Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད། next

ཉིན་དང་པོའི་ཆོས་ཁྲིད།

༡ སྔོན་དུ་འགྲོ་བའི་ཆོས་བཤད་པ།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུ་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་མགོས་ཕྱག་འཚལ། །དྲི་མེད་མཚོ་གླིང་པདྨའི་སྡོང་པོའི་རྩེར། །རྒྱལ་བའི་རྣམ་སྤྲུལ་རང་བྱུང་ལྷུན་གྱིས་གྲུབ། །མཚན་རྫོགས་དཔེ་བྱད་ཡོན་ཏན་ཚོགས་འབར་བ། །པདྨ་འབྱུང་གནས་བདག་བློའི་པད་མཚོ་སྐྱོངས། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་འོད་ཟེར་ལས། །ཡེ་ཤེས་སྤྱན་ལྡན་ཀླུ་ཡི་རྒྱལ་མཚན་ཞེས། །སྨོན་ལམ་ལེགས་གྲུབ་མཆོག་གི་ཟབ་གཏེར་བདག །གཏེར་ཆེན་ཀརྨ་གླིང་པར་གསོལ་བ་འདེབས། །ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་གཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་བ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མི་འམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡེ་ལྡན་ཐམས་ཅད་འདིར་ཤོག་ཅིག །བསྐལ་བ་སྟོང་དུ་ཐོས་པ་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག།

ད་ཡང་རང་རེའི་མི་ཚེའི་ལོ་ཟླ་ཡི་ཕྲེང་བའི་ནང་གི་ལོ་གཅིག་ཟླ་བ་བཅུ་གཉིས་ཀྱི་དུས་ཚོད་འདས་པའི་ཕྱོགས་སུ་སོང་ནས། ན་ནིང་རིག་འཛིན་འདུས་པའི་བསྙེན་མཚམས་ལ་བཞུགས་སྐབས་ཀྱི་དུས་ཐོག་ཏུ་ཐོན་པ་དང་། བོད་རབ་བྱུང་བཅུ་བདུན་པའི་ས་མོ་གླང་གི་ལོ་ཕར་འདས་ནས་ལྕགས་ཕོ་སྟག་གི་ལོ་ཚུར་ཚེས་པས་མ་ཚད་དཔྱིད་ཀྱི་རྗེས་དབྱར་ཐོན་པ་ཡིན་ཞིང་། འདི་འདྲའི་སྒོ་ནས་རྨི་ལམ་ལྟ་བུའི་ལོ་ཟླའི་གྲངས་ཀ་ཁ་ཤས་བསགས་ནས་ཚེ་ཚད་ཀྱི་མཐའ་གཞུག་ནམ་ཐོན་མི་ཤེས་པར་ཉིན་གཅིག་ཉི་མ་ཞིག་ལ་སང་ཉིན་ཚེས་རྒྱུ་མེད་པའི་ཉི་མ་ལ་སླེབས་པ་ཡིན་ནོ། །འུ་ཚོས་དུས་རྒྱུན་བཤད་རྒྱུར་སེ་གོལ་གཅིག་བརྡབས་པའི་སྐད་ཅིག་མའི་ཡུན་དང་མི་ཚེའི་དུས་ཚོད་གཉིས་ཀ་ཟད་པའི་མཐའ་ལ་ཐུག་ལུགས་གཅིག་ཡིན་ཟེར་བ་ལ་རྒྱུ་མཚན་ཡོད་པ་ཞིག་ཡིན་ཞིང་། སེ་གོལ་ཞིག་རྡེབ་ཚེ་ཡུན་རིང་ཞིག་མི་འདུག་པས། དེའི་ཚེ་ལས་ལོང་བཅའ་ལོང་བསམ་ལོང་དྲན་ལོང་མེད་པ་དང་འདྲ་བར་མི་ཞིག་གི་མི་ཚེ་གང་པོ་ལ་ཁོམ་པ་སྐད་ཅིག་ཙམ་ཞིག་མེད་ནས་མི་ཁོམ་མི་དལ་བར་ཤི་ཁའི་ནངས་མོ་ལ་ཐོན་དུས་ཅི་ཡང་མ་འགྲུབ་ནས་ལག་སྟོང་ལ་ལུས་ནས་དོན་དག་སྙིང་པོ་ཅན་མ་འགྲུབ་པའི་ཐད་ཀྱིི་སྐད་ཅིག་སྐར་མའི་ཡུན་དང་མི་ཚེའི་དུས་ཚོད་གཉིས་ཀ་གོ་མ་ཆོད་པའི་ཐད་ནས་འདྲ་སོང་བ་ཡིན་ལ། སྤྱིར་བཏང་གི་མི་ཚེའི་དུས་ཚོད་དེ་སྐད་ཅིག་མ་གཅིག་བས་རིང་བ་ཡིན་ཡང་འདི་ཕྱིར་རང་གཞན་གཉིས་ཕན་གྱི་དགེ་ཕྱོགས་སྒྲུབ་ལོང་གི་ལས་ལོང་བཅའ་ལོང་བསམ་ལོང་དྲན་ལོང་ཞིག་མ་གཏད་པའི་ཐད་ནས་སྐད་ཅིག་སྐར་མའི་དུས་ཚོད་དང་མི་ལུས་ཙམ་པོ་བ་ཞིག་གི་མི་ཚེའི་དུས་ཚོད་གཉིས་འདྲ་སོང་བ་ཡིན་ནོ། །དེ་གཉིས་མི་འདྲ་ས་གང་ཡོད་ཟེར་ན། སྡིག་དང་སྡུག་བསྔལ་གཉིས་ཀ་རྒྱུ་འབྲས་སྤེལ་མར་གྱུར་ནས་མང་པོ་ཞིག་གསོག་ལོང་མྱོང་ལོང་གཉིས་ཀ་བྱུང་བ་དེ་མི་ཚེའི་དུས་ཚོད་ལ་ཡར་ལྷག་ཡོད་རྒྱུའི་དོན་དག་ཡིན་ལ། དེ་འདྲ་བྱས་ནས་རེ་རེ་སྐྱེ་བ་དང་རེ་རེ་ཤི་ནས་རྒྱུ་སྡིག་པ་གསོག་ཞོར་དང་འབྲས་བུ་སྡུག་བསྔལ་མྱོང་ཞོར་དུ་ཨ་འཁོར་ཡང་འཁོར་བྱས་ནས་འཁོར་བའི་འཁོར་ལོ་བར་མེད་དུ་འཁོར་བའི་ནང་དུ་ཚུད། ཐོག་མེད་ནས་ད་ལྟའི་བར་གོམས་སོང་བའི་ལས་ཉོན་དེ་དབང་ཆེ་ཤུགས་དྲག་སོང་བ་དེ་ཉིད་ནི། ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག །ཅེས་རཱུ་ཏྲས་སྨྲེ་ངག་བཏོན་པ་དང་འདྲ་བར་ཆུ་བོ་རྒྱུན་ཕྱོགས་སུ་ཡུན་རིང་དུ་རྒྱུགས་པའི་བཞུར་ཁ་དེ་གཞན་ཞིག་ཏུ་དྲངས་ནས་བསྒྱུར་དགོས་རྒྱུ་ཞིག་ཡིན་ན་སླ་མོ་ཞིག་གིས་བསྒྱུར་མི་ནུས་པ་དང་། ཁྱད་པར་དུ་ཆུ་རྒྱུན་གྱེན་ཕྱོགས་སུ་བསྒྱུར་རྒྱུ་སླ་མོ་མ་ཡིན་པ་བཞིན་དུ་གཅིག་ན་རྣམ་སྨིན་དབང་བཙན་པ་དང་། གཉིས་ན་ཡུན་རིང་ངན་གོམས་བག་ཆགས་ཀྱི་དབང་དུ་སོང་ནས་མི་དགེ་སྡིག་པའི་ལས་བསྒྲུབ་པ་དེ་ཆུ་བོ་ཐུར་དུ་རྒྱུགས་པ་དང་འདྲ་བར་བཟང་གྱེན་ཕྱོགས་སུ་སླ་མོ་ཞིག་གིས་མི་འགྲོ་རྒྱུ་དེ་སོ་སོ་སྐྱེ་བོ་ལས་ཉོན་གྱི་གཞན་དབང་ཅན་ཁོ་རང་གི་ཆོས་ཉིད་ཡིན་ནོ། །འོན་ཀྱང་ངན་ལོབས་མ་ལ་བཅོས་རྒྱུ་མེད་བསམས་ནས་ཅི་བྱུང་གང་བྱུང་བྱེད་རྒྱུ་མེད་ལ། ད་ལྟ་ནི་མཐོ་རིས་ཀྱི་འཇིག་རྟེན་མི་ཡུལ་ན་ཡོད་ཅིང་། སྡུག་བསྔལ་ཞེས་བརྗོད་ཀྱང་སྡུག་བསྔལ་རགས་པའི་ཚོར་བ་དེ་འདྲ་མི་ཆེ་བ་ཡིན་པས་འདི་ལ་ཧ་ཅང་སྐྱོན་ཆ་མི་ཆེ་སྙམ་ནས་དེའི་ངང་དུ་ཡུན་རིང་འདུག་གྲབས་བྱེད་རྒྱུ་མེད་དོ། །སྡུག་བསྔལ་རྣམ་པ་གསུམ་དང་རྒ་ན་འཆི་བ་ལ་སོགས་པའི་བདུད་ཀྱི་ཆུ་བོ་བཞི་ཡིས་བཏང་མེད་པ་ཡིན་པས་ད་བདེ་ན་ད་སྡུག་པའི་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གཅིག་གི་སྟེང་དུ་སྡུག་བསྔལ་མང་པོ་བརྩེགས་མར་འབྱུང་བའི་སྡུག་བསྔལ་གྱི་སྡུག་བསྔལ། སྤྱིར་གང་བྱས་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་ལས་མ་འདས་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་བསམ་བློ་ཞིག་བཏང་ན། སྐྱེ་བའི་སྡུག་བསྔལ་ཐེངས་གཅིག་མྱོང་ཟིན་པ་ཡིན་ལ། ཡུན་རིང་གི་འདང་རྒྱག་མ་བྱས་ན་སྐྱེ་བ་འདི་ལ་ད་ཡང་བསྐྱར་དུ་སྐྱེ་མི་དགོས་པས་དེ་ཕར་ཞོག རྒས་པ་ཟེར་རྒྱུའི་ཤི་ན་དགའ་འོ་སྙམ་པའི་སྡུག་བསྔལ། ན་བ་ཟེར་རྒྱུའི་ཤི་གཟེར་ཐོག་ཏུ་བབས་པ་དང་། དེ་མིན་ན་ཡང་ནད་དེའི་ཁ་འོག་ནས་ཐར་རྒྱུ་མེད་པའི་ནད་ཅིག་ཕོག་བཏང་ན་དེའི་སྐྲག་དངངས་ཁོ་ནས་ཐེངས་གཅིག་ཤི་བའི་སྡུག་བསྔལ་དང་འདྲ་བ་ཞིག་མ་ཤི་གོང་ནས་མྱོང་རྒྱུ་ཡོད་པ་དེ་དང་། ཤི་བ་ངོ་མའི་སྡུག་བསྔལ་བཤད་ཀྱང་མི་དགོས་ལ། ཤི་བ་ཞེས་པའི་མིང་ཙམ་ཡང་མ་གོ་ན་བསམ་པའི་སྲོག་ལྡན་ཐམས་ཅད་སྐྲག་དགོས་ས་གཅིག་པུ་དེ་ཡིན་ནོ། །འོན་ཀྱང་དེ་དག་ཆུང་ཆུང་ཞིག་ཡིན་ལ། ཤི་ནས་ངན་སོང་གསུམ་དུ་སྐྱེས་སོང་ན་ཇི་ལྟར་བྱེད། ངན་སོང་གསུམ་གྱི་སྡུག་བསྔལ་དེ་ཚོའི་ནང་གི་སྣེ་གཅིག་ཆུ་ཚོད་སྐར་མ་ཁ་ཤས་ལ་མྱོང་དགོས་ན་བཟོད་ཐབས་མེད་མོད་ཀྱང་བཟོད་ཐབས་མི་འདུག་ཟེར་ས་མེད་ཅིང་། ལས་བྱས་པ་རང་ཐོག་མ་གཏོགས་འགྲོ་ས་མེད་ལ། ངན་སོང་ལ་ཨེ་འགྲོ་མི་འགྲོ་མེད་པར་འགྲོ་ངེས་ཅན་ཞིག་ཡིན་ཏེ། སྔ་དྲོར་གྱེན་ལ་འགོས་ན་ཕྱི་དྲོར་ཐུར་དུ་མི་འབབ་གང་དུ་འགྲོ། གསོན་འདི་གང་གིས་སྡིག་པ་མི་དགེ་བའི་ལས་བསགས་བསགས་ནས་ཚེ་ཕྱི་མའི་ཡུལ་ལ་ཐོན་དུས་དེའི་འབྲས་བུ་ངན་སོང་གི་སྡུག་བསྔལ་མི་མྱོང་བར་ཐར་འགྲོ་ས་ཞིག་མེད་ཤག་ཤག་ཡིན་ནོ། །དེ་ལྟ་བས་ན་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལམ་ལ་ཞུགས་དུས་ཆོས་དབང་བཙན་དུ་བྱས་ན་དང་པོ་ཉིད་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་ཟེར་ནས་བློ་བཅོས་དགོས་པ་ཞིག་ཡིན་མོད་ཀྱང་གང་ཟག་དབང་བཙན་དུ་བྱས་ནས་ང་འདྲ་བས་རང་དཔེ་རོགས་ལ་བླངས་ན་གཞན་དོན་མ་དགོས་རང་དོན་སྒྲུབ་མ་ཤེས་བསམ་མ་ཤེས་ནས་དགེ་སྡིག་འཆོལ་ཉོག་ཏུ་སྤྱོད་བཞིན་པ་འདི་ལ་བལྟས་ན་རང་རྒྱུས་རོགས་རྒྱུས་གཉིས་ཀ་རྟགས་སྤྱོད་པས་སྟོན་བཞིན་ཡོད་པ་འདི་ཡིན་ལ། ལྟ་བ་ཡས་འབེབས་ཡིན་ཡང་སྤྱོད་པ་མས་འཛེགས་བྱེད་དགོས་སོ། །དེ་ཡང་ཐེག་པ་གསུམ་གྱི་བབས་རིམ་དང་བསྟུན་ནས་དམའ་ས་ནས་ཡར་མ་བརྒྱུད་ན་ཡར་གྱི་ཤྭ་རྗེས་ཐེག་ཆེན་གྱི་ཐར་ལམ་མ་ཟིན། མར་གྱི་ཤེའུ་རྗེས་ཐེག་དམན་གྱི་ཐར་བའི་ལམ་ལ་མ་བསྙེགས་ན་ཁ་ཡིས་ཉེ་ལམ་དང་མྱུར་ལམ་བཤད་མཁན་དེ་ཉིད་ཀྱིས་དོན་ལ་རིང་ལམ་མ་དགོས་དང་ལམ་ཞུགས་ལྷ་མིའི་ཐེག་པའི་འཇིག་རྟེན་ཡང་དག་གི་ལྟ་བ་རྒྱུ་འབྲས་དགེ་སྡིག་གཞུང་བཞིན་དུ་སྤང་བླང་འདོར་ལེན་བྱེད་མི་ཤེས་པ་འདི་ལ་བལྟས་ཡོང་ན་ནང་པ་སངས་རྒྱས་པའི་མཆོད་གནས་ཤིག་མ་དགོས་སྦྱིན་བདག་དད་པ་ཅན་ཞིག་དང་། དགེ་བསྙེན་ཚད་ལྡན་ཚུལ་མཐུན་ཞིག་གི་ཆ་ཚད་ལྡན་ཡོད་མེད་ཐེ་ཚོམ་གྱི་གཞི་རྩ་ཞིག་ལ་ཐུག་ཡོད་པ་ཡིན་ནོ། །ང་ལ་གདམས་ངག་ཁྱད་པར་ཅན་གྱི་མན་ངག་གི་ཞལ་ཤེས་ཡོད་པ་མ་ཡིན་ལ། ཉམས་མྱོང་གི་སྟེང་ནས་བཤད་ཡོང་རྒྱུ་མེད་ཀྱང་རང་རྒྱུད་ཐ་མར་ལུས་པའི་འདྲ་དཔེ་ཆོས་དང་རང་རྒྱུད་མ་འདྲེས་པའི་ཉེས་དང་སྐྱོན་ཆ་ལག་ལེན་གྱི་ཐོག་ནས་བཤད་རྒྱུ་ཡོད་པ་རྣམས་དེ་ཚོ་རེད། དེས་ན་ལས་དང་པོ་བས་གཞན་ཕན་ཁ་ཟེར་ཙམ་མིན་པའི་རྣམ་དག་ཅིག་ཤེས་རྒྱུའི་ཆེད་དུ་དང་པོར་གཞན་ཕན་གཏན་ནས་མི་བཤད་པར་རང་ཕན་གྱི་སྐོར་དེ་བཤད་ནས་ཤེས་ཁར་བཅུག་རྒྱུ་དེ་གལ་ཆེན་ཞིག་རེད་སྙམ། བློ་ལྡོག་རྣམ་བཞིས་བློ་སྦྱོང་དུས་དང་པོར་དལ་འབྱོར་རྙེད་དཀའ་བསམ་རྒྱུ་བསྐྱུར་ནས་དང་པོར་ལས་རྒྱུ་འབྲས་ཀྱི་སྐོར་དེ་ནས་ངེས་ཤེས་གདིང་ནས་རྙེད་པ་ཞིག་དགོས་སོ། །འོ་ན་དེའི་ཆོས་དེ་ཐེག་ཆེན་གྱི་ཆོས་ཤིག་མ་ཡིན་ནམ་སྙམ་ན་མི་ཤེས་མོད། དཔེ་ཞིག་བླངས་ན་གོམ་ཁ་སྤོ་མི་ནུས་པ་ཞིག་གིས་མཆོང་རྩལ་དང་། རྒྱུག་རྩལ་དང་། གཞན་ཡང་ནམ་མཁའ་ནས་འཕུར་ལྡིང་བྱེད་པའི་སྐོར་བཤད་པར་བྱས་ཀྱང་དོན་ལག་ཏུ་ལེན་རྒྱུ་མེད་པའི་མ་མཐོང་རྒྱང་གི་གཏམ་རྒྱུད་སྙན་མོར་གྱུར་སོང་ན་ལྷ་ཡུལ་ན་རོ་བརྒྱ་ལྡན་པའི་ཞལ་ཟས་ཡོད་ཀྱང་མི་ཡུལ་གྱི་མི་ལྟོགས་ཀྱི་ཕོ་བ་ལ་འབབ་རྒྱུ་མེད་ན་བཤད་རྒྱུ་ལ་སྙིང་བོ་མེད་པ་ལྟ་བུ་ཞིག་ཡིན་ནོ། །དེ་ལྟར་བཤད་ན་ཁྱོད་ཀྱིས་དང་པོ་རང་གཅེས་མི་ཤེས་པ་ཞིག་གིས་གཞན་གཅེས་མི་ནུས་ལ། དང་པོ་ལས་རྒྱུ་འབྲས་ཀྱི་འགྲོ་སྟངས་ལ་ཡིད་ཆེས་བྱེད་མི་ཤེས་པ་ཞིག་གིས་བླང་དོར་གྱི་གནས་གཞན་དག་མི་ཤེས་པ་རེད་ཅེས་བརྗོད་ན་དེ་ག་ལ་ཡིན་ཏེ། གཞན་ལ་གཅེས་ཟེར་ན་དཀའ་མོ་ཞིག་རེད་མ་གཏོགས་རང་ལ་གཅེས་ལོས་ཤེས། དེ་ལ་མ་གཅེས་ན་བདག་འཛིན་དང་བྲལ་ཡོད་པའི་རྟགས་ཡིན་པ་དང་། རང་དོན་བསྒྲུབས་ནས་ཤི་བ་ལ་མ་ཐུག་གིི་བར་དུ་རྒྱུག་བཞིན་པ་འདི་རང་དོན་སྒྲུབ་པ་ཡིན་ཞིང་། ལས་རྒྱུ་འབྲས་ལ་ཡིད་ཆེས་ནི་ནམ་ཡང་བྱེད་བཞིན་ཡོད་ལ། ཟོམ་སྟོང་ཞིག་སྔུན་འདི་ནས་ཁུར་ཡོང་ན་རྣམ་རྟོག་ཡོད། རྨི་ལམ་འཚུབ་མོ་ཞིག་མདང་རྨིས་ཡོང་ན་དེ་རིང་ཟློག་པ་རྒྱག་བཞིན་ཡོད་སྙམ་ན། དེ་བདེན་མོད་ཀྱང་ལས་འབྲས་བསླུ་མེད་ལ་ཡིད་ཆེས་ཡོད་པའི་སྟོང་རྟེན་འབྱུང་གི་གནད་ཤེས་པའི་རྒྱུ་འབྲས་ཡིད་ཆེས་ཡོད་པའི་རྟགས་ཡང་དག་ཅིག་གི་གྲལ་དུ་མི་འགྲོའོ། །རང་དོན་ཆུང་ཆུང་ཞིག་ཨེ་འགྲུབ་བསམ་ན་ཚེ་འདིར་ཚེ་རིང་ནད་མེད་བསམ་དོན་ལམ་དུ་འགྲོ་རྒྱུ་དེ་ཚོ་ཡིན་ལ། དེའི་དོན་དུ་སྲོག་མི་གཅོད་རྐུ་མི་བྱེད་པར་མཆོད་པ་དང་སྦྱིན་པ་རེ་བྱེད་དགོས། རང་དོན་འབྲིང་ཞིག་ཨེ་འགྲུབ་བསམ་ན་ཕྱི་མར་ངན་སོང་ལ་མི་ལྷུང་བར་བདེ་འགྲོ་ལྷ་མིའི་གོ་འཕང་འཐོབ་ཐབས་བྱེད་དགོས་ལ། དེའི་ཆེད་དུ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུངས་ནས་དགེ་བཅུ་ཁྱད་པར་བ་སྤྱད་དགོས། ཁམས་གོང་མ་ལ་སྐྱེ་དགོས་ན་ད་རུང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བསྒོམ་དགོས་སོ། །དལ་འབྱོར་ཚང་བའི་རྟེན་རྣམ་པར་དག་པ་ཞིག་འཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞིར་བཟུང་། སྦྱིན་སོགས་དགེ་བའི་དངོས་པོས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་དགོས་ཤིང་། རྒྱུ་དེ་ལྟ་བུ་སྒྲུབ་པ་ཙམ་ཡང་དུས་འདི་ལ་དཀོན་པ་ཡིན་ནོ། །རང་དོན་ཆེན་པོ་ཞིག་བསྒྲུབ་བསམ་ན་འཁོར་བའི་ནང་ནས་དུས་གཏན་དུ་ཐར་བའི་ཐར་བ་ཞིག་ཐོབ་དགོས་ལ། དེ་ཡང་རང་དོན་གཙོ་ཆེར་བྱས་པ་ཡིན་རྒྱུའི་དབང་དུ་བཏང་ན་ཉན་རང་དགྲ་བཅོམ་གྱི་གོ་འཕང་ཐོབ་ན་འཁོར་བའི་ནང་དུ་ཕྱིར་ལ་འཁོར་མི་དགོས་ཀྱང་དེ་ལ་ཡང་རང་རང་གི་ཚོགས་བསགས་སྒྲིབ་སྦྱང་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་དགོས་སོ། །དེ་བས་ཀྱང་དགའ་ཞིག་དགོས་སོ་སྙམ་ན་རང་གཞན་གཉིས་དོན་མཉམ་དུ་འགྲུབ་པའི་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྫོགས་པའི་སངས་རྒྱས་བསྒྲུབ་རྒྱུ་དེ་ཉིད་ཡིན་ཞིང་། དེའི་དགེ་རྩ་བསྒྲུབ་དགོས་ན་ཁྱད་ཆོས་ཆེན་པོ་བདུན་གྱིས་འཕགས་པའི་ཐེག་ཆེན་གྱི་ལམ་ལ་ཞུགས་དགོས་སོ། །དེ་ཚོ་གཅིག་ཀྱང་མི་ཤེས་པར་གཅིག་ཙམ་ཡང་སྒྲུབ་མི་ཐུབ་པ་དེ་ཉིད་བདག་འཛིན་དང་བྲལ་ནས་རང་འདོད་མ་བསྒྲུབས་པ་ཞིག་མ་ཡིན་ལ། བདག་འཛིན་རྩ་བ་མ་རིག་པའི་གདོན་གྱི་གཞན་དབང་དུ་སོང་ནས་བདེ་སྡུག་རྒྱུ་འབྲས་གོ་ལོག་ཏུ་སོང་བ་ཡིན་ནོ། །རང་དོན་ཆུང་ཆུང་ཚེ་འདིའི་ཚེ་རིང་ནད་མེད་ཙམ་ཞིག་སྒྲུབ་མ་ཤེས་ནས་སྲོག་གཅོད་དང་འབྲེལ་བའི་ལས་བྱས། ཚེ་ཐུང་བྱེད་དང་ནད་མང་བྱེད་དུ་གྱུར། མཆོད་སྦྱིན་མ་བྲ་བའི་ཐོག་གཞན་ནོར་ཧམ་པས་བླངས་ནས་རྒྱུ་མེད་པར་འགྱུར་བྱེད་རང་གིས་བསྒྲུབས། དེ་བཞིན་དུ་བཅས་དང་རང་བཞིན་གྱི་ཉེས་པ་སྣ་རེས་མི་འདོད་པ་སྣ་རེ་བསྐྱེད་ནས་དེ་ལྟ་བུའི་སྒོ་ནས་ཐ་མར་སྡུག་བསྔལ་གྱི་ནང་དུ་ཚུད་པ་ཡིན་ནོ། །རང་དོན་འབྲིང་བོ་འགྲུབ་བྱེད་སྤང་དགོས་རྒྱུའི་མི་དགེ་བཅུ་བོ་སྤོང་མ་ཐུབ། བསྒྲུབ་དགོས་རྒྱུའི་དགེ་བ་བཅུ་བོ་སྒྲུབ་མ་ཐུབ་ནས་ཕྱི་མར་མི་ལུས་ལེན་དགོས་བསམ་ཡང་ལེན་བྱེད་ཀྱི་རྒྱུ་འགྲུབ་མེད་ལ། རང་དོན་ཆེ་བ་ཐར་བ་འཐོབ་བྱེད་དམ་ཉན་རང་དགྲ་བཅོམ་འཐོབ་བྱེད་ཀྱི་ཐེག་དམན་ཐར་བ་ཆ་མཐུན་ཙམ་ཞིག་སྒྲུབ་མ་ཐུབ་ན་ཐེག་ཆེན་ཐར་བ་ཆ་མཐུན་བཤད་པས་ཅི་ཞིག་བྱ་སྟེ་དྲན་རྒྱུ་དེ་ལྟ་བུའི་སྒོ་ནས་ཁ་ཚོད་མཐོ་ཡང་རྒྱུད་ཚོད་དམའ་ནས་བཀའ་མདོ་རྒྱུད་ཀྱི་བཤད་པ་བས་མོ་པ་རྩིས་པ་གལ་ཆེན་དུ་བརྩིས་ཤིང་། དམ་ཚིག་སྡོམ་པ་འགལ་ཉམས་སོང་བ་བས་མདང་དགོང་རྨི་ལམ་འཁྲུགས་པ་དང་ད་ནངས་ཟོམ་སྟོང་གཏུགས་པ་རྩ་ཆེན་རྩི་མཁན་དུ་གྱུར་སོང་བ་དང་། དེ་ལྟར་ཡིན་ཕྱིར་དགེ་སློང་ཚུལ་ལྡན་ཞིག་བས་ཀྱང་སྐྱ་སེར་གཉིས་གོ་ཆོད་མཁན་ཞིག་གིས་དགའ་རྒྱུ་དང་། བླ་མ་དགེ་བའི་བཤེས་གཉེན་ཞིག་བས་ཀྱང་ཟོག་པོ་ཁྲམ་རྐྱལ་གྱི་མགོ་འཕང་མཐོ་བ་ཞིག་ཏུ་གྱུར་སོང་བ་ཡིན་པས། ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་ཡིན་ཡང་མགོ་མཇུག་ལྡོག་པའི་སྤྱོད་ངན། སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་རྒྱུའི་གནས་ཚུལ་དེ་ལྟར་དར་ནས་དུས་ངན་གྱི་རྒུད་པ་རང་ཤུགས་ཀྱིས་འདྲེན་པ་ཡིན་ནོ། །དེ་ལྟར་ཡིན་པས་རང་གཞན་གཉིས་དོན་འགྲུབ་པའི་ཆོས་པ་དགེ་འདུན་གྱི་བཞུགས་གྲལ་མི་བརྫད་པའི་དམ་པའི་ཆོས་འཛིན། རྒྱལ་བའི་གདུང་འཚོབ་མཁན་ཞིག་བྱེད་པ་ལ་དངོས་གཞི་ཆོས་ཞུ་བའི་སྔོན་དུ་ཤེས་བྱ་རྣམ་པར་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཅིག་བསྟེན་ནས་རྒྱུ་མཚན་ཤེས་པའི་དད་པ་ཡིས་མཆོག་གསུམ་དམ་པའི་སྐྱབས་འོག་ནས་རང་གཞན་གཉིས་དོན་འགྲུབ་མཁན་ཞིག་བྱེད་བསམ་ན་དང་པོ་སྔོན་འགྲོ་བློ་ལྡོག་རྣམ་བཞིས་སྦྱོང་བ་བྱེད་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན་ནོ། །ཆོས་ཞུ་བའི་སྔོན་དུ་བློ་སྦྱོང་ལ་འབད་དགོས་པར་མ་ཟད་ཆོས་ཞུས་ཟིན་པས་ཀྱང་བློ་སྦྱོང་དང་དུས་ནམ་དུ་ཡང་མི་འབྲལ་རྒྱུ་གནད་ཆེ་བ་ཡིན་ཏེ། བློ་སྦྱོངས་བློ་སྦྱོངས་རང་གི་བློ་སྦྱོངས་ཤིག །བློ་ལྡོག་རྣམ་བཞིས་རང་གི་བློ་སྦྱངས་ན། །ལུས་ངག་དགེ་བ་སྣ་གཅིག་མ་གྲུབ་ཀྱང་། །ཐར་བའི་ལམ་ལས་འགྲོ་ས་གཞན་དུ་མེད། །ཅེས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་ལན་གཅིག་མ་ཡིན་པར་བཟླས་ཏེ་སྐུལ་མར་བྱས་འདུག་ལ། དེ་བཞིན་དུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པས་ཀྱང་ཡང་དང་ཡང་དུ་ཐབས་དུ་མས་ནན་གྱིས་གསུངས་སོ། །དམ་པའི་ཆོས་ལམ་ལ་ཞུགས། འབད་པ་བརྒྱ་ཕྲག་གིས་དོན་གཉེར་བྱེད་རྒྱུ་དེ་ཐར་ལམ་གྱི་སྣེ་མོ་ཞིག་ཨེ་ཟིན་བསམ་པའི་དམིགས་འདུན་གྱི་གཙོ་བོ་ཡིན་ནོ། །དེས་ན་ཆོས་ཞུ་བའི་སྔོན་དུ་རང་ཉིད་ཀྱི་བསམ་བློ་ཡང་དག་པའི་ཕྱོགས་སུ་བཅོས་དགོས་ཤིང་། ཆོས་ཐོབ་རྒྱུ་གལ་ཆེ་ཡང་རྒྱུད་དག་རྒྱུ་དེ་བས་ཀྱང་གནད་ཆེ་ལ། རྒྱུད་མ་དག་ན་རུལ་བའི་ས་བོན་ལ་རྐྱེན་ཅི་ཞིག་ཚོགས་ཀྱང་ལོ་འབྲས་ཡང་དག་པ་ཞིག་སྨིན་རྒྱུ་མེད་དེ། མགོན་པོ་བྱམས་པས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་སོ། །དེའི་ཕྱིར་ན་དུས་ནམ་དང་ནམ་དུ་ཡང་བློ་སྦྱོང་གནད་ཆེ་ཞིང་། བློ་སྦྱོང་མཛད་རྒྱུ་དེ་ཡང་རང་རྒྱུས་རང་ལ་ཆེ་བ་ཡིན་པས་གནད་གང་གི་ཆེ་རང་གིས་རང་ལ་བརྟག་དཔྱད་ཅིག་བྱས་ན་ཅི་ཞིག་གིས་ཕན་ཐོགས་ཆེ་འདུག་བརྟགས་ཏེ། ཚེ་འདི་ལ་མངོན་ཞེན་ཆེ་རྒྱུ་ཤུགས་དྲག་ན་མི་རྟག་པ་དང་ངན་སོང་ངན་འགྲོའི་ཉེས་དམིགས་བསྒོམ་རྒྱུ་གཙོ་བོར་བྱེད་དགོས། འཁོར་བ་ལ་སྐྱོ་ཤས་ཆུང་ན་འཁོར་བའི་ཉེས་དམིགས་བསམ། དགེ་བའི་བཤེས་གཉེན་ལ་དད་པ་དང་གུས་པ་ཆུང་ན་བཤེས་གཉེན་བསྟེན་ཚུལ་ལ་བསླབ། རང་འདོད་ཡིད་བྱེད་ཀྱི་སྒྲོག་གིས་བཅིངས་འདུག་བསམ་ན་སྨོན་སེམས་རྒྱུ་དང་བཅས་པ་ལ་བསླབ་པ་དེ་ལྟར་བྱེད་དགོས་སོ། །མདོར་ན་རང་རྒྱུད་དེ་ཉིད་རང་གིས་ཆོས་བཞིན་དུ་འཆོས་པའི་རང་དྲིན་རང་ལ་ཆེ་བའི་མཛད་ཕྱོགས་ལ་ཐོས་བསམ་བཞེས་པའི་ཐོག་ནས་ཐེག་ཆེན་མདོ་སྔགས་ཀྱི་དམ་ཆོས་འཆད་ཉན་གྱི་གནས་སྐབས་འདིར་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་མི་འབྲལ་རྒྱུ་དེ་གནད་ཀྱི་ནང་ནས་ཀྱང་གནད་ཆེན་ཡིན་ནོ། །དེ་ཇི་ལྟར་བྱེད་དགོས་ཟེར་ན། དེ་ཡང་འདི་ལྟར་ནམ་མཁས་གར་ཁྱབ་ཏུ་སེམས་ཅན་གྱིས་ཁྱབ། ནམ་མཁའ་ལ་མཐའ་མེད་པ་དང་འདྲ་བར་སེམས་ཅན་ལ་མཐའ་མེད། སེམས་ཅན་གྱིས་གར་ཁྱབ་ལ་ལས་ཉོན་གྱིས་ཁྱབ། ལས་དང་ཉོན་མོངས་ཀྱིས་གཞན་དབང་དུ་མ་གྱུར་པའི་སེམས་ཅན་ཞིག་མེད། དེ་ལྟར་དུ་ལས་ཉོན་གྱིས་གར་ཁྱབ་ལ་སྡུག་བསྔལ་གྱིས་ཁྱབ། རྒྱུ་ལས་ཉོན་གྱི་ས་བོན་བཏབ་ཡོད་ས་ཞིག་ལ་འབྲས་བུ་སྡུག་བསྔལ་གྱི་མྱུ་གུ་སྨིན་མི་དགོས་པ་ཞིག་མི་སྲིད་དོ། །དེ་ལྟར་ཡིན་ཕྱིར་འཁོར་བའི་སྡུག་བསྔལ་ལ་བསམ་བློ་ཞིག་བཏང་ན་སྡུག་བསྔལ་རྣམ་པ་སྣ་ཚོགས་འདི་མྱོང་དང་འདི་མི་མྱོང་ཟེར་རྒྱུ་མེད་པར་ངན་སོང་མིན་ཡང་མཐོ་རིས་ཀྱི་ལུས་རྟེན་ཐོབ་ཀྱང་བདེ་བ་མེད་པར་འཁོར་བའི་གནས་འདིར་གང་དུ་སྐྱེས་ཀྱང་མེའི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གདུག་པ་ཅན་གྱི་ཚང་དང་འདྲ་བར། མདོར་ན་བདེ་བའི་གོ་སྐབས་འཕྲོག ཐར་བའི་སྲོག་གཅོད་མཁན་ཞིག་ཡིན་ནོ། །འཁོར་བའི་གནས་ནས་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བཞིན་ཡོད་པའི་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་ལ་བསམ་བློ་ཞིག་བཏང་ན་འདི་གཞན་ཞིག་མ་ཡིན་ལ། རང་ཉིད་ཀྱི་སྐྱེ་བ་གཅིག་ལ་མིན་ཡང་གཅིག་ལ་ཕ་མར་བྱས་མྱོང་ཞིང་། ཕ་མར་བྱས་པའི་སྐབས་ན་ད་ལྟའི་ཚེ་འདིའི་ལུས་འདིའི་ཕ་མ་དང་འདྲ་བར་དྲིན་ཆེན་པོས་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན་ནོ། །ཡང་མཚམས་རེར་རང་ཉིད་ཀྱི་བུ་རྒྱུད་བྱས་པ། མཚམས་རེར་གཉེན་དང་གྲོགས་པོ། མཚམས་རེར་རང་བྱས་ལས་ཀྱི་ལན་ཆགས་ཀྱིས་དགྲ་ཟླར་གྱུར་དུས་ཀྱང་ཡོད་དོ། །རང་ཉིད་ཀྱི་དོན་དུ་འདི་དག་གིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བཏང་བའི་གྲངས་ཀ་ཡང་རྩི་ཚོད་ཅི་ཡོད་དེ་མེད་དོ། །རྨོངས་པ་མ་རིག་པའི་གཞན་དབང་དུ་གྱུར་ནས་བདེ་འདོད་སྡུག་བསྔལ་གྱི་རྒྱུ་བསྒྲུབས། བསམ་རྒྱུ་ལས་རྒྱུ་གཉིས་ཀ་ཐོ་མི་ཐུག ཡང་དག་པའི་ལམ་དང་ཁ་བྲལ་ནས་ལམ་ལོག་མགོ་རྨོངས་ལ་འཁྱམ་བཞིན་པའི་ཕ་མར་མ་གྱུར་པ་མེད་པའི་སེམས་ཅན་འདི་དག་སྙིང་རེ་རྗེ། ངས་དལ་འབྱོར་གྱི་རྟེན་བཟང་ཞིག་རྙེད། ཐར་བ་སྒྲུབ་པའི་མཐུན་རྐྱེན་ཚང་མ་ཚོགས་ཡོད་པའི་སྐབས་འདིར་དོན་ཞིག་བསྒྲུབ་དགོས་ཤིང་། ད་སྔ་ཡན་ཆད་ལ་བསམ་བློ་ཞིག་བཏང་ནས་ཕྱི་ལྟས་ཤིག་བྱས་ན་མི་ཚེའི་དུས་ཚོད་ཀྱི་བཟང་ས་ཡག་ས་ཚང་མ་ཤོར་འདུག འདི་ལྟ་བུའི་ཆོས་དང་འཕྲད་པའི་ལུས་རྟེན་ནམ་ཡིན་ཡང་འཐོབ་དཀའ་བ་ཡིན་ནོ། །དཀའ་བའི་རྒྱུ་མཚན་དེ་སྔོན་འཁོར་བ་ཐོག་མེད་ནས་ད་ལ་ཐུག་གི་བར་འཁོར་བའི་ནང་ནས་ཐར་ཐབས་ཀྱི་ཆོས་ཤིག་དང་ཐུག་མ་མྱོང་ནས་ད་རུང་འཁོར་བར་འཁྱམ་བཞིན་པ་འདི་ཡིན་ནོ། །རྒྱུ་ཆེན་པོ། ཐོབ་མཐོན་པོ། དབང་འབྱོར་བ་མངའ་ཐང་ཅན་མ་དགོས་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ལུས་རྟེན་གང་མང་མང་ཐོབ་མྱོང་ཡོད་ཀྱང་མཐར་མ་བརྟན་ནས་ཡང་འཁོར་ཏེ་ཡང་འཁོར་ནས་མནར་མེད་དུ་སོང་ནས་སྒྱེད་རྡོ་བྱས་པའི་གྲངས་ཀ་རྩི་ཚོད་ག་ལ་ཡོད་དེ་མེད་དོ། །དེས་ན་ནམ་ཡིན་ཡིན་དུ་ཐོབ་པ་དང་རྙེད་པར་དཀའ་བའི་རིན་ཐང་ཅན་གྱི་དལ་འབྱོར་ཚང་བའི་ལུས་རྟེན་རྙེད་བཞིན་དུ་འདི་འཕྲོ་བརླག་ཆུད་ཟོས་སུ་མི་གཏོང་བར་ལུས་རྟེན་འདིའི་སྟེང་ནས་དོན་ཆེན་ཐར་བའི་བྱང་ཆུབ་དོན་གཉིས་ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཤག་ཤག་བྱས་ཏེ། སྙིང་རྗེ་བའི་སེམས་ཅན་འདི་ཐམས་ཅད་གཅིག་ཀྱང་མ་ལུས་པར་གཏན་བདེའི་ས་ལ་འགོད་དགོས་བསམ་པའི་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། སྙིང་རྗེ་བ་ཙམ་མ་ཡིན་པར་ཤེས་རབ་ཀྱིས་རྫོགས་བྱང་ལ་འགོད་འདོད་ཀྱི་བློ་གཉིས་ཀ་དང་ལྡན་པའི་དོན་གཉིས་ལྡན་པའི་སེམས་བསྐྱེད་སྔོན་དུ་འགྲོ་དགོས་སོ། །དེ་ཡང་སྨོན་པའི་རྗེས་འགྲོ་ཙམ་མ་ཡིན་པར་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་དངོས་སུ་ཞུགས་ཤིང་། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཤི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་གསུངས་པ་དང་མཚུངས་པར་ཆོས་ཐོས་བསམ་སྒོམ་གསུམ་གྱི་དོན་དུ་དཀའ་ན། སྡུག་ན། ན་ན། ཤི་ན་ཕྱི་གྱེད་མི་བྱེད་སྙམ་པའི་དམ་བཅའ་ལྡན་པ་ཞིག་དང་། ཐབས་ཁྱད་པར་ཅན་ཐེག་ཆེན་གསང་སྔགས་ཀྱི་ཆོས་འཆད་ཉན་གྱི་སྐབས་སུ་གནས་དུས་སྟོན་འཁོར་ཆོས་དང་བཅས་པ་ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་དུ་ཡེ་ནས་སྣོད་བཅུད་དག་པའི་དཀྱིལ་འཁོར་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པའི་སྒོ་ནས་གསན་དགོས་སོ། །འུ་ཚོས་འདི་ལྟ་བུའི་དག་མ་དག་གི་སྐད་ཆ་བཤད་དུས་ཚིག་གི་གྲྭ་ཟུར་གཅད་རྒྱུ་ཡོད་ཅིང་། དག་མ་དག་འདི་ལ་སྣང་ངོ་དང་ངེས་ངོ་གཉིས་སུ་ཕྱེ་དགོས་ལ། བརྟགས་ཤིང་དཔྱད་པའི་ངེས་ཤེས་ཀྱི་ངོ་དེར་སྣང་ངོར་མ་དག་པ་དང་ངེས་ངོར་དག་པ་ཡིན་པ་དང་། རིག་ངོ་འཕྲོད་ཟིན་པའི་གང་ཟག་ལ་སྣང་ངོ་ངེས་ངོ་གཉིས་ཀ་ལ་དག་པ་ཡིན་དགོས་སོ། །བླ་མས་རིག་ངོ་སྤྲད་པ་དེ་འཕྲོད་ཟིན་ནས་སྙིང་ཁ་ཆོས་ཀྱི་ཕོ་བྲང་ནས་འོད་གསལ་གྱི་རིག་པ་དེ་སད་ནས་སེམས་སེམས་བྱུང་དང་བཅས་པའི་ཡུལ་ཅན་ཐམས་ཅད་ཡེ་ཤེས་སུ་ཤར་ཞིང་། ཡུལ་ལྔ་ལ་སོགས་པའི་ཡུལ་ཐམས་ཅད་རིག་པའི་རྣམ་ལྡན་དུ་ཤར་དུས་སྣང་བ་ལྷ་དང་ཡུལ་ཅན་ཡེ་ཤེས་སུ་སད་ནས་རང་དུས་དེའི་ཐོག་ནས་གནས་ཚུལ་དང་སྣང་ཚུལ་གཉིས་ཀ་མཐུན་ལ། སྣང་བའི་མདུན་ན་མུན་པ་མེད་པ་དང་འདྲ་བར་དག་པའི་སྣང་བ་འབའ་ཞིག་མ་གཏོགས་མ་དག་པའི་སྣང་བ་མེད་དོ། །གང་ལྟར་ཡང་མདོར་ན་སྣོད་བཅུད་དག་པའི་དཀྱིལ་འཁོར་ཡིན་པ་ལ་ཡིན་པར་གསལ་འདེབས་དང་། ཡང་སྒོས་སུ་དེང་དུས་བསྟན་པ་ཉམས་དམའ་ཉག་ཕྲའི་སྐབས་སུ་སྐྱེ་དགུའི་ཕན་དང་བདེ་བའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་དོན་དང་ལྡན་པའི་བྱ་བ་ཕྲན་བུ་རེ་སྒྲུབ་ཐུབ་ན་སྔོན་བསྐལ་བ་བཟང་དུས་དང་བསྟན་པ་དར་དུས་སུ་བསྟན་པ་ལ་ཅི་འདྲའི་བྱ་བ་ཆེན་པོ་ཞིག་བསྒྲུབས་པ་བས་ཀྱང་ཆོད་སྒོ་ཆེ་བ་དང་། བསོད་ནམས་ཀྱང་དེ་བཞིན་དུ་ཆེ་བ་ཡིན་ནོ། །ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གང་ཟག་གི་རྒྱུད་ལ་བཞུགས་པ་ཞིག་ཡིན་པས་འདི་གང་ཟག་རང་རྒྱུད་ལ་འཛིན་རྒྱུའི་གནད་ཤེས་པ་དང་། རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་རྒྱལ་བའི་ཕྲིན་ལས་རྨ་མེད་པ་འདི་ལྟ་བུའི་སྒོ་ནས་མཛད་པ་བསྒྲུབ་རྒྱུ་ཡོད་པ་འདི་སྐལ་བ་རེ་བཟང་ཞིང་། ཕྱི་ཚུལ་གྱི་དམར་མདོག་ཅིག་གོན་པས་བསྟན་པའི་རྗེས་འཇུག ནང་པའི་དགེ་འདུན་པའི་གྲལ་དུ་དོན་གྱི་ཐོག་ནས་ཐོན་པའི་ངེས་པ་མེད་ལ། བླ་མ་གྲྭ་པ་ཟེར་རྒྱུའི་མཆོད་གནས་དགེ་འདུན་པ་སྐྱེ་བོ་ཕལ་བ་ཐམས་ཅད་ཀྱིས་ཕྱག་དང་མཆོད་པ་དད་གུས་བྱེད་སའི་ཡུལ་ཡིན་ན་དེའི་གྲལ་དུ་བསྡད་ནས་མིན་ན་ཡིན་མདོག་བྱས་པས་གོ་མི་ཆོད་ཅིང་། གནས་སྐབས་གཞན་མགོ་གཡོག་ཅིང་མཐར་གཏུགས་ན་རང་མགོ་གཡོགས་པར་བྱས་ཡོད་དོ། །ལས་བྱ་བ་གང་ལ་ཞུགས་ཀྱང་། ཞུགས་ན་ཞུགས་གོ་ཆོད་པའི་དོན་དེ་འགྲུབ་དགོས་ཤིང་། སྐྲ་སོར་གསུམ་གྱི་གཙུག་ཕུད་དེ་མཁན་སློབ་ཀྱི་མདུན་དུ་ཕུལ་ལ། གོས་སྣེ་གསུམ་གྱི་སྟོན་པའི་ན་བཟའ་དེ་རང་གི་ལུས་ལ་གོན་ན་དེའི་རྟགས་ཆ་ལུགས་འཆང་བའི་མི་དེས་དེའི་བྱ་བ་དེ་འགྲུབ་དགོས་སོ། །དེ་དགོས་ན་ཆོས་གོས་རྣམ་གསུམ་ལུས་ལ་གོན་ནས་བསླབ་གསུམ་ཉམས་ལེན་གྱི་དམ་བཅའ་བླངས་པའི་གང་ཟག་དེས་བསྒྲུབ་རྒྱུ་དེ་གང་རེད་ཟེར་ན། དམག་ལས། ཇག་ལས། ཚོང་ལས། སྲིད་དོན། གཉེན་སྒྲིག་མཐུན་སྦྱོར། ཞིང་འབྲོག་སོ་ནམ་ལ་སོགས་པ་གཅིག་ཀྱང་མ་ཡིན་ཏེ། ལས་ཀ་དེ་རྣམས་ཀྱི་ནང་ནས་བུད་བཏང་བས་ན་རབ་བྱུང་ཞེས་བརྗོད་པ་དང་། ཁྱིམ་ནས་ཁྱིམ་མེད་པར་བུད་ནས་ནང་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་འཆང་རྒྱུ་དེ་ལ་རབ་ཏུ་བྱུང་ཞེས་བརྗོད་པ་ཡིན་ནོ། །རབ་ཏུ་བྱུང་བ་ལ་ལས་ཀ་མང་བོ་ཞིག་མེད་ལ། ལས་ཀ་གཅིག་ཁོ་ན་ཡོད་དོ། །ལས་ཀ་གཅིག་དེ་ཅི་ཞིག་ཡིན་ཟེར་ན། དམ་པའི་ཆོས་འཛིན་རྒྱུ་དེ་ཡིན་ནོ། །དམ་པའི་ཆོས་སམ་ཐུབ་པའི་བསྟན་པ་དེ་ཅི་འདྲ་ཞིག་ཡིན་ཟེར་ན། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་ཏེ། རྣམ་གཅོད་ཀྱིས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པ་ཁོ་ནས་འཛིན་རྒྱུ་དང་། ཡོངས་གཅོད་ཀྱིས་དེ་ལས་གཞན་པས་བསྟན་པ་འཛིན་ཐབས་མེད་པར་ཤུགས་ལ་བསྟན་ཡོད་དོ། །དེས་ན་ལུང་གི་བསྟན་པ་བཤད་པའི་སྒོ་ནས་འཛིན་རྒྱུ་དང་། རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་དངོས་སུ་འཛིན་ས་ལ་ཐོན་ཅིང་། འཛིན་རྒྱུའི་བགོ་སྐལ་བཟང་པོ་ལག་ལ་ཐོན་རྒྱུ་འདི་སྔོན་བསགས་ཀྱི་ལས་དང་སྨོན་ལམ་གྱི་དབང་གིས་བྱུང་བ་ཞིག་ཡིན་ནོ། །བསོད་ནམས་མ་བསགས་ན་ཆོས་བཟང་པོ་འདི་ལྟ་བུ་དང་འཕྲད་རྒྱུ་མེད་པས་གོ་སྐབས་བཟང་པོ་འདི་མི་ཤོར་བའི་ཐོག་ནས་དལ་འབྱོར་དོན་ལྡན་གྱི་གཡུར་དུ་ཟ་བའི་འབྲས་བུ་མཐའ་ཡས་སེམས་ཅན་གྱི་དོན་དུ་སྨིན་ཤག་ཤག་གི་དོན་འབྲས་ཤིག་ལེན་དགོས་དགོངས་པའི་ཐུགས་བསྐྱེད་ཁ་ཙམ་ཚིག་ཙམ་མ་ཡིན་པར་དོན་ཐོག་ཏུ་གནས་པའི་དགོངས་བཞེས་སྔོན་དུ་འགྲོ་བ་དང་བཅས་པས་གསན་དགོས་སོ།།

༢ དངོས་ཀྱི་དོན་བཤད་པ།

ད་ནི་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ལ་མཚོན་ན། སྤྱིར་ན་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་ཡིན་ནོ། །དེའི་ཕྱིར་ན་སྟོན་པས་ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་མིན་ཐབས་མེད་ཅིང་། གདུལ་བྱའི་སེམས་ཅན་འདྲ་དང་མི་འདྲ་མང་པོ་ཡོད་པའི་རྒྱུ་མཚན་གྱིས་དེ་ཐམས་ཅད་ཀྱི་ཁམས་དང་མོས་པ་བསམ་པའི་ཁྱད་པར་མི་འདྲ་བ་ཡིན་ཞིང་། དེའི་དབང་གིས་དེ་འདུལ་བྱེད་ཆོས་ཀྱི་རྣམ་གྲངས་ཀྱང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པར་ཕྱེས་ནས་བསམ་གྱིས་མི་ཁྱབ་པར་གསུངས་ཡོད་དོ། །ཐུབ་པའི་གསུང་གི་ཆོ་འཕྲུལ་དེ་སྒྲ་གཅིག་དོན་མང་ལ་འཇུག་པ། དོན་གཅིག་སྒྲ་སྣ་ཚོགས་ཀྱིས་སྟོན་པ། གདུལ་བྱ་འགའ་རེ་ལ་སྒྲ་ཚིག་དང་ཡི་གེས་སྟོན་པ། འགའ་རེ་ལ་བརྗོད་དུ་མེད་པས་ཆོས་གསུང་རྒྱུ་ལ་སོགས་པ་ཡོད་ཅིང་། སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པ་ཞིག་ཡིན་ནོ། །ཡིན་ན་ཡང་སངས་རྒྱས་ཀྱི་ཆོས་གསུངས་པ་ཐམས་ཅད་སེམས་ཅན་གྱི་དོན་སྒྲུབ་པའི་ཆེད་དུ་ཡིན་པས་གང་བསྒྲུབ་པར་བྱ་བ་སེམས་ཅན་གྱི་དོན་དེ་རྣམ་པ་གཉིས་ཀྱི་ཁོངས་སུ་འདུས་ཏེ། གནས་སྐབས་མངོན་མཐོ་ལྷ་མིའི་རྟེན་སྒྲུབ་པ་དང་། མཐར་ཐུག་ངེས་ལེགས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་དེ་གཉིས་ཀ་ཡིན་ནོ། །དེ་ཡང་ལམ་གྱི་རྣམ་གཞག་གི་དབང་དུ་བཏང་ནས་ཕྱེས་ན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟེ། མངོན་མཐོ་སྒྲུབ་བྱེད་ཀྱི་སྐོར་ནས་གསུངས་པ་ཐམས་ཅད་སྐྱེས་བུའི་ཆུང་ངུའི་ལམ་དངོས་དང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ཡིན་ཞིང་། འཁོར་བའི་ནང་ནས་གྲོལ་བ་ཙམ་གྱི་ཐར་བ་ཉན་རང་གི་ཐེག་པའི་སྐོར་ནས་གསུངས་པ་ཐམས་ཅད་སྐྱེས་བུ་འབྲིང་གི་ལམ་དངོས་སམ་འབྲིང་དང་ཐུན་མོང་བའི་ཆོས་སྐོར་ཡིན་ལ། ཐམས་ཅད་མཁྱེན་པ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་ཀྱི་ཆོས་སྐོར་ཐམས་ཅད་སྐྱེས་བུ་ཆེན་པོའི་ལམ་གྱི་རིིམ་པ་སྟེ་དེ་ལྟར་དུ་ཡིན་ནོ། །དེ་ལས་ཀྱང་རང་རེ་ཐེག་ཆེན་གྱི་གདུལ་བྱར་གྱུར་པའི་གང་ཟག་ལ་སྐྱེས་བུ་ཆེན་པོའི་ལམ་དེ་ཡང་རྒྱུ་དང་འབྲས་བུའི་ཐེག་ཆེན་རྣམ་པ་གཉིས། མདོ་དང་སྔགས་ཀྱི་ཆོས་ཚུལ་ནས་བརྩམས་ཏེ་གསུངས་པ་ཞིག་ཡིན་ནོ། །ད་རེས་སྐབས་དོན་གསན་བྱའི་སྙིང་པོ་གང་ཡིན་ན་སྐྱེས་བུ་ཆེན་པོའི་ཆོས་སྐོར། མདོ་སྔགས་གཉིས་ཀྱི་ནང་ནས་སྔགས། སྔགས་ལ་ཡང་རྒྱུད་སྡེ་བཞིའམ་དྲུག་གི་འཆད་ཚུལ་གྱི་ནང་ནས་ཐུན་མོང་གི་བཤད་ཚུལ་ལྟར་དུ་བྱས་ན་སྔགས་བླ་མེད་ཀྱི་ཆོས་སྐོར་ཡིན་ཞིང་། སྔགས་འདི་ལ་ཡང་འགྱུར་སྔ་ཕྱིའི་དབང་གིས་གངས་ཅན་བོད་ཀྱི་ལྗོངས་འདི་ནས་སྔགས་གསར་རྙིང་གི་དབྱེ་བ་ཕྱེ་རྒྱུའི་ཐ་སྙད་ཅིག་ཡོད་སོང་བ་ལྟར་དུ་བྱས་ན་སྔགས་རྙིང་མ། སྔ་འགྱུར་རྙིང་མའི་ལུགས་ཀྱི་སྔགས་ཕྱི་རྒྱུད་གསུམ་དང་ནང་རྒྱུད་གསུམ་གྱི་དབྱེ་བ་ཡོད་པའི་ནང་གི་ནང་རྒྱུད་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་ཚན་འདི་ཉིད་ཡིན་པ་ལས། ལས་བྱང་རྩར་ཕྲེང་ཚོར་བ་རང་གྲོལ་གྱི་སྙིང་པོ་ཚུར་བསྡུས་པ། རང་རེའི་དུས་རྒྱུན་གྱི་ཁ་སྐད་ལྟར་དུ་བྱས་ན་ལས་བྱང་ཆུང་བ་འདི་ཉིད་འཆད་ཉན་བགྱི་བའི་སྐབས་ཡིན་ནོ། །འདིའི་ཆོས་ཁུངས་བརྒྱུད་པ་གསུམ་གྱི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ། འགྲོ་བ་སྐྱབས་མེད་ཀྱི་སྐྱབས། མགོན་མེད་ཀྱི་མགོན་དུ་གྱུར་པ། རྒྱལ་བ་རྫོགས་པའི་སངས་རྒྱས་བསྐལ་བཟང་རྣམ་འདྲེན་བཞི་པ་དེ་ཉིད་གཞི་ཀ་དག་ཆེན་པོའི་རང་ངོ་ལས་མ་གཡོས་བཞིན་དུ་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྐབས་སུ་ཁྱད་ཆོས་དྲུག་གིས་གདོད་མའི་ནང་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྐུ་འགྱུར་མེད་ཀྱི་ཀློང་ན་ཀུན་ཏུ་བཟང་པོའི་རྣམ་རོལ་ཏུ་བཞུགས་ཏེ་ཡེ་ཤེས་རང་གི་ངང་གིས་གསལ་བའི་འཁོར་ཚོགས་ལ་ཆོས་ཉིད་འཕོ་འགྱུར་མེད་པའི་ཆོས་གསུངས་པ་ཡིན་ནོ། །དེའི་སྣང་ཆ་ལོངས་སྤྱོད་རྫོགས་པའི་རྒྱལ་ཐབས་ལ་མངའ་དབང་འབྱོར་བའི་སྟོན་པ་ཡིས་དགོངས་པ་ཐ་མི་དད་པའི་རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ་ལ་བརྡ་ཚིག་ལས་འདས་པའི་ཆོས་བསྟན་ཅིང་། དེ་ལས་ཀྱང་ཕྱི་གསལ་དུ་ཕྱེད་སྤྲུལ་ལོངས་སྐུས་དག་པའི་ས་ལ་གནས་པའི་སེམས་དཔའ་ཆེན་པོ་སོ་སོ་ལ་བརྡ་ཆོས་བསྟན་ལ། དེ་ལས་གང་ཟག་མི་དང་མི་མིན་གྱི་སྙན་ནས་སྙན་དུ་བརྒྱུད་པའི་བརྒྱུད་པ་དེ་གསང་སྔགས་སྤྱིའི་བཤད་ཚུལ་དང་འདྲ་བ་དང་། དེའི་ནང་གི་བྱེ་བྲག་གི་ཁྱད་པར་ལོངས་སྐུ་རིགས་ལྔར་སྣང་བའི་སྒྱུ་འཕྲུལ་བཀོད་པའི་ཞིང་ཁམས་རྣམ་གྲོལ་དབུགས་ཆེན་འབྱིན་པའི་སྤྲུལ་བའི་ཞིང་ཁམས་ལྔའི་ནང་གི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལ་འཕོས་པ་དེ་མེ་ཏོག་པདྨའི་སྙིང་པོ་ལས་རང་འཁྲུངས་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་བརྫུས་ཏེ་འཁྲུངས་པའི་སྤྲུལ་སྐུ་པདྨ་འབྱུང་གནས་ལ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དེ་གསུམ་པོ་ཚང་བའི་བརྒྱུད་ཚུལ་གསུམ་གྱི་རིམ་པ་ཡིས་གུ་རུ་རིན་པོ་ཆེ་ལ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་བཅུད་དགོངས་པའི་གསང་སྔགས་ཀྱི་བཀའ་བབས་པའམ་ཡང་ན་གསང་སྔགས་ཀྱི་སྟོན་པར་སངས་རྒྱས་རང་ཉིད་ཀྱིས་ལུང་བསྟན་པ་ལྟར་དུ་སངས་རྒྱས་གཉིས་པའི་ཚུལ་དུ་བྱོན་ཏོ། །གུ་རུ་རིན་པོ་ཆེས་ཟབ་ལམ་བཀའ་བབ་ཀྱི་གདམས་པ་གྲངས་ལས་འདས་པ་ཞིག་གི་ཆོས་ཆར་ཕབ་པའི་ནང་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི་ནང་བརྒྱུད་སྡེ་གསུམ་གྱི་དགོངས་པའི་བཅུད་འདུས་སྙིང་པོ་དྲིལ་བ་ཡིན་ལ། འདི་བཀའ་གཏེར་དག་སྣང་གི་ཆོས་ཚན་གྱི་ནང་ནས་ཟབ་མོ་གཏེར་གྱི་ཆོས་སྐོར་ཡིན་ནོ། །ཞི་ཁྲོའི་ཆོས་སྐོར་ལ་ཡང་གཏེར་ཁ་སྣ་ཚོགས་ཀྱི་ཁྱད་པར་གྱིས་ཞི་ཁྲོའི་དཀྱིལ་འཁོར་རིགས་འདྲ་དང་མི་འདྲ་མང་དུ་ཡོད་ཅིང་། ཞི་ཁྲོ་རང་གཞུང་ལ་བཀོལ་རྒྱུད་ཀྱིས་ཁ་སྐོང་མཛད་དེ་རྒྱུད་སྡེ་དང་སྒྲུབ་སྡེ་འབྲེལ་བའི་སྒྲུབ་པ་གཙོ་བོར་བྱེད་པའི་ལུགས་རྩལ་འདོན་མཛད་པ་ཞིག་ཡིན་ནོ། །སྒྲུབ་ཐབས་དེ་ཡང་མན་ངག་གི་དགོངས་པས་ཟུར་བརྒྱན་ཏེ་སྒྲུབ་ཐབས་མན་ངག་དང་འབྲེལ་བའི་གནད་ཚང་བ། མན་ངག་དེ་ཡང་ཞལ་ཤེས་ཀྱི་ལྡེ་མིག་ཡོད་པ། ཞལ་ཤེས་ཀྱི་ལྡེ་མིག་མེད་ན་ཐོར་བུ་ཡིན་པས་དེ་ལྟར་ཞལ་ཤེས་ཀྱི་ལྡེ་མིག་མེད་པའི་ཐོར་བུ་མ་ཡིན་པར་མན་ངག་ཆོག་ཁྲིགས་དང་འབྲེལ་བའི་སྟར་འགྲིག ཆོག་ཁྲིགས་དེ་ཡང་ལག་ལེན་གྱི་གནད་དུ་མ་ཁེལ་བའི་ཚོད་ཡོད་དུ་མ་སོང་བའི་ཆོག་ཁྲིགས་ཕྱག་བཞེས་དང་འབྲེལ་བའི་འབྲེལ་བ་བཞི་ལྡན་གྱི་ཟབ་ཆོས་འདི་གུ་རུས་ལུང་ཟིན་གཏེར་སྟོན་གླིང་པ་བརྒྱད་དམ་བཅུ་གཅིག་གི་ནང་ནས་རིགས་ལྔའི་རིགས་ལས་དྲས་པའི་མཚན་གྱི་ནང་ནས་བྱང་ན་ཀརྨ་གླིང་པ་ཞེས་ཡོངས་སུ་གྲགས་པའི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱི་གཏེར་སྐལ་ལས་བྱོན་པའི་ཟབ་ཆོས་འགྲོ་དོན་ནམ་མཁའ་དང་མཉམ་པ་དེ་ཉིད་ཡིན་ནོ། །འདི་ལ་བསྐྱེད་རིམ་གཙོ་བོར་བསྟན་པའི་དཀྱིལ་ཆོག་དང་ལས་བྱང་ཆེ་ཆུང་ངམ་རྒྱས་བསྡུས་རྣམ་པ་གཉིས། རྫོགས་རིམ་གཙོ་བོར་བསྟན་པའི་བར་དོ་དྲུག་གི་ཁྲིད་ཡིག གཉིས་ཀ་གཙོ་བོར་བསྟན་པའི་སྨིན་བྱེད་དབང་གི་རིམ་པ་རྒྱས་འབྲིང་བསྡུས་གསུམ་སོགས་ཀྱི་ཆོས་ཚན་མང་ངོ་། །ལས་བྱང་དང་། བསྐང་བཤགས། རིགས་དྲུག་གནས་འདྲེན་དང་། སྦྱིན་སྲེག་གི་སྐོར་ལ་སོགས་པ་གཙོ་བོར་བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན་གྱི་གནད་དང་མཐུན་ལ། ཡང་མཆོག་དབང་སྐོར་གསུམ། ལུས་དཀྱིལ་སྒོམ་རིམ། བག་ཆགས་རང་གྲོལ། ཐབས་ལམ་བདེ་ཆེན་གྱི་ཁྲིད་ལ་སོགས་པ་འགའ་རེ་ལུང་ཨ་ནུ་ཡོ་གའི་ཉམས་ལེན་དང་གཙོ་བོར་མཐུན་ཤས་ཆེ་བ་ཡིན་ཞིང་། སྐྱེ་གནས་བར་དོ་དང་། བསམ་གཏན་བར་དོའི་ཁྲིད། རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་དེ་ཚོ་ཕྱག་རྫོགས་ཟུང་འཇུག དེའི་ནང་ནས་ཀྱང་རྫོགས་ཆེན་ཁྲེགས་ཆོད་ཀྱི་ཉམས་ལེན་གྱི་གནད་བསྡུས་པ་ཡིན་པ་དང་། སྐུ་གསུམ་ངོ་སྤྲོད་དང་། ཐོད་རྒལ་སྒྲོན་དྲུག་གི་ཁྲིད་ལ་སོགས་པ་མང་པོ་ཞིག་རྫོགས་ཆེན་མན་ངག་སྡེའི་སྐོར་དུ་གཏོགས་སོ། །ད་རུང་ལམ་གྱི་ཆ་ལག་མ་བསྒོམས་སངས་རྒྱས་ཆོས་ལྔ་གསུང་རྒྱུའི་ལམ་གྱི་སྐྱེལ་མ་ལྟ་བུ་འཕོ་བ་དྲན་པ་སངས་རྒྱས། དེ་ལ་བརྟན་པ་མ་ཐོབ་ན་བསུ་མ་ལྟ་བུ་བར་དོའི་ངོ་སྤྲོད་ཐོས་པས་སངས་རྒྱས། ཉམས་ལེན་མི་ཤེས་པའི་ཐ་མལ་བའི་སྐྱེ་བོ་ལ་བཏགས་པས་གྲོལ་བ་འཁོར་ལོའི་གདམས་པ། ཟོས་པས་འཚང་རྒྱ་བ་སྐྱེ་བདུན་གྱི་རིལ་བུ་ལ་སོགས་པ་ཡོད་དོ། །རྫོགས་རིམ་བར་དོ་དྲུག་གི་དངོས་གཞིའི་ཁྲིད་ཡིག་དེ་ཚོ་ལ་མཚོན་ན་སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་ཕྱི་ནང་གི་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ཐེ་ཚོམ་མི་དགོས་པར་གྲོལ་བ་ཐོབ་པའི་ཆོས་དང་གཅིག རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ་བག་ཆགས་ཀྱི་མཚམས་སྦྱོར་ཞིང་འོད་གསལ་ལམ་དུ་འཁྱེར་བ་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟ་བུའི་ལམ་ཚད་རང་གིས་འཛིན་ཆོག་པའི་གདམས་ངག་དང་གཉིས། བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ་དྭ་ཕྲུག་མ་དང་འཕྲད་པ་ལྟ་བུའམ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུ་ཟུང་འཇུག་གཉིས་མེད་དུ་གྲོལ་བའི་གདམས་ངག་དང་གསུམ། འཆི་ཁ་བར་དོའི་ཁྲིད་ཡིག་དྲན་པ་རང་གྲོལ་མི་གསལ་བ་ལ་གསལ་གདབ་པ་རྒྱལ་པོས་བཀའ་ཐེམ་བསྐུར་པ་ལྟ་བུ་ཆོས་ཉིད་རང་ངོ་འཕྲོད་པའི་གདམས་ངག་དང་བཞི། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་གདོད་མའི་གྲོལ་སར་སྤར་གྱིས་འདེབས་པའི་གདམས་ངག་དང་ལྔ། སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་སྐྱེ་བ་སྤྲུལ་སྐུའི་གདམས་ངག་དང་དྲུག་ཡོད་དོ། །དེ་ཐམས་ཅད་ཀྱང་རེ་རེ་བཞིན་དུ་བར་དོའི་ངོ་བོ། ངེས་ཚིག དབྱེ་བ། རང་བཞིན། མཚན་ཉིད། ས་མཚམས། དཔེ་དྲུག རྟགས་དྲུག གནས་དྲུག ལུས་དྲུག ཚེ་ཚད་དྲུག དེ་བཞིན་དུ་བར་དོ་རེ་རེ་བཞིན་དུ་བར་དོའི་སྣང་ལུགས། ངོ་སྤྲོད། ཉམས་ལེན། གདམས་ངག ཉེས་དམིགས། ཕན་ཡོན། རྩ་ཚིག་དང་བཅས་རྣམ་གྲངས་དྲུག་གསུམ་བཅོ་བརྒྱད་ཀྱི་ཐོག་ནས་བར་དོའི་ཆོས་ཐམས་ཅད་གཏན་ལ་ཕབ་ནས་གསུངས་སོ། །འདི་ལ་ཆོས་བཀའ་གཞན་གྱི་ཕ་རྒྱུད་ཀྱི་རིམ་ལྔ་ཞེས་པ་དང་། མ་རྒྱུད་ཀྱི་ཕྱག་རྒྱ་བཞི་ཞེས་པ་དང་། དེ་མིན་སྦྱོར་དྲུག་ལ་སོགས་པའི་རྫོགས་རིམ་ཐམས་ཅད་ཀྱི་གནད་ཡོངས་རྫོགས་འདུས་ཡོད་པ་ཡིན་ནོ། །ད་རེས་ཀྱི་སྐབས་སུ་བཤད་བྱ་ལས་བྱང་རྩར་ཕྲེང་ཚོར་བ་རང་གྲོལ་རྒྱས་བསྡུས་འདི་ལྟ་བུ་ཡིན་ན་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་རྒྱུད་བཅུ་བདུན་དང་སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་པའི་སྤྱི་རྒྱུད་དེ། འདི་ནས་སྒྱུ་འཕྲུལ་སྡེ་བརྒྱད་ཅེས་པའི་སྒྱུ་འཕྲུལ་སྡེ་བརྒྱད་འདི་རྡོར་སེམས་སྒྱུ་འཕྲུལ་དྲ་བ་སྡེ་བརྒྱད་ལ་གོ་དགོས། སྒྱུ་འཕྲུལ་དྲ་བ་ཡོད་ཚད་ལ་གོ་སོང་ན་ཁྱབ་ཆེ་སོང་བ་ཡིན་ལ། རྡོར་སེམས་སྒྱུ་འཕྲུལ་དྲ་བ། རྣམ་སྣང་སྒྱུ་འཕྲུལ་དྲ་བ། ལྷ་མོ་སྒྱུ་འཕྲུལ་དྲ་བ། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་ཡོད་ཅིང་། འདིར་སྒྱུ་འཕྲུལ་སྡེ་བརྒྱད་གསུང་རྒྱུ་འདི་རྩ་རྒྱུད་གསང་བ་སྙིང་པོ་སེམས་དང་ཡེ་ཤེས་རང་སྣང་བར་བསྟན་པའི་བརྗོད་བྱ་ཅན་དེ་ཉིད་དང་། ཕྲིན་ལས་རྫོགས་པར་བསྟན་པའི་སྒྱུ་འཕྲུལ་བཞི་བཅུ་བ་བཤད་རྒྱུད། དཀྱིལ་འཁོར་རྫོགས་པར་བསྟན་པའི་སྒྱུ་འཕྲུལ་བརྒྱད་པ། དབང་བསྐུར་གསལ་བར་བསྟན་པ་སྒྱུ་འཕྲུལ་བླ་མ། དམ་ཚིག་མཆོག་ཏུ་བསྟན་པ་སྒྱུ་འཕྲུལ་ལེ་ལག ཡོན་ཏན་རྒྱས་པར་བསྟན་པ་སྒྱུ་འཕྲུལ་བརྒྱད་ཅུ་བ། ལྷའི་སྐུ་མདོག་དང་ཕྱག་མཚན་བསྟན་པ་སྒྱུ་འཕྲུལ་རྡོ་རྗེའི་མེ་ལོང་། དེའི་སྟེང་དུ་སྒྱུ་འཕྲུལ་རྒྱ་མཚོ་དང་ཐལ་བ་གཉིས། རྒྱ་མཚོ་དང་ཐལ་བ་གཉིས་ཀ་གང་ཡིན་ཟེར་ན། རྒྱ་མཚོ་དེ་འོད་གསལ་གཙོ་བོར་བསྟན་པ་དང་། ཐལ་བ་ནི་ཐབས་ལམ་གཙོ་བོར་བསྟན་པ་སྟེ་དེ་དག་ཐམས་ཅད་ཡིན་ནོ། །དེ་ཡིས་མི་ཚད་པར་ལས་བྱང་རྩར་ཕྲེང་འདི་གླང་པོ་རབ་འབོགས། མན་ངག་སྙིང་གོང་། བཀའ་བརྒྱད་གསང་འདུས། ཀློང་གསལ་ཉི་མའི་རྒྱུད་ལ་སོགས་པའི་སྒོས་རྒྱུད་རྣམས་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ་ཡིན་ནོ། །ཡང་ཞི་ཁྲོ་དཔང་ཀོང་གི་དོན་བསྡུས་བརྒྱ་ཕྱག དྲི་མེད་ཕྱག་རྒྱུད་ཀྱི་དོན་བསྡུས་ཀློང་བཤགས་ལ་སོགས་པ་མདོར་ན་དབང་པོ་རྣོ་རྟུལ་ལ་མ་ལྟོས་པའི་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་ཞིབ་རྒྱས་སུ་བཞུགས་པ་ཡིན་ནོ། །འདིའི་བརྒྱུད་ཚུལ་གྱི་ལོ་རྒྱུས་དང་འབྲེལ་བའི་ཆོས་ཀྱི་ཆེ་བའི་ཐོག་ནས་བཤད་ན་ཁ་རྩང་ང་ཚོས་དབང་བསྐུར་དུས་དབང་གི་ལོ་རྒྱུས་ཀྱི་ནང་ནས་བྱུང་བ་བཞིན་དུ་སྔར་སློབ་དཔོན་ཆེན་པོ་བོད་ཡུལ་དུ་དངོས་སུ་ཕྱགས་ཕེབས། བོད་ཀྱི་ལྷ་འདྲེ་མ་རུང་བ་ཐམས་ཅད་བཏུལ། མདོ་སྔགས་དམ་པའི་ཆོས་ཀྱི་ཉི་ཟླ་ཟུང་གཅིག་ཤར་ནས་བོད་ཡུལ་དམ་ཆོས་ཀྱི་འབྱུང་གནས་སུ་བསྒྱུར་བའི་སྐབས་སུ་སློབ་དཔོན་ཆེན་པོ་སྲིན་ཡུལ་ལ་འབྱོན་རན་ཁའི་ཉིན་ཞིག་ལ་སློབ་དཔོན་ཆེན་པོའི་མདུན་དུ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཡབ་སྲས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པ་ལས་ཅན་དག་པའི་འཁོར་མང་པོ་ཞིག་འདུས་ནས་དེ་རྣམ་པས་གསེར་གཡུ་ལ་སོགས་པའི་རིན་པོ་ཆེའི་མཎྜལ་མང་པོ་ཞིག་གུ་རུ་རིན་པོ་ཆེ་ལ་ཕུལ་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གཙོ་བོར་མཛད་དེ་གུ་རུ་རིན་པོ་ཆེ་ལ་སློབ་དཔོན་དུས་གསུམ་མཁྱེན་པ་ཁྱེད་ཀྱི་བཀའ་དྲིན་གྱིས་བོད་ཡུལ་མུན་པའི་གླིང་འདིར་ཐེག་པ་གོང་འོག་རྒྱུད་སྡེ་ཕྱི་ནང་གི་ཆོས་ཀྱི་སྒྲོན་མེ་སྦར་བར་བྱས་ཤིང་། ཆེ་ཐོབ་ཆེ་ཡིས་འཚེངས་ལ། ཆུང་ཐོབ་ཆུང་གིས་འཚེངས་ཡོད་ཀྱང་། བདག་མངའ་བདག་རྒྱལ་པོ་རྗེ་འབངས་དང་ཁྱད་པར་དུ་མ་འོངས་ཕྱི་རབས་ཀྱི་འགྲོ་བའི་དོན་དུ་ཆོས་ཐམས་ཅད་ཀྱི་འགག་དོན་གཅིག་ཏུ་དྲིལ་བའི་ཚེ་ལུས་གཅིག་གི་སྟེང་དུ་སངས་རྒྱས་འཐོབ་ཐུབ་པའི་ཆོས་ཡུན་རིང་གི་དཀའ་སྤྱད་དང་སྡུག་རུས་འབད་བརྩོན་ལ་མི་ལྟོས་པའི་ཐོས་པ་ཙམ་གྱིས་གྲོལ་བའི་ཆོས་ཟབ་དོན་འདུས་པ་ཞིག་གནང་རོགས་གྱིས་ཞེས་དེ་ལྟར་ཞུས་པས། གུ་རུ་རིན་པོ་ཆེས་ཞལ་དགྱེས་འཛུམ་གྱི་ངང་རྒྱལ་བློན་རྗེ་འབངས་ལས་ཅན་གྱི་འཁོར་ལ་གཟིགས་ནས་ཁྱེད་རྒྱལ་པོ་ཡབ་སྲས་རྗེ་བློན་དང་བཅས་པའི་ཐུགས་བཞེད་བཞིན་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་ཕྱུང་བ། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་འགག་གཅིག་ཏུ་དྲིལ་བ། ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་པ། གོ་བ་ཙམ་གྱིས་བདེ་ཆེན་གྱི་ཞིང་ལ་འདྲེན་པ། དོན་ཡིད་ལ་བྱས་ན་ལྷུན་གྲུབ་རིག་འཛིན་གྱི་ས་ལ་སྙེག་ཐུབ་པ། གང་འབྲེལ་ཚད་དོན་དང་ལྡན་པའི་ཆོས་ཤིག་ཡོད་ཀྱང་། ཁྱབ་གདལ་དུ་སྤེལ་ཉེས་སོང་ན་གདུལ་བྱ་བློ་ཆུང་སྐལ་དམན་ལོག་ལྟ་ཅན་གྱིས་བློ་ལ་མི་ཤོང་ནས་སྐུར་འདེབས་བྱས་ན་ངན་སོང་དུ་འཕེན་པས་དེ་ལྟ་བུའི་གང་ཟག་ལ་རླུང་ཕྱོགས་སུའང་སྒྲོག་མི་ཉན་ཞིང་། ཆོས་འདི་མ་འོངས་སྙིགས་མའི་དུས་ཀྱི་སྐལ་ལྡན་འགྲོ་བའི་དོན་དུ་གཏེར་དུ་སྦོས་གསུངས་ལ། ཆོས་ཟབ་མོ་དེའི་མཚན་ལ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་བཏགས་ཏེ་ཆོས་བཀའ་ཡོངས་རྫོགས་གནང་ནས་མཐར་གཏེར་དུ་སྦས་པ་ཡིན་ནོ། །གུ་རུའི་གཏེར་ལུང་གི་ཁ་བྱང་གི་ནང་དུ། དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་ཞིག །ཕ་ལ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུང་། །ཀརྨ་གླིང་པ་ཞེས་བྱའི་སྙིང་སྟོབས་ཅན། །བརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འབྲས་མཚན། །འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགས། །སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག །ཅེས་གསུངས་ནས་སྨོན་ལམ་གཏད་རྒྱ་མཛད་པ་ཡིན་ཞིང་། སྨོན་ལམ་གཏད་རྒྱ་མཛད་པ་ལྟར་དུ་འདོན་དུས་འདུལ་བྱང་དུས་རྟགས་རྟེན་འབྲེལ་དང་བཅས་པ་སྟོབས་སུ་བདོ་བའི་གནས་སྐབས་ན། ཡབ་གྲུབ་ཐོབ་ཉི་ཟླ་སངས་རྒྱས་ཞེས་པ་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་མཁན་དེའི་སྲས་གྲུབ་ཐོབ་གཏེར་སྟོན་གྱི་རྒྱལ་པོ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོའམ་དྭགས་ལ་སྒམ་པོའི་རི་ལྷ་བྲན་གར་སྟབས་བྱེད་པ་དང་འདྲ་བའི་གཏེར་གནས་ནས་སྤྱན་དྲངས་ཏེ། ཁོང་རང་ཉིད་ཀྱི་དངོས་སློབ་བཅུ་གཅིག་གི་ནང་ནས་མཆོག་ཏུ་གྱུར་པ་སྐུ་སྲས་ཉི་ཟླ་ཆོས་རྗེ་ལ་གནང་། དེས་གུ་རུ་ཉི་ཟླ་འོད་ཟེར་ལ་གནང་། དེས་ཆོས་བདག་ནམ་མཁའ་རྒྱ་མཚོ་ལ་བརྒྱུད་དེ་བརྒྱུད་པ་གསུམ་གྱི་ཚེ་དེར་ཆིག་བརྒྱུད་མ་གཏོགས་བཀའ་རྒྱ་མ་ཁྲོལ་བ་ཡིན་ནོ། །དེའི་མཚམས་སུ་སྤེལ་ཆོག་རྒྱུ་དབྱིངས་ཀྱི་མཁའ་འགྲོའི་ལུང་བསྟན་ལྟར་ཆོས་བདག་བཀའ་བབ་ཀྱི་བདག་པོ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་སྐུ་ཚེའི་སྨད་ཙམ་ཞིག་ཏུ་བཀའ་རྒྱ་ཡོངས་སུ་རྫོགས་པ་ཁྲོལ་ནས་དབང་ཁྲིད་རྒྱས་པའི་ལུགས་ལྟར་དུ་ཐུགས་ཆེན་ཀརྨ་ཆགས་མེད་ནས་གྲུབ་ཐོབ་རྫོགས་ཆེན་རིན་པོ་ཆེ་པདྨ་རིག་འཛིན་ནས་ད་ལྟའི་བར་བརྒྱུད་པའི་བརྒྱུད་པ་དེ་ལྟར་ལགས་སོ། །ངའི་འདིའི་དབང་འདི་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ནས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་བརྒྱུད་པ་དང་། ཁྲིད་ཡིག་བར་དོ་དྲུག་ཁྲིད་དེ་མི་འགྱུར་ནམ་མཁའི་རྡོ་རྗེ་ནས་འཇིགས་མེད་ཡོན་ཏན་མགོན་པོའི་བར་བརྒྱུད་པའི་བརྒྱུད་པ་ནི་རང་ཅག་གི་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་མི་འགྱུར་ནམ་མཁའི་རྡོ་རྗེ་མན་ཆད་འདྲ་འདྲ་ཡིན་ཞིང་། འདིའི་འདོན་ཆའི་བཀླག་ལུང་ནི་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་མདུན་ནས་ཐོབ་པ་ཡིན་ནོ། །ལས་བྱང་གི་འཆད་ཁྲིད་ཀྱི་རྒྱུན་ཟེར་རྒྱུ་ཞིག་ཁ་ཁར་ཐོབ་མ་མྱོང་ལ། སྔོན་ཆད་འདི་འདྲས་ཁྲིད་རྒྱུའི་ཕྱག་སྲོལ་ཡོད་མེད་མི་ཤེས་མོད། སྨིན་བྱེད་དབང་གི་སྐབས་ནས་བསྐྱེད་རིམ་གཙོ་བོར་བྱས་ནས་དབང་ཁྲིད་སྦྲགས་མར་མཛད་པ་ཡིན་ཞིང་། གྲོལ་བྱེད་ཁྲིད་ཀྱི་སྐབས་ནས་རྫོགས་ཆེན་གྱི་ཁྲིད་ཡིག་གཞན་དང་འདྲ་བར་མྱོང་ཁྲིད་ཆིག་བརྒྱུད་མར་མཛད་ནས་གསུངས་པ་ཡིན་ལ། དེའི་ཐོག་ཏུ་ལྗགས་ལུང་ཐོབ་ན་དབང་ཁྲིད་ལུང་གསུམ་གྱི་ནང་དུ་མ་འདུས་པའི་བཀའ་རྒྱ་གསར་པ་ཞིག་ཡོད་པ་མ་ཡིན་ནོ། །དེས་ན་ལས་བྱང་གི་ཐོག་ནས་བསྐྱེད་རྫོགས་ཀྱི་ལམ་ལ་མོས་པ་ཅན་དང་། ད་རེས་བསྙེན་སྒྲུབ་ཀྱི་དགོས་མཁོ། ཁྱད་པར་དུ་སྔགས་ལ་མོས་པའི་གང་ཟག་ལས་དང་པོ་པ་དང་། གྲོང་ཆོག་པ་རྣམས་ལ་བསམ་བློ་རེ་བཏང་ནས་ཤི་བོ་འཁྱག་སྒང་ངེར་སོང་བའི་ཆོས་མེད་ཀྱི་སེམས་ཅན་རྣམ་ཤེས་བར་དོ་ལ་འཁྱམ་བཞིན་ཡོད་པ་དང་། གསོན་པོ་གཟེར་རིལ་ལེར་ཡོད་པའི་དབུགས་ཕར་འཕེན་ཚུར་འཕེན་ལ་འཆི་ཁའི་འཇིགས་སྐྲག་གིས་མནར་བཞིན་ཡོད་པ་རྣམས་ལ་མགོ་མི་གཡོག་པའི་ཆེད་དང་། བསྐྱེད་རྫོགས་ཀྱི་དོན་མ་དགོས་དང་ཚིག་རྗེས་དོན་དྲན་ཙམ་ཞིག་དང་། དེ་མ་དགོས་དང་ཆོ་ག་སྒྲ་དག་སྒྲོས་གཙང་ཀློག་འདོན་གྱི་ས་མཐའ་ར་མཐའ་ཡག་པོ་ཞིག་གཅད་མི་ཤེས་པར་ད་རུང་མིང་ཆེན་པོའི་ཁ་བྱང་རྫུན་མ་རེ་ཡི་ཕག་ཏུ་དད་རྫས་དང་དཀོར་རྫས་ལ་བརྔམས་ཏེ། སྤྱང་རྟ་ཟོས་ཁོག་པ་ལུག་རོས་མི་བརྒྱག་ནས་ཧཱུྃ་གིས་རྟ་ཕཊཿཀྱིས་མཛོ་ཞེས་པའི་དཔེ་ལྟར་ལོག་འཚོས་ཟས་ནོར་སྒྲུབ་པའི་ལག་ཆ་ཆོས་ཀྱིས་བྱེད་པ། གསང་སྔགས་བོན་གྱེར་ཆོས་ལ་དབང་ཟ་བའི་ཉེས་པ་འགོག་པའི་ཆེད་དུ་བསམས་ནས། སྐུལ་བ་པོ་འགའ་རེའི་དགོངས་བཞེད་བཞིན་ད་རེས་ཀྱི་དུས་སྐབས་འདི་དང་བསྟུན་ཏེ་ལས་བྱང་ཆུང་བའི་ཐོག་ནས་བཤད་འཆར་ཡིན་ཞིང་། ལས་བྱང་ཆེ་ཆུང་གཉིས་ཀ་ཚིག་གི་རྒྱས་བསྡུས་ཙམ་མ་གཏོགས་བསྐྱེད་རྫོགས་ཀྱི་དོན་གྱི་འགྲོས་གཅིག་ཡིན་ནོ།།

༼ཀ༽ཐོག་མར་དགེ་བ་ཀླད་ཀྱི་དོན།

༼ཀ མཚན་གྱི་དོན་བཤད་པ།

འདི་འཆད་པ་ལ་ཐོག་མཐའ་བར་གྱི་དགེ་བ་གསུམ་གྱི་ཆིངས་ཀྱིས་བཅིངས་ནས་བཤད་དགོས་པ་ཡིན་ན་འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཚན་བསྟན་པ། ཕྱག་འཚལ་བ། བསྟན་པར་དམ་བཅའ་བ་དང་གསུམ་ཡོད་པའི་དབང་དུ་བྱས་ན་དང་པོ་མཚན་ནི། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཚོར་བ་རང་གྲོལ་གྱི་སྙིང་པོ་བཞུགས་སོ༔ ཞེས་གསུངས་ཏེ། མཚན་དོན་འགྲེལ་ན་ཟབ་ཆོས་ཞེས་གསུངས་པ་ནི་ཐེག་པ་ཐམས་ཅད་ཀྱི་རྩེ་མོ། ནང་རྒྱུད་ཡོ་ག་གསུམ་གྱི་ཡང་སྙིང་། འཇམ་དཔལ་སྒྱུ་དྲྭ་ལས། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་གསུངས་པ་ལྟར་མན་ངག་ཐམས་ཅད་ཀྱི་གནད་དྲིལ་བའི་གདམས་པ་ཟབ་མོ་གསེར་ཆོས་ཡིན་པས་ན་ཟབ་ཆོས་སོ། །ཞི་ཁྲོ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་གསུམ་དང་རྣམ་པར་འཕྲུལ་བ་དང་། དེ་དང་དེའི་ཞིང་ཁམས་ཚད་མེད་པའི་ནམ་མཁས་གར་ཁྱབ་ལ་ཆོས་སྐུ་དང་ལོངས་སྐུས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལ་སྤྲུལ་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་ཡོད་པ་ཡིན་ལ། གདུལ་བྱའི་སེམས་ཅན་གང་དང་གང་ལ་འདུལ་བྱེད་ཀྱི་རྣམ་རོལ་དེ་དང་དེར་སྣང་བའི་ཞི་བ་དང་ཁྲོ་བོའི་སྐུའི་རྣམ་པ་དང་ཆ་ལུགས་སུ་སྣང་བ་ལ་ཞི་ཁྲོ་ཞེས་བྱའོ། །ཡང་ན་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ཐད་ནས་མཐའ་དབུས་བྲལ་བའི་འོག་མིན་ཆེན་པོའི་ཞིང་ཁམས་ན་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་ཕྱི་དང་ནང་མེད་པ་ན། གསང་སྙིང་ལས། རྡོ་རྗེའི་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་གསུངས་པ་ལྟར་དུ་ཡེ་ཤེས་ལྔའི་རང་བཞིན་རིགས་ལྔར་ཤར་བའི་གཙོ་འཁོར། གཅིག་ལས་དུ་མར་ཤར་བའི་ཞི་བའི་དཀྱིལ་འཁོར་གྱི་ལྷ་ཚོགས། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞི་བའི་དཀྱིལ་འཁོར་བཞི་བཅུ་གཉིས། །སྐུ་ནི་སྣང་ལ་རང་བཞིན་མེད། །ཆ་ཕྲ་འོད་གསལ་སྙིང་ཁར་བཞུགས། །ཞེས་དང་། གདངས་ཀྱི་ཁྲག་འཐུང་ལྔ་བཅུ་བརྒྱད། །དུང་ཁང་བྷནྡྷའི་གཞལ་ཡས་ན། །ཞེས་གསུངས་པ་ལྟར་དུ་རྣལ་འབྱོར་བའི་རྡོ་རྗེའི་ལུས་གདན་གསུམ་ཚང་བའི་ཕུང་ཁམས་སྐྱེ་མཆེད་ལ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཡེ་ནས་ཚང་ཡོད་པ་དང་། སྣོད་བཅུད་དག་མཉམ་ཆེན་པོ་སྐུ་དང་ཞིང་ཁམས་ཡེ་ནས་གྲུབ་བཞིན་དུ་ཡོད་པའི་ལྷ་ཚོགས་ཞི་བ་དང་ཁྲོ་བོ། གདུལ་བྱའི་ཁམས་ལ་ཡང་དེ་བཞིན་དུ་སྣང་བཞིན་དུ་ཡོད་པ་ཡིན་ནོ། །འདི་སྣང་བའི་སྣང་ལུགས་ལ་བསམ་ན་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་ཚུལ་དུ་སྣང་ལ། དེ་ཇི་ལྟར་ཡིན་ཞེ་ན། ཆོས་སྐུས་ཆོས་དབྱིངས་ཀྱིས་གར་ཁྱབ། ལོངས་སྐུས་ནམ་མཁས་གར་ཁྱབ། སྤྲུལ་སྐུས་གདུལ་བྱའི་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལ་ཁྱབ་པར་མཛད་དེ་ཞི་དང་ཁྲོ་བོ་མི་ཟད་རྒྱན་འཁོར་སྣ་ཚོགས་ཀྱི་ཚུལ་གྱིས་སྣང་བ་ཡིན་ནོ། །འདི་ནས་ཟབ་ཆོས་ཞི་ཁྲོ་ཞེས་གསུངས་པའི་སྐབས་སུ་དེ་ལྟ་བུ་ཟབ་དང་རྒྱ་ཆེ་གཏིང་དཔག་དཀའ་བའི་སངས་རྒྱས་ཀྱི་རོལ་བ་རྨད་དུ་བྱུང་བ། གསང་བ་བསམ་གྱིས་མི་ཁྱབ་པ། ཀུན་ཏུ་བཟང་པོའི་ཐུགས་བཅུད། སྐུ་གསུམ་གསང་བ་གསུམ་གྱི་བྱིན་རླབས་ཀྱི་བཅུད། དགུ་ལྡན་བརྒྱུད་པའི་དགོངས་པའི་ཀློང་ནས་གནད་དུ་དྲིལ་ཏེ་སྒྲ་ཚིག་གི་ལམ་དུ་འཕོས་ནས་རྒྱུད་སྒྲུབ་ཐབས་དང་འབྲེལ་བའི་ཆོས་བཀའ་གསུངས་པ་ཞིག་ལ་གོ་དགོས་སོ། །རང་རེས་རྒྱུད་སྡེ་དང་སྒྲུབ་སྡེ་ཞེས་བཤད་པའི་སྐབས་སུ་སྤྱིར་བཤད་ཐབས་གསལ་བྱེད་ཀྱི་མན་ངག་རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབ་ལྔ། སྒྲུབ་ཐབས་ཀྱི་སྦྱོར་ལུགས་ལྔ་སོགས་དང་འབྲེལ་ནས་བཤད་དགོས་ཤིང་། རྒྱུད་ཀྱི་ཆིངས་ལྔ་ལ་མཚོན་ན་ཁོག་འབུབ་སྟོང་ཐུན་གྱི་ཆིངས། ས་གཅོད་ཚོམ་གྱི་ཆིངས། འགྲེལ་བ་འབྲུ་གནོན་གྱི་ཆིངས། ཊཱི་ཀ་བསྡུས་དོན་གྱི་ཆིངས། ལག་ལེན་མན་ངག་གི་ཆིངས་ཏེ་དེ་རྣམས་ཀྱིས་བཅིངས་པའི་ཐོག་ནས་བཤད་དགོས་སོ། ལུང་གི་སྡེབ་ལྔ་གང་ཡིན་ཞེ་ན། རྒྱུད་ལུང་སྒྲུབ་ཐབས་ཕྲིན་ལས་ལག་ལེན་རྣམས་ཁ་མི་ཕྲལ་ནས་གང་དང་གང་ལག་ལེན་ལ་འདེབས་ལུགས་ལ་གསུངས་པ་ཡིན་ལ། དེ་ཡང་རྒྱུད་ལུང་ལ་སྡེབ། ལུང་སྒྲུབ་ཐབས་ལ་སྡེབ། སྒྲུབ་ཐབས་ཕྲིན་ལས་ལ་སྡེབ། ཕྲིན་ལས་ལག་ལེན་ལ་སྡེབ། ལག་ལེན་ཉམས་མྱོང་ལ་སྡེབ་རྒྱུ་དེ་རྣམས་ཡིན་ནོ། །སྒྲུབ་ཐབས་ཁྱད་པར་དུ་བཤད་པའི་སྐབས་སུ་སྒྲུབ་ཐབས་ཀྱི་སྦྱོར་ལུགས་ལྔ་དེ་ངེས་པར་འབྲེལ་དགོས་པས། རྩ་བ་སྒྲུབ་ཐབས་དང་སྦྱོར། སྒྲུབ་ཐབས་ཕྲིན་ལས་དང་སྦྱོར། ཕྲིན་ལས་སྒོམ་ཁོག་དང་སྦྱོར། སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར། ཏིང་ངེ་འཛིན་གདམས་པ་དང་སྦྱོར་བ་དེ་ལྟར་ཡིན་ནོ། །དགོངས་པ་རང་གྲོལ་གྱི་ཞེས་པ་ནི་གོང་ནས་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཡི་གདུལ་བྱའི་སེམས་ཅན་གྱི་སྣང་ངོར་ཞི་ཁྲོའི་ལྷ་ཚོགས་གསུངས་པ་ལྟར་གྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་ཏུ་བཟང་པོ་ཡེ་ཇི་བཞིན་པ། ཀུན་བཟང་ཀློང་ན་མི་བཟང་གཅིག་ཀྱང་མེད། །ཅེས་གསུངས་པ་དང་འདྲ་བར་ཆོས་སྐུའི་དགོངས་པ་དེ་ཡེ་གྲོལ་མཉམ་པ་ཆེན་པོ་དང་པོ་ཉིད་ནས་འཆིང་མ་མྱོང་བས་དགྲོལ་བྱ་དང་འགྲོལ་བྱེད་མེད་པའི་རང་གྲོལ། ཆོས་དབྱིངས་ཀྱི་དགོངས་པ་མི་གཡོ་མཁའ་མཉམ་ལ་ཁྱབ་པའི་བདག་ཉིད་གང་ཡིན་པ་སྟེ། དེ་ཉིད་སྐུ་གསུམ་སྟོན་པས་གསང་གསུམ་གྱི་ཐོག་ནས་འགྲོ་བ་ལ་བསྟན་ཡོང་དུས་མི་ཟད་རྒྱན་འཁོར་ཇི་ལྟ་བུའི་སྒོ་ནས་བཀོད་ཅེ་ན། ནང་གསལ་ཕྲ་བའི་ཡེ་ཤེས་འབྲས་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཆོས་སྐུའི་སྐབས་སུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྐུ་མི་ཟད་ཞལ་ཕྱག་གི་མཚན་མ་ལས་འདས་པ། གསུང་མི་ཟད་སྒྲ་ཚིག་གི་རྣམ་པས་ཉན་དུ་མི་བཏུབ་པའི་བརྗོད་མེད་བརྗོད་བྲལ་སྐྱེ་བ་མེད་པའི་གསུང་། ཐུགས་མི་ཟད་ནང་གསལ་ཡེ་ཤེས་ལྔའི་ལྡོག་ཆ་ཙམ་དུའང་བཤད་རྒྱུ་མེད་པའི་སྤྲོས་པ་ཐམས་ཅད་ཞི་བའི་དབྱིངས་འདུས་མ་བྱས་པ། ལོངས་སྐུའི་སྐབས་སུ་ནམ་མཁའི་མཐའ་ཀླས་ཀྱི་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་དུ་སྐུ་མི་ཟད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ནམ་མཁའ་ལྟ་བུ། གསུང་མི་ཟད་ཞལ་གྱི་དཀྱིལ་འཁོར་ལས་འོད་ཟེར་འཕྲོས་པ་ཙམ་གྱིས་བརྗོད་བྱའི་དོན་ཁོང་དུ་ཆུད་ནུས་པ། ཐུགས་མི་ཟད་ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་མཚན་ཉིད་དུ་བཞུགས་པ་དེ་ལྟ་བུ་དང་། སྤྲུལ་སྐུའི་སྐབས་སུའང་གདུལ་ཞིང་འགྲོ་དྲུག་གི་གནས་ནམ་མཁའི་ཁམས་དང་མཉམ་པ་ལ་སྐུ་མི་ཟད་གང་ལ་གང་གིས་འདུལ་བ། གསུང་མི་ཟད་འགྲོ་དྲུག་སོ་སོའི་སྒྲ་སྐད་དང་། ཐུགས་མི་ཟད་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱས་པས་འགྲོ་བའི་དོན་མཛད་པ་དེ་ལྟར་ཡིན་ནོ། །དེ་ལྟར་ན་སྒྱུ་འཕྲུལ་ལེ་ལག་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་པ་ལྟར་དུ་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་བཤད་ན་གཞི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན། ལམ་བསྐྱེད་རྫོགས་གཉིས་སུ་མེད་པ་སྤང་བླང་རེ་དོགས་ལས་འདའ་བར་བྱེད་པ། འབྲས་བུ་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་མཐར་ཕྱིན་པར་བྱེད་པའི་གཞི་ལམ་འབྲས་གསུམ་རྫོགས་པའི་དགོངས་པ་རང་གྲོལ་གྱི་ཞེས་དང་། ལས་བྱང་ཞེས་གསུངས་ཏེ་ལས་ནི་ཀརྨ་ཞེས་པའི་སྒྲ་ལས་དྲངས་ན་ཕྲིན་ལས་ལ་འཇུག་ཅིང་། ཞི་རྒྱས་དབང་དང་དྲག་པོའི་ལས་བཞིའི་ཕྲིན་ལས་སྒྲུབ་པའི་སྒྲུབ་ཐབས་མན་ངག་དང་འབྲེལ་བའི་བྱང་བུ། བྱེད་ལས་ཀྱི་ཆ་ནས་མཚན་བཏགས་པའི་ཚོར་བ་རང་གྲོལ། འགྲོ་བ་གང་གིས་འདིའི་སྒྲ་ཙམ་ཞིག་རྣ་བས་འདུས་ཏེ་རེག་པའི་ཚོར་བ་ཙམ་གྱིས་ཀྱང་ཨོ་རྒྱན་ཆེན་པོས། ཐོས་པ་ཙམ་གྱིས་གྲོལ་བ་བྱེད་པའི་ཆོས། །ཞེས་གསུངས་པ་ལྟར་ཡིན་ནོ། །ས་ཆ་འགའ་རེས་འདིའི་གླེགས་བམ་ལ་ཞི་ཁྲོ་ཞེས་དཀྱིལ་འཁོར་གྱི་ལྷའི་ཆ་ནས་མཚན་བཏགས་ལ། འགའ་རེས་ཐོས་གྲོལ་ཞེས་བྱེད་ལས་སམ་ནུས་པའི་ཆ་ནས་མཚན་བཏགས་པ་དང་འདྲ་བར་བསྟན་པ་བུ་གཅིག་གི་རྒྱུད་ལས། བཀླགས་པས་ཐོས་ཚད་འཚང་རྒྱ་བས། །དེ་ཕྱིར་ཐོས་གྲོལ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཚོར་བའམ་ཐོས་པ་ཙམ་གྱིས་གྲོལ་བར་བྱེད་པའི་ཆོས་ཡིན་པས་ལས་བྱང་གི་མཚན་ལ་ཚོར་བ་རང་གྲོལ་ཞེས་ངེས་བཟུང་མཛད་པ་ཡིན་ནོ། །ད་རུང་ལས་བྱང་ཆེ་བ་ལ་རྩར་ཕྲེང་ཞེས་གསུངས་པ་ནི་ཞི་ཁྲོ་འདུས་པའི་དཀྱིལ་འཁོར་གཅིག་སྒྲུབ་ཀྱི་ཆོ་ག ངོ་བོ་དང་གདངས་ཙམ་ལས་ཤར་བའི་ཞི་ཁྲོའི་ལྷ་ཚོགས་གཙོ་འཁོར་དང་བཅས་པ་དཀྱིལ་འཁོར་གཅིག་ཏུ་འདུས་པའི་རྩ་བའི་ལས་བྱང་ཆོ་གའི་རིམ་པ་ཕྲེང་བསྟར་དུ་བཀོད་པ་ཞེས་གསུངས་པ་ཡིན་ནོ། །འོ་ན་འདི་རྩར་ཕྲེང་མ་ཡིན་ནམ་སྙམ་ན། སྙིང་པོ་བཞུགས་སོ་ཞེས་པའི་སྙིང་པོ་གསུང་རྒྱུའི་ཚིག་དེ་འདི་ལ་ཡར་ལྷག་ཡོད་ཅིང་། ལས་བྱང་རྩར་ཕྲེང་རྒྱས་པ་དེ་ཉིད་འཁྱེར་བདེ་བའི་ཆེད་དུ་ཚིག་སྣ་བསྡུས་ཏེ་སྙིང་པོ་གནད་དུ་བསྡུས་པ་ལ་གོ་དགོས་སོ། །བཞུགས་སོ་ཞེས་པ་ནི་འདིར་མཆིས་པའམ་འདི་ན་ཡོད་པའི་ཞེ་སའི་ཚིག་ཅིག་ཡིན་ནོ། །མིང་མེད་ན་འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར་བ་ཡིན་ལ། འདི་ན་ཡོད་པའི་ལྷ་ཁང་གང་པོ་ལ་མི་རེ་ལ་མིང་རེ་མེད་ན་བོས་ནས་གོ་བརྡ་འཕྲོད་ཐབས་ཡོད་པ་མ་ཡིན་ཞིང་། ང་དང་ཁྱོད་ཅེས་པ་ཙམ་ཞིག་མེད་ན་བླང་དོར་གྱི་གནས་བསྟན་མི་ནུས་པར་མ་ཟད་བྱ་བ་ཐམས་ཅད་ལོང་བསྙབས་སུ་འགྱུར་བ་ཡིན་ནོ། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར་བ་དེ་ཉིད་བསལ་བའི་སླད་དུ་མགོན་པོ་ཐབས་ལ་མཁས་པ་དེ་ཉིད་ཀྱིས་ཆོས་རྣམས་མིང་དུ་གདགས་པར་མཛད་པའི་སྲོལ་དེ་མཛད་ཅེས་འཕགས་པ་ཀླུས་གསུངས་པ་ལྟར་དུ་ཆོས་རྣམས་མིང་དུ་གདགས་པར་མཛད་པ་ཡིན་ལ། མཚན་བཏགས་པའི་དགོས་པ་དབང་པོ་རྣོ་རྟུལ་འབྲིང་གསུམ་དང་སྦྱར་བའི་སྤྱི་འགྲོས་ལྟར་དུ་བྱས་ན་དེ་ལྟར་ཡིན་ནོ།།

༼ཁ ཕྱག་འཚལ་བ།

དེ་ཡན་ཆད་ཀྱིས་མཚན་བསྟན་པ་སོང་ནས་ད་ནི་གཉིས་པ་ཕྱག་འཚལ་བ་ནི། ཞི་ཁྲོ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ ཞེས་གསུངས་ཏེ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་མེས་ཀུན་ཏུ་བཟང་པོ་དང་། ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན་དཔལ་ཆེ་མཆོག་ཧེ་རུ་ཀ་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པའི་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར། ཞི་བ་དང་ཁྲོ་བོའི་སྤྲིན་རབ་འབྱམས་ཀྱི་ལྷ་ཚོགས། ཞི་བ་བཞི་བཅུ་རྩ་གཉིས་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དེ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས། དེ་ཡང་ཡེ་ཤེས་ཀྱིས་བསྐུལ་བའི་གཙོ་བོ་གཅིག་གི་ཆོ་འཕྲུལ་ཡིན་པས་རང་ལས་ཤར་བའི་ལྷ་ཚོགས་དཀྱིལ་འཁོར་གཅིག་ཏུ་འདུས་པས་ན་ཞི་ཁྲོ་འདུས་པ་སྟེ། དཔེར་བཞག་ན་གསེར་གྱི་བྱང་བུ་གཅིག་གི་ངོས་ལ་ལྷ་ཚོགས་གཙོ་འཁོར་མང་པོ་ཞིག་གི་རི་མོ་བཀོད་ཡོད་ན་ཐམས་ཅད་གསེར་གྱི་བྱང་བུ་གཅིག་ལས་མ་འདས་པ་བཞིན་དུ་སྣོད་བཅུད་དག་མཉམ་ཆེན་པོ་བདེ་ཆེན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞི་ཁྲོའི་དཀྱིལ་འཁོར་གཅིག་ཏུ་འདུས་པ་དེ་གང་བཤད་པར་བྱ་བའི་ཆོས་དང་། ཕྱག་འཚལ་བའི་ཡུལ་དང་། སྒྲུབ་པ་ཕྲིན་ལས་ལ་སོགས་པའི་གཞིར་གྱུར་པ་དེ་ཉིད་ཡིན་ནོ། །ཕྱག་འཚལ་བ་འདི་ལ་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་གྱིས་ཕྱག་འཚལ་ལུགས་ལ་ཀུན་རྫོབ་བརྡ་ཡིས་ཕྱག་འཚལ་བ་དང་། དོན་དམ་ཆོས་ཉིད་ཀྱིས་ཕྱག་འཚལ་བ་གཉིས་ཀ་སྦྱར་ནས་བཤད་ན་དབང་པོ་ཐ་མ་དང་འབྲིང་དུ་གྱུར་བའི་གང་ཟག་གིས། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་དུ་སྤྱོད་པ་མོས་གུས་ཀྱི་ཕྱག་དང་སྒོམ་པ་གོམས་པའི་ཕྱག་འཚལ་ལ། དབང་པོ་རབ་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པ་ལྟར་རང་རིག་རང་གྲོལ་གྱི་དགོངས་པ་རང་ལས་རྙེད་པ་རབ་ལྟ་བ་མཇལ་བའི་ཕྱག་དང་སྦྱར་ནས་བཤད་རྒྱུ་ཡིན་ནོ།།

༼ག བསྟན་པར་དམ་བཅའ་བ།

གསུམ་པ་བསྟན་པར་དམ་བཅའ་བ་ནི། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྐལ་ལྡན་བློ་དམན་དོན་དུ་ནི༔ ཞི་ཁྲོ་འདུས་པའི་ལས་བྱང་བསྟན༔ ཞེས་གསུངས་ཏེ། འདི་རྒྱུད་འབྱུང་གི་གླེང་གཞི་དང་འབྲེལ་བར་ཕུན་སུམ་ཚོགས་པ་ལྔ་ཡི་ཐོག་ནས་འགྲེལ་ན་དུས་གསུམ་སངས་རྒྱས་འདུས་པའི་སྤྱི་གཟུགས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དེ་ཉིད་བོད་ཡུལ་དབུས་སུ་བྱོན། ཕྱི་རབས་མོས་པའི་བུ་ལ་ཆེད་དུ་བསྩལ་བའི་བཀའ་རྟགས་མི་ཉམས་པའི་བརྡ་རུ་བདག་འདྲ་གསུངས་ཏེ་སྐུ་དངོས་ཀྱི་བདག་རྐྱེན་ལས་བྱུང་བའི་ཁྱད་པར་མཚོན་པའི་ཆེད་དུ་མཚན་ཁོལ་འདོན་མཛད་དེ་པདྨ་འབྱུང་གནས་ཞེས་གསུང་རྒྱུ་འདིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ལ། སྐལ་ལྡན་བློ་དམན་གསུང་རྒྱུ་འདིས་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །འདིའི་སྐབས་སུ་དོགས་པ་སྐྱེ་རྒྱུ་ཞིག་ལ་སྐལ་ལྡན་ཡིན་ན་བློ་དམན་ཇི་ལྟར་ཡིན། བློ་དམན་ཡིན་ན་འཁོར་ཕུན་སུམ་ཚོགས་པའི་མཚན་ཉིད་ཇི་ལྟར་ཚང་སྙམ་པའི་དོགས་པ་སྐྱེ་སྲིད་མོད། སྤྱིར་ན་གསང་སྔགས་ཀྱི་སྐབས་ནས་གསུངས་པའི་དབང་པོ་རྣོ་རྟུལ་དང་བློ་མཆོག་དམན་དེ། ཚེ་འདིའི་ཐོས་བསམ་སྦྱངས་པ་ལ་ལྟོས་ནས་ཤེས་མཁན་ཞིག་ལ་གསུངས་པ་མ་ཡིན་ལ། སྔགས་ཐུན་མིན་གྱི་གདུལ་བྱར་གྱུར་ཚད་དེ་ཉིད་དབང་རྣོན་ཡིན་ཞིང་། དེས་ན་དེ་ཡིན་པའི་ངོས་ནས་འདིའི་སྐབས་སུ་སྐལ་ལྡན་ཞེས་གསུངས་སོ། །དེ་མ་ཐག་ཏུ་བློ་དམན་ཞེས་འབྱུང་རྒྱུ་འདི་ཉན་རང་གི་གདུལ་བྱའི་རིགས་ཅན་ལྟ་བུའི་བློ་ཆུང་ངམ་སྔགས་ཀྱི་གདུལ་བྱར་མ་གྱུར་བའི་བློ་དམན་ལ་གསུངས་པ་མ་ཡིན་ལ། ཐེག་ཆེན་སྔགས་ཀྱི་གདུལ་བྱར་གྱུར་པ་ཙམ་གྱིས་མ་ཚད་པར་ནང་རྒྱུད་ཡོ་ག་གསུམ་གྱི་གདུལ་ཞིང་དུ་གྱུར་པའི་གང་ཟག་དེ་དབང་རྣོན་བློ་མཆོག་ཡིན་པ་གཞིར་བཞག་གི་ཐོག་ནས་འདི་ནས་བློ་དམན་ཞེས་གསུང་རྒྱུ་དེ་གང་ཟག་སྨོད་པའི་ཆེད་མ་ཡིན་པར་ཆོས་ཀྱི་ཆེ་བ་འདོན་པའི་ཆེད་ཡིན་ནོ། །དུས་ཡུན་རིང་གི་མཐའ་བསྒུགས་ནས་གདུང་བས་དབང་པོ་ཚར་གཅད་རྒྱུའི་དཀའ་ཐུབ་དྲག་པོ་བསྟེན་མི་དགོས་པར་བདེ་བླག་ཏུ་འཚང་རྒྱ་བའི་ཆོས་ཡིན་པར་བསྟན་ལ། ཐོས་པ་ཙམ་གྱིས་གྲོལ་བར་བྱེད་པའི་ཆོས་ཡིན་ཞེས་པའི་ལུང་དོན་འདི་ནས་དྲན་དགོས་ཤིང་། དེའི་ཕྱིར་ན་འཁོར་ཕུན་སུམ་ཚོགས་པ་བསྟན་པ་དེ་ཤུགས་ལ་གྲུབ་ཡོད་དོ། །གསང་སྔགས་ཀྱི་ཆོས་འཆད་ཉན་བྱེད་པའི་སྐབས་སུ་མཐའ་དྲུག་ཚུལ་བཞིས་མན་ངག་དང་ལྡན་པས་ཁོག་དབུབ་སྟོང་ཐུན་གྱི་ཆིངས་ཀྱིས་བཅིངས་ནས་ཁྱུང་ནམ་མཁའ་ནས་འཕུར་བ་དང་འདྲ་བར་སྤྱི་རྒྱ་རླབས་ཀྱིས་བཅད་ནས་བཤད་དགོས་མ་གཏོགས་ཚིག་རེ་རེ་གཉིས་རེ་ཡི་ལམ་འབར་འབུར་གྱི་རྡོ་སྤོ་ཐོ་རེ་ལ་ཐོགས་བསྡད་ན་དོན་ཐོག་ནས་མ་དགོས་ཚིག་ཐོག་ནས་ཐར་རྒྱུ་མེད་དོ། །དོན་དུ་ནི་ཞེས་པ་འདིས་དགོས་པ་དང་ཉིང་དགོས་བསྟན་ཅིང་། བརྗོད་བྱ་དང་འབྲེལ་བ་ཞོར་དུ་གོ་དགོས་ལ། དགོས་པ་བརྗོད་བྱ་རྟོགས་པ་ལ་རག་ལས་ན་དེ་རྗོད་བྱེད་ལ་ཐུག་ཡོད་པས་བརྗོད་བྱ་རྗོད་བྱེད་གཉིས་ཀ་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དགོས་པ་གཉིས་ཀ་ཐབས་དང་ཐབས་བྱུང་། དེའི་སྟབས་ཀྱིས་དགོས་པ་ཉིང་དགོས་གཉིས་ཀ་དེ་ལས་དེ་བྱུང་དང་། ཉིང་དགོས་བརྗོད་བྱ་གཉིས་ཀ་ངོ་བོ་བདག་གཅིག་གི་འབྲེལ་བར་དེ་ལྟར་དུ་གྲུབ་པ་ཡིན་ནོ། །ཞི་ཁྲོ་འདུས་པའི་ལས་བྱང་ཞེས་པ་འདིས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་དང་། གནས་དུས་གཉིས་ཀ་ཤུགས་ལ་གོ་བར་མཛད་ཅིང་། བསྟན་ཞེས་པ་འདི་བསྟན་པར་དམ་བཅའ་བའི་ཚིག་ཡིན་ལ། འདིའི་ཚིག་རྐང་གསུམ་གྱིས་རྒྱུད་འབྱུང་གི་གླེང་གཞི་ཡང་དེ་ལྟར་དུ་གོ་ཐུབ་བོ།།

༼ཁ༽བར་དུ་དགེ་བ་གཞུང་གི་དོན།

༼ཀ༽ དང་པོ་སྔོན་འགྲོའི་ལེའུ།

དེ་ཡན་ཆད་ཀྱིས་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ཞིང་། གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་ཐུག་པ་ཡིན་ལ། འདི་ལས་བྱང་ཆེ་བའི་ནང་ན་ལེའུ་ས་བཅད་བཅོ་བརྒྱད་ཀྱིས་བསྟན་ཡོད་པ་ཞིག་ཡིན་ནོ། །འདི་ནས་སྙིང་པོ་ཚུར་བསྡུས་ནས་འདི་ལ་སྤྱིའི་ཁོག་འབུབ་ཀྱི་ཆིངས་བསྟན་པ་ནི། འདི་ལ་ལེའུ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ ཞེས་པ་འདིས་བསྟན་པ་ཡིན་ནོ། །འདིའི་སྔོན་འགྲོ་ལ་ནང་གསེས་ཀྱི་ས་བཅད་གསུམ། དངོས་གཞི་སྟོད་ལས་ལ་བདུན། རྗེས་སྨད་ལས་ལ་བདུན། དེའི་ཐོག་ཏུ་རྫོགས་རིམ་བསྡུ་བ་བརྩིས་ན་ནང་གསེས་ས་བཅད་བཅོ་བརྒྱད་ཀྱིས་བསྟན་ཏོ། །དེའི་ནང་གི་སྔོན་འགྲོའི་ཆིངས་བསྟན་པ་ནི། དང་པོ་སྔོན་འགྲོ་ལ་ཡང་གསུམ༔ བཀའ་བསྒོ་མཚམས་གཅོད་བྱིན་བརླབ་བོ༔ ཞེས་གསུངས་པ་ཡིན་ནོ། །

༼ཀ༽ དང་པོ་བགེགས་ལ་བཀའ་བསྒོ་བ།

ནང་གསེས་དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཞེས་མཚམས་སྦྱར་ཏེ།

ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔

འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔

ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷ༔

རབ་ཏུ་གང་ནས་འོད་འཕྲོས་པས༔

ཞེས་གསུངས་ཏེ། ཧཱུྃ་ཡིག་འདི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་མི་ཤིགས་པའི་ཐུགས་གསང་མཚོན་བྱེད་ཀྱི་ཡི་གེ་དེས་སྣ་དྲངས་ནས། གདུག་ཅན་འཁྲུལ་བའི་དགྲ་བགེགས་སྔངས་ཤིང་སྐྲག་པར་བྱེད་པའི་དོན་དང་། ཕྱི་རོལ་དུ་བསྐྲད་པའི་དོན་དུ་ང་ཉིད་ཅེས་པ་བསྐྱེད་རིམ་གྱི་སྤྲོ་གཞི་བཀོད་ནས་ལྷའི་ང་རྒྱལ་རང་སེམས་རྟོག་པ་དང་བྲལ་བའི་ངང་ནས་རང་རིག་གཉུག་མ་མི་ཤིགས་པའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཐུགས་སྙིང་རྗེ་ཆེན་པོའི་རང་རྩལ་ཡེ་ཤེས་ལྔའི་འོད་དང་འོད་ཟེར་ཁ་དོག་སྣ་ཚོགས་ཅན་ཕྱོགས་བཅུ་ཐམས་ཅད་དུ་འཕྲོས་ཞེས་ཚིག་གི་འབྲུ་བཅོམ་ན་དེ་ལྟ་བུ་ཞིག་ཡིན་ལ། འོན་ཀྱང་དེ་ཙམ་ཞིག་བཤད་པས་དོན་གྱི་འགག་ངོ་མ་ནི་ཁྲོལ་དཀའ་བ་ཞིག་ཡིན་ནོ། །དེས་ན་ང་ཉིད་ལྷ་ཡི་ང་རྒྱལ་ཞེས་གསུངས་པ་འདི་ང་བདག་གཟུང་འཛིན་དང་བྲལ་བའི་སེམས་ཉིད་ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་ཡེ་ནས་འཁྲུལ་མ་མྱོང་བའི་དབང་གིས་སྣང་སྲིད་ཡེ་སངས་རྒྱས་པའི་རང་བཞིན་དུ་ལྟ་བ་དེའི་ཐོག་ནས་དེ་དང་མཚུངས་པའི་སྒོམ་པ་དང་སྤྱོད་པ་ལ་སོགས་པ་ཐམས་ཅད་ཀྱང་གནད་གཅིག་ཏུ་རང་ཤུགས་ཀྱིས་འདུ་ལ། དེ་སྔགས་ནང་པ་ཡོ་ག་རྣམ་གསུམ་ཐུན་མོང་གི་བཞེད་པ་ཡིན་ཞིང་། དེའི་སྟབས་ཀྱིས་ཁྱད་པར་དུ་རྒྱུད་མ་ཧཱ་ཡོ་གའི་སྐབས་སུ་དམིགས་ཀྱིས་བཀར་ནས་སྣང་བ་ལྷ་རུ་སྒྲུབ་པ་དང་ཡུལ་ཅན་ཡེ་ཤེས་སུ་སྒྲུབ་པ་འདི་འབྱུང་བ་ཡིན་ནོ། །ང་ཉིད་ལྷ་མ་ཡིན་པ་ཞིག་ལྷའི་ང་རྒྱར་བཟུང་བས་དེས་འབྲས་བུ་འབྱིན་མི་ནུས་མོད། ཆོས་ཐམས་ཅད་ཡེ་ནས་ལྷ་ཡིན་གསུངས་ལ། མ་དག་འཁོར་བའི་སྣང་ཤས་འདི་ངོ་མས་བཤད་ན་སྡུག་ཀུན་གྱིས་བསྡུས་པའི་སྣང་བ་འདི་ལས་གཞན་ཞིག་ཏུ་མེད་ཅིང་། དོན་དམ་དཔྱོད་པའི་ཚད་མའི་ངོར་བདག་གཉིས་ཀྱིས་སྟོང་བའི་དབྱིངས་དང་ཟུང་དུ་འཇུག་པའི་སྣང་བ་ལ་སྡུག་ཀུན་གྱིས་བསྡུས་པའི་མ་དག་པའི་མིང་ཙམ་ཡང་མེད་པར་རང་བཞིན་གྱིས་དག་པར་གནས་སོ། །དེ་ལྟ་བུ་སྟོང་ཉིད་མཉམ་པ་ཆེན་པོའི་རང་བཞིན་དུ་མ་གྱུར་པའི་ཆོས་ཤིག་མེད་པས་སྣང་སྲིད་ཡེ་ནས་དག་པ་ཆེན་པོར་གྲུབ་ཅིང་། འདིའི་དག་ལུགས་འདི་སྟོང་ཆ་དོན་དམ་གྱི་ཐད་ནས་དག་ཅེས་བརྗོད་པ་ཙམ་ཞིག་མ་ཡིན་པར་ཐ་སྙད་ཙམ་དུའང་སྟོང་པ་དང་དབྱེར་མེད་པའི་ཇི་ལྟར་སྣང་བ་དེ་ཉིད་ཡེ་ནས་དག་པ་ཡིན་པས་ཀུན་བཟང་བདེ་བ་ཆེན་པོའི་རང་བཞིན་ལ་མི་བཟང་བའི་དུས་མེད་པར་བསྟན་པ་ཡིན་ནོ། །དེས་ན་ང་ཉིད་ཡེ་ནས་ལྷ་ཡིན་པ་ལ་ལྷའི་ང་རྒྱལ་ལམ་དེ་ལྟར་ཡིན་པ་ལ་ཡིན་པར་རང་ངོ་ཤེས་པའི་སྒོ་ནས་བསྐྱེད་རིམ་གྱི་གཞི་བཏིང་བ་ལ་ང་ཉིད་ལྷ་ཡི་ང་རྒྱལ་གྱིས་ཞེས་གསུངས་སོ་སྙམ་པའི་གོ་བ་དང་ངེས་ཤེས་དེ་ལྟར་ཡོད་དགོས་སོ། །དེ་ཡང་བསྐྱེད་རིམ་གྱི་སྐབས་སུ་ལྷ་ཡིན་པར་སྒོམ་དུས་ལྷ་ཡིན་པ་དང་ལྷ་མི་སྒོམ་དུས་ལྷ་མིན་པ་དེ་འདྲ་མ་ཡིན་པར་རྒྱུ་འབྲས་དབྱེར་མེད་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བལྟ་རྒྱུའི་གོ་བའི་གདིང་ལེན་དགོས་ལ། སྣང་བ་ལྷར་བསྒྲུབ་རྒྱུ་འདི་ལུང་དང་། རིགས་པ། མན་ངག་གསུམ་གྱི་ཐོག་ནས་བསྒྲུབས་ཡོད་དོ། །ལུང་ཅི་འདྲ་ཡོད་ཅེ་ན། སངས་རྒྱས་མཉམ་སྦྱོར། གསང་བ་འདུས་པ། སྒྱུ་འཕྲུལ་དྲ་བ་ལ་སོགས་པ་དང་། དེའི་ལུང་དོན་རིགས་པའི་བཀའ་ལུང་ཚད་མ་སློབ་དཔོན་ཆེན་པོའི་མན་ངག་ལྟ་ཕྲེང་ལ་སོགས་པའི་ནང་ན་གསུངས་ཡོད་དོ། །ལུང་གིས་ཇི་ལྟར་གསུངས་ཡོད་ཅེ་ན། སྒྱུ་འཕྲུལ་གྱི་ནང་དུ། སྲིད་པ་གསུམ་ནི་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་གྱུར་པའི་ཆོས་མི་བཙལ། །ཞེས་གསུངས་ཤིང་། ཡང་དེ་མ་ཐག་ཏུ། ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས་སོ། །རིགས་པའི་འཐད་ཚུལ་གྱི་ཐད་ནས་ཡིན་ན་སྤྱིར་ལྷ་གསུང་རྒྱུ་འདི་ལ་ཆོས་ཉིད་དོན་གྱི་ལྷ་དང་། ཡེ་ཤེས་ཕྱག་རྒྱའི་ལྷ་དང་། མཚན་མ་རྟགས་ཀྱི་ལྷ་དང་གསུམ་གྱི་དབྱེ་བ་ཡོད་དོ། །ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བའི་སྐབས་སུ་སྣང་ཚུལ་ཕྱོགས་རེ་བ་ལ་ངེས་པ་མེད་ལ། མེད་ལུགས་ཇི་ལྟར་ཡིན་ཞེ་ན། དཔེར་ན་ཆུ་གཅིག་ལ་འགྲོ་བ་སོ་སོའི་སྣང་ལུགས་མི་འདྲ་བ་ལྟར་ཡིན་པས་དག་དང་མ་དག་གང་སྣང་ན་ཆོས་ཐམས་ཅད་དོན་དམ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ཀྱི་རང་བཞིན་ལ་དབྱེར་མེད་ཡིན་པ་དང་། དེས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་པའི་དབྱིངས་སུ་གཉིས་སུ་མེད་པར་གོམས་སོང་དུས་ཁོ་རང་རང་བཞིན་གྱིས་དག་པ་ཡིན་པའི་རྒྱུ་མཚན་གྱིས་དག་པ་ཁོ་ནར་སྣང་རྒྱུ་དེ་གསལ་སྣང་ཐམས་ཅད་ཀྱི་ནང་ནས་རབ་ཀྱི་མཐར་ཐུག་ཡིན་པ་ནི་རྗེས་དཔག་གིས་ཀྱང་གྲུབ་པ་ཞིག་གོ །དེ་ལྟར་ལུང་རིགས་པ་གཉིས་ཀས་བསྒྲུབས་ན་མན་ངག་གི་ཐད་ནས་ལུང་དོན་རིགས་པས་དཔྱད། དཔྱད་པ་དོན་ཐོག་ཏུ་གཏན་ལ་ཕབ་ནས་མཐར་ཐུག་མི་བསླུ་བའི་དོན་གྱི་དམ་པ་ལྷའི་དཀྱིལ་འཁོར་དུ་སྣང་བ་ནི་མན་ངག་སྙན་བརྒྱུད་ཀྱི་ཐོག་ནས་མངོན་སུམ་དུ་ངོ་སྤྲོད་ཀྱིས་མངོན་དུ་གྱུར་ནས་རྟོགས་པའི་ཕ་ཕོག་ཐོབ་པའི་གང་ཟག་ལ་མངོན་སུམ་རྟགས་ལ་ལྟོས་མི་དགོས་པར་མཐོང་རྒྱུ་ཞིག་ཡིན་ནོ། །དག་དང་མ་དག་གི་ཚུལ་ལ་མཐོང་བ་མི་འདྲ་བ་ཡོད་རྒྱུ་འདི་རྣམས་འོག་མས་གོང་མ་ལ་མི་གནོད་པའི་ཐོག་ཏུ་གོང་མས་འོག་མ་ལ་སུན་འབྱིན་ཐུབ་པ་ཡིན་ལ། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་གསུངས་པའི་འཇུག་པའི་ལུང་དོན་དང་མཐུན་ནོ། །འོན་ཀྱང་ཏིང་ངེ་འཛིན་ལ་རྩལ་སྦྱངས་མ་སྦྱངས་དང་། སྦྱངས་ན་སྦྱངས་པའི་རིམ་པ་ལ་ལྟོས་པའི་མཐོང་བའི་ཁྱད་པར་ཡོད་རྒྱུ་ནི་འགོག་མེད་ཡིན་ནོ། །དེའི་སྟབས་ཀྱིས་ཆོས་ཐམས་ཅད་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟ་བ་ལ་རང་བཞིན་གྱི་སངས་རྒྱས་དང་། རྟོགས་པའི་སངས་རྒྱས། གྲུབ་པའི་སངས་རྒྱས་ཏེ་དབྱེ་བ་གསུམ་གྱི་རྣམ་བཞག་མཛད་དོ། །རང་བཞིན་གྱི་སངས་རྒྱས་དེ་སེམས་ཅན་ཐམས་ཅད་ལ་གསུངས་ཤིང་། དེ་ལ་ནང་གསེས་ཀྱི་དབྱེ་བ་ཕྱེ་སྐབས་སྐྱེ་བ་རྒྱུའི་སངས་རྒྱས་དང་། སྐྱེ་བ་རྟེན་པའི་སངས་རྒྱས། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་ཞེས་སྐབས་གསུམ་དང་སྦྱར་ནས་གསུངས་ཡོད། རྟོགས་པའི་སངས་རྒྱས་དེ་གང་ཡིན་ཞེ་ན། རིག་འཛིན་གྱི་ས་ལ་བཞུགས་པ་རྣམས་ཡིན་ལ། གྲུབ་པའི་སངས་རྒྱས་དེ་གང་ཡིན་ཞེ་ན། དེ་ཉིད་མངོན་སུམ་དུ་གཟིགས་པའི་མཁྱེན་གཉིས་ཡེ་ཤེས་མངོན་དུ་གྱུར་པ་རྣམས་ལ་གསུངས་པ་ཡིན་ནོ། །མདོར་ན་དེའི་ཡན་ན་བོགས་དབྱུང་དུ་མེད་པའི་དག་གཟིགས་ཀྱི་ངོ་ན་གང་གྲུབ་པ་དེ་ཉིད་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་ཐ་སྙད་ཀྱི་གནས་ཚུལ་མཐར་ཐུག་པ་ཡིན་པར་གྲུབ་ལ། ཀུན་རྫོབ་ཇི་སྙེད་པའི་ཆོས་ཐམས་ཅད་ལ་ཀུན་རྫོབ་འཁྲུལ་ངོར་སྣང་ཚུལ་ཞིག་དང་། ཀུན་རྫོབ་རང་གི་གནས་ཚུལ་ཞིག་ཡོད་རྒྱུ་དེ་ཉིད་ངེས་རྒྱུ་གལ་ཆེའོ། །དེས་ན་མཐར་ཐུག་དཔྱོད་པའི་ངེས་ངོ་ན་གོང་དུ་བཤད་མ་ཐག་པ་ལྟར་དུ་སྡུག་ཀུན་གྱིས་བསྡུས་པའི་མ་དག་པ་མིང་ཙམ་ཡང་མེད་པར་རང་བཞིན་གྱིས་དག་པས་ན་སྣང་བ་ལྷ་རུ་སྒྲུབ་པ་དང་ཡུལ་ཅན་ཡེ་ཤེས་སུ་སྒྲུབ་རྒྱུའི་ཐད་ཀྱི་སེམས་གཟུང་འཛིན་གྱི་རྣམ་རྟོག་སྣ་ཚོགས་གོམས་པའི་བག་ཆགས་ཀྱི་མཐུ་བརྟས་ནས་རིགས་དྲུག་གི་སྣང་བ་འདྲ་དང་མི་འདྲ་ཤར་བའི་མ་དག་པའི་སྐབས་དང་། སྒྲིབ་པ་ཐམས་ཅད་ཟད་ནས་འབྲས་བུ་ཤིན་ཏུ་དག་པའི་སྐབས་གཉིས་ཀ་སེམས་རང་གི་སྣང་ཚུལ་ཙམ་ལས་གཞན་དུ་མེད་ཀྱང་དེ་ཐམས་ཅད་ཀྱི་གཞིར་གྱུར་པའི་སེམས་དེ་བདག་གཉིས་ཀྱིས་སྟོང་ཞིང་འོད་གསལ་བ་སྣ་ཚོགས་སྣང་བའི་འཆར་སྒོ་མ་འགགས་ནས་སྣང་བ་ཞིག་ཡིན་ལ། སེམས་རང་གི་གནས་ཚུལ་ངོ་མ་དང་མཐུན་པར་ལམ་སྦྱངས་ནས་རང་སྣང་འཁྲུལ་བའི་ཆ་ཐམས་ཅད་ལོག་སོང་དུས་དག་པའི་སྣང་བ་སྐྱོན་མེད་ཉིད་སྣང་བ་ཡིན་ནོ། །དེ་ནི་མི་བསླུ་བ། སླར་མི་ལྡོག་པ། དོན་དང་མཐུན་པ་ཡིན་པས་ཡུལ་ཅན་ཡེ་ཤེས་སུ་སྒྲུབ་པའི་ངེས་པ་དེ་ལྟར་དུ་སྐྱེ་དགོས་སོ། །དེ་ལྟ་བུའི་སྒོ་ནས་བཤད་ན་སངས་རྒྱས་ཀྱི་ཟག་མེད་ཀྱི་ཡོན་ཏན་དེ་རྣམས་མཐར་གཏུགས་ན་དབྱིངས་ཀྱི་ཡོན་ཏན་ཡིན་པ་ལས་གཞན་ཞིག་མིན་པར་གྲུབ་ཚེ་དབྱིངས་རྣམ་དག་གི་ངང་ཚུལ་དེ་ལས་མ་འདས་པའི་དག་དང་མ་དག་པའི་ཆོས་ཐམས་ཅད་དབྱིངས་དང་ཐ་མི་དད་པའི་རང་བྱུང་གི་ཡེ་ཤེས་ཀྱི་སྣང་བ་ལས་མ་འདས་པ་ཡིན་པའི་ཕྱིར་ན་ཡོན་ཏན་མངོན་དུ་གྱུར་རུང་མ་གྱུར་རུང་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ངོ་བོ་ཉིད་སྐུའི་རང་བཞིན་དུ་སངས་རྒྱས་པ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་དགོངས་པ་གཏན་ལ་ཕབ་ནས་ལྟ་བས་ཐག་བཅད་པ་ལྟར་སྒོམ་པས་ཉམས་སུ་བླངས། སྤྱོད་པས་བོགས་དབྱུང་ནས་གཏན་ལ་ཕབ་པའི་དོན་དེ་སྒོམ་པ་པོའི་གང་ཟག་ལ་མངོན་དུ་འགྱུར་རྒྱུ་ཞིག་མཐར་ཕྱིན་སངས་རྒྱས་ཀྱི་བར་ཡོང་ནས་མངོན་གྱུར་མཐར་ཐུག་སྐབས་སྣང་ཚུལ་ལ་ཡང་སངས་ཤིག་རྒྱས་ནས་ཡང་སངས་རྒྱས་པ་ཞེས་པའི་ཐ་སྙད་གྲུབ་པ་ཡིན་ཞིང་། བསྐྱར་ཟློས་བྱས་ན་གདོད་ནས་ཡེ་སངས་རྒྱས་པ་ལ་ད་ལམ་གྱིས་གསར་དུ་བསྒྲུབ་ཏུ་མེད་པར་ཐག་བཅད་པ་ལྟར་དུ་གོམས་པ་རྫོགས་ནས་མངོན་དུ་གྱུར་པ་ལ་ཡང་སངས་རྒྱས་པའི་ཐ་སྙད་མཛད་པ་ཡིན་ནོ། །སྣང་བ་ཐམས་ཅད་ལྷ་དང་ཡུལ་ཅན་ཐམས་ཅད་ཡེ་ཤེས་ཡིན་ན་སེམས་ཅན་གྱིས་འགྲོ་བ་འདྲེན་མི་ནུས་ལ་སངས་རྒྱས་ཀྱིས་འགྲོ་བ་འདྲེན་ནུས་པའི་རྒྱུ་མཚན་ཅི་ཞིག་སྙམ་པ་དང་། ཡང་ཐོག་མའི་སངས་རྒྱས་གྲོལ་ནས་སངས་རྒྱས་པ་དང་ཁམས་གསུམ་སེམས་ཅན་འཁྲུལ་ནས་འཁོར་བ་འཁྱམས་པ་རྣམས་ཅིའི་ཕྱིར་མི་འདྲ་སྙམ་ན། སེམས་ཅན་དང་སངས་རྒྱས་གཉིས་འགྲོ་བ་འདྲེན་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཡོད་མེད་ཀྱི་ཁྱད་པར་ཡོད་པའི་རྒྱུ་མཚན་དེ་རང་བཞིན་གྱིས་རྣམ་པར་དག་པ་དེ་མངོན་དུ་གྱུར་མ་གྱུར་གྱི་ཁྱད་པར་ཡོད་པ་ཡིན་ལ། དོན་བྱེད་ནུས་མི་ནུས་ཀྱི་ཐད་ནས་བསམ་བློ་བཏང་ན་ལས་དག་པ་ཞིག་ལ་ནི་གང་གིས་ཡིན་ན་ཡང་དོན་བྱེད་ནུས་པ་ཡིན་ཞིང་། སྣང་སྲིད་གཞིར་བཞེངས་གཞིར་བཞུགས་སུ་མཐོང་བ་ཡིན་ནོ། །ལས་མ་དག་པ་ཞིག་ལ་ནི་སངས་རྒྱས་དངོས་སུ་བྱོན་ཀྱང་དོན་བྱེད་མི་ནུས་ལ། གདུལ་བྱ་ཡུལ་ལ་འཇུག་པའི་ཕྲིན་ལས་ཀྱི་རྐྱེན་མ་ཚང་བ་ཡིན་ནོ། །འཁྲུལ་མ་འཁྲུལ་གྱི་ཁྱད་པར་གྱི་ཐོག་ནས་བཤད་ན་གཞི་ལ་འཁྲུལ་བ་མེད་པའི་སྟབས་ཀྱིས་གཞི་སྣང་གི་དུས་སུའང་འཁྲུལ་བ་རང་བཞིན་མེད་པར་རྣམ་པ་ཀུན་ཏུ་ངེས་པ་ཡིན་ལ། རང་བཞིན་རྣམ་དག་གི་ཆོས་ཉིད་དེ་ལས་དུས་ནམ་ཡང་འགྱུར་ཞིང་འདའ་མ་མྱོང་བ་ཞིག་གོ །དེའི་ཕྱིར་ན་འཁྲུལ་བ་གློ་བུར་བ་ཅན་གྱི་སེམས་ཅན་གྱི་ངོ་ལ་གཞི་འབྲས་དབྱེར་མེད་མི་འཆར་ལ། འོན་ཀྱང་དེ་འཁྲུལ་སྣང་ཡིན་པས་མ་འཁྲུལ་བའི་གནས་ལུགས་གཏན་ལ་འབེབས་སྐབས་དེ་དབང་བཙན་དུ་འཇོག་རྒྱུ་མེད་ཅིང་། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་གསུངས་ལ། གནས་ལུགས་དཔྱོད་པའི་དྲི་མ་མེད་པའི་ཡེ་ཤེས་དབང་བཙན་དུ་བྱས་ན་ཀུན་ཏུ་བཟང་པོས་གཟིགས་པ་ལྟར་དུ་ཡེ་ནས་སངས་རྒྱས་པར་བསྒྲུབ་དགོས་ཤིང་། དེས་ན་སངས་རྒྱས་ཉག་གཅིག་གི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་ཆོས་ཉིད་མཉམ་པ་ཉིད་དུ་གཟིགས་པ་དེའི་དབང་དུ་བྱས་ནས་གཞི་འབྲས་དབྱེར་མེད་མཉམ་པ་ཆེན་པོའི་ལྟ་བས་ཆོས་ཐམས་ཅད་གཏན་ལ་འབེབས་རྒྱུ་དེ་ལས་ལྷག་པའི་རྡོ་རྗེ་ཐེག་པའི་གྲུབ་མཐའ་ཞིག་མེད་དོ། །དེ་ལྟ་བུ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་གཏན་ལ་ཕབ་པའི་ལྷའི་ང་རྒྱལ་རང་རིག་མི་ཤིགས་པའི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་ཤར་བའི་རྡོ་རྗེ་སེམས་དཔའ་དེ་ཉིད་ལོངས་སྐུའི་རྒྱན་ཆས་ཅན་ལྷ་གཅིག་ཁོ་ན་ཡིན་པ་ལ་བསམ་བློ་མི་གཏོང་བར་རྡོ་རྗེ་སེམས་དཔའ་ཞེས་གསུང་རྒྱུ་དེ་ནི་རང་བྱུང་བྱང་ཆུབ་ཀྱི་སེམས་སེམས་ཉིད་གདོད་ནས་དག་པ་དེ་ཉིད་རྡོ་རྗེ་ལྟར་འཕོ་འགྱུར་སྐྱེ་འགག་དང་བྲལ་བ་བརྟན་ཞིང་མི་གཡོ་བ་དཔའ་བ་ཡིན་པས་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། རྣམ་པ་ཀུན་མཁྱེན་ཡེ་ཤེས་ནི། །དེང་འདིར་རྡོ་རྗེ་སེམས་དཔའ་སྟེ། །བརྟན་པའི་ཕྱིར་ན་དཔའ་ཞེས་བྱ། །ཞེས་གསུངས་ཤིང་། གསང་སྔགས་ཀྱི་སྐབས་སུ་རིགས་བརྒྱ་རིགས་གཅིག་ཏུ་འདུས་པ་དེ་རྡོ་རྗེ་སེམས་དཔའ་ཡིན་པར་མ་ཟད་སངས་རྒྱས་ཐམས་ཅད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བསྟན་ཡོད་དོ། །གསང་སྔགས་བཀའ་ཡི་ཐ་རམས་སོགས་ཀྱི་དགོངས་པ་ལྟར་བྱས་ན་ལྟ་བའི་རྫོང་འཕྲང་རྣམ་གཉིས་བཤད་སྐབས་ལྟ་བའི་རྫོང་སྟེ། ཁྱབ་གདལ་བདེ་ཆེན་བརྡལ་བའི་རྫོང་དང་། འུབ་ཆུབ་ཀུན་འདུས་དགོངས་པའི་རྫོང་དང་གཉིས་སུ་དབྱེ་བ་ཡོད་པའི་ནང་ནས་འུབ་ཆུབ་ཀུན་འདུས་དགོངས་པའི་རྫོང་བཤད་པའི་སྐབས་སུ་གསང་སྔགས་ཀྱི་གདངས་བདུན་གྱི་ནང་གི་གཅིག་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུར་གཏན་ལ་དབབ་པ་དེ་ཡིན་ནོ། །སྐབས་ཐོབ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལམ་འདི་ལ་ཞུགས་ནས་སྒོམ་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན་མདང་དགོང་ཐུན་མར་བསྡུས་ནས་རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་ལ་ལྡང་བའི་སྐབས་སུ། སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལས། །རྡོ་རྗེ་སེམས་དཔའི་ང་རྒྱལ་མ་བྲལ་བར། །སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད། །ཅེས་ཐུན་མཚམས་སྤྱོད་ལམ་ལ་ཞུགས། སྣང་གྲག་དྲན་རྟོག་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོ་རུ་ཤར། མཚན་སྣང་འོད་གསལ་གྱི་རྣལ་འབྱོར་ཉམས་དེ་དང་འབྲེལ་བའི་ཐོག་ནས་བསྐྱངས་ཏེ་དེ་རིང་ཐུན་གྱི་དང་པོ་ལ་རང་ཉིད་རྡོར་སེམས་སུ་གསལ་བཞིན་དུ་ལྷའི་ང་རྒྱལ་ལམ་ལྷ་རྟོག་དབྱེར་མེད་ཀྱི་དམིགས་པ་ཡིས་ཐུགས་གསང་མི་ཟད་དཔལ་གྱི་བེའུ་ཡི་དབྱིངས་ནས་ཐུགས་མཁྱེན་བརྩེ་ནུས་པའི་བདག་ཉིད་ཡེ་ཤེས་ལྔའི་རང་གདངས་ཀྱི་འོད་དང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ་ཅན་ཏེ། གང་དུ་འཕྲོ་ན་ཕྱོགས་བཅུར་འཕྲོས་ནས་ལོག་རྟོག་མ་རིག་པ་ཉོན་མོངས་རྒྱུ་འབྲས་དང་བཅས་པའི་བགེགས་མིང་མེད་དུ་བསྐྲད་པ། ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷས་ཞེས་པ་ནི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་དང་བཅས་པའི་ཕྱོགས་བཅུ་དུས་གསུམ་དང་བཅས་པ། རབ་ཏུ་གང་ནས་འོད་འཕྲོས་པས་ཞེས་པ་ནི་ཡེ་ཤེས་ཀྱི་འོད་དང་འོད་ཟེར་གྱི་དྲ་བས་མ་ཁྱབ་པ་མེད་པ་ཀུན་ཁྱབ་མཁའ་དང་མཉམ་པའི་རྒྱལ་བ་ཞི་ཁྲོའི་ལྷས་རབ་ཏུ་ཀུན་ཏུ་ཡོངས་སུ་གང་ཞིང་བར་མཚམས་མེད་པར་གཏམས་པས་དོན་གང་ཞིག་བྱེད་ན་འདི་ནས་མར་བསྟན་ཡོད་དོ། །རང་རེས་བསྐྱེད་རྫོགས་མན་ངག་ལག་ཁྲིད་ཀྱི་སྐབས་འདིར་མཐའ་དཔྱད་མང་པོ་ཞིག་དགོས་པ་མི་ཆེ་ཡང་ཁོ་བོ་ལ་མྱོང་བ་དོན་ཐོག་ཏུ་ཁེལ་བའི་ཐུན་མིན་གྱི་ཉམས་མྱོང་ནི་མེད་ན་ལོང་བས་ལམ་སྟོན་ཕ་མགོ་བུས་གཡོག་བྱེད་པ་བས་རྡོ་རྗེ་འཆང་གི་དགོངས་དོན་ཚད་མ་དང་། བདེ་བར་གཤེགས་པའི་བཀའ་ལུང་ཚད་མ། དངོས་སྟོབས་ཆོས་ཉིད་ཀྱི་རིགས་པའི་འཇལ་བྱེད་ཀྱི་ཚད་མས་བསྒྲུབས་ན་རང་གཞན་གཉིས་ཀས་གོ་བ་ངེས་ཤེས་ཀྱི་གདེང་ཞིག་རྙེད། ལྟ་བ་རྣམ་དག་གི་རྩ་བ་ཞིག་ཟིན་པ་ལ་ཕན་ཐོགས་ཡོད་རྒྱུ་རེད་སྙམ་པ་ཡིན་ཞིང་། ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷས། །རབ་ཏུ་གང་ནས་འོད་འཕྲོས་པས། །ཞེས་པས་དོན་ཅི་ཞིག་བྱེད་ན།

ལུས་ངག་སེམས་ལ་གནོད་བྱེད་ཅིང༔

མཆོད་པའི་མདངས་འཕྲོག་མ་རིག་བགེགས༔

ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔

འདི་རུ་མ་འདུག་གཞན་དུ་དེངས༔

ཞེས་གསུངས་ཏེ། ལུས་ངག་སེམས་ལ་གནོད་བྱེད་ཅིང་ཞེས་པ་འདི་ཀློང་ཆེན་པས་ཡིད་བཞིན་མཛོད་ཀྱི་དབུ་ཕྱོགས་ཤིག་ནས། ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་། །དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔའོ། །དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དང་། །དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ། །ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས། །དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ། །ཞེས་གསུངས་ཡོད་ལ། ཡུལ་གྱི་བག་ཆགས། དོན་གྱི་བག་ཆགས། ལུས་ཀྱི་བག་ཆགས་ཏེ་བག་ཆགས་གསུམ་བཞག་པ་ཐོག་མེད་ནས་གོམས་སོང་བའི་ཚེ་རབས་ཀུན་ཏུ་དེ་ལྟར་སྣང་བ་ཡིན་པས་རྡོ་རྗེ་ཐེག་པའི་ཉེ་ལམ་ནས་ལུས་ལ་བརྟེན་པའི་སྒོ་གསུམ་རྡོ་རྗེ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་སྒྲུབ་པ་ལ་བར་དུ་གཅོད་པ་དེ་ཉིད་སེལ་བར་བྱེད་པ་ལ། སེམས་ཅན་གྱི་དུས་ན་ཡུལ་དང་ཡུལ་ཅན་དུ་སྣང་བའི་ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པ་གནས་ཚུལ་གྱི་ངོས་ནས་གཞལ་སོང་ན་གཟུགས་རྣམ་སྣང་། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་སྣང་བ་མཐའ་ཡས། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་མི་བསྐྱོད་པ། དེ་བཞིན་དུ་ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི་ལ་སོགས་པ་དང་། ཀུན་གཞི་ཆོས་དབྱིངས་ཡེ་ཤེས། ཀུན་གཞི་རྣམ་ཤེས་མེ་ལོང་ཡེ་ཤེས། ཉོན་ཡིད་སོར་རྟོག་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཡིན་ནོ། །དེ་ཡིན་རྒྱུ་དེ་ཡང་སྣམ་བུ་ཚོས་ཀྱིས་བསྒྱུར་བ་དང་འདྲ་བར་སྦྱང་གཞི་སྦྱོང་བྱེད་ཅན་ཞིག་གནས་གྱུར་ནས་སྡུག་པོ་ཞིག་ཡག་པར་གྱུར་པ་ནི་མ་ཡིན་པར་ཡིན་པ་ལ་ཡིན་པར་ཤེས་ན་འཁོར་བ་མྱང་འདས་སུ་གྲོལ་བ་ཉིད་ཡིན་ཡང་དེ་ལྟར་མ་རྟོགས་པར་ཨ་འཐས་འཁྲུལ་བར་གྱུར་པ་ལ་ཆུ་འཁྱག་རོམ་དུ་གྱུར་པ་ལྟར་དུ་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བ་བྱེད་པ་ཞེས་གསུངས་པའོ། །གནོད་ཇི་ལྟར་དུ་བྱེད་ཟེར་ན། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་པ་ལ་དེ་ལྟར་རང་ངོ་ཤེས་སུ་མི་སྟེར་ནས་འཁྲུལ་རྐྱེན་གྱིས་བར་ཆད་བྱེད། ལམ་སྒྲུབ་པའི་གང་ཟག་ལ་ལུས་ལ་ན་ཚ་དང་སྡུག་བསྔལ། སེམས་ལ་ཡིད་མི་བདེ་བ་དང་རྣལ་དུ་མི་ཕེབས་པ། ལུས་སེམས་གཉིས་ཀ་དང་འབྲེལ་བའི་ངག་གི་བཟླས་བརྗོད་ལ་སོགས་པ་སྨྲ་བ་ངག་གི་སྒོ་ལ་ཡང་བར་ཆད་བྱེད་རྒྱུ་དེ་ལྟ་བུ་དང་། མཆོད་པའི་མདངས་འཕྲོག་མ་རིག་བགེགས་ཞེས་པ་ནི་མཆོད་པའི་མདངས་ཇི་ལྟར་དུ་འཕྲོག་པ་ཡིན་ཞེ་ན། མཆོད་པའི་མདངས་འཕྲོག་པར་བྱེད་པའི་བགེགས་དཀྱིལ་འཁོར་གྱི་མདངས་འཕྲོག མར་མེའི་འོད་འཕྲོག བདུད་རྩིའི་ངད་འཕྲོག དཔལ་བཤོས་ཀྱི་བཅུད་འཕྲོག རཀྟའི་དྲི་འཕྲོག་པར་བྱེད་པའི་བགེགས་ཞེས་གསུངས་པའོ། །དེ་ལྟ་བུ་བགེགས་དེ་དག་ཐམས་ཅད་གང་ནས་འབྱུང་ན་ལོགས་ཤིག་ནས་འབྱུང་བ་མ་ཡིན་ལ། འཁྲུལ་སྣང་གཟུང་འཛིན་ཅན་དུ་ཤར་ནས་ཕན་གནོད་ལྷ་འདྲེའི་ཀུན་རྟོག་དེ་གཞི་མེད་དུ་ཤར་བ་ཉིད་ནི་ཉོན་མོངས་མ་རིག་རྒྱུ་ལས་བྱུང་ཞེས་གསུངས་ཤིང་། ཉོན་མོངས་པ་དུག་ལྔ་དང་ཕུགས་གཏུགས་ན་མ་རིག་པའི་རྒྱུ་ལས་བྱུང་བ་ཀུན་བཟང་དགོངས་པ་ཟང་ཐལ་གྱི་རྒྱུད་ལས་ཕྱུང་བའི་ཀུན་བཟང་སྨོན་ལམ་གྱི་ནང་དུ། དེ་ཕྱིར་སེམས་ཅན་འཁྲུལ་བའི་གཞི། །དྲན་མེད་མ་རིག་ཡིན་པའི་ཕྱིར། །ཞེས་གསུངས་པ་དང་འདྲ་བར་ལྷན་སྐྱེས་ཀུན་བརྟགས་ཀྱི་གདོན་ཆེན་བགེགས་རིགས་སུ་ཤར་བ་ཐམས་ཅད་འདི་རུ་མ་འདུག་གཞན་དུ་དེངས་ཞེས་གསུངས་ལ། །དག་ཆེན་ཡེ་ཤེས་ཀྱིས་ཁྱབ་པའི་གནས་འདིར་མ་འདུག་པར་གཞན་དུ་སོངས་ཤིག་གམ་གཞན་དུ་དེངས་ཞེས་གསུངས་པའོ། །དེས་ན་འདིའི་གཞན་ཇི་ལྟ་བུ་ཞིག་ལ་གོ་ན་ཁྱོད་ངེད་ཚང་ལ་མ་འདུག་ཕར་ཀ་ཚང་ལ་བུད་སོང་ལྟ་བུའི་གཞན་དེ་མ་ཡིན་ཞིང་། ཕྱི་ནང་གཞན་གསུམ་གཉིས་མེད་ཀྱི་ཀློང་ཆོས་དབྱིངས་སྐྱེ་བ་མེད་པ་བདག་གཞན་བཟང་ངན་ཕན་གནོད་ལ་སོགས་པའི་གྲྭ་ཟུར་མེད་པའི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་དུ་བཟླུམས་པའི་དོན་ཡིན་ལ། ང་བདག་གཟུང་འཛིན་རྩད་ནས་གཅོད་པའི་ཡུམ་ཤེས་རབ་ཕར་ཕྱིན་གྱི་དགོངས་པ་དང་བསྟུན་ན་ཉག་གཅིག་རྩད་ནས་བཅད་པ་འཁྲུལ་བ་མིང་མེད་དུ་ལ་བཟླ་བ་ཕྱག་རྫོགས་གཉིས་མེད་ཀྱི་དགོངས་པའི་གནད་ཀྱང་དེ་ཡིན་ནོ། །ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ཅེས་གསུངས་ཏེ། ཧཱུྃ་ཧཱུྃ་ཞེས་པའི་ཧཱུྃ་དང་པོ་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་པའི་ཧཱུྃ། ཧཱུྃ་གཉིས་པ་ནི་སྲིད་རྩ་བདག་འཛིན་གྱི་འགོང་པོ་འཇོམས་པར་བྱེད་པའི་ཧཱུྃ། ཨུ་ཙ་ཏ་ཡ་ནི་བྱེར་བར་གྱིས་ཤིག་ཅེས་པའི་སྔགས་ཤིག་ཡིན་ལ། བགེགས་ཚོགས་ཕྱིར་བསྐྲད་ཅིང་བགེགས་དཔུང་འཐོར་བར་བྱེད་པའི་སྔགས་ཡིན་ཞིང་། ཕཊཿནི་གདུག་ཅན་འཇོམས་པར་བྱེད་པའི་སྔགས་ཡིན་ནོ། །ཕྲིན་ལས་རྣམ་པ་བཞིའི་ལས་ཆེན་བཅུ་གཉིས་ཏེ་ཞི་རྒྱས་དབང་དང་འགུགས་པ། རྨོངས་རེངས་དབྱེ་དང་བསྐྲད་པ། མནན་གཟིར་གསད་དང་གསོ་བ་སྟེ་བཅུ་གཉིས་ཡོད་པའི་ནང་གི་བགེགས་རིགས་འབྱུང་པོའི་ཚོགས་ལ་སྡིགས་ཤིང་གཟིར་བར་བྱེད་པ་སའི་ཕྱོགས་འདིར་མ་ཟད་རྒྱ་མཚོའི་ཕ་རོལ་ཙམ་དུའང་འདུག་དབང་མེད་པར་བྱས་ནས་བསྐྲད་གཟིར་གསད་གསུམ་གྱི་སྒོ་ནས་སྒྱུ་མའི་མངལ་ཁུང་མིང་མེད་དུ་བཏང་སྟེ་སེམས་ཉིད་ཆོས་སྐུའི་ཀློང་དུ་གསོད་རྒྱུའི་ལས་དང་དམིགས་གནད་ཁྱད་པར་ཅན་ཞིག་ཡིན་ནོ།།

༼ཁ༽ གཉིས་པ་མཚམས་གཅོད་པ།

༼ཀ དངོས་བཤད་པ།

གཉིས་པ་མཚམས་གཅོད་འདི་སྐད་དོ༔ ཞེས་སྔོན་འགྲོའི་ས་བཅད་གཉིས་པའི་མཚམས་སྦྱར་ཏེ།

ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔

རྡོ་རྗེ་རིན་ཆེན་པདྨ་དང་༔

རྒྱ་གྲམ་འཁོར་ལོ་མེ་རིའི་གུར༔

རིམ་པ་དྲུག་གི་ཚུལ་དུ་བསྐོར༔

ཁྲོ་ཚོགས་སྤྲུལ་བ་དཔག་མེད་ཀྱིས༔

རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔

ཞེས་གསུངས་ཏེ། ཧཱུྃ་རང་ཉིད་ལྷ་ཡི་ཐུགས་ཀ་ནས་ཞེས་པའི་ཧཱུྃ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བསམ་གྱིས་མི་ཁྱབ་པ་མཚོན་བྱེད་ཀྱི་ཡི་གེས་སྣ་དྲངས་ནས། རང་ཉིད་སྟོང་གསལ་རིགས་ཀུན་འདུས་པའི་ངོ་བོ་རྡོ་རྗེ་སེམས་དཔའི་ལྷའི་ང་རྒྱལ་གསལ་བརྟན་གྱི་ངང་དང་མ་བྲལ་བའི་ཐོག་ནས་གནས་གྱུར་ཞེ་སྡང་རྡོ་རྗེ་དང་དབྱེར་མེད་པའི་གསང་བའི་བདག་པོའི་ཐུགས་ཀ་ནས་རིགས་ལྔའི་ཕྱག་མཚན་གྱི་ནང་ནས་ཤར་ཕྱོགས་ནས་ཧཱུྃ་ལས་རྡོ་རྗེ་རིམ་པ་ལྔའི་གུར་ཁང་། ལྷོ་ཕྱོགས་ནས་ཏྲྃ་ལས་རིན་པོ་ཆེའི་གུར་རིམ་པ་ལྔ། ནུབ་ཕྱོགས་ནས་ཧྲཱིཿལས་པདྨའི་གུར་རིམ་པ་ལྔ། བྱང་ཕྱོགས་ནས་ཨཱཿལས་རྒྱ་གྲམ་གྱི་གུར་རིམ་པ་ལྔ། སྟེང་ཕྱོགས་ནས་ཨོཾ་ལས་འཁོར་ལོའི་གུར་རིམ་པ་ལྔ། དེ་རྣམས་ཀྱི་ཕྱི་རོལ་དུ་རྃ་ཡིག་འཕྲོས་པ་ལས་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་གུར་དང་། སྲུང་བའི་ར་གུར་རིམ་པ་དྲུག་གིས་ཕྱི་ནང་དུ་བསྐོར་ནས་སྤྲུལ་བའི་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་དང་། འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས་རབ་ཏུ་གང་ནས་བར་ཆད་གང་གིས་ཀྱང་ཚུགས་པའི་སྐབས་དང་གནས་མེད་པའི་མཚམས་བཅད་དོ་ཞེས་གསུངས་པའོ། །སྲུང་འཁོར་སྒོམ་རྒྱུ་འདི་ལ་ཀུན་རྫོབ་ཀྱི་རོལ་བ་དམིགས་བཅས་སུ་སྒོམ་པ་ཞིག་དང་། དོན་གྱི་རོལ་བ་དམིགས་མེད་དུ་སྒོམ་པ་ཞིག་སྟེ་གཉིས་ཀྱི་གོ་དོན་ཡོད་དོ། །གཅིག་ན་འདི་ལྟ་བུའི་དམིགས་པའི་རིགས་ལ་ཨ་འཐས་མཚན་མ་ཅན་དུ་བཟུང་སྟེ་གཅིག་སྒོམ་བཞིན་པའི་སྐབས་སུ་ཡང་དེ་བསྐྱུར་ནས་གཞན་པ་ཞིག་བསྒོམ་དགོས་རྒྱུ་རེད་དྲན་པའི་མི་བདེ་བར་བསམ་པའི་གུ་དོགས་མི་དགོས་ཤིང་། ནང་གི་དེ་ཁོ་ན་ཉིད་ལ་དབང་འབྱོར་བ་ཞིག་ཡིན་ན་དེ་འདྲའི་གསལ་འདེབས་མི་དགོས་མོད་ཀྱང་ལས་དང་པོ་པས་ཐམས་ཅད་སེམས་ཀྱི་རྣམ་རོལ་ལ་ཐོ་ཐུག་མི་ཐུག་དང་ལོ་མི་ལོ་དེ་ལྟ་བུ་བསམ་མི་དགོས་སོ། །གཉིས་ན་བསྒོམ་བྱའི་ཐད་ནས་ཡིན་ན་འདི་མ་ཧཱའི་ཨ་ནུ་ཐབས་བསྐྱེད་ཆོག་ཁོ་ན་གཙོར་འདོན་བྱེད་པ་དང་མི་འདྲ་བར་ཟབ་པ་གཙོར་འདོན་དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རྟོགས་པའི་དོན་རྒྱུད་ལ་སྦྱོར་ནས་རང་རིག་རྩ་བའི་ལྷ་སྟོང་གསལ་ཀ་དག་གི་ངོ་བོ་རྡོ་རྗེ་སེམས་དཔའ་ནམ་མཁས་གར་ཁྱབ་ལ་སྐུ་ཡིས་ཁྱབ་པ་དེ་ཡང་གོང་ནས་བཤད་པ་ལྟར་དུ་ཨ་འཐས་མཚན་མ་ཅན་མ་ཡིན་པར་ཟང་ཐལ་སྒྲིབ་གཡོག་དང་བྲལ་བ་ཆོས་དབྱིངས་གང་བ་ཞིག་ཏུ་གསལ་བཏབ་ནས་ཏིང་འཛིན་གྱི་འཕྲོ་འདུ་ཐམས་ཅད་འདིའི་ངང་ནས་མ་འགགས་རོལ་རྩལ་དུ་ཤར་བ་ཞིག་ཏུ་བསྒོམ་དགོས་སོ། །དེའི་ཐོག་ཏུ་སྲུང་བའི་ར་གུར་ཞེས་གསུངས་ན་དང་པོ་རྡོ་རྗེའི་གུར་ཡིན་ལ། རྡོ་རྗེ་ཞེས་པ་ནི་མི་ཆོད། མི་ཤིགས། སྲ་བ། བརྟན་པ་ལ་སོགས་པའི་ཆོས་བདུན་གྱི་བདག་ཉིད་ཅན་ཞིག་ཡིན་ནོ། །དེ་ནི་མཚོན་བྱེད་རྣམ་པ་རྟགས་ཀྱི་རྡོ་རྗེ། དོན་ཆོས་དབྱིངས་འགྱུར་བ་མེད་པ། དེའི་བྱེད་ལས་དང་མཚུངས་པའི་ཕྱག་མཚན་གྱི་རྣམ་པ་དེས་ཕྱོགས་དང་ཕྱོགས་མཚམས་ལོགས་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་བཀག་ནས་བར་མཚམས་ཤིག་གཏན་ནས་མེད་པར་བསྐལ་བའི་རླུང་ཡིན་ཡང་མི་ཐར་བའི་འོག་ཐམས་ཅད་རྡོ་རྗེའི་ས་གཞི། དེ་ཡང་ཡངས་ཤིང་རྒྱ་ཆེ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཐོག་ཕིབས་ཀྱི་དབྱིབས་དེ་ལྕགས་རྨོག་ཁ་སྦུབ་པ་དང་འདྲ་བར་གསུང་ས་ཡང་ཡོད་དོ། །རྡོ་རྗེ་རིན་ཆེན་པདྨ་དང་ཞེས་པ་ལ་སོགས་པ་ནི་རྡོ་རྗེའི་གུར་ཁང་གི་ཕྱི་རོལ་ན་རིན་ཆེན་འབར་བའི་གུར་ཁང་། ཡང་དེའི་ཕྱི་རོལ་ན་པདྨ་དམར་བོའི་གུར་ཁང་། དེའི་ཕྱི་རོལ་ན་རྒྱ་གྲམ་ལྗང་གུའི་གུར་ཁང་། རྒྱ་གྲམ་ནི་རྡོ་རྗེའི་རྒྱ་གྲམ་ཡིན་ལ་འདི་ཡང་སྣ་ཚོགས་རྡོ་རྗེ་ལ་གོ་ཞིང་། སྣ་ཚོགས་རྡོ་རྗེ་ཞེས་པ་ནི་ཁ་དོག་སྣ་ཚོགས་ཡོད་པ། འོད་ཟེར་སྣ་ཚོགས་འཕྲོ་བ། ཕྲིན་ལས་སྣ་ཚོགས་འགྲུབ་པ་དེ་ལྟ་བུ་གྲངས་མེད་པ་འཕྲོས་ནས་གུར་ཁང་དུ་འཁྲིགས་ལ། དེའི་ཕྱི་རོལ་དུ་འཁོར་ལོ་དཀར་བོའི་གུར། ཐམས་ཅད་ཀྱི་ཕྱི་རོལ་དུ་མེ་རིའི་གུར་ཁང་། ད་རུང་ཕྱག་མཚན་མཚོན་ཆ་སྣ་ཚོགས་ཀྱི་གུར་ཁང་དང་འབྱུང་བ་ལྔའི་གུར་ཁང་ཡང་གསུངས་ཡོད་དོ། །སྲུང་འཁོར་འདི་དག་ཐམས་ཅད་རྣམ་པ་སོ་སོར་གསལ་ཡང་རྒྱུ་མི་ཤིགས་པ་རྡོ་རྗེ་ལས་གྲུབ་པ། རང་བཞིན་ཡེ་ཤེས་ལྔའི་རྣམ་པར་ཤར་བ། སྲུང་འཁོར་འཁོར་འདས་ཐམས་ཅད་དབྱེར་མེད་དུ་སྲུང་བ་དེ་ལྟ་བུའི་གོ་བ་ལེན་དགོས་ལ། སྒྱུ་འཕྲུལ་རྒྱས་པའི་ནང་དུ། རྡོ་རྗེའི་རང་བཞིན་སྒྲིབ་པ་ཀུན། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་ལ། །ཞེས་གསུངས་སོ། །དོན་དམ་ངོ་བོ་དམིགས་མེད་སྒོམ་པའི་ཐད་ནས་བཤད་ན་མཚན་བཅས་ཀྱི་སྲུང་འཁོར་བསྒོམ་རྒྱུ་དེ་དག་དོན་དམ་པར་བདག་གཞན་ཕན་གནོད་བསྲུང་བྱ་སྲུང་བྱེད་ཐམས་ཅད་ལས་འདས་པ། སྤྲོས་པ་ཀུན་གྲོལ་གྱི་ཆོས་ཀྱི་དབྱིངས། གདལ་ཁྱབ་ཀུན་ལ་སྙོམས་པ། ཡེ་གྲོལ་ཆེན་པོའི་ཀློང་ན་སྣང་གྲག་ཐམས་ཅད་རྒྱས་འདེབས་པའི་ལྟ་བའི་གདེང་གིས་ཟིན་པ་དེ་ཡིན་ཞིང་། བཀའ་བརྒྱད་བདེར་འདུས་ལས། ཐམས་ཅད་སྐུ་དང་ཡེ་ཤེས་ངང་། །བགེགས་སུ་རྟོགས་པ་གང་ཡང་མེད། །བསྲུང་བར་བྱ་དང་སྲུང་བྱེད་མེད། །ཅེས་གསུངས་པ་ལྟར་ཡིན་ནོ། །བཛྲ་རྡོ་རྗེ། རཏྣ་རིན་ཆེན། པདྨ་པདྨའི་རིགས་ཀྱི་ཕྱག་མཚན། ཀརྨ་ལས་ཀྱི་རིགས་ཀྱི་ཕྱག་མཚན་རྒྱ་གྲམ། ཙཀྲ་འཁོར་ལོ། ཛྭ་ལ་འབར་བ། རཾ་ཧཱུྃ་ཕཊ༔དང་བཅས་པས་ནི་རིགས་ལྔའི་ཕྱག་མཚན་དང་མེ་དཔུང་འབར་བས་ཡོངས་སུ་གཏམས་ཤིང་བསྲུངས་པས་མཚམས་བཅད་པ་ཡིན་ལ། བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་ཧཱུྃ་ཕཊཿཀྱི་སྔགས་འདི་གདོན་བགེགས་ཀྱིས་མི་ཚུགས་པར་བྱེད་པའི་སྔགས་ཡིན་ནོ།།

༼ཁ ཞར་བྱུང་རྡོར་དྲིལ་བྱིན་རླབས།

དེ་ཡན་ཆད་ཀྱིས་འགལ་རྐྱེན་བགེགས་བསལ་བ་བསྟན་ལ། འདི་མན་ཆད་མཐུན་རྐྱེན་དཀྱིལ་འཁོར་སྦྱོང་བའི་ཡན་ལག་གི་སྐོར་དེ་གསུངས་པ་ཡིན་ཞིང་། མཚམས་འདི་ནས་ཆོ་ག་སྤྱི་འགྲོས་ལ་རྡོར་དྲིལ་བྱིན་བརླབ་འབྱུང་བ་ཡིན་ལ། ལས་བྱང་རྩར་ཕྲེང་ལྟར་ན། ཧཱུྃ་ཆོས་ཉིད་སྐྱེ་བ་མེད་པ་ལས། །མ་འགགས་ཐབས་ཤེས་བརྡར་མཚོན་ཕྱིར། །རྡོ་རྗེ་གསོར་ཞིང་ དྲིལབུ next hit་དཀྲོལ། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། སད་ནས་སངས་རྒྱས་སར་འཇུག་ཕྱིར། །ཡང་དག་ཉིད་དུ་བརྡས་མཚོན་ནོ། །ཟུང་འཇུག་ལམ་ལ་མ་བསྟེན་པར། །མཐར་ཕྱིན་འབྲས་བུ་ཐོབ་མི་སྲིད། །ཐབས་ཤེས་ཡང་དག་ཉིད་ལ་འཇུག །ཧཱུྃ་བཛྲ་གནྡྷེ་དྷརྨ་ཧཱུྃ་ཨཱཿཞེས་གསུངས་པའི་ཚིག་དེ་ཡིན་ནོ། །འདི་ཐབས་ཤེས་ཡ་མི་འབྲལ་བའི་ཕྱིར་ཕྱག་རྒྱ་གསུམ་གཟུང་བ་ཞེས་པ་དེ་ཡིན་ལ། རང་ཉིད་རྡོར་སེམས་སུ་གསལ་བ་སྐུ་ཡི་དམ་ཚིག་དང་གཅིག ཧཱུྃ་ལས་བྱུང་བའི་ཡེ་ཤེས་རྡོ་རྗེ་ཐབས་ཀྱི་རང་བཞིན་དྲན་རྟོག་ཐུགས་ཀྱི་དམ་ཚིག་དང་གཉིས། ཨ་ལས་བྱུང་བའི་དབྱིངས་ཀྱི་previous hit དྲིལབུ next hit་གྲག་པ་གསུང་གི་དམ་ཚིག་དང་དམ་ཚིག་གསུམ་དྲན་པའི་ངང་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་previous hit དྲིལབུ next hit་དཀྲོལ་ཡོང་དུས་འགྲོ་ཀུན་མ་རིག་པའི་གཉིད་ལས་སད་པར་བསམ་དགོས་སོ། །འདིའི་རྡོར་དྲིལ་བྱིན་རླབས་ཀྱི་ཚིག་དང་བསྟུན་ན་ཆོས་ཉིད་སྐྱེ་བ་མེད་པ་ལས་ཞེས་གསུངས་པས་སྣང་རིག་གདོད་མའི་ཆོས་ཉིད་དེ་ཡེ་ནས་སྤྲོས་པ་དང་བྲལ་བ་སྐྱེ་འགག་གཉིས་སྣང་དུ་གྲུབ་པ་མེད་པ་དེ་ལས་མ་འགགས་འགག་པ་མེད་པའི་རྩལ་སྣང་ཐབས་བདེ་བ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་མཚོན་པའི་ཕྱིར་བདེ་བ་ཆེན་པོའི་བདག་ཉིད་ཀྱི་རྡོ་རྗེ་གསོར་ཞིང་སྟོང་བ་ཉིད་ཀྱི་previous hit དྲིལབུ next hit་དཀྲོལ་བས་བདེ་སྟོང་ཟུང་འཇུག་དབྱེར་མི་ཕྱེད་པའི་སྒྲ་དེ་ཡིས་འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་མ་རིག་པའི་གཉིད་ལས་སད་ནས་ཞི་བ་མཆོག་གི་གོ་འཕང་སངས་རྒྱས་ཀྱི་སར་འཇུག་པའི་ཕྱིར་དུ་ཐབས་ཤེས་ཡ་མ་བྲལ་བའི་བདེ་སྟོང་ཟུང་དུ་འཇུག་པའི་ལྷན་སྐྱེས་བདེ་ཆེན་གྱི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་ལམ་ཡང་དག་པ་ཉིད་ལ་འཇུག་པའི་བརྡས་མཚོན་པར་བྱ་བ་ཞིག་ཡིན་ཞིང་། དེ་ཡིས་དམ་བཅའ་བའམ་ཕྱག་རྒྱ་གསུམ་བཟུང་བའི་དོན་ཡང་བསྟན་པ་ཡིན་ནོ། །ཨཱོྃ་བཛྲ་གནྡྷེ་དྷརྨ་ཧཱུྃ་ཨཿཞེས་པའི་སྔགས་ཀྱི་དོན་ཨཱོྃ་ཡེ་ཤེས་ལྔ་ཡི་རང་བཞིན་ཡིན་ལ། བཛྲ་ཐབས་ཀྱི་རང་བཞིན་རྡོ་རྗེ། གནྡྷེ་ཤེས་རབ་ཀྱི་རང་བཞིན་དྲིལ་བུ། གནྡྷེ་དྷརྨ་ཞེས་པའི་དྷརྨ་ཆོས་ཁམས་དབྱིངས་སྟོང་ཉིད་མཚོན་པའི་previous hit དྲིལབུ next hit་ཆོས་ཀྱི་འབྱུང་གནས་ལ་གོ་ཞིང་། ཧཱུྃ་ཨཿཞེས་པ་ཟུང་དུ་འཇུག་པའི་དོན་ཡིན་ནོ། །དེ་ལྟ་བུ་རྡོ་རྗེ་སེམས་དཔའ་གཉིས་མེད་ཀྱི་དགོངས་པ་ལས་མ་གཡོས་བཞིན་དུ་འདི་ལ་འཁྱུད་རྒྱ་བྱས་ན་དགོས་པ་ཅི་ཞིག་ཡོད་ན་ཐབས་ཤེས་ཡ་བྲལ་གྱི་ལྟ་བ་ངན་པའི་བག་ཆགས་དག་ནས་ཟུང་འཇུག་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་མ་བཙལ་ངང་གིས་རྙེད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ལ། དེའི་མཐུ་ཡིས་རྫོགས་རིམ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མ་བྱས་ཡེ་རྫོགས་ལྷུན་གྲུབ་ཏུ་འགྲོ་བའི་དགོས་པ་ཡོད་ཅིང་། ཕར་ཕྱིན་སྡུད་པའི་ནང་དུ། དེ་ཡང་ཐབས་དང་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་མཉམ་དེ་བཞིན་གཤེགས་ཀྱི་བྱང་ཆུབ་རེག་པར་འགྱུར། །ཞེས་གསུངས་པ་ལྟར་དུ་ཡིན་ནོ། །གསང་སྔགས་ཀྱི་བཅང་བའི་དམ་ཚིག་མེད་དུ་མི་རུང་བ་རྡོར་དྲིལ་དང་ཅང་ཏེའུ་ཡི་རྣམ་བཞག་འདི་སྔོན་ན་ནིང་ཞིག་ནས་བཤད་མྱོང་ཡང་འདིར་སྐབས་བསྟུན་གྱིས་མདོར་བསྡུས་ཤིག་ཞུས་ན། རྡོ་རྗེ་ནི་དེ་ལ་ཚད་དང་། མཚན་ཉིད། དག་དྲན་གསུམ་གྱི་ཐོག་ནས་བཤད་དགོས་སོ། །དེའི་ནང་ནས་ཚད་དེ་གང་ཡིན་ཞེ་ན། མཚོན་བྱ་དོན་གྱི་རྡོ་རྗེ་དང་། མཚོན་བྱེད་རྟགས་ཀྱི་རྡོ་རྗེ་སྟེ་དབྱེ་བ་གཉིས་ཡོད་ཅིང་། མཚོན་བྱ་དོན་གྱི་རྡོ་རྗེ་དེ་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེས་མཚོན་ནས་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་རོལ་བ་ལ་གོ་ཆོག་གོ །མཚོན་བྱེད་རྟགས་ཀྱི་རྡོ་རྗེ་དེ་ཇི་ལྟ་བུ་ཞིག་ཡིན་ན། བི་ཏོ་ཏ་མ་འབུམ་སྡེའི་རྒྱུད་ལས། གསེར་སོགས་ལས་བྱས་རྡོ་རྗེ་ནི། །རྩེ་གསུམ་རྩེ་ལྔ་རྩེ་དགུ་བ། །ཆངས་གཟུང་རྩ་གསུམ་མཛེས་པའི་ཚད། །ཅེས་གསུངས་པ་དང་། རྩེ་མོ་གཅིག་པ་ནས་རྩེ་མོ་སྟོང་གི་བར་ཡོད་ཚུལ་ཡང་གསུངས་ཡོད་དོ། །གང་ལྟར་ཡང་ཡོངས་ཁྱབ་ལ་རྩེ་ལྔ་རྩེ་དགུ་གཉིས་ཀ་གྲགས་ཆེ་བས་རྩེ་ལྔ་བ་དེ་ཉིད་ལ་དམ་ཚིག་གི་རྡོ་རྗེ་ཟེར་ལ། དགུ་བ་ལ་ཡེ་ཤེས་ཀྱི་རྡོ་རྗེ་ཟེར་ཞིང་། དེ་བཞིན་དུ་དྲིལ་བུའི་རྩེ་རྡོར་ལ་ཡང་རྭ་མང་ཉུང་གིས་དམ་ཚིག་གི་previous hit དྲིལབུ next hit་དང་། ཡེ་ཤེས་ཀྱི་previous hit དྲིལབུ next hit་ཞེས་འབོད་སྲོལ་ཡོད་དོ། །རྡོ་རྗེ་འདི་ལ་ཆ་གསུམ་གྱི་ཆ་ཚད་ཡོད་ཅིང་། དབུས་ཀྱི་ཆངས་གཟུང་དེ་ཆ་གཅིག་ཡིན་ལ། ཆངས་པ་ནི་ལག་པའི་སྤར་མོ་ཡིན་པས་ལག་པའི་སྤར་མོས་གཟུང་ས་ལ་ཆངས་གཟུང་ཞེས་ཟེར་རོ། །སྣེ་གཉིས་ཀྱི་རྭ་རེའི་རིང་ཐུང་གི་ཆ་རེ་རེ་ལ་ཆ་གཉིས་ཏེ་ཆ་གསུམ། ཆེ་ཆུང་གི་ཚད་དེ་སོར་བཞི་ནས་ཉི་ཤུའི་བར་སྤྱིར་བཏང་གིས་བཤད་ཡོད་ཀྱང་མཐའ་མ་བཀག་པ་ཡིན་ཞིང་། དྲིལ་བུའི་ཚད་ཀྱང་དེ་དང་མཉམ་དགོས་ལ། དེ་ཚད་དང་མཚན་ཉིད་ཡིན་ནོ། །དག་དྲན་གྱི་ཐད་ནས་བཤད་ན་སྟེང་གི་རྭ་ལྔ་དེ་རྒྱལ་བ་རིགས་ལྔ། འོག་གི་རྭ་ལྔ་དེ་དབྱིངས་ཕྱུག་ཡུམ་ལྔ། སྟེང་གི་པད་འདབ་བརྒྱད་དེ་སེམས་དཔའ་ཡབ་བརྒྱད། འོག་གི་པད་འདབ་བརྒྱད་དེ་སེམས་མ་ཡུམ་བརྒྱད་སོགས་ཀྱི་རང་བཞིན་ཡིན་པར་དག་དྲན་བྱ་དགོས་སོ། །རྭ་དགུ་བ་ཡིན་ན་སྟེང་ཕྱོགས་ཀྱི་ཕྱོགས་བཞིའི་རྭ་བཞི་དེ་རྣམ་སྣང་ལ་སོགས་པ་བདེ་བར་གཤེགས་པ་བཞི། མཚམས་ཀྱི་རྭ་བཞི་དེ་སྤྱན་མ་ལ་སོགས་པ་ཡུམ་བཞི། དབུས་རྭ་དེ་རྡོ་རྗེ་མི་བསྐྱོད་པ། འོག་ཕྱོགས་ཀྱི་རྭ་ཚང་མ་བྱང་ཆུབ་སེམས་དཔའ་བརྒྱད། དབུས་རྭ་རྡོ་རྗེ་སེམས་དཔའ་སྟེ་དེ་ལྟ་བུའི་སྒོ་ནས་གསུངས་ཚུལ་ཡོད་ལ། ད་རུང་བཤད་པ་མང་པོ་ཡོད་དོ། །འདིའི་དག་དྲན་གྱི་གཙོ་བོ་གཞི་ལམ་འབྲས་གསུམ་དང་སྦྱར་སྐབས་གཞི་ཆོས་དབྱིངས་སྤྲོས་པ་ཀུན་བྲལ་དོན་དམ་པའི་རྡོ་རྗེ། ལམ་སྣང་བཞི་འོད་གསལ་མངོན་དུ་གྱུར་པ་རིག་པ་བྱང་ཆུབ་སེམས་ཀྱི་རྡོ་རྗེ། འབྲས་བུ་དབྱིངས་རིག་དབྱེར་མེད་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་སྟེ། མདོར་ན་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་རྟོགས་པའི་ལྟ་བས་འཁོར་གསུམ་དམིགས་མེད་ཀྱི་ཀློང་དུ་རྒྱས་འདེབས་པ་དེ་དོན་གྱི་རྡོ་རྗེ་ཡིན་ནོ། །འདིར་དོན་དམ་སྟོང་ཉིད་ཀྱི་རྡོ་རྗེ། ཀུན་རྫོབ་རྫས་ཀྱི་རྡོ་རྗེ། སྣང་བ་བརྡ་ཡི་རྡོ་རྗེ། བཏགས་པ་མིང་གི་རྡོ་རྗེ་ལ་སོགས་པ་སྤྲོས་བཤད་མང་ཡང་དོན་ངོ་མའི་ཐོག་ནས་བཤད་ན་གཟུང་འཛིན་ཐ་དད་མེད་པའི་སྟོང་བ་ཉིད་ཀྱི་རང་བཞིན་ལ་རྡོ་རྗེ་ཟེར་རོ། །དྲིལ་བུའི་རྣམ་བཞག་ལའང་དྲིལ་བུའི་རྒྱུ། ལུས་ཚད། རིགས་ཀྱི་དབྱེ་བ། དག་དྲན་རྣམས་བཤད་རྒྱུ་ཡོད་དོ། །རྒྱུ་འཁར་བའམ་ཡང་ན་ལྕགས་གསུམ་ལས་བྱར་གསུངས་ལ། འཁར་བ་ནི་ང་ཚོའི་ཁ་སྐད་ལ་འཁར་ར་ཞེས་པ་དེ་ཡིན་པ་དང་། ལྕགས་གསུམ་ནི་གསེར་དངུལ་ཟངས་གསུམ་ལ་ཟེར་རྒྱུ་ཡིན་འདུག་གོ །ལུས་ཚད་ཀྱི་ཐོག་ནས་ཆ་གསུམ་ལུས་ནི་ལྡན་པར་བྱ་ཞེས་ཆ་གསུམ་ཕྱེས་ནས་གསུང་ས་ཡང་ཡོད་ལ། ཡོངས་གྲགས་ཀྱིས་ལུས་ཚད་དེ་ཆ་དྲུག་བྱས་ནས་འོག་ཕྱོགས་ཀྱི་ཆ་བཞི་དེ་ཁོག་པ་དང་། སྟེང་གི་ཆ་གཉིས་པོའི་ཞབས་མ་ཤེས་རབ་ཞལ་བུམ་གདན་དང་བཅས་པ་དང་། ཐོག་མ་པད་མ་དང་བཅས་པའི་རྡོ་རྗེ་ཕྱེད་པར་བྱས་ན་དྲིལ་བུའི་ལུས་ཚད་སྒྲོས་པ་ཡིན་ཞིང་ཚད་དང་ལྡན་ནོ། །སྟེང་ཕྱོགས་ཀྱི་དབྱུག་པའི་ཆ་གཟུགས་མེད་ཀྱི་ཁམས། ཁོག་པའི་ཕྱིའི་ལྷ་མོ་བརྒྱད་ཀྱི་མཚན་མ་བཀོད་ཡོད་ས་དེ་གཟུགས་ཁམས། དེའི་འོག་ནང་གི་དབྱུག་གུ་དང་ནམ་མཁའི་སྟོང་ཆ་རྣམས་འདོད་ཁམས་ཏེ་ཁམས་གསུམ་གྱི་རང་བཞིན། དེ་བཞིན་དུ་ཁམས་གསུམ་དག་པ་སྐུ་གསུམ་གྱི་རང་བཞིན་སོགས་འོག་ནས་དག་དྲན་གྱི་སྐབས་ནས་བཤད་རྒྱུ་ཡིན་ནོ། །དྲིལ་བུའི་རིགས་ཀྱི་ཐོག་ནས་previous hit དྲིལབུ next hit་འདི་ལ་རིགས་གསུམ་ཡོད་དེ། རྡོ་རྗེ་སེམས་དཔའི་previous hit དྲིལབུ next hit་ཞེས་པ་དང་། དཔའ་བོའི་previous hit དྲིལབུ next hit་ཞེས་པ་དང་། རིགས་སོ་སོའི་དེ་བཞིན་གཤེགས་པའི་previous hit དྲིལབུ next hit་ཞེས་པ་དེ་ལྟར་ཡོད་ཚུལ་དང་། དེའི་དབྱེ་བ་ཡང་མང་པོ་གསུངས་ཡོད་དོ། །རྡོ་རྗེ་སེམས་དཔའི་previous hit དྲིལབུ next hit་དང་དཔའ་བོའི་previous hit དྲིལབུ next hit་འདི་གཉིས་ཧ་ལམ་འདྲ་བ་ཞིག་ཡིན་ཞིང་། རྩེ་ལྔ་བ་དགུ་བ་གང་ཡིན་ན་ཡང་ཡོད་ཆོག་གོ །དེ་བཞིན་གཤེགས་པའི་previous hit དྲིལབུ next hit་དེ་མཐའ་གཅིག་ཏུ་རྩེ་མོ་ལྔ་བ་ཡིན་དགོས་པ་དང་། རྡོ་རྗེ་སེམས་དཔའི་previous hit དྲིལབུ next hit་ལ་སྟེང་གི་པདྨ་རྣམས་སུ་ཤར་དུ་སྒྲོལ་མའི་ས་བོན་ནས་བྱང་ཕྱོགས་ལ་གོས་དཀར་མོ་ལ་སོགས་པ་ཡོད་ཅིང་། འདི་ནས་དྲིལ་བུའི་མཚན་ཉིད་བཤད་དུས་ཤར་ཕྱོགས་སྒྲོལ་མའི་ས་བོན་ཡོད་ས་ལ་ཞལ་བསྟན་དགོས་གསུངས་ན་སྒྲོལ་མ་ཞེས་པ་རྗེ་བཙུན་སྒྲོལ་མ་དཀར་ལྗང་ལ་གོ་རྒྱུ་མ་ཡིན་ལ། འདི་རིགས་ཀྱི་ཡུམ་ལྔའི་ནང་ཚན་དོན་གྲུབ་སྒྲོལ་མ་ལ་གོ་དགོས་སོ། །དེ་བཞིན་དུ་ནུབ་ཏུ་མཱ་མ་ཀཱི། ལྷོར་སངས་རྒྱས་སྤྱན་མ་རྣམས་ཀྱི་ས་བོན་ཡོད་ལ། མཚམས་བཞིར་ས་བོན་ཡོད་ཅིང་། ཁོག་པའི་ལོགས་ཀྱི་དྲ་བ་དྲ་ཕྱེད་སྟེང་གི་པད་འདབ་སོ་སོའི་ཐད་ཀ་ནས་རྫོགས་ནས་ཡོད་དོ། །དྲ་ཕྱེད་འཕྱང་ཡོད་པའི་བར་ནས་མུ་ཏིག་གི་ཕྲེང་བ་ལྟ་བུའི་སྐེད་རགས་གཉིས་ཡོད་པ། དེའི་བར་རྡོ་རྗེའི་ཕྲེང་བ་ཡོད་པ། དྲ་ཕྱེད་ཀྱི་ནང་ན་ཕྱག་མཚན་ཡོད་པ། དཔའ་བོའི་previous hit དྲིལབུ next hit་ལ་ལྷ་མོ་བརྒྱད་ཀྱི་ས་བོན་དང་དྲ་ཕྱེད་མེད་པ་མ་གཏོགས་འདྲའོ། །དེ་བཞིན་གཤེགས་པའི་previous hit དྲིལབུ next hit་དེ་ཁྱད་པར་དམིགས་བསལ་ཅན་སྐེད་རགས་གཉིས་ཀྱི་བར་རམ་དབུས་ས་ནས་རང་རང་གི་རིགས་དང་མཐུན་པའི་ཕྱག་མཚན་གྱི་ཕྲེང་བ་དགོས་རྒྱུ་སོགས་ཁྱད་པར་དེ་ལྟར་དུ་གསུངས་ཡོད་དོ། །དྲིལ་བུའི་དག་དྲན་དེ་ཇི་ལྟ་བུ་ཞིག་ཡིན་ན་སྒྲུབ་པ་བོ་རང་ཉིད་རྣམ་སྣང་ལ་སོགས་པ་རིགས་སོ་སོ་དང་། རིགས་དྲུག་པ་རྡོ་རྗེ་འཆང་གི་ང་རྒྱལ་བྱས་ནས་རྡོ་རྗེ་སྙེམས་མ་ལ་སོགས་པ་དབྱིངས་ཀྱི་ཡུམ་སོ་སོར་སྒོམ་དུས་རིགས་སོ་སོའི་ལས་ཀྱི་ཕྱག་རྒྱ་མཚོན་ལ། རྡོ་རྗེ་ཐབས་དང་previous hit དྲིལབུ next hit་ཤེས་རབ་ཀྱིས་བདེ་བ་དང་སྟོང་བ་ཕན་ཚུན་རྒྱས་གདབ་པའི་ཕྱིར་དུ་རྩེ་མོར་རྡོ་རྗེ་ཕྱེད་པས་མཚན་པའི་རྡོར་དྲིལ་ཞལ་སྦྱོར་གྱིས་ཐབས་ཤེས་ཟུང་འཇུག་མཚོན་ནོ། །དེས་ན་རྡོ་རྗེ་དང་previous hit དྲིལབུ next hit་གཉིས་ཀ་ལག་གཡས་གཡོན་གཉིས་ཀས་མཉམ་པོར་གཟུང་དགོས་ཤིང་། དྲིལ་བུའི་ཤེས་རབ་ཞལ་ནས་ལག་པ་གཡོན་པའི་མཐེ་མོ་དང་མིང་མེད་གཉིས་ཀས་བཟུང་སྟེ་དཀྲོལ་དགོས་ལ། དེ་ཕྱི་ལྟར་དུ་བཤད་པ་ཡིན་ནོ། །ནང་ལྟར་དུ་བཤད་ན་དྲིལ་བུའི་ནང་གི་སྟོང་ཆ་ནམ་མཁའི་རང་བཞིན་དེ་ཟབ་མོ་སྟོང་པ་ཉིད་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་མཚོན་བྱེད། ནང་གི་དྲིལ་ལྕེ་ཡེ་ཤེས་ཀྱི་རྒྱལ་པོ། དཀྲོལ་ཡོང་དུས་སྟོང་ཉིད་བདེ་ཆེན་དབྱེར་མེད་མ་བཅོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཆོས་སྒྲ་སྒྲོག་པར་བསམ་རྒྱུ་དང་། དེའི་ཆོས་སྒྲ་དེ་ཡིས་ཕྱོགས་བཅུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉེས། སེམས་ཅན་ཐམས་ཅད་མ་རིག་བག་ཆགས་ཀྱི་གཉིད་འཐུག་ལས་སད། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ནས་འཁོར་བའི་སྡུག་བསྔལ་དྲུངས་ནས་འབྱིན་པར་བསམ་དགོས་སོ། །གསང་བ་ལྟར་དུ་བྱས་ན་རྡོར་དྲིལ་འདི་ཐབས་ཤེས་དབྱེར་མེད་བདེ་སྟོང་ཟུང་འཇུག་རྒྱལ་བའི་གསང་གསུམ་མཚོན་བྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ག་ཚང་བ་ཡིན་པས་སྤྱིར་བཏང་གི་ཉེར་མཁོའི་ཡོ་བྱད་ཙམ་དུ་མི་བརྩི་བར་གུས་པ་ཆེན་པོའི་སྒོ་ནས་མཆོད་དགོས་ཤིང་། ས་རྗེན་གྱི་སྟེང་དུ་འཇོག་མི་རུང་ངོ་། ཅང་ཏེའུའམ་ཌཱ་མ་རུ་ཡང་གསང་སྔགས་ཀྱི་རྣལ་འབྱོར་བས་བཅང་བའི་དམ་ཚིག་གི་ནང་ནས་བསྲུང་བྱ་གཅིག་ཡིན་ལ། འདི་ལ་མཚན་ཉིད་དང་དགོས་པ་དཀྲོལ་ལུགས་ཡོད་དོ། །ཅང་ཏེའུ་ཡི་མཚན་ཉིད་དེ་ཇི་ལྟར་གསུངས་ཡོད་ན་རྒྱུ་རྡོ་རྗེ་ཅན་གྱི་ཤིང་དང་། ཙན་དན་བ་གླང་མགོའི་རྩ་བ་རྣམས་ཡོད་དགོས་པར་རྒྱུད་ཀྱི་ནང་ན་གསུངས་ཀྱང་མ་རྙེད་ན་རྒྱུ་གང་ཡང་རུང་བས་བྱེད་ཆོག་གསུངས་ལ། མིའི་ཐོད་པས་ཀྱང་བྱེད་ཆོག་ཅིང་། དེ་ལ་ཐོད་རྔ་གསུང་ས་ཡང་ཡོད་དོ། །ཡང་གསང་བའི་རྔེའུ་ཆུང་ཞེས་པ་ཞིག་ཡོད་ཅིང་། དེ་ཁ་ཁ་ཞིག་ཡིན་ནོ། །འུ་ཚོས་བརྒྱད་གཉིས་ལྟག་སྤྲོད་དང་། བཅུ་དྲུག་ལྟག་སྤྲོད་ཅེས་ཟེར་དར་ཡང་རྒྱུད་ཀྱི་ནང་ངོ་མ་ན་བུ་ལོ་བཅུ་དྲུག་པ་དང་། བུ་མོ་ལོ་བཅུ་གཉིས་ཅན་གྱི་ཐོད་པ་ལྟག་སྤྲོད་བྱས་པའི་ཌཱ་མ་རུ་བདེ་སྟོང་ཡེ་ཤེས་སྦོར་བའི་རྟེན་འབྲེལ་དུ་བཟང་གསུངས་སོ། །དེ་ལ་སྔགས་ཡིག་འབྲི་རྒྱུ་དང་། འབྲི་བྱེད་ཀྱི་རྒྱུ་ཆ། དེའི་རྒྱན་དང་། ལུང་ཐག་ལ་སོགས་པའི་ཆ་ཚད་དང་བཤད་པ་མང་ལ། འདི་དཀྲོལ་བའི་གནས་སྐབས་ན་ཅང་ཏེའུ་ཡི་དག་དྲན་ཤེས་པའི་ངང་ནས་དཀྲོལ་དགོས་ཤིང་། ཅང་ཏེའུ་ཡི་སྒྲས་གྲག་སྟོང་སྐྱེ་མེད་སྟོང་པ་ཉིད་ཀྱི་དོན་མཚོན་ནོ། །ཐོད་པས་བདེ་ཆེན། སྒྲ་ཡིས་སྟོང་ཉིད། དེ་གཉིས་ཀ་དབྱེར་མི་ཕྱེད་པས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་མཚོན་ལ། རྒྱུད་ལས་ཐབས་ཀྱི་རྡོ་རྗེ་ཅང་ཏེའུ་ཉིད་ཅེས་དང་། ཤེས་རབ་ཌཱ་མ་རུ་ཡི་སྒྲ་ཞེས་གསུངས་ཡོད་ཅིང་། དེ་ལྟ་བུའི་དག་དྲན་གྱི་ངང་ནས་མཐེབ་མཛུབ་གཉིས་ཀྱིས་ཌཱ་མ་རུའི་དྲྭ་བ་བསྣོལ་མཚམས་ཀྱི་སྐེ་དཀྲིས་ནས་བཟུང་སྟེ་དཀྲོལ་དགོས་གསུངས་སོ། །དགོས་པ་ཅི་ཞིག་ཡོད་ན་དེ་ལྟ་བུའི་དག་དྲན་དང་བཅས་ཏེ་དཀྲོལ་ན་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྒྲའི་རྣམ་པར་ཤར་བའི་རོལ་བས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པར་བྱ་བའི་ཕྱིར་དང་། དེ་དག་གི་བྱིན་རླབས་དང་དངོས་གྲུབ་དུས་རིང་པོར་མི་ཐོགས་པར་མྱུར་དུ་སྩོལ་བའི་དགོས་པ། སྒྲ་དེ་ཡིས་བསྐུལ་ནས་དཔའ་བོ་མཁའ་འགྲོ་གནས་ཡུལ་ཞིང་སྐྱོང་ཐམས་ཅད་འདུས་ནས་བྱིན་གྱིས་རློབ་པའི་དགོས་པ། མཁའ་འགྲོ་ཆོས་སྐྱོང་རྣམས་བདག་གི་དབང་དུ་འདུས་ནས་ཐུགས་རྒྱུད་བསྐུལ་ན་ཕྲིན་ལས་མྱུར་བའི་དགོས་པ་དེ་ལྟར་མང་པོ་ཡོད་དོ། །དེ་ཡན་གྱིས་འུ་ཚོས་ཞོར་དུ་རྡོར་དྲིལ་ཅང་ཏེའུ་བཅང་བའི་དམ་ཚིག་གི་རྣམ་བཞག་དང་འབྲེལ་བ་ཅུང་ཟད་ཅིག་འཕྲོས་དོན་དུ་བཤད་པ་ཡིན་ནོ།།

༼ག སྔོན་འགྲོ་རྒྱུད་སྦྱང་བ།

ད་ནི་སྔོན་འགྲོ་རྒྱུད་སྦྱང་ནི༔ ཞེས་མཚམས་སྦྱར་ཏེ། ལས་བྱང་ཆེ་བའི་ནང་གི་ཡན་ལག་བཅུ་དེ་འདི་ནས་ཡན་ལག་བདུན་གྱི་ནང་དུ་བསྡུས་ཏེ་སྙིང་པོར་དྲིལ་ནས་བསྟན་ཡོད་ལ། ཡན་ལག་བཅུ་ནི་སྐྱབས་སུ་འགྲོ་བའི་ཡན་ལག སྤྱན་འདྲེན་པའི་ཡན་ལག བཞུགས་སུ་གསོལ་བའི་ཡན་ལག ཕྱག་འཚལ་བའི་ཡན་ལག མཆོད་པ་འབུལ་བའི་ཡན་ལག བཤགས་པ། ཡི་རང་། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་བཞུགས་གསོལ་འདེབས་པ། བསྔོ་བའི་ཡན་ལག་སྟེ་དུས་རྒྱུན་འབྱུང་བ་ལྟར་དུ་བཅུ་བོ་དེ་ཡིན་ཞིང་། འདིའི་ནང་ནས་མི་འདྲ་ས་ཞིག་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་ཁ་ཤས་ཡོད་དོ། །བཅུ་བོ་འདི་བདུན་གྱི་ཁོངས་སུ་བསྡུ་ན་ཇི་ལྟར་ཡིན་ཞེ་ན། སྐྱབས་འགྲོའི་ཚོགས་ཞིང་དེ་ཕྱག་འཚལ་བའི་ཡུལ་ཡིན་ཞིང་། མཆོད་པ་འབུལ་བའི་ཞིང་ཡིན་ལ། སྡིག་པ་བཤགས་པའི་རྟེན་གྱི་སྟོབས་ལ་སོགས་པ་ཡིན་པས་ན་སྤྱན་འདྲེན་དང་གཉིས་ཀ་སྤྱི་ཁྱབ་ཀྱིས་བསྡུ་ཚུལ་དང་གཅིག ཡང་ཁྱད་པར་ཅན་གྱི་ཡན་ལག་སྐྱབས་འགྲོ་དེ་ཕྱག་གི་ཁོངས་སུ་ཡང་བསྡུ་ཆོག་ཅིང་། སྐྱབས་ཡུལ་ཕྱོགས་བཅུ་དུས་གསུམ་གྱི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་མུ་མེད་ནམ་མཁའི་ཕ་མཐར་ཐུག་པའི་བདེ་གཤེགས་ཞི་ཁྲོ་རབ་འབྱམས་མཆོག་གསུམ་རྩ་གསུམ་རྒྱ་མཚོ་ཐམས་ཅད་ཡིན་ནོ། །བཞུགས་སུ་གསོལ་བའི་ཡན་ལག་ཀྱང་ཆོ་གའི་འགྲོས་ལྟར་ན་སྤྱན་འདྲེན་གྱི་དེ་མ་ཐག་ཏུ་འབྱུང་བས་དེ་དང་ཆབས་ཅིག་ཏུ་སྦྲེལ་བའམ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་གི་ཁོངས་སུ་བསྡུ་ནའང་ཆོག་གོ །རྒྱུད་སྦྱོང་བ་ཡན་ལག་བདུན་པའམ་བདུན་རྣམ་དག་དངོས་ནི་འདི་ནས་དངོས་བསྟན་དུ་འབྱུང་བའི་རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་ལ་སོགས་པ་འདི་ཡིན་ཞིང་། དུས་རྒྱུན་གྱི་ཐུན་མོང་གི་ལུགས་ཀྱི་ཡན་ལག་བདུན་དང་འདི་མི་འདྲ་ལ། ཡན་ལག་བརྒྱད་པར་གྱུར་ཡོད་དོ། །ཆོས་འཁོར་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་གསོལ་འདེབས་པ་གཉིས་ཤུགས་ལ་བསྟན་ནས་དངོས་བསྟན་ལ་ཕྱག་འཚལ་བ། མཆོད་པ། བཤགས་པ། ཡི་རང་། བསྔོ་བ་རྣམས་ཀྱི་སྟེང་དུ་སྐྱབས་འགྲོ། སེམས་བསྐྱེད། ལུས་འབུལ་རྣམས་བསྣན་པས་དོན་གྱིས་ཡན་ལག་བཅུ་བར་གྱུར་ཡོད་དོ།།

རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔

དག་པའི་མཆོད་པ་བཞེས་སུ་གསོལ༔

དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔

ཉེས་བྱས་མ་ལུས་བཤགས་པར་བགྱི༔

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔

མ་ཆགས་སྤྱོད་ལ་རྗེས་ཡི་རང་༔

དག་པའི་མཐའ་བཞི་དྲི་མ་མེད༔

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔

དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔

ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔

བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔

ཞེས་གསུངས་ཏེ། འདི་ནས་རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་འདིས་ཅི་ཞིག་བསྟན་ན་ཕྱག་འཚལ་བ་བསྟན་ལ། ཕྱག་འཚལ་བ་དེ་ང་རྒྱལ་གྱི་གཉེན་པོ་ཡིན་ཞིང་། འདིའི་དོན་སྔགས་ཀྱི་ལམ་ནས་དངོས་གྲུབ་ཐོབ་པ་དེ་བླ་མ་རྡོ་རྗེ་སློབ་དཔོན་ལ་རག་ལས། རྡོ་རྗེ་སློབ་དཔོན་དེ་ནི་ཕྱི་ནང་གསང་བའི་དེ་ཉིད་བཅུ་དང་། རང་བཞིན་བརྒྱད་ལྡན་དུས་གསུམ་སངས་རྒྱས་ཀུན་གྱི་ཞལ་སྐྱིན་ཡིན་པའི་སྟབས་ཀྱིས་རྡོ་རྗེ་སློབ་དཔོན་དེ་ཉིད་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ་ལམ་ངོ་བོར་གྱུར་པ་སངས་རྒྱས་སྐུ་གསུམ་གྱི་རྣམ་པར་འཕྲུལ་བ་ཡིན་རྒྱུ་དང་། དེ་ཡང་ནང་གསལ་རིགས་ལྔར་བཞེངས་པའི་ཐུགས་རང་བྱུང་གི་ཡེ་ཤེས་གཉིས་སུ་མེད་པའི་ངང་དེ་ལས་ཕྱི་གསལ་གཟུགས་སྐུར་སྣང་བའི་མཛད་པ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཆེད་དུ་བརྗོད་པར་མཛད་པས་ཀྱང་སངས་རྒྱས་ཀྱི་དཔལ་ཞེས་གསུངས་པའོ། །ཇི་ལྟ་བུའི་སྒོ་ནས་ཆེད་དུ་བརྗོད་པར་མཛད་ཅེ་ན། འདི་ཡང་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་བཤད་ན་གཞི་འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་སངས་རྒྱས་པའི་རང་བཞིན། ལམ་བསྐྱེད་རྫོགས་གཉིས་མེད་སྤང་བླང་རེ་དོགས་ལས་འདས་པ། འབྲས་བུ་ལྷུན་རྫོགས་ཀུན་བཟང་གདོད་མའི་མགོན་པོའི་ས་ལ་ད་ལྟ་ནས་སྦྱོར་བར་མཛད་པ་པོ། དགོངས་པ་སངས་རྒྱས་ཀྱི་ཐུགས་དང་གཉིས་སུ་མེད་པ། དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ་ཞེས་དུས་གསུམ་ཀུན་ཏུ་འཕོ་འགྱུར་བྲི་གང་དང་བྲལ་བ། དུས་གསུམ་དུས་ལས་འདས་པའི་དུས་མེད་ཀ་དག་གི་དུས་གཉིས་མེད་མཉམ་པ་ཆེན་པོར་རྟག་ཏུ་བཞུགས་པ་དེ་ལ་ཕྱག་འཚལ་ལོ་ཞེས་གསུངས་པའོ། །ཕྱག་འདི་ལ་དྲང་དོན་ཀུན་རྫོབ་བརྡ་ཕྱག་དང་། ངེས་དོན་དོན་དམ་མཇལ་ཕྱག་གཉིས་ཡོད་པའི་ནང་གི་དོན་དམ་ལྟ་བའི་མཇལ་ཕྱག་གསང་སྔགས་ཐུན་མིན་གྱི་ཕྱག་ཡིན་ལ། སྐྱབས་འགྲོའི་སྔོན་དུ་ཕྱག་འཚལ་བ་འབྱུང་བ་འདི་སྐབས་འདི་དང་བསྟུན་ན་བླ་མ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཀུན་གྱི་གཙོ་བོ་རིགས་ཀུན་གྱི་ཁྱབ་བདག་སྐྱབས་ཡུལ་ཀུན་གྱི་མཐར་ཐུག་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ། གཉིས་པ་སྐྱབས་སུ་འགྲོ་བ་ནི། མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །ཞེས་གསུངས་ཏེ། འདི་ཚོ་འགྲེལ་སྐབས་མཆོག་གསུམ་ཞེས་པ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ཡིན་ལ། དེ་ལ་གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི་གསུངས་པ་ཡིན་ཞེས་བྱིས་པ་ཞིག་ལ་བཤད་པ་དང་འདྲ་བར་བྱས་པས་འོས་ཤིང་འཚམས་པ་མ་ཡིན་ཞིང་། འདི་ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་སྦྱོང་བ་བཤད་པའི་སྐབས་ཡིན་ན་ཐུན་མོང་གི་ནང་གི་ཐུན་མོང་ཞིག་ལ་བཤད་ན་འོས་འཚམས་མ་ཡིན་ནོ། །འདིའི་སྐྱབས་འགྲོ་འདི་ཚོ་ཐུན་མིན་དོན་གྱི་གནས་ལུགས་དོན་དམ་རྡོ་རྗེའི་སྐྱབས་འགྲོ་ཡིན་ལ། དཀོན་མཆོག་གསུམ་ཡང་རང་ལ་ཡེ་ནས་གནས་པའི་མཆོག་གསུམ་ལ་གོ་དགོས་ཤིང་། ཆོས་ཉིད་མ་འཁྲུལ་བ་གཞི་ཡི་སངས་རྒྱས། སྒྲ་ཚིག་ལས་འདས་པ་དོན་གྱི་དམ་ཆོས། འགྱུར་བ་མེད་པར་གནས་པ་སྙིང་པོའི་དགེ་འདུན་ཏེ་དེ་ལྟ་བུའི་མཆོག་གསུམ་བསྒྲུབ་བྱའམ་བསྟེན་པའི་སྐྱབས་སུ་གྱུར་པ་ལ་རང་ངོ་ཤེས་པའི་ངང་ནས་གཉིས་འཛིན་འཁྲུལ་བ་ཞིག་པའི་གཉིས་མེད་མཉམ་པ་ཆེན་པོའི་སྒོ་ནས་སྐྱབས་སུ་མཆི་ཞེས་གསུངས་པ་ཡིན་ནོ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི་ཞེས་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་བའི་ཕྱི་ནང་གི་མཆོད་པ་འབུལ་བ་དང་། དག་པའི་མཆོད་པ་བཞེས་སུ་གསོལ་ཞེས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ཐམས་ཅད་ལས་ཀྱང་ཁྱད་པར་དུ་གྱུར་པ་གསང་བ་རྨད་བྱུང་གི་མཆོད་པ་དུག་ལྔ་ཡེ་ཤེས་ལྔ་རུ་མཆོད་པ། དུག་གསུམ་སྐུ་གསུང་ཐུགས་སུ་མཆོད་པ། སྣང་སྲིད་བདེ་བ་ཆེན་པོར་མཆོད་པ། ལྟ་བ་དག་མཉམ་ཆེན་པོ། སྒོམ་པ་སྣང་སྲིད་གཞིར་བཞེངས། སྤྱོད་པ་གང་ཤར་རང་གྲོལ་གྱི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་དག་པའི་མཆོད་པ་ཞེས་དེ་ལྟ་བུའི་མཆོད་པ་འབུལ་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱི་ཆུ་བོ་དེ་རྒྱུན་མི་ཆད་པར་འབབ་ཅིང་འབྱུང་བའི་བགེགས་སམ་གེགས་སུ་གྱུར་པའི་ཉེས་བྱས་མ་ལུས་བཤགས་པར་བགྱི་ཞེས་ཉེས་བྱས་མ་ལུས་ཏེ། ཉེས་པར་བྱས་པ་མ་རྟོགས་འཁྲུལ་བར་འཕྱན་པའི་དུག་ལྔ་རང་རྒྱུད་དུ་ཞེན་པ་དང་། སྒོ་གསུམ་ཐ་མལ་དུ་བལྟས། གདན་གསུམ་ལྷའི་རང་བཞིན་དུ་མ་ཤེས་ནས་ཆོས་ཉིད་ཀྱི་དོན་མ་རྟོགས་པའི་ཉེས་འགལ་མ་ལུས་པ་བཤགས་པ་དང་། ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས་ཞེས་ཕྱོགས་བཅུ་རབ་འབྱམས་ཆོས་ཀྱི་དབྱིངས་མ་ལུས་ཡོངས་སུ་གང་བའི་རྒྱལ་བ་སྲས་དང་བཅས་པའི་འཁོར་གསུམ་འཛིན་པ་དང་བྲལ་བའི་ཚོགས་ཆེན་ཡེ་རྫོགས་ཀྱི་ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ལ་གོ་དགོས་ལ། དེ་ལྟ་བུའི་ཆོས་དེ་མ་ཆགས་སྤྱོད་ལ་རྗེས་ཡི་རང་ཞེས་མ་ཆགས་ཞེན་མེད་དུ་སྤྱོད་པར་རྗེས་སུ་ཡི་རང་ཞིང་། དག་པའི་མཐའ་བཞི་དྲི་མ་མེད་ཅེས་ལུས་དག་པ་དང་། དམིགས་པ་དག་པ། སེམས་དག་པ། ཡེ་ཤེས་དག་པ་སྟེ་དག་པའི་མཐའ་བཞི་དྲི་མ་མེད་པས་གསལ་ཆ་ནས་སྙིང་རྗེའི་གདངས་སུ་ཤར་ཡང་སྟོང་ཆ་ནས་ཞེན་པ་མེད་པའི་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱིས་བདེན་གཉིས་དབྱེར་མེད་ཀྱིས། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ་ཞེས་མཐའ་ཡས་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་དམིགས་པས་རྫོགས་པའི་བྱང་ཆུབ་ཏུ་འཁོར་འདས་དབྱེར་མེད་ཀྱིས་སེམས་བསྐྱེད་ཅེས་དང་། དེ་ནས་བདེ་གཤེགས་དབང་ཕྱུག་སེམས་ཅན་ལ་ཞེས་ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་ཀྱི་བདེ་བར་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དབང་བཅུའི་འབྱོར་བས་ཕྱུག་པ་རྡུལ་སྙེད་གངས་ཆེན་མཚོའི་བཀོད་པ་དཔག་ཡས་ནམ་མཁའ་གང་བའི་ལྷ་ཚོགས་ཞེས་དེ་ལྟ་བུ་ཞིག་ལ་གོ དཔག་ཡས་ནམ་མཁའ་གང་བའི་ལྷ་ཚོགས་ཞེས་པའི་གོ་བར་བྱས་ན་འདིའི་སེམས་ཅན་འདི་སེམས་ཅན་ཆེན་པོ་ལ་འགྲེལ་ཆོག་ལ། ཡང་ན་བདེ་གཤེགས་དབང་ཕྱུག་སེམས་ཅན་ཞེས་པ་འདི་སེམས་ཅན་ཐམས་ཅན་ལ་གོ་ཆོག་གམ་སྙམ། དེ་ཅིའི་ཕྱིར་ཞེ་ན། གོང་ནས་བཤད་མ་ཐག་པ་ལྟར་དུ་རང་བཞིན་གྱི་སངས་རྒྱས་དེ་སེམས་ཅན་ཐམས་ཅད་ཡིན་ལ། དེས་ན་འདི་སྐྱེ་བ་རྒྱུའི་སངས་རྒྱས་ལ་འགྲེལ་ན་ཆོག་གོ། །ལུས་འགྲུབ་པའི་རྒྱུ་དེ་ཁུ་རྡུལ་རླུང་གསུམ་ཡིན་ན་ཐབས་ཀྱི་ངེས་པའི་ལམ་ནས་མ་ཀྵེ་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཀྱིས་གསེར་དུ་བསྒྱུར་བ་ལྟར་དུ་ཀུན་རྟོག་འགྱུ་བ་དང་བཅས་པ་བདེ་སྟོང་བདུད་རྩིའི་དབྱིངས་སུ་ཐིམ་སོང་དུས་ཁམས་དང་རྩ་ཡི་འགྲོས་དག་ནས་འཁོར་ལོ་བཞིའི་རྩ་འདབ་ལས་སུ་རུང་། དབུ་མའི་རྩ་འདབ་གྲོལ་ཏེ། སྣང་གསུམ་འཕོ་བའི་བག་ཆགས་དག་ན་དེའི་དུས་སུ་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་པའི་ཕྱིིར་ན་འབྱུང་མ་རག་པའི་དགོས་པ་གསུམ་གྱི་ལུས་འབུལ་བ་ལ་གོ་ཆོག་གོ། །དེ་ལས་གཞན་ཡང་སླ་མོ་ངོ་མ་ཞིག་གིས་གོ་བ་བླངས་ན་རང་བཞིན་སངས་རྒྱས་སེམས་ཅན་ཐམས་ཅད། རྟོགས་པའི་སངས་རྒྱས་རིག་འཛིན་གྱི་ས་ལ་བཞུགས་པ་རྣམས་དང་། གྲུབ་པའི་སངས་རྒྱས་དེ་ཉིད་མངོན་དུ་གཟིགས་པ་རྣམས་ཡིན་ན་དེ་གསུམ་ཡང་རང་བཞིན་དང་གནས་སྐབས་ཀྱི་བྱེ་བྲག་གི་ཆ་ནས་ཕྱེས་པ་ཞིག་ཡིན་ནོ། །དོན་ལ་སངས་མ་རྒྱས་པའི་ཆོས་ཤིག་མི་དམིགས་ཤིང་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དང་། མ་བསྒོམས་པ་གོམས་པར་བྱ་བའི་ཕྱིར་དང་། སེམས་ཅན་མ་གྲོལ་བ་བསྒྲལ་བར་བྱ་བ་དང་། དབུགས་མ་དབྱུང་བ་འབྱིན་པའི་ཆེད་དུ་ཡང་དག་པ་གསུམ་མམ་དགོས་པ་གསུམ་ཕྱིར་ལུས་འབུལ་ལོ་ཞེས་གོ་ཆོག་གམ་སྙམ། རང་ལུས་གདན་དུ་འབུལ་བ་འདི་སྔགས་བླ་མེད་ཀྱི་སྐབས་དང་བསྟུན་ན་དུས་རྒྱུན་དུ་ཡོང་རྒྱུ་ཞིག་ཡིན་ལ། འདིའི་ནང་དུ་ཐུན་མོང་མ་ཡིན་པའི་བསགས་སྦྱང་གི་གནད་ཁྱད་པར་ཅན་མང་པོ་ཞིག་འདུས་པ་ཡིན་ནོ། དག་པ་གསུམ་ཕྱིར་ལུས་འབུལ་ལོ་ཞེས་དག་པ་གསུམ་གྱི་ལུས་དེ་གང་ཡིན་ན། རྩ་དག་པ། རླུང་དག་པ། ཐིག་ལེ་དག་པའི་རང་བཞིན་འབུལ་བའམ་ཡང་མཚམས་རེར་རྒྱུད་ཀྱི་ནང་དུ་དགོས་པ་གསུམ་ཕྱིར་ཞེས་འབྱུང་སྐབས་དེ་ལྟར་དག་པའི་དགོས་པ་གསུམ་ཕྱིར་ལུས་འབུལ་བ་དང་། ཚེ་རབས་བགྲང་བའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ་ཞེས་ཚེ་རབས་བགྲང་མཐའ་ཡས་པའི་ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ་བསགས་པའི་རང་གཞན་གྱི་ཟག་བཅས་ཟག་པ་མེད་པའི་དགེ་ཚོགས་གསག་འགྱུར་དང་བཅས་པ་ཐམས་ཅད་འཁོར་གསུམ་དག་པའི་དམིགས་འདུན་མཉམ་བཞག་ནམ་མཁའ་ལྟ་བུ་དམིགས་མེད་ཀྱི་ངང་དེ་ལས་རྗེས་ཐོབ་སྙིང་རྗེའི་གསལ་སྣང་སྒྱུ་མ་ལྟ་བུའི་རང་བཞིན་དུ་བསྔོ་བ་སྟེ་ཡན་ལག་བརྒྱད་དངོས་བསྟན་དང་། ཆོས་འཁོར་བསྐོར་བར་བསྐུལ་བ་དང་། བཞུགས་གསོལ་འདེབས་པ་གཉིས་གོང་ནས་ཀྱང་བཤད་པ་ལྟར་ཞོར་དུ་འདུས་པའི་ཡན་ལག་བཅུ་བ་འདི་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ཚོགས་གསོག་པའི་སྒོ་ཁྱད་པར་ཅན་ཚོགས་བསགས་ཀྱི་རིགས་ཐམས་ཅད་འདི་རྣམས་ཀྱི་ཁོངས་སུ་འདུ་བ་དེ་ལྟ་བུ་ཞིག་ཡིན་ནོ། །ཕར་ཕྱིན་ཐེག་པའི་སྐབས་སུ་བསྐལ་བ་གྲངས་མེད་གསུམ་ལ་ཚོགས་གསོག་དགོས་ཚུལ་གསུངས་པ་དེ་དག་གནད་ཁྱད་པར་ཅན་འདི་དག་གིས་ཟིན་ན་གྲངས་མེད་ཀྱི་ཚོགས་སྐད་ཅིག་མ་ལ་འདུམ་ཐུབ་ཅིང་། ཚུལ་གསུམ་སྒྲོན་མེ་ལས། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་གསུངས་པ་ནི་དེ་ལྟ་བུ་ཞིག་ལ་གོ་དགོས་སོ། །དེ་དག་གི་གནད་མ་ཤེས་ན། ཀུན་མཁྱེན་འཇིགས་གླིང་གིས། གནད་འགག་དེ་ལྟ་བུ་ཁོང་དུ་མ་ཆུད་པར་ངེས་པའི་གནད་ཐམས་ཅད་སྟོང་སྒྲ་ཁོ་ན་ལ་རྒྱས་འདེབས་ཤིང་། ཚིག་ཤར་ཀློག་པ་ཙམ་ལའང་རོ་འཛིན་ལ་རྒྱ་མདུད་ཀྱིས་བརྩེགས་པའི་རྨོངས་པ་དག་གིས་དམ་པའི་བྱ་བ་ལ་ནན་གྱིས་འགྲན་ཞིང་མུ་ཅོར་སྨྲ་བ་དག་སྙིང་རྗེ་བའོ། །ཞེས་གསུངས་སོ། །ཞེས་པ་ལན་གསུམ་སོགས་བརྗོད༔ ཞེས་འདིའི་སོགས་ཁོང་གི་ནང་ན་འདི་ལས་འཕྲོས་པའི་ཡན་ལག་སྡོམ་གཟུང་དང་དམ་བཅའ་རྣམས་བསྡུས་པ་ཨེ་ཡིན་སྙམ།

༼ག གསུམ་པ་མཆོད་རྫས་བྱིན་གྱིས་བརླབ་པ།

སྔོན་འགྲོའི་ས་བཅད་གསུམ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔

ཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་ལས༔

ཐམས་ཅད་སྟོང་པའི་རང་བཞིན་ཉིད༔

སྨན་རག་གཏོར་མཆོད་དངོས་པོ་རྣམས༔

སྟོང་ཉིད་བདག་འཛིན་བྲལ་བ་ལས༔

ཞེས་གསུངས་ཏེ། ཐོག་མའི་ཧཱུྃ་ཡིག་དེ་དམིགས་བསམ་བརྗོད་པ་དང་བྲལ་བ་ཐུགས་རྡོ་རྗེའི་རང་བཞིན་མཚོན་པའི་བརྡའམ་སྒྲ་ཡིས་བསྐུལ་ནས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྨྲ་བསམ་བརྗོད་པ་དང་བྲལ་བའི་གཞིའི་གནས་ལུགས་བསམ་གྱིས་མི་ཁྱབ་པའི་ངང་དེ་ལས་ཐམས་ཅད་སྟོང་ཉིད་རང་བཞིན་ཉིད་ཅེས་འཁོར་བ་དང་མྱང་འདས་ཞེས་པའི་ཆོས་ཐམས་ཅད་ཐ་སྙད་ཙམ་དུའང་མ་གྲུབ་པར་ཆོས་ཐམས་ཅད་སྟོང་པ་ཆེན་པོའི་རང་བཞིན་ཉིད་ལས་གཞི་ལས་གཞི་སྣང་གི་འཆར་ཚུལ་མ་གྲུབ་པའི་གྲུབ་པ་ཆེན་པོ་ལྷུན་གྲུབ་ཡེ་ཤེས་ཀྱི་རོལ་བ་སྣ་ཚོགས་འདོད་ཡོན་གྱི་རྒྱན་དུ་ཤར་བ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་རྫས་ཀྱི་རྣམ་པར་ཤར་བ། སྨན་རཀ་གཏོར་མཆོད་ལ་སོགས་པའི་དངོས་པོ་རྣམས་ཞེས་བཤད་པའི་སྐབས་སུ་ཕྱི་མཆོད་དེ་མེ་ཏོག་བདུག་སྤོས་ལ་སོགས་པ། ནང་མཆོད་དེ་སྨན་རག་གཏོར་གསུམ་ལ་སོགས་པ། གསང་མཆོད་དེ་བདེ་སྟོང་འབར་འཛག་དང་དེ་ཁོ་ན་ཉིད་གནས་ལུགས་དོན་གྱི་མཆོད་པ་རྣམས་ལ་གོ་དགོས་སོ། །འདི་ནས་བྱིན་གྱིས་བརླབ་པའི་སྐབས་སུ་ཁྱད་པར་དུ་ཀུན་རྫོབ་མཚན་མའི་རྫས་དེ་དག་ལ་དམིགས་ནས་སྟོང་ཉིད་བདག་འཛིན་དང་བྲལ་བའི་ངང་དེ་ལས།

རྃ་ཡྃ་ཁྃ་གསུམ་མེ་རླུང་ཆུས༔

བདག་གཞན་རྟོག་པའི་དྲི་མ་སྦྱངས༔

མེ་རླུང་ཆུ་ཡང་འོད་དུ་ཞུ༔

སྨན་རག་གཏོར་མཆོད་དངོས་པོར་གྱུར༔

རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔

འདོད་པའི་ཡོན་ཏན་དུ་མར་གྱུར༔

ཞེས་གསུངས་ཏེ། རྃ་ཡྃ་ཁྃ་གསུམ་མེ་རླུང་ཆུས་ཞེས་རྃ་མེ་ཡི་སྙིང་པོ་ཡིན་ལ། ཡི་གེ་རྃ་ལས་སོར་རྟོག་ཡེ་ཤེས་ཀྱི་མེ་འབར་ནས་བདག་འཛིན་རྟོག་པའི་དངོས་འཛིན་གྱི་དྲི་མ་ཐམས་ཅད་བསྲེགས། ཡྃ་རླུང་གི་སྙིང་པོ་ཡིན་ཞིང་། ཡྃ་ལས་བྱ་གྲུབ་ཡེ་ཤེས་ཀྱི་རླུང་འཕྲོས་ནས་མ་དག་འབག་བཙོག་གི་མངོན་ཞེན་གྱི་དྲི་མ་གཏོར། ཁྃ་ཆུ་ཡི་སྙིང་པོ་ཡིན་པས་ཡི་གེ་ཁྃ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ཆུས་གཉིས་འཛིན་གྱི་དྲི་མ་ཐམས་ཅད་བཀྲུས་ནས་བདག་འཛིན་གྱི་རྟོག་པ་བདག་གཞན་གཙང་བཙོག་ལ་སོགས་པའི་གཉིས་འཛིན་འཁྲུལ་བའི་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་དག་ཅིང་སྦྱངས་པར་བྱས་ནས་བུད་ཤིང་མེ་རུ་གྱུར་ཟིན་ནས་མེ་ཉིད་ཀྱང་རང་ལོག་པ་ལྟར་དུ་སླར་སྦྱོང་བྱེད་མེ་རླུང་ཆུ་ཡང་འོད་དུ་ཞུ་ནས་སྨན་རཀ་གཏོར་མ་ལ་སོགས་པའི་མཆོད་རྫས་ཐམས་ཅད་ཀྱི་དངོས་པོ་རྣམས་ཀྱང་གཟུང་བ་དང་འཛིན་པར་ཤར་བའི་མ་དག་པའི་རྟོག་པ་གཉིས་དག་ནས་སྣོད་བཅུད་བརྟན་གཡོའི་དངོས་པོ་འདོད་དགུ་མི་ཟད་པའི་ཡོན་ཏན་དུ་མ་དང་ལྡན་པ་སྟེ། འདི་ནས་དུ་མའི་སྒྲ་ཡིས་བསམ་གྱིས་མི་ཁྱབ་པར་གྱུར་པར་བསམ་དགོས་སོ། །ཇི་ལྟར་བསམ་དགོས་ན། ཕྱི་རྨད་བྱུང་ལྷུན་གྲུབ་ཀྱི་མཆོད་པ་གླིང་བཞི་གླིང་ཕྲན་ལྕགས་རི་ཉི་ཟླ་རྒྱུ་སྐར་ལ་སོགས་པ་དབུས་ཀྱི་རི་བོ་མཆོག་རབ་དང་བཅས་པ་ཕྱི་སྣོད་ཀྱི་འཇིག་རྟེན་བཀོད་ལེགས་པ། ནང་རྩོལ་མེད་ཤུགས་འབྱུང་གི་མཆོད་པ་ནི་སྤྲུལ་བའི་ལྷ་དང་ལྷ་མོ་ལ་སོགས་པ་མཐོ་རིས་ཀྱི་འབྱོར་བ་རྒྱན་དང་ཆ་ལུགས་རྣམ་འགྱུར་འཕྱོར་སྒེག་དང་ལྡན་པ་ལོངས་སྤྱོད་འབྱོར་བ་དང་བཅས་པ། གསང་བ་སེམས་ཀྱི་རོལ་བ་དམིགས་པའི་ཆོ་འཕྲུལ་ལས་བྱུང་བའི་མཆོད་རྫས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་འདྲ་བ། ད་རུང་ཞར་བྱུང་རྫས་ཀྱི་མཆོད་པ་ཕྱི་གཟུགས་སྒྲ་དྲི་རོ་རེག་བྱའི་རིགས་སུ་གཏོགས་པ། ནང་བཟའ་བཏུང་ལོངས་སྤྱོད་ཉེར་མཁོའི་རིགས་སུ་གྱུར་པ། གསང་བ་ཟབ་མོའི་སྦྱོར་སྒྲོལ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ། རྩོལ་བས་བསྒྲུབས་པའི་མཆོད་པ་ཡིན་ན་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་རྣམས་ཀྱིས་མཚོན་པ་དེ་རྣམས་ཡིན་ནོ། །འདི་ནས་མཆོད་པ་བྱིན་རླབས་འདི་ལ་ཕྱི་ནང་གི་མཆོད་རྫས་ཐམས་ཅད་ཏིང་ངེ་འཛིན་དང་འབྲེལ་བའི་འདོན་སྒོམ་སྦྲགས་མ་ཡིས་བསྲེགས་གཏོར་སྦྱངས་གསུམ་བྱས་ནས་ཡེ་ཤེས་ཀྱི་རང་མདངས་ཀྱི་མཆོད་རྫས་ལ་བྱིན་གྱིས་བརླབ་པ་དང་། སྨན་རཀ་གཏོར་གསུམ་སྒོས་སུ་བརླབ་རྒྱུ་ཡིན་ན་སྨན་རཀ་གཏོར་གསུམ་གྱི་ཐད་ནས་སྐབས་འདི་དང་འབྲེལ་ནས་ཅུང་ཟད་ཞིབ་ཆ་ཞིག་བྱས་ན་སྙམ་གྱིན་ཡོད། སྨན་གྱི་སྣོད་དེ་བནྡྷ་མཚན་ལྡན་ཡིན་དགོས་གསུངས་ཤིང་། ཀ་པཱ་ལ་མཚན་ལྡན་དངོས་ཡིན་ན་རབ་ཡིན་ལ། དེ་མིན་ཡང་དེའི་གཟུགས་སུ་བཅོས་པའི་འུ་ཚོས་མཆོད་ཆའི་ནང་ན་ཡོད་པའི་སྨན་སྣོད་འདི་ཚོས་ཆོག་གོ །དེ་ཡང་ཆག་གྲུམ་གས་ཡོ་མེད་པ་སྐྱོན་མེད་དངོས་གཙང་ཞིག་ཡིན་ན་བསོད་ནམས་ལྷག་ཏུ་ཆེ་བ་ཡིན་ལ། སྨན་རཀ་གཡའ་ཁུ་མ་ཁྲལ་གསོབ་བྱེད་མི་ཉན་གསུངས་ཡོད་དར་བས་མཆོད་རྫས་ཐམས་ཅད་ལ་གང་བྱུང་དེས་ཆོག་བྱས་ན་ལོངས་སྤྱོད་དབུལ་བ་ལ་སོགས་པའི་བསོད་ནམས་མ་ཡིན་པའི་འབྲས་བུ་འབྱུང་བ་ཡིན་ནོ། །ཟངས་རག་གི་རིགས་འདི་ཚོ་གཡའ་སླ་བ་ཡིན་ཞིང་། གཡའ་རྒྱུ་མེད་པའི་ལྕགས་རིགས་ཡིན་ན་ཡང་གཙང་མར་བྱས་ནས་བཀྲུ་བཤལ་དང་ཕྱི་རྒྱུ་མ་བྱས་ན་བཙོག་པར་གྱུར་ཡོད་ལ། ཟངས་རག་གི་སྣོད་དེ་ཚོའི་ནང་དུ་རྩི་གཞན་དག་བརྒྱབ་ནས་གཡའ་མི་ཆགས་ཐབས་བྱེད་རྒྱུ་དང་། མདོར་ན་མཆོད་པའི་རྫས་དེ་རང་བློ་དག་པའི་དངོས་གཙང་དགོས་སོ། །རྟོགས་ལྡན་དང་རྫབ་ངན་གཉིས་ནོར་ས་ཡོད་ལ། ཆོག་རྒྱུ་དང་རུང་རྒྱུར་བྱས་ནས་དེ་འདྲ་མི་དར་བསམ་མི་ཉན་ལ། རྒྱུན་སྲོལ་བཟང་པོ་བསྣུབ་མི་ཉན་པར་འཛིན་དགོས་ཀྱང་མི་རིགས་ཀྱི་ཡ་རབས་གཙང་སྦྲ་ལ་བརྩི་འཇོག་མ་བྱས་ཐབས་མེད་དུ་ཁེལ་བ་ཡིན་པ་དང་། དེ་མིའི་རིགས་ཀྱི་བྱ་སྤྱོད་བཟང་པོ་ཞིག་ཡིན་ནོ། །གཙང་སྨེ་གཉིས་འཛིན་གྱི་རྟོག་པ་ཡོད་པའི་རིང་ལ་དེའི་ཚོད་དང་མཐུན་པ་ཞིག་མ་བྱས་ན་ལྟ་སྤྱོད་ཆ་མ་འགྲིགས་ནས་རྒྱུ་འབྲས་མཉམ་པར་ལྟ་ལུགས་ནོར་ནས་མི་གཙང་ཟན་དུ་ཟ་བའི་ཁྱི་ཕག་གི་སྤྱོད་པ་དང་འདྲེས་ལ་ཉེ་བ་ཡིན་ཞིང་། ཨ་ལ་རྩེད་མཚར་ཡིན་མོད་མཆོད་པའི་རྫས་ཐམས་ཅད་ཚོགས་བསགས་ཀྱི་ཆེད་དུ་དངོས་གཙང་བྱེད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན་ནོ། །སྨན་གྱི་རྒྱུའམ་བཅུད་དུ་གྱུར་པ་སྨན་ཐམས་ཅད་ཀྱི་ནང་དུ་བླུག་རྒྱུ་ནི་པཉྩ་ཨ་མྲྀ་ཏ་ཡོད་ན་རབ་ཡིན་ལ། མ་འབྱོར་ན་བདུད་རྩིའི་རིགས་དང་། སྨན་སིནྡྷུ་ར་ལ་སོགས་པ་མདོར་ན་དྲི་རོ་བཅུད་ལྡན་གྱི་རྫས་ཁྱད་པར་ཅན་གང་འཛོམས་སྦྱར་ཆོག་གསུངས་ཡོད་དོ། །པཉྩ་ཨ་མྲྀ་ཏ་གསུང་རྒྱུ་དེ་བདུད་རྩིའི་ཆོས་སྨན་ལ་ཟེར་ཞིང་། གཙོ་བོ་བདུད་རྩིའི་ཆོས་སྨན་སེལ་མེད་ཡོད་རྒྱུ་གལ་ཆེ་བ་ཡིན་ནོ། །ཡང་འུ་ཚོས་སྨན་སྒྲུབ་ཀྱི་རིགས་ཤིག་ལག་ན་ཅི་ཡོད་གང་ཡོད་བྱིན་རྟེན་ཡིན་དྲན་ནས་བསྲེ་རྒྱུ་དེ་ཡང་ཡང་དག་པ་ཞིག་མ་ཡིན་ལ། རྩ་བརྒྱད་སྟོང་སྦྱར་གྱི་སྨན། སྨན་གྱི་སྒྲུབ་པར་བྱེད་དུས་ཚོགས་དགོས་རྒྱུ་མང་ཡང་དམ་རྫས་འདི་ལ་དམ་ཚིག་གི་སེལ་མེད་རྒྱུ་དེ་གལ་ཆེ་བ་ཡིན་པས་ཆོས་ཀྱི་བརྒྱུད་པའི་ཁུངས་ལ་སོགས་པ་ལ་བལྟ་རྒྱུ་གནད་ཆེ་བ་ཡིན་ནོ། །དམ་རྫས་ཡིན་ན་ཡིན་གསུམ་གྲུབ་བཞིའི་མཚན་ཉིད་ཚང་དགོས་ཤིང་། ཡིན་པ་གསུམ་དེ་གང་ཡིན་ན། ངོ་བོ་ཡེ་ཤེས་ལྔ་ཡིན་པ། དུག་ལྔ་སེལ་བའི་སྨན་ཡིན་པ། དངོས་གྲུབ་སྒྲུབ་པའི་རྫས་ཡིན་པ་ཞིག་དགོས་སོ། །གྲུབ་པ་བཞི་དེ་གང་ཚོགས་དགོས་ན། ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། ནུས་པ་མཐུ་ཡིས་གྲུབ་པ། བྱིན་གྱིས་རླབས་ཀྱིས་གྲུབ་པ་དེ་རྣམས་ཚོགས་དགོས་སོ། །དམ་རྫས་ཟེར་རྒྱུ་དེ་ལོ་གསར་གྱི་དགུ་ཐུག་བསྐོལ་བསྐོལ་བྱེད་རྒྱུ་མེད་ལ། རྒྱུ་དྲུག་རྐྱེན་བཞི་ཚང་བའི་ར་ས་ཡ་ན་ཞེས་གསུངས་ཡོད་དོ། །འདིའི་རྒྱུ་དྲུག་རྐྱེན་བཞི་ཞེས་པ་འདི་བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་ལ་སོགས་པ་ལ་སྦྱར་རྒྱུ་ཞིག་མ་ཡིན་ལ། འདི་དམིགས་བསལ་བ་ཞིག་ཡིན་ནོ། །ཕྱིའི་རྒྱུ་དྲུག་དང་ནང་གི་རྒྱུ་དྲུག་གསུང་རྒྱུ་ཡོད་ཅིང་། ཕྱིའི་རྒྱུ་དྲུག་དེ་གང་ཡིན་ན། བདུད་རྩི་ཛ་གད་ཅེས་པ་ཆང་སྦྱོར་གྱི་སྐབས་ཀྱི་གྲོ་ནས་འབྲས་གསུམ་རྒུན་འབྲུམ་ལ་སོགས་པའི་རྩ་བ། སྡོང་བུ། ཡལ་ག ལོ་མ། མེ་ཏོག འབྲས་བུ་དང་དྲུག ནང་གི་རྒྱུ་དྲུག་དེ་སྨན་སྦྱོར་གྱི་སྐབས་ཀྱི་སྨན་རྩ་བ། སྡོང་བུ། ཡལ་ག ལོ་མ་ལ་སོགས་པ་རྒྱུ་དྲུག གསང་བ་ལྟར་ན་ཡབ་ཀྱི་རྒྱུ་གསུམ། ཡུམ་གྱི་རྒྱུ་གསུམ་དང་དྲུག་གོ །དེ་ལྟར་རྒྱུ་དྲུག་རྐྱེན་བཞི་གསུང་སྐབས་རྐྱེན་བཞི་ནི་རྒྱུའི་རྐྱེན་འབྲུ་སྨན་གང་ཡིན་ན་རྒྱུ་གཙང་ཞིང་དག་པ། བདག་པོའི་རྐྱེན་སྟོན་པ་རྡོ་རྗེ་སློབ་དཔོན་མཚན་ཉིད་ཚང་བ་དེ་ཉིད་བཅུ་ལྡན། དམིགས་པའི་རྐྱེན་བྱིན་གྱིས་བརླབས་པའམ་སྒྲུབ་པའི་ཏིང་འཛིན་ལས་སུ་རུང་བ། དེ་མ་ཐག་རྐྱེན་དམིགས་པའི་བྱེ་བྲག་དང་སྒྲུབ་པའི་ལག་ལེན་སྦྱོར་དངོས་རྗེས་གསུམ་སྔ་མའི་རྗེས་སུ་ཕྱི་མ་འབྲེལ་བ་དེ་ཡིན་ནོ། །དེ་ལྟ་བུའི་རྒྱུ་དྲུག་རྐྱེན་བཞི་ཚང་བའི་བདུད་རྩིའི་ངེས་ཚིག་དེ་གང་ཡིན་ཞེ་ན། ཀུན་རྫོབ་ཀྱི་ལུས་ཀྱི་ཁམས་དཀར་དམར་གོང་དུ་འཕེལ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་དུ་གྱུར་པའི་ཕྱིར་ན་ཉོན་མོངས་འདོད་ཆགས་ཀྱི་བདུད་བཅད་ནས་བདེ་སྟོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྩི་རྒྱས་པས་ན་བདུད་རྩི་ཞེས་ཟེར་རོ། །འདི་ལ་ར་ས་ཡ་ན་ཞེས་ར་ས་ནི་རོ་མཆོག་ཏུ་གྱུར་པ་དང་། ཡ་ན་ནི་ཐེག་པ་ཡིན་པས་དོན་དམ་ཐེག་པའི་མཆོག་ཅེས་པ་ལ་འཇུག་པའི་མིང་ཞིག་ཡིན་ལ། །སྨན་རཀ་འདི་དག་བྱིན་རླབས་ཀྱི་སྐབས་ཞལ་ཁེབས་བསལ་དགོས་སོ། །ཀ་པཱ་ལའི་སྣོད་དུ་བདུད་རྩི་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་འཆར་བར་བསམ་ནས་འདི་ནས་བྱིན་གྱིས་བརླབ་པའི་སྔགས་ནི་ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ཞེས་པའི་སྔགས་དོན་ནི་ཨོཾ་ཨཱཿཧཱུྃ་སྐུ་གསུང་ཐུགས་རྡོ་རྗེ་གསུམ། སརྦ་པཉྩ་ཨ་མྲྀ་ཏ་བདུད་རྩི་ཐམས་ཅད། ཧཱུྃ་ཧྲཱིཿཋཱ༔ཡེ་ཤེས་ཀྱི་བདུད་རྩི་འགུགས་པར་བྱེད་པའི་སྙིང་པོ་ཡིན་ནོ། །ཇི་ལྟར་ཡིན་ན་དེ་ཡང་ཧཱུྃ་གིས་དབྱིངས་ནས་བསྡུས། ཧྲཱིཿཡིས་འཛད་མེད་དུ་སྤེལ། ཋཱ༔ཡིས་ཅི་འདོད་དུ་ལོངས་སུ་སྤྱོད་པའི་རྒྱན་དུ་བྱས་པའི་དོན་ཡིན་ནོ། །འདི་བཤམས་དུས་གཏོར་མའི་གཡས་སར་བཤམས་དགོས་ཤིང་། བདུད་རྩི་གསང་གནོན་ཞེས་གསུང་རྒྱུ་ཡོད་ལ། བདུད་རྩིའི་རྒྱུན་གཏོར་མ་ལ་ལན་གསུམ་བྲན་ཐུར་གྱིས་སྦྲེང་དགོས་སོ། །ལན་གསུམ་སྦྲེང་དུས་དང་པོས་ལྷ་རྣམས་དགྱེས་པར་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླངས། གསུམ་པས་རྒྱལ་བ་རྣམས་གཞན་དོན་ལ་སྐུལ་པའི་དོན་ཅན་དེ་ལྟར་ཡིན་ནོ། །གཉིས་པ་རཀྟ་བཤད་པ་ལ་རཀྟའི་སྣོད་ནི་རྒྱུ་དང་དབྱིབས་ལ་སོགས་པ་གོང་གི་སྨན་སྣོད་དང་འདྲ་ལ། རཀྟ་ལ་རྣམ་གྲངས་མང་ཡང་འཁོར་བའི་རྒྱུ་ཆགས་སྡང་གཉིས་ཀ་ཡིན་པས་དེ་མཚོན་པར་བྱེད་པ་རཀྟ་ཡིན་གསུངས་སོ། །འདིའི་ངོ་བོའི་སྐབས་སུ་འདོད་ཆགས། དངོས་པོའི་སྐབས་སུ་ཁྲག ཁ་དོག་གི་སྐབས་སུ་དམར་པོ་ལ་འཇུག་གོ །འདིའི་དབྱེ་བའི་ཐོག་ནས་བཤད་ན་ཀུན་རྫོབ་རྫས་ཀྱི་རཀྟ། གུ་ཧྱ་མུ་ལ་རཀྟ། ཡན་ལག་བརྟན་པའི་རཀྟ། མཁའ་དབྱིངས་པདྨ་རཀྟ། ཉོན་མོངས་འཁོར་བའི་རཀྟ་ལ་སོགས་པ་དེ་ལྟར་དུ་བཤད་རྒྱུ་ཡོད་དོ། །དེ་རེ་རེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་ཡོད་ཀྱང་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་ན་འུ་ཚོས་སྨན་གྱི་རྫས་ཟླ་བ་བདུད་རྩིའི་ཐིག་ལེ་དང་། རཀྟའི་རྫས་དམར་ཆེན་ཉི་མའི་འཁོར་ལོ་ཞེས་བསྡུས་ཏེ་མིང་བཏགས་པ་རྣམས་བཅུད་དུ་བྱས་ན་འགྲིགས་ཡོད་དོ། །སྒྲུབ་ཐབས་འགའ་རེའི་ནང་རཀྟ་ཚར་གསུམ་ཞེས་གསུངས་པ་དེ་ཚོ་རཀྟའི་དྭངས་མ་ཡེ་ཤེས་ཀྱི་བདུད་རྩི་དེ་ལྷ་ཚོགས་མཉེས་པའི་ཆེད་དུ་འབུལ་བ་དང་། རཀྟའི་ཁུ་བ་བསྒྲལ་བྱ་ཞིང་བཅུ་ཚང་བ་སོགས་གདུག་པ་ཅན་རྣམས་བརླག་པའི་ཆེད་དུ་འབུལ་བ་དང་། རཀྟའི་རྩི་དེ་ཁམས་གསུམ་གདུལ་དཀའ་འགྲོ་བ་སོགས་ཐུགས་རྗེས་བསྒྲལ་བའི་ཆེད་དུ་དུག་གསུམ་ཤ་རུས་ཀྱི་རྣམ་པར་འབུལ་བ་དེ་ལྟར་དུ་ཡིན་ལ། དོན་དེ་དག་མཚོན་ཕྱིར་དུ་རཀྟ་ལན་གསུམ་དུ་སྦྲེང་བ་འབྱུང་ངོ་། །མདོར་ན་རཀྟའི་མཆོད་པ་ཡིས་ཆགས་པའི་རྒྱུ་རྐྱེན་ཟད། འཁོར་བ་གཏིང་ནས་སྟོངས་ཏེ་སྐྱེ་ཤིའི་རྒྱུན་ཆོད་པའི་དགོས་པ་དང་ལྡན་པ་ཞིག་ཡིན་ལ། བྱིན་རླབས་ཀྱི་སྐབས་སུ་ཁེབས་བསལ་དགོས་སོ། །རཀྟ་དམར་གྱི་སྟོང་ཆེན་ཡངས་པའི་ནང་དུ་ཁམས་གསུམ་དུ་ཞེན་པའི་རྟོག་ཚོགས་ཐམས་ཅད་བསྡུས་ཤིང་སྟོང་གསལ་དུ་སྦྱངས་ནས་འགག་མེད་ཀྱི་རོལ་བར་རྒྱུ་དུག་གསུམ་དང་རྐྱེན་ཁམས་གསུམ་གྱི་ཉོན་མོངས་རྣམ་པར་དག་པའི་རྦ་ཀློང་རྣམ་པ་ཁྲག་གི་རྒྱ་མཚོར་གསལ་ནས་བྱིན་གྱིས་རློབ་པའི་སྔགས་ནི་ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ཞེས་གསུངས་སོ། །འདིའི་སྔགས་དོན་ནི་ཨོཾ་ཨཱཿཧཱུྃ་གོང་བཞིན་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན། མ་ཧཱ་ཞེས་པ་ཆེན་པོ། རཀྟ་ཁྲག་སྟེ་མ་ཧཱ་རཀྟ་ཁྲག་ཆེན། ཛྭ་ལ་འབར་བ། རྗེས་ཆགས་ཀྱི་བདེ་བ་ཆེན་པོ་འབར་བའི་དོན་ཡིན་ལ། མཎྜལ་དཀྱིལ་འཁོར། བདེ་བ་ཆེན་པོ་གསང་བའི་དཀྱིལ་འཁོར་ནས་ཧཱུྃ་གིས་ཁམས་གསུམ་འཁོར་བའི་ཆགས་ཞེན་སྦྱངས་ཏེ་དབྱིངས་ཀྱི་ངང་ནས་དྭངས་མའི་བཅུད་ཐམས་ཅད་བསྡུས། ཧྲཱིཿཡིས་ཟུང་འཇུག་གིས་ཁྱད་པར་དུ་བྱས་པའིི་དོན་རྟོགས། ཋཱ༔ཡིས་རྒྱས་པར་བྱས་པའམ་དབྱེར་མེད་དུ་བསྲེས་པའི་དོན་བསྟན་པ་ཡིན་ནོ། །རཀྟ་གཏོར་མའི་གཡོན་དུ་བཤམས་དགོས་ཤིང་། གཏོར་མ་བཤད་པ་ལ་གཏོར་མའི་རྒྱུ་ནི། བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར། །ཅི་འབྱོར་གཏོར་སྤུངས་ཆེ་བར་བསྐྱེད། །ཅེས་གསུངས་ཏེ་དངོས་པོ་རྣམ་པར་དག་པ་འབག་བཙོག་གིས་མ་སྦགས་པ་ཞིག་དགོས་གསུངས་སོ། །རྣམ་པར་དག་ཅེས་པ་ནི་སེར་སྣ་དང་རློམ་སེམས་མེད་པ་དང་། རྐུ་འཕྲོག་ལས་བྱུང་བའི་དངོས་པོ་མ་ཡིན་པའི་ཕྱེ་ཕུད་གཙང་མ་ཞིག་ལ་གཏོར་རྫས་དང་བདུད་རྩིའི་ཕུར་མ་སེལ་མེད་ཆང་གི་ཉིང་ཁུ་དཀར་གསུམ་མངར་གསུམ་ལ་སོགས་པའི་ཁ་ཚར་བཏབ་སྟེ་གཏོར་ཟན་རྫི་སྐབས་རང་ཉིད་ཀྱི་ཟན་ཟ་བའི་སྐ་སླ་ཙམ་ལས་གཏོར་རྒྱུ་སླ་མོར་བྱེད་མི་ཉན་ལ། ཇོ་བོ་རྗེ་སྔོན་བོད་དུ་བྱོན་སྐབས་བོད་འདི་ཕྱུག་པོར་གྱུར་མི་འདུག་ལ་འགྱུར་རྒྱུ་མེད་པ་འདྲ་སྟེ་གཏོར་ཟན་རྣམས་སླ་མོར་གྱུར་འདུག་པས་བསོད་ནམས་ཅི་ལ་ཡོད་གསུངས་སོ། །མདོར་ན་གཏོར་མའི་རྫས་དང་ཁ་ཚར་སྐ་སླ་ལ་སོགས་པ་རང་ཉིད་ཀྱིས་ཟོས་ན་རང་ཉིད་ཅི་འདྲ་ལ་དགའ་ན་དེའི་འདང་རྒྱག་བྱེད་དགོས་ཤིང་། མཆོད་པའི་རིགས་ཐམས་ཅད་ལ་རང་ཉིད་ཀྱི་ཞེན་འཛིན་དག་པའི་ཆེད་དང་ཚོགས་རྫོགས་པའི་ཆེད་དུ་རང་ཉིད་གང་ལ་དགའ་བའི་དངོས་པོ་འབུལ་བ་ཡིན་ནོ། །དེའི་དངོས་འཛིན་མེད་ན་ཀུན་རྫོབ་རྫས་ཀྱི་མཆོད་པ་ལ་ལྟོས་མི་དགོས་ལ། རྣལ་འབྱོར་པ་ལྟ་དགོངས་རྟོགས་པ་ཁྱད་པར་ཅན་འཇིག་རྟེན་པའི་ཆོས་བོར་བ་ཞིག་གིས་ཀུན་རྫོབ་གཟུགས་བརྙན་གྱི་གཏོར་མ་ལ་ཆེད་དུ་མ་ལྟོས་པར་སྣང་གྲག་ཐམས་ཅད་གཏོར་མའི་རང་བཞིན་དུ་བསྒྱུར་ནུས་ཀྱང་ལམ་པ་ཐམས་ཅད་དེ་ལྟར་མིན་པས་འདི་དག་ལ་དོན་གཉེར་དང་རྩོལ་བར་བྱེད་དགོས་སོ། །གཏོར་མའི་ངེས་ཚིག་ནི་ཆགས་འཛིན་གྱི་ཞེན་པ་གཏོར་ཞིང་ལས་རབ་འབྱམས་ཀྱི་གཞི་མ་ཡིན་པས་ན་གཏོར་མ་ཞེས་བྱ་ལ། བྷ་ལིངྟ་ཞེས་པ་ལ་ཨ་ནུ་ཡོ་ག་དང་མཐུན་པར་བདེ་སྟོང་གཉིས་མེད་དང་སྦྱར་ནས་ཕྱི་ནང་གསང་བའི་གོ་དོན་དང་དག་དྲན་བྱེད་རྒྱུ་ཡོད་དོ། །གཏོར་མའི་དབྱེ་བ་ལ་དོན་གྱི་གཏོར་མ། སྒྲུབ་པའི་གཏོར་མ། མཆོད་པའི་གཏོར་མ། ཕྲིན་ལས་ཀྱི་གཏོར་མ། དྲག་པོའི་གཏོར་མ་སྟེ་དབྱེ་བ་ལྔ་ཙམ་ཞིག་ཡོད་དོ། །དོན་གྱི་གཏོར་མ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་སྦྱར་ཡོང་སྐབས་གཏོར་སྣོད་ཆོས་ཀྱི་དབྱིངས། དཔལ་བཤོས་སྐྱེ་བ་མེད་པ་ལས། འཁོར་མཐེབ་སྐྱུ་མ་འགགས་ཡེ་ཤེས་ཀྱི་རོལ་རྩལ་དུ་འཆར་བ་དེ་ཡིན་ནོ། །སྒྲུབ་པའི་གཏོར་མ་ནི་གཏོར་སྣོད་གཞལ་ཡས་ཁང་། དཔལ་བཤོས་རྩ་གསུམ་ཞི་ཁྲོའི་གཙོ་བོ། འཁོར་མཐེབ་སྐྱུ་འཁོར་གྱི་ལྷ་ཚོགས་ལ་གསལ་རྒྱུ་དེ་ལྟ་བུ་དང་། མཆོད་པའི་གཏོར་མ་ནི་གཏོར་སྣོད་རིན་པོའི་ཆེའི་སྣོད་དུ། དཔལ་བཤོས་དཀར་གསུམ་མངར་གསུམ་བདུད་རྩི་ལྔ། འཁོར་མཐེབ་སྐྱུ་འདོད་ཡོན་གྱི་རྫས་སུ་དམིགས་རྒྱུ་དེ་ལྟར་ཡིན་ནོ། །མཆོད་གཏོར་དང་སྒྲུབ་གཏོར་སོ་སོར་མ་ཕྱེས་པ་མང་ལ། དེ་ཇི་ལྟར་ཡིན་ཞེ་ན། མཆོད་པའི་དུས་སུ་མཆོད་རྫས་སུ་ཤེས་པ་དང་། སྒྲུབ་པའི་དུས་སུ་ལྷར་ཤེས་པ། ཕྲིན་བཅོལ་གྱི་དུས་སུ་དམག་དཔུང་དུ་ཤེས་པ། བསྐུལ་བའི་དུས་སུ་ཟོར་དུ་ཤེས་པ་སྟེ་དེ་དང་དེའི་སྐབས་སུ་ཏིང་ངེ་འཛིན་གྱིས་འཕྲལ་དང་འཕྲལ་དུ་ཁ་བསྒྱུར་རྒྱུ་དེ་ལྟར་ཡིན་ནོ། །ཕྲིན་བཅོལ་གྱི་གློ་བུར་ལས་བཅོལ་གྱི་གཏོར་མ་རྣམས་གཏོར་སྣོད་ཀ་པཱ་ལ། དཔལ་བཤོས་རཱུ་ཏྲའི་སྙིང་། འཁོར་མཐེབ་སྐྱུ་ཤ་ཁྲག་ནང་རོལ་ལ་དམིགས་རྒྱུ་དང་། དྲག་པོའི་གཏོར་མ་ནི་གཏོར་སྣོད་དྲག་པོའི་ཧོམ་ཁུང་གི་ནང་དུ། དཔལ་བཤོས་ནད་མཚོན་དང་ཐོག་ཆར་མེའི་འཕྲུལ་འཁོར། འཁོར་མཐེབ་སྐྱུ་ཤན་པ་གྲི་ཐོགས་གསལ་རྒྱུ། འདི་ཚོ་སྨད་ལས་དགྲ་བགེགས་བསྒྲལ་བའི་སྐབས་ཀྱི་རྩལ་འདོན་བྱེད་རྒྱུའི་རིགས་ཡིན་ནོ། །བཟུང་ནས་མི་གཏོང་རྒྱུའི་གཏོར་མ་དང་། བཏང་ནས་མི་གཟུང་རྒྱུའི་གཏོར་མ་ལ་སོགས་པ་ན་ནིང་ཞིག་ནས་མང་པོ་ཞིག་བཤད་ཟིན་པས་ཡང་བསྐྱར་བཤད་མི་དགོས་ལ། གཏོར་མའི་བཟོ་དབྱིབས་ནི་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་གཏོར་མ་གཏེར་ཁ་སོ་སོའི་སྒོས་ཆོས་ལྟར་དུ་གདན་ས་ཆེན་པོའི་མཐོང་བརྒྱུད་གྲུབ་བརྙེས་གོང་མའི་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་འཕྱུག་མི་ཉན་རྒྱུ་འདི་རྣམས་དང་། བཤམས་ཚུལ་ནི་རྩ་བ་གསུམ་ཁ་ཡོད་ན་དབུས་སུ་བླ་གཏོར་བཤམས་ལ། གཡས་དེར་ཡི་དམ་དང་སྨན། གཡོན་དུ་མཁའ་འགྲོ་དང་རཀྟ། མདུན་ལ་སོགས་པ་ལ་ཆོས་སྐྱོང་གི་གཏོར་མ། དེ་ཡང་ཕོ་རྒྱུད་གཡས་ལ་བཞག་པ་དང་། མོ་རྒྱུད་གཡོན་ལ་འགོད་རྒྱུ་ལ་སོགས་པ་ཕྱག་ལེན་ལྟར་དུ་ཡིན་ནོ། །འདི་དག་གནད་ཆུང་བྱེད་རྒྱུ་མེད་ཅིང་། སེམས་དང་དམིགས་པའི་བྱེད་ལས་གཙོ་ཆེ་ཞེས་ལག་ལེན་གྱི་སྐབས་སུ་དམིགས་པ་ལ་ཁག་བཞག དམིགས་པའི་སྐབས་སུ་སྟོང་བསམ་ཞིག་སྒོམ་པས་ཅི་ཡང་མི་ཕན་གསུངས་ཡོད་དོ། །ལག་ལེན་ཡིན་པ་ཚུལ་ལྡན་བྱས་ནས་དམིགས་པ་ལ་རྩལ་འདོན་བྱེད་རྒྱུ་ཡོད་ན་དངོས་སུ་བཤམས་རྒྱུ་དེ་དམིགས་རྟེན་ཡིན་པས་དེ་ལ་དམིགས་རྟེན་བྱས་ནས་སྣང་སྲིད་ཐམས་ཅད་གཏོར་མའི་རང་བཞིན་དུ་དམིགས་ནས་འབུལ་དགོས་སོ། །ནང་གི་མཆོད་པའི་སྐབས་ཡིན་ན་དབང་ལྔའི་མེ་ཏོག གསུར་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྣང་གསལ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་དེ་རྣམས་རྒྱུ་མ་བཅོས་ལྷུན་གྱིས་གྲུབ་པའི་མཆོད་པ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཡིན་ན་རྐྱེན་འདུ་བྱེད་བཟོ་བཀོད་ཀྱིས་བསྒྱུར་བ་ལ་རྨད་དུ་བྱུང་བའི་མཆོད་པ་ཞེས་ཟེར་རོ། །མཆོད་ཡོན་མེ་ཏོག་ལ་སོགས་པའི་ཕྱི་མཆོད་ཐུན་མོང་གི་མཆོད་པ་དེ་ཚོ་ནང་གི་མཆོད་པ་དང་མ་འདྲེས་པར་བཤམས་ལ། ཕྱི་མཆོད་དེ་ཚོར་སྨན་རཀ་གི་ཟེགས་མ་མ་འཐོར་བ་བྱེད་དགོས་སོ། །གཏོར་མ་ལ་ལྷ་སོ་སོའི་སྐུ་མདོག་ལྟར་དུ་གཏོར་གདུགས་དབུབ་རྒྱུ་དང་། ཆོས་སྐྱོང་གི་གཏོར་མ་ལ་རུ་མཚོན་འཛུགས་རྒྱུ་དེ་ཚོ་རྒྱུད་དོན་དང་མཐུན་པ་ཡིན་ཞིང་། དར་གྱི་ཅོ་པན་དང་། རཏྣའི་སྲོ་ཚར། སྟག་གཟིག་གི་རྒྱལ་མཚན་ལ་སོགས་པས་བརྒྱན་དགོས་ལ། ད་རུང་ཅི་འབྱོར་བའི་ཟས་རིགས་དང་བཟའ་བཅའ་ལ་སོགས་པ་མཆོད་རྫས་ཀྱིས་མཛེས་པར་བརྒྱན་དགོས་པ་དེ་ལྟར་གསུངས་ཡོད་དོ། །བཟང་སྤྱོད་ཀྱི་ཡན་ལག་བདུན་པའི་ནང་དུ། བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་གསུངས་པ་དང་འདྲ་བར་རང་གི་སྣང་བ་དྭངས་ཤར་རེ་སོང་བའི་མཆོད་པ་ཞིག་བཤམས་ན་མཆོད་པ་འབུལ་ཡུལ་རྣམས་རང་རྩལ་ལས་ཤར་བ་ཡིན་པས་བཤམས་པ་ཙམ་གྱིས་བསོད་ནམས་ཐོབ་བོ། །གཏོར་མ་བྱིན་རླབས་ཀྱི་སྐབས་སུ་གཏོར་སྣོད་བྷནྡྷ་འབར་བའི་གཏོར་གཞོང་གི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་བཞིན་འདོད་ཡོན་གྱི་ཕུང་པོར་གསལ་ནས་སྔགས་ནི་ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཧཱུྃ་ཧྲཱིཿཋཱ༔ཞེས་གསུངས་སོ། །སྔགས་དོན་ཨོཾ་ཨཱཿཧཱུྃ་རྡོ་རྗེ་གསུམ། མ་ཧཱ་བྷ་ལིངྟ་གཏོར་ཆེན། ཧཱུྃ་གིས་འཁོར་བའི་ཆགས་ཞེན་སྦྱངས། ཧྲཱིཿཡིས་ཟུང་འཇུག་གི་ངོ་བོར་རྟོགས། ཋཱ༔ཡིས་རྒྱས་པར་སྦར་བ་སོགས་གོང་དང་མཐུན་ནོ། །རྒྱས་པའི་སྐབས་སུ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཞེས་འབྱུང་བ་ནི་ཏེ་ཛྭ་བྷ་ལིངྟ་ཐུགས་རྗེས་འགྲོ་བ་འདུལ་བའི་རྩལ་སྣང་གི་གཏོར་མ་ཞེས་པའི་དོན་ཡིན་ལ། བྷ་ལ་བྷ་ཏེ་ཞེས་དེ་གཉིས་ཀ་དབྱེར་མེད་རོ་གཅིག་ཏུ་སྦྱོར་བའི་དོན། གུ་ཧྱ་ཞེས་པ་གསང་བ་བྱུང་རྩོལ་གྱི་རྟོག་པ་ཁྱབ་གདལ་ཆེན་པོའི་གཏོར་མ་ལ་གོའོ། །དེ་ཡན་གྱིས་སྐབས་འདི་ལས་འཕྲོས་ནས་དུས་རྒྱུན་གྱི་མཐོང་བརྒྱུད་ཀྱི་ཕྱག་ལེན་རྒྱུད་ཀྱི་དགོངས་པ་དང་ར་སྦྲགས་རྒྱུ་གོ་བ་རྙེད་དགོས་ལུགས་ཀྱི་མཚོན་བྱེད་ཐུགས་གསོས་ཙམ་དུ་སྨན་རག་གཏོར་གསུམ་གྱི་སྐོར་ནས་ཕྲན་བུ་ཞིག་ཞུས་པ་ཡིན་ནོ། །འདིའི་དེ་མ་ཐག་ཏུ་ཕྱི་མཆོད་འདོད་ཡོན་རྣམ་ལྔ་བྱིན་གྱིས་རློབ་པའི་སྔགས་ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནེེ་ཝི་ཏེ་ཤཔྟ་ཨཱཿཧཱུྃ༔ཞེས་གསུངས་སོ། །ཨོཾ་ཨཱཿཧཱུྃ་རྡོ་རྗེ་གསུམ་མམ་སྐུ་གསུམ་གྱི་ས་བོན་གྱི་གསང་བ་གསུམ་གྱི་ཡེ་ཤེས་ཀྱིས་མཆོད་རྫས་སྦྱོང་རྟོགས་སྦོར་བར་བྱེད་པ། སྦྱོང་རྟོགས་སྦར་བ་གསུམ་ཇི་ལྟར་བྱེད་ཅེ་ན། ཨོཾ་གྱིས་ཐ་མལ་གྱི་སྣོད་དེ་རིན་པོ་ཆེའི་སྣོད་དུ་སྦྱོང་བ་དང་མཆོད་རྫས་ཀྱི་འབག་བཙོག་སྦྱོང་ཞིང་། ཨཱཿཡིས་གནས་ཡུལ་རྣམ་པར་དག་པའི་མཆོད་པར་རྟོགས་པ། ཧཱུྃ་གིས་མི་ཟད་མཁའ་དབྱིངས་ཐམས་ཅད་ཁྱབ་པར་སྦར་བའི་དོན་ཡིན་ལ། བཛྲ་པུཥྤེ་ནི་རྡོ་རྗེ་མེ་ཏོག་མ་ཞེས་པའི་དོན། མེ་ཏོག་མ་སྐུ་མདོག་སེར་མོ་མེ་ཏོག་བསྣམས་པ། དྷུཔྤེ་ཞེས་པ་བདུག་སྤོས་མ་སྔོན་མོ་སྤོས་ཀྱི་རེང་བུ་བསྣམས་པ། ཨཱ་ལོ་ཀེ་ཞེས་པ་མར་མེ་མ་དམར་མོ་འབྲུ་མར་དང་རྩི་མར་གྱི་སྒྲོན་མེ་ཐོགས་པ། གྷནྡྷེ་ཞེས་པ་དྲི་ཆབ་མ་སེར་མོ་གཙང་སྦྱོར་གྱི་དྲི་ཆབ་བསྣམས་པ། ནཻ་ཝི་ཏེ་ཞེས་པ་ཞལ་ཟས་མ་དཀར་མོ་བཤོས་གཙང་བསྣམས་པ། ཤཔྟ་ཞེས་པ་རོལ་མོ་མ་ལྗང་གུ་རོལ་མོ་སྣ་ཚོགས་ཐོགས་པ། དེ་དག་རེ་རེ་ལས་ཀྱང་རང་འདྲའི་ལྷ་མོ་དཔག་མེད་འཕྲོས་ཏེ་གནས་ཡུལ་རྣམ་དག་གི་མཆོད་པ་སྟེ། གནས་འཛིན་བྱེད་དབང་པོ་དང་། ཡུལ་གཟུགས་སོགས་དག་པའི་མཆོད་པའོ། །ཨཱཿཡིས་ངོ་བོ་ཟག་མེད། ཧཱུྃ༔གིས་རང་བཞིན་རྒྱས་པར་སྤེལ་བ་མཆོད་རྫས་དཔག་ཏུ་མེད་པར་སྤྲོ་བའི་དོན་དེ་ལྟར་ཡིན་ནོ། །མཆོད་པ་བྱིན་རླབས་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། ཡོན་ཆབ་ལ་དྲི་ཟ་ཉེ་བར་འཁོར། མེ་ཏོག་ལ་མེ་ཏོག་ཚེ་རྒྱལ། བདུག་སྤོས་ལ་དྲི་ཡི་ངད་ལྡང་། མར་མེ་ལ་གྲིབ་གནོན་རྐུན་པོ། དྲི་ཆབ་ལ་གདུག་པ་དྲི་འཕྲོག ཞལ་ཟས་ལ་ལོག་འདྲེན་གདོང་བརྒྱ་པ་ཞེས་པ་ལ་སོགས་པའི་བགེགས་མི་འཇུག་པའི་ཆེད་དང་། འདིའི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་ཐོག་ནས་ཐུན་མོང་གི་སྦྱོང་བྱེད་བྱིན་རླབས་ཀྱི་རིམ་པས་སྦྱང་བྱ་འཁོར་བའི་གནས་ནས་སྦྱངས་འབྲས་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་དང་སངས་རྒྱས་ཀྱི་ཞིང་སྦྱོང་བའི་ཏིང་འཛིན་རྟོགས་པ་དང་། ཐུན་མོང་མ་ཡིན་པའི་དག་རྫོགས་སྨིན་གསུམ་གྱི་ཐད་ནས་བཤད་ན་གཟུང་འཛིན་གྱིས་བསྡུས་པའི་ཞེན་ཆགས་མ་སྤངས་གནས་སུ་དག ཡེ་ཤེས་ཀྱི་རྣམ་རོལ་ཀུན་བཟང་མཆོད་པའི་སྤྲིན་ལ་མངའ་དབང་འབྱོར་བའི་རྟེན་འབྲེལ་མ་བཙལ་རང་ལ་རྫོགས། རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་མ་བྱས་ལྷུན་གྲུབ་ཏུ་སྨིན། དེ་ལྟ་བུའི་དག་རྫོགས་སྨིན་གསུམ་གྱི་གོ་བ་ལེན་དགོས་སོ། །སྔོན་དུ་འགྲོ་བའི་ལེའུའོ༔ཞེས་པ་འདིས་སྐབས་ཀྱི་དོན་བསྡུ་བ་དང་སྦྱར་ན་མཚམས་ཀྱི་ཆིངས་ལེའུའམ་ལེའུ་ཚན་གྱིས་བཅད་པའི་སྐབས་དོན་གྱི་རྫོགས་ཚིག་སྦྱར་བས་བཀའ་ཡི་བསྡུ་བ་མཛད་པ་པོ་ཐམས་ཅད་ཀྱིས་ལེའུ་དང་། བམ་པོ། སྐབས་དང། གནས། རིམ་ཁང་ལ་སོགས་པས་ཕྱེ་རྒྱུ་ཅན་ཞིག་ཡིན་ནོ། །ལེའུ་དེ་ཁ་ཡར་བསྟན་དང་། བམ་པོ་དེ་ཁ་ཕྱིར་བསྟན། གཞན་ཐམས་ཅད་ལེའུ་དང་འདྲ་བར་སྦྱར་རྒྱུ་དེ་ལྟར་ཡིན་ནོ། །ས་མ་ཡཱ༔ནི་དམ་ཚིག་གི་རྒྱ། རྒྱ་རྒྱ་རྒྱ༔གསུམ་ནི་གསང་བ་གསུམ་གྱི་རྒྱ། གསང་བར་གདམས་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་ཡིན་ནོ། ། དེ་ཡན་ཆད་ཀྱིས་སྔོན་འགྲོའི་ས་བཅད་སོང་ནས་གཉིས་པ་དངོས་གཞིའི་ལེའུ་བསྟན༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཅིང་༔ ཕྱག་མཆོད་བསྟོད་བཤགས་བདུན་གྱིས་བསྟན༔ཞེས་གསུངས་ཏེ་ཆིངས་བདུན་གྱི་རྣམ་གཞག་མདོར་བསྟན་གྱིས་བསྟན། དེའི་རྣམ་དབྱེ་རྒྱས་པར་བཤད་པ་ལ་དང་པོ་བསྐྱེད་པའི་རིམ་པ་ནི༔ཞེས་མཚམས་སྦྱར་ཏེ། ཧཱུྃ༔རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔ཅེས་གསུང་ས་འདི་ནས་མགོ་བཟུང་སྟེ་སང་ཉིན་ནས་བཤད། ད་རེས་འདི་ན་གཉུག་མར་གནས་པ་རྫོགས་ཆེན་གདན་ས་འདིའི་བཤད་སྒྲུབ་ལས་གསུམ་གྱི་གྲྭ་ཚང་ཁག་དང་། ཕྱོགས་སོ་སོ་ནས་ཕེབས་པའི་ཆོས་འདོད་དོན་གཉེར་ཅན་མང་པོ་ཞིག་མཉམ་དུ་འཛོམས་ན་འདི་མ་བོས་ཕྱོགས་གཅིག་ཏུ་འདུས་པའི་ལས་ཅན་རྡོ་རྗེའི་མཆེད་ལྕམ་གྱི་ཚོགས་པ་ཞིག་ཡིན་ལ། མཉམ་དུ་གྲོས་མ་བྱས་ནས་བསམ་པ་ཕྱོགས་མཐུན་གྱིས་འཛོམས་པ་ཞིག་ཀྱང་ཡིན་ཞིང་། འདི་སྔོན་སྨོན་ཐུགས་བསྐྱེད་ཀྱི་མཐུ་གྲུབ་པ་ཞིག་ཀྱང་ཡིན་ནོ། །ཁྱད་པར་དུ་རྫོགས་ཆེན་འབྲུག་ཆེན་རིན་པོ་ཆེས་བསྟན་ལ་སྨན་པའི་ལྷག་བསམ་ཐུགས་བསྐྱེད་ཆེན་མོས་སྣ་འདྲེན་གྱིས་རྫོགས་ཆེན་ཚང་གི་དབུ་མཆོད་བརྒྱད་ཅུས་གཙོ་བོར་བྱས་པའི་གྲྭ་མང་གཞོན་དར་མང་པོ་ཞིག་འདིའི་ཆོས་གྲྭའི་ནང་དུ་འཛོམས་ནས་བསྙེན་སྒྲུབ་ཐུན་བཞིའི་རྣལ་འབྱོར་མཐར་ཆགས་སུ་གནང་བཞིན་པ་འདི་ཚོ་བསྟན་པའི་མིག་རྒྱན་ཡིན་ནོ། །ཤྲཱི་སེང་ཆོས་གྲྭའི་བཤད་གྲྭ་པ་རྣམ་པ་བཤད་ཅི་དགོས་ཏེ། དཔལ་གྱི་ནཱ་ལེནྡྲ་གཉིས་པ་ངས་བཏགས་པ་ཞིག་མ་ཡིན་ལ། ལོ་རྒྱུས་ཀྱི་དོན་གྱིས་ཁ་རང་གྲགས་བྱས་པ་ཞིག་ཡིན་ཞིང་། གངས་ལྗོངས་མཁས་པའི་འབྱུང་གནས་ཀྱང་དེ་ལྟར་དུ་ཐོགས་པ་ཞིག་ཡིན་ནོ། །མདོར་ན་ཁྱེད་རྣམ་པས་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་པ་དང་། ཁྱད་པར་དུ་དགོན་གྱི་གྲྭ་གཞོན་རྣམ་པས་འདི་ལྟར་དུ་བསྐྱེད་རྫོགས་ཀྱི་ཉམས་ལེན་གནད་སྨིན་མཛད་པ་ལ་ངས་བཀའ་དྲིན་ཆེ་ཞུས་པ་ཡིན་ཞིང་། འདི་གང་ཟག་གཅིག་གི་བྱ་བ་ཡག་ཉེས་ཀྱི་མཛད་པ་ཁོ་ན་ཞིག་མ་ཡིན་ལ། འདི་གསང་སྔགས་སྔ་འགྱུར་བའི་ཡང་དར་བསྟན་པའི་མིག་ལྟོས། མ་འོངས་ཕྱི་རབས་པ་ལ་དཔེ་བསྟན་གྱི་ལམ་སྲོལ་ཞིག་བཏོད་པ་ཞིག་ཡིན་ཞིང་། སྔ་དྲོ་ཕོ་ཆེན་ཤ་ཕོས་གངས་བཤགས་ན། །ཕྱི་དྲོ་ཤེའུ་ཆུང་ཡུ་མོ་དེ་ལ་འཁོར། །ཞེས་པའི་དཔེ་ལྟར་ཁྱེད་རྣམ་པས་མ་འོངས་མི་རབས་མང་པོ་ལ་བསྟན་རྒྱུན་དྲི་མ་མེད་པའི་རྒྱུན་བཞག་པ་ཡིན་ནོ། །གང་ཟག་རེ་རེའི་ངོས་ནས་ཐུན་རེ་རེ་སྡོམ་པ་འདི་རླབས་ཆེན་གྱི་མཛད་རྗེས་སོག་རྒྱུ་ཡོད་པ་ཞིག་ཡིན་ལ། ཐུན་བཞི་ཆགས་མེད་དུ་བཅད། དེའི་ཐོག་བསྐྱེད་རྫོགས་ཉམས་ལེན་ལ་གཞི་ནས་འདྲིས་དགོས་པ་ཡིན་པས་འོ་རྒྱལ་ཡོད་ཀྱང་འདིའི་དོན་ལ་དཀའ་སྤྱད་མཛོད་དང་མཛད་རིན་ཡོད་པ་ཞིག་ཡིན་ནོ། །མི་ཚེའི་ནང་གི་ལོ་རེའི་ཞག་པོ་སུམ་བརྒྱ་དྲུག་ཅུའི་བྱ་བའི་བསྡོམས་རྩིས་ཤིག་བརྒྱབ་ན་འདི་བརྩི་རིན་ཡོད་པའི་ཉི་མ་ཉི་ཤུ་རྩ་གཅིག བརྗེད་རྒྱུ་མེད་པའི་ཉི་མ་ཉི་ཤུ་རྩ་གཅིག རང་གཞན་དོན་གཉིས་འགྲུབ་པའི་ཉི་མ་ཉི་ཤུ་རྩ་གཅིག གྲོ་གྱོང་ཚུགས་ལྷག་མ་ཤོར་བའི་ཉི་མ་ཉི་ཤུ་རྩ་གཅིག་ཡིན། ཞི་ཁྲོ་འདོན་ཆོག་ཁ་ཐོག་འཁོར་ལོ་ཡིན་རུང་དེའི་ཚིག་ཙམ་གྱི་ནང་དོན་བརྡ་མ་ཁྲོལ་ན་སེར་གཟུགས་དོན་བྱེད་ནུས་སྟོང་དུ་མི་འགྱུར་བའི་ངེས་པ་མེད་ལ། དེ་ལྟར་ཡིན་ཕྱིར་རང་རེ་རྣམས་ཀྱིས་འཆད་ཉན་བྱེད་བཞིན་པའི་ཟབ་ཆོས་ཞི་ཁྲོ་འདིའི་འགྲོ་དོན་གྱི་ཐད་ནས་གསུང་སྐབས་འགྲོ་དོན་ནམ་མཁས་གར་ཁྱབ་ལ་ཁྱབ་པ་ཞིག་ཡིན་ཚུལ་ལོ་རྒྱུས་མང་པོར་གསུངས་ཡོད་ཅིང་། ངེས་པ་དོན་དུ་དེ་ལྟར་ཡིན་ཤག་ཤག་ཡིན་ནོ། །འུ་ཚོས་རིག་གང་གོ་གང་གི་བོད་ཡུལ་གྱི་ས་ཆ་སྟོད་སྨད་བར་གསུམ་གྱིས་མ་ཚད་པར་སངས་རྒྱས་ཀྱི་བསྟན་པས་གར་ཁྱབ་ལ་ཁྱབ་འདུག་བསམ་རྒྱུའི་ཚོད་ཙམ་དུ་སླེབས་ཡོད་ཅིང་། གྲྭ་ཆུང་བྱིས་པ་ལོ་བརྒྱད་ཡན་ཆད་ཀ་ཁ་ཚེག་དེད་ཚར་བའི་དེ་མ་ཐག་ཏུ་ང་ཉིད་ལྷ་ཡི་ང་རྒྱལ་ལ་འཐམས་ནས་ཞི་ཁྲོའི་འདོན་ཆའི་འདོན་ཆོག་སྦྱངས། དེའི་འདོན་རྗེས་ཟིན་ཙམ་ནས་དཀོར་ཟས་ཟ་བའི་མགོ་འཛུགས་ཁུལ་བྱེད་པ་ཡིན་ཞིང་། དེ་གཅིག་བྱས་ན་ཡག་པ་ཞིག་མིན་རྒྱུ་མི་འདུག་སྟེ། གསང་སྔགས་ཀྱི་ཆོས་དར་ནས་མོས་པ་ཅན་གྱི་གང་ཟག་མང་སྟེ་ཀློག་འདོན་ཙམ་ཞིག་ཤེས་ན་ཡང་དེ་མཆོད་གནས་སུ་བཀུར་བ་དེ་ཡག་པ་ཞིག་ཡིན་རྒྱུ་རེད། འོན་ཀྱང་གཅིག་བྱས་ན་དངོས་དང་གཟུགས་བརྙན། ལྟར་སྣང་དང་ཡང་དག་གི་དབྱེ་བ་ཞིག་ཕྱེ་རྒྱུ་མེད་ན་བར་ཞིག་གསང་སྔགས་བོན་དུ་གྱེར་རྒྱུ་དང་། གསང་སྔགས་ཀྱི་དཀྱིལ་འཁོར་ར་ཚང་དུ་བཞེངས་པ་རྣམས་ཀྱི་ལུང་བསྟན་ཐོག་ཏུ་ཁེལ་ན་རྟགས་ཙམ་འཛིན་པའི་ས་ཚོད་དེ་ལྟར་བྱས་ནས་ཐོན་པ་མ་ཡིན་ནམ་སྙམ་པའི་འཇིགས་སྐྲག་ཅན་གྱི་ཚོར་བ་སྐྱེད་བྱེད་ཀྱང་ཡིན་ནོ། །གསང་སྔགས་ལུང་གི་སྒོ་བཞིའི་ནང་གི། དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཞེས་གསུངས་པས་བརྗོད་པ་ཚིག་གི་སྒོ་འདོན་རྒྱུ་དེ་དགོས་དགོས་ཀྱང་འདོན་དགོས་རྒྱུ་དེ་དོན་རྣམས་གསལ་འདེབས་ཀྱི་ཆེད་དུ་འདོན་པ་ཡིན་པས་མ་མཐའ་ཡང་ཚིག་རྗེས་དོན་དྲན་ཞིག་མེད་ན་བྲག་ཆའི་སྒྲ་དང་། བྱ་ནེ་ཙོའི་ཁ་ཡི་འདོན་པ། སྒྲ་འཁོར་ནང་ནས་མངགས་པ་དང་ཁྱད་པར་མེད་དོ། །ད་རུང་ཉོན་མོངས་དང་འདྲེས་པའི་ཆགས་སྡང་གི་ཀུན་སློང་མེད་པ་ལ་དེ་ཚོས་དགའ་ཤས་ཆེ། དེས་ན་འདོན་པ་ཁ་ཡིས་འདོན་སྐབས་དེ་དང་འབྲེལ་བའི་བསྐྱེད་རྫོགས་དང་དམིགས་པ་གཙོ་ཆེ་ལ། བསྙེན་ཚད་བཟླས་གྲངས་འཁྱོལ་བ་ཞིག་སྔོན་དུ་འགྲོ་བ་ནི་དེ་བས་ཀྱང་གལ་ཆེའོ། །གལ་ལོས་ཆེ་སྟེ་གཞན་དོན་ཕྲིན་ལས་ཀྱིས་འགྲོ་དོན་སྐྱོང་བ་ལ་རང་དོན་དངོས་གྲུབ་ཀྱི་བྱིན་རླབས་ཐོབ་པ་ཞིག་ཡིན་དགོས་མ་གཏོགས་རང་མགོ་མི་ཐོན་རོ་མགོར་ཅ་ཅོ་སྒྲོག་གསུངས་པ་ནང་བཞིན་འགྱུར་ཉེན་ཆེ་ཞིང་། རྗེ་བཙུན་མི་ལ་རས་པས། མི་ཤི་བའི་རོ་ཡི་མགོ་བོ་ལ། །ནོར་འདོད་པའི་བན་བོན་གླུ་དབྱངས་ལེན། །ཞེས་གསུངས་པ་ལྟར་དུ་གཤིན་པོ་འཁྱག་རིལ་ལེར་སོང་བའི་རོ་མགོ་ཞིག་ནས་དབང་མེད་བར་དོའི་སེམས་ཅན་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་ལ་སོགས་པ་ལ་སྡུག་བསྔལ་བཞིན་ཡོད་པ་དེ་ལ་སྙིང་རྗེ་སྐད་ཅིག་མ་ཙམ་ཞིག་མེད་པའི་ཐོག་ཏུ། ད་རུང་རྒྱུ་ཞིག་ཟ་འདོད། ལེན་འདོད། བླ་མས་རྟ་སྒོམ། གྲྭ་པས་མཛོ་སྒོམ་པའི་དཔེ་ལྟར་གྱུར་སོང་ན། གནས་སྐབས་ལྟར་སྣང་ལ་གཞན་མགོ་ཤི་བོ་ཤུལ་མི་དང་བཅས་པའི་མགོ་གཡོགས་ཀྱང་མཐར་ཐུག་དོན་གྱི་ཐོག་ནས་རང་མགོ་རང་གིས་གཡོགས་ཟིན་པའི་བདག་གཞན་གཉིས་ཕུང་གྱུར་ཟིན་པ་ཡིན་ནོ། །དཀོར་ནག་པོའི་ལན་ཆགས་ཀྱི་བུ་ལོན་མི་ཐེག་པ་ཞིག་རང་ཐོག་ཏུ་སྤུངས་ཟིན་པ་ཡིན་ལ། དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲགས་ན་ཐར་བའི་སྲོག་རྩ་གཅོད། །ཅེས་དང་། །ལྡན་གྲོལ་གཉིས་མེད་དཀོར་ལ་རང་གར་སྤྱོད། །ཅེས་ངན་འགྲོའི་གནས་ལ་མི་སྐྱེ་བར་སྨོན་ལམ་འདེབས་ས་ཞིག་ཡིན་ཞིང་། རང་གིས་མི་ཚད་པར་དེ་ཁར་རེག་ཚད་གྲིབ་ཟས་སུ་འགྱུར་བ་ཡིན་ནོ། །དེ་བས་ཇག་པ་རྟ་འདེད་ཀྱིས་དགའ་ཞེས་ངས་དུས་རྒྱུན་དུ་བཤད་བཞིན་པ་ལྟར་ཡིན་ཞིང་། དེས་ན་སུ་གཅིག་ཀྱང་འདོན་སར་མི་འགྲོ་བར་འདུག་རྒྱུ་དེ་ཨེ་རེད་ཟེར་ན་དེ་ཡང་མ་ཡིན་ལ། དད་པ་ཅན་གྱི་ཚོགས་གཅག་མི་ཉན། དེ་མི་གཅག་པར་བྱ་བ་ལ་ཆེ་ཚོད་ཆུང་མིན་གྱིས་ཆོས་ཀྱི་གནད་དང་རྒྱུ་མཚན། སྨིན་གྲོལ་གྱི་འགྲོས་དང་རིམ་པ་ཤེས་པའི་སྟེང་དུ་སྔོན་འགྲོས་རྒྱུད་སྦྱངས། བསྙེན་སྒྲུབ་ལས་རུང་རེ་ཡོད་པའི་ཐོག་ནས་བསམ་པ་དག་པས་གསང་སྔགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སའི་ཚོགས་སྒྲུབ་ལ་ཞུགས་ན་ཕན་པ་མ་ཆེ་ན་རང་གཞན་གཉིས་ཀ་ལ་གནོད་པ་ཆུང་བ་ཡིན་ནོ། །བདུན་ཚིགས་ཀྱི་ཆོ་ག་དེ་ཚོ་ལ་དམིགས་པ་གསལ་འདེབས་བྱེད་རྒྱུ་གལ་ཆེ་ལ། གནས་འདྲེན་གྱི་སྐབས་ལྟ་བུ་ཡིན་ན་ཆོ་ག་སྒྲ་དག དམིགས་པའི་དེ་ཉིད་གསལ། མ་ཡེངས་ནས་ཏིང་འཛིན་བརྟན་ན་ཕ་རོལ་པོ་བར་དོའི་སེམས་ཅན་རྟེན་ལ་བསྟིམས་ཡོད་པ་དེ་ཉམས་དགའ། ཤེས་པ་གསལ། བག་ཕེབས་ནས་དགའ་ཞིང་དད་པའི་ངང་ནས་མཚན་བྱང་ལྟ་བུ་ལ་རྟེན་བཅས་ནས་འདུག་པ་ཡིན་ནོ། །དེ་ལས་ལྡོག་ན་ཤེས་པ་བག་མི་ཕེབས་པར་མ་ཟད་བར་དོའི་སེམས་ཅན་ལ་སྙིགས་མའི་ལུས་རྟེན་རགས་པ་མེད་ཅིང་ཆོས་ཉིད་བར་དོའི་ཡེ་ཤེས་ཀྱི་སྣང་བ་མཐོང་མ་ཐག་པ་ཡིན་པས་གཞན་སེམས་ཤེས་པའི་མངོན་ཤེས་ཕྲན་བུ་ཡོད་པ་ཡིན་ཞིང་། མཆོད་གནས་ཀྱི་རྒྱུད་མ་དག་སྡོམ་དམ་ཚིག་མ་གཙང་ན་ལོག་ལྟ་ཤར་ནས་ངན་སོང་ལ་འགྲོ་བའི་རྒྱུ་བྱེད་པའི་ཉེན་ཁ་ཡོད་དོ། །བླ་མ་ཐུགས་རྗེ་ཅན་ཞིག་གིས་གཙོ་བོར་བྱས་པའི་དགེ་འདུན་པས་སློབ་མ་དད་ལྡན་དམ་ཚིག་གཙང་མ་ཞིག་གི་དོན་དུ་ཆོ་ག་དག ཏིང་འཛིན་གསལ་ན་བར་དོ་ན་གནས་པའི་སེམས་ཅན་དེ་ཆུ་ནང་གི་གྲུ་དང་འདྲ་བར་ཡར་མར་གང་ཡིན་ན་བསྒྱུར་སླ། བག་ཆགས་བསྒོ་སླ་བ་ཡིན་པས་ཆོས་ཀྱི་བྱིན་རླབས་དང་གང་ཟག་རྟོགས་པ་མཆོག་ལྡན་གྱི་དམིགས་པས་འཚང་རྒྱ་བར་བྱེད་ཐུབ་བོ། །དེ་མིན་ཡང་མཐོ་རིས་རིམ་བརྒྱུད་ཀྱིས་ཐར་བའི་ལམ་སྣ་ཟིན་ནུས་ལ། དེ་ལྟར་ཡིན་ཕྱིར་ཞི་ཁྲོ་འདོན་ཤེས་པས་མི་ཚད་དོན་གོ དོན་གོ་ཙམ་གྱིས་མི་ཚད་པར་བསྐྱེད་རྫོགས་ཀྱི་རིམ་པ་ལ་བསླབས་ནས་བསྙེན་སྒྲུབ་ཚད་ལྡན་རེ་མཛད་ན་རང་གཞན་ཐམས་ཅད་ལ་ཕན་ཐོགས་དེ་ལྟར་ཆེ་བ་ཡིན་ནོ། །དེ་ཡིས་དགེ་འདུན་པའི་ཆས་ཆ་ལུགས་འཆང་བ་དེ་དོན་དང་ལྡན། གྲྭ་ས་ཆེན་པོའི་བསྟན་པའི་རྐང་ཚུགས། སྙིགས་མའི་དུས་སུ་བསྟན་འགྲོའི་དོན་ཆེན་རང་ཐོག་ཏུ་བབས་པ་དེ་འགྲུབ་པ་ཡིན་ནོ། །དེས་ན་དང་པོ་རབ་ཏུ་བྱུང་། སྒྲིག་གྲྭ་སའི་ཀློག་འདོན་ཆ་ཚང་སྦྱངས། དེའི་ཐོག་ཏུ་ཐོས་པ་སློབ་གཉེར་རེ་མཛད་ན་སྨོས་མ་དགོས་པར་བཟང་གི་ཐོག་ཏུ་རྒྱན་ཡིན་ཞིང་། དེ་མིན་ཡང་མཐོང་བརྒྱུད་ཀྱི་ཕྱག་ལེན་ཆ་ཚང་རེ་ཤེས་ཚར་རྗེས་སྔོན་འགྲོ་འབུམ་ལྔའི་བསགས་སྦྱངས་རེ་བྱས། ཞི་ཁྲོ་དབང་ཆེན་མཆོག་དབང་རྒྱས་པ་ནས་བཟུང་སྟེ་ཐོབ། རྫོགས་པ་ཆེན་པོའི་དངོས་གཞིའི་ཁྲིད་ཁ་ཁྲིད་སྦྱོང་དང་བཅས་པ་རེ་སོང་། བསྐྱེད་རྫོགས་ཀྱི་གོ་དོན་རེ་ངེས། ཞི་ཁྲོའི་གཞི་བསྙེན་ལས་རུང་རེ་བསགས་ཚར་དུས་དེ་ནས་སྔ་བས་གྲོང་ཆོག་ལ་ཕེབས་ན་ཅི་འདྲའི་བསྟན་པའི་མིག་ལྟོས། ཉམ་ཐག་གི་མཆོད་གནས། ཤི་བོའི་ཡར་འདྲེན་ལ་ཇི་ལྟར་མི་བཟང་། དེ་འདྲའི་དགེ་ཚུལ་སློང་དགེ་འདུན་བཅུ་ཐམ་པས་ཞི་ཁྲོའི་གནས་བརྒྱ་ཞིག་བསྐུར་ན་ཆབ་བེ་ཆོབ་བེ་བརྒྱ་བས་མི་ཚད་སྟོང་ཞིག་འདོན་པ་བས་དེས་རྣམ་པར་དག་པ་ཡིན་ནོ། །དེ་མི་ཤེས་ནས་སྡོམ་དམ་ཚིག་བསྲུང་མི་དགོས་དང་བསྲུང་རྒྱུ་གང་ཡིན་མིང་ཙམ་ཞིག་མ་ཤེས་ནས་བསྐྱེད་རྫོགས་ཕར་ཞོག་མ་ཎི་ཕྲེང་སྐོར་གཅིག་ཙམ་ལ་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་ཚང་བ་ཞིག་འདོན་མ་མྱོང་བའི་མི་རྒོད་གོས་དམར་ཅན་འགའ་རེས་ཤི་བོ་ལ་སྙིང་རྗེ་མ་དགོས་དང་དེ་ཚང་གི་ངོ་ཙམ་ལ་མི་འཛེམ་པར་རྩེད་མོ་ཧ་རྒོད་ཇ་མཚམས་བསྙེན་མཚམས་ལ་དམག་དང་ཚོང་གི་གཏམ་ལ་སོགས་པ་ཆགས་སྡང་འཕེལ་བྱེད་ཀྱི་ངག་གི་མི་དགེ་བཞི་བོ་ཚང་བའི་ཐོག་ཏུ་ལུས་དང་ཡིད་ཀྱི་མི་དགེ་བ་དང་བཅས་པ་མི་དགེ་བ་ཐམས་ཅད་ཀྱི་སྣ་འདྲེན་བྱེད་རེ་བྱས་ནས་བུད་འགྲོ་མཁན་ཡང་སྙིགས་མའི་དུས་ཡིན་པས་མེད་མི་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་ན་རྣམ་པ་ཚང་མ་ནི་སྔར་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་གདན་ས་ཆོས་འཁོར་ཆེན་པོའི་མ་འོངས་པའི་བསྟན་རྒྱུན་འཛིན་མཁན་ཤ་སྟག་ཡིན་པས་སྤྱིར་ན་གང་ཟག་རང་རྒྱུད་ལ་བཞུགས་པའི་བསྟན་པ་དེ་རང་བློ་རང་ལ་མི་ཁྲེལ་བ་ཞིག་གིས་བསྲུང་རྒྱུ་དང་། ཁྱད་པར་དུ་བསྐྱེད་རྫོགས་ཀྱི་གནད་དེ་ཚོ་ཐུགས་ཉམས་ལ་བཀོལ་ནས་རང་གཞན་སྨིན་ཅིང་གྲོལ་བའི་ཐབས་དང་ལམ་ཟབ་མོ་ལ་ཉམས་ལེན་མཛད་ན་བསྟན་འགྲོའི་དོན་ཆེན་ཞེས་པ་ཞིག་ཁ་ཁ་ནས་འགྲུབ་མི་དགོས་ལ། གྲུབ་པའི་རྟགས་ཀྱང་དེ་ཡིན་ནོ། །མངོན་ཤེས་མི་རིག་རྒྱུ་ཏག་ཏག་བཤད་ན་ཐིག་བཞིན་ཨེ་ཡོད་མི་ཤེས་ལ། ཞབས་རྗེས་བཞག་ཡོད་ཟེར་ཡང་ངོ་མས་མིག་གིས་རིག་ས་ཞིག་ལ་འདམ་འབག་གི་ནང་ལ་རྫིས་པ་དང་འདྲ་བར་བཞག་ན་མ་གཏོགས་འགའ་རེ་རྡོ་ཟད་པོ་ཞིག་ཨེ་རེད་དྲན་རྒྱུ་ཡོད་ཅིང་། དེ་ཚོ་རེ་ཞིག་བརྟག་པར་བྱ་ཞེས་པའི་གྲལ་དུ་འཇོག་དགོས་ཐུག་པ་ཡིན་ནོ། །ལར་མ་གཞིར་གནམ་ལ་འཕུར་སོང་ན་ཡང་དོན་ངོ་མས་བཤད་ན་དེ་ལ་ཆེ་རྒྱུ་ཅི་ཡང་མེད་ལ། མཁའ་བསྐྱོད། རལ་གྲི། རིལ་བུ། མིག་སྨན། རྐང་མགྱོགས་སོགས་ཐུན་མོང་གི་གྲུབ་པ་ཡིན་ཞིང་། མུ་སྟེགས་ཉི་མ་སྲེག་གིས་མིག་གིས་གཅིག་བལྟས་པས་དཔལ་ནཱ་ལེནྡྲའི་མངོན་པའི་བཀའ་ཚང་མ་བསྲེགས་པར་བྱས་པ་ཡིན་ནོ། །དེ་བས་རིག་རྒྱུ་ཡོད་ཤག་ཤག ཕན་ཐོགས་ཆེ་ཤག་ཤག དམ་པའི་ཚུལ་དགུའི་ཡོན་ཏན་དང་ལྡན་པས་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་ཀྱིས་བཟུང་ནས་འབྲེལ་ཚད་དོན་ལྡན་ཞིག་མཛོད་དང་གྲུབ་རྟགས་དེ་རེད། ཡོན་ཏན་དེ་རེད། ངོ་མཚར་ཅན་གྱི་རྣམ་ཐར་དེ་ཡིན་ལ། དེ་ཡང་རྩོད་པ་ཅན་མ་ཡིན་པར་ཚད་མ་གསུམ་གྱིས་གྲུབ་པ། ལུང་རིགས་གཉིས་ཀ་དང་མཐུན་པ་ཡིན་ནོ། །འུ་ཚོ་སྟོན་པས་གནང་བའི་ན་བཟའ་གོན་མཁན་རྣམས་ཀྱིས་རབ་ན་བསྟན་པའི་ཞབས་ཕྱི། མིན་ཡང་བསྟན་ཞབས་ལ་ཐག་པ་མི་གདགས་རྒྱུ་དེ་དུས་འདི་ལ་མིག་ལྟོས་ཡག་པ། སྒྲུབ་འོས་པའི་བྱ་བ། ཐོག་ཏུ་བབས་པ་ཞིག་རེད་སྙམ་མོ།། །།


previousཉིན་དང་པོའི་ཆོས་ཁྲིད། next