Nitartha Digital Library
Tibetan
 
previousཉིན་བརྒྱད་པའི་ཆོས་ཁྲིད། next

ཉིན་བརྒྱད་པའི་ཆོས་ཁྲིད།

ད་ཐེག་ཆེན་མདོ་སྔགས་ཀྱི་དམ་ཆོས་འཆད་ཉན་གྱི་སྐབས་འདིར། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་བློ་སྔོན་དུ་འགྲོ་བའི་ཀུན་སློང་དང་ཀུན་སྤྱོད་དང་མ་བྲལ་བ་མཛད་ནས་གསན་དགོས་པ་ནི། ཆོས་ཚིག་བཞི་བའི་ཚིགས་སུ་བཅད་པ་ཞིག་ཡན་ཆད་སུས་བཤད་ཀྱང་བསྐྱར་ནས་འཆད་བཞིན་ཡོད་པས། རང་རོགས་སེར་སྐྱ་རྒན་གཞོན་ཚང་མའི་རྣ་ལ་འཇག་ནས་ཡོད་པ་ཡིན་ཡང་། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །ཞེས་པ་ལྟར་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྐྱེས་པ་དེ་གཙོ་ཆེ་བ་ཡིན། གལ་སྲིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རྒྱུད་ལ་སྐྱེས་ཚེ། སོ་སོ་སྐྱེ་བོ་ཐ་མལ་བ་ཡིན་ཡང་མིང་གནས་འགྱུར་ནས་རྒྱལ་བའི་སྲས་ཀྱི་མིང་ཐོབ་པ་དང་། དོན་གནས་འགྱུར་ནས་འཇིག་རྟེན་ལྷ་མི་བཅས་པའི་ཕྱག་གི་ཡུལ་དུ་འགྱུར་བ་ཡིན། འོན་ཀྱང་སེམས་བསྐྱེད་སྡོམ་ཆོག་གི་ཚིག་རེ་ཟུང་འདོན་ཤེས་པ་ཙམ་དང་། སེམས་བསྐྱེད་པ་ཙམ་གྱིས་བྱང་ཆུབ་མཆོག་གི་སེམས། སྨོན་འཇུག་གི་བདག་ཉིད་ཅན་རྒྱུད་ལ་སྐྱེ་བ་དང་། རང་འདོད་མེད་པའི་བསམ་པ་རྣམ་དག་ཅིག་ཡོང་དཀའ་བ་ཡིན་པས། སྨོན་འཇུག་གི་བསླབ་བྱ་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ལ་སོགས་པ་སྲུང་ཞིང་མ་ཉམས་པ་དང་། ཉམས་ན་འཕྲལ་དུ་ལྟུང་བ་འཆགས་ཐུབ་པ་ཞིག་དགོས་པ་ཡིན། དེ་ཡོང་བ་ལ་གཞི་རྩ་ཚད་མེད་བཞིས་བློ་སྦྱོང་བའི་རྨང་གཞི་བརྟན་པོ་ཞིག་དགོས་པ་ལས། དེ་མེད་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་པ་ཡིན་ཟེར་ཡང་། གལ་ལ་ཐུག་དུས་སེམས་ཅན་བློས་གཏོང་གི་རྩ་ལྟུང་སོགས་ཇི་མི་སྙམ་པར་འབྱུང་དུ་བཅུག་ནས། རང་རྒྱུད་ན་མེད་པའི་སྟོང་གཏམ་ཞིག་ཏུ་འགྲོ་བ་ཡིན། དེས་ན་བྱང་ཆུབ་སེམས་ཀྱི་ཀུན་སློང་གིས་མ་ཟིན་པའི་ཆོས་སྒྲུབ་པ་དེ་ཐེག་ཆེན་ཐར་བ་ཆ་མཐུན་གྱི་གྲལ་དུ་འགྲོ་དོན་མེད་པ་ཡིན་ལ། འོན་ཀྱང་རང་འདོད་ཡིད་བྱེད་ཀྱི་བློ་མ་དོར་བའི་ཐེག་དམན་ཐར་བ་ཆ་མཐུན་གྱི་གྲལ་དུ་འགྲོའམ་ཞེ་ན། དེ་ཡང་ཁམས་གསུམ་འཁོར་བ་ལ་ངེས་པར་འབྱུང་བའི་བློ་ཡོད་མེད་ལ་བརྟགས་ཤིང་དཔྱད་ཚེ། འཁོར་བ་ལ་ངེས་འབྱུང་ཙམ་ཡང་མེད་ན་ཐེག་དམན་གྱི་ཆོས་གྲལ་དུ་ཡང་འགྲོ་བ་མིན། དེ་བས་མན་ལྷུང་ན་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་ཆོས། གཞན་གྱི་བལྟ་སར་ཆོས་ཞུས་པ་དང་། ཐོབ་པ་དང་། ཆོས་ལ་དད་པ་ཅན་གྱི་མི་ཡ་རབས་ཤིག་གི་རྣམ་པ་སྟོན་པའི་ཆེད་ཙམ་དང་། ཡང་ན་འཇིགས་པ་སྣ་ཚོགས་ཀྱི་གནས་སྐབས་ལས་གཡོལ་བའི་ཆེད་དམ་། ཡང་ན་དེ་གཉིས་གང་ཡང་མིན་པའི་མི་རྗེས་སུ་ཁྱི་དེད་པ་ལྟ་བུའི་ཅི་བསམ་འདི་དྲན་མེད་པ་སྟེ། དེ་རྣམས་ལས་མ་འདས་པ་ཞིག་ཡིན། དེས་ན་ཐོས་པ་དང་མཐོང་བ་ཙམ་གྱིས་གྲོལ་བའི་མ་བསྒོམས་སངས་རྒྱས་ཆོས་ལྔ་ལྟ་བུ་ཡང་ཡོད་པས། ཞུ་བྱའི་ཆོས་ཀྱི་ཕྱོགས་ནས་རྩ་ཆེ་ཆུང་ཡོད་ཀྱང་། གཙོ་བོ་ཆོས་ཆེ་ཆུང་གང་གི་གྲལ་འགྲོ་བ་ནི་བསམ་པའི་ཀུན་སློང་ལ་རག་ལས་པ་ཡིན་པས། བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་གིས་ཐེག་པ་དམན་པའི་ཆོས་ཞུས་ཀྱང་ཐེག་ཆེན་གྱི་ཐར་བ་ཆ་མཐུན་དུ་འགྱུར་བ་དང་། བསམ་པ་དམན་པའི་ཀུན་སློང་ཞིག་ལས་མེད་ཚེ། ཆོས་མཐོན་པོ་ཟབ་མོ་ཅི་ཞིག་ཞུས་ཀྱང་ཀུན་སློང་གི་དབང་གིས་ཐེག་དམན་ཐར་བ་ཆ་མཐུན་ལས་མི་འཕགས་པའི་ཚུལ་རྣམས་ཤེས་པར་བྱས་ནས། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་ལམ་དེར་མི་བརྒྱུད་པར་འགྲོ་ས་གཞན་མེད་པའི་བགྲོད་པ་གཅིག་པུའི་ལམ། བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་ནི། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །ཞེས་གསུངས་པ་ལྟར་ཡིན། འོན་ན་སོ་སོ་སྐྱེ་བོའི་གང་ཟག་ཅིག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་ཇི་ལྟར་འཇུག་དགོས་པ་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་ནི་སྙིང་རྗེའི་རྩ་བ་ཅན་ཡིན་པས། ཐོག་མར་སྙིང་རྗེ་ནས་མགོ་བཟུང་སྟེ་རིམ་གྱིས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་བྱེད་དགོས་པ་ཡིན། སྙིང་རྗེ་དེ་ཡང་བསམ་པ་བཟང་པོ་ལས་སྐྱེ་བ་ཡིན་པས། ཐམས་ཅད་ཀྱི་ཐོག་མར་བསམ་པ་བཟང་པོ་རྒྱུད་ལ་སྐྱེ་ཐབས་བྱས་ནས། དེ་ལ་གོམས་སུ་འཇུག་དགོས་པ་ཡིན། དེས་ན་གཏན་གྱི་བདེ་བ་ཐར་བ་དམ་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་དགོས་ཚེ། བཀའ་བསྟན་གྱི་དཔེ་ཆ་དག་གི་མགོ་དང་པོར་རྒྱ་གར་སྐད་དུ་ཞེས་བརྗོད་པ་ལྟ་བུའི་བསམ་པ་བཟང་པོ་ལ་སྦྱང་དགོས་པ་ཡིན། དེ་ཡང་བསམ་པ་བཟང་པོ་ཞིག་དགོས་འདུག་སྙམ་པ་ཙམ་དུ་མི་འཇོག་པར། རང་ཉིད་བསམ་པ་བཟང་པོ་དང་ལྡན་པ་ཞིག་ཏུ་བསྒྱུར་དགོས་པ་ཡིན། དེ་ལ་ཕྱོགས་གཅིག་ནས་བསམས་ན་ཐོག་མེད་ནས་བསམ་ངན་ཏག་ཏག་ལས་བསམ་བཟང་ལ་གོམས་པ་མེད་པས་དཀའ་བ་ལྟར་སྣང་ཡང་། ཕྱོགས་གཅིག་ནས་བསམས་ན་དེ་ལ་དཀའ་ཚེགས་མེད་དེ། དེ་ནི་ཉོ་བ་དང་། རྐོ་བ་དང་། སྐྱི་བ་དང་། གཡར་བ་གང་ཡང་མི་དགོས་པའི་བསམ་བློའི་སྒྱུར་སྟངས་ཙམ་ཡིན་པའི་ཕྱིར། དེས་ན་དམ་པའི་ལྷ་ཆོས་བསྒྲུབས་ནས་འགྲུབ་པ་ཞིག་བྱེད་བསམ་ན་ཕྱི་བཤོལ་མེད་པར་དེ་མ་ཐག་ཏུ་སྒྲུབ་པ་ལས། སང་ཕོད་དང་། སང་ཉིན་དང་། དེའི་འཕྲོ་ནས་བསྒྲུབ་མདོག་པར་བྱེད་པ་ནི་མི་འགྲུབ་པའི་སྔ་ལྟས་ད་ནས་ཚང་ཚར་བ་ཡིན་པས། དུས་ད་ལྟ་ཉིད་དུ་ལངས་ནས་ཡོད་ན་ལང་བའི་ཐོག་ནས། བསྡད་ནས་ཡོད་ན་སྡོད་པའི་ཐོག་དེ་ནས་བསམ་པ་བཟང་པོ་བྱེད་དགོས་པས་མ་ཚད། དེའི་རྒྱུན་མི་ཉམས་པར་བསྐྱང་དགོས་པ་ལས། ཕྱིར་བཤོལ་བྱས་ན་མི་འགྲུབ་པ་ཡིན། དེ་ཡང་དང་པོར་རང་ཉིད་ཀྱི་སྙིང་ཉེ་བའི་མི་ལ་བསམ་བཟང་སྦྱོང་བ་དང་། དེ་ནས་རིམ་གྱིས་དགྲ་ལ་ཡང་བསམ་བཟང་སྦྱོངས་ནས་མཐར་དགྲ་གཉེན་གཉིས་ཀ་བསམ་བཟང་གི་ཡུལ་དུ་སྙོམས་ཐུབ་པ་ཞིག་དགོས་པ་ཡིན། དགྲ་ལ་བསམ་བཟང་བྱེད་པ་དང་པོར་དཀའ་བར་ལྟར་སྣང་ཡང་། དེ་ལ་ཞིབ་ཏུ་བསམ་བློ་བཏང་ན། འདི་དང་པོ་སྐྱེས་པ་ཉིད་ནས་ངའི་དགྲ་རུ་བྱས་ནས་བྱུང་བ་ཞིག་མིན་པར། རྗེས་ཀྱི་རྐྱེན་སྣ་ཚོགས་ལ་བརྟེན་ནས་དགྲ་རུ་གྱུར་པ་ཞིག་ཡིན། དེ་ཡང་དྲང་མོའི་བློ་ཡིས་གཞིགས་ན་ཕྱེད་ཁོ་ཡིས་ལན་པ་ཡིན་ཡང་། ཕྱེད་རང་གིས་ལན་ནས་ཡོད་པ་ཡིན། ཕར་ཕན་པ་ཁོ་ན་བསྒྲུབས་པ་ལས་གནོད་པ་མ་བྱས་ན་ཚུར་གནོད་སྐྱེལ་དོན་མེད་པ་ཡིན་ཏེ། བཟང་ལན་ངན་གྱིས་འཇལ་བ་ནི་རེ་རེ་གཉིས་གཉིས་ལས་མེད་པ་ཡིན་པའི་ཕྱིར། དེ་ལ་ཡང་རང་གི་ཕྱོགས་ནས་ཁྲོ་བའི་རྣམ་འགྱུར་ཙམ་ཡང་མ་བསྟན་པར་སླར་ཡང་བྱམས་དང་སྙིང་རྗེ་བསྒོམས་ན། དེ་ཡང་ནམ་ཞིག་གཉེན་དུ་འགྱུར་སྲིད་པ་ཡིན། གཞན་ཡང་དེ་ལྟར་གྱུར་པ་ནི་སྐྱེ་བ་སྔོན་མར་ངས་དེ་ལ་གནོད་ཕར་བསྐྱལ་བའི་རྣམ་སྨིན་གྱི་འབྲས་བུ་ཚུར་ལ་འཁོར་བ་ཡིན་པ་དང་། དེས་ཀྱང་ང་ལ་སྡང་སེམས་འཆང་བའི་འབྲས་བུ་ཡིད་དུ་མི་འོང་བ་མྱོང་དགོས་པས་སྙིང་རྗེའི་ཡུལ་ཡིན་པར་བསམ་པ་དང་། ང་རང་ཉིད་བཞིན་དུ་དགྲ་ལ་སོགས་པ་ཐམས་ཅད་ཀྱིས་བདེ་བ་འདོད་པ་དང་། རང་གི་ཆོས་སྒྲུབ་པའི་སྐབས་སུའང་བྱམས་སྙིང་རྗེ་ནས་མགོ་བཙུགས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་ཕྱིར། བྱམས་དང་སྙིང་རྗེ་བསྒོམ་ཡུལ་དང་། བཟོད་པ་བསྒོམ་ཡུལ་ནི་དགྲ་འདི་དང་འདི་དག་ཡིན་པས་དེ་དག་ཡོད་པའི་དབང་གིས་ངས་ཆོས་རྣམ་དག་འགྲུབ་པ་དེ་བྱུང་བས། དོན་ངོ་མས་བཤད་ན་གནོད་བྱེད་རྣམས་དྲིན་ཆེན་ཡིན་པ་དང་། དགྲ་དངོས་དེ་གཉེན་ཉེ་བ་འདི་དག་ཡིན་ངེས་ཏེ། འདི་དག་གིས་གསོན་པའི་ཚེ་ན་ཆོས་སྒྲུབ་ཏུ་མི་སྟེར་བའི་བཤོལ་བཏབས། འཆི་བའི་ཚེ་ན་བློས་མི་ཐོང་བར་ཞེ་ཆགས་བྱེད་པའི་རྐྱེན་བྱས་པའི་ཕྱིར། དེ་ལྟར་ཞིབ་ཏུ་དཔྱད་ན་དགྲ་གཉེན་ཁྱད་མེད་པའི་བདེན་དོན་གྱི་ར་འཕྲོད་དུ་ཡོད་པ་ཡིན། དེ་ལ་ཁོ་ན་རེ་འདི་ནི་མིན་པ་ཞིག་ཡིན་པར་འཆད་པའི་བྲམ་ཟེའི་ར་སྐྱེས་ཁྱི་ལ་བསྒྱུར་བ་ལྟ་བུ་སྟེ། དེ་ཡང་སྔོན་ཞིག་གི་དུས་ཀྱི་ཚེ་བྲམ་ཟེ་ཞིག་གིས་ར་ཞིག་ལྷ་ལ་མཆོད་སྦྱིན་བྱེད་པར་ཁྲིད་ནས་འགྲོ་བའི་སྐབས་སུ། ཁྲམ་པ་མི་གསུམ་གྱིས་དེ་མཐོང་ནས། ངན་གྲོས་བྱས་ཏེ་ས་མདོ་གསུམ་ནས་སྒུག་བསྡད་པའི་མི་དང་པོ་དང་འཕྲད་སྐབས། དེས་ཨེ་བྲམ་ཟེ་ཞིག་གིས་ཁྱི་ཞིག་ཁྲིད་པ་ལ་ཨང་ཟེར་སྐབས། བྲམ་ཟེ་དེས། མི་འདི་ཚོས་ཅི་ཟེར་བ་ལ་ར་ཁྲིད་པ་ལ་ཡང་ཁྱི་ཁྲིད་པ་ཟེར་འདུག་བསམས་ནས་ཕྱིར་བལྟས་ཙམ་ཡང་མ་བྱས་པར་སོང་བ་དང་། ཡང་ས་ཁུག་གཅིག་ལ་ཐོན་དུས་མི་གཅིག་གིས་ཨེ་མཚར་བ་ལ་ཨང་བྲམ་ཟེ་ཞིག་གིས་ཁྱི་ཞིག་ཁྲིད་འདུག་ཟེར་དུས། བྲམ་ཟེ་ཡིས་ཕྱིར་བལྟས་ཤིག་ཤོར་ནས་ཁྱི་ཅི་ལ་ཡིན་ར་ཡིན་པ་ལ་བསམས་ནས་སོང་བ་དང་། ཡང་ས་ཁུག་གཅིག་ལ་ཐོན་ཚེ་ཁྲམ་པ་གསུམ་པ་དེས། ཅི་འདྲའི་ལྟས་ཀྱི་ངན་པ་ལ་བྲམ་ཟེ་གཙང་སྦྲ་ཅན་ཞིག་གིས་ཁྱི་ཞིག་ཁྲིད་ནས་འདུག་ཟེར་སྐབས། བྲམ་ཟེས་དེར་བདེན་དུ་བཟུང་ནས། འདི་ཕར་བལྟས་ན་ར་ལྟར་སྣང་ཡང་མི་མ་ཡིན་ཞིག་གིས་ངའི་མཆོད་སྦྱིན་ལ་བར་ཆད་བརྩམས་ནས། ངའི་ངོར་ཁྱི་ར་རུ་བརྫུས་ནས་ང་མིག་འཁྲུལ་དུ་བཅུག་པ་ཡིན་འདུག མི་གཅིག་མིན་གཉིས་མིན་གསུམ་གྱིས་བཤད་པས་བདེན་པ་ཡིན་ངེས་སྙམ་ནས་ར་དེ་བསྐྱུར་ནས་སོང་བས། ཁྲམ་པ་གསུམ་གྱི་འདོད་ཐོག་ལ་ཁེལ་སོང་བའི་ལོ་རྒྱུས་ལྟར་དུ། དགྲ་ནི་གནོད་བྱེད་ཡིན་བཞིན་དུ་ཕན་འདོགས་མཁན་ཡིན་པ་དང་། གཉེན་ཉེ་བ་བུ་ཚ་མཛའ་བཤེས་རྣམས་ནི་ཕན་བྱེད་ཀྱི་གྲོགས་ཡིན་བཞིན་དུ་གནོད་བྱེད་ཀྱི་དགྲ་ཡིན་པར་སྨྲས་པའོ་སྙམ་ན་མིན་ཏེ། དགྲ་གཉེན་གྱི་གནས་ཚུལ་དོན་དངོས་སུ་དེ་ལྟར་ཡིན་ཡང་དེ་ལྟར་མ་ཤེས་ནས་འཁྲུལ་བ་ཡིན་པའི་ཕྱིར་དང་། དེ་ཙམ་གྱིས་མ་ཚད་པར་མིན་པ་ལ་ཡིན་པར་བཟུང་བའི་འཁྲུལ་སྣང་བདག་མེད་པ་ལ་བདག་དང་། ང་མེད་པ་ལ་ང་རུ་འཛིན་པ་དང་། མི་གཙང་བ་ལ་གཙང་བར་འཛིན་པ་ལ་སོགས་པ་འབའ་ཞིག་ལ་སྤྱོད་པའི་དབང་གིས། མཐའ་མེད་པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབྱུང་བ་ཡིན་པའི་ཕྱིར། ར་སྐྱེས་ཁྱི་ལ་འཁྲུལ་བའི་བྲམ་ཟེ་དངོས་ནི་རང་ཅག་གོ །དེས་ན་འཁྲུལ་བའི་ལམ་འདི་ནས་མ་འཁྲུལ་བའི་དྭངས་ཤིག་རྙེད་དགོས་པས། ཆོས་སྒྲུབ་པའི་སྐབས་སུ་སེམས་ལ་བཅོས་བསྒྱུར་བྱས་ནས་བསྒྲུབས་ན་ཆོད་ཆེ་བ་ཡིན་ཕྱིར། སེམས་ཀྱི་འདུ་ཤེས་རྣམས་བསྒྱུར་བར་བྱ་དགོས་པ་ཡིན། སེམས་ལ་འགྱུར་བ་ཐེབས་ཚེ་ལུས་ངག་ཀྱང་འགྱུར་བ་ཡིན། རྣལ་འབྱོར་པ་ལ་ལ་འཇའ་ལུས་སུ་གྲུབ་ནས། ལུས་བེམ་གོག་འོད་དུ་དེངས་ནས་ཤུལ་དུ་རོ་རུལ་བ་མི་གཙང་པའི་རྫས་སོ་དྲུག་གི་བདག་ཉིད་ཅན་མི་བསྐྱུར་བར་དངོས་མེད་དུ་དེངས་པ་ནི། སེམས་ཀྱི་སྦྱོང་བརྡར་མཐར་ཕྱིན་ནས་སེམས་ཉིད་འོད་གསལ་གྱི་དོན་རྟོགས་པའི་སྟོབས་ཀྱིས་ལུས་འོད་ལུས་གྱུར་ནས། རང་གཞན་གྱི་དོན་ཆེན་འགྲུབ་པ་ཡིན། དེ་དག་ཀྱང་དང་པོའི་དུས་སུ་བདག་ཅག་དང་ཁྱད་མེད་པར་སོ་སོ་སྐྱེ་བོ་ཐ་མལ་བ་ཤ་སྟག་ཡིན་ཡང་། དེ་དག་གིས་བསམ་པ་བཟང་པོ་ནས་མགོ་བཙུགས་ཏེ་སྦྱངས་པའི་སྟོབས་ཀྱིས་དེ་ལྟར་བྱུང་བ་ཡིན། དེས་ན་འཁོར་བའི་སྡུག་བསྔལ་སྤྱི་དང་། ཁྱད་པར་དུ་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས། མིའི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་དག་མི་མྱོང་བ་ཞིག་བྱེད་བསམས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་བསྐྱེད་པར་བྱེད་དགོས་པ་ཡིན། དེ་སྐྱེ་བར་བྱེད་པ་ལ་ཚེ་འདིའི་དགྲ་བོས་མགོ་བྱས་ནས་མཐའ་ཡས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་རྣམས་བསྒོམ་དགོས་པ་ཡིན། དེ་དགོས་ན་དེ་ཡང་སྦྱོང་བའི་དུས་སུ་དང་པོ་བཏང་སྙོམས་ཚད་མེད་ནས་མགོ་བཟུང་སྟེ། རིམ་གྱིས་ཚད་མེད་བཞི་ལ་བློ་སྦྱོང་བ་ནི་ཐེག་ཆེན་ཆོས་ཀྱི་རྨང་གཞི་ཡིན། དེ་ལྟ་བུའི་རྨང་གཞི་དེའི་སྟེང་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པ་ལ། ཐོག་མར་སེམས་བསྐྱེད་ཅེས་པའི་དོན་དེ་མ་ཤེས་ཐབས་མེད་ཡིན་པས། འདི་ནས་སེམས་བསྐྱེད་ཀྱི་སྐོར་ནས་ཐུགས་གསོས་ཞུ་བ་ལ། སེམས་བསྐྱེད་ཀྱི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་སེམས་བྱུང་སེམས་པ་ཞིག་ཡིན་ཞིང་། དེ་ཡང་ཆེ་བ་བཞི་དང་ལྡན་ཞིང་དོན་གཉིས་ལ་དམིགས་པ་ཞིག་ཡིན་པས། ཆེ་བ་བཞི་ནི། སྤྲོ་བ་ཆེ་བ། སྒྲུབ་པ་ཆེ་བ། དོན་ཆེ་བ། འབྲས་བུ་ཆེ་བ་དང་བཞི་ཡིན། སྤྲོ་བ་ཆེ་བ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་ཐེག་ཆེན་གྱི་ཆོས་མཐའ་དག་ལ་ཐོས་བསམ་སྒོམ་པ་བྱེད་པ་དང་། གཞན་དོན་དུ་བསྐལ་བ་གྲངས་མེད་མང་པོར་སོགས་ཡུན་རིང་པོར་དཀའ་བ་སྤྱོད་པ་ལ་མི་སྐྱོ་བའོ། །སྒྲུབ་པ་ཆེ་བའམ་རྩོམ་པ་ཆེ་བ་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་ཇི་ལྟར་གོ་ཆ་བགོས་པ་ལྟར་དུ་སྒྲུབ་པའོ། །དོན་ཆེ་བ་ནི་བདག་གཞན་ལ་ཕན་པའི་ཆེད་དུ་དོན་གཉིས་ཕུན་སུམ་ཚོགས་པར་བྱེད་པའོ། །འབྱུང་བ་ཆེ་བ་ནི་བྱང་ཆུབ་ཆེན་པོ་འགྲུབ་པའོ། །འབྲས་བུ་ཆེ་བའམ་འབྱུང་བ་ཆེ་བ་ནི་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་འབྱུང་བ་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཆེ་བ་བཞི་དང་ལྡན་པ་དང་། དོན་གཉིས་ལ་དམིགས་པ་ནི། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའོ། །དེ་ལྟ་བུའི་དོན་གཉིས་ལྡན་པའི་སེམས་སེམས་བྱུང་མཚུངས་ལྡན་དང་བཅས་པ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། མདོར་བསྡུས་ནས་བཤད་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་བླ་མེད་བྱང་ཆུབ་ཆེན་པོར་འཚང་རྒྱ་བ་རུ་དམ་བཅས་པའམ་ཁས་བླངས་པ་ཞིག་ཡིན་ཞིང་། དེའི་སེམས་བསྐྱེད་དེ་ལ་དབྱེ་བ་བྱས་ན། སའི་གནས་སྐབས་ཀྱི་དབྱེ་བ་དང་། བརྡ་དང་ཆོས་ཉིད་ཀྱི་སྒོ་ནས་ཐོབ་ཚུལ་གྱི་དབྱེ་བ་དང་། བདེན་གཉིས་ཀྱི་དབྱེ་བ་ལ་སོགས་པ་མང་བ་ལས། སའི་གནས་སྐབས་ཀྱི་དབྱེ་བ་ནི། མོས་པས་སྤྱོད་པའི་ས་ཚོགས་སྦྱོར་གྱི་ལམ་གྱི་སེམས་བསྐྱེད། དང་བ་ཙམ་གྱི་མོས་པའི་སྒོ་ནས་བླངས་པ་དང་། ས་དང་པོ་ནས་བདུན་པའི་བར་གྱི་སེམས་བསྐྱེད་བདག་གཞན་མཉམ་ཉིད་ཀྱི་སེམས་ཐོབ་ནས། བདག་གཞན་གྱི་དོན་ལ་ཁྱད་པར་མེད་པའི་བློ་འབྱོངས་པས་ལྷག་བསམ་དག་པའི་སེམས་བསྐྱེད་དང་། ས་བརྒྱད་པ་ནས་བཅུ་བའི་བར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྲུབ་ཏུ་ཡོད་པས། ཕར་ཕྱིན་རྣམས་ལ་རྩོལ་མེད་ལྷུན་གྲུབ་ཏུ་སྤྱོད་པའི་ཕྱིར་ན་རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སངས་རྒྱས་ཀྱི་ས་ལ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སེམས་བསྐྱེད་འབྲས་བུ་མཐར་ཐུག་པ་རྣམས་དང་། བརྡ་དང་ཆོས་ཉིད་ཀྱི་སྒོ་ནས་ཐོབ་ཚུལ་གྱི་དབྱེ་བ་ནི། མོས་སྤྱོད་ཀྱི་ས་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་སེམས་བསྐྱེད་དེ་བརྡ་ལས་ཐོབ་པ་སྟེ། རང་ཉིད་ཀྱི་དགེ་རྩ་དང་། དགེ་བའི་བཤེས་གཉེན་གྱིས་སེམས་བསྐྱེད་འབོག་པའི་ཚིག་གིས་བརྗོད་པ་བཞིན་དུ་དམ་བཅས་པ་ཞིག་ཡིན་པའི་ཕྱིར། ས་དང་པོ་ཡན་ཆད་ཀྱི་སེམས་བསྐྱེད་དེ་ཆོས་ཉིད་ཀྱི་སྒོ་ནས་ཐོབ་པ་སྟེ་དེ་གཉིས་དང་། བདེན་གཉིས་ཀྱི་ཐོག་ནས་དབྱེ་བ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། སྨོན་དང་འཇུག་པའི་བདག་ཉིད་ཅན་བླ་མེད་བྱང་ཆུབ་ཐོབ་པར་བྱ་བའི་སེམས་བསྐྱེད་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་རང་སེམས་སྤྲོས་བྲལ་གྱི་དོན་རྟོགས་པ་སྟེ་ཆོས་ཉིད་ཀྱི་བདེན་པ་རྟོགས་པའི་རྣམ་པ་མི་རྟོག་པའི་ཡེ་ཤེས་བརྙེས་པའོ། །དེ་ཡང་ས་ཐོབ་པ་ནས་བཟུང་སྟེ་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་དབྱེར་མེད་ཟུང་འཇུག་གི་ངོ་བོར་རྟོགས་པ་དང་། བླང་བ་བརྡ་ལས་ཐོབ་པ་ནི། གཞན་གྱིས་བསྟན་ཅིང་གཞན་གྱི་ངག་གི་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་སྟེ། དེ་སྐྱེ་བ་ལ་ཡང་གྲོགས་སྟོབས་ལས་སྐྱེ་བ་ནི་དགེ་བའི་བཤེས་གཉེན་ལས་དང་། རྒྱུ་སྟོབས་ལས་ནི་རིགས་ཀྱི་མཐུ་དང༌། དགེ་རྩའི་སྟོབས་ལས་ཏེ་རིགས་རྒྱས་པ་ལས་དང༌། མང་དུ་ཐོས་པའི་སྟོབས་དང༌། དགེ་བ་གོམས་པའི་སྟོབས་ལས་ཏེ་ཚེ་འདི་ལ་རྟག་ཏུ་ཉན་འཛིན་འཆད་པ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་དང་པོ་མི་བརྟན་པ་དང་ལྷག་མ་བཞི་བརྟན་པའོ། །དོན་དམ་སེམས་བསྐྱེད་ནི་མོས་པས་སྤྱོད་པའི་ས་ནས་བསྐལ་ཆེན་གྲངས་མེད་གཅིག་གི་བར་དུ། རྫོགས་པའི་སངས་རྒྱས་རྣམས་མཆོད་ཅིང་མཉེས་པར་བྱས་ནས། ཆོས་ཉན་བསམ་བསྒོམས་པའི་སྒོ་ནས་ཕར་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་རྒྱ་ཆེར་བསགས་པའི་རྒྱུ་དེ་ལ་བརྟེན་ནས། ཆོས་ཐམས་ཅད་གཟུང་འཛིན་དང་རྟག་ཆད་ལ་སོགས་པའི་གཉིས་ཆོས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའི་རྟོགས་པ་དམ་པ་བརྙེས་པ་དེ་ལ། སེམས་བསྐྱེད་དམ་པའམ་དོན་དམ་པའི་སེམས་བསྐྱེད་ཅེས་བྱ་ལ། དེ་ལྟ་བུའི་ཐེག་ཆེན་ཐུན་མོང་བའི་འགྲོས་ལྟར་དུ་སེམས་བསྐྱེད་ཀྱི་ཚུལ་དེ་ངེས་པར་བྱས་ནས། གསང་ཆེན་སྔགས་ཀྱི་དབང་དུ་བྱས་ན། ཐབས་མང་དཀའ་བ་མེད་པའི་སྒོ་ནས་ཚོགས་གཉིས་རྫོགས་སྟོབས་ཆེ་ཞིང་། ཐུན་མིན་ལམ་གྱི་མྱུར་ཁྱད་ཀྱིས་འཕགས་པའི་མྱུར་ལམ་ཡིན་པ་དང་། དེའི་ནང་ནས་ཀྱང་འོད་གསལ་རྫོགས་པ་ཆེན་པོ་ཤིན་ཏུ་མྱུར་བའི་ལམ། ཚེ་ལུས་གཅིག་གི་ཐོག་ནས་ཀྱང་རང་ལ་བརྩོན་འགྲུས་ལྡན་ན་བྱང་ཆུབ་དམ་པ་བརྙེས་ཐུབ་པའི་རྫོགས་ཆེན་མན་ངག་སྡེའི་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གཉིས་མེད་ཟུང་འཇུག་གི་ལམ་ལ་བརྟེན་ནས། ཀུན་ཏུ་བཟང་པོ་ཁྱད་ཆོས་དྲུག་གིས་གྲོལ་ནས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པ་དང་། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་སྐབས་སུ། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས་བསྐལ་བ་མང་པོའི་ཚོགས་གཉིས་གཅིག་ཆར་དུ་འདུམ་པ་སྟེ། དེ་ལྟ་བུའི་གོ་བའི་ཐོག་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཀུན་སློང་དང་བཅས་པས། ཐོས་བསམ་སྒོམ་པའི་རིམ་པ་གོ་མ་ནོར་བའི་ལམ་ལ་འཇུག་པ་ལ། སྐབས་སུ་བབས་པ་གང་ཞིག་འཆད་ཉན་བྱ་བ་ནི། རྫོགས་ཆེན་བསྟན་པའི་ཤིང་རྟ་གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་གྱི་ཡ་གྱལ། རྒྱལ་བའི་དབང་པོ་ཀློང་ཆེན་པ་དྲི་མེད་འོད་ཟེར་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་གང་ཉིད་ཀྱིས། ཆོས་སྐུའི་བསྟན་པའི་བཙས་སུ་བཞག་པའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་དུ་བཞུགས་པའི་ནང་ཚན། མན་ངག་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པའི་སྐབས་ནས་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་མང་ཞིག་སོང་སྟེ་དེ་རིང་།

༢༡༧ སྤངས་ནས་བསྡད་པར་བྱ་བའི་ཆོས་དྲུག་བསྟན་པ།

སྤངས་ནས་བསྡད་པར་བྱ་བའི་ཆོས་དྲུག་ནི།།

འདུ་འཛི་གཡེང་བའི་ཡུལ་སྤངས་དབེན་པར་སྡོད།།

སྡེ་ཚན་ཕྱོགས་རིས་སྤངས་ལ་འདྲིས་མེད་སྡོད།།

འཇིག་རྟེན་སོ་ནམ་འབྲེལ་སྤངས་བདེ་བར་སྡོད།།

མང་པོའི་ཚོགས་སྤངས་གཅིག་ཏུ་དབེན་པར་སྡོད།།

དོན་དང་བྱ་བ་མང་སྤངས་དབེན་པར་སྡོད།།

མི་དགེ་ལུང་མ་བསྟན་སྤངས་དགེ་བར་སྡོད།།

ཅེས་གསུངས་པ་སྟེ། སྤངས་ནས་བསྡད་པར་བྱ་བའི་ཆོས་དྲུག་དེ་གང་ཡིན་ན། འདུ་འཛིའི་བྲེལ་ཟིང་གི་གཡེང་བའི་ཡུལ་ཐམས་ཅད་སྤངས་ནས་དབེན་པའི་གནས་སུ་གཅིག་པུར་སྡོད། འཇིག་རྟེན་གྱི་ཕྱོགས་ཀྱི་ངེད་ཀྱི་ཕྱོགས་དང་ཁོ་ཡི་ཕྱོགས་ཟེར་བ་དང་། ཆོས་ཕྱོགས་ནས་ཀྱང་ངེད་ཀྱི་ཆོས་བརྒྱུད་དང་། ཁོ་ཡི་ཆོས་བརྒྱུད་ལ་སོགས་པའི་ཕྱོགས་རིས་གཅོད་པ་དང་། ཐ་ན་དགོན་སྡེ་ཞིག་ལ་མཚོན་ན་དགོན་སྟོད་སྨད་དང་ཕྱོགས་བཞི། གྲོང་པ་ཆུ་ཉིན་སྲིབ་ལ་སོགས་པའི་སྡེ་ཚན་དང་རིས་སུ་བཅད་ནས་རྩོད་པ་དེ་དག་སྤངས་ཏེ་འབྲེལ་འདྲིས་མེད་པར་སྡོད། འཇིག་རྟེན་གྱི་བྱ་བ་སོ་ནམ་ཚོང་ཁེ་དང་བསྐྱེད་བུན་ལ་སོགས་པའི་འབྲེལ་བ་དེ་དག་སྤངས་ལ་བདེ་བར་སྡོད། མང་པོའི་ཚོགས་པའི་བྲེལ་ཟིང་གི་ཁུར་བོ་དེ་སྤངས་ནས་གཅིག་པུར་དབེན་པའི་གནས་སུ་སྡོད། འཇིག་རྟེན་གྱི་བྱ་བའི་མཚན་ཉིད་དོན་མང་བ་དང་བྱ་བ་མང་བ་ཐམས་ཅད་སྤངས་ལ་དབེན་པའི་གནས་སུ་ཆོས་བསྒྲུབས་ནས་སྡོད། མི་དགེ་བ་དང་འདི་དང་དེ་མེད་པའི་ལུང་མ་བསྟན་གྱི་སྙོམ་ལས་དེ་དག་སྤངས་ནས། སེམས་དགེ་ལུས་དགེའི་དགེ་བ་ལ་བརྩོན་བཞིན་སྡོད་ཅིག

༢༡༨ དེ་ལྟར་བསྡད་དུས་ཀྱི་བྱ་བ་རྣམ་དྲུག་བསྟན་པ།

དེ་ལྟར་བསྡད་དུས་བྱ་བ་རྣམ་དྲུག་ནི།།

རིག་པ་གཅེར་བུ་རང་ངོ་ཟིན་པར་བྱ།།

སེམས་ཀྱི་གནས་ལུགས་གཏན་ལ་དབབ་པར་བྱ།།

ཤེས་པ་སྙམ་བྱེད་འདུན་མ་བྲལ་བར་བྱ།།

དངོས་འཛིན་གཟའ་གཏད་ཆེད་དུ་གཟུང་མི་བྱ།།

བརྩོན་འགྲུས་འདོད་བློ་རང་སར་ཆོད་པར་བྱ།།

བྱེད་མཁན་ངོ་བོ་ཟད་སར་སྐྱོལ་བར་བྱ།།

ཞེས་གསུངས་པ་སྟེ། དེ་ལྟར་བསྡད་དུས་ཀྱི་བྱ་དགོས་པ་རྣམ་པ་དྲུག་ནི། རིག་པའི་ངོ་བོ་ལ་སྒྲིབ་བྱེད་ཀྱིས་མ་གོས་པའི་གཅེར་བུ་དེ་ཉིད་ཀྱི་རང་ངོ་ཟིན་པར་བྱ། སེམས་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བ་ཡེ་ཇི་བཞིན་པ་གནས་ལུགས་ངོ་མ་དེ་ཉིད་གཏན་ལ་དབབ་པར་བྱ། ཤེས་པ་སྙམ་བྱེད་ཀྱི་བདུད་དང་འབྲེལ་བའི་སྤྲོས་པའི་འདུན་མ་སྣ་ཚོགས་དང་བྲལ་བར་བྱས་ནས་འདུག་པར་བྱ། དངོས་པོ་དང་མཚན་མར་འཛིན་པའི་གཟའ་གཏད་ལ་ཆེད་དུ་གཟུང་བར་མི་བྱ་བར་འཛིན་པ་དང་བྲལ་བར་བྱ། བརྩོན་འགྲུས་བྱེད་པའི་སྐབས་སུ་རང་འདོད་འཁྲུལ་བ་ཅན་གྱི་བློ་བྱུང་ན་རང་སར་ཆོད་པར་བྱ། དེ་ལྟར་བྱེད་མཁན་གྱི་གང་ཟག་སྒོམ་པ་བ་དེ་ངོ་བོ་དོན་གྱི་ཡེ་ཤེས་ལ་གོམས་པ་ཀློང་དུ་གྱུར་ཏེ། སྣང་བའི་ཡུལ་དང་ཞེན་པའི་ཆོས་ཟད་པའི་ས་ལ་སྐྱོལ་བར་བྱའོ།།

༢༡༩ རིག་པ་བསམ་གཏན་གནས་པའི་ཆོས་དྲུག་བསྟན་པ།

རིག་པ་བསམ་གཏན་གནས་པའི་ཆོས་དྲུག་ནི།།

སྣང་ཚུལ་མ་འགགས་བཀྲ་ཡལ་སིང་ངེ་བ།།

ཤེས་པ་མ་རྨུགས་ཡེ་རེ་སིང་ངེ་བ།།

འཕྲོ་རྒོད་མ་སྙོགས་རང་དྭངས་སིང་ངེ་བ།།

འཕྲོ་རྒོད་མ་ཤོར་མཉམ་པར་ལྷན་ནེ་བ།།

རྨུགས་འཐིབས་མེད་པར་རང་སང་ལྷག་གེ་བ།།

མཐའ་བཞིར་མ་བསྐྱོད་རང་བབས་ཕྱལ་ལེ་བ།།

མཚན་ཉིད་དྲུག་ལྡན་གོལ་ས་མེད་པ་ཡིན།།

ཞེས་གསུངས་པ་སྟེ། རིག་པ་བསམ་གཏན་གྱི་ངང་ལ་གནས་པའི་ཆོས་དྲུག་ནི། མཉམ་པར་བཞག་པའི་གནས་སྐབས་ན་ཚོགས་དྲུག་གི་སྣང་ཚུལ་མ་འགགས་ཤིང་དེ་ལ་འཛིན་པ་ཡང་མ་ཞུགས་པའི་བཀྲ་ཡལ་སྟོང་པ་སིང་ངེ་བ་དང་། ཤེས་པ་མ་རྨུགས་པའམ་རྨུན་པོ་མུན་པ་ཅན་མ་ཡིན་པའི་ཡེ་རེ་གསལ་སིང་ངེ་བ་དང་། འཕྲོ་རྒོད་ཀྱི་རྗེས་སུ་མ་སྙོགས་པའི་རྙོག་པ་རང་དྭངས་ཤིང་གསལ་ངར་དང་ལྡན་པའི་སིང་ངེ་བ་དང་། འཕྲོ་རྒོད་ཀྱི་དབང་དུ་མ་ཤོར་བ་མཉམ་པར་གཅིག་གི་ངང་དུ་ཐ་དད་མེད་པའི་ལྷན་ནེ་བ་དང་། རྨུགས་འཐིབས་བྱིང་བ་ལ་སོགས་པའི་སྒོམ་སྐྱོན་མེད་པར་རང་སང་ལྷག་གེ་བ་སྟེ། དྭངས་ཆ་སྒྲིབ་པའི་བྱིང་བ་དང་། གསལ་ཆ་སྒྲིབ་པའི་རྨུགས་པ་ནི་སྒོམ་སྐྱོན་ཡིན་པས་དེ་དག་དང་བྲལ་བའི་ལྷག་མཐོང་སྐྱོན་མེད་དགོས་པ་དང་། མཐའ་བཞིར་སྤྲོས་པར་མ་བསྐྱོད་རང་བབས་སུ་གང་བྱུང་མཉམ་པ་ཕྱལ་ལེ་བ་སྟེ། དེ་ལྟ་བུའི་མཚན་ཉིད་དྲུག་ལྡན་གྱི་སྒོམ་པ་དེ་ལ་གནས་ན་གོལ་ས་དང་འཕྱུག་ས་མེད་པའོ།།

༢༢༠ ལྟ་སྒོམ་ཉམས་སུ་བླང་བའི་ཆོས་དྲུག་བསྟན་པ།

ལྟ་སྒོམ་ཉམས་སུ་བླང་བའི་ཆོས་དྲུག་ནི།།

ཅིར་སྣང་ལྟ་བར་ཤེས་པས་གྲུབ་མཐའི་འཛིན་པ་གྲོལ།།

ཅིར་སེམས་སྒོམ་པར་ཤེས་པས་ཐུན་མཚམས་རིས་ལས་གྲོལ།།

ཅི་བྱས་འཛིན་མེད་སྤྱོད་པས་ཆེད་འཛིན་ཞེན་པ་གྲོལ།།

ཅིར་སྣང་དགོངས་པར་ཤར་བས་ཉམས་སུ་མྱོང་བ་གྲོལ།།

ཅིར་བགྲོད་ཆོས་ཉིད་ཆོད་པས་ས་ལམ་ཚད་མར་གྲོལ།།

ཅི་བསྒྲུབ་སྐུ་ལྔར་གྲུབ་པས་འབྲས་བུའི་ཞེན་པ་གྲོལ།།

དེ་འདྲའི་རྣལ་འབྱོར་ནམ་མཁའ་ལྟ་བུ་ཡིན།།

ཞེས་གསུངས་པ་སྟེ། ལྟ་སྒོམ་ཉམས་སུ་བླང་བའི་ཆོས་དྲུག་ནི། ཅིར་སྣང་འཛིན་མེད་ཀྱི་ལྟ་བར་ཤེས་པས་ན་གྲུབ་མཐའི་ཞེན་ཕྱོགས་ཀྱི་འཛིན་པ་རང་སར་གྲོལ་ནས། མཁས་པ་དབུས་ལ་ཡང་མི་གནས། །ཞེས་པའི་ཚད་ལ་ཐོན་པར་བྱ་བ་དང་། ཅིར་སེམས་གང་དྲན་གྱི་རྣམ་རྟོག་ཐམས་ཅད་སྒོམ་པར་ཤེས་པས། ཐུན་དང་ཐུན་མཚམས་ཀྱི་རིས་ལས་གྲོལ་བ་དང་། ཅི་བྱས་འཛིན་མེད་དུ་སྤྱོད་པས་ན་ཆེད་འཛིན་གྱི་ཞེན་པའི་སྒྲོག་ལས་གྲོལ་བ་དང་། ཅིར་སྣང་ཅི་ཤར་ཐམས་ཅད་ཆོས་སྐུའི་དགོངས་པར་ཤར་བས། ཉམས་སུ་མྱོང་བ་ཐམས་ཅད་གྲོལ་བ་དང་། ཅིར་བགྲོད་ཆོས་ཉིད་ཀྱི་ངང་ནས་ས་ལམ་ཆིག་ཆོད་དུ་ཕྱིན་པས་ས་ལམ་ཚད་མར་གྲོལ་བ་དང་། ཅི་བསྒྲུབ་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔར་གྲུབ་པས། འབྲས་བུ་ལོགས་ནས་འཚོལ་བའི་ཞེན་པ་རང་སར་གྲོལ་བ་སྟེ། དེ་འདྲའི་རྣལ་འབྱོར་པ་ནི་ཡངས་དོག་མེད་པ་ནམ་མཁའ་ལྟ་བུའོ།།

༢༢༡ སྐྱོན་དྲུག་བརྟགས་ཏེ་སྤང་བར་བསྟན་པ།

སྐྱོན་དྲུག་བརྟགས་ཏེ་སྤང་བར་བྱ་བ་ནི།།

དད་བརྩོན་ལྡན་ཡང་བླ་མ་འབྲལ་སྔས་ན།།

ལམ་མཐར་མ་ཕྱིན་བྱེའུ་ཕྲུག་མ་བྲལ་འདྲ།།

རྒྱུ་འབྲས་གོ་ཡང་འདོད་བློ་མ་ཞིག་ན།།

རྐྱེན་དབང་འཆོར་བ་གཡོ་སྒྱུ་ཁྲམ་པ་འདྲ།།

ཤེས་རབ་ཆེ་ཡང་ཉམས་སུ་མ་ལོན་ན།།

དགོས་དུས་མི་བསྟོངས་གཡུལ་ངོར་མཚོན་སྟོར་འདྲ།།

རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན།།

རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ།།

སྒོམ་ཡུན་རིང་ཡང་ཞེན་བློ་མ་ཞིག་ན།།

ངལ་བ་དོན་མེད་རབས་ཆད་ཁེ་གྲགས་འདྲ།།

ཡིན་མིན་ཤེས་ཀྱང་ཕྱོགས་རིས་མ་ཕྱེད་ན།།

ཉོན་མོངས་རོ་ལྡང་མདེའུ་ཤའུ་འདྲ།།

དེ་བས་སྐྱོན་དབང་མ་སོང་ཤིན་ཏུ་གཅེས།།

ཞེས་གསུངས་པ་སྟེ། སྐྱོན་དྲུག་ལ་ལེགས་པར་བརྟགས་ཏེ་སྤང་བར་བྱ་བ་ནི། སྤྱིར་དད་པ་དང་བརྩོན་འགྲུས་ལྡན་པ་ཞིག་ཡིན་ན་ཡང་། བླ་མ་དང་འབྲལ་སྔ་སོང་ན། སྒྲོ་འདོགས་ཆོད་པའི་ལམ་མཐར་མི་ཕྱིན་པ་ནི་དཔེར་ན་བྱེའུ་ཕྲུག་མ་དང་བྲལ་སྔ་ནས་རང་མགོ་མ་ཐོན་པ་དང་འདྲ་བ་དང་། རྒྱུ་འབྲས་ཀྱི་རྣམ་བཞག་གོ་ཡང་འདོད་ཞེན་གྱི་བློ་ཞིག་པའི་ཚད་དུ་མ་ཕྱིན་ན། འདུ་འཛི་སོགས་རྐྱེན་ངན་དང་ཕྲད་ཚེ་དེའི་དབང་དུ་འཆོར་བ་ནི། གཡོ་སྒྱུ་ལ་མཁས་པའི་ཁྲམ་པ་གཏད་སོ་མེད་པའི་དབང་དུ་ཤོར་བ་ལྟ་བུ་སྟེ། གླང་པོ་འདུལ་སྦྱོང་མཁན་གྱིས་གླང་ཆེན་གྱི་ལུས་ཐུལ་ཀྱང་སེམས་མ་ཐུལ་བའི་གཏམ་རྒྱུད་ལྟར་དུ། ཡུལ་གྱི་རྐྱེན་ནི་དུག་ལས་ཀྱང་ཐུ་བ་ཡིན་པས་ཡུལ་གྱི་རྐྱེན་དབང་དུ་ཤོར་བ་ཡིན་པ་དང་། ཤེས་རབ་ཆེ་ཡང་ཐོས་དོན་དེ་ཉིད་ཉམས་སུ་ལེན་དགོས་པ་ལས་ཉམས་སུ་མ་བླངས་ན་ཕན་མེད་པ་དང་། འདིའི་ཤེས་རབ་འདི་ཐོས་བསམ་སྒོམ་པའི་ཤེས་རབ་སྟེ། དེ་ལ་དབྱེ་བར་བྱས་ན་གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་དང་། གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་ཀྱི་དབྱེ་བ་ཡོད་པའི་ནང་གི་ཕྱི་མ་ལ་གོ་དགོས་སམ་སྙམ། ཤེས་བྱ་རབ་འབྱམས་ལ་མཁས་པའི་ཤེས་རབ་ཆེ་ཡང་ཉམས་སུ་མ་བླངས་ན་དགོས་དུས་མི་བསྟོངས་པའམ་མི་ཕན་པ། གཡུལ་ངོར་ཕྱིན་ནས་གཡུལ་འབྱེད་པའི་གལ་འགག་ལ་ཐུག་དུས་མཚོན་སྟོར་བའམ་མཚོན་ཆ་བོར་སོང་བ་དང་འདྲ་བ་དང་། གནས་ལུགས་ཀྱི་རང་ངོ་འཕྲོད་ཡོད་ཀྱང་དེ་ལ་ཡུན་རིང་གོམས་འདྲིས་དགོས་པ་ལས། གལ་ཏེ་གོམས་འདྲིས་མ་བྱས་ན་རྣམ་རྟོག་གི་དགྲ་ཡིས་ཁྱེར་བ་གཡུལ་ངོའི་བུ་ཆུང་རྐྱེན་དབང་དུ་ཤོར་ནས་མགོ་ཐོན་དཀའ་བ་དང་འདྲ་བ་དང་། སྒོམ་ཡུན་རིང་ཡང་ཞེན་འཛིན་གྱི་བློ་མ་ཞིག་ན། ལོ་གསུམ་ལོ་དགུ་ཚེ་ཕྱེད་སོགས་སུ་མཚམས་ལ་འདུག་ཁུལ་བྱས་ཀྱང་། ངལ་བ་དོན་མེད་དཔེར་ན་རབས་ཆད་ཁེ་གྲགས་ཆེ་ཡང་རྗེས་ཀྱི་བརྒྱུད་འཛིན་མེད་པ་དང་འདྲ་བ་དང་། ཡིན་མིན་གྱི་གནད་ཤེས་ཀྱང་འཁྲུལ་དང་མ་འཁྲུལ་གྱི་ཕྱོགས་རིས་མ་ཕྱེད་ན། ཉོན་མོངས་ཀྱི་དུག་རོ་སླར་ཡང་ལྡང་བ། དཔེར་ན་མདེའུ་མགོ་ཤ་ནང་དུ་ལྷག་པ་དེས་ན་ཚ་སླར་སྐྱེད་པའི་རྒྱུ་བྱེད་པ་དང་འདྲ་བ་སྟེ། རྒྱུ་མཚན་དེ་ལྟར་བས་ན་སྐྱོན་དབང་དུ་མ་སོང་བ་ཤིན་ཏུ་གཅེས་པའོ།།

༢༢༢ གནས་ལུགས་རྟོགས་ན་མི་དགོས་རྣམ་དྲུག་བསྟན་པ།

གནས་ལུགས་རྟོགས་ན་མི་དགོས་རྣམ་དྲུག་ནི།།

རང་ལུས་རི་བོར་དྲི་མེད་སེམས་གནས་ན།།

རི་ངོགས་དབེན་པའི་དགོན་པ་བསྟེན་མི་དགོས།།

གང་བྱུང་ཆོས་ཉིད་ངང་ལས་མི་འདའ་ན།།

དུས་ཚོད་ངེས་གཟུང་སྡུག་རྒུར་མཚམས་མི་དགོས།།

སྣང་གྲགས་ཡེ་ཤེས་རོལ་བར་འཆར་བ་ན།།

ཐུན་མཚམས་བར་བཅད་ཆེད་དུ་བསྒོམ་མི་དགོས།།

སྤང་ཐོབ་མཚན་མ་གཞི་ལ་རང་དག་ན།།

མཚན་བཅས་བསགས་སྣང་འདུན་མ་བཏང་མི་དགོས།།

ཅིར་སྣང་སྐུ་གསུམ་ཞིང་དུ་འཆར་བ་ན།།

སྒོམ་སྒྲུབ་ཡུལ་ལ་གཉེན་པོ་བསྟེན་མི་དགོས།།

དགོངས་པ་ཕྱོགས་མེད་རྒྱ་ཡན་འཆར་བ་ན།།

རེ་དང་དོགས་པའི་འདུ་ཤེས་བསྐྱེད་མི་དགོས།།

དེ་དང་སུ་ལྡན་ཡེ་ཤེས་དོན་དང་མཇལ།།

ཞེས་གསུངས་པ་སྟེ། གནས་ལུགས་རྟོགས་ན་མི་དགོས་པའི་ཆོས་རྣམ་པ་དྲུག་ནི། རང་ལུས་ཅོག་བཞག་རི་བོ་ལྟ་བུ་ལ་ཡོད་པའི་དྲི་མེད་ཀྱི་སེམས་སམ་མ་བཅོས་རང་བྱུང་གི་ཡེ་ཤེས་ཀྱི་རང་ཞལ་མཇལ་ནས། དེའི་ངང་དུ་རང་བབས་སུ་རྟག་པར་གནས་ཐུབ་ན། རི་ངོགས་དབེན་པའི་དགོན་པ་ཞིག་ཟུར་ནས་བསྟེན་མི་དགོས་པས་གནས་གང་དུ་བསྡད་ཀྱང་ཁྱད་པར་མེད་པའོ། །གང་བྱུང་ཅི་བྱེད་ཐམས་ཅད་ཆོས་ཉིད་གཅིག་གི་ངང་ལས་མི་འདའ་བའི་འོད་གསལ་ཆོས་ཉིད་ཀྱི་འཁོར་ལོ་རུ་ཤར་ཡོད་ན། དུས་ཚོད་ངེས་གཟུང་འདི་ཙམ་ཞིག་ལ་འདུག་པའི་དམ་བཅའ་ཡིན་ཟེར་བ་ལྟ་བུའི་སྡུག་སྒུར་གྱི་མཚམས་གཅད་མི་དགོས་པའོ། །སྣང་གྲགས་མཐོང་ཐོས་ཐམས་ཅད་ཡེ་ཤེས་ཀྱི་རོལ་བར་འཆར་བའི་མཉམ་བཞག་གི་སྐབས་སུ། ས་གཞིའི་ཆུ་ཕྲན་ཐམས་ཅད་མཐའ་ཡི་རྒྱ་མཚོའི་ཀློང་དུ་ཐིམ་པ་ལྟར་དུ། ཆོས་ཅན་གྱི་སྣང་བ་ཐམས་ཅད་རིག་སྟོང་སྐྱེ་འགག་མེད་པའི་ཀློང་དུ་མ་སྤངས་ཡེ་གྲོལ་དུ་གཟིགས་པའི་གནད་ཆུ་བརྒྱ་ཟམ་འོག་གཅིག་ཏུ་འདུས་པ་དང་འདྲ་བ་དེ་ཤེས་ན། ཐུན་དང་ཐུན་མཚམས་ཀྱིས་བར་བཅད་ནས་ཆེད་དུ་བསྒོམ་མི་དགོས་སོ། །སྤང་ཐོབ་མཚན་མ་ཐམས་ཅད་ཀ་དག་གི་གཞི་ལ་རང་སར་དག་ཡོད་ན། ཟག་བཅས་མཚན་མ་དང་བཅས་པའི་ཚོགས་བསགས་ཀྱི་སྣང་བའི་འདུན་མ་ཆེད་དུ་བཏང་མི་དགོས་སོ། །ཅིར་སྣང་ཐམས་ཅད་དག་པ་ཡེ་ཤེས་ཀྱི་འཁོར་ལོ་སྐུ་གསུམ་གྱི་ཞིང་དང་རོལ་བ་ཉིད་དུ་འཆར་ཐུབ་པ་ཡིན་ན། སྒོམ་སྒྲུབ་ཀྱི་ཡུལ་ལ་གཉེན་པོ་ཟུར་ནས་བསྟེན་མི་དགོས་སོ། །ཆོས་སྐུའི་དགོངས་པ་གཞི་གྲོལ་ཕྱོགས་མེད་འཛིན་པ་དང་བྲལ་བ་རྒྱ་ཡན་ཕྱོགས་སུ་མ་ལྷུང་བ་དེ་འཆར་བ་ན། གཡང་ས་མེད་ན་དོགས་པ་གང་ན་ཡོད། །ཅེས་གསུངས་པ་དང་འདྲ་བར་རེ་དང་དོགས་པའི་འདུ་ཤེས་བསྐྱེད་མི་དགོས་སོ། །དེ་ལྟ་བུའི་རྟོགས་པ་ཁྱད་པར་ཅན་དེ་དག་དང་སུ་ལྡན་གྱི་རྣལ་འབྱོར་པ་དེས་འོད་གསལ་ཡེ་ཤེས་ཀྱི་དོན་དང་མཇལ་ནས་ཡོད་པའོ། །འདི་དག་ནི་རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་པའི་དགོངས་སྤྱོད་དོ།།

༢༢༣ འགྲོ་བ་དྲུག་གི་མན་ངག་བསྟན་པ།

འགྲོ་བ་དྲུག་གི་མན་ངག་བསྟན་པ་ནི།།

མི་དགེ་ཐུབ་པའི་མི་དེ་རང་བཞིན་དཔའ་བོར་འགྲོ།།

དུག་ལྔ་ཁོང་གསོད་མི་དེ་སྐྱེས་བུ་མཐུ་ཅན་འགྲོ།།

དམིགས་འཛིན་མེད་པའི་མི་དེ་དགེ་སྦྱོར་ཅན་དུ་འགྲོ།།

ཤེས་བཞིན་བག་ཡོད་འཆང་དེ་མཁས་ཤིང་མཛངས་པར་འགྲོ།།

གནོད་འཛུགས་སྤོང་བའི་མི་དེ་གོ་མཚོན་ཅན་དུ་འགྲོ།།

དམ་ཅན་བསྐོར་བའི་མི་དེ་འཁོར་འབངས་ཅན་དུ་འགྲོ།།

དེ་ལྟར་ཅི་འགྲོ་བྱ་བ་གདམས་པའི་མཆོག།

ཅེས་གསུངས་པ་སྟེ། འགྲོ་བ་དྲུག་གི་མན་ངག་བསྟན་པ་ནི། མི་དགེ་བ་འཇོམས་ཤིང་དེའི་དབང་དུ་མི་ཤོར་བས་མ་ཚད་དགེ་བའི་ཚུགས་ཐུབ་པའི་མི་དེ་རང་བཞིན་གྱིས་དཔའ་བོར་འགྲོ་བ་དང་། རང་རྒྱུད་ན་ཡོད་པའི་ཉོན་མོངས་དུག་ལྔ་རང་གི་ཁོང་ན་གནས་པ་དེ་དུག་སྨན་དུ་བསྒྱུར་བ་ལ་སོགས་པའི་ཐབས་ཀྱིས་གསོད་ཅིང་མཐུ་མེད་པར་བྱེད་པའི་མི་དེ་སྐྱེས་བུ་ནུས་མཐུ་ཅན་དུ་འགྲོ་བ་དང་། དམིགས་གཏད་དང་མཚན་འཛིན་མེད་པ་འཁོར་གསུམ་ཡང་དག་ཏུ་ཤེས་པའི་མི་དེ་དགེ་སྦྱོར་ཅན་དུ་འགྲོ་བ་དང་། རང་རྒྱུད་ལ་ཉེས་པ་བྱུང་མིན་རྟོག་པར་བྱེད་པའི་ཤེས་བཞིན་དང་། འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པའི་བག་ཡོད་པ་འཆང་བའི་མི་དེ་མཁས་ཤིང་མཛངས་པར་འགྲོ་དང་། གཞན་ལ་ཕར་གནོད་འཛུགས་བྱས་ན་ཚུར་དགྲ་མང་བས། དགྲ་འགོག་པའི་ཆེད་དམ་དགྲ་ཡིས་མི་ཐུབ་པའི་ཆེད་དུ་གོ་མཚོན་ཉར་ཚགས་བྱེད་པ་ལྟར་དུ། ཕར་གནོད་འཛུགས་བྱེད་པ་སྤོང་བའི་མི་དེ་གོ་མཚོན་ཡོད་པའི་མི་བཞིན་དུ་དོགས་པ་མི་དགོས་པ་ཅན་དུ་འགྲོ་བ་ཡིན་པ་དང་། དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་འབྲལ་མེད་བསྐོར་ནས་ཡོད་པའི་མི་དེ་མངའ་ཐང་དང་འཁོར་འབངས་མཐའ་ནས་རྒྱས་པ་ཅན་དུ་འགྲོ་བ་སྟེ། དེ་ལྟར་ཅི་འགྲོ་གང་འགྲོའི་ཐབས་ལ་འབད་པ་བྱ་བ་ནི་གདམས་པའི་མཆོག་ཡིན་ནོ།།

༢༢༤ བསླུ་བས་སྤང་བར་བྱ་བའི་ཆོས་དྲུག་བསྟན་པ།

བསླུ་བས་སྤང་བར་བྱ་བའི་ཆོས་དྲུག་ནི།།

རང་རིག་མ་བསླངས་གཞན་རིག་རྫུན་པོས་བསླུ།།

འོད་གསལ་མ་ཡིན་ཞི་གནས་ལྟེང་པོས་བསླུ།།

ཆིག་ཆོད་མ་ཡིན་བཏང་སྙོམས་འབྱམས་པས་བསླུ།།

རང་དག་མ་ཡིན་རྣམ་རྟོག་ཉིང་འཁྲུལ་བསླུ།།

ཟུང་འཇུག་མ་ཡིན་བྱར་མེད་ཁ་འབྱམས་བསླུ།།

རང་གནས་མ་ཡིན་རྩེ་གཅིག་སེམས་འཛིན་བསླུ།།

འདྲ་གཉིས་བསླུ་བས་དོན་མེད་མ་བཏང་ཅིག།

ཅེས་གསུངས་པ་སྟེ། བསླུ་བ་ཡིན་པའི་ཕྱིར་ན་སྤང་བར་བྱ་བའི་ཆོས་དྲུག་ནི། རང་རིག་མངོན་དུ་མར་གྱུར་པའམ་མ་བསླངས་བར་དུ་གཞན་རིག་ཁ་ཕྱིར་བལྟས་ཀྱི་གཟུང་འཛིན་རྫུན་པོ་དེས་བསླུ་བ་ཡིན་པ་དང་། འོད་གསལ་གྱི་རིག་པ་མ་ཡིན་པའི་ཞི་གནས་ལྟེང་པོའམ་མི་རྟོག་ལྟེང་པོ་དེས་སྒོམ་ཆེན་ནམ་ཡིན་ཡིན་དུ་བསླུ་བ་ཡིན་པ་དང་། ས་ལམ་ཆིག་ཆོད་ཀུན་རྫོགས་མ་ཡིན་པར་བཏང་སྙོམས་ལུང་མ་བསྟན་གྱི་ངང་དུ་འབྱམས་པས་ཀྱང་སྒོམ་ཆེན་བསླུ་བ་ཡིན་པ་དང་། ཉོན་མོངས་པའི་རྣམ་རྟོག་རང་དག་མ་ཡིན་པར་རྣམ་རྟོག་ཉིང་འཁྲུལ་དུ་བྱུང་བ་དེ་ཡེ་ཤེས་སུ་བཟུང་ན་བསླུ་བ་ཡིན་པ་དང་། ཟུང་འཇུག་གཉིས་མེད་ཀྱི་དོན་རྟོགས་པ་མ་ཡིན་པར་བྱར་མེད་ཁ་བཤད་རྐྱང་པ་བྱས་ནས་འབྱམས་ན་བསླུ་བ་ཡིན་པ་དང་། རང་བཞིན་ཡེ་གནས་བབས་ཀྱི་བསམ་གཏན་མ་ཡིན་པར་རྩེ་གཅིག་སེམས་འཛིན་རྐྱང་པས་བསླུ་བ་ཡིན་པ་སྟེ། དེ་དག་ནི་འདྲ་གཉིས་སུ་བྱུང་ནས་བསླུ་བས་དོན་མེད་མ་བཏང་ཞིག

༢༢༤ འགྲོ་བ་དྲུག་གི་རང་བཞིན་བསྟན་པ།

འགྲོ་བ་དྲུག་གི་རང་བཞིན་བསྟན་པ་ནི།།

དམིགས་མེད་རང་བཞིན་མ་རྟོགས་དགེ་བཅུ་འཆིང་བར་འགྲོ།།

རང་ལ་ཞེན་ལོག་མ་སྐྱེས་སྤྲོས་མེད་བླང་དོར་འགྲོ།།

ཆོས་འདས་དབྱིངས་སུ་མ་བྱས་བསྒོམས་ཀྱང་བློ་བྱས་འགྲོ།།

ཐུག་ཕྲད་རང་ངོ་མ་རྟོགས་བསྒོམས་ཀྱང་བཅོས་མར་འགྲོ།།

ངང་དྭངས་གནས་ལུགས་མ་ཤེས་བསྒོམས་ཀྱང་རྟོག་པར་འགྲོ།།

ཡེ་གྲོལ་འཛིན་མེད་མ་ཤེས་བསྒོམས་ཀྱང་མཚན་མར་འགྲོ།།

འགྲོ་བའི་གནས་ལས་ལོག་པ་ཤིན་ཏུ་གཅེས།།

ཞེས་གསུངས་པ་སྟེ། འགྲོ་བ་དྲུག་གི་རང་བཞིན་བསྟན་པ་ནི། འདིའི་སྐབས་ཀྱི་དམིགས་མེད་ནི་དུས་རྒྱུན་དུ་འཆད་བཞིན་པའི་དམ་པ་གསུམ་གྱི་ཡ་གྱལ་དངོས་གཞི་དམིགས་མེད་དམ་པ་དེ་ལ་གོ་ཞིང་། དེ་ལྟ་བུའི་དམིགས་མེད་དེ་ཇི་ལྟར་ཞེ་ན། ཤེས་བྱའི་ཆོས་ཐམས་ཅད་རང་གི་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་དེ། ཡུལ་ལ་ལྟོས་ནས་ཡུལ་ཅན་གྱི་ཤེས་པ་ཚུར་བཏགས་པ་དང་། ཡུལ་ཅན་ལ་ལྟོས་ནས་ཡུལ་ཞེས་ཕར་བཏགས་པ་ཙམ་ལས་ཡང་དག་པའི་དོན་དུ་གྲུབ་པ་ཕྲ་མོ་ཡང་མེད་པར་ཐག་ཆོད་ཚེ། སྣང་བ་ལོང་ལོང་འདི་སྨིག་རྒྱུ་དང་། མིག་ཡོར་བཞིན་དུ་རྟེན་འབྱུང་གི་རང་བཞིན་ཙམ་ལས་མེད་པར་ཐག་ཆོད་པའམ། ཡང་ན་ཆོས་ཐམས་ཅད་བདག་མེད་པ་ཡིན་པས་བསོད་ནམས་ཀྱང་འཁོར་གསུམ་ཡང་དག་གི་ངོར་མི་དམིགས་ཤིང་། ཐ་སྙད་ཀུན་རྫོབ་ཀྱི་ངོར་རྨི་ལམ་གྱི་ནང་ནས་བསོད་ནམས་གསོག་པ་ལྟར་དུ། སྣང་ལ་རང་བཞིན་གྱིས་མ་གྲུབ་པའི་ངང་ནས། དགེ་བ་ཆུང་ཆུང་ལ་ཁྱད་གསོད་མི་བྱེད་པ་དང་། ཆེན་པོ་ལ་དཔའ་མི་ཞུམ་པའི་ཐོག་ནས་སྤྱད་དགོས་པ་ལས། དམིགས་མེད་ཀྱི་རང་བཞིན་དུ་མ་རྟོགས་པའི་དགེ་བཅུ་ནི་འཆིང་བའི་རྒྱུ་རུ་འགྲོ་བ་དང་། བདག་མེད་ཀྱི་དོན་རྟོགས་ནས་རང་ལ་གཅེས་འཛིན་གྱི་ཞེན་པ་གཏིང་ནས་ལོག་པ་ཞིག་མ་སྐྱེས་ན་སྤྲོས་མེད་ཀྱི་དོན་ཁ་ནས་བཤད་ཀྱང་དོན་བླང་དོར་གྱི་ལྟ་བ་ཅན་དུ་འགྲོ་བ་ཡིན་པ་དང་། ཆོས་ཟད་ཆོས་ལས་འདས་པའི་མ་བཅོས་པའི་ཆོས་ཉིད་ཀྱི་དབྱིངས་སུ་རིག་པར་མ་བྱས་ཚེ་བསྒོམས་ཀྱང་བློ་བྱས་ཀྱི་རྣམ་རྟོག་ཏུ་འགྲོ་བ་ཡིན་པ་དང་། ཐུག་ཕྲད་རང་ངོ་ཤེས་པའི་འོད་གསལ་གྱི་ཡེ་ཤེས་མ་རྟོགས་ན་ཡུལ་སེམས་གཉིས་འཛིན་གྱིས་བཅིངས་ནས་བསྒོམས་ཀྱང་བཅོས་མའི་རྣལ་འབྱོར་དུ་འགྲོ་བ་ཡིན་པ་དང་། རང་གི་ངང་གིས་དྭངས་པའི་གནས་ལུགས་སྨྲ་བསམ་བརྗོད་བྲལ་གྱི་དོན་མ་ཤེས་ན་བསྒོམས་ཀྱང་སེམས་ལམ་བྱེད་ཙམ་ནི་ཐ་མལ་གྱི་རྣམ་པ་རྟོག་པར་འགྲོ་བ་ཡིན་པ་དང་། ཡེ་གྲོལ་བསྐྱར་གཞི་མེད་པའི་འཛིན་མེད་དེ་མ་ཤེས་ན་བསྒོམས་ཀྱང་མཚན་མ་ཅན་གྱི་བསྒོམ་པར་འགྲོ་བ་ཡིན་པ་སྟེ། དེ་ལྟ་བུའི་འགྲོ་བ་དྲུག་པོའི་གནས་དེ་ལས་ལོག་ཐུབ་པ་ཞིག་བྱེད་པ་ཤིན་ཏུ་གཅེས་སོ།།

༢༢༥ གསོད་པ་དྲུག་གི་གདམས་ངག་བསྟན་པ།

གསོད་པ་དྲུག་གི་གདམས་ངག་བསྟན་པ་ནི།།

འདྲེ་གདོན་ཞི་བར་འདོད་ན་ལུས་སྲོག་གཅེས་འཛིན་སོད།།

མཐུན་འཇུག་བྱ་བར་འདོད་ན་ང་རྒྱལ་ཁེངས་སེམས་སོད།།

སྡུག་བསྔལ་ཞི་བར་འདོད་ན་གཉིས་འཛིན་མཚན་མ་སོད།།

གནས་ལུགས་དགོངས་པ་འདོད་ན་གཉེན་པོ་མཆོག་འཛིན་སོད།།

གཉིས་མེད་ཡེ་ཤེས་འདོད་ན་སྒོམ་བློའི་གཉེན་པོ་སོད།།

ཚེ་གཅིག་བྱང་ཆུབ་འདོད་ན་ཕྱི་བཤོལ་ལེ་ལོ་སོད།།

དེ་དག་ལྡན་ན་གང་ཡིན་བདུད་བཞིའི་དགྲ་ལས་རྒྱལ།།

ཞེས་གསུངས་པ་སྟེ། གསོད་པ་དྲུག་གི་གདམས་ངག་བསྟན་པ་ནི། འདྲེ་གདོན་བར་ཆད་ཞི་བར་འདོད་ན་རང་ཉིད་ཀྱི་ལུས་སྲོག་ལ་གཅེས་པར་འཛིན་པའི་བདག་འཛིན་འདི་ཐོག་མ་ཉིད་ནས་གསད་དགོས་པ་ཡིན་ཏེ། བྲག་སྲིན་མོའི་གླུ་ལས། འདྲེ་ངར་མ་ཞེས་པ་ངར་འཛིན་ཡིན། །ཞེས་པ་ལྟར་ངར་འཛིན་སྙེམས་བྱེད་ཀྱི་བདུད་འདི་བསད་ན་འདྲེ་གདོན་བར་ཆད་ཐམས་ཅད་བསད་པ་ཡིན་པ་དང་། རང་ཉིད་ཀྱིས་ང་རྒྱལ་ཁེངས་སེམས་སྤངས་ན་མཐུན་འཇུག་ཡོང་བ་ཡིན་ཏེ། ང་རྒྱལ་དང་ཁེངས་སེམས་ཀྱི་དབང་གིས་གཞན་བརྙས་བཅོས་ཀྱི་ཁ་ཡི་ཚིག ལུས་ཀྱི་བྱ་སྤྱོད། ལག་གི་རྣམ་འགྱུར་ཚང་མས་གཞན་མི་དགའ་བར་བྱེད་པ་ཡིན། དེ་ལ་གཞན་དག་གིས་ཁོ་རང་བཟང་ན་ཁོ་རང་བཟང་བསམས་ནས་འགྲོགས་མི་འདོད་པར་འབྱུང་བ་ཡིན། དེ་ལྟར་ཚང་མས་མ་དགའ་བར་དགྲ་བལྟས་དུས་སྐྱོན་རང་ལ་ཡོད་པའི་རྟགས་ཡིན། དེས་ན་ང་རྒྱལ་ཁེངས་སེམས་སྤངས་ནས་དམན་པའི་ས་གཟུང་ཧྲུལ་བོའི་གོས་གྱོན་དགོས་ཏེ། དམན་ས་གོང་མའི་གདན་ས་ཡིན་པའི་ཕྱིར། འདི་འཇིག་རྟེན་མཐུན་འཇུག་ཏག་ཏག་བྱས་ནས་ཆོས་བརྒྱད་ཨེ་འགྲུབ་ལྟོས་ཟེར་བ་མ་ཡིན་པར། མཐུན་འཇུག་བྱས་ནས་ཀུན་གྱི་མིག་ལ་མཛའ་བ་ཞིག་བྱས་ཏེ་རང་གི་ང་རྒྱལ་ཁེངས་དྲེགས་ཀྱི་སེམས་དེ་མར་སོད་ཅིག་ཅེས་པའི་དོན་ཡིན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་འདིའི་རྩ་བ་ནི་གཉིས་འཛིན་ཡིན་པ་དེས་ན། སྡུག་བསྔལ་ཞི་བར་འདོད་ན་གཉིས་འཛིན་མཚན་མར་འཛིན་པའི་དགྲ་དེ་སོད་ཅིག གནས་ལུགས་མ་བཅོས་པའི་དགོངས་པ་དེ་ཤེས་པར་འདོད་ན་གཉེན་པོ་རང་ལྟ་མཆོག་འཛིན་དེ་བསད་ནས་མེད་པར་གྱིས་ཤིག སྒོམ་དང་མི་སྒོམ་མེད་པའི་གཉིས་མེད་ཀྱི་ཡེ་ཤེས་མཐོང་བར་འདོད་ན་ཆེད་དུ་བསྒོམ་དགོས་བསམ་པའི་སྒོམ་བློའི་གཉེན་པོ་དེ་ཉིད་སོད་ཅིག ཚེ་གཅིག་ལ་བྱང་ཆུབ་ཐོབ་པར་འདོད་ན་ཆོས་སྒྲུབ་པ་ལ་ཕྱི་བཤོལ་མ་བྱེད་པ་ཕྱི་བཤོལ་གྱི་སེམས་དེ་གསད་པ་དགོས་པ་ལས། ལེ་ལོ་ཕྱི་བཤོལ་གྱིས་སང་ཉིན་དང་། གནངས་ཉིན་དང་། སང་ཕོད་དང་། གནངས་ཕོད་དང་། ཚེ་སྨད་ལ་བསྒྲུབ་དགོས་པར་བསམ་ན་ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་མིན་པ་སྟེ། དེ་ལྟ་བུའི་གསོད་པ་དྲུག་གི་གདམས་ངག་དེ་དག་དང་ལྡན་ན་གང་ཟག་གང་དང་སུ་ཡིན་ཡང་བདུད་བཞིའི་དགྲ་ལས་རྒྱལ་བ་འགྱུར་བ་ཡིན་ནོ། །བདུད་བཞི་བཅོམ་ཚུལ་འདི་ལ་མདོ་སྔགས་གཉིས་ཀ་ལ་མི་འདྲ་བའི་ཁྱད་པར་ཡོད་ཅིང་། དེ་ཡང་སྔགས་ལྟར་དུ་བཤད་ན་ཉོན་མོངས་པ་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པས་ཉོན་མོངས་པའི་བདུད་བཅོམ་པ་དང་། ཕུང་ལྔ་རྒྱལ་བ་རིགས་ལྔའི་རང་བཞིན་དུ་ཤེས་པས་ཕུང་པོའི་བདུད་བཅོམ་པ་དང་། རིག་པ་རང་བྱུང་གི་ཡེ་ཤེས་རང་གི་ངོ་བོ་ལ་སྐྱེ་འཆི་བགྲེས་རྒུད་ཐམས་ཅད་དང་བྲལ་བའི་རང་བཞིན་ཤེས་པས་འཆི་བདག་གི་བདུད་བཅོམ་པ་དང་། མཉམ་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་སྐྱེ་འཆི་ལ་སོགས་པ་མི་རྟག་པའི་ཆ་གང་གིས་ཀྱང་མ་གོས་པར་བར་ཆད་ཐམས་ཅད་དང་བྲལ་བ་ཡིན་པར་ཤེས་པས་ལྷའི་བུའི་བདུད་བཅོམ་པའོ།།

༢༢༦ མེད་པ་དྲུག་གི་རང་བཞིན་བསྟན་པ།

མེད་པ་དྲུག་གི་རང་བཞིན་བསྟན་པ་ནི།།

སེམས་ཅན་ཅི་མགུ་བྱས་ན་རྒྱལ་མཆོད་ལོགས་ན་མེད།།

གཞན་དོན་དང་ལེན་བྱས་ན་ཐར་ལམ་ལོགས་ན་མེད།།

དབྱེ་བསལ་གཉིས་མེད་རྟོགས་ན་མཉམ་ཉིད་ལོགས་ན་མེད།།

ཡུལ་སེམས་གཉིས་མེད་རྟོགས་ན་ཆོས་ཉིད་ལོགས་ན་མེད།།

འཁོར་བ་བདེན་མེད་ཤེས་ན་མྱང་འདས་ལོགས་ན་མེད།།

སྒྲུབ་མཁན་ངོ་བོ་སྟོར་ན་གོལ་སྒྲིབ་བསལ་དུ་མེད།།

དེ་ལྟར་རྟོགས་རྣམས་ཆོས་སྐུ་རང་ཆས་འགྲུབ།།

ཅེས་གསུངས་པ་སྟེ། མེད་པ་དྲུག་གི་རང་བཞིན་ཇི་ལྟར་བསྟན་པ་ཡིན་ན། སེམས་ཅན་ཅི་མགུ་གང་མགུའི་ལས་ཀ་དེ་བྱས་ན་རྒྱལ་བ་མཆོད་པ་དེ་ལས་ལོགས་ན་མེད་པ་ཡིན། ཕྱི་རོལ་བས་རང་གི་སྟོན་པ་མཆོད་དུས་སེམས་ཅན་གྱི་སྲོག་བཅད་པའམ་དཀའ་ཐུབ་ཀྱིས་ལུས་གདུང་བར་བྱས་ནས་དེ་མགུ་ཐབས་བྱེད་པ་ཡིན་ཡང་། རང་ཅག་ནང་བ་སངས་རྒྱས་པས་དེ་ལྟར་མིན་པར་སེམས་ཅན་མགུ་ཐབས་བྱས་ནས་རྒྱལ་བ་མཆོད་པ་བྱེད་པ་ཡིན། དེ་ཡང་རྒྱལ་བ་རྣམས་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་། མཐར་མངོན་པ་རྫོགས་པར་སངས་རྒྱས་ནས་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་བཀོད་ནས་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་འབྱུང་བ་ཐམས་ཅད་ཀྱང་སེམས་ཅན་ལ་ཕན་བདེ་སྟེར་བ་ཁོ་ན་ཡིན་པས། བདག་ཅག་གི་སྟོན་པ་སློབ་པ་ལམ་ལ་ཡོད་པའི་གནས་སྐབས་ན་སྟག་མོ་ལྟོགས་པ་ལ་ལུས་བཏང་བ་དང་། ཆོས་ཚིག་བཞི་ཙམ་གྱི་དོན་དུ་དབུ་བཏང་བ་དང་། དམྱལ་བའི་གནས་ནས་ཟླ་བོའི་སྡུག་བསྔལ་རང་གི་སྟེང་དུ་ལེན་པ་སོགས་ཅི་མཛད་གང་བྱེད་ཐམས་ཅད་སེམས་ཅན་འབའ་ཞིག་གི་དོན་དུ་ཡིན་པས། རང་ཅག་རྣམས་ཀྱིས་རྒྱལ་བ་དགྱེས་པའི་མཆོད་པ་རྒྱུ་ནོར་ལོངས་སྤྱོད་ཕུལ་ནའང་རང་གི་ཞེན་འཛིན་གྱི་སེར་སྣའི་མདུད་པ་གྲོལ་བའི་བསམ་པ་རྣམ་པར་དག་པ་དང་། རང་ཉིད་ལ་འབུལ་བའི་སྙིང་སྟོབས་ཡོད་ན་རྒྱལ་བ་སྲས་བཅས་ལ་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞིན་དུ་བཞེས་པའི་ནུས་པ་ཡོད་པས། བཞེས་པ་ལྟར་དུ་ཚོགས་ཀྱང་རྫོགས་པ་ཡིན་ཡང་། མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། རྒྱལ་བའི་ཆོས་འཛིན་ནས་ཆོས་འཆད་ཉན་དང་སྒྲུབ་པ་ཉམས་ལེན་བྱེད་པ་དེ་ཡིན་པས་མ་ཚད། མཆོག་གསུམ་དང་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་བླ་མ་ཡིན་ཞིང་། བླ་མ་མཉེས་བྱེད་ཀྱི་ཐབས་མཐར་ཐུག་ནི། དེའི་ཐུགས་ཀྱི་དགོངས་བཞེད་དམ་པའི་ཆོས་བཟུང་ནས་མཛད་རྒྱུན་བསྐྱངས་པ་དེ་ཡིན་ཏེ། གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབ་ཀྱང་ཅི་བགྱི་སྟེ། །དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། །ཞེས་གསུངས་པ་ལྟར་དུ། མཚན་ཉིད་དང་ལྡན་པའི་བླ་མ་ཞིག་ལ་མཚོན་ན་དངོས་པོ་བརྒྱ་འབུལ་སྟོང་འབུལ་བྱེད་པ་བས། སྒྲུབ་པའི་རྒྱལ་མཚན་བཙུགས་ནས་འཆད་ཉན་གྱི་རྒྱུན་སྤེལ་ན་དེས་ལྷག་ཅིང་། སྤྱིར་བཤད་ན་ཕྱོགས་བཅུ་སངས་རྒྱས་མཆོད་པ་བས་བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པས་བཟང་བར་གསུངས་ཤིང་། དམ་པའི་ཆོས་བཟུང་ན་བླ་མས་གཙོས་པའི་དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་དགྱེས་པ་ཡིན། སེམས་ཅན་མགུ་ཐབས་ལ་ཡུན་ནས་ཡུན་དང་ཕུགས་ནས་ཕུགས་སུ་དམ་པའི་ཆོས་ཀྱིས་ཕན་བཏགས་པ་བས་ལྷག་མེད་ཅིང་། དམ་པའི་ཆོས་མ་ཤེས་ཤིང་ཐར་བའི་ལམ་མ་རྙེད་པས་འཁོར་བའི་སྡུག་བསྔལ་མྱོང་བ་ཡིན་ལ། གལ་ཏེ་དེ་མྱོང་མི་དགོས་པའི་ཐབས་ཤིག་ཤེས་ན། འཆི་མི་དགོས་པའི་ཐབས་ཤེས་པ་བས་བརྒྱ་འགྱུར་སྟོང་འགྱུར་འབུམ་འགྱུར་གྱིས་ལྷག་སྟེ། འཆི་མི་དགོས་ཐབས་ཅིག་ཤེས་ན་ཅི་དགའ་སྟེ། ལོ་བརྒྱ་མ་དགོས་བརྒྱད་ཅུ་ཐམ་པ་རུ་སོན་དུས་རྒས་པའི་སྡུག་བསྔལ་གྱིས་གཟིར་ནས་འཆི་ན་ཅི་མ་རུང་བསམ་པ་ཡིན། འཆི་མི་དགོས་པའི་ཐབས་ཤིག་བསམ་ན་སྐྱེ་མི་དགོས་པའི་ཐབས་བྱེད་དགོས་པ་ཡིན། སྐྱེ་འཆིའི་འཁོར་ལོ་འདི་རྒྱུན་ཆད་དགོས་ཚེ་འཁོར་བའི་འཁོར་ལོའི་གནས་འདི་མིན་པའི་ཐར་བ་དམ་པའི་གནས་ཤིག་རྙེད་དགོས་པ་ཡིན་ན། དམ་པའི་ཆོས་ལས་གཞན་གྱིས་དེ་སྒྲུབ་ཐབས་མེད་པ་ཡིན། དེས་ན་སེམས་ཅན་མགུ་ཐབས་ཆོས་ཀྱིས་གྱིས། ཆོས་བཤད་པ་དེ་ཡང་བསམ་པ་དག་པས་རང་གིས་ཆེ་ཤེས་ཆུང་ཤེས་ཀྱིས་སེམས་ཅན་ལ་ཕན་འདོགས་ཆོག་པ་ལས། མང་པོ་ཤེས་པ་ཙམ་གྱིས་ཕན་འདོགས་ཐུབ་པའི་ངེས་པ་མེད་དེ། དགེ་སློང་ལེགས་སྐར་གྱིས་བདེ་སྣོད་བཅུ་གཉིས་བློར་སོང་ཡང་ཐ་མར་ཡི་དྭགས་ཀྱི་ཡུལ་དུ་སྐྱེས་པ་ལྟ་བུ་ཡིན་པས། སེམས་དག་པའི་སྙིང་རྗེའི་སྒོ་ནས་མ་ཎི་ཚར་གཅིག་དུད་འགྲོ་ཞིག་གི་རྣ་ལམ་ལ་བསྒྲགས་ཀྱང་དེ་ཐོས་པའི་སྟོབས་ཀྱིས་རྒྱུད་ལ་ཐར་བའི་ས་བོན་ཐེབས་ནས་ཕན་པ་འབྱུང་བ་ཡིན། མི་གཅིག་ལ་སྲོག་མ་གཅོད། རྐུ་མ་བྱེད། གཞན་ལ་གནོད་མ་བསྐྱལ་མ་གཏོགས། རྣམ་སྨིན་ཡིད་དུ་མི་འོང་བ་རང་ལ་འཁོར་བ་ཡིན་ཞེས་བརྗོད་ན་དེ་ཡང་ཆོས་ཡིན་ཞིང་། གཞན་ཕན་ཡང་ཡིན་པས་སེམས་ཅན་མགུ་བྱེད་རྒྱལ་བ་དགྱེས་པའི་ཐབས་ཚང་མ་དེར་འདུས་ནས་ཡོད་པ་ཡིན། བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཡུན་རིང་གི་སྦྱོང་བ་ཅན་ནམ། ཡང་ན་ལས་འཕྲོ་ཅན་ཞིག་གམ། ཡང་ན་ཚོགས་བསགས་ཅན་ཞིག་ལ་སྐྱེ་བ་ཡིན་ཡང་། དེའི་ཕྱོགས་ལ་བརྩོན་པ་བྱས་ན་འགྲུབ་ཏུ་ཡོད་པ་ཡིན་ཏེ། བརྩོན་ཡང་མི་འགྲུབ་པའི་ཆོས་ཤིག་མི་སྲིད་པའི་ཕྱིར། བརྩོན་པ་མ་བྱས་ན་ལོ་བརྒྱར་སོང་ཡང་བསྐྱེད་མེད་པ་ཡིན། གཞན་ཕན་གྱི་སེམས་མེད་པ་ཞིག་གིས་ཐེག་ཆེན་གྱི་ཐར་ལམ་མི་ཟིན་ཅིང་། གཞན་ཕན་རྒྱུད་ན་ཡོད་ན་གཞན་དོན་རང་ཤུགས་ཀྱིས་འགྲུབ་པ་ཡིན་པས། གཞན་ཕན་གྱི་སེམས་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡོད་ཚེ་ཐར་ལམ་རང་ཤུགས་ཀྱིས་ཟིན་པ་དང་། དབྱེ་བསལ་སྟེ་སྤང་བླང་གཉིས་མེད་དུ་རྟོགས་ནས་གཉིས་འཛིན་གྱི་ཞེན་པ་གཏིང་ནས་ཆོད་ན་བཟང་ངན་མཉམ་ཉིད་ཟེར་བ་ཞིག་ལོགས་ན་མེད་པ་དང་། ཡུལ་སེམས་གཉིས་མེད་བར་སྣང་དག་པ་ལྟ་བུའི་མཉམ་ཉིད་ཀྱི་དོན་རྟོགས་ན་ཆོས་ཉིད་ཅེས་པ་ཞིག་ལོགས་ནས་བཙལ་དུ་མེད་པ་དང་། འཁོར་བའི་རང་བཞིན་ནི་མྱང་འདས་ཡིན་པ་སྟེ། དེ་ཡང་རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་ལ་ཀུན་འབྱུང་ལས་ཉོན་དེ་སྤྲིན་ཚོགས་ལྟ་བུ་ཞིག་ཡིན་པ་དང་། རང་བྱུང་ཡེ་ཤེས་ཉི་མ་ལྟ་བུ་ལ་ཀུན་འབྱུང་ལས་ཉོན་གྱི་རྟོག་ཚོགས་ཉི་མའི་ཟེར་དང་འདྲ་བར་འབྱུང་བ་ཡིན་པས། རང་ལས་བྱུང་བའི་རང་བྱུང་གི་ཡེ་ཤེས་དེའི་དོན་རྟོགས་ནས་འཁོར་བ་བདེན་མེད་དུ་ཤེས་ན་མྱང་འདས་ཟེར་བ་ཞིག་ལོགས་ན་མེད་པ་དང་། སྒྲུབ་མཁན་གྱིས་ང་འོ་སྙམ་པའི་ངར་འཛིན་གྱི་ངོ་བོ་བཙལ་ནས་མ་རྙེད་པར་ཁུངས་སྟོར་ན་གོལ་སྒྲིབ་ཟེར་བ་ཞིག་ཟུར་ནས་བསལ་དུ་མེད་པ་སྟེ། དེ་ལྟར་རྟོགས་པའི་ཉམས་ལེན་པ་རྣམས་ཀྱིས་ཆོས་སྐུ་རང་ཆས་སུ་ཡོད་པ་དེའི་དོན་རྟོགས་ནས་འགྲུབ་པའོ།།

༢༢༧ དཀའ་བ་དྲུག་གི་རང་བཞིན་བསྟན་པ།

དཀའ་བ་དྲུག་གི་རང་བཞིན་བསྟན་པ་ནི།།

ཆོས་ལ་ཞུགས་དཀའ་དེ་བས་མི་ལྡོག་དཀའ།།

སྡེ་སྣོད་ཤེས་དཀའ་དེ་བས་རྒྱུད་སྦྱོར་དཀའ།།

དམ་ཚིག་ཐོབ་དཀའ་དེ་བས་ལེགས་བསྲུང་དཀའ།།

ཟབ་དོན་ཕྲད་དཀའ་དེ་བས་ཉམས་ལེན་དཀའ།།

དགོངས་པ་སྐྱེ་དཀའ་དེ་བས་སྐྱོང་བ་དཀའ།།

གཞན་དོན་བྱེད་དཀའ་དེ་བས་སྐྱོ་བཟོད་དཀའ།།

སངས་རྒྱས་འདོད་ན་དཀའ་ཡང་བསྒྲུབ་འཚལ་ལོ།།

ཞེས་གསུངས་པ་སྟེ། དཀའ་བ་དྲུག་གི་རང་བཞིན་བསྟན་པ་ནི། ཆོས་ལ་ཞུགས་པའི་སྐབས་སུ་ཐོག་མར་སྐྱབས་སུ་འགྲོ་བ་ཤེས་པ་དང་། དེ་ནས་དེའི་བསླབ་བྱ་ལ་སློབ་ཅིང་སྲོག་ལ་བབས་ཀྱང་དཀོན་མཆོག་གསུམ་མི་སྤོང་པ་དེ་ལྟ་བུ་ལ་བརྟེན་ནས་ཐར་བའི་ལམ་སྣེ་ཟིན་དགོས་པས། དེ་ལྟ་བུའི་ཆོས་ལ་ཞུགས་པ་ནི་དཀའ་བས་མ་ཚད་དེ་བས་དེ་ལས་ཕྱིར་མི་ལྡོག་པ་ཡང་དཀའ་བ་སྟེ། དང་པོ་ཆོས་ལམ་ལ་ཞུགས་ནས་ཐ་མར་ལས་མཐའ་ལོག་པ་ཡང་ཡོད་པ་ཡིན། དེ་ཡང་ལ་ལ་ལྟ་བའི་སྟེང་ནས་དང་། ལ་ལ་སྤྱོད་པའི་སྟེང་ནས་ལོག་པ་ཡིན། ཁྱད་པར་དུ་ལྟ་བ་ལོག་ན་རང་རྒྱུད་མ་རུང་བར་འགྱུར་བ་ཡིན་པས། སྤྱོད་པའི་ཐོག་ནས་ལྡོག་ཀྱང་ལྟ་བའི་ཐོག་ནས་མི་ལྡོག་པའི་ཐབས་བྱེད་དགོས་ཤིང་། སྡེ་སྣོད་གསུམ་ལ་ཐོས་བསམ་བྱས་ནས་ཤེས་པ་དཀའ་བ་སྟེ། མི་དབང་པོ་རྣམ་རིག་གསལ་བ་ཞིག་ཡིན་ཡང་སྔོན་བསགས་ཀྱི་ལས་མེད་པས་དཔེ་ཆ་ལ་བལྟས་ཀྱང་མི་ཤེས་པ་མང་དུ་ཡོད་པ་ཡིན་པའི་ཕྱིར། དེ་བས་ཀྱང་རྒྱུད་ལ་སྦྱོར་བ་དཀའ་བ་སྟེ། དཔེ་ཆ་བ་དུ་མ་ཡོད་ཀྱང་རྒྱུད་ལ་སྦྱར་ནས་གྲུབ་པ་བརྙེས་པ་དཀོན་པོར་ཆགས་ཤིང་སྙིགས་མའི་རང་གཤིས་ངོམས་བཞིན་ཡོད་པའི་ཕྱིར། དབང་ཐོབ་པའི་སྒོ་ནས་དམ་ཚིག་ཐོབ་པ་ཡང་དཀའ་བ་སྟེ། དེ་ཡང་དབང་སྐུར་བ་པོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་བ་དཀའ་ཞིང་། ཞུ་བ་པོ་རྡོ་རྗེ་སློབ་མའི་མཚན་ཉིད་ཚང་བ་ཡང་དཀའ་བ་དང་། གཉིས་ཀ་འཛོམས་ཏེ་རྒྱུ་གཉིས་རྐྱེན་བཞི་ལ་སོགས་པ་ཚོགས་པ་ཡང་ཤིན་ཏུ་དཀའ་བ་ཡིན་པའི་ཕྱིར། ད་རུང་དེ་བས་ཀྱང་དབང་སྲོག་གི་དམ་ཚིག་ལེགས་པར་སྲུང་བ་དཀའ་བ་སྟེ། སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེའི་གྲངས་ཙམ་བརྩི་ཤེས་པ་ཡང་དཀའ་བའི་ཕྱིར། ཟབ་དོན་གྱི་གདམས་ངག་ཟབ་མོ་དང་ཕྲད་པར་དཀའ་བ་དང་། དེ་བས་ཀྱང་དེ་ཡུན་ནས་ཡུན་དུ་རྒྱུན་བསྐྱངས་པའི་ཉམས་སུ་ལེན་པ་མཐར་ཕྱིན་པར་བྱེད་པ་དེ་དཀའ་བ་དང་། དགོངས་པ་སྐྱེ་བའམ་ལྟ་བའི་ངོ་ཤེས་པ་དཀའ་ལ་དེ་བས་ཀྱང་དེའི་ངང་སྐྱོང་བའི་སྒོམ་པ་དཀའ་བ་དང་། ཆོས་རྣམ་དག་གིས་རང་དོན་སྒྲུབ་མི་ཤེས་པ་ཞིག་གིས་གཞན་དོན་བྱེད་ཐབས་མེད་པས་དཀའ་ལ་དེ་བས་ཀྱང་སྐྱོ་བ་དང་དཀའ་ཐུབ་ཀྱི་བཟོད་པ་ཡོང་བ་དཀའ་བ་སྟེ། དེ་དག་ནི་སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ནས་གཏན་བདེའི་གོ་འཕང་ཐོབ་པར་འདོད་ན། དཀའ་ཡང་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་རིམ་གྱིས་བསྒྲུབ་པར་འཚལ་ལོ།།

༢༢༨ ངོ་མཚར་ཆེ་བའི་གདམས་ངག་རྣམ་དྲུག་བསྟན་པ།

ངོ་མཚར་ཆེ་བའི་གདམས་ངག་རྣམ་དྲུག་ནི།།

དད་བརྩོན་ཡོད་ན་ཆོས་ཀྱི་སྦྱིན་པ་ལ།།

དགོས་སུ་སྤྱད་རྒྱུ་ཡོད་པ་ངོ་མཚར་ཆེ།།

མོས་གུས་ཡོད་ན་བླ་མ་སངས་རྒྱས་ལ།།

གདམས་ངག་མཉན་དུ་ཡོད་པ་ངོ་མཚར་ཆེ།།

ཟབ་མོའི་ཐབས་ཀྱིས་ཟིན་ན་འདོད་ཡོན་ལྔ།།

མ་སྤངས་སྤྱད་པས་གྲོལ་བ་ངོ་མཚར་ཆེ།།

བརྩོན་པས་ཉམས་སུ་བླངས་ན་སེམས་ཅན་གྱིས།།

ཚེ་གཅིག་སངས་རྒྱས་འགྲུབ་པ་ངོ་མཚར་ཆེ།།

རྟོགས་པའི་ངང་ལ་མ་ཡེངས་བསྒོམས་བྱས་ན།།

གཏིང་གསལ་ཆོས་ཉིད་མངོན་གྱུར་ངོ་མཚར་ཆེ།།

དཀྱིལ་འཁོར་གསུམ་ལ་རྟག་ཏུ་འདྲིས་བྱས་ན།།

སྐུ་གསུམ་ཡེ་ཤེས་འཆར་བ་ངོ་མཚར་ཆེ།།

ཞེས་གསུངས་པ་སྟེ། ངོ་མཚར་ཆེ་བའི་གདམས་ངག་རྣམ་དྲུག་ནི། རང་ཉིད་ལ་དད་པ་དང་བརྩོན་འགྲུས་ཡོད་ན་ཆོས་ཀྱི་སྦྱིན་པ་ལ། གང་དགོས་དགོས་སུ་སྤྱད་དུ་ཡོད་པ་ངོ་མཚར་ཆེ་བ་སྟེ། ད་རེས་དལ་འབྱོར་ཚང་བའི་རྟེན་བཟང་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས་གདམས་ངག་ཁྱད་པར་ཅན་ཐོབ་པ་འདི་དག་ལ་བསམ་ཤེས་ན་ངོ་མཚར་རྨད་དུ་བྱུང་བ་སྟེ། ད་སྔོན་ལུས་རྟེན་འདྲ་མིན་ཅི་འདྲ་མ་བླངས་ཀྱང་ཆོས་ཀྱི་སྦྱིན་པ་ལ་སྤྱོད་པའི་སྐལ་བ་མ་ཐོབ་པ་དང་། བླ་མ་སངས་རྒྱས་ཀྱི་གདམས་ངག་མ་གོ་ནས་ད་བར་དུ་ལྷག་ནས་ཡོད་པ་དང་། ཕྱིས་ཀྱི་ཚུལ་ལ་བསམ་བློ་བཏང་ན་ཡང་། ཀུན་མཁྱེན་ཆེན་པོས། ད་ནི་གང་ན་ཡང་དགེ་བའི་བཤེས་ཉུང་ཞིང་། །སྡིག་པའི་གྲོགས་ལྡན་འཇིག་རྟེན་བསྟོད་ལ་ལྟོས། །ཞེས་པ་ལྟར་ཡིན་པས། ཆོས་ཐོས་སུ་ཡོད་པ་དང་། ཆོས་ཀྱི་སྦྱིན་པ་བཏང་དུ་ཡོད་པ་ངོ་མཚར་ཆེ་བ་དང་། རང་ཉིད་ལ་མོས་གུས་ཡོད་ན་བླ་མ་སངས་རྒྱས་དངོས་བྱོན་གྱི་མདུན་ནས། གདམས་ངག་མཉན་དུ་ཡོད་པ་འདི་ཡང་ངོ་མཚར་ཆེ་བ་དང་། གསང་སྔགས་ཟབ་མོའི་ཐབས་ཀྱིས་ཟིན་ན་འདོད་ཡོན་ལྔ་པོ་མ་སྤངས་བཞིན་དུ་སྤྱད་པས་གྲོལ་བ་ངོ་མཚར་ཆེ་བ་དང་། ཡང་ཟབ་རྫོགས་པ་ཆེན་པོའི་གདམས་པའི་ཟབ་ཁྱད་ཀྱི་ངོས་ནས་བཤད་ན་གང་ཟག་སྣོད་ལྡན་གྱིས་བརྩོན་པས་ཉམས་སུ་བླངས་ན། ཚེ་ལུས་འདི་གཅིག་གི་ཐོག་ནས་སངས་རྒྱས་འགྲུབ་པ་ངོ་མཚར་ཆེ་བ་དང་། རྟོགས་པ་དོན་གྱི་ཡེ་ཤེས་འོད་གསལ་བའི་ངང་ལ་མ་ཡེངས་པར་བསྒོམས་པར་བྱས་ན། གཏིང་གསལ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་འགྱུར་མེད་ཀྱི་དོན་མངོན་དུ་གྱུར་པ་ངོ་མཚར་ཆེ་བ་དང་། སྣང་བ་སྐུའི་དཀྱིལ་འཁོར་དང་། གྲགས་པ་གསུང་གི་དཀྱིལ་འཁོར་དང་། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ཏེ་སྒོ་གསུམ་དཀྱིལ་འཁོར་གསུམ་མམ་རྡོ་རྗེ་གསུམ་ལ་རྟག་ཏུ་འདྲིས་པར་བྱས་ན། ཆོས་ལོངས་སྤྲུལ་བའི་སྐུ་གསུམ་གྱི་ཡེ་ཤེས་ཏེ། གཞི་གནས་ཀྱི་ཡེ་ཤེས་གསུམ་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། ཡུལ་ལ་ཁྱབ་པའི་ཡེ་ཤེས་གཉིས་ཏེ་དེ་དག་མ་འབད་པ་འཆར་བ་ངོ་མཚར་ཆེའོ།།

༢༢༩ ཆོས་བྱེད་རྣམས་ཀྱི་སྐྱོན་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་སྐྱོན་དྲུག་བསྟན་པ་ནི།།

བྱེ་བྲག་མི་ཤེས་ལྟ་བའི་མིག་དང་བྲལ།།

གཏན་དུ་དགོས་པ་དགེ་སྦྱོར་གྲོགས་དང་བྲལ།།

ཐར་བར་ཁྲིད་བྱེད་བཤེས་གཉེན་ལོང་ཁྲིད་མེད།།

ཐོགས་པར་བྱེད་པ་ཐོས་བསམ་འཁར་བ་ཆག།

མི་འདོད་ཉོན་མོངས་གཟུང་འཛིན་གདོན་གྱིས་བརླབས།།

ཐར་མེད་སྲིད་ལས་ངན་སོང་གཡང་མཆོང་བ།།

ཉེས་པ་དྲུག་ལྡན་འགྲོ་བ་འདི་དག་ཀུན།།

སྙིང་རྗེས་བཟོད་དཀའ་མཆི་མ་འཁྲུག་ནའང་།།

ལས་ངན་མ་ཟད་དྲང་བའི་ཐབས་དང་བྲལ།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་སྐྱོན་དྲུག་བསྟན་པ་ནི། བཟང་ངན་གྱི་བྱེ་བྲག་མི་ཤེས་ཤིང་གནས་དང་གནས་མིན་ཧ་མ་གོ་བའི་ལྟ་བའི་མིག་དང་བྲལ་བ་དེ་སྐྱོན་ཆེ་བ་དང་། ཚེ་རབས་གཏན་དུ་དགོས་པ་ནི་དགེ་སྦྱོར་ཡིན་པས་དེའི་གྲོགས་དང་བྲལ་ན་སྐྱོན་ཆེ་བ་དང་། སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་དགོས་ན་ཐར་བའི་ལམ་སྣེ་ཟིན་དགོས་ལ། དེ་དགོས་པ་ལ་ཐར་བའི་ལམ་ལ་འདི་ལྟར་འགྲོ་དགོས་ཟེར་བའི་ལམ་ཁྲིད་བྱེད་མཁན་གྱི་བཤེས་གཉེན་ཞིག་དགོས་པ་དེས་ན། ཐར་པར་ཁྲིད་མཁན་བཤེས་གཉེན་ལོང་ཁྲིད་དང་འདྲ་བ་དེ་མེད་པ་སྐྱོན་ཆེ་བ་ཡིན་པས། སྐྱེ་བོ་མི་ནག་པ་ཁྱིམ་པ་ཕོ་མོ་ཡིན་ཡང་ཐོས་བསམ་བྱེད་དགོས་ན་དམར་མདོག་གྱོན་ནས་བསྟན་པའི་སྒོ་རུ་ཞུགས་པ་ཞིག་ཡིན་ཚེ། དགེ་བའི་བཤེས་གཉེན་ལ་བསྟེན་ནས་ཐོས་བསམ་མི་དམན་པ་རེ་མ་བྱས་ན་རང་དོན་ཤོར་བའི་སྙིང་རྗེའི་ཡུལ་ཡིན། དཔལ་སྤྲུལ་ཚང་གིས། དེས་ན་གནད་དོན་མེད་པའི་ཆོས་གཟུགས་དང་། །འཁྲུལ་སྣང་ཚེ་འདི་སྒྲུབ་པའི་བན་འཁྱམས་དང་། །དཀོར་ཟན་དལ་ཁོམ་མེད་པའི་བླ་ཆུང་གིས། །ལད་མོ་མ་བྱེད་རང་སེམས་ཆོས་ཀྱིས་ཐུལ། །ཞེས་གསུངས་པས། གྲྭ་ཆུང་རྣམ་པས་དཔེ་ཆར་བལྟས་ནས་རྒྱུད་ལ་སྦྱོར་ཨེ་ཐུབ་ལྟོས། ཡས་ཚང་གི་བུས་རྒྱུ་ཅི་ཞིག་འདྲ་ཁྱེར་ཡོང་བ་དང་། མས་ཚང་གི་བུས་དོན་ཅི་ཞིག་འདྲ་ཞིག་འགྲུབ་ཡོད་འདུག་ཟེར་བཞིན་འུར་ལངས་ནས་གཤོག་ཞབས་ལ་རླུང་དྲངས་ཁ་མ་འཇུག་དེ་བདུད་ཀྱི་ཆོ་འཕྲུལ་ཡིན། ཉིན་གཅིག་སེམས་ཁ་ནང་དུ་བསྐོར་ནས་བལྟས་དུས་ཡོན་ཏན་ནི་ཉོ་རྒྱུ་མི་རྙེད། ཤི་ཁར་རྒྱུ་ཡིས་རང་དང་ཁྱིམ་ཚང་ལ་མི་ཕན། གཞན་དོན་དེ་བས་ཀྱང་ག་ལ་འགྲུབ། དེས་ན་ཕུགས་བསམ་འདུན་ལམ་མ་ནོར་བ་ཤིན་ཏུ་གཅེས་པ་ཡིན། ལག་ཏུ་ཐོགས་ནས་བརྟེན་པར་བྱ་བའི་ཡུལ་ཐོས་བསམ་གྱི་འཁར་བ་སྟེ་ལག་རྟེན་ཆག་ནས་མེད་པ་དང་། མི་འདོད་པའི་སྣ་ཐམས་ཅད་འདྲེན་པར་བྱེད་པའི་ཉོན་མོངས་གཟུང་འཛིན་གྱི་གདོན་གྱིས་རང་རྒྱུད་བརླབས་པ་དང་། ཐར་མེད་ཀྱི་སྲིད་པའི་མཚོ་ལས་ངན་སོང་གི་གཡང་སར་མཆོང་བ་སྟེ། དེ་ལྟ་བུའི་ཉེས་པ་དྲུག་ལྡན་གྱི་འགྲོ་བ་འདི་དག་ཀུན་མཐོང་བའི་སྐབས་སུ། ཀུན་མཁྱེན་ཀློང་ཆེན་པ་ཁོང་གི་ཐུགས་ལ་འཁྲུངས་པའི་སྙིང་རྗེས་བཟོད་དཀའ་ཞིང་སྤྱན་ནས་མཆི་མ་འཁྲུགས་ནའང་། ལས་ངན་མ་ཟད་བར་དུ་འདི་རྣམས་དྲང་བའི་ཐབས་དང་བྲལ་བས་སྨོན་ལམ་རེ་འདེབས་པ་ཙམ་ལས་བྱ་ཐབས་བྲལ་བའོ།།

༢༣༠ ལོག་པར་མ་སོང་དྲུག་གི་གདམས་པ་བསྟན་པ།

ལོག་པར་མ་སོང་དྲུག་གི་གདམས་པ་ནི།།

དཀོན་མཆོག་གསུམ་ལ་ཞབས་ཏོག་མ་གྲུབ་ཀྱང༌།།

སྡིག་པ་མ་སོག་ངན་འགྲོའི་འཇིགས་པ་སོམས།།

བླ་མ་མཆོག་ལ་མོས་གུས་མ་གྲུབ་ཀྱང༌།།

སྒྲོ་སྐུར་མ་འདེབས་ལོག་ལྟའི་ཉེས་དམིགས་སོམས།།

མཆེད་གྲོགས་རྣམས་ལ་བརྩེ་གདུང་མ་འགྲུབ་ཀྱང༌།།

ཕྲག་དོག་མ་བྱེད་དམ་ཉམས་ཉེས་དམིགས་སོམས།།

རང་གི་ཕ་ཆོས་གཞུང་བཞིན་མ་གྲུབ་ཀྱང༌།།

ཆོས་མཛད་མ་སྨད་ལས་ངན་ཉེས་དམིགས་སོམས།།

འཁྲུལ་སྣང་དངོས་ལ་བདེན་འཛིན་མ་ཞིག་ཀྱང༌།།

རྟག་པར་མ་འཛིན་ཕྱི་ནང་འགྱུར་བ་སོམས།།

དངོས་སུ་གཞན་ལ་ཕན་འདོགས་མ་འགྲུབ་ཀྱང༌།།

གནོད་པ་མ་སྐྱེལ་ལས་འབྲས་རྟེན་འབྲེལ་སོམས།།

ཞེས་གསུངས་པ་སྟེ། ལོག་པར་མ་སོང་དྲུག་གི་གདམས་པ་ནི། བླ་མ་དཀོན་མཆོག་ལ་མཆོད་པ་དང་། ཞབས་ཏོག་དང་། དྲིན་ལན་འཇལ་བྱེད་བཟང་ཤོས་ནི་དཀོན་མཆོག་གསུམ་གྱི་གདུང་འཛིན་ཅིང་། བླ་མ་དམ་པའི་དགོངས་པ་སྒྲུབ་པའི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་བསྟན་པ་དེ་ཉིད། བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་བ་དེ་ཡིན་ལ། དེ་བཟང་རབ་ཅིག་གིས་མ་གཏོགས་མི་འགྲུབ་པ་ཡིན་སྙམ་མི་དགོས་ཏེ། ཚིག་འབྲུ་གཅིག་གི་དོན་ཤེས་ཀྱང་། །དེ་ཡང་ལུང་གི་བསྟན་པ་ཡིན། །དགེ་སེམས་སྐད་ཅིག་གཅིག་སྐྱེས་ཀྱང་། །དེ་ཡང་རྟོགས་པའི་བསྟན་པ་ཡིན། །གསུངས་པས་བསམ་པ་རྣམ་པར་དག་པས་ལུས་སེམས་དགེ་བ་ལ་བཞག་ན་དཀོན་མཆོག་ལ་མཆོད་པ་དང་ཞབས་ཏོག་བྱས་པ་ཡིན། དེ་ལྟ་བུའི་དཀོན་མཆོག་གསུམ་ལ་ཞབས་ཏོག་ཆེན་པོ་ཞིག་མ་གྲུབ་ཀྱང༌། སྡིག་པ་མ་བསགས་མ་གཏོགས་ངན་སོང་ངན་འགྲོའི་འཇིགས་པ་བསམ་གྱིས་མི་ཁྱབ་པ་ཡོད་པས་དེ་དག་ལེགས་པར་སོམས་ཤིག ཐར་ལམ་རྣམ་དག་ཅིག་ཟིན་ཏེ་ཚེ་གཅིག་སངས་རྒྱས་འགྲུབ་དགོས་ན་བླ་མ་མཆོག་ལ་མོས་གུས་ཚད་མེད་ཡོད་དགོས་པ་ཡིན། འོན་ཀྱང་དེ་ཙམ་ཞིག་མ་གྲུབ་ཀྱང༌། སྐྱོན་མེད་པ་ལ་ཡོད་པར་བཏགས་པའི་སྒྲོ་འདོགས་དང་། ཡོན་ཏན་ཡོད་པ་ལ་མེད་པར་སྨྲ་བའི་སྐུར་འདེབས་མ་བྱེད་པར་ལོག་པར་ལྟ་བའི་ཉེས་དམིགས་ལ་བསམ་བློ་ཐོང་ཞིག མཆེད་གྲོགས་འདི་དག་ནི་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་མར་མེ་དང་སྡོང་བུ་བཞིན་དུ་འགྲོག་དགོས་པ་ཡིན་པས་འདི་རྣམས་ལ་བརྩེ་གདུང་བསྐྱེད་དགོས་པ་ཡིན་ལ། གལ་སྲིད་བརྩེ་གདུང་མ་འགྲུབ་ཀྱང༌། ཕྲག་དོག་མ་བྱེད་མ་གཏོགས་ཕྲག་དོག་བྱས་ན་དམ་ཉམས་སུ་འགྲོ་ལ། དམ་ལས་ཉམས་ན་ཉེས་དམིགས་བསམ་གྱིས་མི་ཁྱབ་པར་ཡོད་པའི་ཚུལ་ལ་ལེགས་པར་སོམས་ཤིག རང་ཉིད་གང་གི་བསྟན་ཞབས་སུ་ཞུགས་ཡོད་ན་དེའི་ཆོས་དེ་རང་གི་ཕ་ཆོས་ཡིན་པས་དེ་གཞུང་བཞིན་དུ་བསྒྲུབ་དགོས་ལ། གལ་ཏེ་དེ་ལྟར་དུ་མ་འགྲུབ་ཀྱང༌། ཆོས་བརྒྱུད་གཞན་དང་ཆོས་མཛད་གཞན་མ་སྨད་མ་གཏོགས། ལས་ངན་ཉེས་དམིགས་བསགས་པའི་རྣམ་སྨིན་ཡིད་དུ་མི་འོང་བ་འབྱུང་བའི་ཚུལ་སོམས་ཤིག ཆོས་ཉིད་ཀྱི་བདེན་པ་མ་མཐོང་པའི་མི་ཡིས་འཁྲུལ་སྣང་ལ་དངོས་པོར་ཞེན་པའི་བདེན་འཛིན་བཤིག་མི་ནུས་པས་དེ་ལྟར་མ་ནུས་ཀྱང༌། འདི་སྣང་ལ་རྟག་པར་མ་འཛིན་པར་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གྱི་འགྱུར་བའི་ཚུལ་རྣམས་ལེགས་པར་སོམས་ཤིག ད་ལྟ་སོ་སོ་སྐྱེ་བོའི་སྐབས་སུ་དངོས་སུ་གཞན་ལ་ཕན་ཆེན་པོ་ཞིག་འདོགས་བསམ་ན་ཡང་འགྲུབ་དཀའ་བས་དེ་ལྟར་མ་འགྲུབ་ཀྱང༌། གནོད་པ་མ་སྐྱེལ་བར་ལས་འབྲས་དང་རྟེན་འབྲེལ་བསླུ་མེད་ལ་བསམ་བློ་ཐོང་ཞིག་ཅེས་པའོ།།

༢༣༡ ཉན་ན་རིགས་པ་དྲུག་གི་གདམས་ངག་བསྟན་པ།

ཉན་ན་རིགས་པ་དྲུག་གི་གདམས་ངག་ནི།།

ཅུང་ཟད་བྱ་བ་ཆག་པའི་སྡུག་བསྔལ་ལྟོས།།

དགེ་སྦྱོར་ཆག་ལ་སྡུག་བསྔལ་བྱ་བར་རིགས།།

དངོས་པོའི་བདེ་འགྱུར་ཆག་པའི་སྡུག་བསྔལ་ལྟོས།།

ཉམས་མྱོང་འཕེལ་ཆག་སྡུག་བསྔལ་བྱ་བར་རིགས།།

ཞག་གཅིག་ཟས་སྐོམ་ཆག་པའི་སྡུག་བསྔལ་ལྟོས།།

ཐུན་བཞིའི་དགེ་སྦྱོར་ཆག་ལ་སྡུག་བསྔལ་རིགས།།

ཚེ་འདིའི་དགྲ་མགོ་མ་ཐུལ་སྡུག་བསྔལ་ལྟོས།།

ཉོན་མོངས་དགྲ་མགོ་ཤོར་ལ་སྡུག་བསྔལ་རིགས།།

འཁྲུལ་བའི་བཟའ་ཚོ་ཤི་བའི་སྡུག་བསྔལ་ལྟོས།།

གཏན་གྲོགས་ཆོས་དང་བྲལ་ལ་སྡུག་བསྔལ་རིགས།།

བྱ་བྱེད་ཅུང་ཟད་ཆག་པའི་སྡུག་བསྔལ་ལྟོས།།

དལ་འབྱོར་ཆོས་སྤྱོད་ཆག་ལ་སྡུག་བསྔལ་རིགས།།

རིགས་པའི་དོན་ལ་བསམས་ན་ཤིན་ཏུ་དགེ།

ཞེས་གསུངས་པ་སྟེ། ཉན་ན་འོས་ཤིང་རིགས་པའི་གདམས་ངག་དྲུག་ནི། འཇིག་རྟེན་གྱི་བྱ་བ་དེ་རིང་བྱེད་དགོས་པ་དེ་ལས་མ་ནུས་པར་ཆག་པའི་སྡུག་བསྔལ་ལ་ལྟོས་དང་། དགེ་སྦྱོར་སྒྲུབ་པ་ནི་འདི་ཕྱི་རང་གཞན་གཉིས་དོན་གྱི་ཕུགས་ཀྱི་བྱ་བ་ཆེན་པོ་ཡིན་པས་དེ་ཆག་སོང་ཚེ་སྡུག་བསྔལ་བྱ་བར་རིགས་པ་དང་། དངོས་པོའི་སྒོ་ནས་བདེ་བ་འགྱུར་བ་ཉེར་སྤྱད་ལྟ་བུ་ཞིག་ཆག་པའམ་མེད་པའི་སྡུག་བསྔལ་ལ་ལྟོས་དང་། དེ་བས་ཉམས་ལེན་གྱི་ཐོག་ནས་ཉམས་མྱོང་གི་འཕེལ་ཁ་ཆག་ནས་འཕེལ་མེད་དུ་གྱུར་པ་ལ་སྡུག་བསྔལ་བྱ་བར་རིགས་པ་དང་། ཞག་གཅིག་ཟས་སྐོམ་ཆག་པའི་སྡུག་བསྔལ་ལ་ལྟོས་དང་། ཐུན་བཞིའི་དགེ་སྦྱོར་ཆག་ན་སྡུག་བསྔལ་བྱེད་རིགས་པ་སྨོས་ཅི་དགོས། ཚེ་འདིའི་དགྲ་མགོ་མ་ཐུལ་ནས་དགྲ་སྡང་བས་གཙེས་པའི་སྡུག་བསྔལ་ལ་ལྟོས་དང་། ཉོན་མོངས་ཀྱི་དགྲ་བོའི་མགོ་དེ་མ་ནོན་ནས་ཤོར་སོང་བའི་དབང་གིས་ཚེ་རབས་གཏན་དུ་སྡུག་བསྔལ་ལ་སྦྱོར་བར་བྱེད་པས་དེ་ལ་སྡུག་བསྔལ་བྱ་བར་རིགས་པ་དང་། ཕ་མ་ལ་སོགས་པའི་བཟའ་ཚོ་གཉེན་ཉེ་བུ་ཚ་དམར་ཐང་ཅན་སྐྱེ་བ་རེ་རེ་བཞིན་ཡོད་པ་དག་ཤི་བའི་སྡུག་བསྔལ་ལ་ལྟོས་དང་། ཚེ་རབས་གཏན་གྱི་གྲོགས་པོ་བཟང་པོ་ད་རེས་ཙམ་ལས་ཕྲད་དཀའ་བ་དེ་བྲལ་བ་ལ་དེ་བས་ཀྱང་སྡུག་བསྔལ་བྱ་བ་རིགས་པ་དང་། ཁྱིམ་ལས་ཙག་ཙིག་ལྟ་བུའི་བྱ་བྱེད་ཅུང་ཟད་རེ་ཆག་པའི་སྡུག་བསྔལ་ལ་ལྟོས་དང་། དལ་འབྱོར་ལྡན་པའི་ལུས་རྟེན་རིན་ཐང་ཅན་འདི་ལ་བརྟེན་ནས་ཆོས་སྤྱོད་ཟབ་མོ་ལ་བརྩོན་པ་དེ་ཆག་པ་ལ་དེ་བས་ཀྱང་སྡུག་བསྔལ་བྱ་རིགས་པ་སྟེ། རིགས་ཤིང་འཐད་པའི་དོན་དེ་དག་ལ་བསམ་བློ་གཏོང་ཤེས་ན། འདི་དང་ཕྱི་མ་ཀུན་ཏུ་རང་གཞན་ཐམས་ཅད་ལ་ཤིན་ཏུ་དགེ་ཞིང་ལེགས་པ་ཡིན་ནོ།།

༢༣༢ ཚུལ་བཞིན་བསྒྲུབ་པའི་བོར་བ་རྣམ་དྲུག་བསྟན་པ།

ཚུལ་བཞིན་བསྒྲུབ་པའི་བོར་བ་རྣམ་དྲུག་ནི།།

འཁོར་བའི་འདམ་རྫབ་འཇིག་རྟེན་བྱ་བ་བོར།།

བྱུར་གྱི་གདོས་ཐག་ཁྱིམ་ཐབ་བུ་ཚ་བོར།།

བྱིས་པའི་རྩེད་མོ་འཁྲུལ་སྣང་བདེན་ཞེན་བོར།།

མགོ་བསྐོར་སླུ་བྲིད་འདོད་ཡོན་ལོངས་སྤྱོད་བོར།།

བདུད་ཀྱི་ཞགས་པ་གཞན་གྱི་བཀུར་གནས་བོར།།

ཕ་མེས་ཕུང་སྲི་མ་རིག་གཟུང་འཛིན་བོར།།

དེ་ལྟར་བྱས་ན་འཁོར་བའི་གནས་ལས་ཐར།།

ཞེས་གསུངས་པ་སྟེ། ཚུལ་བཞིན་བསྒྲུབས་ཏེ་བོར་བའམ་མེད་པར་བྱེད་དགོས་པ་རྣམ་པ་དྲུག་ནི། འཁོར་བའི་བྱ་བ་འདི་འདམ་རྫབ་ལྟར་ནང་དུ་བྱིང་ན་ཐར་དཀའ་བ་ཡིན་པས་འཇིག་རྟེན་གྱི་བྱ་བ་འདི་རྒྱབ་ཏུ་བོར་ཏེ་བསྐྱུར་དགོས་ཏེ། འདི་ནམ་སྐྱུར་ན་དེ་དུས་ཟིན་པ་ལས་ཚར་རྒྱུ་ཟིན་རྒྱུ་མེད་པ་ཞིག་ཡིན་པས། འཆི་ལ་ཐུག་གི་བར་དུ་འགྲུབ་ཏུ་མེད་པ་ཡིན། བྱུར་ལྟས་ངན་གྱི་སྣ་འདྲེན་དང་འཁོར་བ་ལས་མི་ཐར་བར་བྱེད་པའི་གདོས་ཐག་རྟ་འདོགས་བྱེད་ཀྱི་ཐག་པ་ལྟ་བུ་ནི་ཁྱིམ་ཐབ་བུ་ཚ་འདི་དག་ཡིན་པས་དེ་དག་བློས་བཏང་ནས་བོར་ཅིག བྱིས་པའི་རྩེད་མོ་དང་འདྲ་བའི་འཁྲུལ་སྣང་ལ་འཁྲུལ་བ་ཡིན་པ་མ་ཤེས་ནས་བདེན་པར་ཞེན་པ་ཡིན་པས་དེ་བོར་བ་བྱ་དགོས་པ་དང་། མགོ་བསྐོར་སླུ་བྲིད་བྱེད་པའི་འདོད་ཡོན་འདི་ནི་སླུ་བྱེད་ཀྱི་བདུད་དངོས་ཡིན་པས་ལོངས་སྤྱོད་ལ་ཕྱི་བལྟས་མ་བྱེད་པར་བོར་ལ་ཐོང་། གཞན་གྱིས་བདག་ལ་བརྩི་བཀུར་བྱས་པའི་དབང་གིས་འདོར་དུ་མ་ནུས་པ་ནི་བདུད་ཀྱི་ཞགས་པ་དང་ཁྱད་མེད་པས། དེ་འདྲའི་བདུད་ཀྱི་ཞགས་པ་གཞན་གྱི་བཀུར་གནས་སུ་འདུག་པ་དེ་བོར་བ་གྱིས་ཤིག་ཅེས་པ་སྟེ། ཆོས་མི་འགྲུབ་པར་བྱེད་པའི་བདུད་ཀྱི་ཞགས་པ་དངོས་ནི་གཞན་གྱིས་བསྙེན་བཀུར་བྱེད་པ་དེ་ཡིན་ལ་དེ་ཆོས་བརྒྱད་ལ་ཞེན་པ་ཅན་གྱིས་འདོར་ཐུབ་དཀའ་ཡང་། ཆོས་རྣམ་དག་བསྒྲུབ་བསམ་ན་ངེས་པར་བོར་དགོས་པ་ཡིན། ཕ་མེས་ཀྱི་དུས་ནས་ཞུགས་པའི་ཆུང་སྲི་ལ་སོགས་པའི་ཕུང་སྲི་ནི་མ་རིག་གཟུང་འཛིན་གྱི་གདོན་འདི་ཡིན་པས་དེ་མེད་པར་བྱེད་པ་སྟེ། དེ་ལྟར་བྱས་ན་འཁོར་བའི་གནས་ལས་ཐར་བ་དང་། གལ་ཏེ་དེ་ལས་ལྡོག་ན་ད་རུང་འཁོར་བར་མཐའ་མེད་དུ་འཁྱམས་པ་ཡིན་ནོ།།

༢༣༣ གདམས་པའི་གནས་དྲུག་ཆིངས་སུ་བསྟན་པ།

གདམས་པའི་གནས་དྲུག་ཆིངས་སུ་བསྟན་པ་ནི།།

ཐུག་ཕྲད་ཀུན་གྲོལ་མ་ཤེས་སྣང་བའི་རྟོག་མི་ཆོམས།།

ཅེར་མཐོང་ཅེར་གྲོལ་མ་ཤེས་གཉིས་འཛིན་རྩད་མི་ཆོད།།

ཉམས་མྱོང་གཏིང་གསལ་མ་ཤེས་མི་རྟོག་ལྟེངས་པོར་འཆོར།།

གཉིས་སྣང་འཁྲུལ་བར་མ་གོ་ཞེན་ཆགས་འཁྲིས་མི་ཆོད།།

ཚེ་ལ་ལོང་མེད་མ་ཤེས་དགེ་སྦྱོར་ཐང་ལྷོད་འཆོར།།

རིག་པའི་རྩལ་ཁ་མ་འབྱོངས་འགྲོ་དྲུག་གཡང་མི་ཆོད།།

དེ་དག་གནད་ལ་ལེགས་པར་བསླབ་པ་གཅེས།།

ཞེས་གསུངས་པ་སྟེ། གདམས་པའི་གནས་དྲུག་པོ་དེ་ཆིངས་སུ་བསྟན་པ་ནི། ཐུག་ཕྲད་ཀུན་གྲོལ་གྱི་གདམས་པ་དེ་མ་ཤེས་ན་ཕྱིའི་སྣང་བ་ལ་གཟུང་བའི་རྟོག་པ་དེ་མི་ཆོམས། ཅེར་མཐོང་དང་ཅེར་གྲོལ་མ་ཤེས་ན་ནང་གཉིས་སུ་འཛིན་པའི་རྩ་བ་མི་ཆོད། སྒོམ་ཉམས་མྱོང་གི་སྟེང་ནས་གཏིང་གསལ་རང་བྱུང་གི་ཡེ་ཤེས་དེ་མ་ཤེས་ན་མི་རྟོག་ལྟེངས་པོ་ཧ་ཤང་གི་ལུགས་ལ་འཆོར་པའི་ཉན་ཡོད། ན་ནིང་ཡང་དེ་དང་དེ། ད་ལོ་ཡང་དེ་དང་དེ་ཡིན་ཚེ་དེ་ལས་མ་འདས་པ་ཡིན། གཉིས་སྣང་གི་འཛིན་པ་འདི་འཁྲུལ་བར་མ་གོ་ན་ཞེན་ཆགས་ཀྱི་འཁྲིས་སམ་འཁྲུལ་བ་མི་ཆོད། ཚེ་ལ་ལོང་མེད་པའི་ཚུལ་དེ་མ་ཤེས་ན་དགེ་སྦྱོར་ལ་ཐང་ལྷོད་འཆོར་ཏེ་མཚམས་རེ་གྲིམ་པ་དང་། མཚམས་རེ་ལྷོད་པར་འགྱུར་བ་ཡིན། རིག་པའི་རྩལ་ཁ་མ་འབྱོངས་ན་འགྲོ་དྲུག་འཁྲུལ་བའི་གཡང་ས་མི་ཆོད་པ་སྟེ། དེ་ལྟ་བུའི་གདམས་པ་དྲུག་པོ་དེ་དག་གི་གནད་ལ་ལེགས་པར་བསླབ་པ་གཅེས་སོ།།

༢༣༤ མཐར་ཐུག་དྲུག་གིས་གནད་འགག་བསྡམ་པ་བསྟན་པ།

མཐར་ཐུག་དྲུག་གིས་གནད་འགག་བསྡམ་པ་ནི།།

སྡུག་པའི་མཐར་ཐུག་ཡིན་གྱིས་གཞན་གྱི་མགོ་དཔོན་བོར།།

སྐྱིད་པའི་མཐར་ཐུག་ཡིན་གྱིས་བྱ་བ་ཐེངས་པར་གྱིས།།

ཕུང་བའི་མཐར་ཐུག་ཡིན་གྱིས་མི་དགེའི་སྤྱོད་པ་སྤོངས།།

འཚེངས་པའི་མཐར་ཐུག་ཡིན་གྱིས་དགེ་ལ་སྤྱོད་པ་བསྒྲུབས།།

བཟང་པོའི་མཐར་ཐུག་ཡིན་གྱིས་འཇིག་རྟེན་རྒྱབ་ཏུ་བོར།།

ངན་པའི་མཐར་ཐུག་ཡིན་གྱིས་ཆོས་ལས་ལྡོག་པ་ཞོག།

དེ་ལྟར་བྱས་ན་ཡང་རབ་དམ་པའི་རྩེ།།

ཞེས་གསུངས་པ་སྟེ། མཐར་ཐུག་དྲུག་གིས་གནད་འགག་ཇི་ལྟར་བསྡམ་པ་ནི། བཟང་བྱས་པ་རྣམས་ཇི་མི་སྙམ་པ་རུ་འཇོག་ཅིང་། ངན་སྐྱོན་གྱི་ལེ་ཁག་ཚང་མ་ནི་རང་གཅིག་པུས་ཁུར་དགོས་པ་དང་། གཅིག་མགུ་ཐབས་ཐོན་ཡང་གཞན་དེ་མགུ་ཐབས་མི་ཐོན་པ་དང་། གཅིག་གི་རེ་བ་སྐང་ཐུབ་ཀྱང་གཞན་རྣམས་མི་དགའ་བའི་གནས་སུ་གྱར་བ་དེས་ན་སྡུག་པའི་མཐར་ཐུག་ཡིན། ཡང་སྒོས་སུ་བླ་མ་གྲྭ་བ་ཆོས་པ་ཞིག་གིས་མགོ་དཔོན་བྱེད་པ་ནི་ལྷག་ཏུ་སྡུག་པ་སྟེ། ཆོས་མི་འགྲུབ་པར་དམྱལ་བ་འགྲུབ་པའི་སྔ་ལྟས་ཅན་ཡིན་པའི་ཕྱིར། སྐྱེ་བོ་མི་ནག་པ་ཞིག་ཡིན་རུང་མགོ་དཔོན་བྱེད་པ་བས་སྤྲང་ནས་འགྲོ་བས་དགའ་ངེས་ཏེ། ཆོས་འཇིག་རྟེན་གཉིས་ཀ་མཉམ་དུ་སྒྲུབ་མི་རུང་ཞིང་ཐམས་ཅད་ཀྱི་བདེ་ཐབས་སྒྲུབ་མི་ཤེས་པས་ཚེ་འདིར་དཀའ་ཞིང་། ཕྱི་མ་ལ་ཡང་དཀའ་སྟེ། སྡུག་བསྔལ་ཚད་མེད་པའི་ས་བོན་སྡིག་པ་འབའ་ཞིག་ལ་འཇུག་པའི་ཕྱིར། དེས་ན་སྡུག་པའི་མཐར་ཐུག་ཡིན་གྱིས་གཞན་གྱི་མགོ་དཔོན་བོར་ཅིག འོ་ན་དེ་བས་སྐྱིད་མེད་པའི་སྐྱིད་པའི་མཐར་ཐུག་དེ་གང་ཡིན་ཞེ་ན། འཇིག་རྟེན་གྱི་བྱ་བ་ཐེངས་པའམ་བྱ་བའི་ཚོད་ཟིན་ནས་མཚམས་འཇོག་ཤེས་པ་དེ་ཡིན། འདི་དང་ཕྱི་མའི་ཕུང་བྱེད་མཐར་ཐུག་ནི་མི་དགེའི་སྤྱོད་པ་ཡིན་པས་དེ་སྤོངས་ཤིག སེམས་འཚེངས་པའི་མཐར་ཐུག་ཡིན་གྱིས་བསོད་ནམས་ཀྱི་ལས་དཀར་པོའི་དགེ་བ་ལ་སྤྱོད་པ་དེ་སྒྲུབས་ཤིག བཟང་པོའི་ཡོན་ཏན་ཐམས་ཅད་ཀྱི་མཐར་ཐུག་ཡིན་གྱིས་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་རྒྱབ་ཏུ་བོར་དང་དེར་ལེགས་པའི་ལམ་ཐམས་ཅད་ཚང་ནས་ཡོད་པ་ཡིན། ངན་པ་ཐམས་ཅད་ཀྱི་མཐར་ཐུག་ཡིན་གྱིས་ཆོས་ལས་ལྡོག་པ་ཆོས་དང་མི་འཐུན་པ་ཐམས་ཅད་མ་བྱེད་པར་ཞོག་ཅིག་དང་། དེ་ལྟར་བྱས་ན་འདི་ཕྱི་གཉིས་ཀྱི་ཚོད་ཐིག་པའི་སྐྱེ་བོ་ཡང་རབ་དམ་པའི་རྩེ་རུ་འགྱུར་བ་ཡིན་ནོ།།

༢༣༥ སྤང་བ་དྲུག་གིས་རང་རྒྱུད་གདུལ་བ་བསྟན་པ།

སྤང་བ་དྲུག་གིས་རང་རྒྱུད་གདུལ་བ་ནི།།

མི་གཙང་གཅིན་རྟུག་ཡིན་གྱིས་ཟས་ཀྱི་སྲེད་པ་ཆོད།།

སྙན་གྲགས་བྲག་ཆ་ཡིན་གྱིས་འཇིག་རྟེན་གྲགས་པ་སྤངས།།

འཁྲུལ་སྣང་དགྲ་རུ་ལྡང་གིས་ཆགས་སྡང་འདུན་མ་སྤངས།།

དུག་ལྔའི་མཚོན་ཆ་འཛུགས་ཀྱིས་གཟུང་འཛིན་ང་བདག་སྤངས།།

ཆེ་བཙན་ལྷ་ཆོས་འཆོར་གྱིས་མི་ཆེན་ལད་མོ་སྤངས།།

སྡིག་འཕེལ་དགེ་སྦྱོར་ཆག་གིས་ནོར་རྫས་གསོག་གྲུན་སྤངས།།

དེ་ལྟར་བྱས་ན་སྒྲུབ་པ་འཕེལ་བར་མཆི།།

ཞེས་གསུངས་པ་སྟེ། སྤང་བ་དྲུག་གིས་རང་རྒྱུད་ཇི་ལྟར་གདུལ་བའི་ཐབས་ནི། ཟས་འདི་མི་གཙང་གཅིན་རྟུག་གི་རྒྱུ་ཡིན་གྱིས་ལུས་ཁམས་འཚོ་བྱེད་ཙམ་ལས་ཟས་ཀྱི་ཞེན་པ་ཆོད་ལ་ཟ་ཚོད་འཐུང་ཚོད་རན་པོ་གྱིས། སྙན་གྲགས་ལོ་འདོད་བྱེད་པ་ནི་དགོས་པ་དང་དོན་སྙིང་མེད་པ་བྲག་ཆ་ལྟ་བུ་ཉི་མ་གཅིག་གཉིས་ཙམ་གྱི་ཚེ་ཡིན་པས་འཇིག་རྟེན་གྱི་གྲགས་པ་སྤངས་ལ་མ་སྒྲུབས་ཤིག ཆགས་སྡང་གི་དབང་གིས་འཁྲུལ་སྣང་དགྲ་རུ་ལྡང་ནས་དགྲ་ལ་ཟད་དུ་མེད་པ་ཞིག་ཡོང་བ་ཡིན་པས། ཆགས་སྡང་གི་འདུན་མ་འདི་སྤངས་ན་དགྲ་མེད་བདེ་བར་འགྱུར་བ་ཡིན་པ་དང་། གཟུང་འཛིན་ང་བདག་མ་སྤངས་ན་དུག་ལྔའི་མཚོན་ཆ་འཛུགས་ཀྱིས་གཟུང་འཛིན་ང་བདག་དེ་ཅི་ཐུབ་ཀྱིས་སྤོངས་ཤིག མི་ཆོས་ཀྱི་ཆེ་བཙན་མཐོ་སྙེགས་ང་རྒྱལ་བྱས་ན་ལྷ་ཆོས་ཀྱི་ཆེ་བ་ཤོར་ནས་ཕྱི་མའི་དོན་ཆེན་མི་འགྲུབ་པ་ཡིན་གྱིས། ཆོས་སྒྲུབ་དུས་མི་ཆེན་གྱི་སྟངས་བྱེད་མི་རུང་སྟེ། བཅོམ་ལྡན་འདས་སློབ་པ་ལམ་ལ་གནས་སྐབས་དབུའི་སྦྱིན་པ་བཏང་ཚེ་ཡང་། རང་གི་ལག་གིས་སྟེར་ནས་སྦྱིན་དགོས་གསུངས་ཏེ། རང་གི་དབུ་བཅད་པའི་དུས་རང་གི་ཕྱག་ཏུ་ལྷུང་བར་བྱས་ནས་ཕྱག་ལས་ཕར་ལེན་དུ་འཇུག་པ་ཡིན། ནོར་རྫས་གསོག་གྲུན་གྱིས་སྡིག་པ་འཕེལ་བ་དང་དགེ་སྦྱོར་ཆག་པ་ཡིན་པས་ནོར་རྫས་གསོག་གྲུན་དེ་སྤོངས་ཤིག་དང་། དེ་ལྟར་བྱས་ན་སྒོམ་སྒྲུབ་ཉམས་ལེན་དང་ཉམས་རྟོགས་འཕེལ་བ་ཡིན་ནོ།།

༢༣༦ ཆོད་ཉིད་དོན་དང་མཇལ་བའི་ཆོས་དྲུག་བསྟན་པ།

ཆོས་ཉིད་དོན་དང་མཇལ་བའི་ཆོས་དྲུག་ནི།།

ཅེར་མཐོང་ངོ་ཤེས་ཉམས་མྱོང་གཏིང་ནས་སད།།

ཉམས་ཞེན་རང་ལོག་སྣང་བ་རྗེས་མེད་སངས།།

འཇིག་རྟེན་རྟོག་བྲལ་ཡེ་ཤེས་ཟང་ཐལ་ཤར།།

འདི་དྲུག་སུ་ལྡན་ཆོས་ཉིད་ཉམས་སུ་མྱོང་།།

ཞེས་གསུངས་པ་སྟེ། ཆོས་ཉིད་ཀྱི་དོན་དང་མཇལ་བའི་ཆོས་རྣམ་པ་དྲུག་ནི། རིག་པ་ཅེར་མཐོང་གི་རང་ངོ་ཤེས་པ་དང་གཅིག ཉམས་མྱོང་གཏིང་ནས་སད་པ་དང་གཉིས། ཉམས་བདེ་གསལ་མི་རྟོག་པའི་ཞེན་པ་རང་ལོག་པ་དང་གསུམ། གང་ཤར་སྣང་བ་རྗེས་མེད་དུ་སངས་པ་དང་བཞི། འཇིག་རྟེན་གྱི་རྟོག་པ་དང་བྲལ་ནས་གཟུང་འཛིན་རང་སར་གྲོལ་བ་དང་ལྔ། ཡེ་ཤེས་ཟང་ཐལ་བསྒོམ་མེད་དུ་ཤར་བ་དང་དྲུག་སྟེ། འདི་དག་དང་སུ་ལྡན་པའི་གང་ཟག་དེས་ཆོས་ཉིད་ཀྱི་ངོ་བོ་ཉམས་སུ་མྱོང་བའོ།།

༢༣༧ འདུ་ཤེས་དྲུག་གི་གདམས་པ་བསྟན་པ།

འདུ་ཤེས་དྲུག་གི་གདམས་པ་བསྟན་པ་ནི།།

དུས་གསུམ་ཐུན་ཕྱེ་མི་རྟག་འདུ་ཤེས་སྒོམས།།

གཉེན་དང་མཛའ་བཤེས་མགྲོན་པོའི་འདུ་ཤེས་སྒོམས།།

གར་འདུག་གནས་ལ་མགྲོན་ཁང་འདུ་ཤེས་སྒོམས།།

ཟས་ནོར་ལོངས་སྤྱོད་རྩེད་མོའི་འདུ་ཤེས་སྒོམས།།

བྱ་བ་གང་བྱེད་རྨི་ལམ་འདུ་ཤེས་སྒོམས།།

ཉེ་རིང་གར་འགྲོ་འཆི་བའི་འདུ་ཤེས་སྒོམས།།

དེ་དག་ལྡན་ན་འཁོར་བའི་གནས་ལས་ཐར།།

ཞེས་གསུངས་པ་སྟེ། དུས་རྒྱུན་བསྟེན་དགོས་པའི་འདུ་ཤེས་དྲུག་གི་གདམས་པ་བསྟན་པ་ནི། འདས་པ་འགགས་ནས་མེད་པ་དང་། མ་འོངས་པ་མ་སྐྱེས་ནས་མེད་པ་དང་། དེ་གཉིས་ཀྱི་བར་ནི་བཏགས་པ་ཙམ་ལས་དོན་དུ་མ་གྲུབ་པ་སྟེ། དེ་ལྟ་བུའི་དུས་གསུམ་གྱི་ཐུན་ཕྱེས་ནས་དཔྱད་ཚེ་དུས་གསུམ་དང་འབྲེལ་བའི་འདུས་བྱས་ཐམས་ཅད་མི་རྟག་པར་འདུ་ཤེས་པ་དེ་ཡང་ཡང་ཡིད་ལ་བྱས་ནས་སྒོམས་ཤིག གཉེན་དང་མཛའ་བཤེས་ཀྱི་རིགས་འདི་དག་ཀྱང་ཡུན་རིང་མི་འགོར་བར་འབྲལ་ངེས་ཡིན་པས་མགྲོན་པོའི་འདུ་ཤེས་སྒོམས། གང་དུ་བསྡད་པའི་གནས་འདི་ཞག་གཅིག་གླས་ནས་ཕྱི་ཉིན་སྐྱུར་རྒྱུ་ཡིན་པས་མགྲོན་ཁང་གི་འདུ་ཤེས་སྒོམས། ཟས་ནོར་ལོངས་སྤྱོད་ལ་ཞེན་པ་མེད་པར་བྱེད་དགོས་པ་ཡིན་པས་དེ་ལ་རྩེད་མོ་རྩེ་བཞིན་ཡོད་པའི་འདུ་ཤེས་སྒོམས། བྱ་བ་ཆེ་ཆུང་གང་བྱེད་ཐམས་ཅད་ལ་བདེན་འཛིན་དང་ཞེན་འཛིན་མི་བྱེད་པར་རྨི་ལམ་འཁྲུལ་བ་ལྟ་བུའི་འདུ་ཤེས་བསྒོམས་ནས། ད་ལྟ་བདེན་འཛིན་གཏན་ནས་མེད་པར་བྱ་མི་ནུས་ཀྱང་བདེན་འཛིན་ཆུང་བ་ལ་བརྩོན་དགོས། ཡུལ་ཐག་ཉེ་རིང་གང་དུ་སོང་ན་ཡང་ཚུར་ཨེ་ཐོན་ཅི་ཤེས་བསམ་པའི་འཆི་བའི་འདུ་ཤེས་སྒོམས་ཤིག དེ་ཡང་ས་ཆ་གང་དུ་སོང་ཡང་ཚུར་ཨེ་འཁོར་ཅི་ཤེས་བསམ་པའི་འདུན་པ་བྱེད་པ་དང་། ནམ་འཆི་ནི་ཆ་མེད་པ་ཡིན་བསམ་པ་དང་། འཆི་རན་དུས་ལ་གཞན་རྣམས་ཀྱིས་ཁྱོད་ཤི་རན་པ་ཡིན་མི་ཟེར་བ་དང་། རང་ཤི་སྣང་མི་འཆར་བཞིན་དུ་ཤི་དུས་ལས་འཕྲོ་བྱེད་འཕྲོའི་ཆེད་དུ་རྩོད་པ་སོགས་འབྱུང་བ་དང་། རང་ཤི་བའི་རྗེས་སུ་དེ་དག་གིས་ནོར་རྫས་བགོ་བཤའ་སོགས་ལ་མ་མཐུན་ནས་འཐབ་མོ་འབྱུང་བ་དང་། འཆི་བ་ལ་བབས་པའི་སྐབས་དེར་འགའ་རེས་སྣག་ཚ་དང་ཤོག་བུ་བཟུང་ནས་ཡི་གེ་རྒྱོབས་སོགས་ཟེར་བ་ལས། དེ་དུས་རང་ལ་ཉམས་ལེན་གྱི་གསལ་འདེབས་ཙམ་ཡང་མེད་པར་རྣམ་རྟོག་ཕྱིན་ཅི་ལོག་གི་ཕྱོགས་སུ་འཁྲིད་ནས་འཁྲུལ་དུ་འཇུག་པ་སོགས་ཀྱི་ཚུལ་བསམ་ནས་མི་རྟག་པ་ཡང་ཡང་བསྒོམ་དགོས་ཏེ། དགེ་བཤེས་པུ་ཏོ་བ་ལ་རྐྱེན་ངན་སྦྱོང་ཚུལ་གྱི་གདམས་ངག་ཞུས་པས། པུ་ཏོ་པའི་ཞལ་ནས། ཁྱོད་ཀྱིས་འཆི་བ་མི་རྟག་པ་མང་དུ་སོམས་དང་། དེར་འཆི་ངེས་པའི་བློ་གཅིག་བྱུང་ན། སྡིག་པ་སྤོང་བ་ལ་དཀའ་རྒྱུ་མེད། དགེ་བ་སྒྲུབ་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི དེའི་སྟེང་དུ་ཁྱེད་ཀྱིས་བྱམས་པ་དང་སྙིང་རྗེ་མང་དུ་སྒོམས་དང་། དེ་རྒྱུད་ལ་སྐྱེས་ན། སེམས་ཅན་གྱི་དོན་བྱེད་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི དེའི་སྟེང་དུ་ཁྱོད་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་མང་དུ་སྒོམས་དང་། དེ་རྒྱུད་ལ་སྐྱེས་ན། འཁྲུལ་བ་སྦྱོང་བ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི ཞེས་གསུངས་པ་ཡིན། དེ་ལྟ་བུ་དེ་དག་དང་ལྡན་ན་འཁོར་བའི་གནས་ལས་ཐར་བ་ཡིན་ནོ།།

༢༣༨ གཅེས་པ་དྲུག་གི་གདམས་ངག་བསྟན་པ།

གཅེས་པ་དྲུག་གི་གདམས་ངག་བསྟན་པ་ནི།།

སེམས་ཉིད་དོན་མཐོང་རྟོགས་པའི་རང་ཉམས་གཅེས།།

གདམས་ངག་མཚང་ཤེས་གོ་བའི་ཤེས་རབ་གཅེས།།

དཀའ་བའི་གནད་ཁྲོལ་གྲུབ་མཐའི་དོན་མཐོང་གཅེས།།

གོ་ཆ་ཐུབ་པའི་ཚུལ་ཁྲིམས་རྣམ་དག་གཅེས།།

འཁྲུལ་བ་ཆོད་པའི་ཤེས་རབ་དྲི་མེད་གཅེས།།

ཆེད་འཛིན་གྲོལ་བའི་སྤྱོད་པ་གཏད་མེད་གཅེས།།

ཞེས་གསུངས་པ་སྟེ། གཅེས་པ་དྲུག་གི་གདམས་ངག་བསྟན་པ་ནི། སེམས་ཉིད་མ་བཅོས་རྣལ་མའི་དོན་རྟོགས་ཚེ་རྟོགས་པའི་རང་ཉམས་སྐྱེ་བ་ཡིན་པས། དེ་ལྟ་བུའི་རྟོགས་པའི་རང་ཉམས་དེ་ཤིན་ཏུ་གཅེས་པ་དང་། གདམས་ངག་གི་སྟོབས་ཀྱིས་རང་ཉིད་ཀྱི་མཚང་དེ་ཤེས་པ་ཡིན་པས། བླ་མས་མཚང་ཐོག་ཏུ་རྒོལ་བ་མཛད་ན་མཚང་ཐོག་ཏུ་ཁེལ་བ་ནི་རང་གིས་གདམས་ངག་གདམས་ངག་ཏུ་གོ་བའི་ཤེས་རབ་ཡོད་དགོས་པ་ལས་གོ་བ་མེད་ན་ལོག་སྒྲུབ་ཏུ་འགྲོ་བ་ཡིན་པས། གདམས་ངག་གདམས་ངག་ཏུ་ཤེས་པའི་ཤེས་རབ་གཅེས་པ་དང་། དཀའ་བའི་གནད་ཁྲོལ་བར་བྱེད་པ་ལ་གྲུབ་མཐའ་གོང་འོག་མཐའ་དག་གམ། རང་གང་ལ་འཇུག་པའི་གྲུབ་མཐའ་དེའི་གནད་བསླངས་ནས་དེའི་དོན་མཐོང་བ་གཅེས་པ་དང་། མཚོན་གྱིས་མི་འབིགས་པའི་གོ་ཆ་བགོས་པ་ལྟར་དུ་འཆལ་ཚུལ་ཐུབ་པའི་ཚུལ་ཁྲིམས་རྣམ་དག་དེ་ཤིན་ཏུ་གཅེས་པ་དང་། འཁྲུལ་བ་རྩད་ནས་གཅོད་པའི་ཤེས་རབ་དྲི་མ་མེད་པ་དེ་ཤིན་ཏུ་གཅེས་པ་དང་། ཆེད་འཛིན་གྱི་ཞེན་པ་ལས་གྲོལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་གཟའ་གཏད་མེད་པ་དེ་ཉིད་ཤིན་ཏུ་གཅེས་པའོ།།

༢༣༩ ལམ་དུ་སློང་བ་སྤྱི་ཡི་ཆོས་དྲུག་བསྟན་པ།

ལམ་དུ་སློང་བ་སྤྱི་ཡི་ཆོས་དྲུག་ནི།།

མར་གྱི་ཟག་ཆུ་བསྡམས་པའི་རྒྱུ་འབྲས་ཕྲ་མོ་སྤྱད།།

ཡར་གྱི་ཕུ་ཐག་བསྲིངས་པ་མཐོན་པོའི་རྩེ་མོ་སྙེགས།།

བར་གྱི་འཕྲེད་ཁ་བཅད་པ་ཆོས་སྤྱོད་སྲང་དུ་གཞུག།

སྦྱོར་བ་ཐེག་དམན་ལས་ལྡོག་བྱང་ཆུབ་སེམས་བསྐྱེད་བྱ།།

དངོས་གཞི་བདེན་ཞེན་དགག་པ་རང་བཞིན་མེད་ཤེས་དང༌།།

རྗེས་ལ་ལམ་དུ་བསྒྱུར་བ་འཁོར་གསུམ་དག་པར་བསྔོ།།

དེ་དྲུག་ལྡན་ན་དགེ་སྦྱོར་ལམ་དུ་འགྲོ།།

ཞེས་གསུངས་པ་སྟེ། ལམ་དུ་སློང་བ་སྤྱི་ཡི་ཆོས་དྲུག་པོ་ནི། ལུང་པའི་ཆུ་ལུང་གཞུང་གི་ཐུར་དུ་རྒྱུག་པ་སླ་བ་ཡིན་པས་དེ་འགོག་པར་བྱེད་པ་ལ་གསེང་ཕྲ་མོ་ནས་ཟགས་པའི་ཆུ་ཡིན་ཡང་བསྡམས་དགོས་པ་ལས་འགོག་མི་ཐུབ་པ་བཞིན་དུ། རྒྱུ་འབྲས་བླང་དོར་གྱི་གནས་ཕྲ་མོ་ཙམ་ནས་འཇུག་ལྡོག་བྱས་ནས་སྤྱད་པ་དགོས་པ་ལས་ངན་སོང་གི་སྐྱེ་སྒོ་ཁེགས་པ་མིན་པ་དང་། ཡར་གྱི་ལུང་པའི་ཕུ་ཐག་གི་རི་རྩེ་མཐོན་པོ་ལ་བསྲིངས་པ་བཞིན་དུ་ལྟ་བའི་མཐོང་རྒྱ་དེ་མཐོན་པོའི་རྩེ་མོ་ལ་སྙེགས་པར་གྱིས་ཤིག བར་གྱི་འཕྲེད་ཁ་ལུང་པའི་ཐད་ནས་བཅད་དེ་སོང་ན་ས་ཆོད་ལྟར་དུ་ཆོས་སྤྱོད་སྲང་ངམ་ཚད་དུ་གཞུག་པར་བྱ་བ་དང་། སྦྱོར་བ་སྔོན་འགྲོའི་ཆོས་ཐེག་དམན་ལས་ལྡོག་པའི་ཆེད་དུ་དགེ་རྩ་ཐབས་ཀྱིས་ཟིན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་དང་། དངོས་གཞི་དམིགས་པ་མེད་པ་བདེན་ཞེན་དགག་ནས་དགེ་རྩ་རྐྱེན་གྱིས་མི་ཤིགས་པར་བྱེད་པ་རང་བཞིན་མེད་པར་ཤེས་པར་བྱེད་པ་དང༌། རྗེས་ལ་བྱང་ཆུབ་ཆེན་པོའི་ལམ་དུ་བསྒྱུར་བ་དང་དགེ་བ་གོང་ནས་གོང་དུ་འཕེལ་བྱེད་ལ། བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་གྱི་འཁོར་གསུམ་དག་པར་བསྔོ་བར་བྱེད་པ་སྟེ། སོ་སྐྱེའི་གནས་སྐབས་ན་འཁོར་གསུམ་ཡང་དག་གི་བསྔོ་བ་མཚན་ཉིད་པ་ཞིག་ཡོང་བ་མིན་ཡང་། ཕྱོགས་བཅུའི་དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་ལྟར་དུ་ངས་བསྔོ་བ་ཡིན་བསམས་ན་འཁོར་གསུམ་ཡང་དག་གི་དོད་ཐུབ་པ་ཡིན་པ་སྟེ། དེ་ལྟ་བུའི་ཆོས་དྲུག་ལྡན་ན་དགེ་སྦྱོར་ལམ་དུ་འགྲོ་བ་ཡིན་ནོ།།

༢༤༠ འཁྲོལ་ཆགས་ཡངས་པ་ཆེན་པོའི་ཆོས་དྲུག་བསྟན་པ།

འཁྲོལ་ཆགས་ཡངས་པ་ཆེན་པོའི་ཆོས་དྲུག་ནི།།

བློ་རྒྱ་ཆུང་བས་མི་འོང་སྡེ་སྣོད་འཁྲོལ་ཤེས་དགོས།།

ཤེས་ནས་འབྱམས་པས་མི་འོང་གདམས་ངག་འཁྲོལ་ཤེས་དགོས།།

ཟབ་མོས་སྐྲག་པས་མི་འོང་རྒྱུད་སྡེའི་འཁྲོལ་ཤེས་དགོས།།

ཚིག་ཕྱིར་འབྲེངས་པས་མི་འོང་བསྒྲུབ་པའི་འཁྲོལ་ཤེས་དགོས།།

ཕྱོགས་ཆའི་གྲུབ་མཐས་མི་འོང་གང་ལ་འཁྲོལ་ཤེས་དགོས།།

ཐེ་ཚོམ་སོམ་ཉིས་མི་འོང་ངེས་ཤེས་འཁྲོལ་ཤེས་དགོས།།

དེ་ལྟར་སུས་ཤེས་ཆོས་ཀུན་གཅིག་ཏུ་འདུས།།

ཞེས་གསུངས་པ་སྟེ། འཁྲོལ་ཆགས་ཏེ་གུ་དོག་མ་ཡིན་པ་ཡངས་པ་ཆེན་པོའི་ཆོས་དྲུག་ནི། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ་བློ་རྒྱ་ཆུང་ཆུང་ཐོས་པ་ཉུང་ཉུང་ཞིག་གིས་མི་འོང་བས་སྡེ་སྣོད་ཀྱི་ཁོག་ཐམས་ཅད་འཁྲོལ་ཤེས་དགོས། མདོ་སྔགས་ཀྱི་གཞུང་མང་པོ་ཤེས་ཀྱང་ཁ་ཚིག་གི་ཐོག་ནས་འབྱམས་སོང་བས་མི་འོང་བར་དེའི་གནད་ཀྱི་གདམས་ངག་གི་ཁོག་འཁྲོལ་ནས་གདམས་ངག་གནད་དུ་དྲིལ་བའི་གཞུང་ལུགས་གདམས་པར་ཤེས་པའི་ཉམས་ལེན་དགོས། ཆོས་ཟབ་མོས་སྐྲག་པས་མི་འོང་བས་གསང་སྔགས་ཀྱི་རྒྱུད་སྡེའི་ཁོག་དོན་རྣམས་འཁྲོལ་ཤེས་དགོས། དེ་ཡང་ཚིག་ཕྱིར་འབྲེངས་པས་མི་འོང་བས་སྒྲུབ་པའིཁོག་གནད་འཁྲོལ་ཤེས་པ་ཞིག་དགོས། ཕྱོགས་ཆ་སྟེ་མདོ་སྔགས་ཕྱོགས་རེ་བ་དང་། སྔགས་རྒྱུད་ཕྱོགས་རེ་བའི་གྲུབ་མཐའ་ཉི་ཚེ་བ་ཞིག་གིས་མི་འོང་བར་མདོ་སྔགས་རྒྱུད་སྡེ་སྤྱི་ཡི་གནད་ཀྱི་སྙིང་པོ་འཁྲོལ་ཤེས་པ་ཞིག་དགོས། དེ་ཡང་ཐེ་ཚོམ་དང་སོམ་ཉིས་མི་འོང་བས་ངེས་ཤེས་ཁྱད་པར་ཅན་དང་ལྡན་པས་གནད་དུ་འཁྲོལ་ཤེས་པ་ཞིག་དགོས། དེ་ལྟར་སུས་ཤེས་ཆོས་ཀུན་འགལ་འདུ་མེད་པའི་གནད་གཅིག་ཏུ་འདུས་པར་ཤེས་པའོ།།

༢༤༡ ཡང་དག་དོན་ལ་སྦྱར་བའི་ཆོས་དྲུག་བསྟན་པ།

ཡང་དག་དོན་ལ་སྦྱར་བའི་ཆོས་དྲུག་ནི།།

ཅི་བསླབ་གཞན་གྱི་དོན་དུ་སྦྱར་བ་དང༌།།

སྙིང་རྗེས་སྡུག་བསྔལ་རང་ཉམས་སྦྱར་བ་དང༌།།

ལོངས་སྤྱོད་ཅི་བྱུང་ཚོགས་སུ་གཏང་བ་དང༌།།

སྡོམ་གསུམ་དམ་ཚིག་གཙང་མ་བསྲུང་བ་དང༌།།

སྤྱོད་ལམ་ཆོས་ཉིད་དག་དང་མ་བྲལ་དང༌།།

མོས་གུས་གདུང་བས་གསོལ་བ་གདབ་པ་རྣམས།།

དམ་པའི་རྣམ་ཐར་ཡིན་ནོ་རྗེས་སུ་བསྒྲུབ།།

ཅེས་གསུངས་པ་སྟེ། ཡང་དག་དོན་ལ་སྦྱར་བའི་ཆོས་རྣམ་པ་དྲུག་ནི། གང་ཅི་བསླབ་པ་ཐམས་ཅད་སེམས་ཅན་གཞན་གྱི་དོན་དུ་སྦྱར་བ་སྟེ། སྤྱིར་གྲྭ་བ་དང་བཙུན་མ་སུ་ཡིན་པ་ཐམས་ཅད་དང་། ཁྱད་པར་དུ་གྲྭ་ས་པ་ཐོས་པ་སློབ་གཉེར་བྱེད་པ་ཞིག་གིས་གཞུང་བཀའ་པོད་ལྔ་དང་། གྲྭ་ས་འདིའི་ཕྱག་སྲོལ་ལྟར་ན་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་ལ་ཐོས་བསམ་བྱེད་པའི་དམིགས་ཡུལ་ནི། གཞན་སེམས་ཅན་ཐམས་ཅད་ཕན་པ་དང་བདེ་བར་སྦྱོར་བའི་ཆེད་དུ་སྦྱོང་བས་མ་ཚད། དེའི་དོན་ཉམས་སུ་ལེན་པ་ལ་བརྩོན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་ཀུན་སློང་སྔོན་དུ་འགྲོ་དགོས་པ་དང་། དེ་ཐོབ་པར་བྱེད་པ་ལ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་དགོས་པས་ད་ལྟ་ཉིད་ནས་སེམས་ཅན་གྱི་དོན་དུ་ཆོས་ཚིག་བཞི་པ་གཅིག་ལས་མ་ཤེས་ཀྱང་དེ་གཞན་ལ་སློབ་པ་སོགས་ཆེ་ཐུབ་ཆུང་ཐུབ་ཀྱིས་བརྩོན་དགོས་པ་ཡིན། སྙིང་རྗེ་ཚད་མེད་སྒོམ་པའི་སྐབས་སུ་ཤན་པས་གསོད་སར་ཁྲིད་པའི་སེམས་ཅན་ལྟ་བུ་ཞིག་ལ་དམིགས་ནས། དེ་ཡང་ན་རང་ཉིད་དམ་། ཡང་ན་ཚེ་འདིའི་མ་ལྟ་བུ་ཞིག་ཡིན་པར་བསྒོམ་དགོས་པར་གསུངས་པས། བཤའ་ཟོག་དང་། བཤའ་ལུག་དང་། ལ་ཁའི་རི་དྭགས་དང་། ཆུ་ནང་གི་ཉ་མོ་ལ་སོགས་པ་འདི་དག་སྲོག་གི་རྒྱུ་བ་འདོར་ལ་ཕྱོགས་པའི་སྐབས་སུ། རང་ཉིད་ཡིན་པར་སེམས་ཐོག་ཏུ་བླངས་པའི་སྒོ་ནས་སྙིང་རྗེས་སྡུག་བསྔལ་རང་ཉམས་ལ་སྦྱར་བར་བྱས་ན། རང་གི་ལུས་ལ་དཔེ་བླངས་ནས་གཞན་ལ་གནོད་པ་མི་བསྐྱལ་བ་ཞིག་ཡོང་བ་ཡིན། ལོངས་སྤྱོད་ཅི་བྱུང་བ་ཐམས་ཅད་རླུང་ཁྱེར་གྱི་རྫས་བཞིན་དུ་ཚོགས་ཀྱི་འཁོར་ལོའི་རྫས་སུ་གཏང་བ་དང༌། སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་གྱི་དམ་ཚིག་དང་སྡོམ་པ་གཙང་མ་མིག་གི་འབྲས་བུ་བཞིན་དུ་བསྲུང་བ་དང༌། སྤྱོད་ལམ་གང་བྱས་ཀྱང་ཆོས་ཉིད་རྣམ་པར་དག་པ་སྣང་སྟོང་སྒྱུ་མ་ལྟ་བུའི་ངང་དང་མ་བྲལ་བ་ཞིག་བྱེད་པ་དང༌། མོས་གུས་གདུང་བས་བླ་མ་དཀོན་མཆོག་ལ་གསོལ་བ་གདབ་པ་སྟེ། འདི་དག་རྣམས་ནི་དམ་པའི་རྣམ་ཐར་ཡིན་ནོ་རྗེས་སུ་བསྒྲུབ་པར་བྱའོ།།

༢༤༢ ན་བ་ལམ་དུ་བསླང་བའི་ཆོས་དྲུག་བསྟན་པ།

ན་བ་ལམ་དུ་བསླང་བའི་ཆོས་དྲུག་ནི།།

ན་བས་འཁོར་བའི་ལས་ངན་ཟད་པར་བྱེད།།

ན་བས་ཉོན་མོངས་དྲི་མ་འཁྲུ་བར་བྱེད།།

ན་བས་མོས་གུས་གདུང་བའི་གསོལ་འདེབས་བྱེད།།

ན་བས་བརྩོན་འགྲུས་དགེ་སྦྱོར་སྐུལ་མ་བྱེད།།

ན་བས་ཐར་བའི་ལམ་དང་སྤྲོད་པར་བྱེད།།

ན་བས་རྩལ་སྦྱོང་བོགས་འདོན་གསལ་འདེབས་བྱེད།།

དེ་ཕྱིར་ན་བ་མཁས་པས་ལམ་དུ་བསླང༌།།

ཞེས་གསུངས་པ་སྟེ། ན་བ་ལམ་དུ་བསླང་བའི་ཆོས་དྲུག་ནི། ན་བས་སྔར་བསགས་ཀྱི་འཁོར་བའི་ལས་ངན་ཟད་པར་བྱེད་པ་དང་། ན་བས་ཉོན་མོངས་པའི་དྲི་མ་འཁྲུ་བར་བྱེད་པ་དང་། ན་བའི་རྐྱེན་ངན་དེས་བསྐུལ་ནས་མོས་གུས་གདུང་བའི་གསལ་འདེབས་ཀྱང་བྱེད་པ་དང་། ན་བའི་རྗེས་སུ་འཆི་བ་ཡོང་བར་བསམས་ནས་བརྩོན་འགྲུས་རྩོམ་ཞིང་དགེ་སྦྱོར་གྱི་སྐུལ་མ་བྱེད་པ་དང་། ན་བའི་རྐྱེན་དེས་བསྐུལ་ནས་ཐར་བའི་ལམ་དང་སྤྲོད་པར་བྱེད་པ་དང་། ན་བས་རྩལ་སྦྱོང་བོགས་འདོན་གསལ་འདེབས་བྱེད་པ་སྟེ། དེ་ཡང་ཇི་སྐད་དུ། ན་བས་ཚེ་འདིའི་ཞེན་པ་ཆུང་། །ན་བས་དགེ་སྦྱོར་དྲག་ལ་འདེད། །ན་བས་སྔོན་བསགས་ལས་ངན་འཛད། །ན་བ་ཆོས་ཀྱི་སྐུལ་འདེད་ཡིན། །ཞེས་ཀྱང་གསུངས་པ་དེ་ཡི་ཕྱིར་ན་བ་དེས་གོ་ཆེན་བཅད་ནས་རྣལ་འབྱོར་པའི་ལམ་གྱི་བོགས་འདོན་དང་རྩལ་སྦྱོང་བྱེད་པའི་སྒོ་ནས་མཁས་པས་ལམ་དུ་བསླང༌བར་བྱའོ།།

༢༤༣ ཤེས་པ་དྲུག་གི་གདམས་ངག་བསྟན་པ།

ཤེས་པ་དྲུག་གི་གདམས་ངག་བསྟན་པ་ནི།།

གནོད་བྱེད་དགྲ་འདྲེ་ཕན་འདོགས་ལྷར་ཤེས་དང༌།།

ཉེ་འབྲེལ་བརྩེ་གདུང་མར་འདྲེན་གནོད་སྐྱེལ་དང༌།།

རང་རྒྱུད་ཉོན་མོངས་དགྲ་སྡང་ཚེར་མ་དང༌།།

ངར་འཛིན་སྲུང་སྐྱོབ་གནོད་བྱེད་འགོང་པོ་དང༌།།

མི་མཐུན་རྐྱེན་ངན་ཐར་ལམ་བོགས་འབྱིན་དང༌།།

སྙན་གྲགས་བསྟོད་པ་སྐྱོན་གྱི་ངན་ཚང་དུ།།

ཤེས་པར་བྱ་བ་ཤིན་ཏུ་རྣམ་དྲུག་གཅེས།།

ཞེས་གསུངས་པ་སྟེ། ཤེས་པ་དྲུག་གི་གདམས་ངག་བསྟན་པ་ནི། གནོད་བྱེད་དགྲ་འདྲེ་ལ་བརྟེན་ནས་ངེས་འབྱུང་གི་སྐུལ་མ་བྱེད་པས་ན་དགྲ་འདྲེ་དེ་ཕན་འདོགས་པའི་ལྷར་ཤེས་པ་དང་། གཞན་ཡང་། རྟོགས་ན་གདོད་མའི་མགོན་དང་རོ་གཅིག་ཀྱང་། །མ་རྟོགས་སྣང་ངོར་རང་རྒྱུད་དྲེགས་པའི་ཚུལ། །ཞེས་པ་ལྟར་དུ་རྟོགས་དང་མ་རྟོགས་ཀྱིས་ལྷ་འདྲེ་རུ་འགྱུར་བ་ཡིན་པ་དང་། ཉེ་འབྲེལ་ལ་བརྩེ་གདུང་གི་ཞེན་པ་ཡོད་པ་དེས་འཁོར་བའི་གནས་སུ་འཆིང་ནས་མི་ཐར་བ་བྱེད་པས། དེ་ནི་མར་འདྲེན་བྱེད་ཀྱི་གནོད་སྐྱེལ་མཁན་ཞིག་ཡིན་པར་ཤེས་པར་བྱེད་པ་དང་། རང་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ནི། དགྲ་སྡང་དང་ཚེར་མ་བཞིན་དུ་རང་གི་གནོད་བྱེད་ཡིན་པར་ཤེས་དགོས་པ་དང༌། ངར་འཛིན་གྱི་སྒོ་ནས་རང་ལ་སྲུང་སྐྱོབ་བྱེད་པ་ནི། གནོད་བྱེད་འགོང་པོ་ཞིག་ལ་གཅེས་སྤྲས་བྱས་པ་དང་འདྲ་བ་ཡིན་པ་དང་། མི་མཐུན་པའི་རྐྱེན་ངན་བྱུང་བ་དེ་ལམ་དུ་ལྷོང་ཐུབ་ན་ཐར་ལམ་གྱི་བོགས་འབྱིན་དུ་འགྲོ་བ་ཡིན་པ་དང་། སྙན་གྲགས་བསྟོད་པ་དེ་གནས་སྐབས་ཉམས་དགའ་ཡང་མཐར་གནོད་སྐྱེལ་བྱེད་ཡིན་པས་སྐྱོན་གྱི་ངན་ཚང་དུ་ཤེས་པར་བྱ་བ་སྟེ། དེ་དག་ནི་ཤིན་ཏུ་གལ་ཆེ་བ་རྣམ་དྲུག་ཡིན་པས་གཅེས་པར་བྱའོ།།

༢༤༤ ངེས་དོན་སྙིང་པོའི་གདམས་ངག་རྣམ་དྲུག་བསྟན་པ།

ངེས་དོན་སྙིང་པོའི་གདམས་ངག་རྣམ་དྲུག་ནི།།

སྐྱེ་མེད་ངང་ལས་འཁྲུལ་གཞི་ངོས་གཟུང་ཞིང༌།།

འགག་མེད་འཆར་དུས་འཁྲུལ་བ་རྩད་ནས་ཆོད།།

གཉིས་མེད་རྟོགས་པས་འཁོར་བ་རུ་བཟློག་ཅིང༌།།

བློ་དངོས་རང་གྲོལ་མཐའ་བཞིའི་གེགས་རྣམས་བསལ།།

ལྟ་བས་ཕུ་བཅད་འཁོར་འདས་ཁོག་དགྲོལ་ཞིང༌།།

སྤྱོད་པས་མདའ་ཁྲོལ་སྤྱོད་ལམ་ལམ་དུ་སློང༌།།

འདི་དག་ཟབ་དོན་སྙིང་པོ་མཐར་ཐུག་ཡིན།།

ཞེས་གསུངས་པ་སྟེ། མཐར་ཐུག་ངེས་པ་དོན་གྱི་སྙིང་པོའི་གདམས་ངག་རྣམ་དྲུག་ནི། གཞི་སྐྱེ་མེད་ཀྱི་ངང་ལས་མ་རྟོགས་འཁྲུལ་སྣང་དུ་ཤར་བའི་འཁྲུལ་གཞི་དེ་ཉིད་ངོས་གཟུང་ཞིང༌། སྐྱེ་མེད་ཀྱི་དབྱིངས་ལས་འགག་མེད་དུ་འཆར་བའི་གནད་ཤེས་དུས་འཁྲུལ་བ་དེ་ཉིད་རྩད་ནས་ཆོད་པ་ཡིན་པ་དང་། དེ་ལྟ་བུའི་སྐྱེ་འགག་གཉིས་མེད་ཀྱི་དོན་རྟོགས་པས་འཁོར་བའི་རུའམ་ཕྱོགས་བཟློག་ཅིང༌། ཤྲཱི་སིངྷས་གཟེར་བུ་བདུན་གསུངས་པ་ལས། ངོ་བོ་རང་དག་གི་གཟེར་བློ་དངོས་གཉིས་ཀྱི་བར་དུ་གདབ་པ་ཡིད་མཐུན་པའི་ཕོ་མོ་འཕྲད་པ་ལྟ་བུའི་མན་ངག ཅེས་གསུངས་པ་ལྟར་དུ་བློ་དང་དངོས་པོ་རང་སར་གྲོལ་བས་མཐའ་བཞིའི་གེགས་རྣམས་བསལ་བ་སྟེ། གཟེར་བུ་བདུན་གདབ་ས་ནི། འཁོར་འདས་གཉིས། རྟག་ཆད་གཉིས། ཡུལ་སེམས་གཉིས། བྱིང་རྒོད་གཉིས། བློ་དངོས་གཉིས། ཆོས་ཅན་དང་ཆོས་ཉིད་གཉིས། སྣང་བ་དང་སྟོང་པ་གཉིས་རྣམས་ཡིན་པ་ལས། བློ་དངོས་གཉིས་ཀྱི་བར་དུ་གདབ་པ་ངོ་བོ་རང་དག་གི་གཟེར་གྱིས་སྐྱེ་འགག་ལ་སོགས་པའི་མཐའ་བཞིའི་གེགས་བསལ་བ་ཡིན་པས་ན་གཟེར་གཞན་གྱི་གནད་ཀྱང་འདིར་འདུས་པར་བསྟན་པའོ། །ལྟ་བ་མཐོ་དགོས་པའི་གནད་ཀྱིས་ལུང་པའི་ཕུ་དང་རི་རྒྱལ་གྱི་རྩེ་མོ་ལ་དཔེར་བྱེད་པ་དང་། སྤྱོད་པ་ཞིབ་ཅིང་དམའ་དགོས་པའི་གནད་ཀྱིས་ལུང་པའི་མདའ་དང་ཆུ་བོའི་གཞུང་ལ་དཔེར་བྱེད་པ་ཡིན་པས། ལྟ་བས་ཕུ་ཐག་བཅད་ནས་འཁོར་འདས་ཀྱི་ཁོག་དགྲོལ་ཞིང༌། སྤྱོད་པས་ལུང་མདའི་ཁོག་ལྟ་བུ་དེ་ཁྲོལ་ཞིང་སྤྱོད་ལམ་ལམ་དུ་སློང༌བར་བྱེད་པ་སྟེ། འདི་དག་ནི་མཐར་ཐུག་ཟབ་མོའི་དོན་ཉམས་སུ་ལེན་པའི་གནད་ཀྱི་སྙིང་པོ་ཡིན་ནོ།།

༢༤༥ བྱ་བ་དྲུག་གིས་གནད་དུ་བརྡེག་པ་བསྟན་པ།

བྱ་བ་དྲུག་གིས་གནད་དུ་བརྡེག་པ་ནི།།

མི་གཞི་འགྱུར་མེད་ཆོས་ལས་མི་བཟློག་བྱ།།

སེམས་ལ་གཡོ་མེད་གཞན་གྱིས་མ་ཁྲེལ་བྱ།།

དད་གུས་འགྲིབ་མེད་རེས་འགར་མ་སོང་བྱ།།

བསླབ་གསུམ་གཅེས་སྤྲས་ཉེས་ལྟུང་མ་གོས་བྱ།།

རྟག་ཏུ་འཆི་བསམ་སྙོམ་ལས་མ་ལུས་བྱ།།

ཐུག་ཕྲད་ཉོན་མོངས་གཉེན་པོས་རང་གྲོལ་བྱ།།

དེ་དྲུག་ལྡན་ན་དགོས་པ་ཐམས་ཅད་འགྲུབ།།

ཅེས་གསུངས་པ་སྟེ། བྱ་བ་དྲུག་གིས་སྐྱོན་མཚང་གི་གནད་ཀྱི་སྲོག་རྩ་ལ་བརྡེག་ཅིང་གཅོད་པར་བྱེད་པའི་མན་ངག་ནི། མི་གཞི་འགྱུར་མེད་གཤིས་བཟང་ཡ་རབས་བྱེད་པའི་སྒོ་ནས་དམ་པའི་ཆོས་ལས་མི་བཟློག་པར་བྱ་བ་དང་། སེམས་ལ་གཡོ་བ་མེད་པས་གཞན་གྱིས་མ་ཁྲེལ་བ་བྱ་བ་དང་། དད་གུས་འགྲིབ་པ་མེད་པ་རེས་འགའ་བ་དང་ཕྱོགས་རེ་བར་མ་སོང་བ་བྱ་བ་དང་། རང་རྒྱུད་ཀྱི་བསླབ་པ་གསུམ་པོ་ལ་གཅེས་སྤྲས་བྱས་ནས་ཉེས་ལྟུང་གིས་མ་གོས་པར་བྱ་དང་། བསླབ་གསུམ་ནི་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱིས་ཉམས་སུ་ལེན་དགོས་ཏེ། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་དགེ་བསྙེན་ཡན་ཆད་སོ་ཐར་རིས་བདུན་གང་རུང་གི་སྡོམ་པ་ཞུས་པ་ཞིག་ཡིན་དུས་བསྲུང་དགོས་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ་བློ་ལྡོག་རྣམ་བཞི་དང་། ཚད་མེད་བཞི་དང་། བླ་མའི་རྣལ་འབྱོར་ནས་རྫོགས་ཆེན་གྱི་དོན་སྒོམ་པའི་བར་ཐམས་ཅད་ཀྱིས་དགོས་པ་དང་། ཤེས་རབ་ཀྱི་བསླབ་པ་ཡང་གོང་ནས་བཤད་པ་ལྟར་གནས་ལྔ་རིག་པ་དང་། གནས་ལུགས་རྟོགས་པའི་ཤེས་རབ་ལ་བརྩོན་དགོས་པའོ། །དུས་རྟག་ཏུ་འཆི་བ་མི་རྟག་པ་བསམ་ནས་སྙོམ་ལས་སུ་མ་ལུས་པར་བྱ་བ་དང་། ཐུག་ཕྲད་འཛིན་མེད་ཀྱིས་ཉོན་མོངས་པ་གཉེན་པོས་རང་སར་གྲོལ་བར་བྱ་དགོས་པ་སྟེ། དེ་ལྟ་བུ་དྲུག་དང་ལྡན་ན་དགོས་པ་ཐམས་ཅད་འགྲུབ་པའོ།།

༢༤༦ ཡེ་ཤེས་སྦར་བའི་གདམས་པ་རྣམ་དྲུག་བསྟན་པ།

ཡེ་ཤེས་སྦར་བའི་གདམས་པ་རྣམ་དྲུག་ནི།།

འཛིན་མེད་ངང་དུ་སྣང་བ་ས་ལེ་བ།།

གཉིས་མེད་ངང་དུ་མཉམ་པར་ལྷན་ནེ་བ།།

གསལ་དག་ངང་དུ་རང་དྭངས་སང་ངེ་བ།།

འོད་གསལ་ངང་དུ་རང་གསལ་སལ་ལེ་བ།།

ཆོས་ཉིད་ངང་དུ་དགའ་འཛུམ་ཤིག་གེ་བ།།

བློ་འདས་དབྱིངས་སུ་ཡངས་པ་ཕྱལ་ལེ་བ།།

མ་བཅོས་རང་བཞིན་རྫོགས་པ་ཆེན་པོར་འགྲུབ།།

ཅེས་གསུངས་པ་སྟེ། ཡེ་ཤེས་སྦར་བའི་གདམས་ངག་རྣམ་པ་དྲུག་ནི། འཛིན་ཞེན་མེད་པའི་ངང་དུ་དམིགས་འཛིན་བྲལ་བའི་སྣང་བ་མ་འགགས་པ་བཀྲ་ས་ལེ་བ། གཉིས་མེད་མཉམ་པའི་ངང་དུ་སྤང་ལ་བེ་ཕུར་བཏབ་པ་བཞིན་དུ་མཉམ་པར་ལྷན་ནེ་བ། གསལ་དག་ངང་དུ་གཟུང་འཛིན་གྱི་དྲི་མས་མ་སྦགས་པར་རང་དྭངས་སང་ངེ་བ། འོད་གསལ་སྟོང་པའི་ངང་དུ་རང་གསལ་འགག་མེད་དུ་སལ་ལེ་བ། ཅིར་སྣང་ཆོས་ཉིད་ངང་དུ་གནས་པས་དུས་རྟག་ཏུ་དགའ་འཛུམ་ཤིག་གེ་བ། བློ་འདས་དབྱིངས་སུ་ནམ་འཁའི་དཀྱིལ་ནས་མདུང་བསྐོར་བྱས་པ་དང་འདྲ་བར་ཐོགས་ས་དང་ཞེན་ས་མེད་པའི་ཡངས་པ་ཕྱལ་ལེ་བ། དེ་ལྟ་བུའི་ཆོས་དྲུག་པོ་དང་ལྡན་ན་མ་བཅོས་རང་བཞིན་རྫོགས་པ་ཆེན་པོར་འགྲུབ་པ་ཡིན་ནོ།།

༢༤༧ རང་བཞིན་གནད་དང་བསྲེ་བའི་ཆོས་དྲུག་བསྟན་པ།

རང་བཞིན་གནད་དང་བསྲེ་བའི་ཆོས་དྲུག་ནི།།

རང་རིག་བློ་འདས་གཉུག་མའི་ཡེ་ཤེས་ལ།།

རང་བབས་སྒོམ་པ་འོད་གསལ་ཆེན་པོ་ནི།།

གྲིམས་པར་བསྒྲིམས་ལ་ལྷོད་པར་གློད་པ་སྟེ།།

ཕྱལ་བར་མ་ཤོར་མ་ཡེངས་དྲན་པས་ཟིན།།

འཕྲོ་གནས་རིས་མེད་མཉམ་པའི་ངང་གཅིག་ལ།།

ཕྱོགས་བྲལ་ནམ་མཁའ་འདྲ་བའི་རང་བཞིན་ནི།།

ཆོས་སྐུ་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ།།

ཅེས་གསུངས་པ་སྟེ། རང་བཞིན་གནད་དང་བསྲེ་བར་གདམས་པའི་ཆོས་དྲུག་ནི། རང་རིག་འོད་གསལ་བློ་ལས་འདས་པའི་གཉུག་མའི་ཆོས་སྐུའི་ཡེ་ཤེས་དེ་ལ། ཆེ་འཛིན་བློ་ཡི་བཀོད་པ་ཅན་མ་ཡིན་པའི་རང་བབས་སུ་སྒོམ་པའི་འོད་གསལ་ཆེན་པོ་དེ་ནི། མ་ལབ་སྒྲོན་གྱིས། གྲིམས་ཀྱིས་སྒྲིམ་ལ་ལྷོད་ཀྱིས་གློད། །དེ་ན་ལྟ་བའི་གནད་ཅིག་ཡོད། །ཅེས་གསུངས་པ་ལྟར་དུ། གྲིམས་པར་བསྒྲིམས་ལ་ལྷོད་པར་གློད་པ་སྟེ་གྲིམས་ལྷོད་རན་པོ་དང་། རྣམ་རྟོག་གང་སྐྱེས་བདག་པོ་མེད་པའི་ཕྱལ་བར་མ་ཤོར་ཞིང་མ་ཡེངས་པ་དྲན་པས་ཟིན་པ་དང་། འཕྲོ་གནས་གང་ཡིན་ཡང་རིས་མེད་ཆོས་ཉིད་ཀྱི་ངང་ལ་མཉམ་པའི་ཆོས་ཉིད་ཀྱི་ངང་གཅིག་ལ་འབྱམས་པའི་ཕྱོགས་བྲལ་ནམ་མཁའ་འདྲ་བའི་རང་བཞིན་རྫོགས་པ་ཆེན་པོའི་དོན་དེ་ནི། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ལྷུན་མཉམ་གཅིག་གི་ངོ་བོ་ལ་ལྷུན་གྱིས་གྲུབ་པའོ།།

༢༤༨ མི་གནས་འཕོ་འགྱུར་མེད་པའི་ཆོས་དྲུག་བསྟན་པ།

མི་གནས་འཕོ་འགྱུར་མེད་པའི་ཆོས་དྲུག་ནི།།

རིག་པ་སྟོང་གསལ་སྤྲོས་དང་བྲལ་བ་ལ།།

གཟུང་འཛིན་རེ་དོགས་དྲི་མས་མ་བསླད་པར།།

རང་བབས་སོ་མ་གཅེར་བུ་རང་གའི་ངང༌།།

མི་བསམ་མི་སྤྱད་མི་བསྒོམ་མི་རྟོག་པར།།

སལ་ལེ་སེང་ངེ་ཡེ་རེ་ཝལ་ལེ་བ།།

ཤར་གྲོལ་རིས་མེད་ཐ་མལ་ཤེས་པ་ནི།།

མ་ལུས་སྡུག་བསྔལ་སྤྲོས་ཀུན་ཞི་བྱེད་ཡིན།།

ཞེས་གསུངས་པ་སྟེ། མི་གནས་འཕོ་འགྱུར་མེད་པའི་ཆོས་དྲུག་ནི། རིག་པ་སྟོང་གསལ་འགག་མེད་ཡེ་ནས་སྤྲོས་པ་དང་བྲལ་བ་དེ་ལ། གཟུང་འཛིན་རེ་དོགས་ཀྱི་རྣམ་རྟོག་གིས་སྤགས་པའི་དྲི་མས་མ་བསླད་པར། རང་བབས་མ་བཅོས་སོ་མ་གཅེར་བུ་རང་གའི་ངང༌དུ། བློས་མ་བཅོས་པས་མི་བསམ། ཅིར་ཡང་འཛིན་པ་མེད་པས་ན་མི་སྤྱད། ཆེད་དུ་འཛིན་པས་མི་བསྒོམ། རེ་དོགས་ཀྱི་འཛིན་པས་མི་རྟོག་པར་འཛིན་མེད་དུ་སྣང་བའི་སལ་ལེ་བ། གསལ་དག་གི་ངང་ལ་དྭངས་སེང་ངེ་ཡོད་པའི་སེང་ངེ་བ། མ་བཅོས་རང་གའི་ངང་དུ་ཡོད་པའི་ཡེ་རེ་བ། རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་མི་རྟོག་འཛིན་མེད་ཀྱི་ངང་ལ་འཕྲོ་གནས་གཉིས་མེད་དུ་འཆར་བའི་ཝལ་ལེ་བ་སྟེ། དེ་ལྟ་བུའི་ཤར་གྲོལ་རིས་སུ་མེད་ཅིང་བཟོ་མེད་ མལགྱིཤེས ་དེ་ནི། མ་ལུས་འཁོར་བའི་སྡུག་བསྔལ་གྱི་སྤྲོས་པ་ཐམས་ཅད་ཀུན་ནས་སམ་དུས་གཏན་དུ་ཞི་བར་བྱེད་པ་ཞིག་ཡིན་ནོ།།

༢༤༩ ཆོས་ཉིད་མཉམ་པ་ཆེན་པོའི་ཆོས་དྲུག་བསྟན་པ།

ཆོས་ཉིད་མཉམ་པ་ཆེན་པོའི་ཆོས་དྲུག་ནི།།

མཐའ་གྲོལ་རིག་པ་ནམ་མཁའ་ལྟ་བུ་ལ།།

འཁོར་འདས་རིས་མེད་སྤང་བླང་ཐ་སྙད་བྲལ།།

བྱར་མེད་ཆོས་སྐུ་གཞི་གྲོལ་ལྟ་བའི་ངང༌།།

གང་ལའང་མི་སེམས་དམིགས་འཛིན་བྲལ་བ་ནི།།

གནས་ལུགས་རང་བཞིན་ཤེས་རབ་ཕ་རོལ་ཕྱིན།།

བློ་ཡི་སྙེམས་བྲལ་ཞེན་པའི་འཁྲིས་ཆོད་པ།།

རྒྱལ་བ་ཀུན་གྱི་སྤྱོད་ཡུལ་ལྷུན་གྱིས་གྲུབ།།

ཅེས་གསུངས་པ་སྟེ། ཆོས་ཉིད་མཉམ་པ་ཆེན་པོའི་ཆོས་དྲུག་ནི། མཐའ་གྲོལ་གྱི་རིག་པ་ནམ་མཁའ་ལྟ་བུའི་ཕྱོགས་ཆ་དང་བྲལ་བ་དེ་ལ། འཁོར་འདས་ཀྱི་རིས་མེད་ཅིང་སྤང་བླང་གི་ཐ་སྙད་དང་བྲལ་བ། བྱར་མེད་བྱས་ཆོས་དང་བྲལ་བ་ཆོས་སྐུ་གཞི་གྲོལ་ཆེན་པོ་མཐར་ཐུག་གི་ལྟ་བའི་ངང༌ལ། རྣམ་པར་རྟོག་པས་བཟང་ངན་གང་ལའང་མི་སེམས་པའི་དམིགས་འཛིན་དང་བྲལ་བ་ནི། གནས་ལུགས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། སྒྲ་གཅན་འཛིན་གྱི་ཡུམ་བསྟོད་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་གསུངས་པ་ཁ་བསྒྱུར་ཆོག་པ་དང་དོན་གཅིག་པ་དང་། བློ་ཡི་སྙེམས་པ་དང་བྲལ་ཏེ་ཞེན་འཛིན་གྱི་འཁྲིས་སམ་འཁྲི་བ་ཆོད་པ་ནི། རྒྱལ་བ་ཀུན་གྱི་སྤྱོད་ཡུལ་དུ་ལྷུན་གྱིས་གྲུབ་པའོ།།

༢༥༠ རིག་པ་ཆོས་ཉིད་གནས་པའི་ཚད་དྲུག་བསྟན་པ།

རིག་པ་ཆོས་ཉིད་གནས་པའི་ཚད་དྲུག་ནི།།

དད་པའི་ངང་ལ་ཁམས་སོས་ཡལ་ལེ་བ།།

གནས་ལུགས་ངང་ལ་ལྷུན་ཆགས་མེར་རེ་བ།།

བསམ་གཏན་ངང་ལ་བརྗིད་ཆགས་ལྷན་ནེ་བ།།

ཉམས་མྱོང་ངང་ལ་བཀྲག་ཕྱིན་སལ་ལེ་བ།།

ཆོས་ཉིད་ངང་ལ་དྭངས་ཆགས་སང་ངེ་བ།།

རང་རིག་ངང་ལ་ངར་ཆགས་ཧུར་རེ་བ།།

དེ་ལྟར་བསྒོམས་པས་ཡེ་ཤེས་རིག་པའི་ཀློང༌།།

ཞེས་གསུངས་པ་སྟེ། རིག་པ་ཆོས་ཉིད་ཀྱི་ངང་དུ་གནས་པའི་ཚད་དྲུག་ནི། དད་པའི་ངང་ལ་ཁམས་སོས་ནས་སྣང་བ་གནས་འགྱུར་བའི་སྤྲོ་ཡལ་ལེ་བ། གནས་ལུགས་ཀྱི་ངང་ལ་དྭངས་ཤིང་མི་གཡོ་བའི་ལྷུན་ཆགས་མེར་རེ་བ། བསམ་གཏན་གྱི་ངང་ལ་བཞག་བསལ་མེད་པ་སྤང་ལ་བེ་ཕུར་བཏབ་པ་བཞིན་དུ་བརྗིད་ཆགས་ལྷན་ནེ་བ། ཉམས་མྱོང་གི་ངང་ལ་བཀྲག་ཕྱིན་ནོར་བ་མེད་པའི་མདངས་སལ་ལེ་བ། ཆོས་ཉིད་ཀྱི་ངང་ལ་རང་གིས་རང་དྭངས་ཆགས་པའི་སང་ངེ་བ། རང་རིག་ངང་ལ་ངར་ཆགས་ཧུར་རེ་བ་རིམས་ནད་བྱང་བའི་སྐྱེས་བུ་ལྟ་བུ་སྟེ། དེ་ལྟར་བསྒོམས་པས་ཡེ་ཤེས་རིག་པའི་ཀློང༌ལས་ནམ་ཡང་མི་འདའ་འོ།།

༢༥༡ སྐལ་བཟང་སྣོད་དང་ལྡན་པའི་ཆོས་དྲུག་བསྟན་པ།

སྐལ་བཟང་སྣོད་དང་ལྡན་པའི་ཆོས་དྲུག་ནི།།

མོས་གུས་ཚུད་པས་ཅི་བྱས་དད་མི་ལྡོག།

ཆོས་ལ་དད་པས་དགེ་སྡིག་རྒྱུ་འབྲས་འཛེམ།།

དམ་ཚིག་གཙང་བས་མཆེད་ལ་བརྩེ་གདུང་ཆེ།།

ཆོས་དང་འདྲེས་པས་དགེ་སྦྱོར་གཅེས་སྤྲས་བྱེད།།

གཉེན་པོ་ཆེ་བས་རྐྱེན་ངན་རང་སར་གྲོལ།།

བྲོད་པ་རྙེད་པས་སྒོམ་སྒྲུབ་བརྩོན་པ་ནི།།

དམ་ཆོས་རིན་ཆེན་སྣོད་མཆོག་ལགས་པར་གསུངས།།

ཞེས་གསུངས་པ་སྟེ། སྐལ་བཟང་སྣོད་དང་ལྡན་པའི་ཆོས་དྲུག་ནི། བླ་མ་ལ་ཚད་མེད་པའི་མོས་གུས་རང་རྒྱུད་ལ་ཚུད་པས། ཅི་མཛད་ལེགས་པར་མཐོང་ནས་ནམ་ཡང་དད་པ་མི་ལྡོག་པ་དང་། ཆོས་ལ་དད་པས་ན་དགེ་སྡིག་རྒྱུ་འབྲས་ལ་འཛེམས་ནས་བླངས་དོར་གྱི་གནས་འཆོལ་ཉོག་ཏུ་མི་སྤྱོད་པ་དང་། དམ་ཚིག་གཙང་བས་མཆེད་དང་ལྕམ་དྲལ་ལ་བརྩེ་གདུང་ལྷག་པར་དུ་ཆེ་བ་དང་། ཆོས་དང་རང་རྒྱུད་འདྲེས་པས་དགེ་སྦྱོར་ལ་གཅེས་སྤྲས་བྱེད་པ་ལས་གང་བྱུང་དེས་ཆོག་མི་བྱེད་པ་དང་། གཉེན་པོ་ཆེ་བས་རྐྱེན་ངན་གང་བྱུང་ཡང་དེའི་དབང་དུ་མི་འགྲོ་བར་རང་སར་གྲོལ་ཐུབ་པ་དང་། ཆོས་སྒྲུབ་པའི་འབྲས་བུ་གང་འཚམས་ཤིག་ཉམས་མྱོང་གི་ཐོག་ནས་ཤེས་ཏེ་ཆོས་ལ་བྲོད་པ་རྙེད་པས་སྒོམ་སྒྲུབ་ལ་བརྩོན་པ་ལྷག་པར་དུ་སྐྱེད་པར་བྱེད་པ་སྟེ། དེ་དག་ནི་དམ་ཆོས་རིན་ཆེན་གྱི་སྣོད་མཆོག་གཙང་མ་ལགས་པ་མདོ་རྒྱུད་དག་ལས་གསུངས་པའོ།།

༢༥༢ སྣོད་ངན་དོན་ཆུང་ཆོས་དྲུག་བསྟན་པ།

སྣོད་ངན་དོན་ཆུང་ཆོས་དྲུག་བསྟན་པ་ནི།།

ཡུན་རིང་བསྒོམས་ཀྱང་རང་རྒྱུད་མ་གྲོལ་ན།།

དགོན་པར་གནས་ཀྱང་དོན་ཆུང་རི་དྭགས་འདྲ།།

སྡེ་སྣོད་ཤེས་ཀྱང་གཉེན་པོར་མ་སོང་ན།།

ཐོས་བསམ་ཆེ་ཡང་དོན་ཆུང་ནེ་ཙོ་འདྲ།།

བླ་མ་བསྟེན་ཡང་གདམས་པ་མ་ལོན་ན།།

འདོ་སྟོར་རྒྱ་མཚོའི་འགྲམ་དུ་སྐོམ་རིད་ལུས།།

གདམས་ངག་ཡོད་ཀྱང་རྒྱུད་ལ་མ་འབྱོར་ན།།

བཅངས་པ་དོན་ཆུང་སྨན་དཔྱད་ཡི་གེ་འདྲ།།

དྲོད་རྟགས་ཐོབ་ཀྱང་སེམས་ཉིད་མ་རྟོགས་ན།།

སྒོམ་པ་དོན་ཆུང་མུ་སྟེགས་ལམ་ཞུགས་འདྲ།།

དཀའ་སྤྱད་ཆེ་ཡང་ཡོན་ཏན་མ་སྐྱེས་ན།།

འབད་པ་དོན་ཆུང་སྤང་ཕུག་འཕྱི་བ་འདྲ།།

དེ་བས་གནད་དུ་འགྲོ་བ་ཤིན་ཏུ་གཅེས།།

ཞེས་གསུངས་པ་སྟེ། གོང་དུ་སྣོད་ལྡན་སྐལ་བཟང་གི་མཚན་ཉིད་བསྟན་པ་དེ་ལས་ལྡོག་པའི་སྣོད་ངན་དོན་ཆུང་ཅན་གྱི་ཆོས་དྲུག་བསྟན་པ་ནི། དུས་ཡུན་རིང་པོར་ཕྱག་རྫོགས་ལ་སོགས་པའི་དོན་བསྒོམས་ཀྱང་རང་རྒྱུད་མ་གྲོལ་ནས་སྔར་བས་སྤུ་ཙམ་ཇེ་བཟང་དུ་སོང་མེད་ན། དགོན་པ་དབེན་པའི་རི་ཁྲོད་དུ་རང་གར་གནས་ཀྱང་དོན་ཆུང་བ་རི་དྭགས་རྣམས་དང་ཁྱད་མེད་པ་དང་། སྡེ་སྣོད་མང་པོ་ཞིག་ཁ་ནས་བཤད་ཤེས་ཀྱང་དོན་ལ་རང་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོར་སོང་མེད་ན། ཐོས་བསམ་ཆེ་ཡང་དོན་ཆུང་ནེ་ཙོ་དང་འདྲ་བ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་ཞེན་པ་ཇེ་ཆུང་དུ་སོང་ཡོད་ན་ཆོས་དེ་ཉིད་གཉེན་པོར་སོང་བའི་རྟགས་ཡིན་པས། དེ་ཡང་བདག་གཅེས་འཛིན་གྱི་གཉེན་པོར་འགྲོ་དགོས་པ་ལས་དགེ་སེམས་སྐད་ཅིག་མ་གཅིག་སྐྱེས་པ་ཚུན་ཆད་ང་རང་གི་དོན་དུ་ཡིན་བསམས་པར་བྱས་ན་ཐེག་ཆེན་གྱི་གྲལ་ཙམ་དུ་མི་འགྲོ་ལ། གཉེན་པོར་ཡང་སོང་མེད་པའི་རྟགས་ཡིན། གཟུང་འཛིན་གྱི་བདེན་ཞེན་མེད་པ་ཞིག་རེད་མེད་ན་ཐོས་བསམ་ཆེ་ཡང་དོན་ཆེན་པོ་འགྲུབ་མེད་པས་ནེ་ཙོས་འདོན་པ་འདྲ་སོང་བ་ཡིན་པས། དཔལ་སྤྲུལ་ཚང་གིས་ཁེངས་སྐྱུང་མཛད་དེ། རང་ལ་སྦྱར་ཏེ་གཞན་ལ་གོ་བའི་གདམས་ངག་འདི་ལྟར་གསུངས་ཡོད་དེ། ནེ་ཙོའི་འདོན་པ་ལྟ་བུའི་ཉམས་ལེན་འདི། །འཁྲུལ་མེད་རྒྱལ་བསྟན་ཡིན་སྙམ་བདག་ལ་མེད། །ཅེས་གསུངས་ཡོད། བླ་མ་མང་པོ་ལ་བསྟེན་པ་བྱས་ན་ཡང་ཐུགས་རྒྱུད་ཀྱི་གདམས་པའི་ཡོན་ཏན་མ་ལོན་ནས་བྱིན་རླབས་ཀྱི་དགོངས་རྒྱུད་མ་འཕོས་ན། སྐོམ་པས་གཟིར་བའི་གང་ཟག་དེ་སྐོམ་སེལ་གྱི་གནད་དམ་འདོ་ཆུ་བཏུང་བ་དེ་སྟོར་བའམ་ཤོར་ནས་རྒྱ་མཚོའི་འགྲམ་དུ་ཁ་སྐོམ་ལུས་རིད་དུ་ལྷག་པ་འདྲ་བ་དང་། གལ་ཏེ་གདམས་ངག་ཅིག་ལོན་ཡོད་ཀྱང་དེ་རང་གི་རྒྱུད་ལ་སྦྱར་བའི་སྒོ་ནས་འབྱོར་བ་མ་བྱས་ན། གདམས་ངག་གི་ཡི་གེ་བཅངས་ནས་ཡོད་ཀྱང་དོན་ཆུང་ལག་ལེན་དུ་མི་ཐེབ་པའི་ནད་པ་ཞིག་གིས་སྨན་དཔྱད་ཀྱི་ཡི་གེ་ཞིག་ཉར་ཚགས་བྱས་པ་དང་འདྲ་བ་དང་། བདེ་གསལ་མི་རྟོག་པ་ལ་སོགས་པའི་དྲོད་རྟགས་ཕྲན་བུ་རེ་ཐོབ་ཀྱང་སེམས་ཉིད་ཀྱི་གོ་དོན་མ་རྟོགས་ན། སྒོམ་པ་དོན་ཆུང་མུ་སྟེགས་པའི་ལམ། ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་སྒོམ་པ་དང་། གྲངས་ཅན་པས་རྣམ་འགྱུར་ཆད་པའི་སྟོང་པ་སྒོམ་པ་དང་། ཉི་མ་བས་སྣང་བ་སྤང་བའི་སྟོང་པ་སྒོམ་པ་དང་། ཛཱ་ཡ་དྷ་ར་བས་ཚོགས་དྲུག་ཡུལ་དང་བཅས་པ་སྐྱོན་དུ་བལྟས་ནས་མི་རྟོག་པ་རྩེ་གཅིག་ཏུ་སྒོམ་པ་དང་། བྱེ་བྲག་བས་དྲན་པ་སྐྱོན་དུ་བལྟས་ནས་དྲན་མེད་རྩེ་གཅིག་སྒོམ་པ་དང་། ཞི་བ་བས་ཐམས་ཅད་སེམས་སུ་བལྟས་ནས་སེམས་དེ་ལས་མ་ཡེངས་པར་སྒོམ་པ་དང་། རིག་བྱེད་པས་བདེ་སྡུག་རྣམ་རྟོག་གང་ཡང་སྤངས་ནས་ནམ་མཁའ་ལྟར་སྒོམ་པ་རྣམས་ལ་ཞུགས་ནས་དྲོད་རྟགས་ཀྱང་ཅུང་ཟད་རེ་ཐོབ་པ་ཡོད་ཀྱང་ཕན་ཐོགས་ཅན་གྱི་དྲོད་རྟགས་མ་ཡིན་པ་དང་འདྲ་བ་དང་། དཀའ་སྤྱད་མང་པོ་བྱས་ཀྱང་ཡོན་ཏན་རང་རྒྱུད་ལ་མ་སྐྱེས་ན། འབད་པ་དོན་ཆུང་སྤང་ཕུག་གི་འཕྱི་བ་ཁུང་དུ་ཉལ་ནས་བསྡད་ཀྱང་དོན་མེད་པ་དང་འདྲ་བ་དེ་བས་ན། ཉམས་ལེན་བྱས་ན་གནད་དུ་འགྲོ་བ་ཞིག་ཤིན་ཏུ་གཅེས་པ་ཡིན་ནོ།།

༢༥༣ བླ་མ་མཆོག་གི་རྟགས་དྲུག་བསྟན་པ།

བླ་མ་མཆོག་གི་རྟགས་དྲུག་བསྟན་པ་ནི།།

བསྟེན་ཚེ་བག་དྲོ་ཆོས་ལ་བློ་འགྲོ་ན།།

བསྒྲུབས་པའི་བྱིན་རླབས་སྤྲིན་ཕུང་ཡོད་པའི་རྟགས།།

སློབ་མ་སྒྲུབ་བཅུག་ཡོན་ཏན་སྣ་མང་ན།།

ཟབ་མོའི་སྙན་བརྒྱུད་གདམས་པ་ཆེ་བའི་རྟགས།།

འཁོར་དང་ཡོ་བྱད་གཞན་ཤོར་ཕྲག་དོག་མེད།།

འཇིག་རྟེན་མངོན་ཞེན་འདོད་བློ་ཟད་པའི་རྟགས།།

བློ་རིག་གང་ཡང་ལམ་དུ་འཇུག་ཤེས་ན།།

འགྲོ་དོན་ཐབས་མཁས་ཐུགས་རྗེ་ཡོད་པའི་རྟགས།།

སྡུག་བསྔལ་བ་ལ་ཕན་འདོགས་རྒྱ་ཆེ་ན།།

ཚད་མེད་སེམས་བསྐྱེད་སྙིང་རྗེ་འབྱོངས་པའི་རྟགས།།

ཁོང་ཡངས་བློ་བདེ་བྱ་བ་བྲལ་བ་ན།།

གནས་ལུགས་རྟོགས་པའི་གདེང་དང་ལྡན་པའི་རྟགས།།

དེ་འདྲའི་མཚན་ལྡན་བླ་མ་བཙལ་ལ་བསྟེན།།

ཞེས་གསུངས་པ་སྟེ། གདམས་ངག་བླ་མ་ལས་ཐོབ་པ་དང་། རྟོགས་པའི་བྱིན་རླབས་བླ་མ་ལས་འཕོ་དགོས་པ་ཡིན་པས། བླ་མ་བརྟག་པ་གནད་ཆེ་བ་ཡིན་ཕྱིར་འདིར་བླ་མ་མཆོག་གི་རྟགས་དྲུག་བསྟན་པ་ནི། བླ་མ་དེ་དང་པོ་བསྟེན་པའི་ཚེ་ན་བག་དྲོ་ཞིང་ཆོས་ཕྱོགས་ལ་བློ་འགྲོ་བ་ཞིག་བྱུང་ན། དེའི་བླ་མ་དེ་ལ་བསྒྲུབས་པའི་བྱིན་རླབས་ཀྱི་སྤྲིན་ཕུང་ཞིག་ཡོད་པའི་རྟགས་ཡིན་པ་དང་། སློབ་མ་ལ་ཚུལ་བཞིན་དུ་སྒྲུབ་པ་ཉམས་ལེན་བྱེད་དུ་འཇུག་པ་དང་། བླ་མ་རང་ཉིད་ལ་ཡོན་ཏན་གྱི་རིགས་སྣ་མང་པོ་དང་ལྡན་པ་ཞིག་ཡིན་ན། དེའི་བླ་མ་དེ་ལ་ཟབ་མོའི་སྙན་བརྒྱུད་ཀྱི་གདམས་པ་ཆེ་བའི་རྟགས་ཡིན་པ་དང་། འཁོར་དང་ཡོ་བྱད་ལ་སོགས་པ་གཞན་ལ་ཤོར་སོང་ཡང་དེ་ལ་ཕྲག་དོག་མེད་ན། འཇིག་རྟེན་གྱི་མངོན་ཞེན་དང་འདོད་ཞེན་གྱི་བློ་ཟད་ནས་ཆོས་བརྒྱད་སྤངས་པའི་རྟགས་ཡིན་པ་དང་། བློ་དང་རིག་པ་གང་ཡང་གཞན་དོན་གྱི་ལམ་དུ་འཇུག་ཤེས་པ་ཞིག་ཡིན་ན། སེམས་ཅན་གྱི་འགྲོ་དོན་ལ་ཐབས་མཁས་དང་ཐུགས་རྗེ་ཡོད་པའི་རྟགས་ཡིན་པ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཕན་འདོགས་རྒྱ་ཆེན་པོ་གནང་ན། ཚད་མེད་པའི་སེམས་བསྐྱེད་དང་སྙིང་རྗེ་ཐུགས་རྒྱུད་ལ་འབྱོངས་ཡོད་པའི་རྟགས་ཡིན་པ་དང་། ཁོང་དོག་བློ་སྣ་ཚབ་ཚུབ་ཅན་མ་ཡིན་པར་ཁོང་ཡངས་བློ་བདེ་འཇིག་རྟེན་གྱི་བྱ་བ་ཆོས་བརྒྱད་དོན་གཉེར་དང་བྲལ་བ་ཞིག་ཡིན་ན། གནས་ལུགས་མ་བཅོས་པའི་དོན་རྟོགས་པའི་གདེང་དང་ལྡན་པའི་རྟགས་ཡིན་པ་སྟེ། དེ་འདྲ་བའི་ཡོན་ཏན་ཅན་གྱི་མཚན་ཉིད་ཆ་ཚང་ལྡན་པའི་བླ་མ་བཙལ་ལ་བསྟེན་པར་བྱ།།

༢༥༤ ཆོས་སྒྲུབ་རྣམས་ཀྱི་རྟགས་དྲུག་སྤང་བ་བསྟན་པ།

ཆོས་སྒྲུབ་རྣམས་ཀྱི་རྟགས་དྲུག་སྤང་བ་ནི།།

མི་ཆོས་ཁ་འཛིན་ཆེ་ན་ཆགས་སྡང་ཡོད་པའི་རྟགས།།

ཅི་བྱས་སྡང་བར་མཐོང་ན་ལོག་ལྟ་སྐྱེས་པའི་རྟགས།།

འཁྲུལ་སྣང་གཅེས་འཛིན་མང་ན་དགེ་སྦྱོར་འགྲིབ་པའི་རྟགས།།

ཕ་ཡུལ་ཡོ་བྱད་སོག་ན་ཆོས་ལས་ལོག་པའི་རྟགས།།

ཚེ་འདི་དོན་དུ་གཉེར་ན་བར་ཆད་བདུད་ཀྱི་རྟགས།།

ཆོས་ལ་ངེས་ཤེས་མེད་ན་ཐར་ལམ་སྟོར་བའི་རྟགས།།

ཞེས་གསུངས་པ་སྟེ། གོང་དུ་བླ་མ་དམ་པའི་མཚན་ཉིད་བསྟན་ནས་ད་བླ་མ་དམ་པ་དེ་ལས་གདམས་པ་ཐོབ་ནས་སྒྲུབ་པ་ཉམས་ལེན་བྱེད་པ་རྣམས་ཀྱི་ངན་པའི་རྟགས་དྲུག་སྤང་དགོས་པར་བསྟན་པ་ནི། དགྲ་འདུལ་གཉེན་སྐྱོང་ཏག་ཏག་བྱས་ནས་མི་ཆོས་ཀྱི་ཁ་འཛིན་ཆེ་ན་ཆགས་སྡང་ནང་དུ་ཡོད་པའི་རྟགས་ཡིན་པ་དང་། ཅི་བྱས་སྡང་བར་མཐོང་སྟེ་སྣང་བ་ཐམས་ཅད་དགྲ་རུ་ལོག་ནས་མིག་སྔ་དེ་ན་ལེགས་པའི་དངོས་པོ་གཅིག་ཀྱང་མེད་ན། ཁོ་རང་གི་རྒྱུད་ལ་ལོག་ལྟ་སྐྱེས་པའི་རྟགས་ཡིན་པ་དང་། འཁྲུལ་སྣང་སྒྱུ་མའི་ནོར་རྫས་དང་འདོད་པའི་ཡོན་ཏན་ལ་གཅེས་འཛིན་ཤིན་ཏུ་མང་ན། དེའི་གང་ཟག་དེའི་དགེ་སྦྱོར་མར་འགྲིབ་ཁི་ཡོད་པའི་རྟགས་ཡིན་པ་དང་། ཕ་ཡུལ་ཏག་ཏག་ཏུ་འཁོར་ནས་རྒྱུ་ལོངས་སྤྱོད་ཡོ་བྱད་གསོག་པ་ཤ་སྟག་ལ་བརྩོན་ན། ཆོས་ལས་ཕྱིར་ལོག་ནས་ཆོས་དང་རྒྱབ་འགལ་རེད་པའི་རྟགས་ཡིན་པ་དང་། ཚེ་འདི་འབའ་ཞིག་དོན་དུ་གཉེར་ནས་ཕྱི་མའི་ཕུགས་འདུན་ལ་བསམ་པ་མ་འཁོར་ན། བར་ཆད་བདུད་ཀྱི་དབང་དུ་འགྲོ་བའི་རྟགས་ཡིན་པ་དང་། དམ་པའི་ཆོས་དང་གདམས་ངག་ལ་ངེས་ཤེས་ཅུང་ཟད་ཀྱང་མེད་ན་ཐར་ལམ་སྟོར་ནས་བོར་ཡོད་པའི་རྟགས་ཏེ། །དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་བསམ་པ་དག་གིས་འདི་དག་སྤང་བའམ་འདི་དག་གི་ཕྱོགས་སུ་མ་ཤོར་བར་གྱིས་དང་། ཆོས་མཐུན་ཡང་དག་གི་ལམ་རྙེད་ནས་མྱུར་དུ་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་བྱང་ཆུབ་དམ་པ་བརྙེས་ཏེ། རང་གཞན་གྱི་དོན་གཉིས་མཉམ་དུ་འགྲུབ་པ་ཡིན་ནོ། །ཆོས་ལ་ངེས་ཤེས་མེད་ན་ཐར་ལམ་སྟོར་བའི་རྟགས། །ཞེས་པའི་མཚམས་འདིར་དེ་རིང་བཞག་ནས། སང་ཉིན་ནོར་བ་དྲུག་གི་རང་བཞིན་སྤང་བ་ནས་འཆད་རྒྱུ་བྱེད། ད་འདིའི་མན་ངག་འདི་དག་གི་ནང་དུ་མདོ་རྒྱུད་ཀྱི་ཆོས་ཚུལ་མ་ལུས་པའི་ཉིང་བཅུད་གནད་ཀྱི་སྙིང་པོ་མ་འདུས་པ་མེད་པར་བསྡུས་ནས་གསུངས་ཡོད་པས། གདུལ་བྱ་བློ་དམན་འབྲིང་མཆོག་གསུམ་གྱི་གདམས་པ་ཐམས་ཅད་ཚང་ནས་ཡོད་པ་ཡིན། ད་རེས་ཀྱི་སྐབས་འདིར་གཙོ་བོ་བློ་སྦྱོང་གི་ཚུལ་དུ་བཀྲལ་བའི་དབང་དུ་བྱས་ནས་གོང་མའི་ཆོས་སྐད་ཟབ་དོན་གྱི་གནད་འདྲིལ་བ་དེ་དག་ཀྱང་། ཡེ་གསང་ཐབས་ཀྱིས་ཆོད་པའི་ཚུལ་དུ་བཞག་པ་དེ། དབང་རྣོན་ཉམས་མྱོང་ཅན་ལ་ཉམས་མྱོང་གི་ཕྱོགས་སྟོན་ཙམ་དུ་འགྲོ་བའི་ཚིག་འགའ་རེའི་གསལ་འདེབས་ཀྱང་ཞུས་པ་ཡིན། ད་ཁྱེད་རྣམ་པའི་དད་མོས་ཀྱི་ཐོག་ནས་ཆོས་འདིའི་བརྒྱུད་པ་བཟང་པོའི་ཉེ་བརྒྱུད་ཀྱི་གདམས་ངག་ཕུལ་ཐུབ་པས་མ་ཚད། ང་རང་ངོས་ནས་ཀྱང་རྣམ་པ་ཐམས་ཅད་དང་མཉམ་དུ་སྐྱོར་སྦྱོང་གི་བག་ཆགས་ཤིག་འཇོག་ཏུ་ཡོད་པ་འདི་ཡང་། སྙོམ་ལས་པ་ང་འདྲ་བ་ཞིག་ལ་མཚོན་ན་བརྒྱ་ལམ་རེས་འགའ་རེད་བསམ་བཞིན་ཡོད། ད་གང་ལྟར་མཆོག་ཕལ་འབྲིང་གསུམ་ཐམས་ཅད་ཀྱིས་མན་ངག་ཐོབ་པའི་དོན་པོ་ནི། ཐོབ་ཡིག་གསོག་པའི་ཆེད་ཙམ་མ་ཡིན་པར་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་པ་ནི། གནད་ཆེན་ནང་གི་གལ་ཆེན་ཡིན་པའི་ཚུལ་གསར་བུ་ཚོ་ལ་གསལ་འདེབས་སུ་ཞུས་པ་ཡིན། དགེ་བསྙེན་ཆོས་ཞུ་པ་ཚོས་ཆོས་ཞུ་དུས་ཚོགས་འདུ་འཚོགས་ནས་གཏམ་བཤད་བྱེད་ཀྱིན་ཡོད་པའི་སྣང་བ་དང་། གར་སྟེགས་ཀྱི་མི་སྣ་ཡི་འཁྲབ་སྟོན་གྱི་ལྟད་མོ་ལ་ལྟ་བཞིན་ཡོད་པའི་ཉམས་འཇོག་དང་། སློབ་གྲྭ་ཞིག་གི་དགེ་རྒན་གྱིས་སློབ་ཕྲུག་ལ་ཡི་གེ་སློབ་ཀྱིན་ཡོད་པའི་སྣང་བ་ཙམ་ཞིག་གི་གྲལ་དུ་འཇོག་མི་ཉན། ཆོས་ཞུ་དུས་སེམས་ཅན་ཐམས་ཅད་སྐྱོབ་པའི་ཆེད་དུ། རང་ཉིད་ནུས་པ་ཅན་ཞིག་བྱ་བའི་ཕྱིར་དུ་ཆོས་ཞུ་བ་ཡིན་སྙམ་པའི་ཀུན་སློང་གི་ཐོག་ནས། གོང་གི་དམིགས་མེད་དམ་པ་བཤད་པ་དེ་དང་ཡང་མ་བྲལ་བའི་སྒོ་ནས། ཆོས་གསུངས་པའི་བླ་མས་ཆོས་གང་གསུངས་ན་བླ་མ་དེ་ཉིད་དེའི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པར་བསྒོམས་ནས། དེའི་ཞལ་ནས་འོད་ཟེར་འཕྲོས་པ་རང་གི་སྙིང་ཁར་ཕོག་པས་མ་རིག་པའི་མུན་པ་བསལ་ཏེ་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་རྒྱས་པ་དང་། ཆོས་གསུང་བའི་གནས་དེ་ཡང་དག་པའི་ཞིང་ཁམས་ཤིག་གི་འདུན་པ་གཏད་པ་དང་། ཆོས་ཞུ་རོགས་ཚང་མ་ཡང་དཔའ་བོ་མཁའ་འགྲོའི་རང་བཞིན་ཡིན་པའི་དག་དྲན་གྱིས་དང་ཕན་ཡོན་ཆེ་བ་ཡིན། ཕན་ཡོན་ཆེ་བ་ཙམ་གྱིས་མི་ཚད་ཕྱིན་ཆད་ཞིང་ཁམས་སྦྱོང་བའི་ནུས་པ་ཡང་རྒྱུད་ལ་ཞོག་པ་ཡིན། དེ་ནས་མཇུག་ཏུ་བསྔོ་བའི་འདུན་པ་ཡང་། རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་བཞིན་དུ། དགེ་བ་དེ་ཉིད་སེམས་ཅན་ཐམས་ཅད་རྫོགས་བྱང་ཐོབ་པའི་ཆེད་དུ་བསྔོ་བ་ཡིན་བསམ་དགོས། ལར་སེར་སྐྱ་སུ་ཡིན་ཡང་ཆོས་ཁྲིད་ཡིན་ན་འདྲ། འཚོགས་པ་ཡིན་ན་འདྲ། གང་གི་སྐབས་སུ་ཡང་གཙུག་ལག་ཁང་དང་ཆོས་གྲྭའི་ནང་དུ་ཐོན་ཚར་དུས། འཇིག་རྟེན་གྱི་གཏམ་ཉོག་མི་བཤད་པར་ངག་བཅད་བྱེད་དགོས། སྤྱིར་པདྨའི་ཐང་དུ་ལྷ་ཁང་ནང་ནས་འཚོགས་དང་ཆོས་ཁྲིད་ཀྱི་སྐབས་སུ་སྐད་ཆ་བཤད་པའི་སྲོལ་མེད་ཀྱང་། ད་རུང་ཕྱིན་ཆད་ངེས་པར་དུ་ཡོད་མི་རུང་། དེ་ནས་རྒན་ཞུགས་རྣམས་དང་། གྲྭ་བ་གུར་ནང་དུ་བཞུགས་པ་རྣམ་པས་སྐུ་བསིལ་དུ་མ་འཇུག ས་རློན་གྱིས་ལུས་ལ་མི་གནོད་པའི་གདན་དང་ཉལ་ཁྲི་ལ་ཐུགས་བསམ་རེ་བཞེས་པར་མཛོད། སང་ཉིན་ཡང་བསྐྱར་མཇལ་ཡོང་།


previousཉིན་བརྒྱད་པའི་ཆོས་ཁྲིད། next