚོགས་དང་མཐུན་པར་སྤྲུལ་པའི་རོལ་པ་སྣ་ཚོགས་ཀྱིས་ཆོས་སྣ་ཚོགས་བསྟན། དེ་ལྟར་སྟོན་པས་ཆོས་བསྟན་པ་དེ་དག་རྒྱས་པ་ལྟར་ན་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་། འབྲིང་པོ་ལྟར་ན་གསུང་རབ་ཡན་ལག་བཅུ་གཉིས། བསྡུས་པ་ལྟར་ན་ཐེག་རིམ་དགུ་རུ་འདུས་པ་དང་། དོན་རྩ་བའི་སྟེང་ནས་བཤད་ན་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་འདུས་པ་ཞིག་རེད། དེ་ཡང་རང་རེ་རྣམས་ཀྱིས་ཐོག་མ་ནས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། ཞེས་པ་ནས་འགོ་བཟུང་སྟེ་བཤད་པར་བྱས་ན། བཀའ་དེ་ལ་གསུངས་ཚུལ་གྱི་སྒོ་ནས་དབྱེ་ན་ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་བཅས་ཀྱི་དབྱེ་བ་ཡོད་ཅིང་། བཀའ་དེ་དག་ཐམས་ཅད་སྐབས་དེར་འཁོར་གྱི་ནང་དུ་ཡོད་པའི་སྡུད་པ་པོ་དག་གིས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་ཡི་གེར་བཀོད་དེ་རིམ་གྱིས་འཇིག་རྟེན་གྱི་ཁམས་སུ་དར་ཞིང་རྒྱས་པར་བྱས་པ་རེད། དེ་ཡང་གསལ་པོར་བྱས་ཏེ་བཤད་ན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཐུན་མོང་པ་རྣམས་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པས་བཀའ་བསྡུ་མཛད་ནས་མི་ཡུལ་དུ་དར། ཐེག་པ་ཆེན་པོ་འགའ་ཞིག་འཕགས་པ་འཇམ་དཔལ་སོགས་ཀྱིས་བཀའ་བསྡུ་མཛད་ནས་བྱང་སེམས་ཕལ་མོ་ཆེ་བརྒྱུད་དེ་མིའི་འཇིག་རྟེན་དུ་དར། འབྲས་བུ་གསང་སྔགས་ཀྱི་ཐེག་པ་རྣམས་མི་ཡུལ་གྱི་གདུལ་བྱ་ཐུན་མོང་པའི་ངོར་སྦས་ནས་ཁྱབ་བརྡལ་དུ་མ་གསུངས་པ་རེད། དེའི་རྐྱེན་གྱིས་གདུལ་བྱ་ཕལ་པ་ཚོར་གསང་སྔགས་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་ཐེ་ཚོམ་འབྱུང་བར་དགོངས་ནས། དེ་ལྟ་བུའི་ཐེ་ཚོམ་བཟློག་པའི་ཆེད་དུ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་མ་འོངས་པར་གསང་སྔགས་ཀྱི་ཆོས་འཇིག་རྟེན་མི་ཡུལ་དུ་འབྱུང་རྒྱུ་ཡོད་པའི་ལུང་བསྟན་གནང་བ་རེད། དེ་ཡང་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། ང་ནི་མྱ་ངན་འདས་འོག་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །རྒྱལ་པོ་ཛཱ་ཡི་ཁང་ཐོག་ཏུ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྟོན་པར་འགྱུར། སོགས་གསུངས་པ་ལྟར། སྟོན་པའི་ཐུགས་རྗེས་རིགས་ལྔའི་སངས་རྒྱས་དང་རྒྱལ་ཚབ་རྣམས་ལ་བསྐུལ་མ་མཛད་ནས་འབྲས་བུའི་ཆོས་འདི་ཉིད་གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཡི་གེར་བྲིས་ནས་ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས་རྒྱལ་པོ་ཛཱའི་ཁང་སྟེང་དུ་ཇི་ལྟར་ལུང་བསྟན་པ་བཞིན་བབས་པ་རེད། རྒྱལ་པོ་ཛཱ་དང་སློབ་དཔོན་ཀུ་ཀུ་ར་ཛས་དེའི་དོན་རྣམས་རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས་རྟོགས་ནས་འཇིག་རྟེན་མི་ཡུལ་འདིར་གསང་སྔགས་ཀྱི་བསྟན་པ་འདི་དར་བར་བྱས། གཞན་ཡང་གསང་སྔགས་ཀྱི་ཆོས་འདི་ཉིད་འཇམ་དབྱངས་ཀྱིས་ལྷ་གནས་དང་། སྤྱན་རས་གཟིགས་ཀྱིས་ཀླུ་ཡུལ། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་ཁྱབ་ཅིང་སྣང་བར་མཛད་པ་རེད། རྒྱལ་པོ་ཛཱའི་ཁང་སྟེང་དུ་བབས་པ་དག་གཙོ་བོ་མ་ཧཱ་ཡོ་གའི་རྒྱུད་སྡེའམ་སྤྱི་རྒྱུད་དང་ཨ་ནུ་ཡོ་ག་རྣམས་ཡིན་པ་རེད། མི་ཡུལ་འཛམ་གླིང་གི་གནས་འདི་ལ་མཚོན་ན་ཨ་ཏི་ཡོ་ག་དེ་ཉིད་དྷ་ན་ཀོ་ཤཱའི་གླིང་ནས་དར་བ་རེད། དེས་ན་རྒྱལ་བའི་བཀའ་ཞེས་པ་དེ་འདྲ་ཞིག་ཡིན་པ་རེད། བསྟན་བཅོས་ཞེས་པ་དེ་ཅི་འདྲ་ཞིག་རེད་ཅེ་ན། དེ་ཡང་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས་ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་གྱེས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་ཙམ་གྱི་མཚམས་སུ་རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལམ་དང་བསྟུན་ནས་ཉན་ཐོས་སྡེ་བ་བཅོ་བརྒྱད་རྣམས་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པར་ཞལ་འཆམས་ཏེ། ཡུལ་ཡངས་པ་ཅན་དུ་ཉན་ཐོས་སྡེ་བ་སོ་སོའི་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ་བྱེ་བྲག་བཤད་མཛོད་ཆེན་མོ་བརྩམས་པར་གྲགས། དེ་ཉིད་བསྟན་པ་འདིའི་བསྟན་བཅོས་ཀྱི་ཐོག་མར་འཇོག་པ་རེད། དུས་དེ་ནས་བཟུང་ཟབ་དང་རྒྱ་ཆེའི་བཀའ་ཡི་དགོངས་འགྲེལ་རྣམས་ཤིང་རྟ་ཆེན་པོ་ཀླུ་ཐོགས་རྣམ་གཉིས་ཀྱིས་གཙོ་བོར་མཛད་པའི་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་སློབ་མ་དང་བཅས་པས་བརྩམས་པའི་རྒྱུ་ཕར་ཕྱིན་ཐེག་པའི་བསྟན་བཅོས་དང་། སྔགས་ལ་བྱང་ཆུབ་སེམས་དཔའི་འབྲེལ་བ་སྐོར་གསུམ་དང་གྲུབ་པ་སྡེ་བདུན་ལ་སོགས་པ་གྲུབ་ཆེན་རིག་འཛིན་སོ་སོས་མཛད་པའི་བསྟན་བཅོས་མང་པོ་བྱུང་བ་རེད། བསྟན་བཅོས་ཞེས་པ་རྒྱལ་བའི་བཀའ་ཡི་རྗེས་སུ་འབྲངས་ནས་རྩོམ་པ་པོ་མཚན་ཉིད་དང་ལྡན་པས་མཛད་པའི་ལེགས་བཤད་ལ་ངོས་འཛིན་དགོས། དེ་ཡང་ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། ཅེས་གསུངས་པ་ལྟར། བསྟན་བཅོས་ཞེས་པ་སྐྱོན་ངན་པ་དྲུག་དང་བྲལ་ཞིང་ཡོན་ཏན་བཟང་པོ་གསུམ་དང་ལྡན་དགོས་པ་ཞིག་རེད། མཚན་གཞི་ཞིག་བཞག་པ་ཡིན་ན། མདོ་ཕར་ཕྱིན་ཐེག་པའི་སྐབས་ཀྱི་དབུ་མ་རིགས་ཚོགས་ལྔའམ་དྲུག་དང་བྱམས་ཆོས་སྡེ་ལྔ་ལྟ་བུ་དང་། སྔགས་ཀྱི་ཕྱོགས་ལ་རང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་ལྟ་བུ་རེད། གསང་སྔགས་ཀྱི་རྒྱུད་སྡེ་འདི་དག་རིས་ཆོད་དང་གཟུ་ལུམ་ཅན་ལ་གསང་བའི་ཆེད་དུ་རྒྱུད་དཀྲུགས། ལུང་དཀྱུས། མན་ངག་གབ་ཡོད་པ་ཡིན་ཞིང་། དེ་ཡང་འདི་འདྲའི་སྐབས་སུ་རྒྱལ་བའི་ཐུགས་རྗེའི་ཡེ་ཤེས་ཀྱི་འོད་ཟེར་འགྲེལ་བ་པོ་ལ་ཕོགས་ནས་དཀྲུགས་པ་བསྡེབས། དཀྱུས་པ་བཤིག གབ་པ་མངོན་དུ་ཕྱུང་ནས་འཆད་ཐུབ་པ་ཡིན་པ་རེད། སྡུད་པ་ལས། འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། ཞེས་གསུངས་པ་བཞིན། དགོངས་འགྲེལ་ཐམས་ཅད་ཀྱང་བྱིན་གྱིས་བརླབས་པའི་བཀའ་ཡི་གྲས་སུ་བཞག་པ་རྒྱུ་མཚན་དེ་ཉིད་ཀྱིས་རེད། དེ་ལྟར་བཀའ་དང་བསྟན་བཅོས་དར་ཚུལ་གྱིས་གླེང་བསླངས་ནས་ཆོས་ཀྱི་བྱུང་བ་བརྗོད་པས་འགོ་བཟུང་ན། སྐབས་བབས་ཀྱི་བཤད་བྱ་གསང་སྔགས་ཀྱི་རྒྱུད་སྡེའི་སྐོར་ལ། སྤྱིར་གསང་སྔགས་ལ་གསང་ཞེས་བརྗོད་པའི་དོན་ཅི་ཡིན་དང་སྔགས་ཞེས་བརྗོད་པའི་དོན་ཅི་ཡིན་ཞེ་ན། དེ་ཡང་གསང་བ་ལ་གབ་པའི་གསང་བ་དང་སྦས་པའི་གསང་བ་སྟེ་གཉིས་སུ་དབྱེ་རུ་ཡོད་ལ། དེ་ལས་གབ་པའི་གསང་བ་ནི། སྐུ་གསུམ་རང་ལ་ཡོད་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་མ་རིག་པ་དང་། དེའི་རྒྱུ་མཚན་སྟོན་པའི་ལྟ་དགོངས་ཟབ་མོ་རྣམས་རང་སྟོབས་ཀྱིས་མ་ཤེས། གཞན་བསྟན་མཁན་མེད། བསྟན་ཀྱང་ཤེས་དཀའ་བ་ལ་གབ་པའི་གསང་བ་ཞེས་གསུངས། འོ་ན་སྦས་པའི་གསང་བའི་དོན་གང་ཡིན་ཞེ་ན། འདིའི་ལྟ་སྒོམ་སྤྱོད་པ་ཐུན་མོང་མ་ཡིན་པ་རྣམས་སྣོད་མིན་རིས་ཆོད་དང་གཟུ་ལུམ་ཅན་ལ་མ་བསྐུངས་ན། སྒྲོ་སྐུར་གྱི་གནས་སུ་འགྱུར་བ་མ་ཟད་དེ་དག་ལའང་གནོད་པར་འགྱུར་བ་ཡིན་ཕྱིར་སྦས་པ་ལས་བསྟན་དུ་མི་རུང་བས་ན་སྦས་པའི་གསང་བ་ཞེས་གསུངས། འོ་ན་སྔགས་ཞེས་པའི་ཚིག་འདིའི་དོན་ཅི་ཞེ་ན། འདི་སྤྲོས་པ་མེད་པའི་དོན་ལ་འཇུག་པ་མ་ཟད་གཉིས་སུ་མེད་པའི་ཡེ་ཤེས་ལའང་འཇུག་ཅིང་། ཚོགས་དང་སྦྱིན་སྲེག་ལ་སོགས་པ་ཐབས་ཀྱི་ཆོ་ག་ལ་འཇུག་དུས་ཀྱང་ཡོད། འོན་ཀྱང་ད་རེས་གསང་སྔགས་ཀྱི་རྒྱུད་སྡེ་འདི་ལྟ་བུ་བཤད་པའི་སྐབས་དང་བསྟུན་ན་བདེ་ཞིང་མྱུར་བར་སྐྱོད་པའི་ཐབས་ཁྱད་པར་ཅན་ཞིག་ལ་གོ་དགོས། བསྐྱེད་རྫོགས་ནི་གསང་སྔགས་ཀྱི་རྒྱུད་སྡེའི་དགོངས་དོན་རེད། འུ་ཅག་གི་སྐབས་སུ་བབས་པའི་བཤད་བྱ་དངོས་དེ་བསྐྱེད་རྫོགས་རེད། དེས་ན་དེ་ཉིད་གསང་སྔགས་ཀྱི་རྒྱུད་སྡེ་དང་འབྲེལ་ནས་བཤད་དགོས་པ་ཡིན་པས། གསང་སྔགས་ཀྱི་དོན་གོང་དུ་བཤད་མ་ཐག་པ་ལྟར་ཡིན་ལ། འོ་ན་རྒྱུད་ཅེས་པའི་དོན་ཅི་ཞེ་ན། སཾ་སྐྲྀ་ཏའི་སྐད་དུ་ཏན་ཏྲ་ཞེས་པའི་སྒྲ་ལས་དྲངས་ན་གང་དོན་དུ་གཉེར་བྱའི་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་དེ་ཉིད། ལྷ་སྔགས་ཏིང་འཛིན་ལ་སོགས་པ་གཅིག་ལ་གཅིག་འབྲེལ་གྱིས་རྒྱུད་བར་མ་ཆད་པར་ཚིག་དོན་གཉིས་རྒྱུད་མར་ཡོད་པ་ཞིག་ལ་རྒྱུད་ཅེས་གསུངས། དེ་ཉིད་རྗོད་བྱེད་ཚིག་གི་སྒོ་ནས་དབྱེ་ན་སྒྲར་སྣང་བའི་རྒྱུད། སྒྲར་གྲགས་པའི་རྒྱུད། བརྡར་གྱུར་པའི་རྒྱུད་དེ་གསུམ་ཡོད་ལ། དེ་ཡང་ངེས་དོན་མཐར་ཐུག་འཕགས་པའི་ཡེ་ཤེས་ཀྱི་དབང་དུ་བྱས་པའི་གསང་བ་མཆོག་གི་རྒྱུད་དེ་ཉིད་ཚིག་སྒྲ་སྤྱིའི་རྣམ་པས་བློར་སྣང་ཆོག་པ་ལ་སྒྲར་སྣང་བའི་རྒྱུད་དང་། དེ་ཉིད་བརྗོད་འདོད་ཀྱི་རྟོག་པའི་རླུང་གཡོས་ནས་སྒྲའི་སྐྱེ་གནས་དང་བྱེད་པ་སོགས་ལ་བརྟེན་ཏེ་ངག་ཐོག་ནས་བརྗོད་པའམ་བཤད་དུ་ཡོད་པ་ལ་སྒྲར་གྲགས་པའི་རྒྱུད། དེ་ཉིད་ཡི་གེའི་རི་མོའི་གཟུགས་བརྙན་དུ་བཀོད་ནས་གླེགས་བམ་གྱི་ཚུལ་དུ་བཞུགས་པ་ལ་བརྡར་གྱུར་པའི་རྒྱུད་བཅས་ཀྱི་རྣམ་གཞག་དང་། གཞན་ཡང་བརྗོད་བྱ་དོན་གྱི་སྟེང་ནས་དབྱེ་ན་གང་རྟོགས་པར་བྱ་བ་གཞིའི་རྒྱུད། གང་གིས་རྟོགས་པར་བྱེད་པ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཡོད་པ་ཞིག་རེད། དེ་ལས་གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་ནི། སྣོད་བཅུད་སྣང་སྲིད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རུ་དག་ནས་རིས་མེད་མཉམ་པ་ཆེན་པོར་སངས་རྒྱས་པ་དེ་ཉིད། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་པ་རེད། འདི་ལ་གཞི་ཞེས་གསུངས་པའི་དོན་ནི། དེ་ཉིད་རྟོགས་ན་མྱང་འདས་ཀྱི་གཞི་དང་མ་རྟོགས་ན་འཁོར་བའི་གཞི་ཡིན་ཞིང་འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་རང་བཞིན་དུ་མ་གྱུར་པ་གཅིག་ཀྱང་མེད་པས་ན་གཞི་ཞེས་གསུངས། རྒྱུད་ཅེས་གསུངས་པའི་དོན་ནི། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་ལ་འགྱུར་བ་མེད་པར་རྒྱུན་ཆགས་སུ་འཇུག་པ་ཡིན་པས་ན་རྒྱུད་ཅེས་གསུངས། འདི་ལ་གཞི་རྒྱུད་དམ་ཡང་ན་རྒྱུ་རྒྱུད་ཅེས་ཀྱང་བརྗོད་ཆོག་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། གཞི་དག་པ་མངོན་གྱུར་ཡིན་པའི་སྟོབས་ཀྱིས་འབྲས་བུ་མཐར་ཕྱིན་གྱི་སྐུ་དང་ཡེ་ཤེས་སྣང་བ་ཡིན་པས་སྣང་ཚུལ་ལ་བརྟེན་ནས་རྒྱུའི་རྒྱུད་ཅེས་གསུངས། གནས་ཚུལ་ལྟར་ན་དེའི་གཞི་དེ་ཉིད། སྟོང་ཉིད་ཀྱི་ཆ་ནས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སུ་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ། དེ་བཞིན་ཉིད་སོགས་མིང་གི་ཐ་སྙད་འདྲ་མིན་གྱི་ཐོག་ནས་བསྟན་པ་དང་། སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་བཅས་པའི་ཆ་ནས་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་སུ་བསྟན། དེ་ཡང་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ཞེས་གསུངས་པ་ལྟར་དང་། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་ཀུན་ལ་དེ་བཞིན་ཁམས་འདི་གནས། ཞེས་དཔེ་དགུས་མཚོན་ཏེ་དོན་དགུ་གསུངས་པ་ལྟར་རེད། དེ་ཡང་ངེས་དོན་སྔགས་ཀྱི་སྐབས་ནས་བཤད་ན། བསྐྱེད་པ་མ་ཧཱ་ཡོ་གས་སྣང་སྟོང་བདེན་པ་དབྱེར་མེད། རྫོགས་པ་ཨ་ནུ་ཡོ་གས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཀུན་ཏུ་བཟང་མོའི་ཀློང་། རྫོགས་ཆེན་ཨ་ཏི་ཡོ་གས་རང་བྱུང་གི་རིག་པ་འོད་གསལ་འདུས་མ་བྱས་ཞེས་གསུངས་པ་རེད། འདིའི་དོན་ཆ་ཚང་རྟོགས་ཏེ་གནས་ལུགས་མཐར་ཐུག་པའི་བཞུགས་ཚུལ་མངོན་དུ་གྱུར་ཚེ་སངས་རྒྱས་ཞེས་ཟེར་ཞིང་། ཆ་ཚང་མ་རྟོགས་ཀྱང་ཅི་རིགས་པ་རྟོགས་ནའང་དེ་ལ་ལམ་པ་ཞེས་བརྗོད་ཆོག་པ་རེད། དེ་ལྟ་བུའི་གཞི་དེ་ཉིད་མ་རྟོགས་པར་འཁྲུལ་བ་གློ་བུར་བས་བསླད་ནས་ཕྱིན་ཅི་ལོག་ཏུ་ཞེན་པ་ལ་འཁྲུལ་བ་བཏགས་པའི་གཞི་ཞེས་ཟེར། དེ་ལ་མ་དག་འཁྲུལ་བའི་སྣང་བ་ཞེས་ཀྱང་བརྗོད་ཆོག དེ་ཡང་ཇི་ལྟར་འཁྲུལ་པ་རེད་ཅེ་ན། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་སྣང་བ་ཤར་བ་ལྟར་གདོད་མའི་རིག་གདངས་མ་འགག་པའི་ལྷུན་གྲུབ་ཀྱི་སྣང་བ་དེ་ཉིད་རང་ལས་ཤར་བའི་གདངས་ཡིན་པ་མ་ཤེས་པར། ཕྱི་རོལ་གྱི་ཡུལ་དུ་བཟུང་ནས་གཟུང་འཛིན་རྒྱང་ཆད་དུ་སོང་སྟེ། འཁྲུལ་བའི་ས་བོན་གྱི་འགོ་དེ་ནས་བཞག་སྟེ་སྲིད་པའི་སྣང་བ་རྒྱ་འབྱམས་སུ་མཆེད་པ་ཡིན་ལ། ཆུ་འཁྱགས་རོམ་དུ་གྱུར་པ་ལྟར་ཕྱིན་ཅི་ལོག་གི་འཁྲུལ་སྣང་ལ་ཨ་འཐས་སོང་བ་རེད། དེ་ལྟ་བུའི་འཁྲུལ་བ་དེས་གནས་ལུགས་ལ་ཇི་ལྟར་བསྒྲིབས་པ་རེད་ཅེ་ན། དེ་ཡང་སད་རྨི་གཉིད་མཐུག་སྙོམས་འཇུག་བཞིའི་གནས་སྐབས་སུ་སྒྲིབ་ཚུལ་མི་འདྲ་བ་བཞིའི་སྒོ་ནས་བསྒྲིབས་སོང་བ་རེད། སད་པའི་གནས་སྐབས་སུ་ཚོགས་དྲུག་གི་ཤེས་པ་ཡུལ་ལ་རྒྱུ་བ་རགས་སོང་བའི་སྟོབས་ཀྱིས་ཐ་མལ་མ་དག་པའི་སྣང་བ་ཁོ་ནར་བཟུང་བའི་དབང་གིས། སྣང་སྲིད་རྣམ་དག་སྤྲུལ་སྐུའི་རང་བཞིན་དེ་ཉིད་བསྒྲིབས་སོང་བ་རེད། རྨི་ལམ་གྱི་དུས་སུ་རགས་པའི་སྣང་བ་མེད་ཀྱང་རླུང་སེམས་ཙམ་གྱི་སྣང་བ་སྣ་ཚོགས་རང་སྣང་དུ་འལ་འོལ་ཙམ་ཤར་བ་དེར་ཞེན་ནས། ཡེ་ཤེས་རང་སྣང་ལོངས་སྤྱོད་རྫོགས་སྐུའི་རང་བཞིན་དེ་ཉིད་བསྒྲིབས་སོང་བ་རེད། གཉིད་མཐུག་གི་སྐབས་སུ་སེམས་སེམས་བྱུང་གི་རྒྱུ་བ་ཐམས་ཅད་ལོག་ནས་དྲན་མེད་མུན་པ་འདྲ་བ་ཞིག་གི་ནང་དུ་འཐུམ་སྟེ། མི་རྟོག་ཆོས་སྐུའི་རང་བཞིན་དེ་ཉིད་བསྒྲིབས་སོང་བ་རེད། དེ་ལྟར་བྱས་ནས་རང་གནས་སྐུ་བཞིའི་ཡེ་ཤེས་མ་མཐོང་བ་རེད། ཐུན་མོང་ཐེག་པའི་སྐབས་སུ་སེམས་བྱུང་མ་རིག་པ་དེ་འཁོར་བའི་རྩ་བ་ཡིན་ཞེས་གསུངས་ཀྱང་། སྔགས་རྒྱུད་ཀྱི་ནང་དུ་སེམས་གཟུང་འཛིན་དུ་གཡོ་བའི་རྐྱེན་ལས་རླུང་ཕྲ་མོའམ། ཕྲ་བའི་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་སྣང་གསུམ་འཕོ་བའི་བག་ཆགས་སུ་གསུངས་པ་དང་། སྣང་གསུམ་འཕོ་བའི་བག་ཆགས་འདི་ཉིད་མདོ་ལུགས་སུ་མ་རིག་བག་ཆགས་ཀྱི་ས་ཞེས་གསུངས། དེ་ཡང་རྩ་བ་དེད་དེ་སོང་ན་གདོད་མའི་རང་སྣང་མ་འགག་པ་ཁོ་རང་གི་ངང་ལས་བྱུང་བ་ཞིག་ཡིན་པ་དང་། མདོ་ལྟར་དུ་བཤད་ན་འདི་ཉིད་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྤང་བྱ་རེད། དེ་ཡང་རྫོགས་ཆེན་གྱི་སྐབས་སུ་གཞི་ལས་གཞི་སྣང་གི་འཁྲུལ་ཚུལ་ཞེས་གསུངས་པ་ཡིན་ཞིང་། འཁྲུལ་ཡང་རང་བཞིན་ལས་མ་འདས་པ་ཅི་ལྟ་བུ་ཞིག་རེད་ཅེ་ན། ནད་ཁམས་ཀྱི་དབང་གིས་དུང་དཀར་པོ་སེར་པོར་མཐོང་ཡང་དུང་རང་ཉིད་ཀྱི་ཁ་དོག་དཀར་པོ་ལས་མ་འདས་པ་ཇི་བཞིན་དུ། དེ་ཉིད་རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་གཞི་ཆོས་ཉིད་ལ་འགྱུར་བ་ཡོད་པ་མ་རེད་ཅེས་གསུངས་པ་རེད། གནས་ཚུལ་དངོས་དང་མཐུན་པའི་ཡང་དག་པའི་ཡེ་ཤེས་དངོས་ཡིན་ཀྱང་རུང་མིན་ཀྱང་རུང་། དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཁྱད་པར་ཅན་གྱི་བྱེད་པ་ལ་བརྟེན་ནས་འཁྲུལ་བ་ལྡོག་སོང་ཚེ། ཉི་མ་ཤར་ན་མུན་པ་རང་ཤུགས་ཀྱིས་མེད་འགྲོ་བ་ལྟར་དང་། འཁྱགས་རོམ་ཆུར་ཞུ་བའི་ཚེ་འཁྱགས་རོམ་ཟེར་བ་ཞིག་ལོགས་སུ་མེད་པ་ཇི་བཞིན། འཁྲུལ་བ་རང་དག་ཏུ་སོང་ནས་ཡེ་ཤེས་འབའ་ཞིག་སྟོབས་སུ་གྱུར་བའི་ཚེ་སླར་ལྡོག་ཏུ་མེད་པར་འཁྲུལ་བ་གཞི་ཐིམ་དུ་སོང་བ་རེད། དཔེར་ན་འུ་ཚོས་རྗེས་དཔག་ཚད་མ་ལ་བརྟེན་ནས་དུང་དཀར་པོར་ངེས་པའི་ངེས་ངོ་རུ་སེར་པོའི་སྣང་བ་ད་དུང་མ་འགག་ཀྱང་དེའི་ཞེན་པ་ལོག་སོང་བ་ལྟར། ཤེས་རབ་ཁྱད་པར་ཅན་གྱི་བྱེད་པ་ཡིས་ལྟ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཚེ། གང་ཟག་ལས་དང་པོ་བ་ཡིན་རུང་ཐ་མལ་གྱི་ཞེན་པ་ཇེ་སྲབ་ཏུ་འགྱུར་བ་ཡིན། འོན་ཀྱང་སྣང་བ་དེ་མ་ཐག་ཏུ་ལྡོག་མི་དགོས། ལྟ་དོན་སྒོམ་པ་སྟོབས་སུ་གྱུར་བའི་རིམ་པ་དང་བསྟུན་ནས་འཁྱགས་རོམ་རིམ་གྱིས་ཆུ་རུ་འགྱུར་བ་ལྟར། རིམ་དང་གཅིག་ཆར་གང་ཟག་གི་བློ་རིམ་དང་བསྟུན་ནས་མཐར་ཐུག་འཁྲུལ་བ་གཞི་རུ་ལྡོག་དགོས་པ་རེད། དེ་ཡང་རང་རེས་རྒྱུད་ཅེས་པའི་གོ་དོན་གྱི་སྟེང་ནས་བཤད་བཞིན་པ་ཡིན་ན། གང་རྟོགས་པར་བྱ་བ་གཞིའི་རྒྱུད་ནི་དེ་ལྟ་བུ་ཞིག་ཡིན་པ་རེད། གང་གིས་རྟོགས་པར་བྱེད་པ་ལམ་རྒྱུད་ནི། གོང་དུ་བཤད་པའི་གཞི་རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ནས། དེའི་དོན་ལ་ཚུལ་བཞིན་དུ་འཇུག་པའི་རྣལ་འབྱོར་ལམ་བྱེད་ཀྱི་མཐུ་ཡིས་གློ་བུར་འཁྲུལ་བའི་དྲི་མ་མཐའ་དག་བྲལ་བར་བྱས་ཏེ། གནས་ལུགས་མངོན་དུ་བྱེད་པའི་ཐབས་ལག་ལེན་དུ་འགེལ་བ་དེ་ཉིད་རེད། དེ་ཉིད་ཚིག་བསྡུས་ཏེ་བཤད་པ་ཡིན་ན་ལམ་ལྔའི་ཡེ་ཤེས་འཁོར་དང་བཅས་པ་ཡིན། འདིའི་དབྱེ་བ་ཐེག་པའི་རྣམ་གཞག་དང་འབྲེལ་བ་ཞིག་རེད། དེ་ཡང་ཐེག་པ་གཉིས་ཀྱི་རྣམ་གཞག་ལྟར་ན། ཐུན་མོང་རིང་ལམ་ཞེས་པ་ཞིག་དང་ཐུན་མིན་ཉེ་ལམ་ཞེས་པའི་ཐེག་པ་གཉིས་སུ་དབྱེ་རུ་ཡོད་ཅིང་། ཐུན་མོང་ངེས་འབྱུང་ཐེག་པའི་ལྷ་མི་ཉན་རང་བྱང་སེམས་བཞི་དང་། སྔགས་ཕྱི་རྒྱུད་གསུམ་དང་བཅས་པ་ལ་རིང་ལམ་དང་། ཐུན་མིན་གསང་སྔགས་ཀྱི་ཐེག་པའི་སྔགས་ནང་རྒྱུད་གསུམ་ལ་ཉེ་ལམ་དུ་འཇོག་པ་རེད། གཞན་ཡང་ཐེག་པ་ལྔ་རུ་ཕྱེས་ནའང་ཆོག་སྟེ། གསང་བ་སྙིང་པོ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་གསུངས་པས། འཇིག་རྟེན་ཡང་དག་གི་ལྟ་ལ་དད་ནས་ལས་རྒྱུ་འབྲས་ཆུད་མི་ཟ་བའི་ཡིད་ཆེས་དང་ལྡན། དགེ་བཅུ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བསྒྲུབས་ནས་མི་དང་འདོད་གཟུགས་ཀྱི་ལྷར་སྐྱེ་ཐབས་བྱེད་པ་འཇིག་རྟེན་པའི་ཐེག་པའམ་ལྷ་མིའི་ཐེག་པ་ཞེས་སུ་གསུངས། སྔོན་ཨོ་རྒྱན་ཆེན་པོ་བོད་དུ་བྱོན་ནས་ཕར་སྲིན་ཡུལ་དུ་ཕེབས་རན་ཁར། བྲག་དམར་མཚོ་མོའི་མགུལ་ནས་བོད་ཀྱི་རྗེ་འབངས་རྣམས་ལ་མི་བརྗེད་པའི་བསྐྱུད་བྱང་དུ་གསུངས་པའི་མན་ངག་ལྟ་ཕྲེང་གི་ནང་དུ། ཕྱལ་བ་རྒྱང་འཕེན་གཉིས། མུར་ཐུག་མུ་སྟེགས་གཉིས་ཞེས་དབྱེ་བ་མཛད། ཕྱལ་བ་ཞེས་པ་ནི་མི་ཙམ་ཞིག་ཡིན་རུང་འདི་དང་ཕྱི་མའི་བདེ་སྐྱིད་ཀྱི་དོན་བསམ་བློར་ཅུང་ཟད་ཀྱང་མི་འཁོར་བར། རང་གར་ཧ་ངེ་ཧང་ངེར་འགྲོ་ཚུལ་ཙམ་བྱེད་པ་ལྟ་བུ་དང་། རྒྱང་འཕེན་ནི་མུ་སྟེགས་ཕུར་བུ་པའི་ལུགས་ལྟ་བུ་མ་ཡིན་པར་ཚེ་ཕྱི་མའི་དོན་ལ་བསམ་མི་ཤེས་ཤིང་ཚེ་འདིའི་བདེ་ཐབས་སུ་ཅི་འོས་བྱེད་པ། གཞན་ཡང་ཕྱལ་བ་དང་རྒྱང་འཕེན་གཉིས་ཀ་མ་ཡིན་ཞིང་རྟག་ཆད་དུ་ལྟ་བའི་མུར་ཐུག་དང་མུ་སྟེགས་ཀྱི་ལྟ་བ་ལས་ཀྱང་འཕགས་པའི་ལྷ་མིའི་བདེ་སྐྱིད་མངོན་མཐོ་དོན་གཉེར་བྱེད་པ་ལ་ལྷ་མིའི་ཐེག་པ་ཞེས་དང་། དེ་ལས་གཞན་འཇིག་རྟེན་ལས་འདས་པའི་ཐེག་པ་ཉན་ཐོས་རང་རྒྱལ་བྱང་སེམས་དང་། གསང་བ་སྔགས་ཀྱི་ཐེག་པ་བཅས་ལྔ་རུ་དབྱེ་བ་ཡིན། ཡང་ཐེག་པ་དགུ་རུ་དབྱེ་བའང་ཡོད། སྔ་འགྱུར་རང་ལུགས་ལ་ཐེག་རིམ་དགུ་ཡི་རྣམ་གཞག་མཛད་ནས་གསུངས་པ་ཡིན་ཏེ། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། ཀྲི་ཡ་ཨུ་པ་ཡོ་ག་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ། མ་ཧཱ་ཨ་ནུ་ཨ་ཏི་བཅས་དགུ་དང་། དེ་ལས་ཉན་ཐོས་ནི། བདེན་བཞིའི་དོན་ལ་ཡང་དག་པའི་ལྟ་བ་དང་རྗེས་སུ་མཐུན་པའི་སྟེང་ནས་ཚུལ་ཁྲིམས་དང་ཏིང་འཛིན་གྱི་བསླབ་པ་ལ་གཞི་བཟུང་། གང་ཟག་གི་བདག་མེད་ལ་གོམས་སུ་བཅུག་ནས། གནས་སྐབས་ཀྱི་འབྲས་བུ་རྒྱུན་ཞུགས་ལ་སོགས་པ་བདུན་དང་། མཐར་འབྲས་ཁམས་གསུམ་གྱི་ཀུན་སྦྱོར་ཟད་པའི་དགྲ་བཅོམ་གྱི་གོ་འཕང་འཐོབ་པར་བྱེད་པ་ཞིག་རེད། འདི་ལ་ནང་གསེས་སུ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱི་དབྱེ་བ་ཡོད། རང་རྒྱལ་ནི་སྔོན་ནས་གོམས་པའི་སྟོབས་དང་སྨོན་ལམ་གྱི་དབང་གིས་སྲིད་པ་ཐ་མར་པར་གྱུར་པའི་གནས་སྐབས་ན། དགེ་བའི་བཤེས་གཉེན་མི་དགོས་པར་རང་སྟོབས་ཀྱིས་ཕྱི་ནང་གི་རྟེན་འབྲེལ་ཟབ་མོའི་ལུགས་འབྱུང་ལྡོག་གི་དོན་ཤེས་ཏེ། བདེན་བཞིའི་ཚུལ་དང་མཐུན་པར་བདག་མེད་ཕྱེད་དང་གཉིས་རྟོགས་ནས་རང་སངས་རྒྱས་ཀྱི་དགྲ་བཅོམ་མངོན་དུ་བྱེད་པ་ཞིག་རེད། འདི་ལ་རྟེན་དབང་པོ་རྣོ་རྟུལ་དང་ལམ་ཚོགས་བསགས་ཀྱི་ཁྱད་པར་གྱིས་འབྲས་བུ་ཚོགས་ན་སྤྱོད་པ་དང་བསེ་རུ་ལྟ་བུ་སྟེ་གཉིས་ཡོད་པ་ཡིན། དེ་ཡང་བྱང་ཆུབ་སེམས་དཔའ་ནི། ཀུན་རྫོབ་དང་དོན་དམ་གྱི་སེམས་རྣམ་པ་གཉིས་བསྐྱེད་དེ་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་དོན་དམ་དམིགས་པ་མེད་པའི་བདེན་གཉིས་ཟུང་འཇུག་གི་དོན་སྦྱངས་ནས། ལམ་ཕར་ཕྱིན་བཅུ་ལ་སྤྱོད་ཅིང་བདག་མེད་གཉིས་ཀྱི་དོན་ལ་བསྐལ་པ་གྲངས་མེད་གསུམ་སོགས་སུ་རྫོགས་སྨིན་སྦྱང་བའི་གོམས་པ་སྟོབས་སུ་གྱུར་ཚེ་རྫོགས་པའི་སངས་རྒྱས་འགྲུབ་པར་འདོད་པའི་ལམ་ཞིག་ཡིན་པ་རེད། འདི་ལ་ནང་གསེས་སུ་དབུ་སེམས་ཀྱི་ཁྱད་པར་ཕྱེས་ན། བདག་མེད་ཀྱི་ལྟ་བ་ཡོངས་སུ་རྫོགས་པ་ཞིག་དང་། གཟུང་འཛིན་གཉིས་སྟོང་གི་རང་རིག་བདེན་པར་ཁས་བླངས་ནས་ཆོས་ཀྱི་བདག་མེད་ཕྲ་བ་རྫོགས་མ་ཐུབ་པའི་དབྱེ་བ་དང་རྣམ་གྲངས་གཞུང་ནས་བཤད་པ་ལྟར་ཡིན་ལ། དེ་དག་ཐམས་ཅད་རྒྱུ་མཚན་ཉིད་ཕར་ཕྱིན་ཐེག་པའི་ཕྱོགས་སུ་གཏོགས་པའི་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་རེད། ཐེག་རིམ་དགུ་རུ་དབྱེ་བའི་སྐབས་སུ་དེ་དག་གསུམ་གྱི་སྟེང་དུ་ནང་དང་གསང་བའི་ཐེག་པ་དྲུག་སྟེ་སྔགས་རྒྱུད་སྡེ་དྲུག་བསྣན་པ་རེད། གསར་ཕྱོགས་ནས་སྔགས་རྒྱུད་སྡེ་བཞི་རུ་གསུངས་ན་རྙིང་ཕྱོགས་ནས་སྔགས་རྒྱུད་སྡེ་དྲུག་ཏུ་གསུངས་པ་ཅི་ལྟར་རེད་སྙམ་ན། རྒྱུད་སྡེ་དྲུག་ཏུ་དབྱེ་བའི་སྐབས་སུ་རྒྱུད་སྡེ་བཞིར་དབྱེ་བའི་སྐབས་ཀྱི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་ཕ་མ་གཉིས་མེད་ཀྱི་རྒྱུད་དེ་གསུམ་དུ་ཕྱེས་ནས་དྲུག་ཏུ་བགྲངས་པ་རེད་ཅེས་བཤད་ནའང་མི་ཆོག་པ་ཆེར་མེད། དེ་ལས་ཕྱི་རྒྱུད་གསུམ་གྱི་དང་པོ་བྱ་རྒྱུད་ཡིན་ཞིང་། བྱ་བའི་རྒྱུད་འདིའི་སྐབས་སུ་བདག་དང་ལྷ་གཉིས་རྗེ་དང་ཁོལ་པོའི་ཚུལ་དུ་བཟུང་ནས། ལྷ་སྔགས་ཏིང་འཛིན་ལ་བརྟེན་ཏེ་གསེར་འགྱུར་གྱིས་ལྕགས་གསེར་དུ་བསྒྱུར་པ་ཇི་བཞིན་བདག་ཉིད་ལྷའི་ངོ་བོར་སངས་རྒྱས་པར་བྱེད་པ་ཡིན། དེ་ལྟ་བུའི་རྒྱུ་རྐྱེན་ཚོགས་པ་ཞིག་ལ་བརྟེན་ནས་འབྲས་བུ་འགྲུབ་པ་ཡིན་པ་དང་། ཕྱིའི་གཙང་སྦྲ་དང་ཆོ་གའི་ཡན་ལག་མ་ཉམས་པ་སོགས་ལུས་ངག་གི་བྱ་བ་གཙོ་བོར་བྱས་ཏེ་ལྷ་མཉེས་ཐབས་སུ་འབད་པས། གནས་སྐབས་ཀྱི་འབྲས་བུ་འདོད་གཟུགས་ཀྱི་རིག་འཛིན་ལ་སོགས་པ་ཐུན་མོང་གི་གྲུབ་པ་དང་། མཐར་ཐུག་མི་ཚེ་བཅུ་དྲུག་གིས་རིགས་གསུམ་བདེ་བར་གཤེགས་པའི་གོ་འཕང་འགྲུབ་པར་འདོད་པ་རེད། འདིའི་སྐབས་ཀྱི་རིགས་གསུམ་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས། རྡོ་རྗེའི་རིགས་ཏེ་རིགས་གསུམ་རེད། དེ་ལ་སྟོང་པ་ཡི་གེ་སྒྲ་གཟུགས་ལ་སོགས་པ་ཀྲི་ཡ་ལྷ་དྲུག་གི་བཤད་པ་ཡོད་པ་དང་། རྒྱུད་གཞུང་ནི་ཀྲི་ཡ་སྡེ་དྲུག་ཡོད་པ་སྟེ། དབུའི་གཙུག་ཏོར་ལས་འཁོར་ལོས་བསྒྱུར་བའི་རྒྱུད། ལྗགས་ལས་ཁྲོ་བོ་པདྨ་འཁྱིལ་བའི་རྒྱུད། ཐུགས་ཀ་ལས་རིག་པ་མཆོག་གི་རྒྱུད། དཔུང་པ་ལས་རྡོ་རྗེ་དཔུང་བཟང་གི་རྒྱུད། ལྟེ་བ་ལས་ལེགས་སྒྲུབ་ཀྱི་རྒྱུད་ལ་སོགས་པ་མདོར་ན་ལྷའི་སྐུ་གསུང་ཐུགས་ཀྱི་མཚན་མ་མངོན་དུ་བྱེད་པའི་ཐབས་ལ་བརྟེན་ནས། ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་འགྲུབ་པའི་ཐབས་སུ་ངེས་པ་བསྟན་པ་ཞིག་རེད། སྤྱོད་རྒྱུད་ནི་ཕྱིའི་སྤྱོད་པ་བྱ་རྒྱུད་དང་མཐུན་ཞིང་ནང་ལྟ་སྒོམ་རྣལ་འབྱོར་གྱི་རྒྱུད་དང་ཉེ་བ། བདག་དང་ལྷ་གཉིས་འདྲ་མཉམ་སྤུན་གྲོགས་ཀྱི་ཚུལ་དུ་སྒྲུབ་པའི་རྣལ་འབྱོར་གཙོ་བོར་བྱས་ནས། མི་ཚེ་ལྔའམ་བདུན་གྱིས་རིགས་བཞིའི་སངས་རྒྱས་སུ་འགྲུབ་པར་འདོད་པ་ཞིག་རེད། འདིའི་རྒྱུད་གཞུང་ལ་ཨུ་པ་སྡེ་བཞི་ཡོད་པ་སྟེ། རྣམ་སྣང་མངོན་བྱང་གི་རྒྱུད། མེ་དཔུང་འབར་བའི་རྒྱུད། ཕྱག་ན་རྡོ་རྗེ་དབང་བསྐུར་གྱི་རྒྱུད། རྣམ་པར་མི་རྟོག་པའི་ཏན་ཏྲ་བཅས་བཞི། འདི་ལ་བྱ་སྤྱོད་གཉིས་ཀ་དང་འབྲེལ་བས་གཉིས་ཀའི་རྒྱུད་ཀྱང་ཟེར། ཡོ་གའི་རྣལ་འབྱོར་གྱི་རྒྱུད་ནི། བདག་དང་ལྷ་གཉིས་དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་གི་ཚུལ་གྱིས། ཕྱིའི་ཀུན་སྤྱོད་ལ་མི་ལྟོས་པར་ནང་གི་ཏིང་འཛིན་ཟབ་མོ་ཕྱག་རྒྱ་བཞིའི་ཚུལ་གྱིས་བསྒྲུབས་ནས། གནས་སྐབས་སུ་ཐུན་མོང་གི་དངོས་གྲུབ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་མི་ཚེ་གསུམ་གྱིས་རིགས་ལྔའི་སངས་རྒྱས་སུ་འགྲུབ་པར་འདོད་པ་ཞིག་རེད། འདིའི་རྒྱུད་གཞུང་ལ་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་ལ་སོགས་པ་ལུང་གི་རྒྱུད་བཞི་ཡོད་པ་རེད། དེ་ཡན་ཆོད་ཀྱིས་སྔགས་ཕྱི་རྒྱུད་ཀྱི་རྒྱུད་སྡེ་གསུམ་བཤད་གྲུབ་པ་རེད། འདི་དག་ལ་ཁྱད་ཆོས་ཅི་ཞིག་ཡོད་པ་རེད་ཅེ་ན། ཡོངས་སུ་དག་པ་ལྷའི་སྐུ་གསུང་ཐུགས་ཀྱི་མཚན་མ་ལམ་དུ་བྱེད་པར་ཐབས་ཇེ་ཟབ་ཏུ་སོང་ནས་མཐར་འབྲས་ལ་ཇེ་ཉེར་སོང་ཕྱིར་རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་རེད། འོན་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཡེ་སངས་རྒྱས་པའི་དོན་དེ་ཉིད་མ་རྟོགས་པའི་ཕྱིར་ན། སྔགས་ནང་པ་ལྟར་བདེ་ཞིང་མྱུར་བ་ཚེ་གཅིག་གིས་འཚང་རྒྱ་བའི་ལམ་མ་ཡིན་པས་ན་སྔགས་ཕྱི་བ་ཞེས་སུ་གྲགས། དེ་ལྟར་འུ་ཅག་གི་གཏམ་གྱི་འཕྲོ་གཞི་གཞི་ལམ་འབྲས་གསུམ་གྱི་རྒྱུད་ཀྱི་དབྱེ་བ་ཡོད་ཅེས་པ་ལས་གང་རྟོགས་པར་བྱ་བ་གཞི་རྒྱུད་བཤད་གྲུབ་པ་མ་ཟད། གང་གིས་རྟོགས་པར་བྱེད་པ་ལམ་རྒྱུད་ཀྱི་ནང་ནས། ལམ་དང་ཐེག་པའི་རིམ་པ་ལས་མཚན་ཉིད་ཐེག་པ་ཕྱི་རྒྱུད་དང་བཅས་པའི་རྣམ་གཞག་མདོར་བསྡུས་རགས་རིམ་ཙམ་ཞུས་དང་ཞུ་བཞིན་ཡིན་པ་ལ། སྤྱིར་ཐེག་ཆེན་མདོ་སྔགས་ཀྱི་ལམ་གང་དུ་ཞུགས་ཀྱང་དམིགས་ཡུལ་སངས་རྒྱས་ཀྱི་ཡེ་ཤེས་བརྙེས་ཐབས་བྱེད་པ་ཁོ་ན་ཡིན་པས་དམིགས་ཡུལ་གཅིག་པ་ཡིན་ཡང་། ཡེ་ཤེས་འཆར་ལུགས་ལ་མི་འདྲ་བ་ཡོད་པ་རེད། དེ་ཡང་ཡེ་ཤེས་འདི་ཉིད་འཆར་ལུགས་མི་འདྲ་བ་གསུམ་ཡོད་ཅེས་གསུངས་ཤིང་། ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཞིག་དང་། ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཞིག ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ཞིག་སྟེ་གསུམ་ཡོད་པ་ལས། རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་པོའི་ཡེ་ཤེས་འཆར་ལུགས་ནི་ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཡིན་པ་རེད། དེ་ཡིན་པའི་རྒྱུ་མཚན་ནི། དཔེར་ན་ཆུའི་རྙོག་མ་དྭངས་སུ་བཅུག་ན་གཟུགས་བརྙན་གསལ་པོར་འཆར་ཐུབ་པའི་དཔེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཡུན་རིང་གནས་པས། རིམ་གྱིས་ཉོན་མོངས་པའི་རྣམ་རྟོག་གི་སྙིགས་མ་དྭངས་ནས། ས་བཅུ་རིམ་བགྲོད་ཀྱིས་བསྐལ་པ་གྲངས་མེད་གསུམ་སོགས་ཀྱི་རྗེས་སུ་ད་གཟོད་འཚང་རྒྱ་དགོས་པ་ཡིན་པས་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་གྱི་ཡེ་ཤེས་འཆར་ལུགས་དེ་ཉིད་ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཡིན་ཞེས་གསུངས། སྔགས་ཕྱི་རྒྱུད་སྡེ་གསུམ་ནི་ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཡིན་པ་རེད། དེ་ཇི་ལྟར་རེད་ཅེ་ན། འོག་མིན་དུ་བཞུགས་པའི་རྒྱལ་བ་རིགས་གསུམ་མམ་རིགས་ལྔ་གང་རུང་ད་ལྟའི་སྐབས་སུ་སྤྱན་དྲངས་ནས། བདག་དང་ལྷ་དང་རྫས་ཀྱི་རྟེན་འབྲེལ་ཟབ་མོའི་ཐབས་ཀྱིས་བསྒྲུབས་ནས། རིང་ན་མི་ཚེ་བཅུ་དྲུག འབྲིང་ན་བདུན་ནམ་ལྔ། ཐུང་བས་ཀྱང་མི་ཚེ་གསུམ་གྱིས་མཐར་འབྲས་ཐོབ་པ་ཡིན་པས། རྒྱུ་ལམ་བྱེད་མཚན་ཉིད་ཐེག་པ་དང་བསྡུར་ན་འབྲས་བུ་ཐོབ་པར་མྱུར་བས་ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཡིན་ཞེས་གསུངས། བླ་མེད་ཡོ་ག་རྣམ་གསུམ་མམ་སྔགས་ནང་བ་སྟེ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱིས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངང་ལས་མ་འདས་པའི་དོན་རྟོགས་ནས། སེམས་ཉིད་བདེ་བ་ཆེན་པོའི་དེ་ཉིད་དུ་གནས་བཞིན། སངས་རྒྱས་གཞན་ནས་འཚོལ་མི་དགོས་པར་ཚེ་འདི་ཉིད་ལ་མངོན་དུ་འཆར་བས་ན་ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ཡིན་ཞེས་གསུངས། དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་ལ་རིམ་དང་གཅིག་ཆར་དུ་འཇུག་པའི་ཁྱད་པར་གྱིས་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་རྣམ་གཞག་སྟེ། གཞི་བསྐྱེད་པ་མ་ཧཱ་ཡོ་ག ལམ་རྫོགས་པ་ཨ་ནུ་ཡོ་ག འབྲས་བུ་རྫོགས་ཆེན་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་གསུམ་དུ་དེ་ལྟར་ཕྱེ་བ་རེད། ད་འོ་ན་ཐེག་རིམ་དགུ་པོ་འདིའི་ལྟ་བ་ལ་ཁྱད་པར་ཡོད་དམ་སྙམ་ན། སྤྱིར་ལྟ་བ་ཟེར་ཚད་ལྟ་བ་གཅིག་པ་མ་རེད། ལྟ་བ་ལ་ཁྱད་པར་ཡོད་པ་རེད། བལྟ་བྱའི་ཡུལ་མ་འདྲ་བར་ལྟ་བྱེད་ཀྱི་མིག་མི་འདྲ་བས་བལྟས་པའི་སྐབས་སུ་མཐོང་བའི་སྣང་བའང་མི་འདྲ་བ་འབྱུང་བ་ལྟར་ཡིན། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ལས་ངེས་པའི་ཆོས་ཅན་ལྟ་བའི་ལྟ་བ་དང་། མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མ་ལས་ངེས་པའི་ཆོས་ཉིད་ལྟ་བའི་ལྟ་བ་སྟེ་གཉིས་ཀྱི་ཁྱད་པར་ཡོད། དེ་ཡང་ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་ཚུ་རོལ་མཐོང་བ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་དང་། དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་སྟེ་གཉིས་ཡོད། དེ་གཉིས་རྒྱུ་དང་། ངོ་བོ། བྱེད་ལས། འབྲས་བུ་སྟེ་དོན་བཞིའི་སྟེང་ནས་ཁྱད་པར་འབྱེད་དགོས་པ་སྟེ། དེ་ཡང་ཚུ་རོལ་མཐོང་བ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་ལྟ་བུ་ནི་རྒྱུ་རང་ཡུལ་ཉི་ཚེ་བ་ཞིག་ལ། ཁོ་རང་གི་ཚད་དང་མཐུན་པའི་ཚུལ་བཞིན་དུ་བརྟགས་པའི་བློ་དོན་མཐུན་ལས་སྐྱེས་ཤིང་། དེའི་ངོ་བོ་ནི་རང་ཡུལ་ཙམ་དུ་གནས་སྐབས་མི་བསླུ་བའི་རིགས་པ་ཞིག་ཡིན། བྱེད་ལས་ནི་ཚུར་མཐོང་གི་ཡུལ་དེར་སྒྲོ་འདོགས་སེལ་ཞིང་། དེའི་འབྲས་བུ་ནི་སྐབས་དོན་ཡོངས་སུ་བཅད་ནས་འཇུག་པ་ཞིག་ཡིན། དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་ནི། རྒྱུ་ཆོས་ཉིད་ཇི་ལྟ་བར་ཚུལ་བཞིན་དུ་དམིགས་པའི་རྗེས་ལས་ཐོབ་པ། ངོ་བོ་ཇི་སྙེད་པའི་ཡུལ་ཅན་རྒྱ་ཆེ་བའི་ཤེས་རབ། བྱེད་ལས་ཐ་མལ་པའི་རྒྱུད་ཀྱི་ཚུར་མཐོང་གིས་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་སྒྲོ་འདོགས་སེལ་ཐུབ་པ། འབྲས་བུ་ཇི་སྙེད་མཁྱེན་པའི་ཡེ་ཤེས་འགྲུབ་པ་དེ་ལྟ་བུ་ཞིག་རེད། འདི་གཉིས་ལ་དཔེ་ཞིག་བཞག་པ་ཡིན་ན་མི་དང་ལྷའི་མིག་ལྟ་བུ་རེད། ལྷའི་མིག་གིས་མིའི་གཟུགས་མཐོང་ཡང་མིའི་མིག་གིས་ལྷའི་གཟུགས་མི་མཐོང་བ་རེད། མིག་གིས་གོང་མའི་གཟུགས་མི་མཐོང་ཞེས་གསུངས་པ་བཞིན་ཡིན། ཚུར་མཐོང་གི་ཡུལ་དག་གཟིགས་ཀྱིས་མཁྱེན་ཀྱང་དག་གཟིགས་ཀྱི་ཡུལ་ཚུར་མཐོང་ཚད་མས་མི་ཤེས། སྤྱིར་ཚད་མའི་ངེས་པའི་སྟེང་ནས་བཤད་ན་དེ་ལྟ་བུ་རེད། འདི་ནས་ལྟ་བ་བཤད་པའི་སྐབས་རེད། དེ་ཡང་སྔ་འགྱུར་རྙིང་མའི་རང་ལུགས་ལ་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད། སྤྱིར་ལྟ་བ་ལ་ཆོས་ཅན་ལྟ་བའི་ལྟ་བ་དང་། ཆོས་ཉིད་ལྟ་བའི་ལྟ་བ། རང་རིག་ལྟ་བའི་ལྟ་བ་སྟེ་གསུམ་ཡོད་ལ། དེ་ལས་ཆོས་ཉིད་ལྟ་བའི་ལྟ་བ་ལ་མདོ་སྔགས་གཉིས་ཀར་ལྟ་བ་སྟོང་ཉིད་སྤྲོས་བྲལ་ཙམ་གྱི་ཚིག་གི་སྟེང་ནས་ཁྱད་པར་མེད་ཟེར་ཆོག སྔགས་ཀྱི་ལྟ་བ་ལའང་ངོ་བོ་སྟོང་པའི་ཆ་ནས་སྤྲོས་པའི་མཚན་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དམིགས་བསམ་བརྗོད་འདས་ཡིན་པ་རེད། ས་སྐྱ་པཎ་ཆེན་གྱིས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་གྱུར་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས་པ་ལྟར་ཡིན། འོན་ཀྱང་ཆོས་ཅན་ཀུན་རྫོབ་ཀྱི་ལྟ་བའི་ངོས་ནས་ཁྱད་པར་ཡོད་པ་རེད། དེ་ཡང་མཚན་ཉིད་ཐེག་པ་ཟབ་མོ་དབུ་མའི་སྐབས་སུ་ཀུན་རྫོབ་རྟེན་འབྱུང་དུ་སྣང་བའི་ཆོས་འདི་དག་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་ལྟར་རང་བཞིན་བདེན་པར་མ་གྲུབ་པ་ཙམ་དུ་བལྟ་བ་མ་གཏོགས། དག་པ་ལྷའི་དཀྱིལ་འཁོར་ཆེན་པོར་བལྟ་བའི་ལྟ་བ་རྩལ་དུ་བཏོན་ནས་བཤད་ཡོད་པ་མ་རེད། ཐབས་ཀྱི་ཐེག་པ་ཆེན་པོ་སྔགས་བླ་མེད་ཀྱི་སྐབས་འདི་ནས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ཀྱི་རང་བཞིན་ལྷ་དང་ལྷ་མོའི་ཚུལ་དུ་རང་ཆས་སུ་བཞུགས་པར་བལྟ་བ་ཡིན། དེས་ན་ཆོས་ཉིད་ལྟ་བའི་ལྟ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་མཉམ་པ་ཆེན་པོར་གཏན་ལ་ཕབས། ཆོས་ཅན་ལྟ་བའི་ལྟ་བས་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དག་པ་ཆེན་པོར་གཏན་ལ་ཕབས། དེ་ཡང་འུ་ཅག་གིས་དཀྱིལ་འཁོར་བསྒོམ་པའི་ཚེ་གཙོ་བོ་གཅིག་ལས་ཤར་བའི་གཙོ་འཁོར་གྱི་ལྷ་ཚོགས་ཡོད་ན། དེ་ཉིད་གང་ཟག་གཅིག་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པ་དག་པ་ལྷའི་རྣམ་པར་ཤར་བ་ལྟ་བུ་རེད། དེ་ཡང་རང་རིག་ལྟ་བའི་ལྟ་བ་ནི་ཆོས་ཉིད་ལྟ་བའི་ལྟ་བ་དང་ཆོས་ཅན་ལྟ་བའི་ལྟ་བ་གཉིས་དབྱེར་མེད་མཚན་ཉིད་བསམ་བརྗོད་དང་བྲལ་བར་མངོན་སུམ་རང་ཐོག་ཏུ་གཏན་ལ་ཕབས་ནས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ཤེས་པར་བྱ་བ་དེ་ཉིད་གསང་ཆེན་རྡོ་རྗེ་རྩེ་མོའི་གྲུབ་མཐའི་གནད་ཡིན་པ་རེད། དེ་ཡི་ཕྱིར་ན་ལྟ་སྒོམ་འདི་གཉིས་རིག་པ་དང་རྐང་པར་ལྡན་དགོས་ཞེས་གསུངས། དེའི་དོན་ཅི་རེད་ཟེར་ན། ལྟ་བའི་ངེས་པ་དང་བྲལ་བའི་སྒོམ་པ་དང་སྒོམ་པའི་ཉམས་ལེན་དང་བྲལ་པའི་ལྟ་བ་དེ་ཁ་ཤར་དུ་ཕྱོགས་ནས་གོམ་པ་ནུབ་ཏུ་སྤོ་བ་དང་འདྲ། རིག་པ་དང་རྐང་པར་ཇི་ལྟར་ལྡན་དགོས་ཤེ་ན་མིག་གིས་ལྟ་སར་རྐང་པས་སྤོ་དགོས། ངེས་པ་རྣམ་དག་རྗེས་ནས་བསྐྱེད་དགོས་ཚེ་ལྟ་བ་རྣམ་དག་སྔོན་དུ་འགྲོ་དགོས། དེས་ན་སྔགས་ལ་ཞུགས་པའི་གང་ཟག་ཞིག་གིས་འདི་ཉིད་ཤེས་པ་གལ་གནད་ཤིན་ཏུ་ཆེ། ནང་རྒྱུད་སྡེ་གསུམ་གྱི་སྐོར་འདི་ལྟ་སྒོམ་སྤྱོད་འབྲས་དང་འབྲེལ་ཏེ་ཅུང་ཟད་རྒྱས་པར་བྱས་ནས་སྐྱོར་སྦྱང་བྱ་དགོས་སྙམ་པ་ཡིན། འོན་ཀྱང་འདིར་ཡོད་ཐམས་ཅད་ཆ་ཚད་གཅིག་མཚུངས་ཤ་སྟག་མ་ཡིན་པས། ལས་དང་པོ་བ་གསར་བུ་རྣམས་དང་རྒན་ཞུགས་མ་ཎི་ཕྲེང་བགྲང་ལས་མ་མྱོང་བ་རྣམས་ཀྱིས་འདི་ལྟར་སྙམ་ངེས། ད་ནི་ཅི་ཞིག་ཟེར་གྱིན་འདུག བཤད་ནི་བཞིན་པ་ལ་གོ་རྒྱུ་ནི་ཅུང་ཟད་ཀྱང་མི་འདུག ཁྱེད་ཀྱིས་གོའམ་ཞེས་དྲིས་བྱུང་ན་བོད་སྐད་བོད་ལ་བཤད་པ་ཡིན་པས་མི་གོ་འདུག་ཅེས་ལན་སྨྲ་མི་བཏུབ། གོ་འདུག་ཅེས་སྨྲ་ན་ཅི་ཞིག་གོ་ཡོད་ཡང་བཤད་ནི་བྱ་རྒྱུ་མེད་མོད། ད་ནི་ཅི་འདྲའི་དཀའ་བ་ལ་བསམ་མི་ཉན། གལ་སྲིད་དེ་འདྲ་བསམ་ནས་ཨ་རོ་ཤོ་༼ཁ་སྐད་དུ་ཐང་ཆད་པའི་དོན།༽སྙམ་ན་དེ་མུར་བྱིང་རྨུགས་འཐིབས་གསུམ་པོ་གཅིག་རྗེས་གཉིས་མཐུད་དུ་སླེབ་ནས་ཅུང་ཞིག་ན་གཉིད་ལོག་ཀྱང་བྱེད་ངེས། གོ་སླ་བ་དཀའ་རུ་བཏང་ནས་གོ་རྒྱུ་ཅན་ཞིག་མི་གོ་བར་བསྒྱུར་བ་མ་ཡིན་ཞིང་། རང་ཅག་གིས་དུས་རྒྱུན་བཤད་བཞིན་པའི་གོ་ཁ་ཕན་ཚུན་གྱི་ཟ་སྐད་འཐུང་སྐད་ཙམ་ཞིག་གིས་མདོ་སྔགས་གཉིས་ཀའི་གཞུང་གི་ཁོག་དགྲོལ་མི་ཐུབ་སྟེ། དེ་ཡང་། ཡུལ་གྱི་སྐད་ཀྱིས་ཆོས་གོ་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། ཞེས་གསུངས་ཡོད། ཟ་སྐད་འཐུང་སྐད་དེ་དག་གི་སྟེང་ལ་སྟོང་སང་ངེ་གསལ་ལྷང་ངེ་ཞེས་པ་འགའ་ཞིག་གང་བྱུང་དུ་སྦྱར་བ་ཙམ་གྱིས། བརྡ་ཙམ་བསྟན་པས་གྲོལ་བ་ཤྲཱི་སིངྷ་དང་པདྨ་འབྱུང་གནས་ལྟ་བུ་འཕྲད་པ་བྱུང་ན་མ་གཏོགས། གཞན་ང་ལྟ་བུས་མུན་ནག་ནང་གི་མཛུབ་སྟོན་རེད་ཉེན་འདུག དེས་མ་ཚད་སྲོལ་ངན་གྱི་རྒྱུན་འབྱམས་པར་འགྱུར་བའི་དོགས་པའང་ཡོད། ཁྱད་པར་དུ་གདན་ས་འདི་དང་ཆོས་བརྒྱུད་འདིའི་དམ་པ་གོང་མ་རྣམས་ཀྱིས་བཤད་བྱའི་མདོ་སྔགས་གང་ཡིན་པ་དེའི་གཞུང་དོན་དངོས་ཀྱི་ཁོག་ཕུབ་པ་ལས་འཆད་སྲོལ་མེད། ཁྱད་པར་དུ་རྒྱུད་དོན་ལ་དེ་ལྟ་བུ་ཡིན། གནས་འདི་གང་ལྟར་བཤད་རུང་དུས་ཀྱི་ཁུག་སོ་འདིའི་རང་ལུགས་ཀྱི་གསང་སྔགས་ཀྱི་ཆོས་རྒྱུན་སྤེལ་སའི་ཆོས་ར་རེད། དེས་ན་རྒད་པོ་རྒན་མོ་ཚོས་མ་ཎི་འཚོགས་པ་ལྟར་བྱས་ནས་ཨ་མཆོད་གོ་བས་ཅི་དྲན་གང་དྲན་བྱས་ནས་བཤད་ན་མི་འགྲིག བཟོ་མ་ཤེས་ཀྱང་བཟོ་བའི་བཟོ་སྟངས། མགར་མ་ཤེས་ཀྱང་མགར་བའི་འདུག་སྟངས་ཤིག་བྱེད་དགོས་སོང་བ་རེད། འོན་ཀྱང་གསར་པ་ཚོ་ཡི་ཆད་ནས་ད་ཉན་དགོས་མི་འདུག་མ་བསམ། རྒྱུན་པར་ཉོན་དང་མི་སུ་ལྟ་བུ་ཞིག་ཡིན་རུང་ཅུང་ཟད་མི་ཕན་པ་མི་སྲིད། ཆོས་རྔ་སྒྲོག་པའི་སྒྲ་ཐོས་ཀྱི་དུད་འགྲོ་ཡང་ངན་སོང་ལས་ཐར་བར་འགྱུར་ན། སྨྲ་ཤེས་དོན་གོའི་མིས་ཆོས་སྒྲ་དངོས་ཀྱི་སྒྲ་ཚིག་ཙམ་ཐོས་པའི་ཕན་ཡོན་གྱིས་ཀྱང་བསོད་ནམས་བསམ་གྱིས་མི་ཁྱབ་པ་གསག་པར་འགྱུར། ཅི་ཙམ་གོ་ན་དེ་ཙམ་གྱིས་འབད་པ་གྱིས་དང་། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། ཞེས་གསུངས་པས། གོམ་པ་གཅིག་སྤོ་དང་གཉིས་སྤོ་ཡིས་ལེ་བར་བརྒྱ་ཡི་ས་ཐག་བཅད་པ་ཇི་བཞིན། ཐོས་པ་རིམ་གྱིས་བསགས་ན་སོག་རྒྱུ་ཡོད་པ་ཡིན། སྐྱེས་ཐོབ་ཀྱི་ཤེས་རབ་ཁོ་ནར་བརྟེན་ནས་ཀ་ཁ་ཙམ་ཡང་སྦྱོང་མི་དགོས་པར་རང་བཞིན་གྱིས་ཤེས་པ་ཤིན་ཏུ་དཀོན་པོ་རེད། དེས་ན་ཐོས་པ་བསགས་ནས་ཐོས་པའི་ཤེས་རབ་སྐྱེ། ཐོས་དོན་བསམས་པས་བསམ་པའི་ཤེས་རབ་སྐྱེ། བསམ་དོན་གོམས་པས་སྒོམ་པའི་ཤེས་རབ་སྐྱེ་བར་བྱེད་དགོས། དེ་ལྟར་མིན་པར། ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེག་པ་ལྟར། ཞེས་མི་སྲིད་པའི་དཔེ་རུ་ཇི་ལྟར་བཀོད། དེ་ཚོ་ཀུ་རེ་བྱས་པ་ཡིན། རང་གཞན་ཚང་མས་མི་ཤེས་པ་འདུག་ཟེར་བ་མིན། སྡེ་སྣོད་འཛིན་པ་རྣམས་ཡར་ཞོག དེ་མིན་ང་འདྲ་བ་རྣམས་ཀྱིས་མི་ཤེས་པས་ཅུང་ཟད་ཤེས་ན་སྙམ་པའི་རེ་བ་བྱེད་ཁུལ་དང་། ཆེན་པོ་ཞིག་མ་ཤེས་ཀྱང་བག་ཆགས་རེ་བཞག་ན་བསོད་ནམས་ཆེན་པོ་རེད་སྙམ་སྟེ་སྐྱོར་སྦྱང་བྱེད་བཞིན་མཆིས་ན། སྐབས་འདིའི་ནང་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་སྐོར་སྔགས་ཐེག་རྩེར་ཞུགས་པ་ཞིག་གིས་མ་ཤེས་ཐབས་མེད་ཡིན་ཕྱིར། སྤྱིའི་སྒྲོམ་གཞིའམ་སྤྱི་དོན་གྱི་ཁོག་ཕྱོགས་ཙམ་སྨོས་ན། དེ་ཡང་ནང་རྒྱུད་སྡེ་གསུམ་ནི་མ་ཧཱ། ཨ་ནུ། ཨ་ཏི་གསུམ་པོ་ཡིན་པ་གཞིར་བཞག་ལ། དེ་ལས་དང་པོ་མ་ཧཱ་ཡོ་ག་ནི་ལྟ་བ་བདེན་གཉིས་དབྱེར་མེད་ཡིན་པ་སྟེ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་དུ་ལྟ་བ་དེ་ཉིད་དོན་དམ་གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་བློའི་སྤྱོད་ཡུལ་དང་བྲལ་བར་གཏན་ལ་འབེབས་པ་རེད། དེ་ཉིད་ཡང་བཤད་བྱས་ན། འདི་པའི་ལུགས་ཀྱི་ཆོས་སྐད་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་འབྲས་བུ་དོན་དམ་དང་། ཡེ་ཤེས་དོན་དམ། དབྱིངས་དོན་དམ་གསུམ་པོ་དང་ཡེ་ནས་འདུ་འབྲལ་མེད་པ་ལ་དོན་དམ་དཀོར་བདུན་ཞེས་གསུངས། དེ་ཉིད་ཚིག་སྣ་བསྡུས་ཏེ་བཤད་ན། འབྲས་ཆོས་ལྔ་དང་དབྱིངས་ཡེ་གཉིས་བཅས་བདུན་པོ་དོན་དམ་དཀོར་བདུན་རེད། དེ་ལྟ་བུའི་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་དབྱིངས་དེ་ཉིད། འབྲས་དུས་ཀྱི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་རེད་ལ། དེ་ཉིད་ལྷག་པའི་དོན་དམ་བདེན་པ་རེད། དེའི་རྩལ་སྣང་སྣོད་བཅུད་ལ་སྣང་བཞིན་པ་འདི་ཐམས་ཅད་ཀྱང་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་རང་བཞིན་གྱིས་དེ་ལྟར་གནས་ཤིང་བདེན་པར་མ་གྲུབ་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་དེ་ལྷག་པའི་ཀུན་རྫོབ་བདེན་པ་རེད། དེས་ན་བདེན་གཉིས་རེ་རེའི་སྟེང་ནས་ཀྱང་སྣང་སྟོང་འདུ་འབྲལ་མེད་པར་འཇོག་ཐུབ་ཀྱིན་ཡོད། སྐུ་དང་ཡེ་ཤེས་དག་པ་ཡིན་པའི་ཆ་ནས་ཐུན་མོང་པའི་བདེན་གཉིས་ལས་ལྷག་པས་ན་ལྷག་པའི་བདེན་གཉིས་དབྱེར་མེད་ཅེས་གསུངས། དེ་ཉིད་མ་ཧཱ་ཡོ་གའི་ལྟ་བ་རེད། མ་ཧཱ་ཡོ་གའི་སྒོམ་པ་ལ་ཏིང་འཛིན་རྣམ་པ་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་སྣང་གི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་བཅས་ཡན་ལག་དང་བཅས་པའི་ཚུལ་གྱིས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་འཆར་བའི་བསྐྱེད་རིམ་གྱིས་གཙོ་བོར་བྱས་ནས། སྤྱོད་པ་གང་ཤར་བླང་དོར་མེད་པའི་ངང་ནས་ཐབས་མཁས་ཀྱི་སྤྱོད་པ་སྦྱོར་སྒྲོལ་ལ་སོགས་པ་དང་དུ་ལེན་པ་རེད། མ་ཧཱ་ཡོ་ག་འདི་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་དབྱེ་བ་ཡོད། དེ་ལས་རྒྱུད་སྡེ་ནི་ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་བསྟན་དོན་དང་། དེ་ཉིད་དང་མཐུན་པའི་སྒྲུབ་སྡེ་ལ་འཇམ་དཔལ་སྐུ། པདྨ་གསུང་ལ་སོགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་འབྲེལ་བའི་རྒྱུད་སྡེ་དང་། དམ་ཅན་སྲོག་གི་སྒྲུབ་པ། དྲག་སྔགས་ལས་ཀྱི་སྒྲུབ་པ། མན་ངག་མཐུ་ཡི་སྒྲུབ་པ་ལ་སོགས་པ་མང་། སྣང་བ་ཡུལ་གྱི་བློ་ཅན་གྱི་གང་ཟག་གིས་གཙོ་བོར་བསྐྱེད་རིམ་ལ་བརྟེན་ནས། བསྐྱེད་རིམ་གྱི་ཏིང་འཛིན་བརྟན་པ་དེས་གཟོད་རྫོགས་རིམ་གྱི་ངེས་པ་དྲངས་ནས་བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་ལ་འཇུག་དགོས་པ་རེད། མ་ཧཱ་ཡོ་གའི་བསྐྱེད་རྫོགས་ཐམས་ཅད་ཀྱང་སྣང་བ་ལྷ་རུ་སྒྲུབ་པའི་གནད་ལ་ཐུག་ཡོད་པ་རེད། འབྲས་བུ་ཚེ་འདིར་རིག་འཛིན་རྣམ་པ་བཞིའི་ལམ་བགྲོད་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་སངས་རྒྱས་པར་འདོད་པ་རེད། འོ་ན་རྫོགས་པ་ཨ་ནུ་ཡོ་གའི་ལྟ་བ་དེ་ཅི་འདྲ་ཞིག་རེད་ཅེ་ན། དཀྱིལ་འཁོར་རྣམ་གསུམ་ལ་གཞི་བཟུང་ནས་རྩ་རླུང་ཐིག་ལེའི་བྱེད་པ་ཡིས་བདེ་སྟོང་གི་ཡེ་ཤེས་ལམ་དུ་བྱེད་པ་ཞིག་རེད། དེ་ཡང་ཐབས་སྣང་བའི་ཆ་ཡེ་ནས་དག་པ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། ཤེས་རབ་སྟོང་པའི་ཆ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཡིན་པ་གང་ཞིག དེ་གཉིས་དབྱིངས་རིག་སོ་སོར་ཐ་མི་དད་པའི་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བདེ་སྟོང་དབྱེར་མེད་ཀྱི་ལྟ་བ་དེ་ལ་བསྟུན་ནས། ཕྱི་སྤྲོས་པ་དང་རྩོལ་བ་ཅན་གྱི་ལམ་ལ་མི་ལྟོས་པར་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་གནད་དུ་བསྣུན་ནས། རགས་པའི་སྣང་བ་ཐམས་ཅད་ཐོག་མར་གང་ལས་བྱུང་བའི་ཕྲ་བའི་ཕྲ་བ། རྡུལ་དང་བེམ་པོའི་ཆོས་དང་ཆ་ཡིས་བསགས་པའི་དུས་ལས་འདས་པ། འགྱུར་མེད་ཡེ་ཤེས་ཀྱི་དབུ་མའི་ལམ་དུ་བསྟིམ་པས། སེམས་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ཉིད་ལུས་ཐབས་ལྡན་བརྒྱུད་དེ་ལམ་དུ་བྱེད་པས་མངོན་པར་འཆར་བར་བྱེད་པ་དེ་ཨ་ནུ་ཡོ་གའི་ལྟ་བ་རེད། འདིའི་གནད་འདི་མ་རྟོགས་པར་ལུས་ཀྱི་རྩ་རླུང་ཐིག་ལེ་ལམ་དུ་བྱེད་པ་གཅིག་པུས་འཁྲུལ་སྣང་འགགས་ནས་ཡེ་ཤེས་ཀྱི་སྣང་བ་བསྐྱེད་མི་ཐུབ་པས་ན། མཚན་བཅས་ཀྱི་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་གི་གནད་འདིར་ཐུག་པ་ཡིན། ཨ་ནུའི་སྒོམ་པ་ནི་གསང་དབང་དང་ཤེར་དབང་གི་ཉམས་ལེན། རང་ལུས་དང་གཞན་ལུས་ཐབས་ལྡན་གྱིས་རྣལ་འབྱོར་ལམ་དུ་བྱེད་པ་དེ་འདྲ་ཡིན། འདིའི་ཉམས་ལེན་རྒྱུད་དང་སྒྲུབ་ཐབས་སོ་སོའི་མན་ངག་གི་དབང་གིས་སྣ་ཚོགས་པ་བྱུང་བས་མཐའ་གཅིག་ཏུ་མ་ངེས་པ་ཡིན་ཡང་། དོན་གྱི་སྟེང་ནས་ལས་རླུང་དབུ་མར་བསྟིམས་ནས་གཉུག་མ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་འཇུག་དགོས་པ་གཅིག་མཐུན་རེད། འདི་ལ་གཡོ་བ་རླུང་གི་རྫོགས་རིམ་རྡོ་རྗེའི་བཟླས་པ་དང་། སྦྱོར་བ་བརྒྱད་ལྡན་གྱིས་བུམ་ཅན་བསྒོམ་པ། བརྟེན་པ་རྩ་ཡི་རྫོགས་རིམ་རྩ་གཙོ་མོ་གསུམ་དང་འཁོར་ལོ་ལྔ་ཡི་དམིགས་གཏད་དང་འཕྲུལ་འཁོར་བསྒོམ་པ། བཀོད་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་ཐིག་ལེ་འབར་འཛག་གི་རྣལ་འབྱོར་ལ་བརྟེན་ནས། ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་ཡི་ཡེ་ཤེས་ཀྱིས་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ནས། འཁོར་ལོ་ལྔའི་རླུང་སེམས་ལས་སུ་རུང་ཚེ་ལམ་ལྔའི་ཡོན་ཏན་འཆར་རྒྱུ་དང་། རྩ་དབུ་མའི་རོ་རྐྱང་གི་མདུད་པ་ཉེར་གཅིག་ཞིག་དུས་ས་བཅུ་གཅིག་གི་ཡོན་ཏན་འཆར་རྒྱུ་ཡོད་པ་དེ་ལྟ་བུ་ཡིན། ཨ་ནུ་ཡོ་གའི་སྤྱོད་པ་ནི་རང་ལུས་དང་གཞན་ལུས་ལ་བརྟེན་པའི་ཞུ་བདེ་རྗེས་ཆགས་ཀྱི་བདེ་བ་ཉམས་སུ་ལེན་པ་གཙོ་བོར་བྱས་པའི་ཐབས་མཁས་ཟབ་མོ་དང་ལྡན་པར། འབྲས་བུ་སྙིགས་དུས་ཚེ་ཐུང་གི་མི་ཚེ་གཅིག་པོ་འདིའི་སྟེང་ནས་ཚོགས་ལམ་འདུན་པ་སེམས་པ་ལ་སོགས་པའི་ལམ་ལྔ་དང་། ས་དང་པོ་འགྱུར་བ་མ་ངེས་པའི་ས་ལ་སོགས་པའི་ས་བཅུ་གཅིག་པོ་ཐམས་ཅད་ནང་གི་ཐབས་མཁས་ཀྱི་སྒོ་ནས་བགྲོད་དེ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་བདེ་བ་ཆེན་པོ་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་བྱེད་པ་རེད། ནང་རྒྱུད་སྡེ་གསུམ་གྱི་ནང་ནས་གསུམ་པ་རྫོགས་ཆེན་ཨ་ཏི་ཡོ་ག་རེད། ཨ་ཏི་ཡོ་ག་དེ་ཉིད་ཀྱི་སྤྱིའི་ལྟ་བའི་ཆ་ནས་སེམས་ཀློང་མན་ངག་གི་རྒྱུད་སོགས་ལ་བརྟེན་ནས། སེམས་ཉིད་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པ་ཀ་དག་དང་། རང་བཞིན་གསལ་བ་ལྷུན་གྲུབ་ཏུ་གནས་པ། ཀ་དག་ལྷུན་གྲུབ་དབྱེར་མེད་སྐྱེ་འགག་དམིགས་མཚན་དང་བྲལ་བའི་ཆོས་ཉིད་དེའི་རྩལ་ལས་འཁོར་འདས་ཐམས་ཅད་འཆར་བས། ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་ཡེ་ཤེས་སུམ་ལྡན་དུ་བཞུགས་པ་དེ་ཉིད་བསྐྱེད་པའི་རིམ་པ་དང་རྫོགས་རིམ་མཚན་བཅས་མཚན་མེད་ཀྱི་ཐབས་ལ་མི་ལྟོས་པར་དོན་བརྒྱུད་འཕོ་བའི་བྱིན་རླབས་དང་སེམས་ཉིད་རང་ངོ་སྤྲོད་པའི་བླ་མའི་མན་ངག་གི་ངོ་སྤྲོད་བརྒྱུད་ནས། དགག་སྒྲུབ་སྤང་བླང་མེད་པ་རིག་པ་འགྱུར་མེད་ཀྱི་ངང་ལས་ནམ་ཡང་མི་གཡོ་བ་ཉིད་ལྟ་བས་ཐག་བཅད་པ་ཡིན་ལ། ལྟ་བ་དེ་ཉིད་ཀྱི་ངང་སྐྱོང་བའི་སྒོམ་པས་ཆེད་དུ་རྩོལ་བས་མི་བསྒོམ་ཞིང་ཡེངས་སུ་སྐད་ཅིག་ཀྱང་མི་འགྲོ་བ། དེ་ཡང་ཁྱད་པར་དུ་མན་ངག་སྡེའི་སྐབས་དང་བསྟུན་ན་ཅོག་བཞག་བཞི་དང་མི་གཡོ་གསུམ་ལྡན་ལ་སོགས་པས་རང་བབ་བསམ་གཏན་གྱི་ངང་ལ་བཞག་དུས། རྣམ་རྟོག་རང་ཤར་རང་གྲོལ་དུ་སོང་ནས་རྩོལ་སྒྲུབ་མི་དགོས་པ་རེད། དེ་ཡང་ཐམས་ཅད་རིག་པས་དབང་དུ་བསྒྱུར། གང་ཤར་ཆོས་སྐུའི་ཀློང་ལས་མ་འདས་པ་ཉིད་སྒོམ་པ་རེད། སྤྱོད་པ་གང་ཤར་ཤུགས་འབྱུང་དགག་སྒྲུབ་སྤང་བླང་ལས་འདས་པ་དེ་སྤྱད་ནས། འབྲས་བུ་སྐུ་གསུམ་ཡོན་ཏན་གྱི་རྩལ་མ་བཙལ་གཞི་ལ་རྫོགས་ནས། ཁྲེགས་ཆོད་ཀྱིས་ལུས་རྡུལ་ཕྲན་དུ་དེངས། ཐོད་རྒལ་བསྒོམས་པས་དབྱིངས་དང་རིག་པའི་གདངས་མངོན་སུམ་རྩོལ་མེད་ཀྱི་སྣང་བ་གནད་དུ་གཟིར་བས་སྣང་བཞི་རྫོགས། འོད་ལུས་འཕོ་ཆེན་གྱི་སྐུ་རུ་བཞེངས་ཏེ་གདོད་མའི་དབྱིངས་སུ་འཚང་རྒྱ་བར་འགྱུར་བ་དེ་འདྲ་རེད། དེ་ལྟ་བུའི་ནང་རྒྱུད་ཡོ་ག་གསུམ་འདིའི་ལྟ་བ་སྤྱོད་པ་ཏིང་འཛིན། དཀྱིལ་འཁོར་དབང་དང་དམ་ཚིག སྒྲུབ་པ་མཆོད་པ་འཕྲིན་ལས། དེའི་སྟེང་ལ་སྔགས་དང་ཕྱག་རྒྱ་སྟེ་རྒྱུད་གསུམ་དང་བསླབ་བྱ་བཅུ་གཅིག་ཅེས་གསང་སྔགས་ཀྱི་སྐབས་སུ་ཡོངས་སུ་གྲགས་པ་དེའི་རྣམ་གཞག་རྒྱས་པ་སོ་སོའི་རང་གཞུང་ལས་ཤེས་པར་བྱ་བ་ཡིན་པ་རེད། གཞི་ལམ་འབྲས་བུའི་རྒྱུད་ཀྱི་རྣམ་གཞག་གིས་གླེང་སློང་བ་དང་འབྲེལ་ནས་ལམ་རྒྱུད་བྱེ་བྲག་ཏུ་བཤད་པའི་སྐབས་འདི་དང་མཉམ་དུ། ད་སྐབས་སུ་བབས་པ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ནང་སྒྲུབ་རིག་འཛིན་འདུས་པའི་སྒྲུབ་ཆོག་གཏེར་གཞུང་གི་ཐོག་ནས། འུ་ཅག་གིས་ཚིག་གི་འབྲུ་མནན་ནས་སང་གནངས་བསྙེན་སྒྲུབ་ཀྱི་སྐབས་སུ། རབ་ཀྱིས་ཏིང་ངེ་འཛིན་གྱི་གསལ་སྣང་དང་བསྟུན་ནས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་འཆར་ཐུབ་པ། འབྲིང་གིས་ཀྱང་བསྐྱེད་རྫོགས་ཀྱི་དམིགས་ཤེས་ཏེ་བསྙེན་སྒྲུབ་ཡན་ལག་བཞིའི་གོ་དོན་རྙེད་པ། ཐ་མ་པ་ཡིན་རུང་ཁ་ཡེངས་མིག་ཡེངས་མི་དགོས་པར་ཚིག་རྗེས་སུ་དོན་དྲན་ཐུབ་པ། སྒྲ་དོན་འདྲེས་འཛིན་གྱི་རྟོག་ཚོགས་དག་སྣང་གི་རྗེས་འགྲོ་ཅན་རེ་འཆར་ཐུབ་རྒྱུའི་ཆེད་དུ་དམིགས་ནས་སྐྱོར་སྦྱང་ཞིག་བྱེད་འཆར་རེད། འོན་ཀྱང་རྡོ་རྗེའི་ཚིག་གི་གོ་དོན་ཆ་ཚང་འགྲོལ་ཐུབ་པར་ཆོས་ཉིད་དག་པའི་དགོངས་སྤྱོད་ལས་མི་གཡོ་བ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ལ་དབང་འབྱོར་བ། རྡོ་རྗེའི་ལྗགས་དང་ལྡན་པ། མི་འཕྲོགས་པའི་རྣམ་དཔྱོད་དང་སྤོབས་པ་ཡོད་པ་ཞིག་གིས་མ་གཏོགས་འགྲོལ་མི་ཐུབ། རྟོག་གེ་ཐེ་ཚོམ་གྱི་གེགས་སེལ་མ་ཤེས་ན་མཛངས་པ་ལྕེ་རྡུམ་གྱི་སྐྱོན་འབབ། མི་མཐུན་པའི་ཚིག་དོན་སྡེབ་མ་ཤེས་ན་ལོང་བ་ལོང་ཐུག་གི་སྐྱོན་འབྱུང་། མངོན་རྟོགས་ཀྱི་གོ་རིམ་སྡེབ་མ་ཤེས་ན་བདུད་རྩི་རོ་ཉམས་ཀྱི་སྐྱོན་དང་། གོང་འོག་གི་འཁྲུགས་སྡེབ་མ་ཤེས་ན་རིན་པོ་ཆེ་རྩལ་འཆོལ་བའམ་བསྟར་འཆོལ་བའི་སྐྱོན་སོགས་འབྱུང་གསུངས་ཡོད་པ་རེད། འོན་ཀྱང་སོ་སོའི་སྐྱེ་བོའི་བློས་གང་ལྕོགས་ཀྱིས་དག་སྣང་དང་འདུན་པ་གཙོ་བོར་བྱས་ཏེ་ཚོགས་པ་སྐྱོང་བའི་ས་ཁོངས་ཤིག་འཛིན་པར་མ་བཤད་ཐབས་མེད་དུ་གྱུར་སོང་བར་བརྟེན། དེས་ན་འགལ་ཉེས་བཤད་ནོར་འདྲ་བྱུང་ན་ལྷ་དང་སྲུང་མར་བཟོད་པར་གསོལ་ཞུ་རྒྱུ་དང་། ཆོས་སྤྱན་དང་ལྡན་པས་ཚངས་པར་བསྩལ་ཏུ་གསོལ་ཞེས་ཞུ་རྒྱུ་ཡིན། དེ་ནས་འུ་ཅག་ཚང་མས་དབུའི་ཞལ་བྱང་ནས་མར་གཟིགས་དང་། ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ་བཞུགསཿ ཞེས་གསུངས། གོང་ནས་སྤྱིར་རྒྱལ་བའི་བཀའ་དང་རྗེས་འཇུག་གི་བསྟན་བཅོས་བྱུང་ཚུལ། མདོ་སྔགས་ཀྱི་བསྟན་པའི་རྣམ་གཞག ཁྱད་པར་དུ་གསང་སྔགས་ཀྱི་རྒྱུད་ཀྱི་བྱུང་བ། དེ་ལས་ལམ་རྒྱུད་བྱེ་བྲག་གི་ཚུལ་དུ་བཤད་པ་ཡིན་ཡང་། སྐབས་དོན་དམིགས་ཀྱིས་བཀར་ནས་ཞིབ་ཀྱིས་ཞུས་ན། སྔ་འགྱུར་མདོ་སྒྱུ་སེམས་གསུམ་ཞེས་སུ་གྲགས་པའི་ནང་ནས་ཕྱི་བསྐྱེད་པ་མ་ཧཱ་ཡོ་ག་སྟེ། གསང་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ་སྤྱི་རྒྱུད་སྒྱུ་འཕྲུལ་དྲ་བ་སོགས་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཡོད་ན། རྒྱུད་སྡེ་དེ་ཉིད་རྒྱལ་སྲས་རིགས་གསུམ་སེམས་དཔས་ལྷ་ཀླུ་གནོད་སྦྱིན་གྱི་གནས་ནས་བཤད་དེ། འཁོར་ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་སར་བཞག་ཚུལ་དང་། ཡང་གསང་བདག་གིས་གནས་ངེས་མེད་དང་ཁྱད་པར་དུ་རི་མ་ལ་ཡར་མི་དང་མི་མིན་གྱི་རིག་འཛིན་ལ་བཤད་ནས། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རིན་པོ་ཆེའི་གླེགས་བམ་དུ་བཀོད་ནས་ནམ་མཁར་རྒྱས་བཏབ་པ་རྒྱལ་པོ་ཛའི་ཁང་སྟེང་དུ་བབས་ཚུལ་སོགས་གོང་ནས་བཤད་པ་ལྟར་རེད། སྒྲུབ་སྡེ་དེ་ཇི་ལྟ་བུ་ཞིག་རེད་ཅེ་ན། འོག་མིན་ནས་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས་ཆོས་ཉིད་ཀྱི་རང་སྒྲས་གསུངས་པ་རིག་འཛིན་རྡོ་རྗེ་ཆོས་ཀྱིས་ངག་ཏུ་བསྡུས་ཤིང་གླེགས་བམ་དུ་བཀོད་ནས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་པ་རེད། དེས་སྤྱི་རྒྱུད་སྒོས་རྒྱུད་ཐམས་ཅད་རིན་པོ་ཆེའི་སྒྲོམ་སོ་སོའི་ནང་དུ་བཅུག་ནས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། དུས་སུ་བབས་པའི་ཕྱི་མའི་གནས་སྐབས་ན་སྒྲོམ་བུ་བརྒྱད་རིག་འཛིན་བརྒྱད་དང་སྤྱི་རྒྱུད་རིན་ཆེན་ཀུན་འདུས་ཀྱི་སྒྲོམ་དེ་སློབ་དཔོན་ཆེན་པོར་ཕུལ་བ་རེད། ནང་ཀློང་ཨ་ནུ་ཡོ་ག་དེ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་དུས་དམ་པའི་རིགས་ཅན་དྲ་མ་ལྔས་གདུང་ཚིག་ཉེར་གསུམ་བཏོན་ནས་བསྐུལ་བའི་ཚེ། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེས་བསྐུལ་ནས་གསང་བདག་དངོས་སུ་བྱོན་ནས་བསྟན་པ་རེད། མན་ངག་ཨ་ཏི་ཡོ་ག་དེ་ཉིད་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསང་བདག་དཔའ་བོས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས། རྫོགས་ཆེན་སེམས་སྨད་བཅོ་བརྒྱད་དང་། ཀློང་ཆེན་བམ་པོ་ཉི་ཁྲི་ལ་སོགས་པའི་རྒྱུད་གཏད་ནས་མན་ངག་ཀུན་ཀྱི་བདག་པོར་མངའ་གསོལ་བ་རེད། དེས་ཉི་མ་སྣང་བྱེད་ཀྱི་རི་ནས་ལོ་ཉི་ཤུར་བསྒྲུབས་པས་སྐུ་ཉི་ཟེར་ལྟ་བུར་གྱུར་ཏེ་ནམ་མཁའ་ནས་གཤེགས་བཞུགས་མཛད་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞི་དང་མ་ནས་ཐུགས་ལ་ཡོད་པ་ཞལ་འདོན་མཛད་པའི་སྐབས་སུ་མཁའ་འགྲོ་མས་བསྡུ་བ་བྱས་ཏེ་ཡི་གེར་བཀོད། དགའ་རབ་རྡོ་རྗེར་ཐུགས་སྲས་བདུན་གསུམ་ཉེར་གཅིག་ལ་སོགས་པ་བྱུང་བ་ལས་གཙོ་བོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ། བརྡ་ཙམ་བསྟན་པས་རྟོགས་གྲོལ་དུས་མཉམ་དུ་བྱུང་ནས་བསྟན་པ་ཡོངས་རྫོགས་ཀྱི་ཆེད་དུ་དབང་བསྐུར། རྒྱུད་དང་མན་ངག་ཐམས་ཅད་བསྟན་པ་རེད། དེ་ནས་ཆུ་བོ་དན་ཏིག་གི་འགོ་ནས་སློབ་དཔོན་འོད་ཕུང་དུ་ཡལ་དུས། འོད་ཀྱི་དཀྱིལ་ནས་ཚིག་གསུམ་གནད་དུ་བརྡེག་པའི་འདས་རྗེས་ཀྱི་གླེགས་བམ་བབ་པའི་སྐབས་སུ་འཇམ་དཔལ་བཤེས་གཉེན་རྟོགས་པ་སློབ་དཔོན་དང་མཉམ་ནས་ཁོང་གིས་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞི་དེ་ཉིད་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེས། གནད་ལས་ཟབ་པའི་སྙིང་ཐིག་གི་སྐོར་ལ་བཤད་རྒྱུད་དང་རྣ་རྒྱུད་གཉིས་སུ་ཕྱེས་པར་རྣ་རྒྱུད་དེ་མཆན་ལ་བཏབ། བཤད་རྒྱུད་དེ་རྡོ་རྗེའི་གདན་ལ་གཏེར་དུ་སྦས་པ་རེད། དུར་ཁྲོད་སོ་ས་གླིང་ལ་ལོ་བརྒྱ་དང་ཉེར་དགུར་བཞུགས་ཏེ་སློབ་མ་ཤྲཱི་སིངྷ་གཙོར་བྱས་པའི་པཎ་ཆེན་ཉེར་ལྔ་བྱུང་བ་རེད། སློབ་དཔོན་ཤྲཱི་སིངྷ་ལ་མི་ལོ་ཉེར་ལྔའི་བར་ཆོས་བསྟན་ནས་མཐར་འོད་ཕུང་དུ་ཡལ་ནས་འདས་རྗེས་བབས་ན། ཤྲཱི་སིངྷ་ཉིད་དགོངས་པ་སློབ་དཔོན་དང་མཉམ་པ་ཞིག་རེད་སོང་བ་རེད། ཤྲཱི་སིངྷས་མན་ངག་གི་དཔེ་དེ་གཏེར་ལས་ཕྱུང་ནས་ཡང་གསང་ཐིག་ལེའི་སྐོར་ལ་ཕྱི་ནང་གསང་བ་བླ་མེད་ཀྱི་སྐོར་དང་བཞི་རུ་ཕྱེས་ནས། ཕྱི་ནང་གསང་བ་གསུམ་གཏེར་དུ་སྦས། ཡང་གསང་བླ་མེད་ཀྱི་སྐོར་དེ་ཐུགས་ལ་གབ་ནས་དུར་ཁྲོད་བསིལ་སྦྱིན་ལ་བཞུགས། སློབ་དཔོན་ཤྲཱི་སིངྷ་ལ་སློབ་དཔོན་པདྨ་འབྱུང་གནས་དང་བཱི་མ་ལ་སོགས་པ་སློབ་མ་མང་པོ་བྱོན། སྙིང་ཐིག་བཀའ་མའི་ལུགས་ལྟར་བྱས་ན་དབང་རྒྱུད་མན་ངག་ཐམས་ཅད་ཛྙ་ན་སུ་ཏྲ་ལ་གཏད། ཛྙ་ན་སུ་ཏྲ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་གཟེར་བུ་བདུན་པ་གསང་བ་མན་ངག་དང་བཅས་པ་བཱི་མ་ལར་གནང་། བཱི་མ་ལ་འཕོ་ཆེན་གྱི་སྐུ་བརྙེས་པ་རེད། ཡང་བརྒྱུད་ཚུལ་གཞན་ཞིག་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་འོད་ཕུང་དུ་ཡལ་ནས་ལོ་བརྒྱ་དང་ཉེར་ལྔའི་མཚམས་སུ་སླར་ནུབ་ཕྱོགས་ཀྱི་པདྨའི་སྡོང་པོར་རྫུས་སྐྱེས་སུ་བྱོན་ནས་འཇམ་དཔལ་བཤེས་གཉེན་ཕྱི་མ་ཞེས་ཞུ་བ་དེས་སློབ་དཔོན་ཆེན་པོ་པདྨཱ་ཀ་ར་ལ་གསང་སྔགས་བསྟན་པ་ཡིན། མདོ་ཚུར་ལ་བསྡུས་ན་བཀའ་གཏེར་དགོངས་པ་གཅིག་གྱུར་གྱིས་སློབ་དཔོན་ཆེན་པོ་ཉིད་ཚེ་དབང་རིག་འཛིན་གྱི་སྐུ་བརྙེས། ལྷུན་གྲུབ་རིག་འཛིན་གྱི་སར་གཤེགས་ནས་འཕོ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ལ་མངའ་དབང་བརྙེས་པ་ཡིན། བཱི་མའི་གསང་བ་སྙིང་ཐིག་དང་པདྨའི་མཁའ་འགྲོ་སྙིང་ཐིག་སྟེ་སྙིང་ཐིག་མ་གཉིས་སུ་ཀུན་བཟང་དགོངས་པའི་ཐུགས་བཅུད་མ་མཁའ་འགྲོའི་སྙིང་གི་ཁྲག་བཅུད་བསྡུས་ཏེ་བསྟན་ན། འདིའི་ཆོས་བརྒྱུད་འཛིན་པ་ཕལ་ཆེ་བ་ཕུང་པོ་འོད་སྐུར་གྲོལ་བ་རྐྱང་རྐྱང་བྱོན་པ་རེད། སློབ་དཔོན་པདྨ་འབྱུང་གནས་ཀྱིས་དམ་ཆོས་མི་ནུབ་པའི་ཕྱིར་དང་གཅིག གདམས་ངག་མི་འཕྱུག་པའི་ཆེད་དང་གཉིས། བྱིན་རླབས་མི་ཡལ་པའི་དོན་དང་གསུམ། བརྒྱུད་ཐག་ཉེ་བ་བཅས་བཞི་ལ་དགོངས་ནས། རྒྱུད་ལས་སྒྲུབ་ཐབས། སྒྲུབ་ཐབས་ལས་མན་ངག མན་ངག་ལས་ལག་ལེན་ལ་བཏབ་ནས་མ་འོངས་ཕྱི་རབས་ཀྱི་དོན་ལ་གཏེར་དུ་སྦས་ན། གཏེར་ཆོས་དེ་དག་གཏེར་གནས་ལས་འདོན་པར་དབང་བའི་ལས་ཅན་གྱི་སྐྱེས་བུ་སོ་སོ་ལ་སྨོན་ལམ་དབང་བསྐུར་གཏད་རྒྱ་ལུང་བསྟན་དང་བཅས་པ། མཚོན་བྱ་དོན་གྱི་མན་ངག་སྐུ་གསུམ་གྱི་སྒྲོམ་དེ་མཚོན་བྱེད་ཚིག་གི་དཔེ་རྒྱུད་མྱོང་གྲོལ་སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པ་ཤར་ལྷོ་ནུབ་བྱང་དབུས་དང་ལྔ་ཡི་གཏེར་གནས་ཐ་དད་དུ་འབྱུང་བ་ལྔ་ཡི་རྒྱ་ཡིས་བཏབ་ནས་སྦས་པ་ཡིན་ན། ཕྱིས་འགྲོ་དོན་དུས་ལ་བབས་པའི་གནས་སྐབས་ན་དུས་བབས་སྨོན་ལམ་གྱིས་ལས་ལྡན་གྱི་སྐྱེས་བུ་སྤྱི་དང་། ཁྱད་པར་དུ་གཏེར་རིགས་བཅོ་བརྒྱད་ལས་མཆོག་ཏུ་གྱུར་པའི་གཏེར་གང་ཡིན་པ་རེད་ཟེར་ན་ཟབ་མོ་དགོངས་པའི་གཏེར་ཡིན་ཞིང་། ཀུན་མཁྱེན་བླ་མ་དྲི་མེད་འོད་ཟེར་ལ་དེ་ལྟ་བུའི་ཟབ་མོ་དགོངས་པའི་ཆོས་གཏེར་གྱི་བཀའ་བབས་ནས། སྙིང་ཐིག་བུ་གཉིས་ཡང་ཏིག་རྣམ་གཉིས། ཀུན་ཀྱི་ཡང་ཏིག་ཟབ་མོ་ཡང་ཏིག རྒྱ་ཆེ་བའི་བཤད་པ་ཀློང་ཆེན་མཛོད་བདུན། ཤིང་རྟ་རྣམ་གསུམ་ལ་སོགས་རྫོགས་པ་ཆེན་པོའི་གསང་མཛོད་བརྟོལ་ནས་གངས་ཅན་གྱི་ལྗོངས་འདིར་དགའ་རབ་དཔའ་བོ་གཉིས་པ་རྫོགས་ཆེན་བསྟན་པའི་ཤིང་རྟ་ཆེན་པོ་རུ་བྱོན་ན། དེས་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་ནས་ཀུན་མཁྱེན་འཇིགས་མེད་གླིང་པ་ལ་བསྟན་པ་གཏད། ད་དུང་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་རྗེས་བསྐུལ་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་སྤྲད་དེ། རིག་འཛིན་འཇིགས་མེད་གླིང་པ་ལ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའི་ཀློང་བརྡོལ་པ་ལ་ཀློང་ཆེན་སྙིང་ཐིག་ཅེས་སུ་ཞུ་བ་ཡིན། དེ་ལྟ་བུའི་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་ནང་སྒྲུབ་རིག་འཛིན་འདུས་པ་བཞུགས་ཞེས་གསུངས་ཏེ། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་ལྡན་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་མན་ངག་ཐམས་ཅད་ཚུར་ལ་ཕྱུང་ནས་ཟབ་གནད་གཅིག་ཏུ་དྲིལ་བའི་བཀའ་གཏེར་ཟུང་འཇུག་གི་གདམས་པ་འདིའི་མན་ངག་སྣ་རེ་རེའང་། གང་ཟག་རེས་ཆོ་ག་གཞན་ལ་ལྟོས་མི་དགོས་པར་འཚང་རྒྱ་ཐུབ་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འཇིག་རྟེན་ལ་འབྱུང་བར་དཀོན་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་པ་རེད། དེས་ན་འདིའི་རྩ་བ་གསུམ་གྱི་སྒྲུབ་ཐབས་ཀྱི་ནང་ནས་བྱིན་རླབས་རྒྱུད་ལ་འཇུག་པའི་སྒྲུབ་ཐབས་ཀྱི་རིམ་པ་བླ་རྫོགས་ཐུགས་གསུམ་ཇི་ལྟར་བཞུགས་ཤེ་ན། བྱིན་རླབས་ཀྱི་རྩ་བ་བླ་མའི་སྐོར་ལ་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་དང་། བླ་མ་མཆོད་ཆོག་དངོས་གྲུབ་རྒྱ་མཚོ། ནང་སྒྲུབ་རིག་འཛིན་འདུས་པ་དང་། དྲག་པོ་རྟ་ཁྱུང་འབར་བ། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ལྟ་བུ། ཐུགས་ཆེན་གྱི་སྐོར་ལ་གསང་སྒྲུབ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་དང་། དེ་ཉིད་ཁྲོ་བོ་ལྟར་སྒྲུབ་པ་རྟ་མགྲིན་འདུས་པ་ལ་སོགས་པ་དང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལ་ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པ། དེའི་ཡན་ལག་ལ་གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་པ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན་ལ་སོགས་པ་དང་། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་སྒྲུབ་པའི་སྐོར་ལ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་སྒྲུབ་བདེ་ཆེན་དཔལ་ཕྲེང་། ཕྱི་སྒྲུབ་སྒྲོལ་མ་ཉེར་གཅིག གསང་སྒྲུབ་སེངྒེའི་གདོང་ཅན། ད་དུང་ཞི་ཁྲོ་ངན་སོང་སྦྱོང་བ་ལ་སོགས་པ་དང་། རྒྱབ་རྟེན་རྫོགས་ཆེན་མན་ངག་སྡེའི་དངོས་གཞིའི་ཁྲིད་ཡིག་ཡེ་ཤེས་བླ་མ་ལ་སོགས་པ་ཆ་ལག་དང་བཅས་པ་དང་། མདོ་སྔགས་ཟབ་དང་རྒྱ་ཆེའི་ལམ་བཟང་གཞུང་གཅིག་ཏུ་དྲིལ་བའི་ཤིང་རྟ་རྣམ་གཉིས་ལ་སོགས་པ་བཞུགས་པའི་ནང་ནས། བྱིན་རླབས་ཀྱི་རྩ་བ་བླ་མ་དེ་ཉིད་ནང་ལྟར་སྒྲུབ་པ་རིག་འཛིན་འདུས་པ་ཡིན་པ་རེད། དེ་ལྟ་བུའི་ཆོས་ཚན་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་དེ་འདི་ན་བཞུགས་ཞེས་གསུངས་ནས་ཞལ་བྱང་བཀོད་པར་མཛད་ན། གཏེར་མ་ཐམས་ཅད་ལ་རྣམ་བཅད་དང་འདྲ་བའི་གཏེར་ཚེག་ཐབས་དང་ཤེས་རབ་མཚོན་པའི་བརྡ་རྟགས་འདི་བཀོད་པ་རེད། ད་དབུ་ཤོག་ནང་མའི་འགོ་ནས་མར་ཡིག་ཆུང་ལ་གཟིགས་དང་། བཛྲ་གུ་རུ་བིདྱཱ་དྷ་ར་ཡེཿ ཞེས་གསུངས་ན། བཛྲ་རྡོ་རྗེ། གུ་རུ་བླ་མ། བིདྱཱ་དྷ་ར་རིག་པ་འཛིན་པ། རྡོ་རྗེའི་བླ་མ་རིག་པ་འཛིན་པ་ལ་འདུད་ཅེས་གསུངས་ནས། གང་དཀྱིལ་འཁོར་གྱི་གཙོ་བོ་གསང་སྔགས་རྡོ་རྗེའི་ཐེག་པའི་རིགས་ཀུན་འདུས་པའི་ཁྱབ་བདག་དཔལ་ལྡན་བླ་མ་རིག་འཛིན་ཡོངས་ཀྱི་རྗེ་བོ་ལ་འདུད་ཅིང་གུས་པས་སྤྱི་བོར་མཆོད་ཅེས་པའི་དོན་བསྟན་པ་རེད། སཾ་ཀྲྀ་ཏའི་སྐད་དམ་གསང་སྔགས་བརྡ་ཡི་སྒྲ་སྐད་འདི་ཚོ་སྨྲོས་ཙམ་གྱིས་ཀྱང་རིགས་བཟང་ན་སྔོན་གྱི་ལས་འཕྲོ་སད་པ་དང་གསང་སྔགས་ཀྱི་བརྡ་དོན་ཁོང་ནས་འགྲོལ་ཐུབ་པ་དེ་འདྲ་ཡིན་པ་རེད། ད་ཡིག་ཆུང་གི་འབྲུ་མར་མནན་ན། ནང་སྒྲུབ་རིག་འཛིན་འདུས་པ་ནིཿ དབེན་ཞིང་ཉམས་དགའ་ས་ཕྱོགས་དམརཿ རྩི་ཤིང་ནགས་ཚལ་མེ་ཏོག་རྒྱསཿ བཀྲ་ཤིས་ཡིད་འོང་གནས་མཆོག་དེརཿ དཀྱིལ་འཁོར་མཆོད་པའི་ཡོ་བྱད་དངཿ སྤྱན་གཟིགས་ལ་སོགས་བློ་དང་སྦྱརཿ བདེ་བའི་སྟན་ལ་བག་ཕབ་ནསཿ སྦྱོར་དངོས་རྗེས་གསུམ་ཚང་བ་ཡིཿ རྟེན་འབྲེལ་ཟབ་མོས་ཉམས་སུ་བླངཿ ལ་སོགས་པ་གསུངས་ན། གོང་ནས་ཞུས་པ་ལྟར་གྱི་ཕྱི་ནང་གསང་བའི་སྒྲུབ་པའི་ནང་གསེས་ཀྱི་དབྱེ་བ་ལྟར་ན་ནང་གི་སྒྲུབ་པ། དེ་ལྟ་བུའི་ནང་སྒྲུབ་དེ་ཡང་རིག་འཛིན་ཀུན་འདུས་ཀྱི་སྤྱི་དཔལ། བྱིན་རླབས་ཀྱི་རྩ་བའི་སྒྲུབ་པ་ཡིན་ལ། དེ་ཉིད་ཇི་ལྟར་སྒྲུབ་པར་བྱེད་པའི་ཚུལ་ནི་ཞེས་གསུངས་ནས་གླེང་སློང་བའི་ཚིག་གིས་མཚམས་སྦྱར་བ་རེད། དེའི་ཚུལ་རྒྱས་པར་བཤད་ན། དབེན་ཞིང་ཉམས་དགའ་ས་ཕྱོགས་དམར་ཞེས་གསུངས་ན་འདི་ཉིད་སྒྲུབ་པའི་གནས་དེ་སྤྱིར་ན་གྲོང་དང་འདུ་འཛི་འུར་སྒྲ་ཐུག་ཆོམ། མི་དང་མི་མིན་གྱི་འཚེ་བ་དང་རྩོད་པ་ཅན་གྱི་གནས་མ་ཡིན་པས་དབེན་པ། ཁྱད་པར་དུ་དམ་པ་གོང་མས་བྱིན་གྱིས་བརླབས་པས་ཉམས་དགའ་ཞིང་། གནས་དེ་རུ་སླེབས་མ་ཐག་སྣང་བ་དགའ་ཡ་ལེ། རིག་པ་དྭངས་ཤར་རེར་འགྲོ་བའི་ཉམས་དགའ་བ་དེ་འདྲ་གསུངས་པ་རེད། འུ་ཅག་ད་ལྟ་བཞུགས་སའི་སྒྲུབ་གནས་འདི་ལྟ་བུ་ལ་མཚོན་ན། སྤྱིར་གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་བོད་ཀྱི་གངས་ར་ཉེར་ལྔའི་ནང་ནས་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་ལུང་རེད། ཁྱད་པར་དུ་པདྨ་ཐང་འདི་སློབ་དཔོན་ཆེན་པོ་རྫུ་འཕྲུལ་གྱིས་བྱོན་ནས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ས་ཡིན་པས་མ་ཚད། གསང་སྔགས་ཀྱི་ཆོས་འཁོར་བསྐོར་ས། འཇའ་ལུས་པ་མང་པོ་བྱོན་སའི་ས་ཆ་ཡིན་པས་སྒྲུབ་གནས་ཁྱད་པར་ཅན་གྱི་ཆ་ཚད་ལྡན་པ་རེད། ནང་སྒྲུབ་རིག་འཛིན་འདུས་པ་འདི་སློབ་དཔོན་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་པ་ཡིན་ཞིང་། དེ་ཡང་གུ་རུ་རིན་པོ་ཆེ་ཉིད་གསུང་མ་ཆགས་པདྨའི་རིགས་ཀྱི་གཙོ་བོ་ཡིན་པ་དང་། ཁྱད་པར་དུ་དབང་གི་ལས་ལས་བྱས་པའི་ས་ཕྱོགས་དམར་ཤས་ཆེ་བ། བྲག་མདོག་ས་མདོག་དམར་ཤས་ཆེ། །ཤུག་པ་འོམ་བུ་སེ་བ་སྐྱེ། །ཕུག་པ་ཐང་ཆུང་ཟླ་གམ་དབྱིབས། །དེ་རུ་དབང་གི་ལས་རྣམ་འགྲུབ། ཅེས་རང་རེའི་ད་ལྟའི་གནས་འདི་ཇི་བཞིན་གསུངས་ཡོད་པ་རེད། འདི་ནས་ཀྱང་། རྩི་ཤིང་ནགས་ཚལ་མེ་ཏོག་རྒྱསཿ བཀྲ་ཤིས་ཡིད་འོང་གནས་མཆོག་དེརཿ ཞེས་གསུངས་ན། བྱེ་ཐང་དང་ངམ་གྲོག་ལ་སོགས་པ་ཡིད་དུ་མི་འོང་བའི་གནས། ས་ལ་ཆུ་མེད་ས། རི་ལ་རྩི་ཤིང་མི་སྐྱེ་ས་ལྟ་བུ་མ་ཡིན་པར། རྩི་བཅུད་དང་ལྡན་པའི་སྐྱེ་དངོས་དང་། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ། དུས་བཞིའི་འགྱུར་བ་དང་བསྟུན་པའི་མེ་ཏོག་སྣ་ཚོགས་དྲི་བསུང་གི་ངད་དང་ལྡན་པ་རྒྱས་ཤིང་མཛེས་པ། དེ་ཡང་དཔལ་སྤྲུལ་ཚང་གིས་དབེན་པའི་གཏམ་ལྷའི་རྔ་སྒྲའི་ནང་དུ། དཀར་དམར་ཚོན་གྱིས་ལང་ཚོ་བཀྲག་འབར་བའི། །དྲི་བཟང་དབྱིབས་མཛེས་མེ་ཏོག་ཚོམ་བུའི་ཚོགས། །ཐབས་མཁས་སེམས་དཔའི་བསོད་ནམས་ཉེར་སྤྱད་དུ། །རྒྱལ་བའི་མདུན་སར་ཆས་ལ་རིངས་པ་ཡིན། ཞེས་གསུངས་པ་ལྟར་རྩི་ཤིང་ནགས་ཚལ་དང་མེ་ཏོག་སྣ་ཚོགས་ཀྱི་བཀོད་པས་བརྒྱན་པའི་བཀྲ་ཤིས་ཡིད་འོང་གི་གནས་མཆོག་དེར་ཞེས་གསུངས། སྤྱིར་སའི་དཔྱད་འདི་ལ་ཆོས་ཕྱོགས་ནས་བཤད་ན་དགོན་སྡེ་ཆོས་འཁོར་ཆེན་པོའི་ས་དཔྱད། མཐའ་འདུལ་ཡང་འདུལ་གྱི་ས་དཔྱད། མཆོད་རྟེན་དང་རྟེན་གསུམ་བཞེངས་སའི་ས་དཔྱད། འཇིག་རྟེན་གྱི་ཕྱོགས་ནས་ཡིན་ན། རྒྱལ་པོའི་ཕོ་བྲང་གི་ས་དཔྱད། དཔའ་བོའི་སྐུ་མཁར་གྱི་ས་དཔྱད། མི་ཁྱིམ་ཕལ་བའི་ས་དཔྱད་ལ་སོགས་པ་མང་པོ་ཡོད་པ་རེད། དེ་བཞིན་ས་དཔྱད་ཀྱི་བསྟན་བཅོས་ལ་ཡང་རིགས་མང་པོ་ཡོད་པ་སྟེ། སྟོན་པས་མདོ་རྒྱུད་ནས་གསུངས་པའི་ས་དཔྱད། སློབ་དཔོན་ཆེན་པོ་སོགས་ཀྱིས་གསུངས་པའི་ས་དཔྱད་གཏེར་མ། དེ་མིན་འཕགས་པ་འཇམ་དབྱངས་དང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་སོགས་པས་གསུངས་པའི་ས་དཔྱད་ཀྱི་བསྟན་བཅོས་མང་ཞིང་། སྐབས་བབས་ཆོས་པས་སྒྲུབ་པ་ཉམས་ལེན་བྱེད་སའི་ས་དཔྱད་དེ་ས་དཔྱད་ཐུན་མོང་དང་མི་འགལ་བ། དཔེར་ན་ས་ཡི་ཀ་བ་རྣམ་བཞི་སྟེ། ཤར་ཕྱེས། ལྷོ་སྤུངས། ནུབ་མདན། བྱང་ཡོལ་བ་བྲེས་པ་ལྟ་བུ་དང་། རྒྱབ་རི་མཐོ། མདུན་རི་སྒུར། གཡས་གཡོན་གྱི་ཆུ་གཉིས་མདུན་དུ་འདུས་ནས་ཡོད་པ། མདུན་དུ་ཆུ་ཤིང་ན་བ་རྒྱས་པ་དེ་འདྲ་དགོས་ཞེས་གསུངས་ཡོད་པ་རེད། ད་དུང་འཛེམ་དགོས་རྒྱུའི་འབྱུང་བའི་སྒྲོན་བཞིའམ་དྲུག་ལ་སོགས་པ་སྟེ། ས་དཔྱད་ལྟ་མཁན་ཚོས། གནམ་སྒྲོན་གཤིན་རྗེའི་མཆེ་བ། བྲག་སྒྲོན་ཕུག་པ་སྐར་ཁུང་། ས་སྒྲོན་གད་པ་མདུང་རྩེ། ཆུ་སྒྲོན་ཉི་མའི་སྲབ་མདའ་ཞེས་མི་ཟེར་རམ། ད་དུང་རླུང་སྒྲོན་གོང་བུ་མདའ་ལྟོང་། ཤིང་སྒྲོན་རེ་བའི་གཡབ་མོ་སོགས་འཛེམ་དགོས་པ་ཡིན། ཁྱད་པར་དུ་སྒྲུབ་པ་བྱེད་པའི་ས་དཔྱད་ལ། གཙོ་ཆེར་ལས་བཞི་མཆོག་དང་ལྔའི་འཕྲིན་ལས་བསྒྲུབ་པར་མཆོག་ཏུ་བསྔགས་པའི་གནས། ཡང་སྒོས་སུ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་ལ་བོགས་འབྱིན་པའི་ས་ཆ། བག་དྲོ་བྱིན་ཆགས་བཀྲ་ཤིས་པའི་གནས་ཡིན་དགོས་པ་རེད། དེ་ཡང་ས་ཆ་དང་སྒྲུབ་ཁང་སོགས་དང་པོར་སླེབ་མ་ཐག་སྐྱིད་སྣང་ཤར་བའི་ས་དེའང་སྐྱིད་པོ་ཡིན་པ་རེད། ཡིད་དུ་འོང་བ་ཞེས་ཟེར་ཆོག་ཀྱང་། དང་པོ་སླེབ་མ་ཐག་སྐྱིད་སྣང་ཁྱད་པར་བ་ཅི་ཡང་མེད་ཀྱང་། རིམ་གྱིས་བསྡད་ཀྱིན་བསྡད་ཀྱིན་ཇེ་སྐྱིད་དུ་འགྲོ་བའི་ས་དེ་རང་ཉིད་དང་ལས་འབྲེལ་ཡོད་ས། ཉམས་རྟོགས་འཕེལ་ས་ཡིན་པ་རེད། དེ་ལྟ་བུའི་གནས་དེ་ནས། དཀྱིལ་འཁོར་མཆོད་པའི་ཡོ་བྱད་དངཿ སྤྱན་གཟིགས་ལ་སོགས་བློ་དང་སྦྱརཿ ཞེས་གསུངས་ཏེ། དཀྱིལ་འཁོར་ལ་བཤད་པ་མང་པོ་ཡོད་ཀྱང་འོག་ནས་སྐབས་སུ་བབས་དུས་བཤད་ཆོག སྐབས་འདིར་སྒྲུབ་པའི་དཀྱིལ་འཁོར་དང་ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད། དེ་བཞིན་སྤྱན་གཟིགས་འདི་ཡང་མཆོད་པའི་ཡོ་བྱད་ཀྱི་ཁོངས་སུ་གཏོགས་དགོས་འདུག མར་མེའི་མཆོད་པ་འདི་དག་རྒྱལ་བའི་སྤྱན་ལ་མཆོད་པ་ཕུལ་བས་ན་སྤྱན་གཟིགས་ཞེས་ཟེར་ཆོག་ཀྱང་། དམ་ཅན་དགྱེས་པའི་བསྐང་རྫས་སུ་སྤྱན་གྱི་དབང་པོའི་དགྱེས་པ་སྐོང་བའི་ཆེད་དུ་སྤྱན་གཟིགས་གསུངས་པ་ལྟ་བུ་དང་། ལ་སོགས་པ་ཞེས་གསུངས་པའི་སོགས་ཁོངས་སུ་མཐུན་རྫས། བརྟེན་རྫས། བསྐང་རྫས། སྒྲུབ་རྫས་སོགས་འདུས་ཤིང་། མདོར་ན་ཅི་དགོས་བློ་དང་སྦྱར་ནས་ཡོ་བྱད་ཚོགས་པར་བྱ་དགོས་ཞེས་གསུངས་པ་རེད། བདེ་བའི་སྟན་ལ་བག་ཕབ་ནསཿ སྦྱོར་དངོས་རྗེས་གསུམ་ཚང་བ་ཡིཿ རྟེན་འབྲེལ་ཟབ་མོས་ཉམས་སུ་བླངཿ ཞེས་གསུངས་ན། རྣལ་འབྱོར་པས་སྒྲུབ་པའི་ས་ཕྱོགས་བརྟགས་ནས་གང་དུ་གནས་འཆའ་བའི་སྒྲུབ་ཁང་ངམ་བྲག་ཕུག་གམ་སྤྱིལ་བུ་ལ་སོགས་པ། མདོར་ན་སྤྱོད་ལམ་བཞི་ཤོང་ལྟ་བུའི་སྟབས་བདེ་བའི་གནས་སུ་གནས་མལ་བཅའ་ཚར་དུས། སྟན་ལ་བག་ཕབ་ཅེས་གསུངས་ན། ལུས་སེམས་གཉིས་ཀར་ཟུག་རྔུ་དང་ཉེར་འཚེས་མི་གདུང་བའི་མཐུན་རྐྱེན་བསྐྲུན་ནས་བློ་བག་ཕབ་སྟེ་འདུག་དགོས་པ་རེད། དེ་ཡང་སྙིང་ཐིག་རང་གཞུང་གི་རིག་འཛིན་བསྙེན་ཡིག་དངོས་གྲུབ་ཀྱི་ཟ་མ་ཏོག་ཏུ་སྦྱོར་བ་གྲ་སྒྲིག་གི་སྐོར་ལ། མཚམས་དམ་པར་གཅོད་པའི་སྔ་རོལ་དུ་གནས་ཁང་ལ་བྱི་དོར་བྱ། སྟེགས་ཀྱི་ཁར་འབྲུ་ཚོམ་ལ་སྨན་རག་གཏོར་གསུམ་ཉེར་སྤྱོད་དང་བཅས་པ་བཤམས་ནས། ཞེས་གསུངས་ཡོད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཚོས་གནས་ཁང་བྱི་དོར་འདི་རྩ་ཆེན་མཛད་པའི་ཕྱག་སྲོལ་ཡོད་པ་རེད། དགོན་སྡེ་དང་རི་ཁྲོད་གང་ཡིན་ཡང་། སྤྱི་ལ་དབང་བའི་གཙུག་ལག་ཁང་ངམ། སྒེར་ལ་དབང་བའི་རང་གི་གནས་ཁང་ལྟ་བུ་གང་ཡིན་ནའང་། གནས་དེ་རུ་བསྡད་ནས་ངས་གཞུང་དང་བླ་མའི་མན་ངག་ལ་བསྟེན་ནས་ལས་ཀ་གཞན་ཐམས་ཅད་བསྐྱུར་ཏེ། གཞན་དོན་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་དགོས་པ་ཡིན། དེའི་ཆེད་དུ་བླ་མ་རྒྱལ་བ་སྲས་དང་བཅས་པ་ཚོགས་ཞིང་ལ་བཞུགས་པའི་གནས་འདི་གཙང་མ་ཞིག་བྱེད་པའི་ཆེད་ཕྱག་དར་ཞིག་བྱེད་སྙམ་པའི་འཕེན་པ་སྔོན་དུ་བཏང་ནས་ཕྱགས་དར་བྱེད་དགོས་པ་རེད། འདི་མི་འདོད་བཞིན་དུ་ཉི་མ་གནམ་ལ་མ་ཤར་ན་མ་གཏོགས་ལས་དགོས་རྒྱུའི་ཁྲལ་ཞིག་རེད། ཨ་རོ་ཤོ། ༼ཁ་སྐད་དུ་ཐང་ཆད་པའི་དོན།༽ དཀའ་འོ་མི་བསམ་པར། རང་རྒྱུད་ཀྱི་སྡིག་སྒྲིབ་སྦྱང་བ་དང་། རང་གཞན་གྱི་སེམས་དང་ཡིད་སྤྲོ་བའི་དགོས་པ་ལ་དམིགས་ནས། རྫབ་ངན་བྱས་ནས་མི་འདུག་པར་རྡུལ་ཕྱགས་གཙང་མ་ཞིག་བྱས་ཏེ་དྲི་ཞིམ་པོ་ཞིག་བདུགས་ནས་སུས་བལྟས་ཀྱང་ཁམས་དྭངས་སང་ངེ་ཡོད་པ་ཞིག་བྱེད་དགོས། སྔར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཞིག་གིས་སྤང་སྤོས་སྣ་ཚ་བ་ཞིག་ཐབ་ལ་བཏབ་ནས་ཙན་དན་དུ་རུ་ཀ་དང་ཨ་ཀ་རུ་ཞེས་ཟེར་ནས་རྒྱལ་བ་སྲས་བཅས་དབུ་གཡོག་རྒྱུ་ཡོད་སྲིད་དམ་ཞེས་གསུངས་པ་ལྟར་རེད། ལུས་དང་ཁོར་ཡུག་གི་གཙང་སྦྲ་ནི་བཅོམ་ལྡན་འདས་ཀྱི་བཀའ་དགོངས་འགྲེལ་དང་བཅས་པའི་ནང་དུ་གསུངས་ཡོད་པ་རེད། གདོང་དང་སོ་ཡི་དྲི་བཀྲུས་ནས། །རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། ཞེས་གསུངས་ཡོད་པ་མ་ཡིན་ནམ། དགེ་ཚུལ་སློང་ཚོས་ལུས་པོ་བཀྲུ་བའི་དུས་ཚོད་ཀྱང་གསུངས་ཡོད་པ་རེད། དེས་མ་ཚད་གོས་བཀྲུ་དགོས་པ་དང་། གོས་བཀྲུ་བ་དེ་མི་གཞན་ལ་སྤྲད་ཚེ་མི་སུ་འདྲ་བ་ལ་འཁྲུར་འཇུག་རུང་། སུ་དང་སུ་འདྲ་ལ་འཁྲུར་འཇུག་མི་རུང་བ་སོགས་འདུལ་བའི་ནང་དུ་གསུངས་ཡོད་པ་ཡིན། དྲི་མ་ཕ་ལེ་ལྷ་ཁང་དང་མཆོད་ཁང་ཚང་མ་བཙོག་པ་གྱིས་དང་མི་སྐྱོན་ཞེས་གསུངས་ཡོད་པ་མ་རེད། ནཱ་ལེནྡྲའི་མཁན་པོ་རྒྱལ་འབྱུང་གི་རྐང་འགོ་ཕྱིན་ཅི་ལོག་ཏུ་སྐྱེས་པ་སྐྱེ་བ་སྔོན་མར་གཙུག་ལག་ཁང་གི་ནང་དུ་རྐང་པ་བཙོག་པ་དྲི་མ་ཅན་བྱས་ནས་སོང་བའི་རྣམ་སྨིན་ཡིན་ཞེས་གསུངས་མེད་དམ། དེ་ལྟ་བུ་རེད། སྤྱིར་གཙང་སྦྲ་བྱེད་དགོས་པ་རེད། གཞན་དག་གིས་ཁྱིའི་ལུས་པོ་བཀྲུ་བ་ཡིན་ན་འུ་ཅག་གིས་མི་རང་གི་ལུས་དང་གོས་མ་བཀྲུས་ན་བསོད་ནམས་ཅན་གྱི་གྲས་སུ་སུས་ཨེ་བརྩི་མི་ཤེས། ཨ་ལ་དེ་ཚོ་ཀུ་རེ་ཡིན། མདོར་ན་སྦྱོར་བ་གནས་ཁང་གཙང་སྦྲ་བྱས་ནས་མཆོད་པ་དེ་ཚོ་ཆེ་འབྱོར་ཆུང་འབྱོར་གྱིས་འབྱོར་ཚོད་དང་བསྟུན་པའི་དང་བ་འདྲེན་པ་ཞིག་བཤམ་དགོས་པ་རེད། སྤྱིར་ན་མཆོད་པ་མེད་ན་དད་པ་མེད་པའི་རྟགས་ཡིན་ཞེས་གསུངས་ཡོད། དད་པ་མེད་པའི་མི་ལ་དམ་པའི་ཆོས་ཀྱི་འབྲས་བུ་མི་འབྱུང་བ་ཡིན་པས། རང་ལ་དབང་བའི་ཡོ་བྱད་ཀྱི་སུམ་ཆ་གཅིག་མ་མཐར་བྱས་ཀྱང་མཆོད་པའི་ཕྱོགས་སུ་གཏོང་དགོས་ཞེས་གསུངས་ཡོད་པས། མདོར་ན་ཆོས་བརྒྱད་སྒྲུབ་པའི་བསམ་སྦྱོར་མ་ཡིན་པར་བླ་མ་དཀོན་མཆོག་གི་རྟེན་བཤམ། དེ་ལ་མཆོད་པ་འབུལ། ཁྱད་པར་དུ་འདིའི་སྐབས་སུ་སྒྲུབ་པ་ལ་འོས་པའི་དཀྱིལ་འཁོར་གྱི་མཆོད་པ་སྨན་གཏོར་རཀྟས་གཙོ་བོར་བྱས་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཤམ། འབྲུ་ཚོམ་གྱི་སྟེང་དུ་སྟེགས་ཀྱི་ཁ་ལ་སྒྲུབ་གཏོར་བུམ་པ་གསང་རྫས་ལ་སོགས་པ། ལ་སོགས་པ་ཞེས་པས་ཅི་ཞིག་བསྟན་ཞེ་ན། འཚོ་བ་ཟས་ཀྱི་ཡོ་བྱད། ནད་ཟློག་སྨན་གྱི་ཡོ་བྱད། དགྲ་ཟློག་མཚོན་གྱི་ཡོ་བྱད་ལ་སོགས་པ་རེད། མདོར་ན་དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱས་ནས། གདན་གྱི་འོག་ཏུ་རྡོ་རྗེའི་རྒྱ་གྲམ་འབྲི་མི་རུང་ཕྱག་རྒྱ་ལ་སྨད་པའི་ཉེས་པ་འབྱུང་། གཡུང་དྲུང་བྲིས། རྩྭ་ཀུ་ཤ་སྟན་འོག་ཏུ་ཐིང་སོགས་གསུངས་ཡོད་པ་རེད། མདོར་ན་བདེ་བའི་མལ་ལ་བག་ཕབས་ནས་འདུག་པ་དང་། གཞི་བདག་ལ་གཏོར་མ་བཏང་ནས་འཕྲིན་བཅོལ་བྱ་རྒྱུ། བགེགས་བསྐྲད། མཚམས་ཐོ་བཅིང་། སྲུང་འཁོར་བསྒོམ་པ་ལ་སོགས་པ་སྦྱོར་བ་སྔོན་འགྲོའི་ཆོས་དང་། དངོས་གཞི་བསྐྱེད་རྫོགས་ཀྱི་གནད་ལ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཆོ་གའི་གཞུང་བསྲངས་ནས། རྗེས་དངོས་གྲུབ་ལེན་རྒྱུ་ལ་སོགས་པའི་རིམ་པ་མ་ནོར་མ་འཁྲུགས་པར་ཆ་ཚང་བ་རྟེན་འབྲེལ་དང་དགོས་པ་ཟབ་མོས་ཉམས་སུ་བླང་བར་བྱ་ཞེས་གསུངས། ས་མ་ཡཿ ཞེས་གསུངས་པ་འདི་ཟབ་མོ་དམ་ཚིག་གི་རྒྱ་མཚོན་བྱེད་རེད།
དང་པོ་སྔོན་འགྲོ་སྦྱོར་བའི་ཆོས།
ད་འདི་ནས་ཆོ་ག་དངོས་ལ་འཇུག་རན་པ་རེད། འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ས་བཅད་རྣམ་པ་གསུམ་བཞག་ཡོད་པ་ལས། དང་པོ་སྔོན་འགྲོའི་སྦྱོར་བ་ལཿ རྣམ་གྲངས་བདུན་ལས་དང་པོ་ནིཿ ཞེས་གསུངས་ན། འདིའི་སྔོན་འགྲོ་སྦྱོར་བའི་ཆོས་ལའང་ནང་གསེས་ཀྱི་དོན་ཚན་བདུན་ཡོད་གསུངས། རྣམ་གྲངས་བདུན་པོ་དེ་གང་རེད་ཅེ་ན། སྐྱབས་འགྲོ། སེམས་བསྐྱེད། བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ། དཀྱིལ་འཁོར་དུ་འདུ་བར་མི་རུང་བའི་བགེགས་ལ་བཀའ་བསྒོ་བ། སྲུང་འཁོར་བསྒོམ་པ། བྱིན་འབེབ། མཆོད་རྫས་བྱིན་བརླབ་སྟེ། འདི་དག་ཚང་མ་ཡིག་ཆུང་གི་ནང་ལ་ཡོད་པ་ཇི་བཞིན་རེད།
དང་པོ་སྐྱབས་འགྲོ།
དེ་དག་ལས་དང་པོ། མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེཿ ཁྱེད་ཤེས་དད་པས་སྐྱབས་སུ་འགྲོཿ ཞེས་གསུངས་ན། དེ་ཡང་བསྙེན་ཡིག་གི་ནང་དུ། ཐུན་མོང་གི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས། བླ་མའི་རྣལ་འབྱོར་གྱི་མཐར་དབང་བཞི་བླང་བ་ལ་ནན་ཏན་བྱས་པས་ཉམས་ཆག་དག་ཅིང་སྒྲུབ་པ་མཐར་ཕྱིན་པ་ཡིན། ཞེས་གསུངས། འདི་དག་རང་རེའི་རྒྱུན་གྱི་ཉམས་ལེན་ཆག་མེད་དང་མཐུན་པ་རེད། དེ་ཡང་སྐྱབས་སུ་འགྲོ་ཡུལ་མདུན་གྱི་ནམ་མཁར་ཚོགས་ཞིང་བསྒོམ་པ་སྙིང་ཐིག་རང་གཞུང་དང་ཆོས་བརྒྱུད་རང་གི་དུས་རྒྱུན་གྱི་ཉམས་ལེན་ལྟར་ཚོགས་ཞིང་གསལ་འདེབས་དང་བཅས་ཏེ། ཡིད་ཁྱེད་ཤེས་ཀྱི་དད་པས་རེ་ལྟོས་ལིང་བསྐྱུར་བྱེད་པ་འདིའི་སྐྱབས་སེམས་ཀྱི་སྐབས་ལའང་དེ་བཞིན་དགོས་པ་རེད། འདིའི་སྔོན་དུ་ཚོགས་ཞིང་སད་པའི་ཚིག ས་མ་ཡའི་སྔགས་རྒྱ་དང་བཅས་པས་ཚོགས་ཞིང་གི་དམིགས་པ་གསལ་འདེབས་བྱེད་པར། རང་གི་སྙིང་ཁའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པ་རིག་འདུས་མ་ཧཱ་གུ་རུའི་དཀྱིལ་འཁོར་གྱིི་ལྷ་ཚོགས་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛཿ ཞེས་གསུངས་པ་ལྟར་ཡིན་པས། འདི་ཉིད་སྐད་ཅིག་དྲན་རྫོགས་ཀྱི་བསྐྱེད་རིམ་ཀྲོང་བསྐྱེད་དང་ཡང་སྒོ་མཐུན་པ་ཡིན། གསང་སྔགས་སྒྲུབ་ཐབས་ཀྱི་ཆོ་གའི་འགྲོས་འདི་དག་ཕར་ཕྱིན་ཐེག་པ་དང་ཆོས་མཚུངས་སྦྱར་ན། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བྱེད་པ་འདི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ཆོས་མཚུངས། དེ་ནས་ཡག་ལག་བདུན་པ་དང་མཎྜལ་འབུལ་བ་འདི་དག་བསྐལ་བ་གྲངས་མེད་གསུམ་ལ་ཚོགས་བསགས་པ་དང་འདྲ། བགེགས་བསྐྲད་སྲུང་འཁོར་སྒོམ་པ་འདི་སྲོད་ལ་བདུད་བཏུལ་བ་སོགས་ཀྱི་ཆོས་མཚུངས་མང་པོ་སྦྱར་དུ་ཡོད་པ་རེད། དེ་ཡང་ཁྱེད་ཤེས་དད་པས་སྐྱབས་སུ་འགྲོ་ཞེས་གོང་ནས་ཞུས་པ་ལྟར་དད་པ་མོས་གུས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བ་འདི་བྱ་སྟེ། ན་མོཿ བདག་དང་མཐའ་ཡས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་བླ་མ་དངཿ རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་ལཿ སྙིང་ནས་དད་པས་སྐྱབས་སུ་མཆིཿ ཞེས་གསུངས་ཏེ། ན་མོ་ཞེས་པ་ཕྱག་འཚལ་བའི་ཚིག་རེད། ཕྱག་འཚལ་བའམ་གུས་པས་འདུད་པའི་ཚིག་གིས་སྐྱབས་འགྲོའི་ཚིག་གི་འགོ་བླངས་ཏེ། བདག་སྒྲུབ་པ་པོ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་འབྲས་བུ་རིག་འཛིན་བཞིའི་གོ་འཕང་བསྒྲུབས་ཏེ་མར་གྱུར་མཐའ་ཡས་ཀྱི་སེམས་ཅན་ཐམས་ཅད། མ་འཁྲུལ་གཞི་ཡི་གཏན་སྲིད་ཟིན་པར་བྱ་བའི་ཆེད་དུ། བདག་དང་མཐའ་ཡས་པའི་སེམས་ཅན་ཀུན་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་དང་ཞེས་གསུངས་ན། བླ་མ་ནི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་མཆོག་གསུམ་འདུས་པའི་བདག་ཉིད་ཡིན་ཞིང་། ཁྱད་པར་དུ་གསང་སྔགས་ཟབ་མོའི་དངོས་གྲུབ་ཐམས་ཅད་བླ་མ་ལ་བསྟེན་ནས་འབྱུང་། ཡང་སྒོས་སུ་ལྟ་བ་ཆོས་ཉིད་ཀྱི་རྫོང་། ཚིག་དང་དཔེ་ལས་འདས་པའི་དོན་གྱི་ཡེ་ཤེས་ཏེ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་བླ་མའི་མན་ངག་གིས་ངོ་སྤྲད་པའམ། དོན་བརྒྱུད་ཀྱི་བྱིན་རླབས་འཕོ་བ་ཁོ་ནས་མ་གཏོགས་ཐབས་གཞན་ལ་བརྟེན་ནས་འབྱུང་ཐབས་མེད་པ་ཡིན་ཏེ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། ཞེས་གསུངས་པ་ལྟར་ཡིན། སྤྱིར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་བཞུགས་བཞིན་པ་རེད་ལ། སེམས་ཅན་ལ་བརྩེ་བ་ཆེན་པོའི་ཐུགས་རྗེས་ཀྱང་ཁྱབ་པ་རེད། འོན་ཀྱང་བླ་མ་མེད་ན་སློབ་མའི་རྒྱུད་ལ་བྱིན་རླབས་དང་ཟབ་མོའི་རྟོགས་པ་ཁྱད་པར་ཅན་རང་གར་འཇུག་པ་མིན་པས། དེའི་ཕྱིར་ན་བྱིན་རླབས་ཀྱི་རྩ་བ། དངོས་གྲུབ་ཀྱི་འབྱུང་གནས། འཕྲིན་ལས་ཀྱི་གཞི་མ་ཐམས་ཅད་བླ་མ་ཡིན་པས་ན་བླ་མ་དང་ཞེས་གསུངས། རིག་འཛིན་ཞེས་གསུངས་པ་བིདྱཱ་དྷ་རའི་སྒྲ་ལས་དྲངས་ན་བིདྱཱ་རིག་པ་སྟེ། ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཅན་སྔགས་ཀྱི་དེ་ཁོ་ན་ཉིད་ལ་གོ་དགོས། དྷ་ར་ཞེས་པ་འཛིན་པའམ་འཆང་བའི་དོན་ཅན་རེད། དེ་ལྟ་བུའི་དོན་རང་རྒྱུད་ལ་འཆང་ཞིང་ལྡན་པ་སྟེ། སྐབས་འདིར་བསྟན་རིག་འཛིན་རྣམ་པ་བཞིའི་ས་ལ་བཞུགས་པའི་སྔགས་རྒྱུད་རྒྱ་མཚོ་ལྟ་བུ་ནས་ཇི་ལྟར་བྱུང་བའི་རབ་འབྱམས་རྡུལ་སྙེད་གྲངས་འདས་ཀྱི་དཀྱིལ་འཁོར་ལ་སྙིང་ནས་དང་འདོད་ཡིད་ཆེས་དང་ཁྱད་པར་དུ་ཕྱིར་མི་ལྡོག་པའི་དད་པས་སྐྱབས་སུ་མཆི་ཞེས་གསུངས། ལན་གསུམཿ བསྐྱར་དགོས་གསུངས་པ་རེད། དེ་ལ་ཆོ་ག་ཐམས་ཅད་ཀྱི་འགོར་སྐྱབས་འགྲོ་འབྱུང་བའི་དགོས་པ་ཅི་རེད་ཅེ་ན། དཔལ་སྤྲུལ་རིན་པོ་ཆེས། ཆོས་རྣམ་ཀུན་ཀྱི་གཞི་རྟེན་སྐྱབས་འགྲོ་སྟེ། །སྐྱབས་འགྲོ་མེད་ན་ཐེག་དགུའི་ཆོས་ཤེས་ཀྱང་། །མི་སྟེགས་ཕྱི་བའི་གཞུང་དང་ཁྱད་པར་མེད། །དེ་ཕྱིར་སྐྱབས་འགྲོ་ཆོས་ཀྱི་རྟེན་གཞིར་ཟུངས། ཞེས་གསུངས་པ་བཞིན་རེད།
གཉིས་པ་སེམས་བསྐྱེད།
གཉིས་པ་སེམས་བསྐྱེད་ནིཿ ཞེས་གསུངས་ན། སེམས་བསྐྱེད་ཀྱང་དེ་བཞིན་དུ་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་གཞུང་རྟ་གནད་ཆེན་ཡིན་པ་སྟེ། དེ་ཡང་། རྒྱལ་དང་སྲས་བཅས་ཀུན་ཀྱི་བགྲོད་གཅིག་ལམ། །ཐེག་ཆེན་ལམ་གྱི་བློ་སྦྱང་འདི་ཡིན་ཏེ། །བྱང་ཆུབ་སེམས་མཆོག་ཡིད་བཞིན་རིན་པོ་ཆེ། །འདི་ལ་མ་བརྟེན་རྫོགས་པའི་སངས་རྒྱས་མེད། ཅེས་གསུངས་པ་ལྟར་རེད། འདི་ནས་སེམས་ཇི་ལྟར་བསྐྱེད་པ་རེད་ཅེ་ན། ཧོཿ རིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནསཿ ཕ་མ་འགྲོ་དྲུག་སེམས་ཅན་ཀུནཿ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིརཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ ཅེས་གསུངས་ཏེ། ཧོཿཞེས་གསུངས་པ་དེ་ངོ་མཚར་བའི་ཚིག་ཡིན་པ་རེད། ཅི་ཞིག་ལ་ངོ་མཚར་བ་རེད་ཅེ་ན། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགོད་པར་བྱེད་པའི་རླབས་ཆེན་གྱི་སྤྱོད་པ་ལ་འཇུག་པར་ངོ་མཚར་བ་དང་། གཞན་ཡང་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རང་རིག་གདོད་ནས་དག་པའི་རང་བྱུང་གི་ཡེ་ཤེས་འོད་གསལ་བསམ་གྱིས་མི་ཁྱབ་པ་དང་རང་ཞལ་མཇལ་བ་ལ་ངོ་མཚར་ནས། རིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནསཿ ཞེས་གསུངས་ན། རིག་འཛིན་སྔགས་ཀྱི་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས། ཕ་མ་འགྲོ་དྲུག་སེམས་ཅན་ཀུན་ཅེས་ཕ་མར་གྱུར་བའི་འགྲོ་དྲུག་ཁམས་གསུམ་ན་རྒྱུ་བའི་སེམས་ཅན་ཐམས་ཅད། ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིར་ཞེས། དབྱེ་ན་ཚད་མེད་བཞི་དང་བསྡུས་ན་བྱམས་སྙིང་རྗེ་གཉིས། དེ་ཡང་བསྡུས་ན་ཚད་མེད་པའི་སྙིང་རྗེ་ཆེན་པོས་མཐའ་ཡས་སེམས་ཅན་འཁོར་བའི་མཚོ་ལས་མ་བསྒྲལ་བ་སྒྲོལ་བའི་ཕྱིར་ཞེས་གསུངས། སྙིང་རྗེ་དེ་ཉིད་ཐོག་མ་དང་བར་དང་ཐ་མ་ན་མེད་ཐབས་མེད་པ་སྟེ། དེ་ཡང་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་བ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། ཞེས་གསུངས་པ་ལྟར། ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་རྒྱལ་བའི་མཛད་པ་མཐར་དབྱུང་བ་ལ་མེད་ཐབས་མེད་པ་ཡིན། སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད་ཅེས་གསུངས་པས། དེ་ལྟ་བུའི་སྙིང་རྗེས་དྲངས་པའི་སྨོན་འཇུག་གི་ཐབས་ཁྱད་པར་ཅན་དང་ཤེས་རབ་སྟོང་པ་ཉིད་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། བདག་མེད་རྣམ་པ་གཉིས་མངོན་དུ་བྱས་པའི་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས། ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགྲོ་ཀུན་འགོད་པར་དམ་བཅའ་བའི་སེམས་བསྐྱེད་དེ་ཉིད། ལན་གསུམཿ བསྐྱར་དགོས་པ་རེད།
གསུམ་པ་ཚོགས་གསོག
གསུམ་པ་ཚོགས་གསོག་ནིཿ ཞེས་གསུངས། འདི་ཡན་ལག་བདུན་པ་ཞིག་རེད། ཡག་ལག་བདུན་པོ་བསྡུས་ན་བསགས་སྦྱང་གཉིས་ཏེ་ཚོགས་བསགས་སྒྲིབ་སྦྱང་གཉིས་ཀྱི་ཁོངས་སུ་འདུས་པ་རེད། འདི་ནས་ཚོགས་བསགས་རྐྱང་པ་གསུངས་རྒྱུ་འདི་གཙོ་ཆེ་བ་དང་ཁྱབ་ཆེ་བའི་དབང་གིས་བརྗོད་བདེའི་ཚུལ་དུ་གསུངས་པའམ། རྣམ་པ་གཅིག་ཏུ་ན་བསགས་སྦྱང་གི་གནད་ཐམས་ཅད་ཚོགས་གཉིས་བསགས་པའི་ནང་དུ་འདུས་པས་ན་ཚོགས་བསགས་ནི་ཞེས་གསུངས་པ་ཡིན་སྙམ། ཡང་། ཧོཿ ཞེས་གསུངས་ན། ཧོ་ཞེས་པ་ངོ་མཚར་བའི་ཚིག་རེད། འདི་ལ་ཇི་ལྟར་ངོ་མཚར་བ་རེད་ཅེ་ན། འདི་ཉིད་ཡང་གསང་མན་ངག་སྡེའི་ལྷུན་གྲུབ་ཐོད་རྒལ་དང་སྦྱར་ནས་གསུངས་པ་སྟེ། སྣང་བཞི་མཐར་ཕྱིན་ཟད་པའི་སར་ཐུག་ནས་བློ་ཟད་ཆོས་ཟད་གདོད་མའི་དབྱིངས་སུ་ཀུན་ཏུ་བཟང་པོ་དང་གཉིས་སུ་མ་ཡིན་ཐ་མི་དད་པར་འཕོ་ཆེན་གྱི་སྐུར་བཞེངས་ནས། མི་འདའ་རྟག་པར་ཆོས་འཁོར་བསྐོར་ནས་མཐའ་ཡས་སེམས་ཅན་གྱི་དོན་མཛད་པར་ངོ་མཚར་བ་རེད། ཆུ་ལས་ཆུ་བུར་ཇི་བཞིན་དུཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷརཿ མངོན་སུམ་རིག་པས་ཕྱག་འཚལ་ལོཿ ཞེས་གསུངས་ཏེ། དེ་ཡང་ལྷུན་གྲུབ་སྣང་སྟོང་གི་ཟབ་མོའི་བསྐྱེད་རིམ་དང་སྦྱར་ན། འདི་ཨ་ཏི་ཡོ་གའི་སྤྲོས་མེད་ཀྱི་བསྐྱེད་རིམ་དང་སྒོ་བསྟུན་ཏེ། རིག་པ་ཡེ་ཤེས་ཀྱི་རྩལ་སྣང་ཡེ་ནས་ལྷའི་འཁོར་ལོ་ཡིན་པ་ལ། སྐད་ཅིག་དྲན་རྫོགས་ཀྱིས་ཆུ་ལས་ཆུ་བུར་བརྡོལ་བའམ་ཆུ་ལས་ཉ་ལྡང་བ་ལྟར་རིག་པའི་རྩལ་དེ་ཉིད་དམ་ཡེ་དབྱེར་མེད་ལྷུན་གྲུབ་ཀྱི་ལྷར་སྣང་བའམ། ཡེ་ཤེས་ཀྱི་དབྱིངས་ལས་སྤྲུལ་པའི་ལྷར་སྣང་བ་ལ། དེ་ལྟར་ཡིན་པར་ཤེས་པའི་ཆོས་ཉིད་ལྟ་བའི་ལྟ་བ་མངོན་སུམ་ཡིད་དཔྱོད་དུ་མ་ལུས་པར་རབ་ལྟ་བ་མཇལ་བའི་སྒོ་ནས་ཕྱག་འཚལ་ལོ་ཞེས་གསུངས་པ་རེད། ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར་ཞེས་གསུངས་པའི་ལྷ་འདི་ལ་སྤྱིར་ཆོས་ཉིད་དོན་གྱི་ལྷ། ཡེ་ཤེས་ཕྱག་རྒྱའི་ལྷ། མཚན་མ་རྟགས་ཀྱི་ལྷ་སྟེ་གསུམ་དུ་ཕྱེས་ཀྱང་ཆོག གཞན་ཡང་ཆོས་ཉིད་དོན་གྱི་ལྷ་དང་ཆོས་ཅན་རྟགས་ཀྱི་ལྷ་སྟེ་གཉིས་སུ་དབྱེར་ཡོད་པ་ལས་འདིའི་སྐབས་སུ་ཆོས་ཉིད་དོན་གྱི་ལྷ་དེ་ཉིད་ཆོས་ཅན་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ལ་གོ་དགོས། མངོན་སུམ་རིག་པས་ཕྱག་འཚལ་ལོཿ ཞེས་གསུངས། ཕྱག་འཚལ་བའི་ཡན་ལག་འདི་ཆོས་ཉིད་མངོན་སུམ་དང་སྦྱར་ནས་གསུངས་པ་རེད། འདིའི་མངོན་སུམ་འདི་དཔེ་དོན་གཉིས་ཀའི་ནང་ནས་དཔེའི་ཡེ་ཤེས་ལ་གོ་དགོས། དཔེའི་ཡེ་ཤེས་དེ་ལ་ཡང་ཙམ་ཁྱད་གཉིས་ཀྱི་དབྱེ་བ་ཕྱེས་ན། དཔེར་ན་ཟླ་གཟུགས་ཤོག་ངོས་སུ་རི་མོར་བྲིས་པ་དང་ཟླ་གཟུགས་ཆུ་ནང་དུ་ཤར་བ་ལྟ་བུ་རེད། འདི་གཉིས་ཀ་དཔེའི་ཡེ་ཤེས་ཡིན་པར་འདྲ་ཡང་། ཟླ་གཟུགས་ཤོག་གུའི་སྟེང་དུ་བྲིས་པ་ལས་ཆུ་ནང་དུ་ཟླ་གཟུགས་ངོ་མ་ཤར་བ་དེ་ཉིད་དངོས་དང་ཉེ་བའི་སྟབས་ཀྱིས་ཙམ་པོ་བ་དང་ཁྱད་པར་བ་ཡི་དབྱེ་བ་ཕྱེས་པ་རེད། ཉམས་སྣང་གོང་འཕེལ་མཆོད་པ་འབུལཿ རིག་པ་ཚད་ཕེབས་ངང་དུ་བཤགསཿ ཆོས་ཉིད་ཟད་ལ་རྗེས་ཡི་རངཿ འཕོ་ཆེན་ཀློང་ནས་ཆོས་འཁོར་བསྐོརཿ འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབསཿ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོཿ ཞེས་གསུངས་ནས། ཚིག་རེར་ཡན་ལག་གཞན་པ་རྣམས་རེ་རེ་བཞིན་སྦྱར་མཛད་ནས་སྣང་བ་གོང་མ་གསུམ་བསྟན་པ་རེད། ཉམས་གོང་འཕེལ་གྱིས་ཕྱིའི་འོད་གསལ་གྱི་འཇའ་ཐིག་ཟེར་མདངས་ཀྱི་རྣམ་པ་མངོན་སུམ་དབང་པོའི་མཐོང་སྣང་དུ་འཕེལ་བ་དང་ཆབས་ཅིག རྣལ་འབྱོར་པའི་ནང་རིག་པའི་འོད་གསལ་ཏིང་ངེ་འཛིན་དང་སྤྱན་དང་མངོན་ཤེས་ཤར་བ་མཆོད་པར་འབུལ་བ་དང་། རིག་པ་ཚད་ཕེབས་སུ་མ་དག་པའི་སྣང་བ་འགག་ནས་ལོངས་སྐུའི་ཞིང་སྣང་རྫོགས་པས་ན། མ་དག་སྡིག་ལྟུང་མི་དམིགས་ཆོས་དབྱིངས་སུ་དག་ཅིང་བཤགས་ནས། ཆོས་ཉིད་ཟད་པའི་གནས་སྐབས་སུ་ཡར་གྱི་གདེང་གཉིས་དང་མར་གྱི་གདེང་གཉིས་ཏེ་གདེང་བཞི་ཐོབ་ནས། ཀ་དག་སྤྲིན་མེད་ནམ་མཁའ་ལྟ་བུའི་ངང་དུ་བྱ་རྩོལ་བློས་བྱས་ཀྱི་ཆོས་ཐམས་ཅད་ཟད་པས་ཡི་རང་དང་བཅས་ཏེ། རང་ལུས་མེ་ལོང་གི་གཟུགས་བརྙན་ལྟར་འཕོ་ཆེན་སྒྱུ་མའི་སྐུར་ལྡང་ཞིང་། བསྐལ་བ་མ་ཞིག་འཁོར་བ་མ་སྟོང་གི་བར་དུ་རྫོགས་པ་ཆེན་པོའི་ཆོས་འཁོར་བརྗོད་བྲལ་བློ་འདས་ཀྱི་ངང་ནས་བསྐོར་བཞིན། འཇའ་ལུས་འཕོ་བ་ཆེན་པོའི་སྐུར་མི་འདའ་རྟག་པར་བཞུགས་གསོལ་འདེབས་པ་དང་བཅས་ཏེ། དེ་ལྟ་བུའི་ཟག་མེད་ཀྱི་དགེ་ཚོགས་ཇི་སྙེད་མཆིས་པ་དེ་ཐམས་ཅད་ནང་གསལ་གཞོན་ནུ་བུམ་སྐུ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་མངོན་འཚང་རྒྱ་བར། གང་བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་དང་བྲལ་བ་དམིགས་པ་མེད་པ་མི་བསྔོ་བའི་བསྔོ་བས་ཡོངས་སུ་བསྔོ་ཞེས་གསུངས་པ་རེད། འོན་ཀྱང་དབང་པོ་ཡང་རབ་རྫོགས་ཆེན་ཐོད་རྒལ་གྱི་དགོངས་པ་ཀློང་དུ་ཆུད་མཁན་ཤ་སྟག་མིན། ལྷུན་གྲུབ་སྣང་སྟོང་གི་ཟབ་མོའི་བསྐྱེད་རིམ་ལ་གོམས་ཆ་དེ་ཙམ་ཞིག་མེད་ཀྱང་། ལས་དང་པོ་པ་མོས་པས་སྤྱོད་པ་ཐམས་ཅད་ཀྱིས་ཚོགས་བསགས་སྒྲིབ་སྦྱང་སོགས་འདུན་པ་སྤྱི་ལྟར་དུ་བཟུང་ནའང་ཆོག་པ་རེད། ཚོགས་བསགས་ཀྱི་དགོས་པ་ནི། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཆོས་སྐུའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡེ་ཤེས་ཀྱི་ཚོགས་ཡིན་པ་རེད། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྐུ་གཉིས་དམ་པ་དེ་ནི་འཐོབ་མི་འགྱུར། ཞེས་གསུངས་པ་ལྟར་རེད། དེ་ལྟར་ཡན་ལག་བདུན་པ་སོང་ཚར་བའི་རྗེས་སུ། ཚོགས་ཞིང་མདུན་མཁར་སད་པ་རང་ལ་བསྟིམ་ཡང་རུང་སྟེ་གང་ལྟར་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ནས། རང་ཉིད་གཉུག་མའི་ལྷའི་ང་རྒྱལ་དང་ལྡན་པས། འདིར་རྡོར་དྲིལ་བྱིན་རླབས་དང་དཀར་བགེགས་བྱིན་རླབས་ལ་ཐུག་པ་རེད། དེ་ཡང་གསང་སྔགས་ཀྱི་བཅང་པའི་དམ་ཚིག་རྡོར་དྲིལ་འདི་དག་སྤྱིར་བཏང་གི་ཉེར་སྤྱོད་མཁོ་ཆས་ཀྱི་ཅ་ལག་ཞིག་ལ་མི་བརྩི་བར། དག་དྲན་དང་ཇི་ལྟར་མཚོན་པ་ཡིན་པ་སོགས་ཅིས་ཀྱང་མཁྱེན་དགོས་པ་རེད། འུ་ཅག་གི་རྡོར་དྲིལ་གྱི་རྡོ་རྗེ་ནི། མཚོན་བྱ་དོན་གྱི་རྡོ་རྗེ་དབྱིངས་དང་ཡེ་ཤེས་སྣང་བ་དང་སྟོང་པ་གཉིས་སུ་མེད་ཅིང་འཇིག་འདྲལ་མེད་པ། རྒྱུད་ལས། སྲ་ཞིང་སྙིང་པོ་ཁེང་སྟོང་མེད། །བསྐྱེད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་ཉིད་རྡོ་རྗེས་གཅོད་པར་བྱ། ཞེས་གསུངས་པ་ལྟར། མཚོན་བྱ་དོན་གྱི་རྡོ་རྗེ་དེས་སྒྲིབ་པ་ཐམས་ཅད་ཕར་འཇོམ་པ་ཡིན་ཞིང་། ཚུར་ལ་གཅིག་གིས་ཀྱང་གནོད་པ་མིན། འུ་ཅག་སྔགས་ལ་ཞུགས་པའི་རྟེན་ཅན་གྱིས་དམ་ཚིག་གི་རྟེན་དུ་མཚོན་བྱ་དོན་གྱི་རྡོ་རྗེ་དེ་ཉིད་མཚོན་པའི་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་འདི་འཆང་དགོས་པ་རེད། དེ་ལྟ་བུའི་རྒྱལ་བའི་ཐུགས་དང་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པར་བྱེད་པའི་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ལ་རྡོ་རྗེ་རྩེ་གཅིག རྩེ་གསུམ། རྩེ་ལྔ། རྩེ་དགུ་ལ་སོགས་པའི་རྣམ་གྲངས་རྒྱུད་སོ་སོ་ལས་མང་དུ་འབྱུང་ཡང་། ཡོངས་གྲགས་སུ་རྩེ་ལྔ་པ་ལ་དམ་ཚིག་གི་རྡོ་རྗེ་ཞེས་ཟེར། རྩེ་མོ་དགུ་བ་འདི་ཡེ་ཤེས་ཀྱི་རྡོ་རྗེ་ཡིན་པ་རེད། རྩེ་ལྔ་བ་ཅན་གྱི་སྟེང་གི་རྭ་ལྔ་རྒྱལ་བ་རིགས་ལྔ་དང་འོག་གི་རྭ་ལྔ་དབྱིངས་ཕྱུག་ཡུམ་ལྔ་མཚོན་བྱེད་རེད། སྟེང་གི་པད་འདབ་བརྒྱད་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་བྱང་ཆུབ་སེམས་དཔའ་བརྒྱད་དང་། འོག་གི་པད་འདབ་བརྒྱད་བྱང་ཆུབ་སེམས་མ་བརྒྱད་ཀྱི་མཚོན་བྱེད་ཡིན་པ་རེད། རྭ་དགུ་ཡོད་པའི་རྡོ་རྗེའི་སྟེང་གི་ཕྱོགས་བཞིའི་རྭ་བཞི་རྣམ་སྣང་ལ་སོགས་པ་རིགས་ལྔ་ཡབ་བཞི་དང་། མཚམས་བཞིའི་རྭ་བཞི་ནི་སྤྱན་མ་ལ་སོགས་པ་གསང་བའི་ཡུམ་བཞི། དབུས་རྭ་དེ་ཉིད་རྡོ་རྗེ་མི་བསྐྱོད་པ། འོག་གི་རྭ་བརྒྱད་བྱང་ཆུབ་སེམས་དཔའ་བརྒྱད། དབུས་རྭ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བཤད་པ་དེ་ལྟར་ཡོད་པ་རེད། མདོར་ན་ཐབས་ཀྱི་རང་བཞིན་གྱི་རྡོ་རྗེ་འདི་གཞི་ལམ་འབྲས་གསུམ་དང་སྦྱར་ན། གཞི་ཆོས་དབྱིངས་དོན་དམ་པའི་རྡོ་རྗེ། ལམ་རིག་པ་བྱང་ཆུབ་སེམས་ཀྱི་རྡོ་རྗེ། འབྲས་བུ་དབྱིངས་རིག་དབྱེར་མེད་གཞོམ་གཞིག་དང་བྲལ་བའི་རྡོ་རྗེ་མཚོན་པ་ཡིན། དྲིལ་བུ ་ནི་ཤེས་རབ་མཚོན་བྱེད་ཡིན་པ་རེད། དྲིལ་བུ ་ལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་དྲིལ་བུ། དཔའ་བོའི་དྲིལ་བུ། རིགས་སོ་སོའི་དེ་བཞིན་གཤེགས་པའི་ དྲིལ་བུ ་སོགས་ཀྱི་དབྱེ་བ་མཛད་ཡོད་པ་རེད། རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ དྲིལ་བུ ་དེ་རིགས་ཐམས་ཅད་ཀྱི་བདག་པོའི་ དྲིལ་བུ ་ཡིན་ཞེས་གསུངས་ཡོད་པ་དང་། འདི་ལ་རྩེ་རྡོར་རྭ་ལྔ་བ་དང་དགུ་བ་གཉིས་ཀ་ཡོད། སྟེང་གི་པད་འདབ་བརྒྱད་ལ་ཡུམ་བརྒྱད་ཀྱི་ས་བོན་ཡོད་པ་སྟེ། ཤར་ཕྱོགས་ནས་གཡས་བསྐོར་གྱིས་ཕྱོགས་བཞི་ལ། སྒྲོལ་མ་དང་གོས་དཀར་མོ། མ་མ་ཀི། སྤྱན་མ་རྣམས་ཀྱི་སྙིང་པོ་ཏཱྃ་པཱྃ་མཱྃ་ལཱྃ་རྣམས་དང་། མཚམས་བཞི་ལའང་། ནོར་རྒྱུན་མ་དང་ཙུནྡཱ། ཁྲོ་གཉེར་ཅན། ཕྲེང་བ་མ་རྣམས་ཀྱི་སྙིང་པོ་བྃ་ཙཱུྃ་བྷྲཱུྃ་མཱྃ་རྣམས་ཡོད་པ་དང་། དྲིལ་བུའི་མགུལ་ན་ལྷའི་ཞལ་ཞིག་ཡོད་པ་ལ་ཤེས་རབ་ཞལ་ཞེས་གསུངས་པ་རེད། དྲིལ་བུའི་མགུལ་སྦྱར་བའི་སྐབས་སུ་ཤེས་རབ་ཞལ་དེ་ཤར་ཕྱོགས་ཀྱི་སྒྲོལ་མའི་ས་བོན་ཏྃ་ལ་གཏད་ནས་སྦྱར་དགོས་པ་རེད། ཤར་བལྟས་ཤེས་རབ་གདོང་པ་བྱ། ཞེས་གསུངས་པ་ལྟར་རེད། ལོགས་ཀྱི་དྲ་བ་དྲ་ཕྱེད་ཀྱི་ནང་ལ། ཕྱོགས་བཞིར་འཁོར་ལོ་རིན་ཆེན་པདྨ་རལ་གྲི་དང་། མཚམས་བཞིར་སྤྱན་དང་རྡོ་རྗེ་པདྨ་ཨུཏྤལ་རྣམས་ཡོད་པ་རེད། དཔའ་བོའི་ དྲིལ་བུ ་ལ་ལོགས་ཟུར་གྱི་དྲ་བ་དྲ་ཕྱེད་དང་ལྷ་མོ་བརྒྱད་ཀྱི་ས་བོན་མེད་པ་ལས་གཞན་གཅིག་མཚུངས། དེ་ཡང་འུ་ཅག་གིས་མྱ་ངན་གྱི་ དྲིལ་བུ ་ཟེར་བ་དེ་ཚོ་མི་འགྲུབ་བོ་ཞེས་གསུངས་ཡོད་པ་རེད། དེ་བཞིན་གཤེགས་པའི་ དྲིལ་བུ ་དེ་ཉིད་རིགས་སོ་སོའི་མཚན་མ་སོ་སོར་ཡོད་པ་ཞིག་དང་། དེ་ལ་རྩེ་ལྔ་མ་གཏོགས་མེད། ཡང་དྲིལ་བུའི་བྱུང་ཁུངས་ཀྱི་དབྱེ་བས་རྒྱ་དྲིལ། ཧོར་དྲིལ་ཟེར་བ་ལ་སོགས་པའི་བཤད་པ་གཞན་རེད། དྲིལ་བུའི་དག་དྲན་དེ་ནི་ཤེས་རབ་རིག་མ་མཚོན་བྱེད་མཁའ་དབྱིངས་ཆོས་འབྱུང་གི་ཕྱག་རྒྱ་དང་བཅས་པ། ནང་གི་སྟོང་ཆ་ནམ་མཁའི་རང་བཞིན་ཟབ་མོ་སྟོང་ཉིད་ཀྱི་མཚོན་བྱེད། འུ་ཅག་གིས་དུས་རྒྱུན་ལྟར་ན་དྲིལ་ལྕེ་ཞེས་བརྗོད་པའི་ནང་གི་ཡེ་ཤེས་ཀྱི་སྐུ་ཡིས་བསྐུལ་ནས་སྟོང་ཉིད་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པའི་ཟབ་མོའི་ཆོས་སྒྲ་སྒྲོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས། སེམས་ཅན་མ་རིག་པའི་གཉིད་མཐུག་ལས་དཀྲོགས་ནས་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པར་བྱེད་པ། རྩེ་ལ་རྡོ་རྗེ་ཕྱེད་པ་སྟེ་འུ་ཅག་གི་ཁ་སྐད་དུ་རྩེ་རྡོར་ཞེས་ཞུ་བ་འདི་ཉིད་རིགས་ཀྱི་དབང་རྟགས་ཡིན། རྡོ་རྗེའི་ལྟེ་བ་ལ་གནས་པའི་རྡོ་རྗེ་སེམས་དཔའ་དང་། དྲིལ་བུ ་སྙེ་མའི་ཞལ་མཉམ་པོར་སྦྱོར་རྒྱུ་དེ་ཐབས་ཤེས་ཟུང་དུ་འཇུག་པའི་མཚོན་བྱེད་རེད། དྲིལ་བུ ་སྒྲོག་དུས་མཐེ་བོང་དང་མིང་མེད་གཉིས་ཀས་བཟུང་ནས། རྡོར་དྲིལ་གཉིས་ཀ་ལག་གཡས་གཡོན་གྱིས་ཟུང་དུ་འཁྱུད་པར་བྱ་དགོས། ལག་པ་གཉིས་ཀས་ དྲིལ་བུ ་ཞིག་བཟུང་ནས་དཀྲོལ་བ་དང་རྡོ་རྗེ་བསྐྱུར་ནས་ དྲིལ་བུ ་དཀྲོལ་བ་དེ་འདྲ་མི་རུང་། རྡོ་རྗེ་དང་ དྲིལ་བུ ་ལག་གཉིས་ཀས་ཟུང་དུ་འཁྱུད་དེ་ དྲིལ་བུ ་དཀྲོལ་དགོས། རྡོ་རྗེ་གསོར་ཞིང་ དྲིལ་བུ ་དཀྲོལ། ཞེས་གསུངས་པ་ལྟར། མདོར་ན་རྡོར་དྲིལ་ལ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་པོ་ཚང་བ་ཡིན་པས། གུས་པ་བྱེད་དགོས་པས་མ་ཚད་མི་འབྲལ་བར་འཆང་དགོས་པ་རེད། དེ་ལྟར་དུ་ཌ་མ་རུ་སྟེ་འུ་ཅག་གིས་ཁ་སྐད་ཟུར་ཆགས་པ་ལ་ཌ་རུ་ཞེས་ཟེར་བ་འདི་ཡང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཚོན་བྱེད་རེད། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྒྲའི་རྣམ་པར་ཤར་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་ཤིང་བྱིན་རླབས་དང་དངོས་གྲུབ་སྩོལ་བ་དང་། དཔའ་བོ་དང་རྣལ་འབྱོར་མ། གནས་ཡུལ་ཞིང་སྐྱོང་ཐམས་ཅད་ཀྱང་སྒྲ་འདིས་བསྐུལ་ནས་འདི་ཡིས་མྱུར་དུ་འཕྲིན་ལས་བསྒྲུབ་པར་བསྐུལ་བ་རེད། ཅང་ཏེའུ་དང་ཌ་མ་རུ། གསང་བའི་རྔེའུ་ཆུང་འདི་དག་གི་དབྱིབས་དང་དག་དྲན་རྣམས་གཞན་དུ་ཡོད་པར་གཟིགས། དེ་ལྟར་རྡོར་དྲིལ་བྱིན་རླབས་ཀྱི་སྔགས་དང་ཕྱག་རྒྱ་དང་བཅས་པའི་རྗེས་སུ། རང་རེའི་ཆོ་གའི་འགྲོས་ལྟར་བྱས་པ་ཡིན་ན་དཀར་བགེགས་བྱིན་རླབས་བྱེད་དགོས་ཤིང་། དེ་ཡང་དཀར་གསུམ་མངར་གསུམ་དང་འབྲུ་སྣ་ཡིས་བརྫིས་པའི་དཀར་གཏོར་དང་གསེར་སྐྱེམས་ལ་ཆུ་གཙང་གི་ཆབ་ཀྱིས་བྲན་པའི་རྗེས་སུ་སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་བྱ་རན་པ་རེད། འདི་ལ་འུ་ཅག་གིས་རང་གར་བརྗོད་བདེར་བྱས་ནས་སྔགས་དྲུག་ཕྱག་དྲུག་ཅེས་སྔགས་དང་ཕྱག་རྒྱ་ཁོ་ན་ཙམ་སྨྲོས་པ་ཡིན་ཡང་། དོན་དངོས་སུ་བཅའ་བ་ཕྱག་རྒྱ། བཟླ་བ་སྔགས། བསྐྱེད་པའི་ལྷ། ས་བོན་གྱི་ཡི་གེ། བྱིན་གྱིས་བརླབས་པའི་ཕན་ཡོན་ཏེ་ལྔ་ཡི་སྒོ་ནས་ལྔ་ཚན་དྲུག་བྱས་ནས་བཤད་དུ་ཡོད། དེ་རིང་རགས་ཙམ་ཞིག་བཤད་ན། དེའི་ནང་གི་ལྔ་ཚན་དང་པོའི་བཅའ་བ་ཕྱག་རྒྱ་ནི། ཆོས་ཉིད་སྟོང་པ་ཉིད་མཚོན་པའི་བརྡ་རུ་ཐལ་མོ་ཁོང་སྟོང་སྙིང་ཁར་སྦྱར་རྒྱུ་དེ་རེད། འདིའི་བཟླ་བྱའི་སྔགས་ནི། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭཱ་བྷ་ཝ་ཤུདྡྷོ་ཧཾ། ཞེས་གསུངས། སྔགས་འདི་ཉིད་མཚན་མའི་དངོས་པོ་འཇིག་པར་བྱེད་པའི་སྔགས་ཏེ། སྟོང་ཉིད་ཀྱི་སྙིང་པོ་སྔགས་ཀྱི་སྒྲས་བསྟན་པ་ཞིག་རེད། སྔགས་དོན་འགྲེལ་ན། ཨོཾ་འདི་གང་དུ་ཡོད་ན་སྔགས་ཀྱི་འགོ་འདྲེན་རེད། དེ་ཡང་ཨ་ཨུ་མ་གསུམ་གཅིག་ཏུ་འདུས་པའི་ཡི་གེ་ཨོཾ་འདི་རྡོ་རྗེ་གསུམ་གྱི་ས་བོན་ཡིན་ཞེས་གསུངས་པ་མང་བས་དེ་ཉིད་སྔགས་གསར་རྙིང་ཐུན་མོང་གི་ལུགས་ལྟར་ཡིན་ཞེས་བརྗོད་ཀྱང་ཆོག་སྙམ། ཡང་འདི་ལ་དམིགས་བསལ་ཡོད་པ་རེད། དེ་ཇི་ལྟར་རེད་ཅེ་ན། སྔ་འགྱུར་ཐུན་མིན་གྱི་ལུགས་སུ་ཡེ་ཤེས་ལྔ་དང་སྐུ་ལྔ་མཚོན་པའི་ཡི་གེ་ཡིན་པའི་སྐབས་ཀྱང་ཡོད་པ་རེད། དེ་ངེས་པར་དུ་ཤེས་དགོས། དུས་ཕྱིས་སུམ་རྟགས་ཀྱི་འགྲོས་ཅུང་ཟད་ཤེས་ལ་མི་ཤེས་ལ། སྙན་ངག་གི་ལུས་སྲོག་རྒྱན་གསུམ་ཐོད་ཐུག་ལ་མི་ཐུག་ལ་ཁད་འགའ་ཡིས་མིང་ལ་རྩོམ་ཡིག་ཅེས་བཏགས་ཏེ་ཡ་འགལ་མ་འགལ་སྦྱར་ནས་བཙན་སྒྲིག་དང་ནན་བཙིར་བྱེད་པའི་སྙུག་འཛིན་པ་དག་གིས་མ་ཚད་པར། གནའ་ཡི་ལོ་ཙཱ་བ་འགའ་རེས་ཀྱང་འདིའི་ཐད་ལ་ཕྱོགས་འཛིན་གྱི་རྩོད་པ་བྱེད་མྱོང་བ་རེད། འོན་ཀྱང་གཙོ་བོ་གཏེར་ཕྱོགས་ནས་ཨཱོྃ་ལ་འ་ཆུང་དང་ན་རོ་ཉིས་བརྩེགས་སམ་ཟླ་ཚེས་ཐིག་ལེ་དང་བཅས་པ་འབྱུང་བ་འདིས་སྐུ་ལྔ་ཡེ་ཤེས་ལྔ་མཚོན་པར་བསྟན་པ་རྒྱུད་ཀྱི་ལུང་དང་འགྲིག་ཡོད། རྒྱུད་ལས་ཇི་ལྟར་གསུངས་ཡོད་པ་རེད་ཅེ་ན། ཨ་ནི་རྣམ་སྣང་འ་མི་སྐྱོད། །ན་རོ་རིན་ཆེན་འབྱུང་ལྡན་དེ། །ཟླ་ཚེས་སྣང་བ་མཐའ་ཡས་ལ། །ཐིག་ལེ་དོན་ཡོད་གྲུབ་པའོ། ཞེས་གསུངས། འདི་ལ་མཚོན་བྱེད་དཔེའི་ཡི་གེའི་བྱེད་ལས་ཚང་བས་མ་ཚད་མཚོན་བྱ་དོན་གྱི་ཡི་གེ་ཡིན་པར་ཡང་བསྟན་ཡོད་པ་རེད། འགའ་རེས་རི་ངོས་དང་རྡོ་ངོས་སུ་ཨཱོྃ་ལ་ན་རོ་ཉིས་བརྩེགས་འ་ཆུང་ཅན། ཟླ་ཚེས་དང་ཐིག་ལེ་ཡོད་པ་བརྐོས་པ་མཐོང་རྒྱུ་མེད་དམ། དེ་འདྲ་བརྐོ་སྲོལ་ཡོད་པ་དེ་རྒྱུ་མཚན་ཅན་གྱི་ཁུངས་ཡོད་ཡིན་པ་མ་ཟད་རྒྱུ་མཚན་བྱིན་རླབས་གཉིས་ལྡན་ཡང་རེད། འོན་ཀྱང་ཡིན་གཅིག་མིན་གཉིས་ཨོཾ་ཡོད་ཚད་ཚང་མ་འ་ཆུང་ཅན་དང་དེ་འདྲ་ཡིན་དགོས་པའི་ངེས་པ་མེད། འདིར་རང་གར་ཟུར་འཕྲོས་སུ་དེ་ལྟར་བཤད་པ་ལས་སྐབས་དོན་སྭཱ་བྷ་ཝའི་སྔགས་དོན་བཤད་བཞིན་པ་རེད། སྭཱ་བྷ་ཝ་ནི་རང་བཞིན་དང་། ཤུདྡྷོ་དག་པ། སརྦ་ཐམས་ཅད། དྷརྨཱ་ཆོས། སྭཱ་བྷ་ཝ་ཤུདྡྷོ྅་ཧཾ་རང་བཞིན་གྱིས་རྣམ་པར་དག་པ། ཤུདྡྷོ྅་ཧཾ་ཞེས་གསུངས་ནས་ཚིག་མཇུག་ཏུ་ཨ་ཧཾ་གི་སྒྲ་ཞིག་སྦྱར་ཡོད་པ་འདི་དེ་ལྟར་ཡིན་པའི་ངེས་ཤེས་ཀྱི་སྒོ་ནས་ང་རྒྱལ་བསྟན་པའི་དོན་རེད། འདིའི་སྔགས་འདི་གང་དུ་ཡོད་ཀྱང་འཁོར་འདས་གཉིས་སྣང་གི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དང་། དག་མ་དག་རྣམ་འབྱེད་བྱེད་པའི་མཁན་པོ་རང་སེམས་དང་བཅས་པ་མི་དམིགས་སྟོང་པ་ཉིད་བསམ་བརྗོད་དང་བྲལ་བའི་གནས་ལུགས་ཀྱི་ངང་ལ་གནས་པའི་དོན་རེད། དེ་དག་གིས་ལྔ་ཚན་དང་པོའི་བཅའ་བ་ཕྱག་རྒྱ་དང་བཟླ་བ་སྔགས་གཉིས་བཤད་ཟིན་པ་རེད། གསུམ་པ་བསྐྱེད་པའི་ལྷ་ནི། འདིའི་སྐབས་སུ་སྔར་གྱི་ཕྱག་རྒྱའི་སྟེང་སངས་རྒྱས་རིན་ཆེན་མང་གསལ་དགོས་པ། སངས་རྒྱས་རིན་ཆེན་མང་སྟོན་པ་ཤཀྱ་ཐུབ་པ་སྤྱི་འགྲོས་ལྟར་གསལ་བཏབ་ནས། བཞི་པ་ས་བོན་གྱི་ཡི་གེ་ནི། སངས་རྒྱས་རིན་ཆེན་མང་གི་ཐུགས་ཀར་ཨ་ཡིག་དཀར་པོ་ཞིག་གསལ། དེ་ལས་འོད་ཟེར་འཕྲོས་ནས་རྫས་ཐམས་ཅད་ལ་ཕོག་པར་བསམ། ས་བོན་གྱི་ཡི་གེ་ལས་འོད་ཟེར་འཕྲོས་ནས་རྫས་ལ་ཕོག་པར་བསམ་པ་འོག་གི་ཐམས་ཅད་ལ་གཅིག་མཚུངས་ཡིན། ལྔ་བ་བྱིན་གྱིས་བརླབས་པའི་ཕན་ཡོན་ནི། འབག་བཙོག་གི་དྲི་མའི་ཉེས་སྐྱོན་དང་སེར་སྣའི་དྲི་མ་ལ་སོགས་པ་དག་པར་བྱེད་པ་རེད། དེ་ཡིས་ལྔ་ཚན་དང་པོ་སོང་ནས་ད་ལྔ་ཚན་གཉིས་པ་ལའང་བཅའ་བ་ཕྱག་རྒྱ། བཟླ་བ་སྔགས། བསྐྱེད་པའི་ལྷ། ས་བོན་གྱི་ཡི་གེ། བྱིན་གྱིས་བརླབས་པའི་ཕན་ཡོན་ཏེ་ལྔ་ཡིས་བཤད་དགོས། འདིར་བཅའ་བའི་ཕྱག་རྒྱ་ནི་རིན་ཆེན་སྒྲོམ་བུའི་རྒྱ་ཞེས་གསུངས། དཔྲལ་བའི་མཛོད་སྤུའི་ཐད་དུ་ལག་པའི་སྙིམ་པ་སྤྲད་པ་སྟེ། དེ་ཡང་ཇི་ལྟར་གསུངས་པ་རེད་ཅེ་ན། གུང་མོ་གཉིས་དང་སྲིན་ལག་གཉིས་སོར་རྩེ་སྤྲད་པའི་ཚིགས་པ་འོག་མ་བཅག་ཅེས་གསུངས་འདུག འོན་ཀྱང་རང་རེའི་ཕྱག་ལེན་དངོས་ལ་ཐལ་སྦྱར་ཚིགས་པ་བཅག་པ་ཙམ་ཞིག་རེད་མི་འགྲོའམ། བཤད་པ་ཐག་པའི་གོང་དེར་ད་དུང་མཐེ་མཛུབ་གཞན་པ་སྦྲེང་ཞེས་ཀྱང་གསུངས་འདུག འདིའི་སྐབས་སུ་བཟླ་བའི་སྔགས་ནི་ནམ་མཁའ་མཛོད་ཀྱི་གཟུངས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུཥེ་བྷྱ། སརྦ་ཏརྑཾ་ཨུདྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པ་དེ་རེད། འདི་མན་ཆོད་ཀྱི་སྔགས་དོན་འགྲེལ་ན་དུས་ཚོད་རིང་པོ་འགོར་འགྲོ་བར་འདུག བསྐྱེད་པའི་ལྷ་ནམ་མཁའ་མཛོད་སེར་པོ་རིན་པོ་ཆེ་དང་སྒྲོམ་བུ་འཛིན་པ་ཞིག་གསལ་ནས། སྒྲོམ་བུའི་ནང་གི་ས་བོན་གྱི་ཡི་གེ་ཁཾ་སྔོན་པོ་ལས་འོད་ཟེར་འཕྲོས་པར་བསྒོམ། དེའི་བྱིན་རླབས་ཀྱི་ཕན་ཡོན་ནི་རྫས་ཐམས་ཅད་ནམ་མཁའ་མཛོད་བཞིན་ཟད་མེད་དུ་འགྱུར། ལྔ་ཚན་གསུམ་པའི་བཅའ་བའི་ཕྱག་རྒྱ་ནི་བདུད་རྩི་ཐབས་སྦྱོར་གྱི་ཕྱག་རྒྱ་རེད། མགྲིན་པའི་ཐད་ནས་ཐལ་མོ་ཁ་ཕྱེ་བ་པདྨའི་དབྱིབས་ལྟ་བུའི་ཕྱག་རྒྱ་དང་སྦྲག་དགོས་ཞེས་གསུངས་ཡོད། འདིའི་སྐབས་ཀྱི་བཟླ་བའི་སྔགས་ནི་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་གསུངས། བསྐྱེད་པའི་ལྷ་ནི། ཕྱག་རྒྱའི་སྟེང་དུ་བསྒྱུར་བའི་ལྷ་བདུད་རྩི་འཁྱིལ་བ་སྔོན་པོ་ཕྱག་གཉིས་ཀྱིས་བདུད་རྩིའི་བུམ་པ་འཛིན་པ་ཞིག་ཏུ་གསལ་འདེབས། ས་བོན་གྱི་ཡི་གེ་དེའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས། བྱིན་རླབས་ཀྱི་ཕན་ཡོན་ནི་གཏོར་མ་དེ་ཉིད་གང་འདོད་ཀྱི་དངོས་པོ་སྣ་ཚོགས་སུ་བསྒྱུར། ལྔ་ཚན་བཞི་བའི་བཅའ་བའི་ཕྱག་རྒྱ་ནི་རྒྱ་ཆེན་ཤུགས་ལྡན་གྱི་ཕྱག་རྒྱ་རེད། འདི་ཡི་གེ་ཀློག་སྟངས་ཀྱིས་སྒྲ་མ་དག་ན་རྒྱ་ཆེན་དང་རྒྱལ་ཆེན་གཉིས་ཀ་ནོར་ནས་ཕྱིན་ཅི་ལོག་ཏུ་གོ་ཉེན་ཡོད། ཀུ་རེ་ཡིན། འདིའི་རྒྱ་འདི་ལག་གཡས་མཛུབ་མོ་སྙིང་ཁར་སྦྲེངས་ཤིང་གཡོན་མཆོག་སྦྱིན་ཟུར་དུ་བསྟན་པ་ཞེས་གསུངས་ཡོད། རང་རེས་སྐྱབས་སྦྱིན་འདྲ་ཞིག་བྱེད་ཀྱང་ནོར་དང་ལོངས་སྤྱོད་ཀྱི་སྦྱིན་པ་མཆོག་སྦྱིན་གྱི་རྒྱས་གནང་སའང་མང་བ་རེད། སྤྱིར་འདིའི་རྒྱ་འདི་དག་བཅའ་ལུགས་འདྲ་མིན་སྣ་ཚོགས་ཡོད་པ་དང་། དེ་བཞིན་སོ་སོའི་ལུགས་ལའང་རྒྱུ་མཚན་རེ་ངེས་པར་ཡོད་ཀྱང་འདི་ནས་སྙིང་ཐིག་རང་གཞུང་ནས་གསུངས་པ་ལྟར་བཤད་ཀྱིན་ཡོད་པ་རེད། བཟླ་བྱའི་སྔགས་ནི་རྒྱ་ཆེན་ཤུགས་ལྡན་གྱི་གཟུངས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་པ་དེ་རེད། བསྐྱེད་པའི་ལྷ་ནི་ཕྱག་རྒྱའི་སྟེང་ཐོབ་པའི་ལྷ་སྤྱན་རས་གཟིགས་དབང་བསྒོམ། དེའི་ཐུགས་ཀའི་ས་བོན་ཡི་གེ་ཧྲཱི་དཀར་པོ་ལས་འོད་ཟེར་འཕྲོས། དེའི་བྱིན་རླབས་ཀྱི་ཕན་ཡོན་ནི་རྫས་དེ་དག་མགྲོན་རིགས་ཐམས་ཅད་ལ་དབང་ཆེ་ཆུང་དང་རྒྱལ་ཕམ་མེད་པར་གང་ལ་ཅི་འདོད་པ་ཐོབ་པར་བྱེད། ལྔ་ཚན་ལྔ་བའི་བཅའ་བའི་ཕྱག་རྒྱ་ནི་ཡེ་ཤེས་སྐར་མདའི་རྒྱ་ཞེས་གསུངས། ལག་གཡོན་པས་ཐལ་མོ་ཁ་བཟེད། གཡས་པ་ཁུ་ཚུར་ཁ་སྦུབས་པ་དེའི་སྟེང་དུ་བཞག་ནས་མཐེ་བོང་སྦྲེང་ཞེས་གསུངས་ཡོད་པ་རེད། མདོར་ན་འདི་དྲིལ་བུའི་རྒྱ་ཡིན་ཞེས་གསུངས་ཤིང་། རྒྱ་འདིའི་བཟླ་བྱའི་སྔགས་ནི་ཡེ་ཤེས་སྐར་མདའི་གཟུངས་ཏེ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མནྟ་སྥ་ར་ཎ་རསྨྲི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་དཱ་ཡ་ཛྭ་ལ་ནི་ཧཱུྃ། ཞེས་གསུངས། བསྐྱེད་པའི་ལྷ་ནི་ཕྱག་རྒྱའི་སྟེང་དུ་ཚིམ་པའི་ལྷ་དོན་ཡོད་གྲུབ་པ་ཕྱག་མཚན་རལ་གྲི་དང་ དྲིལ་བུ ་བསྣམས་པ་ཞིག་གསལ་འདེབས། ས་བོན་གྱི་ཡི་གེ་ཐུགས་ཀའི་ཧ་ལྗང་གུ་ལས་འོད་ཟེར་འཕྲོས། བྱིན་རླབས་ཀྱི་ཕན་ཡོན་ནི་མགྲོན་ཐམས་ཅད་གང་ལ་གང་འདོད་ཀྱི་རེ་བ་བསྐངས་ནས་ཚིམ་པར་བྱེད། ལྔ་ཚན་དྲུག་པའི་བཅའ་བའི་ཕྱག་རྒྱ་ནི་དབང་བསྒྱུར་འཁོར་ལོའི་རྒྱ་ཡིན། སོར་མོ་ཚང་མ་རྒྱབ་སྤྲད་ནས་གཅིག་ལ་གཅིག་འཁྱུད་པ་མཐེ་བོང་ལག་མཐིལ་རང་རང་གི་ནང་དུ་བཀུག་ནས་བཅའ་བ་དེ་རེད། བཟླ་བའི་སྔགས་ནི་དབང་བསྒྱུར་མཆོག་གི་གཟུངས་ཏེ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷན་ཛ་ཏི་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཞེས་གསུངས། བསྐྱེད་པའི་ལྷ་ནི་ཕྱག་རྒྱ་དེའི་སྟེང་དུ་དབང་དུ་བྱེད་པའི་ལྷ་ཕྱག་ན་རྡོ་རྗེ་རྔམ་བརྗིད་དང་ལྡན་པ་སྐུ་མདོག་མཐིང་ནག་རྡོར་དྲིལ་འཛིན་པ། ས་བོན་གྱི་ཡི་གེ་ནི་ཐུགས་ཀའི་ཡི་གེ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་བྱིན་གྱིས་བརླབས། བྱིན་གྱིས་བརླབས་པའི་ཕན་ཡོན་ནི་མགྲོན་རིགས་མཆོག་དམན་ཐམས་ཅད་བདག་གི་དབང་དུ་འདུས་ནས་ཅི་བསྒོ་བའི་ལས་ཐམས་ཅད་སྒྲུབ་པར་བྱེད་པས་དེ་ལྟར་བསམ། འདིའི་ལྔ་ཚན་དྲུག་གི་ཕྱག་རྒྱ་དང་སྔགས་དམིགས་ལ་སོགས་པ་དེ་འདྲ་ཡིན་པ་རེད། ཞིབ་པར་བཀའ་བརྒྱད་རྣམ་བཤད་དང་དགོངས་འདུས་རྣམ་བཤད་ལ་སོགས་པ་ལས་འབྱུང་བས་དེར་གཟིགས་ན་མཁྱེན་ཐུབ། དེ་ནས་སྡེ་བརྒྱད་གསེར་སྐྱེམས་དང་མཆོད་སྦྱིན་གཏོར་མ་ལ་སོགས་པ་སྤྱི་ཁྱབ་ཀྱི་འགྲོས་དང་བསྟུན་ཏེ་ཕྱག་ལེན་མཛད་ནས། གསེར་སྐྱེམས་དང་དཀར་གཏོར་གཙང་སར་གཤེགས་པའི་དེ་མ་ཐག་ལ་བགེགས་གཏོར་བྱིན་རླབས་བྱས་པའི་མཚམས་འདི་ནས།
བཞི་པ་བགེགས་ལ་བཀའ་བསྒོ་བ།
བཞི་པ་བགེགས་ལ་བཀའ་བསྒོ་བཿ ཞེས་གསུངས། བགེགས་ཞེས་པ་དེ་ཉིད་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་སོགས་ལ་བྱེ་བྲག་ཏུ་འཇུག་ས་ཡོད་ཀྱང་། འདི་ནས་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་དཀྱིལ་འཁོར་གཉན་པོ་ལ་འདུ་བར་མི་རུང་བའི་ལོག་འདྲེན་འབྱུང་པོའི་རིགས་སྤྱི་དང་། ཁྱད་པར་དུ་མཚན་འཛིན་གྱི་རྟོག་པ། གཉིས་སྐྱེས་ཀྱི་འཛིན་པ། སྣོད་བཅུད་དག་མཉམ་ལྷུན་གྲུབ་ཀྱི་ལྟ་བ་ལ་བར་དུ་གཅོད་པའི་ཕྱི་ནང་གསང་པའི་བགེགས་ལ་གོ་དགོས། ཧྲཱིཿ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིརཿ གླགས་ལྟ་བར་གཅོད་བདུད་ཀྱི་རིགསཿ གཏོར་མ་ལོངས་ལ་གཞན་དུ་དེངསཿ བཀའ་ལས་འདའ་ན་རྡོ་རྗེས་གཞོམཿ ཞེས་གསུངས་ཏེ། ཧྲཱིཿཡིག་འདི་ནུབ་སྣང་བ་མཐའ་ཡས་གསུང་མ་ཆགས་པདྨའི་རིགས་ཀྱི་ཐུགས་སྲོག་གི་སྙིང་པོ། བདེ་བ་ཆེན་པོ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་མདངས་ཡི་གེའི་གཟུགས་སུ་འཕོས་པ་དང་། དབང་སྡུད་དབང་གི་ལས་ལྷ་དབང་ཆེན་པདྨ་དྲག་པོ་ཁྲོ་བོ་རྟ་མགྲིན་གྱི་སྙིང་པོ་ཡང་ཡིན་པས་བགེགས་དཔུང་འདུལ་བ་ལ་མཆོག་ཏུ་དཔའ་བ་ཡིན་པས་ན། བཀའ་བསྒོ་དང་སྲུང་འཁོར་སྒོམ་པ། བསྟོད་པ་ལ་སོགས་པ་དབང་དང་དྲག་པོའི་ལས་ཀྱི་ཚིག་འགོར་འདི་འབྱུང་བ་ཡིན། སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིར་ཞེས་གསུངས་ན། སྣོད་རྣམ་པར་དག་པ་རྒྱལ་བའི་ཞིང་ཁམས། བཅུད་རྣམ་པར་དག་པ་དཀྱིལ་འཁོར་གྱི་ལྷ་ཚོགས། ཡེ་ནས་དག་པ་མ་གཏོགས་དོན་ལ་མ་དག་པ་ཞིག་ཡོད་པ་མ་ཡིན། སྤྱིར་དཀྱིལ་འཁོར་ཞེས་གསུངས་པ་འདི་འོག་ནས་ཀྱང་འབྱུང་བ་ཡིན་ཡང་། དེ་ཡང་མནྜལ་ཞེས་པའི་སྒྲ་ལས་དྲངས་ན་མནྜ་ནི་སྙིང་པོའམ་བཅུད། ལ་ནི་ལེན་ཅིང་འཛིན་པ་ལ་འཇུག་ཅེས་གསུངས་པ་རེད། དེས་ན་སྙིང་པོའི་ཡོན་ཏན་ལེན་ཅིང་འཛིན་པའི་གཞི་དང་། གཞན་ཡང་ཀུན་ནས་ཟླུམ་ཞིང་ཡོངས་སུ་བསྐོར་བའི་དོན་ལའང་འཇུག་ཅེས་གསུངས། འདིའི་དབྱེ་བ་མང་ཡང་སྐབས་འདིར་སྣོད་བཅུད་ཡེ་ནས་དག་པ་གནས་ལུགས་གཞི་ཡི་དཀྱིལ་འཁོར་ཡིན་པ་ལ། དེ་ལྟར་ཡིན་པའི་ངེས་ཤེས་ཀྱི་ལྟ་བས་ཐག་བཅད་པའི་དྲི་མ་འབྲལ་རུང་གི་ངེས་པ་བརྟན་པོའི་ཐོག་ནས། བློས་ཀྱང་དེ་བཞིན་དུ་རྣམ་པ་ཆ་འདྲ་བའི་དཀྱིལ་འཁོར་དུ་བཀོད་པའམ། ཡང་ན་རྩལ་ལས་རོལ་བར་ཤར་བའི་སྣོད་བཅུད། གཙོ་བོ་གཅིག་ལས་ཤར་བའི་འཁོར་དང་གཞལ་ཡས་ཁང་། ཞིང་ཁམས་དང་བཅས་པའི་སྣོད་བཅུད་ལ་སྤྲུལ་པའི་དཀྱིལ་འཁོར་དུ་གོ་དགོས་སྙམ། དེ་ལྟ་བུའི་རང་བཞིན་ཏིང་འཛིན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བཀོད་པའི་གནས་སམ་སྐབས་འདིར། གླགས་ལྟ་བར་གཅོད་བདུད་ཀྱི་རིགས་ཞེས་གསུངས་ཏེ། གླགས་ལྟ་བའམ་གནོད་སྐྱེལ་ཞིང་། སྒྲུབ་པ་ལ་བར་ཆད་བརྩམས་ནས་དངོས་གྲུབ་མི་འབྱུང་བར་བྱེད་པའི་ཕྱི་ནང་གསང་བའི་བདུད་ཀྱི་རིགས་སུ་གཏོགས་པ་ཐམས་ཅད་གཏོར་མ་ལོངས་ལ་གཞན་དུ་དེངས་ཞེས། རྣམ་པ་གཏོར་མ་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་གང་ལ་ཅི་འདོད་འབྱུང་བའི་རྫས་སུ་བྱིན་གྱིས་བརླབས་པ་འདི་སྦྱིན་པ་ཡིན་པས། བར་ཆད་བྱེད་པའི་བདུད་རིགས་ཁྱེད་རྣམས་ཀྱིས་གཏོར་མ་འདི་ཉིད་ལོངས་ལ་གནས་གཞན་དུ་དེངས་ཤིག་གམ་སོང་ཞིག་ཅེས་གསུངས་པ་རེད། དེ་ཞི་བའི་སྦྱོང་བ་རེད། བཀའ་ལས་འདའ་ན་རྡོ་རྗེས་གཞོམ་ཞེས་གསུངས་ཏེ། གལ་ཏེ་ད་དུང་མི་འགྲོ་བར་བདག་ཉིད་ཁྲོ་བོ་ཆེན་པོའི་བཀའ་ལས་འདའ་ཕོད་པ་ཡིན་ན་དྲག་པོའི་ཚམ་རྔམ་གྱིས་རྡོ་རྗེ་འབར་བའི་མཚོན་ཆས་ལུས་རྡུལ་ཕྲན་བཞིན་དུ་གཞོམ་པར་འགྱུར་ཏ་རེ་ཞེས་གསུངས་ནས་ཐ་ཚིག་དྲག་པོ་བསྒྲགས་པ་དང་བཅས་ཏེ། འདི་ནས་ཡིག་ཆུང་དུ། ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིརཿ ཞེས་གསུངས་ན། སུམ་བྷ་ནི་སུམ་བྷ་ནི་ལ་སོགས་པ་ཧཱུྃ་བཞིའི་སྔགས་དྲག་པོར་བཟླས་ཏེ་ཕྱིར་བསྐྲད་དགོས་པ་རེད་ཅེས་གསུངས་པ་རེད། དེ་ཡང་སུམ་བྷ་ནིའི་སྔགས་དོན་ཇི་ལྟར་རེད་ཅེ་ན། སུམ་བྷ་ནི་སུམ་བྷ་ནི་ཞེས་པའི་དོན་ནི་ངེས་པར་འདུལ་ཞིང་མ་ལུས་པར་ངེས་པར་འདུལ་བ། འདུལ་ཞིང་འདུལ་བའི་བདག་ཉིད་ཅན་ཁྲོ་བོ་གནོད་མཛེས་ལ་འབོད་པ་ཡིན་ཞེས་གསུངས་པ་རེད། འདི་ལ་ཧཱུྃ་བཞིའི་སྔགས་ཅེས་བརྗོད་དོན་ནི་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ་ཞེས་གསུངས་རྒྱུའི་ཧཱུྃ་དང་པོ་དེ་གསལ་བྱེད་རེད། དེ་ནས་གྷྲྀ་ཧ་ན་གྷྲྀ་ཧ་ན་ཞེས་པ་ཟུངས་ཤིག་ཟུངས་ཤིག་ཅེས་པའི་དོན། གྷྲི་ཧ་ན་གྷྲི་ཧ་ན་ཧཱུྃ་ཞེས་པའི་ཧཱུྃ་གཉིས་པ་དེ་བསྐུལ་བའི་ཚིག གྷྲྀ་ཧ་ན་པ་ཡ་གྷྲྀ་ཧ་ན་པ་ཡ་ཞེས་པ་འཛིན་དུ་ཆུག་འཁོར་ཡང་འཛིན་དུ་ཆུག་ཅེས་པའི་དོན། གྷྲྀ་ཧ་ན་པ་ཡ་གྷྲྀ་ཧ་ན་པ་ཡ་ཧཱུྃ་ཞེས་པའི་ཧཱུྃ་གསུམ་པ་འདི་ཡང་ལས་ལ་བསྐུལ་བའི་དོན། ཨ་ན་ཡ་ཞེས་པ་ཁུག ཧོ་ཞེས་པ་ཀྱེ་ཞེས་འབོད་པའི་ཚིག བྷ་ག་ཝན་ནི་འབོད་སའི་ཡུལ་བཅོམ་ལྡན་འདས་ཏེ། ཀྱེ་བཅོམ་ལྡན་འདས་ཁུག་ཅིག་ཅེས་པའི་དོན་ཡིན་སྙམ། བྷིདྱ་ར་ཛ་ཞེས་པ་རིག་པའི་རྒྱལ་པོ་རུ་གོ། ཀྲོ་ཏ་ཡ་ཞེས་པ་ཁྲོ་བོ། ཁྲོ་བོའི་རྒྱལ་པོ་གནོད་མཛེས་ལ་དབུགས་འབྱིན་པའི་དོན་ཏེ་ཆེ་བསྟོད་བྱས་ནས་བོས་པ་རེད། ཧཱུྃ་བཞི་བ་དེ་ཕཊ་དང་སྦྱར་བའི་ཧཱུྃ་ཕཊ་ཅེས་གསུངས་ནས་གསོད་པའི་ཕྱིར་དུ་ལས་ལ་བསྐུལ་བ་རེད། དེ་ལྟ་བུའི་ཧཱུྃ་བཞིའི་དྲག་པོའི་སྔགས་དང་སྔགས་ཀྱིས་བཏབ་པའི་བགེགས་འཇོམས་པར་བྱེད་པའི་ཡུངས་ཀར་རམ་རྡོ་ཐུན་གྱིས་གཟིར་ཞིང་བྲབ་པར་བྱ་ཞེས་གསུངས།
ལྔ་པ་སྲུང་འཁོར་བསྒོམ་པ།
ལྔ་པ་སྲུང་འཁོར་བསྒོམ་པ་ནིཿ ཞེས་གསུངས། སྲུང་འཁོར་བསྒོམ་པ་འདི་ཟབ་མོའི་དཀྱིལ་འཁོར་ལ་ལྟ་བར་མི་དབང་བའི་བགེགས་ཐམས་ཅད་ཕྱིར་བསྐྲད་ནས་སླར་ནང་དུ་མི་ཐར་བར་བྱེད་པའི་སྲུང་བྱེད་ཀྱི་འཁོར་ལོ་རེད། སྤྱིར་འཁོར་ལོ་ཞེས་པ་འདི་ཀུན་ནས་འཁོར་བས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཁྱབ་པའམ། རྣམ་པ་གཅིག་ཏུ་ན་འཁོར་ལོ་ནི་གཅོད་པར་བྱེད་པའི་མཚོན་ཆ་ཡང་ཡིན་པས་ན། དེའི་བྱེད་ལས་མཚོན་པའི་སྒོ་ནས་སྲུང་འཁོར་བསྒོམ་དགོས་པ་རེད། སྲུང་འཁོར་ཇི་ལྟར་བསྒོམ་དགོས་ཤེ་ན། ཧྲཱིཿ སྣང་སྲིད་དག་པ་རབ་འབྱམས་ལཿ བགེགས་དང་བར་གཅོད་མིང་ཡང་མེདཿ གློ་བུར་རྣམ་རྟོག་འཁྲུལ་བའི་གདོནཿ ཆོས་དབྱིངས་ངང་དུ་མཚམས་གཅད་དོཿ ཞེས་གསུངས་ཏེ། སྣང་སྲིད་དག་པ་རབ་འབྱམས་ལ། །བགེགས་དང་བར་གཅོད་མིང་ཡང་མེད་ཅེས་སྣང་ཞིང་སྲིད་པའི་ཆོས་ཁམས་རྒྱ་མཚོ། ཡེ་ནས་དག་པ་རབ་འབྱམས་མ་དག་པའི་མིང་ཙམ་ཡང་མེད་པའི་སྣང་སྲིད་གཞིར་བཞུགས་ཀྱི་ཡེ་ཤེས་ཆེན་པོས་མ་ཁྱབ་པ་མེད་པ་སྟེ། དེ་ཡང་རྒྱུད་གསང་བ་སྙིང་པོ་ལས། སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོར་གནས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། ཞེས་གསུངས་པ་བཞིན་ངེས་པ་དོན་གྱི་དབང་དུ་བྱས་ན་དེ་ལྟར་ཡིན་པ་རེད། བགེགས་དང་བར་གཅོད་ཀྱི་མིང་ཙམ་ཡང་མེད་མོད། འོན་ཀྱང་ལྟ་བས་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་པ་མ་རྙེད། གཟུང་འཛིན་གཉིས་ཀ་རྒྱང་ཆད་དུ་སོང་ནས་འཁྲུལ་བ་ཡུལ་དུ་ཤར་ཏེ་གཟུང་ཡུལ་རགས་པའི་ཞེན་སྣང་སྐྱེས་པ་ནི། དབུ་མ་འཇུག་པ་ལས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། ཞེས་གསུངས་པ་ལྟར། མ་རྟོགས་འཁྲུལ་པའི་སྡུག་བསྔལ་མྱོང་བ་འདི། གློ་བུར་རྣམ་རྟོག་འཁྲུལ་བའི་གདོན་ཞེས་གསུངས་པ་བཞིན། གློ་བུར་རྣམ་རྟོག་གི་འཁྲུལ་བའི་གདོན་གྱི་དབང་དུ་སོང་བ་ཡིན་ཞིང་། དེ་ལྟ་བུའི་འཁྲུལ་བའི་གདོན་དེ་མིང་མེད་དུ་ཕྱིར་བསྐྲད་ནས། ཆོས་དབྱིངས་ངང་དུ་མཚམས་གཅད་དོ་ཞེས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ། མཚན་མའི་ཟུག་རྔུ་སྣ་ཚོགས་དང་བྲལ་བའི་ངང་དུ་ཕྱིན་ཆད་སླར་མི་ལྡང་ཞིང་སླར་ཡང་འཁྲུལ་བའི་གདོན་བགེགས་ཀྱིས་གླགས་ལྟ་བའི་གོ་སྐབས་མེད་པར་བྱེད་པ་ཡིན་ཞེས་གསུངས། སྤྱིར་མཚམས་ཞེས་པ་འདི་ལ་ཕྱི་མཚམས་ནང་མཚམས་གསང་མཚམས་སོགས་ཀྱི་དབྱེ་བ་མང་ཡང་། འདི་རང་བཞིན་གྱི་མཚམས་ཏེ་རྣམ་རྟོག་བགེགས་ཡིན་ན་བགེགས་དེ་ཉིད་རང་སེམས་ལས་བྱུང་བ་ཡིན་པས། སེམས་རང་བཞིན་མེད་པར་ཤེས་ཏེ་ཆོས་ཉིད་ཀྱི་ངང་དུ་མི་རྟོག་པར་བསྒོམས་པས་རྣམ་རྟོག་ཆོས་ཉིད་ཀྱི་ངང་དུ་ནུབ་ནས་བགེགས་ཞེས་བྱ་བའི་མིང་ཡང་མེད་པར་གྱུར་བ་དེ་འདྲ་ཡིན་པ་རེད། དེ་ལྟ་བུའི་ཆོས་ཉིད་གདེང་དུ་གྱུར་པའི་སྟབས་ཀྱིས་བདག་ཉིད་ཆེན་པོའི་མཚམས། ལྷའི་རྣལ་འབྱོར་དང་མ་བྲལ་བའི་ངང་ནས། འདི་ནས་ཤུགས་བསྟན་དུ་སྲུང་བའི་འཁོར་ལོའི་མཚམས་རྡོ་རྗེ་ལ་སོགས་པའི་མཚོན་ཆའི་ཚོགས་ཡེ་ཤེས་ཀྱི་འོད་བསྐལ་བའི་མེ་ལྟར་འབར་བ། ཕྱག་མཚན་ལྔ་ཡི་གུར་ཁང་རིམ་པ་ལྔ་ཡིས་བར་མཚམས་མེད་པར་ཡོངས་སུ་བསྐོར་ནས་ཅིས་ཀྱང་མི་ཆོད་མི་ཤིགས་པར་བྱེད་པའི་དོན་རེད། སྲུང་བའི་འཁོར་ལོ་ཞེས་གསུངས་པའི་འཁོར་ལོའི་དབྱིབས་ལེབ་མོ་ཞིག་མ་རེད། འདི་ཐོག་ལ་བཞག་ན་འོག་ལ་མེད། འོག་ལ་བཏིང་བ་ཡིན་ན་ཐོག་ལ་ཡང་མེད། འཁོར་ལོ་གཅིག་སྟེང་དུ་དང་གཞན་གཅིག་འོག་ཏུ་བྱས་ན་ཡང་མཐའ་སྐོར་རྣམས་སྟོང་པ་རེད་འགྲོ་སྙམ་པའི་གུ་དོག་གི་བསམ་བློ་གཏོང་མི་དགོས། འཁོར་ལོའི་ཁོང་གསེང་ཡངས་ཤིང་རྒྱ་ཆེ་བ་གཞལ་ཡས་ཁང་ཆོས་དབྱིངས་དང་མཉམ་པའི་བཀོད་པ་ཤོང་ཐུབ་པ། མཐའ་སྐོར་གྱི་རྩིབས་ཐམས་ཅད་རལ་གྲིའི་སོ་ལྟར་མཉམ་པར་སྦྱར་བའི་འཁོར་ལོའི་གུར་ཁང་དུ་བསྒོམ་དགོས། དེ་ལྟར་དུ་རིགས་ལྔའི་ཕྱག་མཚན་ཐམས་ཅད་ཀྱི་སྲུང་འཁོར་བསྒོམ་དུས་ཀྱང་དེའི་གོ་བ་ལེན་དགོས་པ་རེད།
དྲུག་པ་ཡེ་ཤེས་བྱིན་འབེབས།
དྲུག་པ་ཡེ་ཤེས་བྱིན་འབེབས་ནིཿ ཞེས་གསུངས་ཏེ། བྱིན་འབེབས་འདི་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ནས། བདག་གནས་སྒྲུབ་རྫས་ཡོ་བྱད་དང་བཅས་པ་ཐམས་ཅད་ལ་བྱིན་ནམ་བྱིན་རླབས་ཀྱི་མཐུ་ཁྱད་པར་ཅན་འབེབས་ཤིང་ཐོབ་པར་བྱེད་པ་ཞིག་རེད། རིག་འཛིན་བླ་མའི་སྒྲུབ་པ་འདི་བྱིན་རླབས་དངོས་གྲུབ་ཀྱི་འབྱུང་གནས་ཡིན་པས་དགོངས་པ་བརྡ་དང་སྙན་བརྒྱུད་ཀྱི་བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་བསྐུལ་ཞིང་འབེབས་པ་རེད། ཧཱུྃཿ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནསཿ དང་པོའི་སངས་རྒྱས་ཀུན་ཏུ་བཟངཿ རིགས་ལྔ་ཡབ་ཡུམ་སྤྲུལ་འཁོར་བཅསཿ དགོངས་བརྒྱུད་བླ་མས་བྱིན་ཆེན་ཕོབཿ ཅེས་གསུངས་ཏེ། ཧཱུྃ་ཞེས་པའི་ཡི་གེ་འདི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་མཚོན་བྱེད་ཀྱི་ཡི་གེ་ཡིན་པ་རེད། དེའི་སྟབས་ཀྱིས་བྱིན་འབེབས་དང་སྤྱན་འདྲེན་ལ་སོགས་པའི་ཚིག་གི་འགོར་འདི་འབྱུང་བ་ཡིན། སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས། དང་པོའི་སངས་རྒྱས་ཀུན་ཏུ་བཟང་ཞེས་གསུངས་ན། ཐོག་མའི་ཤོ་ལོ་ཀ་གཅིག་འདིས་རྒྱལ་བ་དགོངས་བརྒྱུད་བསྟན་པ་རེད། དེ་ཡང་རྟག་ཆད་སྐྱེ་འགག་ཡོད་མེད་ཡིན་མིན་ལ་སོགས་པ་སྤྲོས་པ་མཐའ་དག་དང་བྲལ་བ་ཆོས་སྐུའི་ཕོ་བྲང་། རང་སྣང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ། དང་པོའི་སངས་རྒྱས་ཀུན་ཏུ་བཟང་ཞེས་ཉིད་ལས་མི་གཞན་ཐ་མི་དད་པའི་ཡེ་ཤེས་ལྔ་ཡི་ངོ་བོ། རིགས་ལྔ་ཡབ་ཡུམ་སྤྲུལ་འཁོར་དང་བཅས་པའི་སྟོན་པས་ཚིག་དང་སྒྲ་ཡིས་མི་མཚོན་ཞིང་ཡིད་དཔྱོད་བློ་ལས་འདས་པའི་རྫོགས་པ་ཆེན་པོ་བསྟན་པ་ཡིན་ན། དགོངས་བརྒྱུད་བླ་མས་བྱིན་ཆེན་ཕོབ་ཅེས་དགོངས་པས་བྱིན་གྱིས་བརླབས་པ་བརྒྱུད་ནས་ཉིད་ལས་མི་གཞན་པའི་རྡོ་རྗེ་སེམས་དཔའ་སོགས་ལ་ཡེ་ཤེས་འཕོས་པའམ་ཤར་བའི་རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མས་བྱིན་རླབས་ཀྱི་ཆར་ཆེན་ཕོབ་མཛོད་ཅིག་ཅེས་གསུངས། སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་ནསཿ དགའ་རབ་འཇམ་དཔལ་བཤེས་གཉེན་དངཿ ཤྲཱི་སིང་ཛྙཱ་ན་སཱུ་ཏྲ་སོགསཿ བརྡ་བརྒྱུད་བླ་མས་བྱིན་ཆེན་ཕོབཿ ཅེས་གསུངས་ཏེ། སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་ནས་ཞེས་གསུངས་ན། ཆོས་སྐུའི་དབྱིངས་ལས་ལོངས་སྐུའི་འོད་མདངས་རིགས་ལྔའི་རྒྱལ་བར་ཤར་ནས། དེ་ཉིད་ལས་དག་པར་སྣང་བའི་སྒྱུ་འཕྲུལ་གྱི་རོལ་གར་དེ་གང་ཡིན་ན་དགོངས་པ་ཆོས་དབྱིངས་དང་དབྱེར་མི་ཕྱེད་པའམ་དེ་ལས་འདའ་བ་མེད་པ་རྡོ་རྗེ་དང་ཆོས་མཚུངས་པའི་རྣམ་རོལ་འགག་པ་མེད་པའི་ཕོ་བྲང་ནས། དགའ་རབ་འཇམ་དཔལ་བཤེས་གཉེན་དང་། ཤྲཱི་སིང་ཛྙཱ་ན་སཱུ་ཏྲ་སོགས་ཞེས་གསུངས་ན། ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ལ་རྡོ་རྗེ་སེམས་དཔས་དབང་བསྐུར། མན་ངག་བྱིན་ནས་ལྷ་གནས་སུམ་ཅུ་རྩ་གསུམ་གྱི་ཡུལ་ལ་གསང་སྔགས་ཨ་ཏིའི་བསྟན་པ་སྤེལ་ནས། སླར་ཡང་འཇིག་རྟེན་མི་ཡུལ་ནས་ཨོ་རྒྱན་རྒྱལ་པོ་དྷརྨ་ཨ་ཤྭ་ཀའི་སྲས་མོ་རུ་གསེར་གྱི་བྱེ་མ་བརྡལ་བའི་མཚོ་འགྲམ་དུ་འཁྲུངས་པའི་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་ཞུ་བའི་གསང་བདག་དཔའ་བོས་རྒྱལ་ཐབ་སྤྱི་བླུགས་ཀྱི་དབང་བསྐུར་ས་དེ་ཉིད་དང་། དེའི་སློབ་མ་སིངྒ་ལའི་རྒྱལ་པོའི་སྲས་འཇམ་དཔལ་བཤེས་གཉེན། དེའི་སློབ་མ་རྒྱ་ནག་པོའི་སློབ་དཔོན་ཤྲཱི་སིངྷ། དེའི་སློབ་མ་ཛྙཱ་ན་སཱུ་ཏྲ། ལ་སོགས་པ་གསུངས་ན་སོགས་ཁོངས་ཀྱི་ནང་དུ་སློབ་དཔོན་པདྨ་དང་བཱི་མ་ལ། ནཱ་ག་རྫུ་ནའམ་འཕགས་པ་ཀླུ་སྒྲུབ་དང་། འཇམ་དཔལ་བཤེས་གཉེན་ཕྱི་མ་དང་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པ་དང་། བརྡ་བརྒྱུད་བླ་མས་བྱིན་ཆེན་ཕོབ་ཅེས་གསུངས་ན། མཆོག་གི་དངོས་གྲུབ་བརྙེས་པའི་རིག་འཛིན་བརྡ་བརྒྱུད་ཀྱི་བླ་མ་དེ་རྣམས་ཀྱིས་བྱིན་ཆེན་ཕོབ་ཅེས་གསུངས་པ་རེད། འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནསཿ རིག་འཛིན་བརྒྱད་དང་པདྨ་འབྱུངཿ རྗེ་འབངས་ཉི་ཤུ་རྩ་ལྔ་སོགསཿ སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབཿ ཅེས་གསུངས་ཏེ། འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནས་ཞེས་གསུངས་ན། དག་དང་མ་དག་གི་འགྲོ་བ་འདུལ་བ་ལ་ཆུ་སྣོད་ཟླ་གཟུགས་ཀྱི་དཔེ་བཞིན་དུ་གང་ལ་གང་འདུལ་གྱི་སྣང་ངོར་དེ་ལ་དེ་ལྟར་དུ་ཤར་ནས། རིག་འཛིན་བརྒྱད་དང་པདྨ་འབྱུང་ཞེས་གསུངས་ན། སྤྱིར་བཏང་རིག་འཛིན་མཆོག་བརྒྱད་ཀྱི་ནང་དུ་པདྨ་འབྱུང་གནས་འདུས་པ་ཡིན་ཡང་། བོད་གངས་ཅན་གྱི་ལྗོངས་འདིར་གསང་སྔགས་ཨ་ཏིའི་བསྟན་པ་སྤེལ་བའི་སྲོལ་འབྱེད་མཛད། བསྟན་ཞབས་གཏེར་གྱིས་བསྡམས་པའི་བཀའ་དྲིན་གྱི་ངོས་ནས་ཟུར་དུ་སྨོས་པའམ། དེ་མིན་གོང་ནས་ཞུས་པ་ལྟར་ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་བཀའ་ཟབ་མོ་དེ་འོག་མིན་གྱི་གནས་ནས་ཀུན་ཏུ་བཟང་པོ་དཔལ་ཧེ་རུ་ཀས་ཡོངས་སུ་དག་པའི་འཁོར་ལ་རྡོ་རྗེའི་ཚིག་གིས་གསུངས་པ་དེ་ཉིད། བཀའི་སྡུད་པ་པོ་རྡོ་རྗེ་ཆོས་ལ་སོགས་པས་བསྡུས་ནས་རྫུ་འཕྲུལ་གྱི་ཡི་གེར་སྣང་བ་ཉིད་རིན་པོ་ཆེའི་སྒྲོམ་གྱི་ནང་དུ་བཅུག་ནས་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་གཉེར་དུ་གཏད་པ་དུར་ཁྲོད་བསིལ་བའི་ཚལ་ནས་གྲུབ་རིག་གི་སློབ་དཔོན་རྣམ་བརྒྱད་དང་པྲ་བྷ་ཧསྟི་དགུ་ལ་དགོངས་པ་གཏད་པའི་ཚེ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་སྒྲོམ་བུ་བརྒྱད་རིག་འཛིན་རེ་རེའི་ཕྱག་ཏུ་བཞག་པས། དབུས་ཀྱི་རིན་ཆེན་སྣ་ལྔའི་སྒྲོམ། བཀའ་བརྒྱད་ཀྱི་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཆོས་སྐོར་དེ་པདྨ་འབྱུང་གནས་ཀྱི་ཕྱག་ཏུ་གཏད་ནས། ཆེ་མཆོག་རྣམ་དགུའི་སྤྱི་དཔལ་གྱི་བཀའ་བབས་ཡིན་པའི་རྒྱུ་མཚན་གྱིས་རིག་འཛིན་བརྒྱད་དང་པདྨ་འབྱུང་ཞེས་པད་འབྱུང་དམིགས་ཀྱིས་བཀར་ནས་ཟུར་དུ་མཚན་སྨྲོས་པ་རེད་ཅེས་འགྲེལ་ནའང་ཆོག གང་ལྟར་པད་འབྱུང་ནས་རྗེ་འབངས་ཉེར་ལྔ་སོགས་ལ་བརྒྱུད་པའི་བརྒྱུད་པ་དེ་དངོས་བསྟན་རེད། དེ་ཡང་མུ་མཐུད་དེ་གོང་གི་འཕྲོས་དོན་བཤད་ན། རིག་འཛིན་བརྒྱད་ནི། ཧཱུྃ་ཀ་ར་དང་འཇམ་དཔལ་བཤེས་གཉེན། ནཱ་ག་རྫུ་ན། པདྨ་འབྱུང་གནས། དྷ་ན་སཾ་ཀྲྀ་ཏ། བི་མ་མི་ཏྲ། རོམ་བུ་གུ་ཧྱ། ཤནྟིཾ་གརྦྷ་བཅས་རེད། བཀའ་བབས་ཀྱི་རིག་འཛིན་དགུ་བྱས་ནས་བཤད་དུས་ཀྱང་ཡོད། དགུ་བྱས་པའི་སྐབས་སུ་པྲ་བྷ་ཧསྟི་དང་དགུར་བརྩི་བ་ཡིན། རིན་པོ་ཆེའི་སྒྲོམ་དགུ་ནི། གསེར་དངུལ་ཟངས་ལྕགས་བཞི། གཟི་མཆོང་གཡུ། བསེ་སྒྲོམ་དང་བཞི། དེའི་སྟེང་ལ་རིན་ཆེན་སྣ་ལྔའི་སྒྲོམ་དང་དགུར་བརྩི་བ་རེད། ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ནི། འཇམ་དཔལ་སྐུ། པདྨ་གསུང། ཡང་དག་ཐུགས། ཆེ་མཆོག་ཡོན་ཏན། ཕུར་པ་འཕྲིན་ལས། མ་མོ་རྦོད་གཏོང་། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས་ཏེ་བརྒྱད་རེད། ཚོམ་བུ་དགུའི་ནང་རིག་འཛིན་བླ་མའི་སྒྲུབ་པའང་འདུས་པ་རེད། རྗེ་འབངས་ཉི་ཤུ་རྩ་ལྔ་སོགས་ཞེས་གསུངས་ན། རྗེ་འབངས་ཉི་ཤུ་རྩ་ལྔ་ནི། རྗེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། འབངས་ལོ་ཆེན་བེེ་རོ་ཙ་ན། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་རྗེ་འབངས་གྲོགས་གསུམ་གྱིས་གཙོ་བོར་མཛད་པའི་གཞན་ཉི་ཤུ་རྩ་གཉིས་ཁར་སང་དབང་བསྐུར་པའི་སྐབས་ལྷ་དབང་པདྨ་རཱ་གའི་ཕྲེང་བའི་ནང་མཚན་རེ་རེ་དང་སྦྲགས་གྲུབ་པའི་རྣམ་ཐར་དང་བཅས་པ་ཡོད་པ་ལྟར་རེད། སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབ་ཅེས་གསུངས་ན། དེ་ལྟ་བུའི་ཞལ་ནས་སྙན་དུ་བརྒྱུད་པ་སྟེ། སྔོན་ནས་ད་ལྟའི་བར་གྱི་རིག་འཛིན་བརྒྱུད་པ་ཟམ་མ་ཆད་པས་བྱིན་ཆེན་ཕོབ་ཅེས་གསུངས་པ་རེད། དེ་ཡང་རིག་འཛིན་འཇིགས་གླིང་ཞལ་བཞུགས་པའི་སྐབས་སུ་འདི་ནས་ཡར་ཁམས་པ་གནས་སྐོར་བ་འགའ་རེ་སྐུ་མདུན་དུ་བཅར་ཏེ་ཁམས་རྫོགས་ཆེན་ནས་ཡིན་རབས་ཞུ་དུས། འཇིགས་གླིང་ཚང་གིས་ཞལ་རྩེད་མཛད་ནས། རྫོགས་ཆེན་ཚང་གིས་བུམ་སྒྲུབ་འཚོགས་སྐབས་ཁོང་ཡང་བྱིན་འབེབས་ཀྱི་སྐབས་སུ་བྱོན་དགོས་པ་རེད། ལྷ་ཁང་གི་རྒྱ་མཐོངས་ཁར་ཐལ་ལ་ཞིབ་པོ་ཅིག་ཡོད་ཅེས་གསུངས་རབས་ཡོད། མང་ཆེ་བས་ཁོང་རྣམ་པ་མི་མཐོང་ཞིང་གདོང་གྲལ་གྲལ་མཇུག་གི་གྲྭ་ཕྲུག་ཆབ་རིལ་མགོ་སྟ་དེས་ནམ་ཡིན་མཐོང་འགྲོ་གི་འདུག་ཅེས་གསུངས་རབས་ཡོད། དེ་ལྟ་བུའི་ཐོགས་མེད་ཀྱི་མཁྱེན་པ་དང་ལྡན་པའི་དབྱིངས་ན་བཞུགས་པའི་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ་རྣམས། གདུང་པའི་བུ་ལ་མ་ཕྱིར་འབྲངས་པ་ལྟ་བུས་དད་གུས་གདུང་བའི་ཡིད་ཀྱིས་སྤྱན་དྲངས་ན་བྱོན་རྒྱུ་དང་། བྱིན་རླབས་ཞུས་ན་འབེབས་པ་ཡིན་ཏེ། གང་ཞིག་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། ཞེས་གསུངས་པ་ལྟར་རེད། གཞན་ཡང་མ་ག་དྷ་བཟང་མོས་སངས་རྒྱས་འཁོར་བཅས་སྤྱན་དྲངས་པ་ལྟ་བུ་སོགས་རེད། དཀྱིལ་འཁོར་འདི་ལ་བཀྲག་ཅིག་ཐོནཿ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལཿ ལུས་ངག་ཡིད་ལ་བདེ་ཆེན་སྤོརཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཞེས་གསུངས་ཏེ། འདི་བདག་དང་གནས་དང་ཡོ་བྱད་སྒྲུབ་རྫས་བྱིན་གྱིས་བརླབས་པ་དང་ཚུལ་མཚུངས་པའི་གོ་བ་རེད། དཀྱིལ་འཁོར་འདི་ལ་བཀྲག་ཅིག་ཐོན་ཞེས་གསུངས་ན། དཀྱིལ་འཁོར་ཞེས་གསུངས་པ་འདི་ལ་དབྱེ་བ་མང་བ་རེད། གོང་ནས་ཀྱང་ཞུས་མོད། དེ་ཡང་རྒྱུད་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། ཞེས་གསུངས་ན། འདིས་ནི་རང་བཞིན་དཀྱིལ་འཁོར་དང་ཞེས་པ་འདིས་གཞི་རང་བཞིན་གྱི་དཀྱིལ་འཁོར་བསྟན་པ་རེད། དེ་ཡང་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་གནས་ལུགས་གཞི་ཡི་དཀྱིལ་འཁོར་དང་། གློ་བུར་གྱི་དྲི་མ་བྲལ་བས་གཞི་ཇི་བཞིན་པ་མངོན་དུ་གྱུར་པ་ལ་མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་ཞེས་པའི་དབྱེ་ཚུལ་ཡོད་ཀྱང་། དོན་དངོས་པོའི་སྟེང་ནས་བཤད་ན་དེ་གཉིས་ཀ་གཞི་འབྲས་དབྱེར་མེད་ཀྱི་དཀྱིལ་འཁོར་མ་བྱས་ལྷུན་གྱིས་གྲུབ་པའི་རང་བཞིན་གྱི་དཀྱིལ་འཁོར་ཞེས་གསུངས་པ་ཡིན། གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ་ཞེས་གསུངས་ན། དེ་ལྟ་བུའི་གཞིའི་གནས་ལུགས་དེ་ཉིད་ཇི་བཞིན་པ་མ་རྟོགས་པར་མ་དག་འཁོར་བའི་གནས་སུ་སྣང་བ་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་གསུངས། འདི་ལ་གཟུགས་བརྙན་ཞེས་གསུངས་དགོས་པའི་རྒྱུ་མཚན་ནི་སྣང་ངོར་མ་དག་པ་ཙམ་གནས་ཚུལ་མ་ཡིན་པའི་ཆ་ནས་གཟུགས་བརྙན་ཞེས་སུ་གསུངས། གནས་ཚུལ་དུ་ངོ་བོ་དག་པ་ཡིན་པའི་ཆ་ནས་དཀྱིལ་འཁོར་ཞེས་གསུངས། ལྷག་པའི་གཟུགས་བརྙན་ནི་གོང་གི་བགེགས་བསྐྲད་ཀྱི་སྐབས་སུ་སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་གྱི་དོན་དང་མི་འདྲ་སྟེ། གཟུགས་བརྙན་ལྷག་པའི་གཟུགས་བརྙན་ཞེས་གསུངས་པའི་གཟུགས་བརྙན་རྗེས་མ་དེའི་འགོར་ལྷག་པ་ཞེས་སྦྱར་དགོས་པའི་རྒྱུ་མཚན་ནི་དག་པའི་རྟེན་དང་བརྟེན་པ་མཚོན་བྱེད་དུ་རྡུལ་ཚོན་དང་། རས་བྲིས། ཚོམ་བུ་ལ་སོགས་པ་ཕྱག་རྒྱའི་མཚན་མར་བཀོད་པ་དེ་དག་མ་དག་འཁོར་བའི་མཚན་མ་ལས་ཐ་སྙད་དུ་ལྷག་པས་ན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་གསུངས་པ་ཡིན། ཏིང་འཛིན་ལྷག་པའི་ཏིང་འཛིན་དང་ཞེས་གསུངས་ཏེ། བཞི་བ་ཏིང་འཛིན་གྱི་དཀྱིལ་འཁོར་ནི་ཆོས་ཐམས་ཅད་རྒྱལ་བ་ཀུན་ཀྱི་སྐུ་གསུང་ཐུགས་གསང་བ་གསུམ་ལས་མ་འདས་པ་ཡུལ་དུ་བྱས་ནས་བསྒོམ་པ་དེ་རེད། ལྔ་བ་ལྷག་པའི་ཏིང་འཛིན་ནི། དེ་ལས་ཀྱང་གང་འདུལ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རྟེན་དང་བརྟེན་པའི་རྣམ་པ་མ་འདྲེས་པར་གསལ་སྣང་ཐོན་པར་བསྒོམ་པ་དེ་ཉིད་དང་། དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། རྩ་རླུང་ཐིག་ལེ་ལམ་དུ་བྱེད་པ་ལ་བརྟེན་ནས་རང་གནས་ལྷན་སྐྱེས་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱ་བ་དང་། བདུན་པ་ཚོགས་མཆོག་བསྟན་པའི་དཀྱིལ་འཁོར་ནི། ལྷའི་རྣལ་འབྱོར་དང་ལྡན་པའི་མཆེད་ལྕམ་སྒྲུབ་པ་པོ་སྒྲུབ་པ་ཟབ་མོའི་ཆེད་དུ་ལྷན་ཅིག་ཏུ་འཚོགས་པ་དེ་ཉིད་རེད། འདི་ལ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ཡང་གསུངས། དེ་ལྟ་བུའི་དཀྱིལ་འཁོར་གྱི་དབྱེ་བསྡུ་ཤིན་ཏུ་མང་། གཞན་ཡང་དཀྱིལ་འཁོར་ཞེས་པ་འདིས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་དོན་ཐམས་ཅད་བསྡུས་ནས་བསྟན་ཡོད་པར་གསུངས། དེས་ན་དཀྱིལ་འཁོར་ཞེས་གསུངས་པ་འདི་ཉིད་མདོར་བསྡུས་ན་ཤེས་པར་བྱ་བ། བསྒྲུབ་པར་བྱ་བ། འཐོབ་པར་བྱ་བ་བཅས་ཡིན་པ་སྟེ། དེ་ཡང་གཞི་རང་བཞིན་གྱི་དཀྱིལ་འཁོར་ཤེས་པར་བྱ་དགོས་པ་དང་། ལམ་སྒོམ་པའི་དཀྱིལ་འཁོར་ཉམས་སུ་བླངས་ནས་བསྒྲུབ་པར་བྱ་བ། འབྲས་བུ་རང་བཞིན་གྱི་དཀྱིལ་འཁོར་འཐོབ་པར་བྱ་དགོས་པ་བཅས་སོ། འོན་ཀྱང་གཞིའི་གནས་ལུགས་སྨྲ་བསམ་བརྗོད་པ་ཀུན་བྲལ་བློ་འདས་ཡིན་པས་དེ་ལ་ཆེད་འཛིན་དང་དམིགས་གཏད་ཀྱིས་ཤེས་པར་བྱར་མེད་པ་དང་། དེ་ཉིད་ཡེ་ནས་གནས་པ་ཡིན་པས་ན་ལམ་གྱིས་བསྒྲུབ་མི་དགོས་པ་དང་བསྒྲུབ་ཏུ་མེད་པ། ཡེ་ནས་ལྷུན་གྱིས་གྲུབ་པར་ཡོད་པ་ལ་འབྲས་བུ་གསར་དུ་ཐོབ་པ་མེད་ཅིང་། འཐོབ་པར་བྱ་བའི་ཆོས་མ་དམིགས་པས་ན་ཐོབ་པ་མེད་པའམ་འཐོབ་པར་བྱར་མེད་པ་ཡིན། དེའི་ཕྱིར་ན་སྣང་ཚུལ་ཐ་སྙད་དུ་སྒྲུབ་པའི་མིང་ཡོད་རུང་གནས་ཚུལ་དོན་དམ་ཏུ་བསྒྲུབ་མེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་པའི་དོན་ཤེས་དགོས་པ་རེད། དེས་ན་འདི་ནས་དཀྱིལ་འཁོར་འདི་ལ་བཀྲག་དང་གཟི་མདངས་ཐོན་གསུངས་པ་འདི། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་སྣང་བའི་ཆོ་འཕྲུལ་མ་འགག་པར་ཤར་བའི་དཀྱིལ་འཁོར་བདུན་ནམ་གསུམ་གྱི་བདག་ཉིད་ཅན་གོང་དུ་བཤད་པ་འདི་ལྟ་བུ་ལ། བརྒྱུད་གསུམ་རིག་འཛིན་བླ་མའི་དགོངས་པ་ཆོས་ཉིད་ལས་མ་འདས་པའི་བྱིན་ཆེན་དེ་ཉིད་ཞི་གནས་ཏིང་འཛིན་བསྒོམས་པའི་མཐུ་དང་ལྷག་མཐོང་ཡེ་ཤེས་ཀྱི་ཆོ་འཕྲུལ་མངའ་བའི་སྟོབས་ཀྱིས་ཕོབ་ལ། དེ་ཡང་ཏིང་འཛིན་རྣམ་གསུམ་དང་སྦྱར་ན་དབང་བསྒྱུར་ཐབས་ཀྱི་ཏིང་ངེ་འཛིན་གྱིས་གནས་དང་དཀྱིལ་འཁོར་ལ་བཀྲག་མདངས་སྟོན། ཤེས་རབ་སྙིང་རྗེའི་ཏིང་ངེ་འཛིན་གྱིས་སྒྲུབ་རྫས་ལ་བཅུད་ཀྱི་ཞག་ཅིག་སྩོལ། ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གྱིས་སྒྲུབ་པ་པོའི་ལུས་ངག་ཡིད་ལ་བདེ་ཆེན་མཆོག་གི་བྱིན་ཆེན་མེ་ལྟར་སྦོར་ཞེས་གསུངས་པ་རེད། སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལ། ལུས་ངག་ཡིད་ལ་བདེ་ཆེན་སྦོར་ཞེས་གསུངས་ཏེ། སྒྲུབ་པ་རྫས་ཀྱི་ཡོ་བྱད་ཟེར་བ་འདི་དཀྱིལ་འཁོར་དབུས་ཀྱི་སྒྲུབ་རྟེན་གཙོ་བོ་རྣམས་དང་ཕྱི་ནང་གི་མཆོད་རྫས་ལ་སོགས་པ་ཐམས་ཅད་སྒྲུབ་གཞི་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་ཆེན་པོའི་ངང་ལས། གང་བསྒྲུབ་པར་བྱ་བ་ལྷའི་གསང་གསུམ་གྱི་ནུས་པ་དང་བྱིན་རླབས་དེ་ཉིད་སྣོད་བཅུད་ལ་ཞུགས་ནས། ཞག་ཅིག་སྩོལ་ཞེས་གསུངས་ཏེ། རང་རེའི་ཁ་སྐད་དུ་ཁ་ལ་ཞག མཐིལ་ལ་སྙིགས་ཟེར་བ་ལྟར། ཡར་གྱི་དབུས་པ་ཚོས་དེ་ལ་ཞག་རྩི་མི་ཟེར་རམ། འོ་མའི་ནང་དུ་མར་གྱི་བཅུད་ཡོད་པ་ལྟ་བུ་རེད། ཕྱི་གསེར་དངུལ་གྱི་བུམ་པ་ཡིན་ཡང་ནང་དུ་ཆུ་རྐྱང་ལས་མེད་པ་བཅུད་མེད་སྙིང་པོ་མེད་པའི་རིགས་དེ་འདྲ་མ་ཡིན་པར་རྫས་ལ་བྱིན་རླབས་ཀྱི་བཅུད་དང་། ཞག་ཅིག་སྐྱིལ་ཞེས་སྐྱིལ་ཞེས་པ་འཁྱིལ་པའི་སྐུལ་ཚིག་རེད། ལུས་ངག་ཡིད་ལ་བདེ་ཆེན་སྦོར་ཞེས་གསུངས་ན་སྒྲུབ་པ་པོ་བདག་ཅག་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་གྱི་ལུས་ལ་སྐུ་ཡི་བྱིན་ཕོབས་ལ་སྐུ་ཟུང་འཇུག་ལྷ་སྐུའི་རང་བཞིན་དུ་བསྒྱུར། ངག་ལ་གསུང་གི་བྱིན་ཕོབས་ལ་ངག་སྔགས་ཚིག་བརྗོད་བྲལ་གྱི་དབྱངས་སུ་བསྒྱུར། ཡིད་ལ་ཐུགས་ཀྱི་བྱིན་ཆེན་ཕོབས་ལ་ཐུགས་འགྱུར་མེད་བདེ་སྟོང་གི་ངོ་བོ་ལས་མི་འདའ་བའི་བདེ་བ་མཆོག་གི་ཡེ་ཤེས་ཀྱི་མེ་ཆེན་ནང་ནས་སྦོར་ཞེས་གསུངས་པ་རེད། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་ཞེས་གསུངས་ན། མཆོག་གི་དངོས་གྲུབ་མི་སློབ་ཟུང་འཇུག་ཀུན་ཏུ་བཟང་པོའི་གོ་འཕང་དང་། ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ལ་སོགས་པ་སྩོལ་ཞེས་གསུངས། ཨོཾ་ཨཱཿཧཱུྃཿ བིདྱཱ་དྷཱ་ར་ཨེ་ཨ་ར་ལི་ཕཻཾ་ཕཻཾཿ ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཧཱུྃ་ཧཱུྃཿ ཞེས་གསུངས་ན། ཨོཾ་ཨཱཿཧཱུྃཿ ཞེས་པ་འདི་རྡོ་རྗེ་གསུམ་གྱི་སྙིང་པོ་སྟེ། གསང་བ་གསུམ་གྱི་བྱིན་རླབས་སྒྲུབ་པ་པོའི་སྒོ་གསུམ་ལ་ཐོབ་པའི་དོན་དང་། བིདྱཱ་དྷཱ་ར་ནི་གོང་ནས་ཞུས་པ་ལྟར་རིག་པ་འཛིན་པ། ཨེ་ཨ་ར་ལི་ཕཻཾ་ཕཻཾཿནི་རོལ་བས་དབང་དུ་སྡུད་པ། མཇུག་ཏུ་ཧཱུྃ་གསུམ་ཡོད་པའི་ཧཱུྃ་གསུམ་གྱིས་སྐུ་གསུང་ཐུགས་རིག་འཛིན་སྔགས་ཀྱི་དངོས་གྲུབ་དང་བཅས་པ་རོལ་བས་དབང་དུ་བསྡུས་ཏེ་བྱིན་ཕོབ་ཅིག་ཅེས་གསུངས་པའི་དོན་རེད། འདིའི་མཇུག་ཏུ་ད་དུང་ཧཱུྃ་ཡོད་པ་འདི་ཡེ་ཤེས་ཀློང་དགུའི་བྱིན་ཕོབ་ཅེས་པའི་བརྡ་གླུ་རེད་ཅེས་སྨྲས་ན་མི་ཆོག་པ་མེད། དེ་འདྲ་ཡིན་པར་གསུངས་པའང་ཡོད། འོན་ཀྱང་གཙོ་བོ་ཧཱུྃ་དང་པོ་གསུམ་གྱིས་བྱིན་རླབས་བསྐུལ། ཧཱུྃ་བར་མ་གསུམ་གྱིས་བྱིན་རླབས་བསྡུས། ཧཱུྃ་ཐ་མ་གསུམ་གྱིས་བྱིན་རླབས་ཡོངས་རྫོགས་ཐོབ་ཅེས་པའི་འགྲེལ་ལུགས་བྱས་ནའང་འབྲེལ་ཆགས་པ་ཡིན་སྙམ། གསང་སྔགས་ནི་མོས་པ་ལམ་བྱེད་དག་སྣང་གི་སྒོ་ཅན་ཡིན་པས། སེམས་ཀྱི་ཏིང་འཛིན་དང་སྦྱར་ན་སྔགས་ཀྱི་དངོས་གྲུབ་འབྱུང་བའི་ནུས་པ་ལྷག་པར་ཆེ་བ་རེད། གོང་གི་བྱིན་འབེབས་ཀྱི་ཚིག་དང་འོག་གི་སྔགས་གཉིས་བསྐྱར་ཟློས་བྱས་པའི་ཟློས་སྐྱོན་མེད་དམ་སྙམ་ན་ཟློས་སྐྱོན་མེད་དེ། གོང་གི་ཚིག་གིས་བྱིན་རླབས་བསྐུལ་བ་དང་། འོག་གི་སྔགས་ཀྱིས་གནད་ལ་འབེབས་པ་ཡིན། ཚིག སྔགས། ཏིང་འཛིན། ཕྱག་རྒྱ་བཞི་ཀ་དགོས་པ་རེད། དེ་དག་ནི་གསང་སྔགས་ལུང་གི་སྒོ་བཞི་མ་ཡིན་ནམ། དོན་རྣམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ། ཞེས་གསུངས་པས་གསང་སྔགས་ལུང་གི་སྒོ་བཞི་ཚང་དགོས་པ་རེད། དེས་ན་འདིའི་སྐབས་སུ་ལྟ་དགོངས་ཏིང་འཛིན་གྱི་ཟིལ་ཤུགས་བསྐྱེད་ནས་རྟོགས་པ་ཀློང་དུ་གྱུར་པ་འདི་བྱིན་རླབས་འདྲེན་པའི་ལྕགས་ཀྱུ་ཡིན་པ་རེད། ཡིག་ཆུང་དུ། ཞེས་བརྗོད་རོལ་མོ་དྲག་ཏུ་དཀྲོལཿ ཞེས་གསུངས་ན། བྱིན་འབེབས་ཀྱི་སྐབས་སུ་དྲི་ཞིམ་གྱི་སྤོས་བདུག རྔ་སིལ་རོལ་དབྱངས་སྒྲོག འདིའི་དུས་སུ་རང་རེས་རྒྱུད་གསུམ་རོལ་མོ་རྡུང་བ་མ་ཡིན་ནམ། རྒྱུད་གསུམ་རོལ་མོ་ཞེས་པའི་དོན་བརྒྱུད་པ་གསུམ་གྱི་རོལ་མོ་ཞེས་པའི་དོན་མིན། རྒྱུད་གསུམ་མམ་ལྷུ་གསུམ་ཅན་གྱི་རོལ་ཚིགས་ཞེས་པའི་དོན་ཡིན། གོང་དུ་སྔགས་མཇུག་ཏུ་ཧཱུྃ་གསུམ་ཅན་གསུམ་ཡོད་པ་རྣམས་དང་གོ་དོན་ཆ་འདྲ་བ་རེད་སྙམ། རྒྱུད་དང་པོས་བྱིན་རླབས་བསྐུལ། རྒྱུད་བར་མས་བྱིན་རླབས་བསྡུས། རྒྱུད་ཐ་མས་བྱིན་རླབས་ཐོབ་པར་མཚོན་པའི་བརྡ་རྟགས་ཡིན་པ་རེད། རོལ་མོའི་ཞོར་དུ་ཕོ་རྒྱུད་དཔའ་བོའི་བཤུག་གླུ་དང་མོ་རྒྱུད་དཔའ་མོའི་སྣང་གླུ་ལེན། དར་དམར་འདི་ཉིད་སོར་རྟོགས་ཡེ་ཤེས་ཀྱི་རང་མདོག་དབང་གི་ཁ་དོག་སྟེ། སྤྱན་འདྲེན་བྱིན་འབེབ་ཀྱི་འགུག་པའི་གཡབ་མོ་དང་། དར་ཁྲ་འདི་དག་ཡེ་ཤེས་ལྔ་མཚོན་གྱི་ཕྱག་རྒྱ་འབོད་པའི་བརྡ་རྟགས་ཡིན་པ་རེད། དེའི་སྟེང་ལ་མེད་ན་ཐབས་མེད་ཀྱི་བཅུ་དྲུག་ལྟག་སྤྲོད་ཀྱི་ཐོད་རྔ་སྟེ་དཔའ་བོ་མཁའ་འགྲོ་འདུ་བའི་རྫས། ཐབས་ཤེས་མཚོན་བྱེད་ཀྱི་རྡོར་དྲིལ་བཅས་འཆང་བ་རྟགས་ཀྱི་ཕྱག་རྒྱ་གསང་སྔགས་ཀྱི་རྫས་དང་ཡོ་བྱད་འདི་དག་སྔགས་པ་ཞིག་ལ་མེད་དུ་མི་རུང་བ་ཡིན། མདོར་ན་བྱིན་འབེབ་ཀྱིས་བྱིན་ཕབས་ནས། སྣོད་ལ་བྱིན་ཕབས་པས་ཡུལ་ཕྱོགས་དག་པའི་ཞིང་ཁམས་སུ་བསྒྱུར། གནས་དེར་སུ་ཞིག་སླེབ་པ་དང་སུས་མཐོང་ན། སེམས་དྭངས་རིག་པ་གསལ། མི་རྟོག་པའི་ཡེ་ཤེས་ངང་གིས་སྐྱེ་བ་དང་། སྒྲུབ་ཁང་པདྨ་འོད་ཀྱི་གཞལ་ཡས་ཁང་དང་གཉིས་སུ་མ་ཡིན་པའི་སྣང་བ་ཤར་བ། བཅུད་ལ་བྱིན་ཆེན་ཕབས་པས་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱི་སྒོ་གསུམ་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་སྔར་མེད་ཀྱི་ཉམས་རྟོགས་སོ་མ་ན་འཕར་བའི་དབང་གིས། རྣལ་འབྱོར་པ་འགའ་རེ་རྩ་ཁམས་ཀྱི་དབང་གིས་རང་དབང་མེད་པར་ཡར་ལངས་ནས་ལུས་ཀྱི་སྟངས་སྟབས་ཀྱིས་ཕྱག་རྒྱ་དང་བྲོ་གར་འཁྲབ་བསམ་པ། ངག་གིས་ཐོལ་བྱུང་དུ་སྙན་པའི་གདུང་དབྱངས་མགུར་དབྱངས་སུ་འཐེན་སྙམ་པ། སེམས་གསལ་སྟོང་འགག་མེད་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུའི་འོད་གསལ་གྱི་ཉམས་ལྷག་པར་འབར་བ་འབྱུང་། སྒྲུབ་རྫས་ལ་བྱིན་ཕབས་པས་ཡེ་ཤེས་པའི་བྱིན་རླབས་མངོན་སུམ་དུ་ཞུགས་པའི་རྟགས་སུ་གཏོར་མ་འོད་དུ་ཞུ་བའམ། བདུད་རྩིའི་རྒྱུན་རང་བབས་ཏུ་འབྱུང་བ། སྨན་རཀ་འཕྱུར་བ་སོགས་ཀྱི་རྟགས་མཚན་འབྱུང་བ་ལྟ་བུ་རེད།
བདུན་པ་མཆོད་རྫས་བྱིན་རླབས།
བདུན་པ་མཆོད་རྫས་བྱིན་རླབས་ནིཿ ཞེས་གསུངས་ཏེ། མཆོད་པ་ནི་པཱུ་ཛ་ཞེས་པའི་སྒྲ་ལས་དྲངས་ན་སྔོན་དུ་བསྐྱེད་པར་བྱ་བའམ་ཡང་ཡང་དགྱེས་པ་བསྐྱེད་པར་བསྐུལ་བའི་དོན་ལ་འཇུག་པ་རེད། དེ་ཡང་སྔོན་དུ་བསྐྱེད་པར་བྱེད་པ་ཡིན་ཚུལ་ནི་དགེ་བའི་ལས་ཐམས་ཅད་ཀྱི་སྔོན་ལ་མཆོད་པ་འགྲོ་དགོས་པ་ལྟ་བུ་དང། དེ་ཉིད་ལྷ་དགྱེས་པ་སྐྱེད་བྱེད་ཀྱང་ཡིན་ཏེ། མཆོད་པའི་སྐབས་སུ་གུས་པར་བཀུར་ནས་མཆོད་པ་ཐམས་ཅད་ཀྱིས་ཡང་ཡང་དགྱེས་པ་བསྐྱེད་པ་རེད། མཆོད་པའི་དབྱེ་བ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་དང་། བླ་ན་ཡོད་པའི་མཆོད་པ་དང་བླ་ན་མེད་པའི་མཆོད་པ། དངོས་སུ་བཤམས་པ་དང་ཡིད་ལས་བྱུང་བ། དེ་བཞིན་ཞིང་དང་བསམ་པ་དངོས་པོའི་བྱེ་བྲག་གིས་ཐུན་མོང་དང་ཁྱད་པར་གྱི་མཆོད་པའི་དབྱེ་བ་ཡོད་པ་རེད། རྟེན་གྱི་སྒོ་ནས་དབྱེ་ན་ནང་གང་ཟག་རང་གི་སྒོ་གསུམ་གྱི་རྒྱུད་ཀྱིས་བསྡུས་པ་དང་ཕྱི་རོལ་རྫས་དང་ཡོ་བྱད་ཀྱིས་བསྡུས་པ་གཉིས་དང་། རྣམ་པའི་སྒོ་ནས་དབྱེ་ན་བཀུར་བསྟིའི་མཆོད་པ་དང་། ཟང་ཟིང་གི་མཆོད་པ། བསྒྲུབ་པའི་མཆོད་པ་ལ་སོགས་པ་མང་ཡང་འདི་ནས་ཨ་ནུ་རང་ལུགས་ཀྱི་སྐབས་དང་བསྟུན་ནས། ཐབས་དང་ཤེས་རབ་གཉིས་མེད་ཟུང་འཇུག་གི་དཀྱིལ་འཁོར་གསུམ་གྱི་སྣང་སྤྱོད་དང་མི་འབྲལ་བའི་སྒྲོམ་ལས་བཤད་པ་ཡིན་ན། དེ་ཡང་སྣང་སྲིད་བདེ་བ་ཆེན་པོའི་མཆོད་པ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པ་འདུས་པའི་ཀུན་བཟང་མཆོད་པའི་རྣམ་རོལ་དུ་བྱིན་གྱིས་བརླབས་པ་རེད། ཨོཾ་ཨཱཿཧཱུྃཿ སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན་ལ་སོགས་པ་གསུངས་ན། ཨོཾ་ཨཱཿཧཱུྃ་གསུམ་ནི་རྡོ་རྗེ་གསུམ་གྱི་སྙིང་པོ་སྟེ། མཆོད་རྫས་སྦྱང་སྤེལ་བསྒྱུར་བའི་སྔགས་ཡིག་འབྲུ་གསུམ་གྱིས་འགོ་བླངས་ནས། སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིནཿ ཡེ་ཤེས་བདུད་རྩིར་བྱིན་བརླབས་པསཿ ཕྱི་ནང་གསང་བའི་མཆོད་རྫས་ཀུནཿ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུརཿ ཞེས་གསུངས་པའི་མཆོད་པ་ཐམས་ཅད་ཀྱི་རིགས་ཚུར་བསྡུས་པ་ཡིན་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞིའི་ཁོངས་སུ་འདུས་པ་སྟེ། ཕྱི་ཉེར་སྤྱོད་ཀྱི་མཆོད་པ། ནང་དམ་རྫས་ཀྱི་མཆོད་པ། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ། དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པ་བཅས་སོ། སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན་ཞེས་གསུངས་ན། སྣོད་དང་བཅུད་ཀྱིས་བསྡུས་པའི་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མཆོད་པའི་སྤྲིན་དུ་འབུལ་བ་སྟེ། སྣང་སྲིད་གཞིར་བཞེངས་ཀྱི་མཆོད་པ་འདིས་ཕྱི་མཆོད་གཙོ་བོར་བསྟན་ཅིང་། ཡེ་ཤེས་བདུད་རྩིར་བྱིན་བརླབས་པས་ཞེས་པས། དེ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་ཟག་པ་མེད་པའི་མཆོད་སྤྲིན་དུ་ཡིན་གསུམ་གྲུབ་བཞིའི་བདག་ཉིད་དུ་བྱིན་གྱིས་བརླབས་པ་རེད། དེ་ཡང་ཡིན་པ་གསུམ་ནི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཡིན་པ། དུག་ལྔ་སེལ་བའི་སྨན་ཡིན་པ། དངོས་གྲུབ་སྒྲུབ་པའི་རྫས་ཡིན་པ་དང་། གྲུབ་པ་བཞི་ནི་སྔགས་དང་འབྲེལ་ནས་རྗེས་ནས་བཤད་ཆོག ནང་གི་མཆོད་པ་ནི་དམ་རྫས་བདུད་རྩིའི་མཆོད་པ། དམར་ཆེན་རཀྟའི་མཆོད་པ། བཱ་ལིང་གཏོར་མའི་མཆོད་པ་སྟེ་གསུམ་དང་། རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་ཆོས་ཁམས་རྣམ་པར་དག་པའི་མཆོད་པ་རེད། གསང་མཆོད་ནི་སྦྱོར་སྒྲོལ་དང་དུག་ལྔ་ཡེ་ཤེས་ལྔ་དང་དུག་གསུམ་སྐུ་གསུང་ཐུགས་སུ་མཆོད་པ། དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པ་ནི་རིག་སྟོང་མཉམ་པའི་མཆོད་པ་སྟེ་མཆོད་བྱ་དང་མཆོད་ཡུལ་ཐ་མི་དད་པའམ་ཐ་དད་དུ་མ་དམིགས་པ་སྟེ། ཕྱི་ནང་གསང་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཀུན་ཏུ་བཟང་པོའི་རྣམ་རོལ་གྱི་ཆོ་འཕྲུལ་ཆེན་པོ་མཁའ་དང་ཆོས་དབྱིངས་ཀྱི་རྒྱ་ཁྱོན་ལྟར། དུས་དང་ཕྱོགས་ཀྱི་མཐའ་ཟད་པ་མེད་པའི་མཆོད་པའི་རྣམ་འཕྲུལ་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་མཆོད་ཅེས་གསུངས་པ་ཡིན། མཆོད་རྫས་བྱིན་རླབས་འདི་དག་ཆོ་གའི་མཆོད་པ་བྱིན་རླབས་ཀྱི་སྐབས་སུ་དགོས་པ་ཡིན་ཞིང་། སྦྱོར་བ་སྔོན་འགྲོའི་སྔོན་དུ་བཅའ་བཤམ་དང་འབྲེལ་ནས་ཆོ་ག་རང་གཞུང་གི་མཆོད་པ་བྱིན་རླབས་དང་བྱིན་འབེབས་རེ་ངེས་པར་དུ་བྱེད་དགོས་པ་རེད། མཆོད་དཔོན་གྱིས་གཏོར་མ་བཅའ་ཚར་མ་ཐག་བསྐྱུར་ནས་མི་འགྲོ་བར་མཆོད་པ་བྱིན་རླབས་དང་བྱིན་འབེབས་རེ་ངེས་པར་བྱེད་དགོས་པ་ཡིན། དེ་ལྟར་མ་བྱས་ན་མཆོད་རྫས་ལ་བགེགས་འཇུག་སྲིད་པ་རེད། ཕྱི་མཆོད་ལྟ་བུ་ལ་མཚོན་ན། ཡོན་ཆབ་ལ་དྲི་ཟ་ཉེ་བ་འཁོར། མེ་ཏོག་ལ་མེ་ཏོག་ཚེ་རྒྱལ། བདུག་སྤོས་ལ་ནག་པོ་དྲི་ལྡན། སྣང་གསལ་ལ་གྲིབ་གནོན་རྐུན་པོ། དྲི་ཆབ་ལ་བདུག་པའི་དྲི་འཕྲོག ཞལ་ཟས་ལ་ལོག་འདྲེན་གདོང་བརྒྱ་བ་ལ་སོགས་པའི་བགེགས་དེ་དག་འཇུག་པ་རེད་ཅེས་གསུངས་པ་རེད། མཆོད་པ་བྱིན་གྱིས་རླབས་པའི་སྔགས་ནི། ཨོཾ་གྱིས་འགོ་བླངས་ཏེ། བཛྲ་ཨརྒྷཾ་སོགས་མཆོད་ཡོན་ནས་ཤབྟ་རོལ་མོའི་བར་གྱི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་རོལ་མོའི་བར་གྱི་རྣམ་བདུན་དང་། སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཨཱཿཧཱུྃཿ ཞེས། སརྦ་ཐམས་ཅད། པཉྩ་སྨན། རཀྟ་ཁྲག བྷ་ལིངྟ་གཏོར་མ། མ་ཧཱ་སུ་ཁ་བདེ་བ་ཆེན་པོ། སྨན་གཏོར་རཀྟ་བདེ་བ་ཆེན་པོའི་མཆོད་པ་ཐམས་ཅད་ཨཱ་སྐྱེ་བ་མེད་པའི་ཡི་གེས་མི་དམིགས་ཏིང་འཛིན་གྱི་རོལ་པར། ཧཱུྃ་གིས་རོལ་ཤིག་གམ་གནས་སུ་བསྟབ་ཅིང་སྨིན་པར་མཛོད་ཅེས་པའི་དོན་རེད་སྙམ། མཆོད་པའི་སྐབས་འདིར་མཆོད་དཔོན་གྱིས་སྭ་བྷ་ཝ་ལ་སོགས་པས་སྟོང་པར་སྦྱངས་བའི་སྔགས་ཀྱིས་བརླབས་པའི་ཆུ་གཙང་གིས་མཆོད་པ་སྤྱི་ལ་བྲན་པ་ཡིན་ལ། དེ་དུས་དཀྱིལ་འཁོར་གྱི་ནང་གི་སྨན་རཀ་དང་བླ་མའི་མདུན་གྱི་ནང་མཆོད་ལའང་ངེས་པར་དུ་བྲན་དགོས་པ་རེད། ལན་གསུམ་བརྗོད་པས་བྱིན་གྱིས་བརླབསཿ ཞེས་གསུངས་ན། གསང་བ་རྨད་བྱུང་གི་མཆོད་པར་བྱིན་གྱིས་བརླབས་པའི་སྨན་གཏོར་རཀྟའི་སྔགས་འདི་ལན་གསུམ་ཐོན་གསུངས་པ་རེད། དེ་དག་གིས་ཆོ་གའི་སྦྱོར་དངོས་རྗེས་གསུམ་ལས་སྦྱོར་བ་སྔོན་འགྲོའི་ཆོས་ཀྱི་ལེ་ཚན་བདུན་སོང་། ཆུ་ཚོད་ཀྱང་ཡུན་རིང་ཞིག་སོང་ཟིན་པས་དེ་རིང་འདིར་བཞག་ནས་འདི་མན་ཆོད་ཀྱི་ཆོ་གའི་དངོས་གཞི་ངོ་མ་སང་ཉིན་འཆད་རྒྱུ་བྱ། དེ་རིང་ཕྱི་དྲོ་ནས་བསྙེན་མཚམས་ཀྱི་དབུ་འཛུགས་རྒྱུ་རེད། སང་ཉིན་ནས་བཟུང་དུས་རྒྱུན་ཡར་འཚོགས་མ་ཐག དང་པོ་དམ་གྲིབ་ཀྱི་ཉེས་པ་སེལ་ཆེད་དུ་རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ཁྲུས་རེ་བསྒྲུབ་རྒྱུ་གྱིས། དེ་རིང་དམིགས་བསལ་ལ་བཀའ་བགེགས་མཚམས་གཅོད་ཀྱི་སྐབས་དང་བསྟུན་ནས་སྒོ་ཁའི་ཕྱོགས་བཞི་ནས་རྒྱལ་ཆེན་བཞི་ཡི་ཐོ་འཛུགས་རྒྱུའི་ཉམས་ལྟ་བུ་ཞིག་བྱས་ནས་དམིགས་པའི་སྒོ་ནས་མཚམས་གཅོད་གྱིས། འུ་ཅག་གི་མཚམས་འདིའི་ཤར་ལྷོ་ནུབ་ཀྱི་མཚམས་གསུམ་ཕྱོགས་གསུམ་གྱི་རི་རྩེ་གསུམ་དང་། བྱང་གི་མཚམས་མཆོད་རྟེན་དཀར་པོར་བཞག མཚམས་བཅད་བྱས་ཚར་རྗེས་ནང་དུ་ཡར་ཕེབས་ཏེ་བྱིན་འབེབས་ནས་དབུ་བཟུང་སྟེ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ནང་ནས་དང་པོ་བསྙེན་པའི་དབུ་འཛིན་རྒྱུ་གྱིས། འཛབ་ཁང་ལྷག་པར་དབྱེ་མི་དགོས། རིག་འཛིན་སྲོག་སྒྲུབ་བཏགས་དགོས་པ་རེད། བསྙེན་པའི་སྐབས་ཀྱི་ཞག་དང་པོ་གཅིག་གཉིས་ལ་ལྷའི་གསལ་སྣང་བརྟན་རྒྱུ་གནད་ཆེ། བཟླས་དམིགས་ཀྱི་སྐབས་ལྟར་སེམས་དཔའ་སུམ་བརྩེགས་སུ་བསྒོམ་དགོས། དེ་ནས་ལྷའི་གསལ་སྣང་བརྟན་པོ་ཞིག་ཡོང་བའི་ཚེ་ས་བོན་དང་སྔགས་ཕྲེང་ལ་སེམས་ཟུངས། ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ནས་སྔགས་སྒྲ་སྒྲོག་བཞིན་ཡོད་པར་བསམ། དེ་ནས་སྔགས་ཕྲེང་ལས་ཀྱང་རང་སྒྲ་སྒྲོག་བཞིན་དུ་འཁོར་ནས་སྔགས་ལ་འོད་ཟེར་ཡོད་པར་བསྒོམ། རེ་ཞིག་ནས་སྔགས་ཕྲེང་ཡང་ཇེ་མགྱོགས་སུ་འཁོར་ཚེ་འོད་ཟེར་ཡང་ཇེ་ཆེར་འཕྲོས་ཏེ་རང་གི་ལུས་ཀྱི་ནང་ཐམས་ཅད་གང་ནས་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག་འགྲོ་བར་བསམ། དེ་ཡང་ལྟ་བའི་རང་ངོ་སྐྱོང་བ་ནམ་ཡིན་ཡང་མེད་དུ་མི་རུང་བ་སྲོག་ལྟ་བུ་ཡིན་པ་རེད། རྗེས་བསྡུ་རིམ་གྱི་སྐབས་སུ་ལྷར་ལྡང་སོགས་བསྐྱེད་རྫོགས་དབྱེར་མེད་ཀྱི་དགོངས་པ་དང་མཐུན་དགོས། བསྙེན་སྒྲུབ་ཡན་ལག་བཞི་བོའི་སྐབས་སུ་དམིགས་བསལ་བཟླས་དམིགས་ཀྱི་རིམ་པ་ཇི་ལྟར་དགོས་པ་ངས་ཟུར་བཀོལ་བྱས་ནས་ལས་དང་པོ་པ་ལ་ཕན་ཐོགས་ཡོང་རྒྱུའི་ཆེད་དུ་མཚམས་དང་མཚམས་སུ་སྦྱང་ཤིང་གི་ངོར་བྲིས་ཏེ་རྣམ་པ་ཚོར་སྤྱན་བསྟར་ཞུ་ཆོག དེ་འཕྲོས་དགེ་འདུན་པ་རྣམ་པ་ཚང་མར་ཞུ་དགོས་པ་མི་འདུག་སྟེ། སྤྱིར་སྡོམ་གསུམ་གནང་བཀག་གི་ཉམས་བཞེས་ཀྱི་ཐད་ལ་བྱོན་བཞུགས་གང་གི་སྐབས་ཡིན་ཡང་ཐུགས་ལྷོད་ཅིས་ཀྱང་གནང་མི་རུང་ཞིང་། ཁྱད་པར་དུ་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་གནས་འདིར་བཞུགས་ཚེ། འདི་སྒེར་གྱི་བཅའ་སྒྲིག་མ་ཡིན་ཞིང་། སྟོན་པ་སངས་རྒྱས་ཀྱིས་བཅས་པའི་དམ་ཆོས་འདུལ་བའི་བཅས་ཁྲིམས་ཡིན་པས། འདུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་སྲུང་བ་གལ་ཆེ། རྒྱུན་སྒྲིག་ལྟར་ཉིན་ཕྱོགས་ཀྱི་བཙུན་པ་བཞུགས་སའི་སྒར་ལ་བཙུན་པ་བཞུགས། སྲིབ་ཕྱོགས་ཀྱི་བཙུན་མ་བཞུགས་སའི་སྒར་ལ་བཙུན་མ་བཞུགས། ལུང་པ་ཉིན་སྲིབ་ཆུས་བཅད་ཡོད་པ་རེད། སྔགས་ཕོ་མོ་དང་གཞན་དག་དགེ་བསྙེན་གྱི་རིགས་ཐམས་ཅད་ལུང་གཞུང་དཀྱིལ་སྨད་དུ་སྡོད། དེ་ལྟར་རང་རང་གི་བབས་ཐོབ་ཀྱི་སྒར་ས་བཟུང་སྟེ་བཞུགས་པ་ལས་དགོངས་ཞུ་བྱས་ཀྱང་གནང་བ་ཐོབ་པ་མ་རེད། དམ་ཆོས་འདུལ་བའི་བཅས་ཁྲིམས་ལ་སུ་གཅིག་གིས་གནང་བ་སྦྱིན་ཐབས་མེད། ད་རེས་འདི་ན་ཆོས་གཅིག་གིས་བསྡུས་ཤིང་ཆོས་ར་གཅིག་གི་ནང་དུ་མཉམ་དུ་ཞུགས་ཏེ། དཀྱིལ་འཁོར་གཅིག་ལ་བརྟེན་ནས་ཚོགས་སྒྲུབ་ཏུ་ཞུགས་པ་ཚང་མ་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་ཡིན་པས། ནང་ཕན་ཚུན་སྙིང་ལས་ཀྱང་གཅེས་པའི་བརྩེ་སེམས་ཡོད་མཁན་རྐྱང་རྐྱང་ཡིན་དགོས་པས་ཐུགས་སེམས་བསམ་པ་ཆིག་སྒྲིལ་གྱིས། གལ་ཏེ་འདིའི་ནང་དུ་ཁ་དཀར་ཁོག་ནག ཟ་ཁ་ཡར་གཏད། སྙིང་ཁ་ཕྱིར་གཏད་ཀྱི་མ་རུངས་ཁོག་བཅུག་རྐུ་ཐབས་སུ་གནས་པ་འདྲ་ཡོད་སྲིད་ན་དོ་དགོང་ནས་དཀྱིལ་འཁོར་གཉན་པོའི་གྲལ་དུ་མ་ཡོང་མ་གཏོགས། བཀའ་ཆད་རང་ཐོག་ཏུ་ཡོང་ངེས་ཡིན་པས་དེ་དུས་འགྱོད་ཀྱང་འཕྱིས་པ་རེད། སྙིང་རྗེའི་དབང་གིས་བཟང་སེམས་ཙམ་བྱས་ནས་བཤད་པ་ཡིན། གཞན་ཡང་ཕྱོགས་སོ་སོ་ནས་ཕེབས་པའི་ཆོས་ཞུ་བ་རྣམ་པ་ཚོ་དང་ཁྱད་པར་དུ་སྦྲ་གུར་ལ་བརྟེན་ནས་བཞུགས་མཁན་རྣམས་ཀྱིས་སྐུ་བསིལ་དུ་མ་འཇུག ཆོས་ཁྲིད་དང་ཐུན་གྱི་སྐབས་སུ་ཤུལ་གྱི་སྐུ་ཆས་ཉར་ཚགས་ལེགས་པོར་གྱིས། འུ་ཅག་གི་དགོང་ཐུན་དེ་ཆུ་ཚོད་བདུན་པ་ནས་དགུ་ཕྱེད་བར་ཡིན་པར་བཤད་ཀྱང་ཅུང་ཟད་འཕྱིས་ཨེ་དྲགས་སྙམ་པས། གསུང་ཆོག་དང་བཟླས་གྲངས་ལ་དུས་ཚོད་ཀྱིས་འདང་བར་འདུག་སྙམ་ན་དགུ་པའི་སྟེང་གྲོལ་དགོས་པ་ཨེ་ཡིན་སྙམ། དེ་དང་མཉམ་དུ་གཉུག་མར་གནས་པ་དང་གློ་བུར་ལྷག་པའི་དགེ་འདུན་པ་གཞི་བྱེས་ཐམས་ཅད་ཀྱིས་རང་གཞན་བདེ་ཐང་གི་ཆེད་དུ་ཁོར་ཡུག་གཙང་སྦྲ་དང་། ལྗོན་ཤིང་ནགས་ཚལ་སྲུང་སྐྱོབ་མཛད་པ་སོགས་ཀྱི་ཐུགས་འགན་མཉམ་དུ་བཞེས་དགོས། ཐོག་མེད་ནས་ད་ལྟའི་བར་སེམས་ཀུན་རྟོག་ཆགས་སྡང་རྨོངས་གསུམ་གྱི་གཞན་དབང་དུ་ཤོར་ཏེ། ཐང་ཆད་ཉོན་མོངས་བརྒྱ་ཡིས་ངལ་ནས་ཡོད་པ་ཚང་མས་བསམ་གཏན་སྒོམ་པའི་ཡང་དབེན་འདིར། དབྱར་འགོ་མའི་སྣོད་བཅུད་ཀྱི་བཀྲག་མདངས་རྒྱས་བཞིན་ཡོད་པ་འདི་དང་མཉམ་དུ་ངལ་གསོ་ཞིག་མཛད་ནས་གུ་ཡངས་བློ་བདེ་བག་ཕེབས་ཀྱི་ངང་ནས་བཞུགས་རོགས་ཞུ་བ་དང་ཆབས་ཅིག་དེ་རིང་གི་ཆོས་མཚམས་འདི་ནས་འཇོག །