ཉིན་དང་པོའི་བཀའ་ཆོས།
ད་དེ་རིང་གྲུབ་བརྙེས་རིག་འཛིན་གོང་མའི་གདན་ས། འཇའ་ལུས་འོད་སྐུར་གྲོལ་བའི་རྗེས་ཤུལ། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་གཙུག་ལག་ཁང་དུ། འུ་ཅག་ཆོས་གཅིག་ལ་དམིགས་ཡུལ་གཏད་པའི་སྒོ་ནས་ཆོས་ར་གཅིག་གི་ནང་ལ་མཉམ་དུ་འདུས་ཏེ། དུས་བསྐལ་བའི་ཁུག་སོ་འདིར། ཐེག་ཆེན་མདོ་དང་སྔགས་ཀྱི་ཆོས་ལ་མཉམ་དུ་སྤྱོད་རྒྱུའི་སྐལ་བ་དང་ལྡན་རྒྱུ་འདི། རྒྱུ་མེད་རྐྱེན་མེད་སྟབས་ལེགས་སྟེས་དབང་གིས་བྱུང་བ་ཞིག་ག་ལ་ཡིན། འདི་སྔར་བསགས་བསོད་ནམས་ཀྱི་དབང་གིས་མཉམ་པོར་འཛོམས་ནས་ཆོས་འཆད་ཉན་བྱེད་པའི་སྨོན་ལམ་ཞིག་མཉམ་དུ་ཐེབས་སོང་བའི་རྟགས་ཡིན་པ་ནི་སྨོས་མ་དགོས་ལ། འདིའི་ནང་དུ་ཐུགས་རྗེ་ཡས་སྤྲུལ་གྱི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་དང་། མཁས་བཙུན་གཉིས་ལྡན་གྱི་མཁན་སྤྲུལ་སྡེ་སྣོད་འཛིན་པ་མང་རབ་བཞུགས་པ་མ་ཟད། དེ་དང་མཉམ་དུ་མཆོག་གསུམ་སྐྱབས་ཀྱི་དྭངས་མར་བཟུང་ནས་འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད་པའི་མི་སྐྱ་ཕོ་མོ་ཆོས་དད་པ་ཡང་ད་ལྟའི་བདེ་ཆེན་ཞིང་ཁྲིད་ཀྱི་ཆོས་ཚོགས་འདིར་མཉམ་དུ་ཞུགས་ཡོད་ཅིང་། འདིར་ཡོད་མང་ཆེ་བ་ནི་ས་ཆ་འདིའི་ཐོག་གི་མི། མདོ་ཁམས་གྲུབ་དབང་རྫོགས་ཆེན་པའི་གདན་ས་ཆོས་འཁོར་ཆེན་པོའི་ཉེ་འདབས་སུ་ཡོད་པ་དང་། དེ་དང་འབྲེལ་བའི་ཆོས་བརྒྱུད་གཅིག་པའི་མི་ཤ་སྟག་ཡིན་པས། ས་ཆ་ཆོས་ས་ཆོས་ཡུལ་གྱི་མི་དང་། ས་ཡག་སའི་གྲོ་མ་དེ་གཞན་གཅིག་དང་འདྲ་རྒྱུ་མ་རེད་སྙམ་པའི་འདུན་ཐང་ཡོད་པའི་ཐོག་ནས། ཁྱེད་མི་སྐྱ་ཕོ་མོ་ཚོས་ཆོས་ཉན་པའི་དུས་ཀྱི་ཆུ་ཚོད་གཅིག་གཉིས་པོའི་ཚེ་ཆོས་ཁྲིད་མ་གྲོལ་བར་འདུག་གཅིག་བྱས་ཏེ་ཁ་བརྡ་མི་བྱེད་པར་རྣ་བས་ཆོས་ཀྱི་སྒྲ་ཉན། སེམས་ཀྱིས་ཆོས་ཀྱི་དོན་སེམས་ནས། འཁོར་ལོ་སྐོར་རྒྱུ་དང་། ཕྲེང་བ་བགྲང་རྒྱུ་ཡང་བསྐྱུར་ནས་ཉན་དགོས་པ་ཡིན། ད་རེས་ཆོས་ར་འདིའི་ནང་དུ་ལོ་བཅོ་བརྒྱད་མན་ཆད་ཁྲིད་མ་ཡོང་ཞེས་བཤད་པ་དེ་ཅི་ཞིག་གི་དོན་ཡིན་ཞེ་ན། ལོ་བཅོ་བརྒྱད་མན་ཆད་ནི་བྱིས་པ་ཡིན་པས་ཆུང་སྐྱོན་ཡོད་ཕྱིར། རང་གིས་ཆོས་ཉན་མི་ཤེས་ཤིང་གཞན་ལའང་ཉན་མ་བཅུག་ན། དེའི་བར་ནས་རང་གཞན་གཉིས་ཀས་དོན་མེད་ཀྱི་སྡིག་གསོག་པར་དོགས་ནས་མ་ཡོང་ཞེས་པ་ཡིན། སྤྱིར་ན་བདེ་ཆེན་ཞིང་སྒྲུབ་དང་། བདེ་ཆེན་ཞིང་ཁྲིད་གཉིས་ལ་ཁྱད་པར་ཡོད། ཆོ་ག་ཞིག་ལ་བརྟེན་ནས་འོད་མཚན་དང་བསྙེན་པ་བགྲང་རྒྱུ་གཙོར་བཟུང་གིས་སྒྲུབ་པ་ཞག་བདུན་གྱི་སྦྱོར་དངོས་རྗེས་གསུམ་བསྙེན་སྒྲུབ་ཀྱི་རྣམ་པ་ཅན་དེ་ཞིང་སྒྲུབ་ཡིན་པ་དང་། འཆད་ཁྲིད་ཀྱི་ཐོག་ནས་ཚིག་རེ་དང་དོན་རེ་སྦྲགས་ཏེ་ཁྲིད་པ་དང་། ཁྲིད་པའི་དོན་དེ་ཁྲིད་སྦྱང་གི་སྒོ་ནས་ཐུན་བཞི་ཆག་མེད་ཀྱིས་ཉམས་ལེན་བྱེད་པ་དེ་ཞིང་ཁྲིད་ཡིན། ད་རེས་ང་ཚོས་མཁས་གྲུབ་རཱ་ག་ཨ་སྱའམ་གྲུབ་ཐོབ་ཀརྨ་ཆགས་མེད་ཚང་གིས་མཛད་པའི་བདེ་སྨོན་ཁྲིད་ཀྱི་ལུགས་ལྟར་བྱས་ནས་འཆད་བཞིན་ཡོད་པས་ན་ཞིང་ཁྲིད་རེད། དེས་ན་རབ་ཆོས་ཁྲིད་འདིའི་མགོ་རྔ་གཉིས་ཀ་ཚང་ཞིང་ཐུན་བཞིའི་ཁྲིད་སྦྱང་ལ་ཆག་མེད་ཀྱིས་ཞུགས་ཐུབ་པ་དང་། འབྲིང་ཡིན་ན་རང་རང་གི་ཁམས་དང་མོས་པ་ལ་བསྟུན་ནས་དང་ཞིང་དད་པའི་ཐོག་ནས་ཆོས་ར་རྡོག་པས་བརྫིས་ནས་བཟང་འབྲེལ་འཇོག་པ་དང་། ཐ་མ་ཡིན་ཡང་རང་གིས་ཆོས་ཞེས་པ་ཆེན་པོ་ཞིག་བསྒྲུབ་མ་ཤེས་ཤིང་མ་འགྲུབ་ན་ཡང་། གཞན་གྱིས་སྒྲུབ་པ་ཉམས་ལེན་བྱེད་སའི་དབེན་པའི་རི་ཁྲོད་ནས་བསམ་གཏན་གྱི་ཚེར་མ་དང་མིག་ལྟོས་ངན་པ་མི་འཇོག་པ་གནད་ཆེ་ཚུལ་གསལ་བཤད་མ་བྱས་ཀྱང་ཚང་མས་མཁྱེན་གསལ་ཡིན་པས་དེ་ལ་བསྐྱར་ཟློས་མི་དགོས་ཤིང་། ཐམས་ཅད་ཀྱིས་ཆོས་ཁྲིད་ཀྱི་སྐབས་སུ་བདེ་སྨོན་གྱི་དཔེ་ཆ་ལ་བལྟས་ནས་ཡི་གེའི་འབྲུ་མནན་ནས་ཉན་དགོས། ད་དེ་ནས་ཆོས་ཁྲིད་དངོས་ཀྱི་དབུ་གཟུང་རྒྱུ་ཡིན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་པདྨོའི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ༈ གང་གི་ཞལ་བཟང་བལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསར་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས།། ༈ བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས། །འཛམ་བུའི་གླིང་དུ་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་། །སྐུ་གསུམ་མཛད་པའི་ངོ་བོ་གཅིག་བསྡུས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད།། ༈ ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །གདུལ་བྱའི་སྣང་ངོར་སྤྲུལ་སྐུས་འགྲོ་དོན་མཛད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ།། ༈ མཁྱེན་པས་ཤེས་བྱ་ཀུན་ཀྱི་དེ་ཉིད་གཟིགས། །ཐུགས་བརྩེའི་འོད་ཟེར་གདུལ་བྱའི་དཔལ་དུ་ཤར། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་པ། །རིག་འཛིན་འཇིགས་མེད་གླིང་པ་ལ་ཕྱག་འཚལ།། ༈ དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱི། །ཟབ་གཏེར་བདག་པོར་མངའ་གསོལ་འཁོར་ལོས་སྒྱུར། །སངས་རྒྱས་གླིང་པའི་ཡང་སྤྲུལ་སྦས་ཚུལ་འཆང་། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས།། ༈ འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་ལམ་བགྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས།། ༈ དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བི་མ་ལ། །དབྱེར་མེད་ཐུགས་རྗེ་གཅིག་བསྡུས་སྤྲུལ་བའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས།། ༈ ཨོ་རྒྱན་རིག་འཛིན་ཆེན་པོའི་རིང་ལུགས་ཀྱི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཛད་ཅིང་། །ཡོན་ཏན་ནོར་བུའི་མཛོད་མངའ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ༈ འཕགས་ཡུལ་མཁས་པའི་དབང་ཕྱུག་ཟླ་བ་གྲགས། །གངས་ལྗོངས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་རྗེ། །དབྱེར་མེད་ཐུགས་རྗེའི་ཡས་སྤྲུལ་དགེ་བའི་བཤེས། །གཞན་ཕན་ཆོས་ཀྱི་སྣང་བར་གསོལ་བ་འདེབས།། ༈ བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་བརྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།། ༈ ཧྲཱིཿའོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་ཀྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་གསུམ་སྟོན་མཛད་པའི། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར།། ༈ གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡཱ་ར་དང་ལྷར་བཅས་གནོད་སྦྱིན་དང་། །ལྡེང་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་བ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་ཉན་ཕྱིར་ན་འདིར་གཤེགས་ཤིག། ༈ གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག། ༈ ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མིའམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག། ༈ བསྐལ་བ་སྟོང་དུ་ཐོས་པར་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན།། ༈ གང་ཞིག་གཏན་གྱི་སྐྱབས་གནས་མཆོག་གྱུར་པ། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དེ་ལ་དད་བྱས་རྣམ་སྨིན་ཡང་དེ་བཞིན་ཏེ། །བསྐལ་བ་བྱེ་བ་ཁྲག་ཁྲིག་བགྲང་ན་ཡང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་། །རྣམ་པར་གྲོལ་བ་རིན་ཆེན་སྣ་ཚོགས་དང་། །ཟབ་མོ་རྒྱལ་བའི་བཀའ་འདི་གུས་པས་ཉོན།། ༈ ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་ཀྱི་སྒྲ་རྣམས་ཇི་ཙམ་པ། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག། ༈ འོ་ན་ནམ་མཁའི་མཐའ་དང་མཉམ་པའི་མ་རྒན་རིགས་དྲུག་གི་སེམས་ཅན་ཐོག་མེད་ནས་མཐའ་མེད་བར་ལ་དུས་རྟག་ཏུ་འཁོར་བར་འཁྱམས་པའི་སེམས་ཅན། སྡུག་བསྔལ་གསུམ་གྱིས་ཉམ་ཐག་པ་འདི་དག་ཐམས་ཅད། དཔལ་གདོད་མའི་མགོན་པོའི་གོ་འཕང་རིན་པོ་ཆེ་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་པས་མ་ཚད། དེའི་དོན་ཚུལ་བཞིན་བསྒྲུབ་པར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་མ་བྲལ་བ་འདིའི་ཐོག་ནས་ཆོས་ཉན་དགོས་པ་ཡིན། བླ་མས་དེ་ལྟར་དུ་ཆོས་བཤད་བྱེད་ཡོང་དུས་འདིའི་ནང་གི་ཕལ་ཆེ་བས། འོ་དེ་འདྲ་ཞིག་ཟེར་དར་སྙམ་པ་ཞིག་ནི་བོད་མགོ་ནག་ཁ་མ་ཎི། ལག་ཕྲེང་བ་ཅན་ཞིག་ཡིན་ནས་བཟུང་སྟེ་ཤེས་པས་མ་ཚད། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཞེས་པ་ཙམ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཟེར་བ་ཙམ་ཞིག་ནི་ཤིན་ཏུ་ནག་ཕྱོགས་ཚང་ཞིག་དང་། གླེན་ལྐུགས་ཚང་ཞིག་མིན་ན་ཕ་མ་རྒན་གསུམ་གྱི་ཁ་དང་། བླ་སེར་ཚོའི་ཞལ་ནས་གོ་མྱོང་ཡོད་ངེས་ཤིང་། འདིའི་ནང་གི་ཕལ་ཆེ་བས་སངས་རྒྱས་ཆོས་ཚོགས་མ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་པའི་ཚད་མེད་བཞི་སྐོར་མའི་སེམས་བསྐྱེད་འདོན་མཁན་ཡིན་ན་ཡང་། འགྲོ་བ་སེམས་ཅན་ཐམས་ཅད་ཕ་མ་ཡིན་ལུགས་དང་། དེའི་ཆེད་དུ་སྙིང་ཐག་པ་ནས་ཆོས་བསྒྲུབ་དགོས་བསམ་ཤེས་རྒྱུ་ནི་སུ་ཡིན་ཡང་ཁ་བཤད་དོན་ལ་ཁེལ་བ་ཅིག་དཀའ་མོ་དཀོན་པོ་ཡིན་ན་ཡང་། ཐེག་པ་ཆེན་པོའི་ཆོས་སྒོ་ལ་ཞུགས་ནས་དམ་པའི་ཆོས་རྣམ་པར་དག་པ་ཞིག་སྒྲུབ་པར་བྱེད་པ་ལ། ཐོག་མར་རྣམ་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ནི་མེད་ན་ཐབས་མེད། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ་ཞིག་ཡིན། འོན་ཀྱང་ཆོས་རའི་ནང་ལ་གསར་དུ་འཛུལ་བའི་ལས་དང་པོ་བ་ཚོས། དེ་རིང་ཆོས་ཞུ་བར་ཡོང་ན། ཆོས་ཞེས་པ་དང་པོ་གཅིག་གིས་བཤད་དེ་གནང་། གཞན་པ་ཚོས་ཞུས་ནས་ཉན་པའི་ཐ་མར་ཐོབ་འགྲོ་རྒྱུ་དེ་དོན་ངོ་མར་བཤད་ན་ཅི་ཞིག་རེད། ཆོས་ཟེར་བ་དེ་ཟ་རྒྱུ་ཞིག་གམ་ལྡག་རྒྱུ་ཞིག གྱོན་རྒྱུ་ཞིག་གམ་འདོགས་རྒྱུ་ཞིག ཡང་ན་དེ་བས་བཟང་བའི་གོ་ཆོད་པའི་སྤྱད་དངོས་ཤིག་གམ་ཅི་ཡིན་གསལ་བོར་ཐོག་མར་ཤེས་དགོས་པས། ཆོས་ཞེས་པ་འདི་ནི་ཟ་རྒྱུ་བས་ལྷག་ཅིག གྱོན་རྒྱུ་བས་བཟང་ཞིག འཛམ་བུའི་གླིང་གི་རྒྱུ་ནོར་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་ནས་དེ་དང་ཆོས་གཉིས་བདམ་དུ་འཇུག་ནའང་རྒྱུ་ནོར་ལ་མིག་གིས་ཤར་བལྟས་ཙམ་ཞིག་མི་བྱེད་པར་བདམ་ཆོག་པའི་རྩ་ཆེན་གལ་ཆེན་ཞིག་ཡིན། དེ་ལྟར་བཤད་དུས་འགའ་རེས་འཛམ་གླིང་གི་རྒྱུ་ནོར་ཡོད་ན་ཆོས་མེད་ཀྱང་ཆོག་བསམ་ན་ཐང་མོད། འཛམ་གླིང་གི་རྒྱུ་ནོར་མི་གཅིག་ལ་དབང་བའི་དབང་དུ་བཏངས་ཀྱང་། དེས་མི་དེའི་སྡུག་བསྔལ་སེལ་མི་ཐུབ་པ་མ་ཚད་སྡུག་བསྔལ་ཇེ་ཆེར་འགྲོ་བ་སྟེ། འཛམ་བུའི་གླིང་གི་མི་ཚད་གླིང་བཞི་དང་སུམ་ཅུ་རྩ་གསུམ་གྱི་ལྷའི་དབང་པོ་བརྒྱ་བྱིན་དང་གདན་གཅིག་བྱས་ཏེ་འདུག་མྱོང་བའི་མི་ང་ཚོ་འཛམ་བུ་གླིང་གི་མིའི་ནང་ནས་བྱུང་མྱོང་ཡང་། ད་དུང་འདོད་པ་ཇེ་ཆེར་སོང་ནས་ཡིད་མ་ཚིམས་བཞིན་དུ་ཐ་མར་སྡུག་བསྔལ་གྱིས་མནར་ནས་ཤི་སོང་བའི་དཔེ་ཡོད་པ་ཡིན། ད་ལྟའི་སྐབས་སུའང་ནོར་ལོངས་སྤྱོད་འཛོམས་པའི་མི་མང་པོ་ཞིག་སེམས་མི་བདེ་བའི་སྙིང་གི་ན་ཚ་ཕོག་པ་དང་། རང་སྲོག་རང་གིས་གཅོད་མཁན་ཡང་འཛམ་གླིང་གི་ས་ཆ་སོ་སོ་ན་གང་མང་མང་ཡོད་པ་ཡིན། འོ་ན་དེ་དག་ལ་ཅི་ཞིག་གིས་ལན་པ་ཡིན་ཞེ་ན། ནང་གི་བདེ་སྐྱིད་སྐྲུན་ཐབས་ཀྱི་དམ་པའི་ཆོས་མེད་པས་ལན་པ་ཡིན། ཆོས་བསྒྲུབ་རྒྱུ་མེད་དུས་མིའི་འཚོ་བའི་ནང་གི་དོན་ཆེན་ངོ་མ་དེ་ཚང་མེད་པ་རེད། སྤྱིར་འདང་བརྒྱབ་ན། རང་གཞན་ས་སྟེང་ནས་རྒྱུ་བའི་སེམས་ཅན་ནམ་མཁའི་བྱ། ས་འོག་གི་འབུ་སྲིན་ཡན་ཆད་ཀྱི་སྲོག་ལྡན་ཐམས་ཅད་ཉིན་མི་དལ། མཚན་མི་ཁོམ་པར་བྱ་བ་སྣ་ཚོགས་ཀྱིས་བྲེལ་ནས་རྒྱུག་པའི་དོན་ནི་བདེ་བ་ཞིག་ཨེ་ཐོབ་བསམ་པ་ལས། སྡུག་བསྔལ་དོན་གཉེར་གྱི་ཆེད་དུ་ག་ལ་ཡིན། དེས་ན་ཆོས་པས་ཆོས་བསྒྲུབ་རྒྱུ་དེ་ཡང་བདེ་བ་དོན་གཉེར་ལས་མ་འདས་པས། ང་ཚོས་དམིགས་ཡུལ་ངོ་མ་ནི་བདེ་བ་ཞིག་ཐོབ་པའི་དོན་དུ་ཡིན་ཕྱིར་དང་པོར་ཨེ་ཐོབ་བལྟ་རྒྱུའི་བདེ་བ་དེ་ཉིད་ཇི་ལྟར་ཡིན་པའི་ཚུལ་ལ་ཞིབ་འཇུག་ཅིག་དགོས་པ་ཡིན། བདེ་བ་དེའི་ལྡོག་ཟླ་གང་ཡིན་ན་མི་བདེ་བ་ཡིན་ཞིང་། མི་བདེ་བ་ཟེར་ན་སྡུག་བསྔལ་ལས་མ་འདས། འུ་ཅག་འཁོར་བའི་སེམས་ཅན་འདི་དག་ནི་བདེ་བ་དེ་ཙམ་མ་མྱོང་བའི་སྡུག་བསྔལ་ཏག་ཏག་མྱོང་ལོབས་སུ་སོང་བ་ཡིན་པས། ང་ཚོས་ཉམས་མྱོང་གི་ཐོག་ནས་དང་པོར་སྡུག་བསྔལ་ལ་ཞིབ་འཇུག་ཅིག་བྱས་ཚེ། དེའི་ཞོར་དུ་བདེ་བ་ཞེས་པ་དེ་ཅི་འདྲ་ཞིག་ཡིན་པ་ཤེས་ཡོང་བ་ཡིན་སྙམ། འུ་ཚོ་ལ་མཚོན་ན། འཁྱགས་ན་སྡུག་བསྔལ་རེད། ཚ་ཆེ་ན་ཡང་སྡུག་བསྔལ་རེད། ལྟོགས་ནའང་སྡུག་བསྔལ་རེད། བརྒྱགས་ཆེ་ན་ཡང་སྡུག་བསྔལ་རེད། བསྡད་ན་སྡུག་བསྔལ་རེད་འདུག་ཚོད་མི་འདུག སོང་ན་སྡུག་བསྔལ་རེད་དཀའ་ནས་ཐང་ཆད་འགྲོ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྣམས་སྨྲོས་ཅི་དགོས། དེ་ལས་གཞན་དག་ཀྱང་སྡུག་བསྔལ་ཏག་ཏག་རེད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་གདོང་ལེན་བྱེད་ཐབས་མི་འདུག མི་ན། མི་རྒས། མི་ཤི་བའི་ཐབས་མི་ཐོན་པ་ཡིན། དེ་ལས་གཞན་པ་འགའ་རེ་ལ་ཕྱི་དངོས་པོའི་འབྱོར་བས་ཅུང་ཟད་ཙམ་རེ་སེལ་ཐུབ་པས། ལུས་ཚོར་བདེ་བ་རེ་དང་། བཏང་སྙོམས་ཙམ་རེ་སྐབས་འགར་ཐོབ་ཐབས་ཐོན་ན་ཡང་། ཕྱིའི་འབྱོར་བའི་མཐུན་རྐྱེན་གྱི་ཐོག་ནས་ཅི་འདྲའི་སྐྱིད་དགའ་ལོངས་སྤྱོད་འཛོམས་ཀྱང་། ད་དུང་མི་སྐྱིད་པར་སྡུག་ཆེན་ཚོས་རང་སྲོག་གཅོད་པ་ཡང་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་སེམས་ཀྱི་སྡུག་བསྔལ་གྱི་རྩ་བ་མ་ཆོད་པས་ཡིན་ལ། སེམས་ཀྱི་སྡུག་བསྔལ་ལ་ཐག་གཅོད་བཏང་ནས་སེམས་སྐྱིད་ཐབས་ཤིག་མ་ཐོན་ཚེ། ལུས་ཁོ་རང་ཅི་འདྲ་སྐྱིད་རུང་སྐྱིད་པའི་སྣང་བ་ཞིག་ཡོད་པ་མིན། སེམས་མི་བདེ་བའི་ཉི་མ་ཡིད་མི་བདེ་བའི་ཟས་ཤིག་རྙེད་ཡོད་པའི་དུས་ཤིག་ལ། ལྷའི་གཞལ་ཡས་ཁང་ལྟ་བུའི་ནང་དུ་བཞག་ནས་འདོད་ཡོན་ལོངས་སྤྱོད་ཀྱིས་བསྙེན་བཀུར་ཅི་ལྟ་བུ་བྱས་ཀྱང་སྐྱིད་འོང་རྒྱུ་ཞིག་ཡོད་པ་མ་ཡིན། སེམས་སྐྱིད་པའི་གནས་སྐབས་ཤིག་ལ་རྟ་རྡང་ར་རྡང་ཞིག་གི་ནང་འདུག་ཏུ་བཅུག་ཀྱང་སྐྱིད་འདུག་པ་རེད། དེས་ན་འུ་ཅག་གི་སྡུག་བསྔལ་འདི་ལུས་ཀྱི་སྡུག་བསྔལ་ཞིག་དང་། སེམས་ཀྱི་སྡུག་བསྔལ་ཏེ་གཉིས་ཀྱི་ཁོངས་སུ་འདུ་བ་ཤེས་སོང་བ་ཡིན་པས། ཐོབ་དགོས་རྒྱུའི་བདེ་བ་དེ་ལའང་ལུས་དང་སེམས་ཀྱི་བདེ་བ་གཉིས་ཡོད་པ་དེའི་ཞོར་ལ་ཧ་གོ་སོང་བ་ཡིན། དེ་ལྟར་ཞིབ་ཀྱིས་བརྟག་དཔྱད་ཅིག་བཏང་ན་ད་སྔ་ཡན་ཆད་ལ་ཕྱིའི་འབྱོར་བའི་ལོངས་སྤྱོད་ཅིག་ཡོད་ན་སྐྱིད་སྣང་ཤར་ནའང་། ཞིབ་ཀྱིས་ལྟ་དུས་ལོངས་སྤྱོད་ཡོད་པ་ཙམ་ནི་བདེ་བའི་རྒྱུ་མ་ཡིན་པས་མ་ཚད་སྡུག་བསྔལ་འབྱུང་བའི་རྒྱུ་ཡང་དེ་ཡིན་པས། ནང་སེམས་ཀྱི་བདེ་བ་ནི་རྒྱུ་ནོར་གྱིས་ཉོ་རྒྱུ་བསྒྲུབ་རྒྱུ་མེད་པའི་སྟབས་ཀྱིས་རྒྱུ་ཡོད་ཐམས་ཅད་སྡུག་བསྔལ་ཆེ་བའི་རྒྱུ་མཚན་ནི་དེ་ཡིན་ངེས། དེས་ན་དགོས་རྒྱུ་ངོ་མ་ནི་ནང་སེམས་ཀྱི་བདེ་བ་རྙེད་དགོས་པ་ཡིན་ཏེ། སེམས་ཀྱི་བདེ་བ་ནང་ནས་རྒྱས་ན། ཕྱིའི་མཐུན་རྐྱེན་ཚོགས་དང་མ་ཚོགས་ལ་མ་ལྟོས་པའི་སྐྱིད་པོ་ཞེས་པ་དེ་དེ་ཡིན་འདུག་སྙམ་པའི་ར་འཕྲོད་ཡོང་རྒྱུ་ཡོད་པ་ཡིན། ད་དུང་ཞིབ་ཀྱིས་བཤད་ན་ང་ཞེས་གཅེས་འཛིན་བྱེད་འདུག་ས་དེ་གང་ཞེ་ན། ལུས་ངག་ཡིད་གསུམ་གྱི་ཚོགས་པ་འདི་ལ་ཟེར་དགོས་ཤིང་། དེ་གསུམ་པོ་མ་འཛོམས་ན་ང་ཟེར་ཐབས་མེད་པ་ཡིན། ལུས་འདི་རྐྱང་པ་ང་ཡིན་ན། ཤི་བའི་རོ་ལ་ཡང་ང་ཟེར་དགོས་པ་ཡིན་ན་རོ་ནི་ང་ག་ལ་ཡིན། ངའི་ཅ་ལག་ཟེར་དུས་ང་མ་ཡིན་པ་ཞིག་ལ་གོ་དགོས་པ་བཞིན་དུ། ངའི་རོ་ཟེར་དུས་ཀྱང་ལོགས་སུ་ང་ཡོད་པར་འདོད་པ་ཡིན། དེ་བཞིན་དུ་ངག་གི་སྒྲ་སྐད་ཚིག་ཏུ་བཤད་འདུག་པ་འདི་ཡང་། ལུས་སེམས་གཉིས་ལ་བརྟེན་པའི་རྩ་གནས་ཀྱི་ཡི་གེ་གཡོ་བྱེད་རླུང་གིས་བསྐུལ་བའི་རྩ་རླུང་གི་འདུ་བ་དམིགས་བསལ་བ་ཞིག་ལ་བརྟེན་ནས་ཡོང་བ་ཞིག་ཡིན། དེས་ན་ལུས་སེམས་གཉིས་ཀ་མེད་པའི་ངག་ཅེས་པ་ཡན་གར་བ་ཞིག་ག་ལ་ཡོད། དེ་ལས་གཞན་དུ་སེམས་ཟེར་རྒྱུའི་རྣམ་པར་རྟོག་པ་རླུང་འདྲ་བ་འདི་ཉིད་ལུས་ངག་གཉིས་ཀ་དབང་དུ་བསྒྱུར་བའི་རྒྱལ་པོ་དང་འདྲ་ཞིང་། སེམས་རྣམ་རྟོག་ཅེས་པ་བསད་ན་སོད་རྒྱུ་དང་། བདས་ན་ཟིན་རྒྱུ་དང་། བཟུང་ན་འཛིན་རྒྱུ་མེད་པ། བཀག་ན་མི་ཁོགས་པར་གླིང་བཞི་རི་རབ་རྒྱ་དབུས་གཉིས་ཀ་ད་ལྟ་ད་སྐོར་འགྲོ་བ། མི་དྲན་དགུ་དྲན་གྱི་དྲན་རྒྱ་བློ་སྣ་ལ་ཟད་རྒྱུ་མེད་པ། སྐྱིད་ན་སྐྱིད་པ་རང་ག་པ་ཞིག་མ་ཡིན་པ་མགོ་རྒོད་པོ་ཞྭ་ནང་ལ་མི་ཆུད་པར་རལ་བ་ནག་ཟིང་ངེ་དང་། རྐང་རྒོད་པོ་ལྷམ་ནང་ལ་མི་ཆུད་པར་སེན་མོ་སྔོ་ཤར་རེ་ཡོད་པ། སྡུག་པའི་དུས་སུ་སྡུག་པ་རང་ག་པ་མ་ཡིན་པ་རྔ་མ་སྒྱིད་ཁུང་ལ་དྲངས་ནས་མ་སྒྱེད་ཀྱི་སྒྱེད་ཁུང་ནང་དུ་འཛུལ་འགྲོ་ས་འདུག་སྙམ་པ་དེ་འདྲའི་ཅོལ་ཆུང་ཞིག་ཡིན་ལ། དེའི་ཝ་ལུ་མ་ལྟ་བུ་དེས་བཀོད་འདོམས་ཀྱི་འོག་གི་ལུས་ངག་གཉིས་ཀས་རྗེས་མ་ཆོད། ཞབས་ཕྱི་མ་འགྲུབ་པར་ལུས་འབྱུང་བཞི་གསོར་ལོ་བསྐོར་བསྐོར་འཕང་ལོ་སྒྲིལ་སྒྲིལ་གྱིས་ཆུང་ནས་ཆེ། གཞོན་ནས་རྒས་ཀྱི་བར་དུ་མནར་བས་མ་ཚད་པར། སྐྱེ་བ་ཚེ་རབས་མང་པོའི་བར་དུ་སྡུག་བསྔལ་ཟད་དུ་མེད་པའི་ནང་དུ་ཚུད་པར་བྱས་ཤིང་། དེའི་གྱོད་རྩ་བཟུང་ནས་མ་གོས་ལན་ཆགས་དེ་དེད་ནས་འགྲོ་རྒྱུ་ཞིག་ཡིན་ན། དམར་ནག་གྱོད་ཀྱི་རྩ་བ། བཞི་བརྒྱ་ནད་ཀྱི་ས་བོན། ངར་འཛིན་གྱི་འགོང་པོ་ང་མེད་ལ་ང་། བདག་མེད་ལ་བདག་ཏུ་འཛིན་པའི་འདྲེ་རྒན་དེ་ལ་ཐུག་ཡོད་པ་ཡིན། ལུས་ངག་གཉིས་ཀ་ལ་སེམས་ཀྱིས་དབང་ཇི་ཙམ་ཞིག་བསྒྱུར་ཡོད་ས་འདུག་བལྟས་ན་ཤེས་ཏེ། སེམས་དགའ་དུས་ལུས་དགོད་དགོས་ཐུག་པ་དང་དང་། སེམས་སྡུག་དུས་ལུས་ངུ་དགོས་ཐུག་པ་རེད། དེ་སེམས་ཀྱིས་དབང་བསྒྱུར་བའི་དབང་གིས་རེད་མ་གཏོགས། མི་མགོ་སྐམ་པོའི་ནང་ནས་མཆི་མ་རློན་པ་ཞིག་ཡོང་དོན་ག་ལ་ཡོད། སེམས་མེད་ཀྱི་བེམ་པོ་རྡོ་ཞིག་ལ་ཁྱོད་ད་ལྟ་འཆི་དགོས་ཞེས་སྡིགས་ན་སྡུག་རྒྱུ་ཞིག་དང་། ཁྱེད་ཚེ་རིང་ཞེས་བསྟོད་ན་དགའ་རྒྱུ་མེད་པ་ལྟ་བུ་རེད། དེས་ན་འུ་ཅག་གིས་དོན་གཉེར་བྱེད་རྒྱུའི་བདེ་བ་དེ་ལ་རིགས་གཉིས་ཡོད་པའི་ནང་གི་གཙོ་བོ་ནང་སེམས་ཀྱི་བདེ་བ་དེ་བཙལ་མ་ཤེས་པ་དང་སྒྲུབ་མ་ཤེས་པར། ཕྱིའི་མཐུན་རྐྱེན་ཆུང་ཆུང་ཞིག་གིས་བདེ་བ་ཐོབ་སྣང་ཤར་ནས་མགོ་འཁོར་སོང་བའི་འཕྲིགས་ཤིག་ཟ་བ་ལ་ཕྱོགས་པ་ཡིན། ང་སྐྱིད་པོ་དང་བདེ་མོ་ཡིན་དགོས་ཀྱང་ང་ཟེར་ས་ནི་ལུས་འདི་ཡིན་སྣང་ཤར་ནས། དེ་ལ་ཕན་ཞིག་འདོག་པའི་དོན་དུ་རྒྱུག་པ་ནི། ཕན་ཐབས་མ་དགོས་གནོད་རྐྱེན། སྐྱིད་ཐབས་མ་དགོས་སྡུག་རྐྱེན་དུ་སོང་ནས་དེ་སྔོན་རང་ཨེ་སྐྱིད་བལྟ་བ་དེ་ཨེ་སྡུག་བལྟས་པ་ལྟ་བུར་སོང་བ་ཡིན། ལར་མ་གཞི་ལུས་ཞེས་པའི་མིང་འདི་ཇི་ལྟར་བཏགས་པ་ཁྱེད་ཚོས་ཤེས་སམ། འདུས་པ་ཤུལ་དུ་བསྐྱུར་ནས་ལུས་རྒྱུ་ཞིག་ཡིན་པས་དེ་ལྟར་བཏགས་པ་རེད། ལོ་ཁ་ཤས་ཀྱི་རྗེས་སུ་བསྐྱུར་རྒྱུ་ཡིན་ནམ། དོ་དགོང་སང་ཉིན་ཞིག་ལ་བསྐྱུར་རྒྱུ་ཡིན་ངེས་པ་མེད་ཀྱང་གང་ལྟར་བསྐྱུར་རྒྱུ་ཡིན་པ་གཡར་པོའི་རྒྱུ་རྫས་དང་འདྲ་བ་འདི་ཉིད་བྱུང་ཡང་འབྱུང་བའི་ཁོངས་ནས་བྱུང་ལ། ཐིམ་ཡང་འབྱུང་བའི་ཀློང་དུ་ཐིམ་འགྲོ་བ་ཡིན། མིའི་སྲོག་དང་ཚེ་ཡིས་ཐུབ་ཀྱང་ལུས་ཀྱིས་ཡུན་རིང་མི་འདང་ཞིང་རིམ་གྱིས་ཟད་པ་དང་། རྙིང་པ་དང་། མཐར་འཐོར་འགྲོ་བ་ནི། ཅ་ལག་རྙིང་པ་གཞན་དང་གཅིག་མཚུངས་ཏེ། དཔེར་ན། རླངས་འཁོར་རྙིང་པ་ཆག་པོ་དང་ཁྱད་མེད་པ་སྟེ་དང་པོར་བསྣད་དུས་ལྷུ་ལག་ལ་ལ་བརྗེ་ཁུལ་བྱེད་ཀྱང་ནམ་ཞིག་ཐམས་ཅད་རྙིང་ཧྲིལ་དུ་སོང་ནས་ལྕགས་ཆག་ས་རྫོད་བྱེད་ཅིག་ཏུ་འགྱུར་འགྲོ་བ་དང་གཅིག་མཚུངས་རེད། དེས་ན་ང་ལ་གཅེས་འཛིན་བྱེད་བསམ་ན། ང་ངོ་མ་ང་ཡིར་འཛིན་མཁན་གྱི་སེམས་ལ་ཕན་ཞིག་ཐོག་ན་བདེ་བ་དེས་ཆེ་བ་ཡིན། ཚེ་འདིའི་ང་ཙམ་གྱིས་མ་ཚད་པར་ཚེ་རབས་མང་པོའི་ང་དེ་སྐྱིད་པོ་ཡོང་ཐབས་ཀྱི་བདེ་བ་ཞིག་སྒྲུབ་ཤེས་ན། དེ་ནི་ཅུང་ཟད་ཡུན་རིང་གི་འདུན་མ་ཞིག་ཡིན་པས། དེ་ལྟར་གོམ་པ་རིམ་བགྲོད་ཀྱིས་ཤེས་རབ་འཕེལ་ནས། ནམ་ཞིག་ང་ཟེར་རྒྱུ་དེ་ཡང་གཞི་མེད་འཁྲུལ་བས་བཏགས་པ་ཞིག་ཡིན་པ་ཤེས་ཏེ་གཏན་ལ་ཕབས་ཚེ་བདག་མེད་ཀྱི་ལྟ་བས་གཉིས་འཛིན་གྱི་འཁྲུལ་བ་བཤིག་ནས་མཁའ་མཉམ་བདེ་ཆེན་གྱི་རྒྱལ་ས་ཞིག་ཟིན་རྒྱུ་ཡོད་པ་ཡིན། འོན་ཀྱང་འུ་ཅག་གིས་བྱིས་པ་ལ་གོམ་ལུ་སྤོ་ལོབ་སློབ་པ་བཞིན་དུ་ལས་དང་པོ་བའི་སྐད་ཆ་མུ་མཐུད་ནས་འུ་ཚོས་དེ་ལྟར་སེམས་ཀྱི་བདེ་བ་བཙལ་ཚེ། ལུས་སེམས་གཉིས་ཀའི་བདེ་བ་མཉམ་དུ་ཐོབ་རྒྱུ་ཡོད་པའི་བློ་སྣ་ཆེན་པོ་ཞིག་གི་བློ་སྒོ་ཕྱེ་ཐུབ་སོང་བ་རེད། འཇིག་རྟེན་གཏམ་གྱི་ཁ་དཔེར། སྐྱེས་ཕོ་རབ་ཕོ་འབྲིང་ཕོ་མཐའ་གསུམ། །དྲན་སྔ་ཕྱི་མ་གཏོགས་འདྲ་འདྲ་ཡིན། །ཞེས་པ་ལྟར་དུ་ཤེས་རབ་ཡོད་མེད་དང་། དྲན་ཐུབ་མ་ཐུབ་དང་། དྲན་སྔ་ཕྱི་ཡིས་ཚེ་འདིར་བུ་བཟང་ངན་ཤོར་སོང་བ་བཞིན་དུ་ཚེ་ཕྱི་མ་ལའང་དེ་ལས་ཐུ་བའི་ཁེ་ཉེན་ཐོབ་ཤོར་གྱི་ཧེ་བག་ཆེན་པོ་ཞིག་རྒྱུག་པ་ཡིན། དེས་ན་ང་ཚོས་ཕྱོགས་བསྡོམས་ཤིག་བརྒྱབ་ན། ལུས་ཀྱི་བདེ་བ་དེ་བདེ་བ་ངོ་མ་དངོས་ཡིན་སྣང་ཤར་ནས་དེའི་དོན་ལ་རྒྱུག་ས་ནས་དེ་སྔོན་ཉི་མ་ཡན་ཆད་ལ། ཟན་རྒུམ་ཐུ་ས་ནས། ཟན་ལོག་རྦབ་ལ་འགྲིལ་ཤོར་ནས། ཕུ་ནས་ཤྭ་ཤོར། མདའ་ནས་ཤེའུ་ཤོར། ཁ་ཤ་རི་རྒྱལ་གྱི་རྩེ་ནས་ཤོར། ཉ་ཤ་རྒྱ་མཚོའི་འགྲམ་ནས་ཤོར་ཏེ། ཐ་མར་གཅེར་བུ་ལག་སྟོང་དུ་འཆི་བདག་ཚང་གི་སྒོ་ཁར་སྐྱབས་མེད་མགོན་བྲལ་དུ་ལྷུང་བ་ལ་ཕྱོགས་པ་ཡིན་ནའང་། ད་དུང་མ་སྔ་མ་ཕྱི་བའི་སྐྱ་རིང་མདུང་མོ་གར་གཡུགས་རེད། མདུང་སོ་གར་གཏད་རང་ལག་ཡིན་པའི་དུས་འདིར། ནང་སེམས་ཀྱི་བདེ་བ་དེ་ཇི་ལྟར་བསྒྲུབ་དགོས་སྙམ་ན། ནང་སེམས་ཀྱི་བདེ་བ་དེ་དམ་པའི་ལྷ་ཆོས་ཀྱིས་སྒྲུབ་པ་ལས་ལམ་གཞན་ནས་རྙེད་པའི་ཐབས་མེད། མིའི་བདེ་སྡུག་གཉིས་ཀ་ཡོང་སའི་གཞི་རྟེན་དེ་ལུས་སེམས་གཉིས་མ་གཏོགས་མེད་ལ། ནང་པ་སངས་རྒྱས་པའི་ཆོས་ཀྱིས་མིའི་སེམས་ཀྱི་ནད་དང་སྡུག་བསྔལ་འཆོས་ཐུབ་པ་ཡིན། སེམས་རྒྱུད་དུལ་བའི་ཡོན་ཏན་ནང་ལ་མེད་ན་རེ་དོགས་ཏག་ཏག་གི་ངང་ནས་མི་ཚེ་སྡུག་བསྔལ་གྱིས་སྐྱེལ་དགོས་པ་ཞིག་ཡོང་བ་ཡིན། འདི་བདེ་ཕྱི་མར་སྐྱིད་པ་དེ་དམ་པའི་ལྷ་ཆོས་བསྒྲུབས་པའི་འབྲས་བུ་དང་། འདིར་མི་བདེ་ཕྱི་མར་མི་སྐྱིད་པ་ནི་མི་དགེ་སྡིག་པ་བསགས་པའི་རྣམ་སྨིན་ཡིན་པ་ནི། དཔེར་ན། དུག་ཤིང་གི་ས་བོན་བཏབ་ན་དུག་ཤིང་སྐྱེ་བ་དང་། སྨན་ཤིང་གི་ས་བོན་བཏབ་ན་སྨན་སྐྱེ་བ་ལྟ་བུ་དང་། དཔྱིད་ཟླ་གསུམ་རོང་པས་རྨོ་བཀོལ་བྱས་པས། སྟོན་ཟླ་གསུམ་ཞིང་ལ་ལོ་ཐོག་ལེན་རྒྱུ་ཡོད་པ་དང་། དགུན་ཟླ་གསུམ་འབྲོག་པས་ཕྱུགས་ལུག་འཚོ་སྐྱོང་བྱས་ན། དབྱར་ཟླ་གསུམ་བེའུ་ལུག་འོ་ཞོ་འཕེལ་བ་ལྟ་བུ་ལས་རྒྱུ་མེད་རྐྱེན་མེད་ཀྱི་འབྲས་བུ་ཞིག་སྲིད་པ་མ་ཡིན། སྐད་ཆའི་སྙིང་དོན་དངོས་ནི་ནང་གི་བདེ་སྐྱིད་འདི་ལ་ཡང་སྐྱར་ཞིབ་འཇུག་ཅིག་བྱེད་ན། འདི་ལ་དབྱེ་བ་ཡོད་པ་ཞིག་ཡིན། གྲུབ་མཐས་བློ་བསྒྱུར་བའི་མིས་བཤད་ན། ཟག་བཅས་ཀྱི་བདེ་བ་དང་ཟག་མེད་ཀྱི་བདེ་བ་ཞེས་སུ་སྨྲ་བ་ཡིན། ང་དང་ང་ཡིར་འཛིན་པའི་སེམས་དེ་ཡོད་ནས་བཟུང་སྟེ་དེ་ཉོན་མོངས་པ་དང་འདྲེས་སོང་བ་ཞིག་ཡིན་ཕྱིར། དགེ་བ་བསྒྲུབས་ནའང་ཟག་བཅས་ཀྱི་དགེ་བ་དང་། དེའི་འབྲས་བུ་བདེ་བ་མྱོང་ནའང་ཟག་བཅས་ཀྱི་བདེ་བ་ཡིན། འོ་ན་ཟག་བཅས་ཞེས་པ་དེ་ཅི་ཞིག་སྙམ་ན། འཁོར་བའི་གནས་སུ་ཟག་པའམ་ལྟུང་བར་བྱེད་པས་ན་ཟག་བཅས་ཞེས་པ་སྟེ། ཟག་བཅས་ལས་དང་ཉོན་མོངས་ཀྱིས་འཕངས་བ་ཞིག་ཡིན་ལ། ངར་འཛིན་གྱི་རྩ་བ་མ་རིག་པ་དང་། མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པ་ཡིན། དེས་ན་གོ་སླ་ཉན་བདེའི་ཐོག་ནས་བཤད་ན། ང་ཚོས་བདེ་བའོ་སྙམ་པའི་ལུས་སེམས་ཀྱི་བདེ་བ་གང་ཡིན་ཡང་དོན་དངོས་སུ་དེ་བདེ་བ་མ་ཡིན་པ་སྡུག་བསྔལ་ཡིན། དེ་འདྲའི་བདེ་བ་དེའི་རྒྱུ་དགེ་བ་ཞིག་གསོག་ཁུལ་བྱེད་པ་དེ་ཡང་ཟག་བཅས་ཀྱི་དགེ་བ་ཡིན་པས་འདིས་བསོད་ནམས་ཀྱི་ཚོགས་ཙམ་རྫོགས་ན་མ་གཏོགས་ཡེ་ཤེས་ཀྱི་ཚོགས་མི་རྫོགས། ཟག་བཅས་ཀྱི་བདེ་བ་འདི་བདེ་བ་དངོས་མ་ཡིན། ང་ཚོས་བདེ་བ་གཏན་ནས་མ་མྱོང་བའི་དབང་གིས་དམྱལ་བའི་སེམས་ཅན་རྣམས་ཀྱིས་བསད་ན་བདེ་སྣང་ཤར་བ་བཞིན་དུ་སྡུག་བསྔལ་རགས་པ་མངོན་གྱུར་བ་ཅུང་ཟད་ཆུང་བའི་གནས་སྐབས་ལ་བདེ་བར་རློམ་པ་ལས་དོན་དུ་སྡུག་བསྔལ་ཤ་སྟག་ཡིན། དེས་ན་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ལས་མ་འདས་པ་ཡིན། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་མི་བསྔལ་ས་ཞིག་མེད་ཅིང་། ཅུང་བཟང་ཤོས་དེ་ལྷ་མི་གཉིས་ཡིན་ཡང་དེ་གཉིས་ལའང་སྡུག་བསྔལ་མེད་ས་ཞིག་ག་ལ་ཡོད། དེ་མི་འཐད་དེ་ལྷ་ཡུལ་ན་ལྷ་ཡི་བདེ་བ་ཅི་འདྲའི་སྐྱིད་རབས་ཡོད་འདུག་དེ་སྡུག་སྔལ་ཅན་ཡིན་པ་མི་རིགས་སོ་སྙམ་ན། དེ་ཡང་འཁོར་བས་བསྡུས་པ་ཡིན་ཕྱིར་སྐྱིད་མཐར་ཐུག་ཅིག་ཡིན་ཐབས་མེད་པས། མགོན་པོ་ཀླུ་སྒྲུབ་ཀྱིས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པར་བསྟེན་འཚལ་ལོ། །ཞེས་གསུངས་པ་ལྟར། ལྷའི་བདེ་བ་མྱོང་ཚར་ནས་ལས་ཟད་དེ་དམྱལ་བའི་བུད་ཤིང་དུ་འགྲོ་བ་ཡིན་མོད། འོན་ཀྱང་སྐྱེས་བུ་བློ་ཆུང་མངོན་མཐོ་ལྷ་མིའི་གོ་འཕང་དོན་གཉེར་ཅན་ལ། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་མངོན་མཐོ་སྒྲུབ་བྱེད་སྐྱེས་བུ་ཆུང་ངུའི་ལམ་ཡང་བསྟན་པ་ཡིན་པས། འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད་ནས་དགེ་སྡིག་རྒྱུ་འབྲས་ཚུལ་བཞིན་བསྲུངས་ན། ཕྱི་མར་ལྷ་དང་མིའི་གོང་འཕང་ཐོབ་པའི་ཞོར་ལ་ཚེ་འདིའི་བདེ་སྐྱིད་རང་ཤུགས་ཀྱིས་ཡོང་བ་ཡིན་པས། མ་སེམས་ཅན་ཐམས་ཅད་བདེ་ཐབས་ཀྱི་བློ་སྟོབས་མེད་པ་དག་གིས་དང་པོར་ང་རང་ཉིད་ཚེ་འདིའི་མ་ཚད་ཕྱི་མ་དང་། དེའི་མ་ཚད་ཕྱི་མའི་ཕྱི་མར་བདེ་ཞིང་སྐྱིད་པའི་ཐབས་དང་། ཚེ་འདི་ལའང་ལུས་སེམས་གཉིས་ཀ་བདེ་ཐབས་ཀྱི་རྒྱུ་དེ་བཙལ་ན་འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད་པའི་དགེ་བ་བཅུ་བསྒྲུབས་ཤིང་མི་དགེ་བཅུ་སྤངས་ཏེ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བསྒོམས་ན། མི་དང་ལྷ་ཡི་ལུས་ཐོབ་ནས་འདི་ཕྱིའི་བདེ་སྐྱིད་རང་བཞིན་ཤུགས་ཀྱིས་འབྱུང་བ་ཡིན། འོན་ཀྱང་འདང་རྒྱག་ཤེས་མཁན་ཞིག་གིས་བསམ་བློ་བཏང་ན། དེ་ལ་ཡང་ཕན་ཐོགས་ཆེ་ཞིག་མི་འདུག་སྟེ། སྐྱེ་བ་གཅིག་དང་གཉིས་བདེ་བའི་རྗེས་སུ་དེའི་ས་བོན་ཟད་ཚར་དུས། མཐར་ལྷུང་ས་གཅིག་མ་གཏོགས་མེད་པ་ནི་གནམ་མདའ་གྱེན་ལ་འཕངས་ན་ཤུགས་ཟད་དུས་ཐུར་ལ་ལྷུང་རྒྱུ་ལས་མེད་པ་ལྟ་བུ་ཞིག་ཡིན་པས། དེ་ཡང་བྱ་བ་མཐའ་ཐུབ་པ་ཞིག་དང་། ཕྱིང་བ་ཆུ་ཐུབ་པ་ཞིག་མིན་པར་རྟོགས་ནས། ཕུ་གཡའ་མ་ཆགས་ཆགས་རྫ་ནས་ཆགས་འདུག །རྫ་མེད་ན་གཡའ་མ་ཆགས་དོན་མི་འདུག །མདའ་སྨུག་པ་ལང་ལང་མཚོ་ནས་ལངས་འདུག །མཚོ་མེད་ན་སྨུག་པ་ལང་དོན་མེད་པ་བཞིན་དུ་བདག་འཛིན་གྱི་ཞེན་པ་འདིའི་མ་ཉན་པ་དེ་ཤེས་ནས། བདག་མེད་གཏན་ལ་ཕབ་སྟོང་ཉིད་ཀྱི་དོན་ལ་བསམ་བློ་རེ་བཏང་དུས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་མདང་དགོང་གི་རྨི་ལམ་དང་། སྒྱུ་མ་མཁན་གྱི་མིག་འཕྲུལ་ལྟ་བུ་ལས་མ་འདས་པས་བདེན་པར་གྲུབ་པ་སྲ་ཞིང་བརྟན་པར་རློམ་པའི་བསྐལ་བ་ཆགས་ནས་བཟུང་ཡོད་ཅིང་། ཕ་ཨ་མྱེའི་རིང་ནས་ད་བར་འགྱུར་མ་མྱོང་བའི་རི་གླིང་རྒྱ་མཚོ་འདི་ཚོ་ལ་མཚོན་ན། ངོ་མ་སྲ་འཐས་བརྟན་པ་རུ་སྣང་ན་ཡང་། དོན་དུ་དེ་ལྟར་མིན་པ་ནི་དཔེར་ན། འུ་ཅག་གི་རྒྱབ་ལོགས་སུ་ཡོད་པའི་ཟིལ་ཁྲོམ་གངས་རི་འདི་ལྟ་བུ་ལ་མཚོན་ན་སྲིད་པ་ཆགས་པའི་གངས་རྒན་རེད། སྲ་ཞིང་འཐས་པ་ཞིག་ཡིན་སྙམ་ན་ཡང་། འུ་ཅག་ལས་མཐུན་པར་བསགས་པའི་སེམས་ཅན་མིའི་མཐོང་སྣང་ལ་འདི་རི་ཞིག་ཡིན་པ་མ་གཏོགས་འགྲོ་བ་གཞན་གྱི་མཐོང་སྣང་ལ་དེ་ལྟར་ཡིན་པར་བཤད་དཀའ་ཚུལ་ཆུ་ཕོར་པ་གང་ལ་འགྲོ་བ་རིགས་དྲུག་གིས་ལྟ་ཡོང་དུས། མིའི་མིག་སྔར་ཡོད་པའི་ཆུ་དེ། ལྷའི་མིག་སྔར་བདུད་རྩི་དང་། ཡི་དྭགས་ཀྱི་མིག་སྔར་རྣག་ཁྲག དམྱལ་བའི་སེམས་ཅན་གྱི་མིག་སྔར་ཁྲོ་ཆུ་ཁོལ་མ་ཡིན་པའི་སྣང་བ་འཆར་བར་གསུངས་པས། རང་ཅག་གི་གཡོན་ཟུར་གྱི་རྫ་རི་སྨུག་པོ་འདི་ང་ཚོས་བལྟས་ན་རི་མགོ་ཞིག་ཡིན་པར་འཛིན་ཡང་། གནས་བདག་ནོར་བུ་གཡུལ་རྒྱལ་གྱི་མཐོང་སྣང་ལ་རིན་ཆེན་མཆོང་སྨུག་ལས་གྲུབ་པའི་སྐུ་མཁར་ཞིག་ཡིན་པ་དང་། གཞན་ཡང་རི་ཞེས་པ་འདི་རྡུལ་ཕྲན་མང་པོ་ཞིག་ཕུང་པོར་སྤུངས་ནས། བྲག་རི། གངས་རི། ནགས་རི་སོགས་སུ་བཏགས་པ་ལས་རྡུལ་ཕྲན་ཕྲ་མོ་མིག་གིས་མི་ཐེབས་པ་ཏག་ཏག་ཏུ་ཕྱེས་བཞག་ན་རི་ཟེར་བ་ཞིག་ལོགས་སུ་ཡོད་པ་མ་ཡིན་པ་དང་། གཡས་གཡོན་གྱི་ནགས་རི་འདི་དག་ལ་མཚོན་ན། ཤིང་སྡོང་རེ་རེ་བཞིན་དུ་སོ་སོར་ཕྱེས་ན་ནགས་ཞེས་པའི་ཚོགས་པ་ཞིག་མེད་པ་ཡིན་པ་དེས་ན། དམག་དང་། ཕྲེང་བ། གཡག་རྔ། ནེའུ་གསེང་ལ་སོགས་པ་དང་གཅིག་མཚུངས་ཡིན། མང་པོ་སྤུངས་པའི་གཞི་རྫུན་མ་ཞིག་ལ་མིང་རྫུན་མ་ཞིག་བཏགས་པ་ཡིན་པས་ཐམས་ཅད་རྫུན་མ་ལས་མ་འདས་པས་དོན་དུ་བདེན་པར་གྲུབ་པ་ཞིག་ག་ལ་ཡོད། ནང་གི་རྣམ་པར་ཤེས་པ་ཞེས་པའི་རྣམ་རྟོག་གཟུགས་བསྟན་དུ་མེད་པའི་དྲན་རྟོག་འདི་ཡང་། སྐད་ཅིག་སྔ་ཕྱིའི་རྒྱུན་གྱི་ཐོག་ནས་དཔྱད་ན་དོན་ལ་མ་གྲུབ་པ་གཞི་མེད་འཁྲུལ་བའི་རང་གཟུགས་ཨ་འཐས་བློ་ཡི་ཞེན་པ་ཙམ་ཞིག་ལས་མ་འདས། འོ་ན་འདི་མེད་པ་ཡིན་ནམ། གལ་ཏེ་འདི་མེད་ཟེར་ན་ལག་པ་མེ་ལ་ཐུག་ན་ཚ་བ་དང་། རྐང་པ་རྡོ་ལ་ཐུག་ན་ན་བ་འདི་ཅི་ལས་བྱུང་བ་ཡིན་ཞེ་ན། འདི་ནི་མེད་ལ་ཡོད་པར་སྣང་བའི་འཁྲུལ་སྣང་ཞེས་པ་སྟེ། སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བའི་རྟེན་འབྲེལ། གལ་སྲིད་རྟེན་འབྲེལ་མིན་ན་སྟོང་ཉིད་ཀྱི་འཐད་པ་འགྲུབ་པ་མ་ཡིན། དེས་ན་མདང་གི་རྨི་ལམ་རྨིས་པ་ལྟ་བུ་ལས་མ་འདས་པ་ཡིན། འོ་ན་དེ་བདེན་པར་འདོད་དམ་རྫུན་པར་འདོད་ཅེ་ན། འདི་གཉིད་སད་པའི་དུས་ཀྱི་སྣང་ངོར་རྫུན་པ་ཡིན་ཏེ། མདང་རྨི་ལམ་ནང་དུ་བུ་ཤི་བའི་སྡུག་བསྔལ་དེ་དེ་རིང་མྱོང་མི་དགོས་པ་དང་། མདང་རྨི་ལམ་ནང་དུ་རྒྱུ་རྙེད་པ་དེ་དེ་རིང་བེད་སྤྱོད་དུ་མེད་པའི་རྫུན་པ་ཞིག་ཡིན་ཡང་། རྨི་ལམ་དེ་རྨི་ལམ་རང་གི་ངོས་ན་བདེན་པ་རེད་དགའ་རྒྱུ་སྡུག་རྒྱུ་གཉིས་ཀ་ཡོད་པ་ཡིན། འོན་ཀྱང་མ་འཁྲུལ་བ་ཞིག་གི་ངོས་ནས་དེ་གཉིས་ཀ་འཁྲུལ་བ་ཡིན་མཉམ་སྟེ། དེ་རིང་ཉིན་དཀར་གི་སྣང་བ་འདི་དང་། མདང་དགོང་གི་མཚན་གྱི་རྨི་ལམ་གཉིས་ཀ་འཁྲུལ་བ་ཡིན། མངོན་ཤེས་ཅན་གཉིད་ཀྱིས་ནོན་མེད་པ་ཞིག་གིས། གཞན་གཉིད་ནས་རྨི་ལམ་རྨིས་པ་དེ་ལ་བལྟས་པ་འདྲ་ཞིག་ཡིན། འཁྲུལ་བ་འཁྲུལ་བའི་ངོས་ནས་བདེན་པས་ན་ཀུན་རྫོབ་བདེན་པ་ཟེར་བ་ཡིན། དེ་ལྟ་བུའི་དོན་ལ་གོམས་ཆ་སྐྱེས་ནས་བདག་མེད་གང་འཚམས་རེ་རྟོགས་ཀྱང་རང་ཉིད་ཁོ་ན་བདེ་དགོས་སྙམ་པའི་ཞི་བདེ་དོན་གཉེར་གྱི་བློ་དོར་མེད་ན། འཁོར་བ་ལས་ཐར་པའི་ཐར་བ་ཐོབ་ཀྱང་། གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་མེད་པས། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་དེ་འདྲ་བའི་རིགས་ཅན་སྐྱེས་བུ་འབྲིང་གི་ངོ་སྐལ་ལ་བཀའ་དང་པོ་བདེན་པ་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་ཁོ་ཚོའི་བློ་དང་འཚམས་པར་བསྐོར་བ་ཡིན། ང་ཚོས་ཀྱང་ཚེ་འདིའི་མི་ཚད་ཕྱི་མ་བདེ་དགོས་པ་དང་། ཚེ་རབས་གཏན་དུ་ང་འཁོར་བ་འདིའི་ནང་ནས་ཐར་དགོས་མ་གཏོགས། སྐབས་ཤིག་བདེ་ཡང་སྐབས་ཤིག་ལ་སྡུག་བསྔལ་བ་ཡིན། གནས་སྐབས་བདེ་བ་ལྷ་མིའི་གོ་འཕང་ཐོབ་ཀྱང་ཉིན་ཞིག་ལ་དམྱལ་བའི་ནང་ལ་ལྷུང་དུས་སྡུག་བསྔལ་ཆེ་བ་ཡིན། དེ་སྔོན་ཡང་ལྷ་ལུས་མི་ལུས་ཅི་འདྲ་བླངས་མེད། རྒྱལ་པོའི་ཁྲིམས་ཀྱིས་སྲོག་ཆད་གཅོད་རྒྱུ་ཞིག ཉི་མ་གཅིག་གཉིས་ཙམ་ལ་ཕྱིར་འཐེན་བྱེད་རྒྱུ་དེ་ཤི་སྡུག་གསོག་པའི་རིང་རྐྱེན་ཞིག་ལས་ཅུང་མི་འདུག་པས། འཁོར་བ་འདིའི་མཐོ་དམན་གང་ལ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། མེ་ཡི་འོབས་དང་སྲིན་མོའི་གླིང་ནང་ཚུད་པ་ལྟ་བུ་ཞིག་ཡིན་འདུག་སྙམ་པའི་ངེས་པར་འབྱུང་བའི་བློས་ཀུན་ནས་བསླངས་ཏེ། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱས་ནས། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྟེན་འབྲེལ་བསྒོམས་ནས་འགོག་པའི་སྙོམས་འཇུག་དང་འབྲེལ་བའི་བདག་མེད་ཀྱི་དོན་བསྒོམ་ན་ཞི་བ་ཉན་རང་གི་གོ་འཕང་ཐོབ་ཐུབ་པ་ཡིན། འོན་ཀྱང་དེས་འཚེངས་ནས་མི་འདུག་སྟེ། ང་རང་ཉིད་སྡུག་བསྔལ་གྱི་ནང་ནས་ཐར་དུ་ཡོད་ཀྱང་། ངའི་ཕ་དང་མ། ཁྱིམ་གཟའ་ཚང་། པང་བུ་རྒྱུད། ཕུ་ནུ་མིང་སྲིང་། དགའ་ཉེ་མཐུན་གསུམ་ཚང་མ་ལ་བསམ་བློ་མི་གཏོང་བར་ཤུལ་ལ་བསྐྱུར་ནས་རང་མགོ་གང་ཐོན་བྱེད་ན་བུའི་ཐ་མ་རེད། དེའི་མ་ཚད་ཡུལ་སྡེ་དང་ཚོ་བ་ཚང་མ་ཡང་རང་ཅི་འདྲ་རོགས་དང་། བདེ་བ་འདོད་པའི་སེམས་ཅན་སྲོག་ཆགས་ཚད་ཐམས་ཅད་དང་། ད་ལྟའི་དགྲ་འདི་དག་གི་ཕྱོགས་ལ་བསམ་བློ་རེ་གཏོང་ན། སྐྱེ་བ་སྔ་མ་འགའ་རེ་ལ་གྲོགས་ཡིན་པས་མི་ཚད་ཕ་མ་ཡིན་པ་དང་། དེ་ཚེ་སྟོད་གཉེན་ཡིན་ན་ཡང་། ཚེ་སྨད་ཀྱི་སྐབས་སུ་དགྲར་གྱུར་པའང་ཅི་འདྲ་མང་པོ་འདུག ད་ངོ་མས་ངོ་མ་དྲང་པོ་བྱས་ནས་བཤད་ན། ད་ལྟའི་པང་དུ་བུ་རྒྱུད། ཚ་བོ་ཚ་མོ་གཅེས་གཅེས་བྱེད་འདུག་ས་འདི་ཚོ་སྐྱེ་བ་སྔོན་མར་དགྲ་ཡིན་པའང་མང་རབ་རེད། དེ་དུས་ཕར་ལ་སྡུག་བཀོལ་བའི་ལན་པོར་ད་ཚུར་སྡུག་བཀོལ་བའི་ཆེད་དུ་ལས་ཀྱི་ལན་ཆགས་ཀྱིས་བུ་རུ་སྐྱེས་ཤས་ཆེ་བ་ཡིན། འཁོར་བའི་གནས་འདིར་རྩི་ཚོད་མེད་པའི་དུས་ཡུན་རིང་པོ་ཞིག་ནས་འཁྱམས་ཚེ། མངལ་སྐྱེས་ཤིག་ཡིན་ཚད་པོ་ལ་སྐྱེ་བ་རེ་ལ་ཕ་མ་རེ་ཡོད་ངེས་པས། ཚེ་སྔོན་མའི་ཕ་མ་གཉེན་ཉེ་ཚོ་ད་ལྟ་ངོ་མ་ཤེས་པ་ལྟར་དུ་སྐྱེ་བ་གཅིག་བརྗེ་དུས་ད་ལྟའི་ཕ་མ་འདི་ཚོས་ང་ཁྱོད་ཀྱི་ཕ་མ་ཡིན་པར་སྨྲས་ཀྱང་ཤེས་པ་དང་དྲན་པ་མ་ཡིན། དེས་ན་དགྲ་གཉེན་མཉམ་པ་ཉིད། བཏང་སྙོམ་ཚད་མེད་མ་བསྒོམས་ཀྱང་བསྒོམས་པ་དང་འདྲ་འདྲ་རེད། མ་སེམས་ཅན་ཐམས་ཅད་ཅེས་པའི་སངས་རྒྱས་ཀྱི་གསུང་འདི་ཅི་མ་བདེན་སྙམ་པའི་ངེས་ཤེས་སྐྱེ་བའི་ཐོག་ཏུ། སྙིང་རྗེ་ཚད་མེད་སེམས་ཅན་མིག་གིས་རིག་དུས་ཤ་ཚ་ནས་མིག་ནས་མཆི་མ་ཡོང་བ་ཞིག་བྱུང་ན་སྙིང་རྗེའི་བློ་འབྱོངས་བ་ཡིན། ང་ཚོས་ཀྱང་དེ་ལྟ་བུའི་འདང་ཞིབ་ཀྱིས་རྒྱག་དུས་སྙིང་མི་རྗེ་རང་དབང་མེད་པ་ཞིག་ཡིན་པས། ད་ནི་མ་རྒན་སེམས་ཅན་ཐམས་ཅད་འདི་ལྟ་བུའི་སྡུག་བསྔལ་གྱི་ནང་དུ་བསྐྱུར་བཞག་ཐབས་མི་འདུག འོན་ཀྱང་སྐྱོབ་ཐུབ་པའི་ནུས་པ་བདག་ལ་མེད་པ་ནི། འགྲོ་བསམས་ཀྱང་ཨོ་ཡོས་བང་མ་ཁྱག །བལྟ་བསམས་ཀྱང་ཨོ་ཡོས་མིག་མ་བྱེ་བ། དཔེ་ཆུས་ཁྱེར་གྱི་མི་གཉིས་གཅིག་གིས་གཅིག་སྐྱོབ་མི་ཐུབ་པ་བཞིན་དུ་སྐྱོབ་འདོད་ཡོད་ཀྱང་སྐྱོབ་ཐབས་མེད་པའི་གནས་ཚུལ་ཏེ། སེམས་ཅན་ཐར་ལམ་ལ་འགོད་དགོས་ན་རང་ཉིད་ཐར་པའི་སྐམ་སར་ཕྱིན་ཟིན་པ་ཞིག་ཡིན་དགོས་པས། ད་རེས་དམ་པའི་ཆོས་དང་མཇལ་ནས་ཐར་བར་བགྲོད་པའི་ལམ་སྣེ་ཞིག་རྙེད་ཡོད་པའི་སྐབས་འདིར། སྙིང་ནས་སྙིང་པོའི་ལྷ་ཆོས་ཤིག་བསྒྲུབས་ནས། མ་རྒན་འགྲོ་དྲུག་གི་སེམས་ཅན་གཅིག་ཀྱང་ལྷག་ཏུ་མི་འཇུག་པར་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཆོས་ཞུ་དགོས་སྙམ་པ་དང་། ཞུ་བ་ཡིན་སྙམ་པའི་བསམ་པ་དོན་གཉིས་ཚང་བ་ཟེར་བ་དེ་ཡོད་དགོས་པ་ཡིན། དེ་ལྟ་བུའི་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ན། དོན་གཉིས་ཚང་ཞིང་ཟུར་གཉིས་དང་ལྡན་པ་སྟེ། དེ་ལྟ་བུའི་བསམ་པ་རྣམ་དག་སྔོན་དུ་མ་སོང་ན་ཐེག་ཆེན་གྱི་ཆོས་གྲལ་དུ་མི་ཐེ་བ་ཡིན། དེས་ན་ང་ཚོས་ཆོས་བསྒྲུབ་རྒྱུ་འདི་བདེ་བ་ཞིག་གི་དོན་དང་། བདེ་བ་དེ་ལའང་ཕྱི་མ་ལྷ་མིའི་ལུས་ལེན་པའི་བདེ་བ་དོན་གཉེར་ནི་སྐྱེས་བུ་ཆུང་ངུའི་ལམ་དང་། རང་གཅིག་པུ་ཐར་བ་འཐོབ་རྒྱུ་ལ་བརྩོན་པ་སྐྱེས་བུ་འབྲིང་གི་ལམ་དང་། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་མཚོ་ལས་བསྒྲལ་ཏེ་གཏན་གྱི་བདེ་བ་ཐོབ་ཐབས་ཀྱི་སྐྱེས་བུ་ཆེན་པོའི་ལམ་སྟེ། དམིགས་ཡུལ་ཆུང་འབྲིང་ཆེ་གསུམ་ཡོད་པའི་ནང་ནས་དམིགས་ཡུལ་ཆུང་འབྲིང་གཉིས་ཀ་ཡར་ལྡན་དུ་རྫོགས་པའི་དམིགས་ཡུལ་ཆེ་བ། སེམས་ཅན་གྱི་དོན་བསྒྲུབས་ན་རང་དོན་ཚེ་འདིའི་བདེ་སྐྱིད་ལ་སོགས་པ་ཞོར་འབྱུང་ལ་འགྲུབ་པ་ཡིན་པའི་ང་ཚོས་ཞིབ་འཇུག་བྱས་པའི་འབྲས་བུ་དེ་འདྲ་ཞིག་ཤེས་ཐུབ་ཡོད་པ་ཡིན། སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་དགེ་བ་ཞིག་བསྒྲུབས་ཡོད་ན། གནས་སྐབས་ལྷ་དང་མིའི་ལུས་རྟེན་ཁྱད་པར་ཅན་ཐོབ་པ་ནི་རང་བཞིན་ཤུགས་ལ་འགྲུབ་པ་ཡིན། དེས་ན་དམ་པའི་ཆོས་བསྒྲུབ་པ་འདི་ནི་རང་གཞན་ཐམས་ཅད་ཀྱིས་ཚེ་འདིའི་བདེ་བ་རྙེད་ཐབས་ཡིན་པར་ཤེས་ཐུབ་ཡོད་པ་ཡིན། དེ་ལས་ཤེས་རྒྱུ་བོ་གཙོ་ཆེ་ཡང་ལག་ལེན་ལ་འདེབས་ཐུབ་པ་ནི་དེ་བས་ཀྱང་གཙོ་ཆེ་བ་ཡིན། འོ་ན་དགེ་བ་བསྒྲུབས་སྡིག་པ་སྤངས། རང་གཞན་སེམས་ཅན་ཐམས་ཅད་བདེ་བའི་ས་ལ་འགོད་པའི་བྱ་བ་རླབས་ཆེན་སྒྲུབ་པ་འདི་ལ་ཆོས་ཟེར་དགོས་དོན་ཅི་ཞེ་ན། ཆོས་ཞེས་པ་འདི་ལ་རྒྱ་གར་གྱི་སྐད་དུ་དྷརྨ་ཟེར་ཞིང་། དེ་ཚུར་བོད་སྐད་ལ་བསྒྱུར་ཡོང་དུས་ཆོས་ཞེས་ཟེར་བ་ཡིན། དེ་ཡང་། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་སྤྱིར་ན་དོན་བཅུ་ཐམ་པ་ལ་སྒྲ་འཇུག་པར་གསུངས་ཤིང་། སྐབས་འདིར་དམ་པའི་ཆོས་ལ་འཇུག་པའི་ཐད་ཀྱི་ལམ་དང་། མྱང་འདས་དང་། བསོད་ནམས་དང་། གསུང་རབ་བཅས་དོན་བཞི་ལ་འཇུག་པ་ཡིན། སྒྲ་འཇུག་ཕྱོགས་ཀྱི་ཆོས་ཞེས་པ་ནི་བཅོས་པའམ་འཆོས་པའི་དོན་ལ་འཇུག་པས་རང་གི་སེམས་ཀྱི་ནད་བཅོས་པས་ན་དམ་པའི་ཆོས་ཞེས་དམ་པའི་སྒྲ་ཐོགས་ས་ཡང་དེ་ཡིན་ལ། དེ་ལྟ་བུའི་དམ་པའི་ཆོས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་བློ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་གསུམ་མམ་བཞི་རུ་བསྐོར་བ་སྟེ། དེ་ཡང་ཇི་སྐད་དུ། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་བ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་གསུངས་པ་ལྟར་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ལྷ་ཀླུ་འཇིག་རྟེན་ནམ། མཁའ་འགྲོ་མའི་གནས་སུ་བཞུགས་པ་ཐམས་ཅད་གཅིག་ཏུ་བསྡོམས་ན་ཚད་བཟུང་ཐབས་མེད་ཅིང་བརྗོད་ཀྱིས་མི་ལང་བ་ཡིན་པས་མ་ཚད། གང་ཟག་ཐུན་མོང་གི་ངོ་སྐལ་དུའང་སྤྲུལ་སྐུའི་སྟོན་པ་གཅིག་གི་གསུང་ཆོས་ཀྱང་གླང་པོ་ཆེའི་རྒྱབ་ཁལ་མང་པོ། མི་གཅིག་གིས་ཚེ་གང་བོར་མཇལ་མི་ཐུབ་པ་དེ་འདྲའི་རྗོད་བྱེད་རྒྱ་ཆེ་ལ་བརྗོད་བྱ་གཏིང་ཟབ་པ་དེ་དག་ཚུར་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་དང་། དེ་ཡང་ཚུར་བསྡུ་ན། སྡེ་སྣོད་རྣམ་པ་གསུམ། དེ་ཡང་བསྡུ་ན་ལུང་རྟོགས་གཉིས་ཏེ། རྗོད་བྱེད་སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་པ་ནི་ལུང་གི་ཆོས་དང་། བརྗོད་བྱ་བསླབ་པ་གསུམ་ལ་ཉམས་ལེན་བྱེད་པ་ནི་རྟོགས་པའི་ཆོས་ཏེ། དེ་ལྟ་བུའི་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པའི་ནང་ལ་འདུས་པ་ཡིན། དེ་ལས་ད་རེས་ཀྱི་སྐབས་སུ་བབ་པའི་འཆད་ཉན་བྱ་ཡུལ་གྱི་དམ་པའི་ཆོས་ནི་མདོ་དང་རྒྱུད་སྡེ་ཐམས་ཅད་ཕྱོགས་མཐུན་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདི་ཉིད་འཆད་པའི་སྐབས་རེད། དེས་ན་ང་ཚོས་ཆོས་ཞུ་རྒྱུའི་དམིགས་ཡུལ་ནི་རང་གཞན་གཏན་གྱི་བདེ་བ་ལ་འགོད་པའི་དོན་དུ་ཡིན་པ་དང་། ཆོས་ཞེས་པ་དེ་ཅི་ཞིག་ཡིན་རགས་རིམ་ཙམ་ཞིག་ཤེས་པར་བྱས་ནས། ཆོས་ཞུས་ནས་ཐོབ་འགྲོ་རྒྱུ་དེ་ཅི་ཞིག་ཡིན་ཞེ་ན། ཆོས་སྨྲ་བའི་སློབ་དཔོན་དེས། རང་ཉིད་ཀྱི་ཡོངས་འཛིན་དགེ་བའི་བཤེས་གཉེན་ལས་ཐོས་པའི་ཆོས་གང་ཡིན་པ་དེ་ཉིད། གཞན་ལ་དེ་བཞིན་དུ་ལེགས་པར་གདམས་ནས། ཚིག་གི་སྒོ་ནས་དོན་གོ་བར་བྱེད་པ་དང་། བྱིན་རླབས་ཀྱི་བརྒྱུད་པའི་ཕ་ཕོག་སྤྲད་པ་དེ་ལ་ཆོས་ཞུས་ནས་ཐོབ་ཅེས་པ་ཡིན། དེ་ཡིས་ཆོས་ཞུས་ནས་འཐོབ་ཏུ་ཡོད་པ་དེའང་ཤེས་པ་ཡིན། དེས་མ་ཚད་པར་ཤེས་དགོས་པ་མ་ཤེས་ཐབས་མེད་ཅིག་ནི། ཆོས་ཞུ་བ་ལས་ཀྱང་དང་པོར་ཞུ་ལུགས་ཤེས་དགོས་པ་ཡིན། ཆོས་ཞེས་པ་རྫོགས་པའི་སངས་རྒྱས་ཀྱི་གསུང་། བདེན་པར་སྨྲ་བའི་ཚིག དོན་གྱི་དམ་པ་བསླུ་བ་མེད་པ། ཐོས་པར་དཀའ་བ། ཐོས་ན་དོན་ཆེན་པོར་ལྡན་པ་ཞིག་ཡིན་པར་ཐོག་མར་ཤེས་དགོས་ཤིང་། ད་རེས་མིའི་ལུས་རྟེན་ཞིག་བླངས་པ་དང་། དེའི་ནང་ནས་ཆོས་ཐོས་པའི་ས་ཆ་རུ་སྐྱེས་པའི་དབང་གིས་ཆོས་སྒྲ་ཞིག་གོ་ཐུབ་པའི་སྐལ་བ་ལྡན་པ་རེད་མ་གཏོགས། ངན་སོང་ངན་འགྲོའི་གནས་ཤིག་ལ་སྐྱེས་ན་སྨྲོས་ཅི་དགོས། མཐའ་འཁོབ་ཀླ་ཀློའི་ལུས་རྟེན་ལྟ་བུ་ཞིག་བླངས་ཡོད་ན། ཆོས་སྒྲ་ཙམ་ཞིག་ཀྱང་གོ་མི་མྱོང་ན་ཉན་འདོད་ཅིག་དེ་བས་སྐྱེ་རྒྱུ་ག་ལ་ཡོད། དེས་ན་ཆོས་དར་བའི་ས་ཆ་རུ་སྐྱེས་ཤིང་། ཆོས་ཉན་པའི་སྐལ་བ་དང་ལྡན་པ་འདི་སྔར་བསགས་བསོད་ནམས་ཀྱི་འབྲས་བུ་ཞིག་ཡིན་པས། འདིའི་གོ་སྐབས་འདི་ཆུད་ཟོས་སུ་ཤོར་མི་རུང་སྙམ་ནས་དྲན་ཤེས་དགོས་པ་ཡིན་ཏེ། སྔར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སློབ་པ་ལམ་ལ་གནས་པའི་སྐབས་ན། ཆོས་ཚིགས་སུ་བཅད་པའི་ཤོ་ལོ་ཀ་རེ་རེའི་དོན་དུ་སྐུ་ལུས་ལ་ཤ་ཡི་ཀོང་བུ་དྲུས་པ་རེ་རེ་བཞིན་དུ་བརྩིས་ན་སྟོང་ཕྲག་ཙམ་གྱི་ནང་སྡོང་བུ་བཙུགས་ཤིང་། མར་ཁུ་བླུགས་ནས་མར་མེ་སྦར་བའི་དཀའ་སྤྱད་དང་། མེའི་འོབས་དོང་ལ་མཆོངས་ཏེ་ཆོས་ཕྱིར་དཀའ་སྤྱད་མཛད་པའི་ལོ་རྒྱུས་དང་། སྐུ་ལུས་ལ་ལྕགས་ཀྱི་འཛེར་མ་སྟོང་བཏབ་ནས་དཀའ་སྤྱད་མཛད་པའི་ལོ་རྒྱུས་དང་། པགས་པས་ཤོག་བུ། རུས་པས་སྨྱུ་གུ། ཁྲག་གིས་སྣག་ཚ་བྱས་ནས་ཆོས་བླངས་པ་ལ་སོགས་པའི་དཀའ་སྤྱད་དེ་འདྲ་མཛད་ཡོད་པ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཞུ་བའི་དོན་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་དུས་ཅི་འདྲའི་དཀའ་སྤྱད་མཛད་འདུག རང་གི་ལུས་ཀྱི་ཤ་ཁྲག་བཙོངས་ནས་དེའི་རིན་པས་བསྙེན་བཀུར་མཛད། རང་གི་ལུས་ནས་ཁྲག་གཏར་ནས་ཆོས་གསུང་སའི་ས་ཡི་རྡུལ་མི་ལྡང་བའི་ཆེད་དུ་ཁྲག་གིས་ཆག་ཆག་བཏབ་པའི་ལོ་རྒྱུས་ཡོད་པ་དང་། འུ་ཚོ་འདི་ན་བདེ་བདེ་ཁོད་ཁོད་ལ་བསྡད་ནས་རང་སྒོ་རང་རྩིབ་ནས་ཆོས་ཉན་ཆོག་པའི་སྐལ་བ་ཐོབ་རྒྱུ་དེ། རྩ་ཆེན་ཡིན་པའི་གནད་དེ་དང་པོར་ཤེས་པ་བྱས་ནས། རང་གིས་རང་ལ་ཁ་ནང་ལ་འཁོར་ནས། ད་རེས་ངས་ཆོས་ཞུ་བའི་དམིགས་ཡུལ་དང་ཀུན་སློང་གི་ཐད་ལ་འདང་ཞིག་རང་གིས་རང་ལ་བརྒྱབ་ནས་རྩིས་ཤིག་བླངས་ཏེ། ཆེ་འདོད་གྲགས་འདོད། སྙན་གྲགས་ཀྱི་དོན་དུ་ཆོས་ཞུ་བར་འདུག་གམ། གཞན་དག་ལ་འགྲན་སེམས་ཀྱི་ཐོག་ནས་ཀན་གྱིས་ཆོས་ཞུ་ན་ངས་ཅིས་ཀྱང་ཞུ་དགོས་སྙམ་ནས་འགྲན་སེམས་ཀྱིས་ཆོས་ཞུ་བར་འདུག་གམ། དེ་མིན་གཞན་ཨ་མཚར་གྱིས་རྩེད་ཞོར་དགོད་ཞོར་དུ་ཆོས་གྲལ་ལ་བསྡད་པ་ཙམ་དུ་འདུག་གམ་ལ་སོགས་པ་བརྟགས་ནས་ཉོན་མོངས་དང་འདྲེས་པའི་ཀུན་སློང་སྤངས་ནས་ཆོས་ཞུ་དགོས་པ་ཡིན། དེ་མ་སྤངས་ན་ཆོས་ཞུས་ཀྱང་ཕན་མི་ཐོགས་པར་མ་ཚད། སྨན་མ་ཞུ་བ་དུག་ཏུ་འགྱུར་སོང་བ་ལྟ་བུའི་ཕན་མ་དགོས་གནོད་པའི་གཞི་མར་འགྲོ་བ་ཡང་ཡོད་པ་ཡིན། ཆོས་ཆོས་བཞིན་མ་སྤྱད་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་གསུངས་པ་ཡིན། དེའི་ཐོག་ལ་ཆོས་དང་སྟོན་པ་ལ་དད་པའི་འདུ་ཤེས་ཡོད་དགོས་ཏེ། དད་པ་མེད་ན་ཆོས་ཀྱི་རྩ་བ་རུལ་ཞེས་གསུངས་པས། སྟོན་པས་གསུངས་པའི་ཆོས་ལ་དད་པ་མེད་པའི་མིའི་སྔུན་དུ་སྟོན་པ་དངོས་སུ་བྱོན་ཀྱང་ཕན་ཐོགས་མེད་པ་དེས་ན་ཚེ་རབས་གཏན་གྱི་བདེ་བ་རྙེད་དགོས་ན། ཆོས་ཉན་པ་དེའི་དོན་བསྒྲུབས་ནས་སྡུག་བསྔལ་ཆེ་ཆུང་ཐམས་ཅད་དང་བྲལ་བའི་གཏན་དུ་བདེ་བའི་གོ་འཕང་ཐོབ་དགོས་པ་སྟེ། ད་སྔ་ཡན་ཆད་ཀྱི་བྱ་བ་ཐམས་ཅད་ཡང་ན་དོན་མེད་སྡིག་པའི་རྩ་བ་ངན་སོང་གི་རྒྱུ། ཡང་མིན་ན་དོན་ཆུང་ཚེ་འདིའི་བྱ་བཞག་ཙ་གེ་ཙིག་གེ་ཙམ་མ་གཏོགས་མེད་པས། ད་རེས་དོན་ཆེན་སྙིང་པོའི་བྱ་བཞག་རང་གཞན་འདི་ཕྱིའི་བདེ་སྐྱིད་ཀྱི་རྩ་བ་དམ་པའི་ཆོས་བསྒྲུབ་རྒྱུ་འདི་ལ་བབ་ཡོད་པ་འདི་ལ་ལེ་ལོ་ཞིག་ཤོར་ན་གྲལ་འདྲ་འདྲའི་ནང་ནས་སྐལ་བ་སྒེར་ལ་ཆད་པ་རེད་སྙམ་པའི་ཆོད་སེམས་ཀྱི་གོ་ཆ་ཞིག་རང་གིས་རང་ལ་བསྐོན་དགོས་པ་ཡིན། ཆོས་ཞུས་པའི་ཕན་ཡོན་ལ་བསམ་ན། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔ་འམ་གཎྜི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། ཆོས་ལ་བསྐུལ་བའི་ཆོས་དུང་དང་། ཆོས་རྔ་དང་། དགེ་འདུན་བསྡུ་བའི་གཎྜིའི་སྒྲ་རྣ་བས་གོ་ན་དེའི་ཕན་ཡོན་གྱིས་ཐར་བ་ཐོབ་པར་གསུངས་པས། བསམ་བཞིན་དུ་ཆོས་ཉན་པར་ཡོང་ན་བསོད་ནམས་ཆེན་པོ་ཐོབ་པ་ནི་སྨོས་མ་དགོས་ཤིང་། ཐ་ན་དུད་འགྲོ་དག་གི་རྣ་ལམ་དུ་ཆོས་སྒྲ་གོ་བས་སྐྱེ་བ་རྗེས་ནས་མཐོ་རིས་སུ་སྐྱེས་ཏེ་རིམ་གྱིས་ཐར་བ་ཐོབ་པའང་མང་བ་ཡིན། གཞན་ཡང་ཐོས་པས་བློ་གྲོས་ཀྱི་མིག་རྙེད། བསམས་པས་ཤེས་རབ་ཀྱི་གཏེར་ཆེན་བརྡོལ། བསྒོམས་པས་ཉམས་མྱོང་གི་བོགས་ཐོན་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། གལ་ཏེ་ཐོས་པས་ཚིག་མི་གོ། བསམས་པས་དོན་མི་ཤེས། བསྒོམས་པས་གནས་ལུགས་ཀྱི་རྟོགས་པ་མི་སྐྱེ་བ་རྣམས་ནི་སྔོན་གྱི་སྡིག་སྒྲིབ་ཀྱི་དབང་གིས་ཡིན་པས། ཆོས་དང་བླ་མར་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་སྡིག་བཤགས་རེ་གྱིས་དང་། བཟང་འབྲེལ་ཚེ་གཅིག་སངས་རྒྱས། །ངན་འབྲེལ་འཁོར་བ་མཐའ་ཅན། །ཞེས་པ་ཡིན་པས་སྒྲིབ་པ་སྲབ་ཏུ་འགྲོ་བ་ཡིན། གཞན་ཡང་ཆོས་ཀྱི་ཚིག་དོན་གོ་བ་མི་ལོན་པའི་གནད་ནི་ཚེ་སྔོན་དེའི་ཕྱོགས་ལ་སྦྱོང་བ་དམན་པའི་སྟབས་ཀྱིས་ཡིན་པ་དང་ད་རེས་འབད་དེ་བསླབ་དགོས་པའི་ཚུལ། ས་སྐྱ་པཎ་ཆེན་གྱིས། སྐྱེ་བ་སྔོན་མར་མ་བསླབས་པས། །ཚེ་འདིར་བླུན་པོར་གྱུར་ལ་ལྟོས། །ཞེས་དང་། ཕྱི་མར་བླུན་པོར་སྐྱེ་དོགས་པས། །ཚེ་འདིར་དཀའ་ཡང་འབད་དེ་ཉན། །ཞེས་པ་ལྟར་དུ་སང་ཉིན་འཆི་རྒྱུ་ཡིན་ཡང་དེ་རིང་ཚིག་རེ་ཨེ་ཤེས་ཀྱི་འབད་དགོས་པ་ཡང་དེ་ལས། རིག་པ་ནངས་པར་འཆི་ཡང་བསླབས། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་པ་ཡིན། གཞན་ཡང་བླུན་རྨོངས་དུད་འགྲོའི་གནས་སུ་མི་ལྟུང་པ་ལ་སོགས་པའི་ཕན་ཡོན་ཆེ་བ་ཡིན། ད་དེ་ཡན་གྱིས་ཆོས་ཐོས་པར་དཀའ་ཚུལ། ཐོས་ན་ཕན་པ་ཆེ་ཚུལ། མ་ཐོས་ན་ཉེས་དམིགས་ཡོད་ལུགས། ཆོས་ཐོས་པའི་དོན་གཉེར་བྱེད་དགོས་ཚུལ་སོགས་ཤེས་པར་བྱས་པ་ཡིན། དེ་ལྟ་བུའི་གནད་དེ་དག་ངེས་ནས་ཆོས་རའི་ནང་ལ་བསྡད་པ་ཙམ་གྱིས་མི་ཆོག་པར་ཀུན་སློང་དང་། ཀུན་སྤྱོད་གཉིས་ཀ་བཅོས་པའང་ཤིན་ཏུ་གལ་ཆེ་བ་ཡིན། དེ་ལ་ཀུན་སློང་ཞེས་པའི་ཀུན་ནི་མང་པོའི་དོན་གྱི་ཚིག་དང་། སློང་ནི་འཆར་དུ་བཅུག་པའི་དོན་ཡིན་པས། རྣམ་རྟོག་མང་པོ་ཞིག་གི་ནང་ནས་དམིགས་ཀྱིས་བཀར་བའི་རྟོག་པ་ཞིག་ཡར་སློང་ནས་འཆར་དུ་བཅུག་པ་ལ་གོ་དགོས་པ་ཡིན་པས་ཀུན་སློང་ངན་པ་དག་བཟང་པོར་བསྒྱུར་ཏེ་བཅོས་པ་ལ་ཀུན་སློང་བཅོས་ཞེས་པ་དང་། ཀུན་སྤྱོད་ཞེས་པ་ནི་ཆོས་ཉན་པའི་སྐབས་ཀྱི་ལུས་ངག་གི་བྱ་སྤྱོད་དང་སྨྲ་བརྗོད་ལ་ཟེར་བ་ཡིན། དེ་ལས་དང་པོ་ཀུན་སློང་ནི། ཅི་ཞིག་གི་ཆེད་དུ་ཆོས་ཞུ་བའི་དམིགས་ཡུལ་ལ་གསུངས་པ་ཡིན་པས། ཆོས་ཉན་བཤད་སྒོམ་སྒྲུབ་གང་གི་སྐབས་ཡིན་ཡང་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་གོང་ནས་བཤད་པ་ལྟར་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྟག་ཏུ་སྡུག་བསྔལ་གསུམ་གྱིས་མནར་ཞིང་གདུངས་པ་འདི་དག་ཐམས་ཅད་སྙིང་རེ་རྗེ་སྙམ་པའི་སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་ཞིག་དང་། སྙིང་རྗེ་བ་གཅིག་པུས་མི་ཕན་པར་ཕ་མར་གྱུར་པའི་སེམས་ཅན་འདི་དག་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་སྙམ་པའི་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་ཏེ། དེ་ལྟ་བུའི་ཟུར་གཉིས་སམ་དོན་གཉིས་དང་ལྡན་པ་ཞིག་ངེས་པར་དུ་དགོས་པ་ཡིན། ཆོས་ཞུ་དུས་ཀུན་སློང་མི་དགེ་བ་དང་། ལུང་མ་བསྟན་གྱི་ཀུན་སློང་དགེ་སྡིག་གང་གི་ཕྱོགས་ལའང་མི་ཐེ་བ་ཐོམ་ཡོར་རེ་བའི་ངང་ནས་ཞུ་མི་ཉན་པ་ཡིན། དེ་ཡིས་ཀུན་སློང་བཤད་ཟིན་པ་ཡིན། ཀུན་སྤྱོད་ལ་སྤང་བྱའི་ཀུན་སྤྱོད་དང་བླང་བྱའི་ཀུན་སྤྱོད་གཉིས་སུ་གསུངས་ཤིང་། སྤང་བྱ་ཞེས་པ་ནི་འདོར་བྱ་དང་། བླང་བྱ་ཞེས་པ་ནི་དང་དུ་ལེན་བྱ་ལ་བཤད་པས། སྤང་བྱའི་ཀུན་སྤྱོད་དེ་ལའང་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་བཅས་ཡོད་པ་ལས། སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་གསུངས་པ་ཡིན། དེ་ཡང་ཆོས་ཞུ་དུས་རྣ་བའི་རྣམ་ཤེས་ཆོས་བཤད་པའི་སྒྲ་ལ་གཏད་ནས་དེ་ལས་གཞན་དུ་མ་ཡེངས་པ་ཞིག་བྱེད་དགོས་པ་ལས། ལུས་ཆོས་གྲལ་ན་ཡོད་ཀྱང་སེམས་བྱང་ཁོག་ནང་དུ་མ་བསྡད་པར་ཡུལ་གཞན་ལ་གཡེངས་ནས་ཆོས་བཤད་པའི་སྒྲ་ལ་མ་ཉན་ན། སྣོད་ཁ་སྦུབས་ཀྱི་སྟེང་དུ་ཆུ་ཇི་ཙམ་བླུགས་ཀྱང་སྣོད་ཀྱི་ནང་ལ་འབབ་ཏུ་མེད་པ་ལྟར། ཆོས་ཀྱི་ཚིག་དོན་གང་ཡང་མི་ཐོས་ཤིང་མི་ཐོབ་པས་ཆོས་ཀྱི་སྒྲ་ལ་རྣ་བ་གཏད་དགོས་པ་ཡིན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན་ནི། ཆོས་སྒྲ་རྣ་བས་ཉན་པ་དེ་སེམས་ལ་འཇོག་དགོས་པ་ལས། དོན་ཡིད་ལ་མ་བཟུང་བའི་རྣ་རྒྱབ་ཀྱི་རླུང་སྒྲ་གོ་ལོ་ཐོས་ལོ་ཐོབ་ཡིག་གསོག་བྱེད་འདྲ་ཞིག་གིས་ཆོས་ཞུས་གོ་མི་ཆོད་པ་ཡིན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན་ནི། ཆགས་སྡང་རྨོངས་གསུམ་ང་རྒྱལ་ཕྲག་དོག་སོགས་དང་འདྲེས་ཞོར་དུ་ཆོས་ཉན་ན། ཆོས་ཉན་པ་དེས་སེམས་ལ་མི་ཕན་པས་མ་ཚད། ཆོས་ཞུས་པ་ཆོས་མིན་དུ་འགྲོ་བ་ནི་དཔེར་ན། དུག་ཅན་སྣོད་ཀྱི་ནང་ལ་ཟས་བཟང་པོ་ཞིག་བླུགས་ན་ཟས་དེ་ཡང་དུག་ཅན་དུ་གྱུར་ནས་གནོད་པ་ཅན་དུ་ལོག་པ་དང་ཁྱད་མེད་པ་ཡིན། དྲི་མ་དྲུག་ནི། །རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་པ་ལྟར། གཞན་བས་ང་ལྷག་པས་ཁོང་བླ་མ་ཡིན་ཡང་ངས་བཟང་སྙམ་པའི་ང་རྒྱལ་དང་། ཆོས་དང་བླ་མ་ལ་མ་དད་བཞིན་དུ་ཉན་པ་དང་། ཆོས་ལ་དོན་གཉེར་མེད་པ་དང་། ལུས་ཆོས་གྲལ་དུ་ཡོད་ཀྱང་སེམས་ཕྱི་རོལ་དུ་གཡེངས་ནས་འབྲོག་ཐོག་ན་ཡོད་པ་དག་གིས་ལ་ཁའི་རྟ་ཟོག། ལུང་ཁོང་གི་ཁྱིམ་སྒོ་ཕྱིའི་དངོས་ཟོག ལས་ཀ་ཙ་གེ་ཙིག་གེ་སོགས་ལ་སེམས་པ་དང་། དགོན་དང་གྲོང་གི་ནང་དུ་ཡོད་པ་ཞིག་ཡིན་ནའང་། མེ་འབུད་ཆུ་ལེན། མི་དང་འབྲེལ་གཏུག ཚོང་དོན་བྱ་གཞག དེ་མིན་དཀོར་ཁ་གྲོང་ཆོག་རྩེད་མོས་ཧ་དགོད་རྣམས་ལ་སེམས་ཤོར་ནས་གཡེངས་བ་དང་། ཡང་ནང་དུ་སྡུད་ཆེ་སོང་བའི་བྱིང་རྨུགས་འཐིབ་གསུམ་ཡོང་བ་དང་། སྐྱོ་བས་ཉན་པ་སྟེ། ཨ་རོ་ཤུ་ཉན་ཚད་སྡོད་ཚད་གཉིས་ཀ་མི་འདུག་སྙམ་ནས་ཆོས་ཐུན་གྱིས་རྨུས་འགྲོ་བ་སྟེ། དེ་དྲུག་པོ་ནི་དྲི་མ་དྲུག་ཡིན་པས་སྤོང་དགོས་པ་ཡིན། མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་སྟེ་དེ་ལྔ་པོ་ཡིན། ཚིག་འཛིན་ལ་དོན་མི་འཛིན་པ་ནི། ཚིག་སྙན་མོ་རེ་དང་ཐུག་ན་དེ་བློ་ལ་བཟུང་བ་ཙམ་ལས་དོན་ཟབ་མོ་ཞེ་ལ་འཛིན་མི་ཐུབ་པ་དང་། དོན་འཛིན་ལ་ཚིག་མི་འཛིན་པ་ནི། ཚིག་ལ་དགོས་པ་མེད་པས་དོན་གོ་ནས་ཤེས་དགོས་སྙམ་པ་སྟེ། ཚིག་ལ་མ་ལྟོས་པའི་དོན་གོ་ཐབས་མེད་ཕྱིར་ཚིག་དོན་གཉིས་ཀ་ཤོར་སོང་བ་དང་། བརྡ་མ་འཕྲོད་པར་འཛིན་པ་ནི། དྲང་ངེས་ལྡེམ་དགོངས་ལ་སོགས་པའི་གསུང་ལ་གོ་བ་ཟབ་མོ་མ་ལོན་ནས་གོ་ནོར་དུ་སོང་བ་དང་། གོང་འོག་ནོར་ནས་འཛིན་པ་ནི། བསྟན་པའི་བབས་དང་འགལ་བ་སྟེ། དཔེར་ན། ཐོས་བསམ་སྒོམ་གསུམ་ལ་ཆ་མཚོན་ན། དང་པོ་ཐོས། དེ་ནས་བསམ། དེ་ནས་སྒོམ་དགོས་པ་ཡིན་མོད། འོན་ཀྱང་དེ་ཕྱིན་ཅི་ལོག་ཏུ་སོང་ནས་དང་པོར་བསྒོམས། དེ་ནས་བསམས། དེ་ནས་ཐོས་པ་བཙལ་རྒྱུའི་ཕྱོགས་ལ་འདེང་བརྒྱབ་པའི་རིམ་པ་ནོར་སོང་བ་དང་། ལོག་པར་འཛིན་པ་ནི། དོན་ཕྱིན་ཅི་ལོག་ཏུ་གོ་ནོར་ཐེབས་ནས་ལོག་རྟོག་རྒྱུན་འབྱམས་ཏེ་རང་རྒྱུད་ཆུད་ཟོས་སུ་སོང་བ་སྟེ། དེ་དག་ནི་སྤང་བར་བྱ་བའི་ཀུན་སྤྱོད་ཡིན། བླང་བྱའི་ཀུན་སྤྱོད་ནི། འདུ་ཤེས་བཞི་བསྟེན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བསྟེན་པ་སྟེ་གསུམ་ལས། དང་པོ་འདུ་ཤེས་བཞི་བརྟེན་པ་ནི། མདོ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར། རང་ཉིད་ཐོག་མེད་ནས་ད་ལྟའི་བར་རྒྱུ་དུག་གསུམ་གྱིས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གསུམ་གྱི་ཟུག་རྔུས་མནར་ནས་ཡོད་པའི་ནད་པ་སྡུག་པོ་ཞིག་ཡིན་པའི་འདུ་ཤེས་དང་། དམ་པའི་ཆོས་དེ་ཉོན་མོངས་ནད་ཀྱི་གདུང་བ་སེལ་བའི་སྨན་ཞིག་ཡིན་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ནི་ཉོན་མོངས་རྒྱུ་འབྲས་དང་བཅས་པའི་ནད་སེལ་བ་ལ་མཁས་པའི་སྨན་པ་བཟང་པོ་ཞིག་ཡིན་པའི་འདུ་ཤེས་དང་། ནན་ཏན་ཉམས་སུ་ལེན་པ་ནི་སྨན་ནད་པས་ཇི་ལྟར་བསྟེན་དགོས་པ་སྨན་པ་མཁས་པའི་ལག་ལེན་ལ་ཐུག་པ་ལྟར། བླ་མའི་ཞལ་ནས་གསུངས་པའི་དམ་ཆོས་བདུད་རྩི་དེ་རང་ཉིད་ཀྱིས་ཉམས་སུ་བླངས་ཏེ་རང་རྒྱུད་ཉོན་མོངས་ཀྱི་ནད་ལས་གྲོལ་ཐབས་བྱེད་པ་ནི་ནད་ཉེ་བ་འཚོ་བ་ལྟ་བུའི་འདུ་ཤེས་ཏེ། དེ་བཞི་པོ་དང་མ་བྲལ་བ་ཞིག་བྱེད་དགོས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ནི། །ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་དྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་པ་ལྟར། ཆོས་འཆད་པ་པོ་བཞུགས་སའི་ཁྲི་གདན་གཤོམ་པ་དང་། མེ་ཏོག་འབུལ་བ་དང་། མཇལ་དར་ལ་སོགས་པ་འབུལ་བ་སྦྱིན་པ་དང་། སྤྱོད་ལམ་མ་གུས་པ་མི་བྱེད་པར་སྡོམ་པ་དང་། ཆོས་འཆད་སའི་ས་ཕྱོགས་གཙང་སྦྲ་བྱེད་པ་ཚུལ་ཁྲིམས་དང་། དཀའ་ཚེགས་ངལ་དུབ་ཡོད་མེད་ལ་མི་བལྟ་བར་ཆོས་ཞུ་བ་བཟོད་པ་དང་། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་པ་ལྟར་དུ་ཆོས་དང་བླ་མ་ལ་ལོག་ལྟ་སྤངས་ནས་དད་པས་སྤྲོ་བཞིན་དུ་ཉན་པ་བརྩོན་འགྲུས་དང་། བླ་མའི་གདམས་ངག་ལས་སེམས་གཞན་དུ་མི་གཡེངས་བར་ཉན་པ་བསམ་གཏན་དང་། ཆོས་ལ་སྒྲོ་འདོགས་བཅད་ནས་ཐེ་ཚོམ་ཆོད་པ་ཤེས་རབ་སྟེ་དྲུག་པོ་ནི། ཆོས་ཞུ་བའི་སྐབས་ཀྱི་བླང་བྱའི་ཀུན་སྤྱོད་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞེས་པ་དང་། སྤྱོད་ལམ་གཞན་བསྟེན་པ་ནི། །འདུལ་བ་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་གསུངས་པ་ལྟར། ཆོས་ཞུ་དུས་མ་གུས་པའི་སྤྱོད་ལམ་མགོ་དཀྲིས་ལ་སོགས་པས་མགོ་བཏུམ་པ་དང་། ཞྭ་གོན་ནས་ཆོས་ཉན་པ་དང་། གདུགས་ཕུབ་ནས་ཆོས་ཉན་པ་དང་། ལག་རྟེན་དང་མཚོན་ཆ་ལ་སོགས་རྫིག་རྫིག་གི་ཉམས་ཀྱིས་བཟུང་སྟེ་ཆོས་ཉན་པ་སོགས་མ་གུས་པའི་སྤྱོད་ལམ་ཡིན་པས་ཉན་པ་པོས་དེ་ལྟར་མི་བྱེད་པ་དང་། འཆད་པ་པོས་ཀྱང་དེ་འདྲ་བ་ལ་ཆོས་བཤད་མི་རུང་བར་གསུངས་ཤིང་། དེ་ལས་ལྡོག་སྟེ་གུས་པའི་ཚུལ་ནི། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། དགའ་ཞིང་སྤྲོ་བ་དང་ལྡན་པའི་སྒོ་ནས་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་སྟེ་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་ཆོས་ཉན་དགོས་པ་ཡིན། ད་རེས་སྐབས་སུ་བབ་པ་གང་ཞིག་བཤད་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་རཱ་ག་ཨ་སྱས་མཛད་པ་འདི་ཉིད་ཡིན་ལ། འདིའི་མཛད་པ་པོ་མཁས་གྲུབ་རཱ་ག་ཨ་སྱ་འམ་མཁས་གྲུབ་ཀརྨ་ཆགས་མེད་ནི། མཁས་ཤིང་གྲུབ་པའི་ཁྱུ་མཆོག་བཀའ་རྙིང་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་མ་ཟད། ཁོང་གིས་ཐུགས་བརྩེ་བ་ཆེན་པོས་ཕྱི་རབས་རྗེས་འཇུག་གི་དོན་དུ་བཞག་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་འདི་ཉིད། བརྗོད་བྱ་གཏིང་ཟབ་ལ་རྗོད་བྱེད་གོ་བདེ་བས་གཞུང་ལུགས་མང་པོ་ལ་མ་སྦྱངས་པའི་ཕལ་བས་ཉན་ན་ཡང་གོ་བདེ་བ་དང་། མཁས་པ་ཆེན་པོ་གང་འདྲ་ཞིག་གིས་བརྟགས་དཔྱད་བྱས་ཀྱང་གཏིང་ཟབ་ཅིང་མདོ་རྒྱུད་ཀུན་དང་མཐུན་པའི་སྨོན་ལམ་འདི་ཉིད་མཛད་པ་ཡིན། འདི་ཐུགས་བསྐྱེད་ཀྱི་དབང་གིས་འགྲོ་དོན་ཁྱབ་རྒྱ་ཆེ་ཞིང་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་མྱུར་བ་ཡིན། དབུ་ནས་མར་ཡི་གེའི་ངོ་ལ་བལྟས་ཏེ་ཚིག་རེ་དང་འབྲུ་རེ་གནོན་ཞོར་གཞུང་འདིའི་ནང་དོན་ཤེས་དགོས་པ་ཡིན་པས་ཚང་མས་ཡི་གེ་ལ་བལྟ་དགོས། འདི་ལ་བསྟན་བཅོས་ཀྱི་མཚན་བསྟན་པ་དང་། མཚན་དེ་ལྡན་གྱི་གཞུང་བཤད་པ་དང་གཉིས་ཡོད་པ་ལས། དང་པོ་ནི།
བསྟན་བཅོས་ཀྱི་མཚན་བསྟན་པ།
འདིའི་མཚན་ཡང་བཟང་འདོགས་སྙན་མིང་གི་སྤྲོས་པ་བསྐྱུངས་ནས་སྨོན་ལམ་གྱི་བརྗོད་བྱའི་ནང་དོན་ཐད་ཀར་གསལ་བའི་རང་བཞིན་བརྗོད་པའི་རྒྱན་གྱི་དབང་དུ་བྱས་ཏེ།
རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ།།
ཞེས་གསུངས་པ་སྟེ། དེ་ཡང་སྤྱིར་ན་དག་དང་མ་དག་གི་ཞིང་ཁམས་ཞེས་པ་དེ་ལས་དག་དང་མ་དག་གི་སྣང་ངོར་ཤར་བའི་ཁྱད་པར་ཞིག་ཡིན་པས། བདེ་བ་ཅན་གྱི་ཞིང་ཁམས་དེ་ནི་འདུལ་བྱེད་སྟོན་པ་གཅིག་གི་གདུལ་བྱར་གྱུར་པའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ལ་སོགས་ཐ་མལ་བའི་མཐུན་སྣང་དུ་གྱུར་པའི་མ་དག་པའི་ཞིང་ཁམས་དེ་ལྟ་བུ་མ་ཡིན་པར། སྔོན་གྱི་སྨོན་ལམ་གྱི་དབང་གིས་སྟོན་པ་འཁོར་དང་གདུལ་བྱ་ཕྲིན་ལས་སྤྱོད་ཡུལ་དང་བཅས་པ་ཤིན་ཏུ་གཙང་ཞིང་རྣམ་པར་དག་ཅིང་མ་དག་པའི་མིང་ཙམ་ཡང་མེད་པས་ན་རྣམ་དག་ཅེས་པ་དང་། ཞིང་དེར་སྐྱེ་བ་བླངས་ཙམ་གྱིས་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་ནས་བདེ་བ་མ་གཏོགས་སྡུག་བསྔལ་མེད་པས་མ་ཚད། བདེ་བ་དེ་ཡང་ཟག་བཅས་ཀྱི་བདེ་བས་མཚོན་ཐབས་མེད་པའི་ཟག་མེད་ཀྱི་བདེ་བ་ཆེན་པོ་ཡིན་པ་དེའི་ཕྱིར་ན་བདེ་བ་ཅན་ཞེས་པ་དང་། སྤྱིར་ན་རྒྱལ་བའི་ཞིང་ཁམས་མཐའ་ཡས་པ་ཞིག་ཡོད་ཀྱང་འདི་ནི་ཞིང་ཁམས་དེ་དག་ཐམས་ཅད་ལས་ཁྱད་དུ་འཕགས་པ་སྟེ། དེ་ཡང་ཇི་ལྟར་ཁྱད་དུ་འཕགས་ཤེ་ན། སྔོན་གྱི་ཐུགས་བསྐྱེད་དང་། ཞིང་ཁམས་ཀྱི་ཡོན་ཏན་དང་། ཞིང་ཁམས་དེར་སྐྱེ་བའི་སྨོན་ལམ་འགྲུབ་སླ་བའི་དབང་གིས་འཕགས་པ་ཡིན། ཞིང་ཁམས་དག་པ་གཞན་ལ་བདེ་བ་མེད་པ་མིན་ཡང་། བདེ་བ་ཅན་གྱི་ཞིང་འདི་ཉིད་སྔོན་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་ཞབས་དྲུང་དེར་འོད་དཔག་མེད་འཚང་རྒྱ་བའི་སྔོན་རོལ་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་པར་གྱུར་བའི་ཚེ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་རྣམས་ཀྱི་རྒྱན་དང་བཀོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡམས་པའི་ཞིང་ཁམས་ཤིག་འཛིན་པའི་སྨོན་ལམ་བཏབ་ཅིང་། རྫོགས་སྨིན་སྦྱངས་གསུམ་གཞན་ལས་ཁྱད་དུ་འཕགས་པ་མཐར་ཕྱིན་པའི་དབང་གིས། ཞིང་ཁམས་འདིའི་བདེ་བའི་ཡོན་ཏན་གཞན་ལས་ཆེས་ཆེར་འཕགས་ཕྱིར་བདེ་བ་ཆེན་པོའི་ཞིང་ཁམས་ཞེས་སུ་གྲགས་པ་སྟེ། དེ་ལྟ་བུའི་སྨོན་ལམ་ར་ག་ཨ་སྱེས་མཛད་པ་དེ་འདི་ན་བཞུགས་སོ་ཞེས་པས་དབང་པོ་རབ་ཀྱིས་དབུ་མཚན་མཐོང་བས་དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པ་དང་། དབང་པོ་འབྲིང་གིས་ཕྱོགས་གང་དུ་གཏོགས་པ་དང་ནང་དོན་གྱི་བརྗོད་བྱ་རགས་རིམ་ཤེས་པ་དང་། དབང་པོ་ཐ་མ་ཞིག་ཡིན་རུང་དབུ་ཡི་ཞལ་བྱང་མཐོང་དུས་འདི་བདེ་སྨོན་ཡིན་པ་དང་བདེ་སྨོན་ལ་ཡང་བཀའ་གཏེར་དག་སྣང་གི་ཆོས་བཀའ་རྒྱས་བསྡུས་མི་འདྲ་བ་མང་པོ་ཡོད་པ་ལས། འདི་ཆགས་མེད་ཚང་གིས་གསུངས་པ་ཡིན་པར་ཤེས་པ་སོགས་གླེགས་བམ་འཚོལ་སླ་བའི་དགོས་པ་དང་ལྡན་པའོ། །དེ་ལྟ་བུའི་སྒོ་ནས་མཚན་གྱི་དོན་བཤད་དེ། གཉིས་པ་མཚན་དེ་ལྡན་གྱི་གཞུང་ལ། གཞུང་དོན་ལ་འཇུག་པའི་ཡན་ལག་དང་། གཞུང་དོན་དངོས་བསྟན་པ་གཉིས་ལས། དང་པོ་གཞུང་དོན་ལ་འཇུག་པའི་ཡན་ལག་དབང་པོ་རྣོ་རྟུལ་ཐམས་ཅད་འདིར་འཇུག་བདེ་བའི་ཆེད་དུ་གབ་སྦས་ཀྱི་ཚུལ་མ་ཡིན་པར་ཤིན་ཏུ་གསལ་བའི་ཚིག་གིས་འདི་ཉིད་ཇི་ལྟར་འཆང་ཞིང་ཐུགས་དམ་དུ་བྱ་བའི་ཚུལ་དང་། འདིའི་ཕན་ཡོན་བསྟན་པ་གཉིས་ཡོད་པ་ལས། དང་པོ་ནི།
འདི་ཉིད་ཇི་ལྟར་འཆང་ཞིང་ཐུགས་དམ་དུ་བྱ་བའི་ཚུལ།
འདི་ཉིད་ཆག་མེད་ཐུགས་དམ་མཛོད།།
ལག་པ་ན་ཡང་འབད་ནས་བྲིས།།
མང་པོ་འགའ་ལ་ཨེ་ཕན་བསམས།།
དཔེ་གཅོད་འདོད་མི་གདའ་ན་གཡོར།།
ཞེས་གསུངས་ཏེ། ཕྱི་མར་རང་གཞན་བདེ་བ་ཆེན་པོའི་ཞིང་ཁམས་སུ་སྐྱེ་བར་འདོད་པའི་གང་ཟག་དག་གིས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདི་ཉིད་ཉིན་རེ་བཞིན་དུ་ཆག་མེད་རྒྱུན་ཆད་མེད་པར་ཐུགས་ལ་འཆང་བའི་བཅུད་ཀྱི་དམ་པ་རུ་ཚིག་ངག་གིས་བཏོན་པ་དང་། དོན་ཡིད་ལ་བསྒོམས་པའི་མངོན་རྟོགས་དང་བཅས་ཏེ་འབྲལ་མེད་དུ་བསྟེན་པར་མཛོད་ཅིག ཟབ་མོའི་མདོ་འཆང་བ་དང་ཀློག་ཅིང་བྲིས་ན་ཕན་ཡོན་ཆེན་པོ་ཡོད་པས་ན། འདིའི་ཡི་གེ་མང་པོ་སྤེལ་བའི་ཕྱིར་དུ་ལག་པ་ན་ཡང་འབད་ནས་བརྩོན་པ་བསྐྱེད་དེ་བྲིས་ཤིག སྤྱིར་ན་འགྲོ་བ་སེམས་ཅན་གྱི་རིགས་སུ་གྱུར་པ་ཤིན་དུ་མང་པོ་དང་། ཁྱད་པར་དུ་དེ་ལས་སྡེ་ཚན་དང་སྡེ་རིས་སུ་གཏོགས་པ་མི་ལ་སོགས་པ་འགའ་ལ་ཨེ་ཕན་བསམས་པའི་གཞན་ཕན་རྒྱ་ཆེན་པོའི་ཀུན་སློང་གིས། གཞན་དང་གཞན་གྱིས་མང་པོར་སྤེལ་བའམ་འཆང་ཞིང་ཀློག་པའི་ཆེད་དུ་དཔེ་གཅོད་དམ་དཔེ་བཤུ་བྱེད་མི་ཡོད་ན་དཔེ་མཁྱུད་མེད་པར་གཡོར་ཞིག་ཅེས་པ་སྟེ། འདིའི་ཤུགས་ལ་གཞན་ཕན་གྱི་བསམ་པས་འདི་ཉིད་འཆད་སྤེལ་སྒོམ་སྒྲུབ་ཀྱི་སྐུལ་མ་བྱེད་དགོས་པའང་གདམས་པ་ཡིན་ནོ། །གཉིས་པ་ནི།
གཉིས་པ་འདིའི་ཕན་ཡོན་བསྟན་པ།
འདི་ལས་ཕན་ཡོན་ཆེ་བ་མེད།།
འདི་བས་ཟབ་པའི་གདམས་ངག་མེད།།
ང་ཡི་ཆོས་ཀྱི་རྩ་བ་ཡིན།།
རང་གར་མ་བསྐྱུར་ཉམས་ལེན་འབུངས།།
འདི་ནི་མདོ་ལུགས་ཡིན་པའི་ཕྱིར།།
ལུང་མ་ཐོབ་ཀྱང་འདོན་ནི་རུང་།།
ཞེས་གསུངས་ཏེ། འདི་ནི་ཐེག་ཆེན་མདོ་སྡེ་འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་དང་སྙིང་རྗེ་པདྨ་དཀར་པོའི་མདོ། འཆི་མེད་རྔ་སྒྲའི་མདོ། ཚངས་པ་བརྒྱ་བྱིན་གྱིས་ཞུས་པའི་མདོ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ། ད་དུང་ཡོངས་སུ་བསྔོ་བའི་རྒྱལ་པོའི་མདོ། སྡོང་པོ་བཀོད་པ་ལ་སོགས་པ་མདོ་མང་པོ་ཞིག་དང་། རྒྱུད་བླ་མ་སོགས་བསྟན་བཅོས་མང་པོ་ཞིག་གི་དགོངས་དོན་བདེ་བླག་ཏུ་བསྡུས་ཏེ་བདེ་བ་ཅན་གྱི་རྒྱུ་གསལ་པོར་བསྟན་པ་ཡིན་པས་ན་འདི་ཉིད་ཀྱི་སྒོ་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བསྒྲུབས་ན་མདོ་དང་བསྟན་བཅོས་དེ་དག་གི་སྒོ་ནས་བསྒྲུབས་པ་དང་ཁྱད་པར་མེད་པས་ན་འདི་ལས་ལྷག་པའམ་མཆོག་ཏུ་གྱུར་པའི་ཕན་ཡོན་ཆེ་བ་ཞིག་གཞན་ཟུར་ནས་རྙེད་དུ་མེད་པ་དང་། འདི་ནི་ཤིན་ཏུ་མྱུར་བའི་ལམ་སོ་སོའི་སྐྱེ་བོ་ཡིན་ཡང་བདེ་བ་ཅན་དུ་བགྲོད་ཐུབ་པའི་ལམ་མཆོག་རྒྱུ་སྒྲུབ་སླ་ཞིང་འབྲས་བུ་འགྲུབ་སླ་བ་ཡིན་པས་ན་འདི་ལས་ཟབ་པའི་གདམས་པ་ཁྱད་པར་ཅན་མདོ་ལམ་གཞན་ནས་འཚོལ་དུ་མེད་པ་དང་། མཁས་གྲུབ་ཀརྨ་ཆགས་མེད་ང་ཡི་ཐུགས་དམ་ཉམས་བཞེས་ཀྱི་ཆོས་ཀྱི་རྩ་བའང་འདི་ཡིན་ཞིང་། སྐལ་ལྡན་གཞན་ལ་འདོམས་པའི་གནད་ཀྱི་གདམས་པའང་འདི་ཡིན་པས་ན། རང་གར་མ་བསྐྱུར་བར་རྒྱུན་དུ་ཉམས་ལེན་གྱི་འབད་འབུང་རྩལ་དུ་བཏོན་པར་གྱིས་ཤིག འདི་ནི་འོད་མདོ་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ལ་སོགས་པའི་དགོངས་དོན་ཕྱོགས་གཅིག་ཏུ་བསྡུས་པའི་མདོ་ལུགས་ཡིན་པའི་ཕྱིར་ན། ཆིག་བརྒྱུད་མ་གཏོགས་མི་ཐོབ་པའི་སྔགས་ཀྱི་ཟབ་ཁྲིད་མན་ངག་གདམས་པ་སོགས་དང་འདྲ་བ་མ་ཡིན་པར། ཁྲིད་དང་ལུང་ལ་སོགས་པ་མ་ཐོབ་པའི་གང་ཟག་ཡིན་ཡང་སྔགས་དང་རྒྱུད་སྡེ་ལྟར་འདོན་མི་རུང་བའི་བཀག་རྒྱ་མེད་པར་འདོན་རུང་བར་བསྟན་ནས། ཤུགས་ལ་ཁྲིད་དང་ལུང་དང་། སྔགས་ལུགས་ཀྱི་དབང་ལ་སོགས་པ་ཐོབ་ན་དེ་བས་ཀྱང་མཆོག་ཏུ་གྱུར་པ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བར་བསྟན་པ་ཡིན། དེ་དག་གིས་གཞུང་དོན་དངོས་ལ་འཇུག་པའི་ཡན་ལག་སོང་ནས། ད་ནི་གཉིས་པ་སྨོན་ལམ་འདིའི་གཞུང་དོན་དངོས་ལ་གསུམ་སྟེ། མདོའི་དགོངས་དོན་ལྟར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སྨོན་ཞིང་སྒྲུབ་པའི་སྒོ་ནས་རྒྱས་པར་བཤད་པ་དང་། སངས་རྒྱས་ཀྱི་མཚན་བཟུང་བའི་ཕན་ཡོན་དང་བྱིན་རླབས་ཚེ་འདིར་འབྱུང་བར་གསོལ་བ་འདེབས་པའི་སྒོ་ནས་མཇུག་བསྡུ་བ་དང་། སྨོན་ལམ་འགྲུབ་པའི་རྒྱུ་མཐུན་འགྱུར་བདེན་ཚིག་གཟུངས་སྔགས་དང་བཅས་པས་བྱིན་གྱིས་བརླབས་པ་སྟེ། གཞུང་དོན་གྱི་ལུས་ཡོངས་སུ་རྫོགས་པ་དེ་ལྟ་བུའི་ཆིངས་རྣམ་པ་གསུམ་གྱིས་འཆད་པ་ཡིན། དེ་ལས་དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སྨོན་པ་དེ་ལ་ཡང་ནང་གསེས་རྣམ་པ་བཞི་སྟེ། རྟེན་ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱེད་པ་དང་གཅིག རྒྱུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་སྒོ་དུ་མ་ནས་བསགས་པ་དང་གཉིས། གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གསུམ། རྐྱེན་དགེ་བའི་རྩ་བ་རྣམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ཞིང་སྨོན་ལམ་འདེབས་པ་དང་བཞི་སྟེ། འདི་བློར་འཛིན་བདེ་བའི་ཆེད་དུ་སྡོམ་ཚིག་བྱེད་ན། རྟེན་རྒྱུ་གྲོགས་རྐྱེན་བཞི། ཟེར་ཆོག་པ་ཡིན་ད་རེས་ཁྱེད་ཚོ་འདིར་ཡོང་ནས་མ་མཐའ་ཡང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་པོ་གང་དག་ཡིན་ཞེས་འདྲི་ན། འདི་དང་འདི་དག་རེད་ཅེས་མིང་གཟུང་རྒྱུ་ཡོད་པ་ཞིག་བྱེད་དགོས་པ་ཡིན། རྒྱུ་བཞི་བོ་དེ་ལས་དང་པོ་ཚོགས་ཞིང་གསལ་འདེབས་པ་དེ་ལ་ཡང་། རྟེན་དང་བརྟེན་པའི་སྒོ་ནས་གཉིས་སུ་དབྱེ་བ་ལས། དང་པོ་རྟེན་ཞིང་ཁམས་གསལ་འདེབས་པ་ནི།
རྟེན་ཞིང་ཁམས་གསལ་འདེབས་པ།
ཨེ་མ་ཧོ།
ཞེས་གསུངས་ཏེ། དེ་ཡང་བདེ་བ་ཅན་གྱི་ཞིང་གི་བཀོད་པ་དང་། ཞིང་ཁམས་དེའི་མགོན་ནམ་གཙོ་བོ་སངས་རྒྱས་འོད་དཔག་མེད་ཀྱི་ཡེ་ཤེས་ཡོན་ཏན་གཟི་བརྗིད་ཕྲིན་ལས་ཚད་མེད་པ་དེ་དག་ཐམས་ཅད་མངོན་སུམ་དུ་མཇལ་ཞིང་མཐོང་བ་ལྟ་བུའི་ངོ་མཚར་དཔག་ཏུ་མེད་པའི་གསལ་སྣང་ལ། དད་སྤྲོ་ཟོལ་མེད་ཀྱིས་དུང་བ་སྐྱེས་ནས་བརྗོད་པའི་ཚིག་གིས་འགོ་འདྲེན་པ་སྟེ། དེ་ཞིབ་ཏུ་བཤད་ན་སྔོན་བསྐལ་བ་དཔག་ཏུ་མེད་པའི་གོང་རོལ་ཏུ་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོ་འཇིག་རྟེན་དུ་བྱོན་པའི་སྐབས་སུ། བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ཤས་ཆེར་དྲན་པ་དང་ལྡན་པ། བློ་གྲོས་དང་ལྡན་པ། རྟོགས་པ་དང་ལྡན་པ། ཤེས་རབ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། རྒྱ་ཆེན་པོ་ལ་མོས་པ་ཞིག་བྱུང་ངོ། །དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལོ་བྱེ་བ་གཅིག་གི་རིང་སངས་རྒྱས་དེའི་ཞབས་འབྲིང་མཛད་པའི་ཚེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་དྲུང་ནས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ། མཐར་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཞིང་ཁམས་ཀྱི་རྒྱན་བཀོད་དང་ཡོན་ཏན། སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། ཐམས་ཅད་མ་ནོར་མ་འདྲེས་པར་གསན་ཞིང་ཐུགས་སུ་ཆུད་པར་མཛད་པ་ཡིན། དེ་སྐབས་སུ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སངས་རྒྱས་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པའི་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་སྟེ། ཞིང་ཁམས་བདེ་བ་ཅན་དེར་སངས་རྒྱས་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་ཀྱི་བཀོད་པ་དང་ཡོན་ཏན་ཐམས་ཅད་གཅིག་ཏུ་བསྡམས་པ་ལས་ཀྱང་ལྷག་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པར་གྱུར་ཅིག་ཅེས་པ་དང་། ཞིང་ཁམས་གཞན་ལ་ལར་སྐྱེ་དགོས་ན་སྒྲིབ་གཉིས་རགས་པ་སྤངས་དགོས་པ་དང་། ལ་ལར་ཉོན་སྒྲིབ་མ་ལུས་པ་སྤངས་དགོས་པ་དང་། མ་མཐའ་ཡང་བདག་མེད་ཀྱི་དོན་རྟོགས་ཏེ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མ་མཐོང་ན་ཞིང་ཁམས་དེ་དག་ལ་སྐྱེ་བ་འཛིན་མི་ཐུབ་པ་ཡིན་ཡང་བདག་གི་ཞིང་ཁམས་དེར་མཚམས་མེད་དང་ཆོས་སྤངས་ཀྱི་ལས་བསགས་པ་མ་གཏོགས་སོ་སོའི་སྐྱེ་བོ་ཡང་སྐྱེ་བར་ཤོག་ཅེས་སྨོན་པ་དང་། སེམས་ཅན་གང་ཞིག་གིས་བདག་གི་མཚན་རྣ་ལམ་ལ་ཐོས་པ་ཙམ་གྱིས་ཞིང་ཁམས་བདེ་བ་ཅན་ལ་དབུགས་འབྱིན་པར་ཤོག་ཅིག་ཅེས་པ་ལ་སོགས་པའི་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ཅིང་། དེ་ལྟ་བུའི་སྨོན་ལམ་ཆེན་པོ་ལྔ་བརྒྱ་དེ་མ་འགྲུབ་ཀྱི་བར་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱ་བར་མི་བགྱིའོ་ཞེས་དམ་བཅས་ནས་སྨོན་ལམ་དེ་དག་ཐམས་ཅད་འགྲུབ་པའི་ཆེད་དུ་དུས་ཀྱི་ཁྱད་པར་བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་ཀྱི་བར་དུ་བྱ་དཀའ་བའི་སྤྱོད་པ་རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་གི་རྗེས་སུ་འབྲངས་ནས་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་ཕྱོགས་རེ་ཙམ་མ་ཡིན་པར་བསྡོམས། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་སྤྱོད་པ་ཕྱོགས་རེ་ཙམ་མ་ཡིན་པར་བསྒྲུབས། ཁྱད་པར་དུ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཚད་བཟུང་དང་བྲལ་བས། མཐར་འཛིན་གྱི་འཆིང་བ་བཅད་ནས་སྦྱིན་པ་ལ་སོགས་པའི་བྱང་ཆུབ་ཀྱི་སྤྱོད་པ་ཐམས་ཅད་ཤེས་རབ་ཀྱིས་རྒྱས་བཏབ་ནས་གོམས་པར་བྱས་ཤིང་། དགེ་བའི་ཆོས་དེ་དག་ཁྱད་པར་དུ་འགྲོ་བའི་ཕྱིར་དུ་སངས་རྒྱས་དང་བྱང་སེམས་དགེ་བའི་བཤེས་གཉེན་གྲངས་བགྲང་ན་མཐའ་མི་དཔོག་པ་མང་པོ་ཞིག་ལ་སྒོ་ཀུན་ནས་མཉེས་པའི་ཐབས་ལ་འབད་པ་དང་། རང་ཉིད་གང་ལ་གནས་པའི་ལམ་དེ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་དངོས་དང་བརྒྱུད་ནས་རྟོགས་པའི་ཐབས་མཁས་ཀྱི་མཛད་པ་དང་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བསྟན་པ་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བསྔོས་ཤིང་ཡོངས་སུ་སྤེལ་བ་ལ་སོགས་པ་སྟེ། མདོར་ན་དགེ་བའི་རྩ་བ་སྒྲུབ་པའི་ཚུལ་དེ་སྦྱོང་པ་དམན་པའི་གང་ཟག་ཅིག་གིས་ཉན་ན་ཡིད་ཆེས་པར་དཀའ་བར་སྣང་བའི་མཛད་པ་རྨད་དུ་བྱུང་དང་རྫོགས་སྨིན་སྦྱངས་གསུམ་མཛད་པའི་མཐར་བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་ཀྱི་འབྱུང་གནས་དེ་སངས་རྒྱས་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་གྲུབ་སྟེ་མགོན་པོ་འོད་དཔག་མེད་ཅེས་མཚན་ཕྱོགས་བཅུར་གྲགས་སོང་བའི་ལོ་རྒྱུས་དང་། གཞན་ཡང་སྙིང་རྗེ་པད་དཀར་ལས། ཡང་བསྐལ་བ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་ན་སངས་རྒྱས་ཀྱི་ཞིང་བསྐལ་བ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ་གླིང་བཞི་ལ་དབང་བའི་འཁོར་ལོའི་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་དང་། དེ་ལ་བློན་པོ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ལ་བུ་མཚན་དང་ལྡན་པ་ཞིག་འཁྲུངས་པའི་མིང་ཡང་རྒྱ་མཚོའི་སྙིང་པོར་བཏགས་སོ། །དེ་རབ་ཏུ་བྱུང་སྟེ་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་རིན་ཆེན་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །སངས་རྒྱས་དེ་ལ་རྒྱལ་བློན་འཁོར་ཚོགས་དང་བཅས་པས་བསྙེན་བཀུར་བྱས། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་བསྐུལ་ཏེ། རྒྱལ་པོས་སངས་རྒྱས་དེའི་མདུན་དུ་ཞིང་ཁམས་བཟུང་ཞིང་སྨོན་ལམ་ཆེན་པོ་བཏབ་བོ། །སངས་རྒྱས་ཀྱིས་ལེགས་སོ་ཞེས་བྱིན་ནས་རྒྱལ་པོ་ལྟོས་དང་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་དབང་པོ་ལྟར་ཤིན་ཏུ་མཛེས་པ་ཞེས་བྱ་བ་དེ་མ་འོངས་པའི་དུས་བསྐལ་བ་གྲངས་མེད་གང་གཱའི་ཀླུང་གཅིག་གི་བྱེ་མ་འདས་པ་ན་བདེ་བ་ཅན་ཞེས་བྱ་བར་གྱུར་ཏེ། ཁྱོད་དེར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱ་བ་འགྱུར་རོ་ཞེས་མངོན་སུམ་དུ་ལུང་བསྟན་ཏོ། །ཞེས་གསུངས་པའི་འཁོར་སྒྱུར་རྩིབས་ཀྱི་མུ་ཁྱུད་ནི་རྒྱལ་བ་འོད་དཔག་མེད་སློབ་པ་ལམ་གྱི་གནས་སྐབས་དང་། རྒྱ་མཚོའི་སྙིང་པོ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྟེ་དེའི་མདུན་ནས་བྱང་ཆུབ་ཀྱི་ཐུགས་དང་པོར་འཛིན་པའི་ཚུལ་གྱི་ལོ་རྒྱུས་ཡང་དེ་ལྟར་ཡོད་པ་ཡིན། དེ་ལྟ་བུའི་སྨོན་ལམ་གྲུབ་ནས་ཞིང་ཁམས་བདེ་བ་ཅན་ན་མགོན་པོ་འོད་དཔག་མེད་སངས་རྒྱས་ནས་ད་ལྟའི་བར་འཇིག་རྟེན་འདིའི་བསྐལ་བ་ཆེན་པོ་བཅུ་སོང་བ་དང་། འཇིག་རྟེན་འདིའི་བསྐལ་བ་ཆེན་པོ་བཅུ་ནི་བདེ་བ་ཅན་གྱི་ཞག་མ་བཅུ་སྟེ་ད་ལྟའི་བསྐལ་བ་འདི་ནི་བདེ་བ་ཅན་གྱི་ཞག་བཅུ་པ་དེ་ཡིན་པས་མགོན་པོ་འོད་དཔག་མེད་ད་ལྟ་ཡང་གཟུགས་སྐུ་མངོན་སུམ་དུ་བཞུགས་ནས་ཆོས་སྟོན་པ་དང་། ཞིང་ཁམས་དེའི་ཡོན་ཏན་དང་བཀོད་པ་སོགས་ཞིང་ཁམས་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་དེ་དག་ལ་ངོ་མཚར་བའི་ཚིག་ཨེ་མ་ཧོ་ཞེས་བརྗོད་པའོ། །དེ་ནས་རྟེན་ཞིང་ཁམས་གསལ་འདེབས་པ་དངོས་ཤོ་ལོ་ཀ་གཅིག་དང་ཕྱེད་ཀྱིས་བསྟན་པ་ནི།
འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན།།
གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན།།
ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན།།
རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན།།
ཞེས་གསུངས་ཏེ། དེ་ཡང་ངོ་མཚར་བའི་ཞིང་ཁམས་ཁྱད་འཕགས་བདེ་བ་ཅན་དེ་གང་ན་ཡོད་པ་ཡིན་ཞེ་ན། ད་ལྟ་རང་རེ་ཡོད་སའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ནས་ཚད་འཇལ་ན། ཉི་མ་ནུབ་ཀྱི་ཕྱོགས་རོལ་ན་ཡོད་པར་བསྟན་པ་སྟེ། དེ་ཡང་སྔགས་ཀྱི་སྐབས་ན་རིགས་ལྔའི་ཞིང་ཁམས་སམ་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་ལས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ན་མགོན་པོ་འོད་སྣང་མཐའ་ཡས་བཞུགས་པར་གསུངས་པ་དང་གཅིག་པ་ཡིན། འདི་དཔག་ཚད་དང་རྒྱང་གྲགས་ཀྱིས་འཇལ་བའི་ག་ཤེད་ཅིག་ཏུ་ཡོད་པར་མི་སེམས་པར། རྣལ་འབྱོར་བ་གང་དུ་སངས་རྒྱས་པའམ་གདོས་བཅས་ཀྱི་ལུས་རྒྱ་བོར་ནས་འདི་སྣང་འགགས་པའི་དེ་མ་ཐག་རང་སྣང་མངོན་དུ་གྱུར་བ་དེ་འདྲ་ལ་དོན་གྱིས་གོ་བ་བླངས་ན་ཆོག་ཅིང་། འདི་སྒྲིབ་པ་མ་སྤངས་པའི་སོ་སྐྱེ་ཡང་ཞིང་དེར་སྐྱེ་བའི་སྨོན་ལམ་འགྲུབ་པ་ཡིན་པས་ན་མཚན་མའི་རྟོག་པ་དང་བཅས་པའི་ལས་དང་པོ་བ་དང་སྒོ་བསྟུན་ནས་གཙོ་ཆེར་གསུངས་པ་ཡིན། འོ་ན་བདེ་བ་ཅན་གྱི་ཞིང་ཁམས་དེ་འདི་ནས་ནུབ་ཕྱོགས་ན་ཐག་རིང་ཐུང་ཇི་ཙམ་ཞིག་གི་མཚམས་ན་ཡོད་པ་ཡིན་ཞེ་ན། གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན་ཡོད་ཅིང་། དེ་ཡང་སོ་སོའི་སྐྱེ་བོའི་བློ་ཡུལ་ལས་འདས་པའི་ཕྱོགས་སུ་གྱུར་པས་ན་གྲངས་ལས་འདས་པའི་ཕ་རོལ་ན་ཡོད་པའི་དོན་དང་། ཡང་ན་གྲངས་ཀྱིས་བགྲང་བའི་གྲངས་མེད་ལ་གོ་བ་སྟེ་འུ་ཚོ་བོད་ཀྱི་གྲངས་རྩིས་ནང་། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་ཏེ། །དགུ་པོ་རྐྱང་པའི་གྲངས་སུ་འདོད། །ཅེས་རྩིས་ཀྱི་རྨང་གཞིའི་གྲངས་རྐྱང་གི་ཐོག་ཏུ། ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུག་ཁྱད་འབྱིན་དང་། །ལ་སོགས་པ་ནས། གྲངས་མེད་པ་ནི་ཐ་མའོ། །ཞེས་པའི་གྲངས་ཀྱི་གྲངས་མེད་ལ་གོ་ནའང་ཆོག་པ་ཡིན། དེ་ཡང་ཆེ་ས་ནས་བཤད་ན་མཐའ་མེད་པའི་ཕ་རོལ་གྱི་ནུབ་ཕྱོགས་དང་། ཆུང་ས་ནས་བཤད་ན་རྡུལ་ཕྲ་རབ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཁམས་ཡོད་པས། རྡུལ་ཕྲ་རབ་གཅིག་གི་ནུབ་ཕྱོགས་ལ་གོ་ན་ཆོག་པ་ཡིན། དེ་ལྟ་བུའི་ཞིབ་ཕྲའི་རིགས་པ་དང་ཡང་དག་དོན་དཔྱོད་ཚད་མས་བརྟགས་ན། དངོས་མཐའ་ཆོས་ཉིད་དང་། རྟོག་མཐའ་མི་རྟོག་པ་ལས་འགྲོ་ས་ག་ལ་ཡོད། ཁོད་སྙོམས་པའི་གཞི་ཁྱོན་ལས་གཞལ་ཡོང་ན་ཅུང་ཟད་སྟེང་གི་ཕྱོགས་ལ་ཡར་མཐོ་ཞིང་འཕགས་པའི་ཡུལ་ས་ན་ཡོད་པར་གསུངས་པ་སྟེ། འདིས་དོན་ལ་འཇིག་རྟེན་ལས་འདས་ཤིང་འཕགས་པའི་མངོན་རྟོགས་དང་ལྡན་པའི་ཞིང་ཁམས་ཡིན་པར་ཡང་མཚོན་པ་ཡིན་ནོ། །དེ་ལྟ་བུའི་གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ། ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན་གང་ཆགས་ཡོད་པ་ཡིན་ན། རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན་དེ་ཆགས་ཡོད་པར་བསྟན་པ་སྟེ། སྤྱིར་ན་རྒྱལ་བའི་དགོངས་པ་ཚད་མེད་པ་བཞིན་དུ་ཞིང་ཁམས་རབ་འབྱམས་ཀྱང་ཚད་མེད་པ་མཐའ་ཡས་པ་ཞིག་ཡོད་ཅིང་། དེ་ལའང་དག་དང་མ་དག་གི་ཞིང་ཁམས་འདྲ་དང་མི་འདྲ་གཅིག་ཏུ་མ་ངེས་པ་སྟེ། དཔེར་ན། སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་ད་ལྟ་རང་ཅག་ཡོད་ས་འདི་ལྟ་བུ་ལ་མཚོན་ན། ཐ་མལ་མི་ཡི་སྣང་ངོར་མ་དག་པ་སྙིགས་མ་ལྔ་ཡིས་སྦགས་སོང་བའི་ཞིང་ཁམས་འདི་ལྟ་བུའང་ཡོད་ཅིང་། བདེ་བ་ཅན་ནི་ད་ལྟ་རང་རེའི་མཐོང་ཚུལ་དུ་ཡོད་པའི་ཞིང་ཁམས་མ་དག་པ་འདི་ལྟ་བུ་མ་ཡིན་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། རིན་ཆེན་ས་གཞི་ཁོད་སྙོམས་མཐའ་བྲལ་བ། །རྒྱ་མཚོ་རི་ཀླུང་གླིང་གཞན་ཐ་དད་མེད། །གསལ་ཞིང་འོད་འབར་བདེ་ཞིང་ཉམས་དགའ་བ། །རྣམ་དག་རྒྱལ་བའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་པ་ལྟར་དུ་ཀུན་ནས་ཀུན་ཏུ་གཙང་ཞིང་སྣོད་བཅུད་གཉིས་ཀ་རྣམ་པར་དག་པས། སྣོད་མ་དག་པ་ས་རྡོ་དང་གསེག་མ། མཐོ་དམན་དང་གཡང་ས། ངམ་གྲོག་དང་ཚེར་མ། འབྱུང་བཞིས་གནོད་པ་ལ་སོགས་པ་ཡིད་དུ་མི་འོང་པའི་དངོས་པོའི་ཡུལ་སྣང་ཞིག་གཏན་ནས་མེད་ཅིང༌། ས་གཞི་ཁོད་སྙོམས་ཤིང་དག་ཅིང་གཙང་བ། མེ་ལོང་གི་ངོས་བཞིན་དུ་ཤིན་ཏུ་མཛེས་པའི་འོད་ཟེར་གྱི་རི་མོ་ཅན། གསེར་གྱི་དྲ་བས་ཁེབས་ནས་ཡོད་པ། འཇམ་ཞིང་སྙི་ལ་རེག་ན་བདེ་བ་སྦྱིན་པ། ཀུན་དགའ་ར་བ་དང་། ནགས་ཚལ་ཡིད་དུ་འོང་བ་དང་། སྐྱེད་མོའི་ཚལ་དག་གིས་གང་བ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་པདྨ་མཚོན་མདོག་སྣ་ཚོགས་པ་ཅན། དེ་དག་ཀྱང་འདབ་ལོ་རྒྱ་ཆེ་ཞིང་འོད་ཟེར་དང་ལྡན་པ་སྟེ། དེ་ཡང་ཀུན་མཁྱེན་ཀློང་ཆེན་པས། མཛེས་ལྡན་པད་མོ་རེ་རེ་དག་ལ་འོད་ཟེར་སྟོང་ཕྲག་སོ་དྲུག་འབྱུང་བས་ཉི་ཟླའི་འོད་ལས་ལྷག་པའི་ཞིང་ཁམས་བདེ་བ་ཅན་ལ་གུས་ཕྱག་འཚལ། །ཞེས་གསུངས་པ་ལྟར་དང་། འབབ་སྟེགས་མཆོག་ཏུ་བདེ་བའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་ལ་གསེར་གྱི་བྱེ་མ་བརྡལ་བ། དྲི་རབ་ཏུ་ཞིམ་པའི་རྫས་དང་སྤོས་ཀྱིས་བསྒོས་པའི་ལྷའི་མེ་ཏོག་མནྡཱ་ར་བའི་ཚོགས་ཀྱིས་ཁེབས་ནས་ཡོད་པའི་ཆུ་ཀླུང་འཇམ་པོ་དེ་དག་ལས་ཟབ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་དབྱངས་སུ་ཇི་ལྟར་འདོད་པ་བཞིན་དུ་གྲགས་པ། ཡིད་འོང་ཁྲུས་ཀྱི་རྫིང་བུ་དག་དྲོ་གྲང་གང་ལ་གང་འདོད་ཀྱི་རྗེས་སུ་འབྲངས་པའི་རེག་བྱ་ཅན། དྲི་ཞིམ་སྤོས་ཀྱི་ངད་དང་ལྡན་པ། དཔག་བསམ་གྱི་ལྗོན་ཤིང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཀུན་མཁྱེན་འཇིགས་གླིང་གིས། ལྟ་ན་སྡུག་པའི་སྐྱེད་ཚལ་ལྗོན་པ་ལས། །འདོད་པའི་ཡོན་ཏན་རྒྱ་ཕྲག་མོད་ལ་འབྱུང༌། །བར་སྣང་ལ་སྤྲུལ་གཞལ་མེད་ཁང་ལ་སོགས། །གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་དོ་ཟླ་མིན། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་པ་ལྟ་བུ་དང་། གང་འདོད་འབྱུང་བའི་ལྗོན་ཤིང་དང་། སྤྲུལ་བའི་བྱ་རིགས་སྣ་ཚོགས་པས་སྐད་སྙན་མོའི་སྒྲ་དབྱངས་འབྱིན་པས་མི་རྟག་ཞི་དང་བདག་མེད་ཀྱི་དོན་སྟོན་པ་སོགས་ཞིང་ཁམས་ཀྱི་བཀོད་པ་རྒྱས་པ་འདིའི་སྨོན་ལམ་གྱི་སྨད་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གསུངས་པའི་སྐབས་ནས་བདེ་བ་ཅན་གྱི་སྣོད་བཅུད་ཀྱི་བཀོད་པ་དང་ཡོན་ཏན་ཐམས་ཅད་གསུངས་ཡོད་ཀྱང་གང་ཞིག་དད་པས་མོས་པའི་ཡུལ་མངོན་དུ་བྱེད་པའི་ཕྱིར་ངས་འདི་ནས་ཧ་ལམ་ཕྱོགས་མགོ་ཙམ་ཞིག་བཤད་པ་ཡིན། སྣོད་ཀྱི་བཀོད་པ་དེ་ལྟ་བུ་ཞིག་ལ་བརྟེན་པའི་བཅུད་ཀྱི་དབང་དུ་བཏང་ནའང་ངན་སོང་གསུམ་དང་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱི་མིང་ཙམ་ཡང་མི་གྲག་པར་སྣོད་བཅུད་ཐམས་ཅད་བདེ་བའི་རང་བཞིན་ཡིན་པས་ན་བདེ་བ་ཅན་གྱི་ཞིང་ཁམས་ཞེས་གསུངས་པ་ཡིན།
བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་།།
རང་སེམས་གསལ་བའི་ཡིད་ལ་ལམ་མེར་གསལ།།
ཞེས་གསུངས་ཏེ། འུ་ཚོ་མ་དག་ཟག་བཅས་སྡུག་བདེན་གྱི་ཕུང་པོའི་ལུས་རྒྱ་དང་མ་བྲལ་ཞིང་། ལྷའི་མིག་དང་། ལྷའི་རྣ་བའི་མངོན་ཤེས་ལ་སོགས་པའང་མ་ཐོབ་ལ། ཤའི་སྤྱན་དང་། ལྷའི་སྤྱན་སོགས་ཀྱིས་དེ་བས་ཀྱང་དབེན་པའི་མ་དག་ཆུ་བུར་གྱི་མིག་ཐབས་རྡུགས་འདིས། དག་པ་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་མངོན་སུམ་དུ་མ་མཐོང་ཡང༌། རང་གི་སེམས་ཉིད་ནི་ཀུན་ཏུ་ཐོགས་མེད་ཡིན་ཕྱིར། ཞིང་ཁམས་སྦྱོང་བའི་བསམ་པ་རྣམ་པར་དག་པ་དང་ལྡན་པས། བདེ་བ་ཆེན་པོའི་ཞིང་ཁམས་ཀྱི་བཀོད་པ་དེ་མདོ་ལས་ཇི་ལྟར་འབྱུང་བ་བཞིན་དུ་མིག་ལམ་ལ་ཡོད་པ་ལྟར་གསལ་འདེབས་ཆོག་པ་སྟེ། དེ་ཡང་མིག་དང་རྣ་བའི་ནུས་པ་བས་སེམས་ཀྱི་ནུས་པ་རྒྱ་ཆེ་བ་དཔེར་ན། རང་ཅག་གི་མིག་གིས་རྒྱང་རིང་པོར་མི་ཆོད་ཀྱང་། སེམས་ཀྱིས་སྟོང་གསུམ་འཇིག་རྟེན་རབ་འབྱམས་སྐད་ཅིག་མ་གཅིག་ལ་དྲན་ཆོག་པ་བཞིན་དུ། ཏིང་ངེ་འཛིན་གྱི་ནུས་པ་ནི་དེ་ལས་ཀྱང་རྒྱ་ཆེ་བ་ཡིན་པས་མིག་སྔར་མེད་ཀྱང་ཡིད་ལ་ལམ་མེར་གསལ་ཆོག་པ་ཡིན། ཀུན་མཁྱེན་འཇིགས་གླིང་གིས། བུ་རམ་ཤིང་པའི་ཞལ་ནས་ཀུན་དགའ་བོ། །ཁྱོད་ལོངས་ནུབ་ཀྱི་ཕྱོགས་སུ་ཁ་སྟོན་ལ། །མེ་ཏོག་གཏོར་ནས་ཐལ་མོ་སྦྱར་བྱས་ཏེ། །རྫོགས་པའི་སངས་རྒྱས་འོད་སྣང་དཔག་ཏུ་མེད། །རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ། །ཕྱག་འཚོལ་དེ་མཚན་སྒྲིབ་པ་མེད་པ་ནི། །ཞེས་གསུངས་པ་ལྟར། སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། ཀུན་དགའ་བོ་ལ་ཁྱེད་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་བལྟ་བར་འདོད་དམ་གསུངས་དུས། ཤིན་ཏུ་འདོད་དོ་ཞུས་པས། འོ་ན་ཁྱོད་ལོངས་ལ་ནུབ་ཀྱི་ཕྱོགས་སུ་ཁ་འཁོར་ནས་ཐལ་མོ་སྦྱོར་གསུངས་ཏེ། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་མཐུ་ལ་བརྟེན་ནས། ཀུན་དགའ་བོས་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་མངོན་སུམ་དུ་མཇལ་བ་ཡིན། འུ་ཅག་གིས་མཐོང་བ་མངོན་གྱུར་གྱི་ཆོས་ལ་མངོན་སུམ་དངོས་སྟོབས་ཀྱིས་གཞལ་ཆོག་ནའང་། མ་མཐོང་ཤིན་ཏུ་ལྐོག་གྱུར་གྱི་རིགས་དེ་དག་དེ་བཞིན་གཤེགས་པའི་བཀའ་ཡི་རྗེས་སུ་འབྲངས་ཏེ། ཡིད་ཆེས་རྗེས་སུ་དཔག་གི་ཚད་མའི་བློས་མོས་པ་ཡིད་བྱེད་བྱེད་དགོས་པ་ཡིན། དེ་ཡིས་རྟེན་དང་བརྟེན་པའི་ཚོགས་ཞིང་གསལ་འདེབས་པ་གཉིས་ལས། རྟེན་ཞིང་ཁམས་ཀྱི་བཀོད་པ་གསལ་བཏབ་ཚུལ་བཤད་ཟིན་ནས།
གཉིས་པ་བརྟེན་པ་ཚོགས་ཞིང་གསལ་འདེབས་པ་ནི།
དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད།།
པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར།།
དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས།།
མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས།།
ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན།།
ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས།།
པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ།།
བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ།།
ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས།།
ཞེས་གསུངས་པ་སྟེ། བདེ་བ་ཅན་གྱི་ཞིང་ཁམས་དབྱིབས་དང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་ཤིང་རྒྱ་ཁྱོན་ཚད་ལས་འདས་པ། འོད་དང་འོད་ཟེར་མཐའ་མེད་པ་འཕྲོ་བའི་དབུས་དེ་ན། ཆགས་སོགས་ཉོན་མོངས་པ་ཐམས་ཅད་བཅོམ་ཞིང༌ཡེ་ཤེས་ལྔ་དང་ལྡན་པས་ན་བཅོམ་ལྡན་ནམ། ཡང་ན་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་ཞིང་སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པས་ན་བཅོམ་ལྡན་འདས་དང་། བདུད་ཀྱི་དཔུང་ཚོགས་ལས་རྒྱལ་བས་ན་རྒྱལ་བ། སེམས་ཅན་སྐྱབས་མེད་ཀྱི་སྐྱབས་དང་མགོན་མེད་ཀྱི་མགོན་དུ་གྱུར་པས་ན་མགོན་པོ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ན་སངས་རྒྱས་དེའི་སྐུའི་འོད་ཟེར་གྱིས་ཁྱབ་ཅིང༌སྣང་བར་མཛད་པ་དང་སྣང་བ་དཔག་མེད་ཟད་པ་མེད་པས་ན་འོད་དཔག་མེད་ཅེས་མཚན་ནས་སྨོས་ཏེ་སྐུའི་ངོ་བོའི་ཡོན་ཏན་བསྟན་པ་དང་། སྐུའི་རྣམ་པའང་གསུང་མ་ཆགས་པདྨའི་རིགས་དང་འགྲོ་ལ་བརྩེ་བས་རྗེས་སུ་ཆགས་པའི་རྟགས་སུ་སྐུ་མདོག་དམར་པོ་དབང་གི་མདོག་རིན་པོ་ཆེ་པད་མ་རཱ་གའི་ལྷུན་པོ་ལ་ཉི་གཞོན་འབུམ་ཕྲག་གི་འོད་ཟེར་ཕོག་པ་ལྟ་བུའི་མདོག་ཅན་འོད་དང་འོད་ཟེར་འབུམ་ཕྲག་འཕྲོ་བའི་གཟི་བརྗིད་རབ་ཏུ་འབར་བ་དང་། དབུ་ལ་གཙུག་ཏོར་བལྟར་མི་མངོན་པ་ནས། ཞབས་གཉིས་ཀྱི་མཐིལ་དུ་འཁོར་ལོ་རྩིབས་བརྒྱད་ཀྱི་རི་མོ་འབུར་དུ་དོད་པ་ལ་སོགས་པ་མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོགས་ནས། སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པས་མཚན་རྟགས་བཟང་པོ་སུམ་བཅུ་རྩ་གཉིས་བསྟན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ཅེས་པ་ལ་སོགས་པ་ནས། དཔལ་གྱི་བེའུ་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པ་སྟེ། དེ་ལྟ་བུའི་མཚན་བཟང་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའོ། །འདི་མཚར་གཏམ་ཞིག་བཤད་རྒྱུ་ཡོད་རོང་སྐད་བཤད་མཁན་འགའ་རེས་མཚན་བཟང་དང་ཚེམས་བཟང་གཉིས་སྒྲ་འདྲེས་པས། མཚན་བཟང་ལ་ཚེམས་བཟང་དུ་རློམ་པའི་དོན་གོ་ནོར་དུ་ཤོར་ནས་སངས་རྒྱས་ལ་ཚེམས་སུམ་ཅུ་རྩ་གཉིས་ཡོད་ཅེས་མཁས་མདོག་གིས་བླུན་གཏམ་བཤད་མཁན་ཡང་ཡོད་རབས་གྲག་པ་དང་། ཡང་ཡུལ་སྐད་འགའ་རེར་སྒྲ་མ་དག་པའི་དབང་གིས། མི་ཞིག་གིས་མཚན་བརྗོད་ཀྱི་ལུང་དྲངས་ནས། འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །ཟེར་བ་ཅིས་མ་བདེན་ཕ་གི་ཀན་ན་ལྟོས་དང་ཕག་རྣམས་ཇེ་མཐོ་ཇེ་མཐོར་འགྲོ་བར་འདུག་ཅེས་བཞད་གད་ཀྱི་རྒྱུ་རུ་འགྱུར་བའི་གཏམ་སྨྲས་ཚུལ་ཡོད་པར་གྲགས་པས་སྒྲ་དག་པར་བརྗོད་ཅིང་དོན་ལ་སེམས་པར་གལ་ཆེ་བ་ཡིན། ཆོས་སྐུ་སྤྲོས་བྲལ་ཉག་གཅིག་མཚོན་པའི་ཞལ་གཅིག ཐབས་དང་ཤེས་རབ་མཚོན་པའི་ཕྱག་གཉིས། ཐབས་ཤེས་དབྱེར་མེད་མཚོན་པའི་མཉམ་བཞག་གི་ཕྱག་རྒྱ། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཟབ་དང་རྒྱ་ཆེ་བའི་ཆོས་ཀྱིས་ཚིམས་པར་མཛད་པའི་བརྡར་ཕྱག་མཉམ་བཞག་གི་སྟེང་དུ་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ་དང་། ན་བཟའ་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་བ་སྟེ། དེ་ཡང་རབ་ཏུ་བྱུང་བའི་རྟགས་ཁྱད་པར་ཅན་ཆོས་གོས་བླ་གོས་ནི་ང་ཚོས་རྒྱུན་པར་ཆོས་གོས་ཞེས་པ་འདི་དང་། ཆོས་གོས་མཐང་གོས་ནི་ང་ཚོས་རྒྱུན་དུ་ཤམ་ཐབས་ཞེས་པའི་གླེགས་བུ་ཅན་འདི་སྟེ་གླེགས་བུ་མེད་པ་ནི་སྨད་ཤམ་ཡིན། བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་གྱུར་པའི་ན་བཟའ་སྣམ་སྦྱར་དང་བཅས་ལ་ཆོས་གོས་རྣམ་གསུམ་ཟེར་ཞིང་། དེ་ཡང་ཁ་དོག་གི་ཐོག་ནས་བཤད་ན་བཙོད་དང་ངུར་སྨྲིག་སྟེ། སྐུ་སྟོད་ལ་མནབ་པའི་ན་བཟའ་བླ་གོས་དེ་བཙོད་ཀྱི་མདོག་ཅན། དེའི་ཐོག་ལ་སྣམ་སྦྱར་དམར་པོ་དང། སྐུ་སྨད་ལ་མཐང་གོས་དམར་སེར་མནབས་ཤིང་། རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་ན། འཁོར་བའི་སྐྱོན་གྱིས་མ་གོས་པའི་པདྨ་དང་། དཀར་གསལ་དྲི་མས་མ་གོས་པའི་ཟླ་བའི་གདན་དུ། འཁོར་འདས་མཉམ་ཉིད་ཀྱི་དོན་ལས་མི་གཡོ་བའི་རྟགས་སུ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་པདྨོ་རྣམ་པར་སྣང་བ་ཞེས་པ་མཐོ་ཁྱད་ལ་དཔག་ཚད་སྟོང་དང་དྲུག་བརྒྱ་དང་། རྩ་བའི་སྦོམ་ཕྲ་ལ་དཔག་ཚད་ལྔ་བརྒྱ་ཡོད་པ། ཡལ་ག་དང་ལོ་མས་དཔག་ཚད་བརྒྱད་བརྒྱ་ཚུན་ཆད་ཁེབས་པ། ཡལ་ག་ཚང་མ་ལ་ནོར་ བུ་དང་དྲིལ ་གཡེར་གསེར་གཡུ་མུ་ཏིག་རྒྱན་ཕྲེང་སོགས་ཀྱིས་བརྒྱན་པ། ལྗོན་ཤིང་དེ་ཉིད་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་བདེ་བ་ལས་ཕྱིར་མི་ལྡོག་པ་ལ་སོགས་པའི་ཡོན་ཏན་མཐའ་མེད་པ་དང་ལྡན་པའི་ཤིང་དེ་ལ་སྐུ་རྒྱབ་བརྟེན་ནས་བཞུགས་ཡོད་པ་གསལ་བ་ནི་སྐུའི་རྣམ་པ་ཡིད་ལ་བྱེད་པའོ། །དེ་ནས་ཐུགས་ཀྱི་ཡོན་ཏན་ཡིད་ལ་བྱེད་པ་ནི། འོད་དཔག་མེད་ཀྱི་ཐུགས་རྗེ་ཡེ་ཤེས་ཆེན་པོའི་སྤྱན་གྱིས་དུས་གསུམ་ཀུན་ཏུ་གསལ་འགྲིབ་མེད་པར་རྒྱང་རིང་པོ་བདེ་བ་ཅན་གྱི་ཞིང་ཁམས་ནས། དད་པས་མོས་པ་ཅན་གྱི་གང་ཟག་བདག་ལ་སོགས་པ་ལ་ངེས་པར་དུ་བརྩེ་བའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། དགྱེས་པའི་ཐུགས་གྱིས་དགོངས་ནས། འདྲེན་པའི་དེད་དཔོན་ཆེན་པོ་རུ་བཞུགས་ཡོད་པར་བསམས་ན་རང་ལ་དད་པ་ཡོད་ན་སངས་རྒྱས་གཟིགས་པ་ལ་ཉེ་རིང་མེད་པ་ནི་ཉི་མ་ནམ་མཁའི་མཐོངས་ན་ཡོད་ཀྱང་འོད་འདི་ན་ཤར་བ་ལྟ་བུ་ཡིན་ནོ། །སྤྱིར་རྫོགས་པའི་སངས་རྒྱས་ལ་རྟག་པ་རྒྱུན་གྱི་ཐུགས་རྗེ་དུས་ལས་མི་ཡོལ་བར་ཆུ་བོའི་རྒྱུན་ལྟ་བུ་དང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་རྩོལ་རྟོག་མེད་པར་ངང་གིས་འབྱུང་བ་ཉི་མའི་འོད་ཟེར་ལྟ་བུ་ཡོད་པས་གཟིགས་པ་ལ་ཉེ་རིང་མེད་ཀྱང་། བསྐུལ་ཞིང་གསོལ་བ་འདེབས་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་ནོར་སློང་བ་ལྟ་བུ་སྟེ། དད་པ་དང་གསོལ་འདེབས་ཀྱིས་སྒོ་མ་ཕྱེས་ན་བྱིན་རླབས་ཀྱི་སྣང་བ་མཐོང་དུ་མེད་པ་དཔེར་ན་ཁང་པའི་ཕྱི་རྒྱབ་ཏུ་ཉི་མ་རྟག་ཏུ་ཤར་ཡང་སྒོ་དང་སྐར་ཁུང་མེད་ན་ཁང་པའི་ནང་ལ་ཉི་འོད་མི་འཕོག་པ་ལྟ་བུ་ཡིན་པ་དང་། གདུལ་བྱ་ཡུལ་དང་འཕྲད་པའི་ཐུགས་རྗེ་བུ་ཆུང་གཡང་ཁར་རྒྱུག་པར་ཕ་མས་མཐོང་བ་ལྟ་བུ་ཡོད་ཀྱང་ཚོགས་བསགས་སྒྲིབ་སྦྱོང་གིས་རྒྱུད་དག་པར་མ་བྱས་ན་སངས་རྒྱས་དངོས་སུ་མི་མཐོང་བ་དཔེར་ན་མེ་ལོང་དག་པར་མ་ཕྱིས་ན་གཟུགས་བརྙན་མི་འཆར་བ་ལྟ་བུ་ཡིན་ནོ། །རྒྱང་རིང་ཟེར་བ་དེའང་། མཁའ་དང་ས་གཞིའི་བར་ཐག་རྒྱང་རིང་ཞིང་། །རྒྱ་མཚོའི་ཕ་རོལ་ཚུ་རོལ་འགྲམ་ཡང་རིང་། །ཞེས་གསུངས་པ་དང་མཚུངས་པར་འཕགས་དང་སོ་སྐྱེའི་བར་གྱི་ཡོན་ཏན་དང་སྐྱོན་གྱི་ཁྱད་པར་དེ་ཤིན་ཏུ་ནས་ཀྱང་ཆེན་པོ་ཡིན་པས་མ་ཚད་རྒྱང་ཐག་ཀྱང་རིང་པོ་ཡིན་པས་རྒྱུ་ཚོགས་མ་བསགས་ན་བདེ་བ་ཅན་ཡང་ཐག་རིང་པོའོ་ཞེས་པའོ། །དེ་ཡན་གྱིས་གཙོ་བོ་འོད་དཔག་མེད་དེ་བསྟན་ནས། གཉིས་པ་འཁོར་གཉིས་གསལ་བ་ནི།
གཉིས་པ་འཁོར་གཉིས་གསལ་བ།
གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས།།
སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན།།
གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ།།
སྔོན་པོ་རྡོ་རྗེས་མཚན་པའི་པད་མ་གཡོན།།
གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན།།
ཞེས་གསུངས་པ་སྟེ། གཙོ་བོ་འོད་དཔག་མེད་པ་དེ་དཀྱིལ་ལ་བཞུགས་པའི་གཡས་ཕྱོགས་སུ་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དེ་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མའི་ཟེར་གྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡོན་པའི་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་སྙིང་རྗེ་པད་མ་དཀར་པོ་ལྟ་བུས་འགྲོ་ལ་རྗེས་སུ་བརྩེ་བའི་རྟགས་སུ་འདབ་དྲུག་པད་མ་དཀར་པོའི་ཡུ་བ་ཐུགས་ཀའི་ཐད་ལ་འཛིན་པ་དང་། ཐོས་དོན་རྒྱུད་ལ་འབྱོངས་ཤིང་མཁྱེན་བརྩེའི་ནུས་པ་རྒྱས་པའི་རྟགས་ལ་སྙན་གྱི་ཐད་ཀར་ཁ་བྱེ་བ་དང་། སངས་རྒྱས་འོད་དཔག་མེད་ཀྱི་སྐུའི་གཡོན་ཕྱོགས་སུ་རྒྱལ་བ་ཀུན་ཀྱི་མཐུ་སྟོབས་ནུས་པའི་རང་གཟུགས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་བམ་ཕྱག་ན་རྡོ་རྗེ་དེ་ཉིད། ཆོས་ཉིད་མི་འགྱུར་བའི་རྟགས་སུ་སྐུ་མདོག་སྔོན་པོ་བེེ་ཌཱུརྱའི་རི་བོར་ཉིན་བྱེད་ཀྱི་འོད་ཀྱིས་བརྒྱན་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་ཆས་ཅན། ཕྱག་གཡོན་པ་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་རྒྱལ་བ་ཀུན་ཀྱི་གསང་གསུམ་ནུས་པའི་དབང་རྟགས་ཀྱི་གསེར་གྱི་རྡོ་རྗེས་མཚོན་པའི་པདྨའི་ཡུ་བ་ཐུགས་ཀར་འཛིན་ཅིང་། འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་གཉིས་ཀའི་ཕྱག་གཡས་པས་སྐུའི་སྟ་ཟུར་ནས་མར་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་ནས་བདག་སོགས་སེམས་ཅན་ཐམས་ཅད་སྐྱོབ་པའི་ཚུལ་མཛད་པ་སྟེ། སེམས་ཅན་ཐམས་ཅད་ལ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་སྐྲག་སྣང་ཙམ་ཁོ་ནས་ཕན་པ་མེད་པས། ཁྱེད་ཚོས་དད་པ་གྱིས་ལ་གསོལ་བ་ཐོབས་དང་ཁོ་བོ་གཉིས་ཀྱིས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱོབ་པར་བྱེད་དོ་ཞེས་པའི་བརྡ་དང་། འགྲོ་བའི་དོན་ལ་སྐྱོ་བ་མེད་པའི་བརྡར་སྐུ་བཞེངས་སྟབས་སུ་འགྲེང་བའི་ཚུལ་གྱིས་བཞུགས་པའོ།།
གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན།།
ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར།།
བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ།།
ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན།།
ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ།།
ཞེས་གསུངས་ཏེ། བདེ་ལྡན་ཞིང་གི་མགོན་པོ་གཙོ་བོ་འོད་དཔག་མེད་དང་། འཁོར་སེམས་དཔའ་ཆེན་པོ་གཉིས་དང་བཅས་པའི་གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་གསེར་རི་རོལ་མཚོའི་དབུས་ན་མངོན་པར་མཐོ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ་སྡེའི་ནང་ནས་སྐུ་མཚན་དཔེ་གསལ་རྫོགས་ཀྱི་རང་བཞིན་ལྷང་ངེ། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་རང་བཞིན་ལྷན་ནེ། ཐུགས་བྱམས་དང་སྙིང་རྗེའི་ཡེ་ཤེས་འོད་གསལ་ཆེན་པོའི་རང་བཞིན་ལྷམ་མེར་བཞུགས་པ་སྟེ། ནམ་མཁའ་མ་ཟད་ཀྱི་བར་སེམས་ཅན་ཀྱི་གྲངས་མི་ཟད། དེ་མ་ཟད་ཀྱི་བར་དུ་ལས་དང་ཉོན་མོངས་པའི་རྒྱུན་མི་ཟད། དེ་མ་ཟད་ཀྱི་བར་སངས་རྒྱས་བྱང་སེམས་ཀྱི་འགྲོ་དོན་གྱི་སྤྱོད་པ་མི་ཟད་པར་བཞུགས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། དེ་སྟེང་རྒྱལ་བ་མགོན་པོ་འོད་དཔག་མེད། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །གྲངས་མེད་སེམས་དཔའི་བསྐོར་བ་མཐོང་བར་ཤོག །ཅེས་གསུངས་པ་ལྟར་གཙོ་བོ་གསུམ་པོ་དེ་ནམ་མཁའ་ལ་ཉི་ཟླ་སྐར་གསུམ་གྱིས་མཛེས་པ་བཞིན་དུ་བཞུགས་པའི་ཕྱི་རོལ་གྱི་འཁོར་ཕྱིར་མི་ལྡོག་པ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་དགེ་སློང་དང་། བྱང་ཆུབ་ཆེན་པོར་ཞུགས་པའི་ཉན་ཐོས་དགྲ་བཅོམ་གྱི་འཁོར་བྱེ་བ་འབུམ་ཞེས་པ་ནི་ཤིན་ཏུ་མང་པོ་བསམ་གྱིས་མི་ཁྱབ་ཅིང་གཞལ་གྱིས་མི་ལང་བ་མང་པོའི་དོན་ལས་བྱེ་བ་འབུམ་ཁེ་རུ་མ་ཞིག་གི་དོན་མ་ཡིན་ལ། འཁོར་མང་པོ་དཔག་གིས་མི་ལང་བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀུན་ཀྱང་སྐུ་གསེར་གྱི་མདོག་ལྟར་དག་ཅིང་གསལ་ལ་དྲི་མ་མེད་པའི་ཆ་ནས་མཛེས་པར་བསྟན་པ་ལས་སྐུ་ལུས་གསེར་གྱི་མདོག་ལྟར་སེར་པོ་ཡིན་ཞེས་པའི་དོན་མ་ཡིན་ནོ། །གོང་དུ་བཤད་པའི་འཁོར་མང་པོ་དེ་དག་ཐམས་ཅད་ཀྱང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། མཛེས་མི་མཛེས་སོགས་ཀྱི་ཁྱད་པར་མེད་པ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ནངས་སྔ་མོར་རྒྱ་མཚོ་ལ་ཉི་འོད་ཕོག་པའི་དུས་ཀྱི་ཞོགས་པའི་མཚམས་སྤྲིན་གྱིས་རྒྱ་མཚོའི་མདོག་དམར་སེར་ལ་སྒྱུར་བ་ལྟར་དུ་ན་བཟའ་ཆོས་གོས་རྣམ་གསུམ་གྱིས་མཛེས་ཤིང་སེར་ལྟེམ་མེར་མཛེས་པའི་སྐུ་གཟི་བྱིན་ལམ་མེ། གསུང་ཆོས་སྒྲ་དི་རེ། ཐུགས་ཏིང་འཛིན་ལས་མི་གཡོ་བར་བཞུགས་པ་དེ་ལྟ་བུ་ཞིག་གསལ་བཏབ་ནས། ཚེ་འདིའི་ཕ་མ་གཉིས་ཀྱིས་གཙོར་བྱས་པའི་རང་གཞན་སེམས་ཅན་ཐམས་ཅད་ནམ་ཞིག་བྱང་ཆུབ་སྙིང་པོའི་གོ་འཕང་མ་ཐོབ་གྱི་བར་དུ། སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་ཁྱེད་ལས་གཞན་ན་མེད་པས་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཁྱེད་མཁྱེན་སྙམ་པའི་ཡིད་ཁྱེད་ཤེས་ཀྱི་དད་པ་བཅོས་མིན་ཞིག་ཡོད་པ་ནི་གལ་ཆེ་བ་ཡིན་ནོ། །དེ་ཡིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ནང་གི་རྩ་བའི་ས་བཅད་དང་པོ་རྟེན་ཚོགས་ཞིང་གསལ་འདེབས་པ་དེ་བཤད་པ་སྟེ། དེ་འུ་ཚོས་ཡང་བསྐྱར་རྗེས་དྲན་ཞིག་བྱེད་ན། དེས་ནི་རྟེན་ཞིང་ཁམས་ཀྱི་བཀོད་པ་དང་། བརྟེན་པ་སངས་རྒྱས་གཙོ་འཁོར་གྱི་རྣམ་པ་ཡིད་ལ་བྱེད་པའི་སྐོར་དེ་བསྟན་པ་ཡིན་ཞིང་། དེ་ཚིག་བསྡུས་ནས་བཤད་ན། ཞིང་ཁམས་གསལ་འདེབས་དང་། སངས་རྒྱས་ཡིད་བྱེད་གཉིས་ཀྱི་ནང་ལ་འདུས་པ་ཡིན། དེ་ལྟ་བུའི་མདོ་རྩ་དེ་མི་བརྗེད་པར་བྱས་ནས། རྒྱུན་དུ་སྨོན་ལམ་འདོན་དུས་དོན་ཡིད་ལ་དྲན་བཞིན་ཚིག་རྗེས་དོན་དྲན་གྱི་སྒོ་ནས་དད་དང་མོས་པས་ཡིད་ལ་བྱེད་ནས་འདོན་དགོས་པ་ཡིན། འདི་ནི་དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང་། ཁ་ནུབ་ཕྱོགས་ལ་འཁོར་ནས་བདེ་བ་ཅན་གྱི་ཞིང་ཁམས་རྟེན་བརྟེན་པ་དང་བཅས་པ་བསྒོམས་ན་བསྐྱེད་རིམ་ཡང་ཡིན་པས། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་བཅས་པ་གསལ་ལ་མ་འདྲེས་པར་བསྒོམ་ཐུབ་ན་སྨོས་མ་དགོས་ཤིང་། གལ་ཏེ་དེ་ཙམ་ཞིག་མ་ཐུབ་ཀྱང་བདེ་བ་ཅན་ནི་མ་བཀོད་རང་བྱུང་གི་དཀྱིལ་འཁོར་དང་། སངས་རྒྱས་འོད་དཔག་མེད་ནི་གཟུགས་སྐུ་མངོན་སུམ་དུ་བཞུགས་པ་ཡིན་པའི་སྟབས་ཀྱིས་ཉིན་མཚན་ཀུན་ཏུ་མ་བརྗེད་ནའང་ཆོག་པ་ཡིན། ཁྱིམ་པ་ཕོ་མོ་བློ་མ་སྦྱངས་བ་ཁྱེད་ཅག་གིས་དེ་ལྟར་བཤད་དུས་ཚིག་གི་ཐོག་ནས་གོ་བ་རེ་ལེན་ཨེ་ཐལ། གལ་སྲིད་གོ་ཡག་རེད་མེད་ན་བདེ་ཆེན་ཞིང་བཀོད་ཀྱི་ཞལ་ཐང་ལ་ཞིབ་ཀྱིས་མཇོལ་དང་ཡིད་ཡུལ་ལ་ཤར་རྒྱུ་ཞིག་དང་མིག་སྔར་ལ་འབབ་རྒྱུའི་ཕན་ཐོགས་ཡོད་པ་ཡིན། དེ་སྔོན་ཅུང་ཟད་མཇལ་མྱོང་བ་དག་གིས་དེའི་རྣམ་པ་མིག་བཙུམ་ན་ཡིད་ཡུལ་དུ་ཨེ་ཤར་དང་། མིག་སྔ་རུ་བབས་ཨེ་འདུག་ལྟ་དགོས། དེ་ལྟར་གོམས་འདྲིས་བྱས་ན་བར་ཞིག་ལ་རང་ཤུགས་ཀྱིས་སེམས་ལ་འཆར་ཡོང་རྒྱུ་ཡོད་པ་ཡིན། བདེ་བ་ཅན་རྟེན་བརྟེན་པ་དང་བཅས་པ་ལས་དང་པོ་བ་དག་ལ་གོ་བརྡ་འཕྲོད་པའི་ཆེད་དུ་ཡིག་ཐོག་ལ་བཀོད་ཅིང་ཚིག་ཐོག་ནས་བཤད་པ་ཙམ་རེད་མ་གཏོགས། རྒྱལ་བའི་ཡོན་ཏན་དང་ཞིང་གི་བཀོད་པ་ཐམས་ཅད་ཇི་མ་ཇི་བཞིན་དུ་འཆད་དགོས་ན་བཤད་ག་ལ་ཐུབ། རི་མོ་འབྲི་དགོས་ན་ལྷ་བཟོས་དེ་བས་ཀྱང་འབྲི་མི་ནུས་པ་ནི། གཞན་ཕར་ཞོག་མེ་ཏོག་རྐང་གཅིག་གི་ཡོན་ཏན་ས་ཐོབ་ཀྱི་སེམས་དཔས་ཀྱང་བརྗོད་དཀའ་བ་ཡིན་པས། འུ་ཚོ་ལྷ་བཟོའི་ལག་པས་འབྲི་ཁུལ་བྱེད་པ་ནི་མཚོན་བྱེད་ཀྱི་གོ་བརྡ་སྤྲོད་བྱེད་ཙམ་དང་། བཤད་པ་ཡང་དེ་ལས་མ་འདས་པ་ཞིག་ཡིན། ཞིང་ཁམས་བདེ་བ་ཅན་གྱི་སངས་རྒྱས་འོད་དཔག་མེད་ཉིན་མོར་མ་བརྗེད་ན་མཚན་མོར་རྨི་ལམ་དུ་རྨི་བར་འགྱུར་ཞིང་། རྨི་ལམ་གྱི་ནང་ནས་སྐྲག་སྔངས་ཤར་ཡོང་དུས་སངས་རྒྱས་འོད་དཔག་མེད་ལ་གསོལ་འདེབས་བྱེད་པར་དྲན་པ་དང་། དེ་དྲན་ན་འཆི་ཁ་བར་དོའི་འཇིགས་སྐྲག་གི་སྐབས་སུ་དྲན་ནས་གསོལ་འདེབས་ཡིད་ལ་འཆར་ཐུབ་པ་ཡིན། དེ་ལྟ་བུའི་གསོལ་འདེབས་ཐུབ་པའི་དད་མོས་དྲག་པོའི་ཐོག་ནས་འཆི་ཁའི་མཚམས་སྦྱོར་གྱི་སྨོན་ལམ་བཟང་པོ་ཞིག་འདེབས་ཐུབ་དུས། སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་མིག་སྔར་མཇལ་ནས་དབུགས་ཆད་མ་ཐག་བདེ་བ་ཅན་དུ་སྐྱེ་བ་ཡིན། འདི་ལྟ་བུའི་སྒོ་ནས་ཇི་ལྟར་གོ་བརྡ་སྤྲད་ཀྱང་ཞིང་བཀོད་ལ་སོགས་པ་གཏན་ནས་ཡིད་ལ་འཆར་དུ་མི་གཏུབ་པ་དག་ལ་ཇི་ལྟར་བྱེད་དགོས་ཟེར་ན། རྗེ་རིན་པོ་ཆེས། ཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ། བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་པར་གསུངས་ཡོད་པས། དད་པས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། གསོལ་བ་འདེབས་རྒྱུ་གལ་ཆེ་ཞིང་། བདེ་བ་ཅན་གྱི་ཞིང་ཁམས་ནི་ནུབ་ཕྱོགས་སུ་ཡོད་ལ། མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་དེར་བཞུགས་ཡོད་པས་མི་ཚད། ང་ལ་གཟིགས་བཞིན་ཡོད་པས། ངས་ད་ལྟ་གསོལ་བ་བཏབ། ཕྱག་འཚལ། མཆོད་པ་ཕུལ་ནས་ཤི་དུས་དེར་འགྲོ་ཆོག་པ་ཞིག་བྱེད་དགོས་སྙམ་ནས་འོད་དཔག་མེད་པའི་མཚན་དང་བདེ་སྨོན་ཆག་མེད་དུ་ཐོན། ནུབ་ཕྱོགས་ལ་ཁ་འཁོར་ནས་ཕྱག་རེ་འཚལ་རྒྱུ་མ་བརྗེད་པར་གྱིས་དང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་པོའི་གོ་དེས་ཆོད་པ་ཡིན་གསུངས་པ་དང་། གནའ་རྫ་མུ་ར་པདྨ་བདེ་ཆེན་བཟང་པོས་རྫ་ཆུ་ཁ་དང་མགོ་ལོག་གི་བྱང་སའི་འབྲོག་སྡེ་འགའ་རེར། བདེ་ཆེན་ཞིང་ཐང་དང་འོད་དཔག་མེད་ཀྱི་སྐུ་བརྙན་མ་འཛོམས་དུས། འོད་དཔག་མེད་ཀྱི་སྐུ་མདོག་དང་གསུང་པདྨའི་རིགས་ཀྱི་ཁ་དོག་མཚོན་བྱེད་ལ་རས་ཡུག་དམར་པོ་རེ་ནུབ་ཕྱོགས་སུ་བཏགས་ནས། མགོན་པོ་འོད་དཔག་མེད་འཁོར་བཅས་ཡིད་ལ་བྱེད་པའི་རྟེན་དང་མཚན་མ་གྱིས་ཞེས་གསུང་རབས་གནའ་མི་ཚོར་བཤད་རྒྱུ་ཡོད་པ་དེ་ཚོ་ལ་རྒྱུ་མཚན་ཆེན་པོ་ཡོད་ངེས། དེང་སང་ཞིང་ཐང་རེ་ལོན་རྒྱུ་དཀའ་མོ་མ་རེད་ཨེ་ལོན་ལྟོས། གནའ་རྫ་སྟོད་ཀྱི་རྒད་པོ་དད་པ་ཅན་བློ་རིག་མི་གསལ་བ་ཞིག་གིས་འོད་དཔག་མེད་ལ་གསོལ་བ་རྒྱུན་ཏུ་བཏབ་ནས་བདེ་སྨོན་མང་པོ་བཏོན་པ་ཡིན། འོན་ཀྱང་ཁོའི་སྐུ་མདོག་ནོར་ནས་སྔོ་སྐྱ་ཞིག་ཡིན་པར་སྙམ་ན་ཡང་། རྒད་པོ་འཆི་ཁར་འོད་དཔག་མེད་འཁོར་དང་བཅས་པ་ཕེབས་ཏེ་ལམ་སྣ་དྲངས་ནས་མངོན་སུམ་དུ་བདེ་བ་ཅན་ལ་ཁྲིད་སོང་བའི་ལོ་རྒྱུས་ཡོད་པས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་པ་དང་། རྗེ་ཙོང་ཁ་པས། ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་འོད་དཔག་མེད། །མིག་གི་ལམ་དུ་གསལ་བར་མཐོང་གྱུར་ནས། །དད་དང་སྙིང་རྗེས་བདག་རྒྱུད་གང་བར་ཤོག །ཅེས་གསུངས་པ་ལྟར་ཡིན་པས། དད་པའི་ཨ་ལུང་ཡོད་ན་ཐུགས་རྗེའི་ལྕགས་ཀྱུས་བཟུང་སླ་བ་སྟེ། གུ་རུ་རིན་པོ་ཆེས། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །ཅེས་གསུངས་པ་ཡིན། དད་པ་མེད་ན་སངས་རྒྱས་དངོས་སུ་བྱོན་ཀྱང་འདྲེན་ཐབས་མེད་ཅིང་། དད་པས་གསོལ་བ་བཏབ་ན་སངས་རྒྱས་འོད་དཔག་མེད་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས། ལྷའི་སྙན་གྱིས་གསན། མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས། རྫུ་འཕྲུལ་གྱི་ཞབས་ཀྱིས་བཅགས་པས་མདུན་དུ་བྱོན་ནས་བྱིན་གྱིས་བརླབས་པ་ནི། མི་ལོང་བ་ཞིག་གི་སྔུན་ནས་མིག་ལྡན་ཞིག་གིས་བལྟས་ཡོད་པ་དང་འདྲ་བར་རང་ཉིད་ཀྱིས་མ་མཇལ་ན་ཡང་སངས་རྒྱས་ཀྱིས་གཟིགས་ནས་ཡོད་པ་སྟེ། གནའ་སངས་རྒྱས་ཞལ་བཞུགས་པའི་དུས་སུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཟེར་བའི་རྒྱ་གར་ན་སྟོན་པའི་སྦྱིན་བདག་ཆེན་པོ་ཞིག་ཡོད་ལ། དེ་ཚང་གི་བུ་མོ་མ་གཱ་དྷ་བཟང་མོ་ཞེས་པ་ནི་སངས་རྒྱས་ལ་དད་པ་ཅན་ཞིག་ཡོད་པ་དེ་ཡུལ་ཐག་རིང་མཐའ་འཁོབ་ཀྱི་རྒྱལ་པོ་ཞིག་གཉེན་སྦྲེལ་ནས་འགྲོ་དགོས་ཐུག་ཚེ། དེ་ཚང་ལ་མཆོད་གནས་མུ་སྟེགས་པ་མ་གཏོགས་མེད་པས། བུ་མོ་མཆོད་གནས་དེ་དག་ལ་མ་མགུ་ནས་ཉིན་ཞིག་བུ་མོ་མ་གཱ་དྷ་བཟང་མོས་དེ་ཚང་གི་སྒྱུག་མོ་སོགས་ལ་བཤད་རྒྱུར། འདི་ལྟ་བུའི་ཐ་ཆད་ཁྱི་ཕག་འདྲ་བའི་སྐྱུག་བྲོ་བ་འདི་དག་མཆོད་གནས་སུ་བཀུར་ནས་ཅི་བྱེད་པ་ཡིན་ཞེས་སྨྲས་པས། འོ་ན་ཁྱོད་ཀྱི་ཕ་ཡུལ་ནས་མཆོད་གནས་གདན་འདྲེན་རྒྱུ་ཡོད་དམ་ཞེས་བྲིས་པས། ཁོ་མོའི་ཕ་ཡུལ་ན་སངས་རྒྱས་བཅོམ་ལྡན་འདས་དགྲ་བཅོམ་པ་འཁོར་དང་བཅས་པ་བཞུགས་ཡོད། གདན་འདྲེན་ཐུབ་ཅེས་ཟེར་བ་ལ། དེ་དག་གིས་སྟོན་པ་འཁོར་བཅས་གདན་འདྲེན་ཐུབ་ན་བཟང་ཞིང་ལེགས་མོད། འདི་འདྲའི་ཉིན་ལམ་མང་པོའི་ལམ་ཐག་ལ་བྱོན་དགོས་པས་དུས་ཚོད་ཡུན་རིང་བ་དང་། སྤྱན་འདྲེན་པའི་ཕོ་ཉ་ཡང་ཕར་ལ་མགྱོགས་པོར་ཐོན་ཐབས་མེད་ཚུལ་སྨྲས་ཚེ། བུ་མོས་བཤད་རྒྱུར་དེ་འདྲའི་དཀའ་ཚེགས་ག་ལ་དགོས། ཁྱོད་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་འཁོར་བཅས་ལ་མཆོད་པའི་ཡོ་བྱད་གསར་པ་སྟ་གོན་གྱིས་དང་། མཆོད་གནས་ངས་སྤྱན་འདྲེན་ཡོང་ཞེས་སྨྲས་ནས། དེའི་ཕྱི་ཉིན་ཚེས་བཅོ་ལྔའི་ཉིན་དེའི་སྔ་དྲོར་བུ་མོ་མ་གཱ་དྷ་བཟང་མོས། ཁང་པའི་སྟེང་ནས་དྲི་བཟང་པོའི་དུད་པ་བདུགས་ཤིང་སྤོས་རིང་པོ་ལག་ཏུ་ཐོགས་ཏེ། སངས་རྒྱས་འཁོར་བཅས་བཞུགས་ཡོད་པའི་གནས་གྲོང་ཁྱེར་མཉན་ཡོད་ཀྱི་ཕྱོགས་ལ་ཁ་འཁོར་ནས། མ་ལུས་སེམས་ཅན་ཀུན་ཀྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་དད་པའི་ཤུགས་ཀྱིས་སྤྱན་འདྲེན་ཞུས་པས། སངས་རྒྱས་འཁོར་དང་བཅས་པ་རྫུ་འཕྲུལ་རྣམ་པ་མི་འདྲ་བ་སྣ་ཚོགས་དང་བཅས། སྐད་ཅིག་གིས་ནམ་མཁའ་ནས་བྱོན་ཏེ་ས་དེའི་སེམས་ཅན་མང་པོ་དད་པའི་གནས་ལ་བཀོད་པའི་ལོ་རྒྱུས་ཡོད་པ་ཡིན་པས་སངས་རྒྱས་ཡིད་ལ་བྱེད་པ་འདི་ཤིན་ཏུ་གལ་ཆེན་བ་ཡིན་ནོ། །གཞན་ཡང་ཇི་སྐད་དུ། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང་། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་སྲིད། །ཅེས་གསུངས་པས། རང་ཉིད་ལ་དད་པ་ཡོད་ན་སངས་རྒྱས་ཀྱིས་བསླུ་མི་སྲིད་དོ། །རྟེན་ཚོགས་ཞིང་གསལ་འདེབས་པ་འདི། རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གི་རྟེན་དང་། རྒྱུ་གསུམ་པ་སེམས་བསྐྱེད་དང་། རྒྱུ་བཞི་བ་སྨོན་ལམ་འགྲུབ་པའི་དཔང་པོ་ཡང་ཡིན་པས་ཤིན་ཏུ་གནད་ཆེ་ཚུལ་གོང་དུ་ཞུས་པ་ལྟར་རོ། །དེ་རིང་གི་ཐོག་མའི་ཆོས་མཚམས། ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །ཞེས་པ་འདི་ནས་འཇོག་རྒྱུ་བྱེད། སང་ཉིན་མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པ་ནས་དབུ་བཙུགས་ནས་བཤད་རྒྱུ་རེད། དེ་རིང་གི་ཆོས་ཁྲིད་དེ་ཙམ་ཡིན། སྤྱིར་ན་རྫོགས་ཆེན་པདྨ་ཐང་འདི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བླ་མ་བརྒྱུད་པ་དམ་པ་གོང་མ་མང་པོ་བྱོན་ནས། དམ་ཆོས་རྫོགས་པ་ཆེན་པོ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་བྱེད་སའི་ས་ཆ་ཞིག་རེད། ཡིན་ནའང་དུས་ཀྱི་འཕོ་འགྱུར་ཀྱི་དབང་གིས་མཚམས་རེར་གྱང་རལ་གྱིས་གང་། མཚམས་རེར་ས་སྟོང་ལ་ལུས། ཡང་མཚམས་རེར་ཆོས་དུང་དཀར་མོའི་རང་སྒྲས་འཁོར་ཡུག་གི་སྐྱེ་འགྲོ་གཉིད་ལས་སློང་བ་སོགས། འགྱུར་བ་སྣ་ཚོགས་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་བྱུང་བ་ཡིན་པས། དེ་རིང་ཁ་སང་གི་མི་ལོ་ལྔ་དྲུག་ཚུན་ཆད་ལ། དབྱར་གྱི་དུས་ཚོད་ནམ་ཚེས་ལ། ས་ཕྱོགས་དང་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་བརྒྱ་ཕྲག་མང་པོའི་ཆོས་འདོད་དོན་གཉེར་ཅན་གྱི་དགེ་འདུན་པ་བརྒྱ་ཚོ་མང་པོ་འདུས་ནས། དམ་ཆོས་རྫོགས་པ་ཆེན་པོའི་འཆད་ཉན་སྒོམ་སྒྲུབ་མཛད་བཞིན་ཡོད་ཅིང་། གྲུབ་དབང་རྫོགས་ཆེན་པ་རང་གི་ཆོས་བརྒྱུད་འཆུག་མེད་བསྟན་པའི་སྲོག་དེ་སྒྲུབ་པའི་སྒོ་ནས་གསོ་ཐུབ་པར་ཡོད་ལ། དེ་སྔོན་ལོ་ལྔ་ཡི་རིང་ལ་འདི་ནས་ཡེ་ཤེས་བླ་མ་ཁྲིད་ཁ་བཞག་པའི་ཞལ་གྲངས་དང་ཐེངས་གྲངས་གཉིས་ཀ་བརྩིས་ཡོང་ན། དགེ་འདུན་པ་ཉིས་སྟོང་ལ་ཉེ་ཡོད་པ་ཡིན། དེ་ཡང་འུ་བུའི་ཆོས་སྒོ་དམ་པོ་ཡིན་སྟབས་ཀྱིས་མཐུན་རྐྱེན་ངེས་ཅན་ཞིག་མ་ཚང་ན་མི་ཚུད་པ་རེད། ངའི་ངོས་ནས་བསམ་བློ་གཏོང་ན། ང་པདྨ་སྐལ་བཟང་ལ་དམ་པ་གོང་མས་མཚན་གྱི་ཅོད་པཎ་ཞིག་གནང་བས་མ་ཚད། འཇིགས་བྲལ་བྱང་ཆུབ་རྡོ་རྗེས་འདའ་ཁའི་ཞལ་ཆེམས་ཀྱང་བསྩལ་ཕྱིར། དོན་གྱི་བསྟན་པ་ཉམ་དམའ་ཉག་ཕྲའི་སྐབས་འདིར། རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ཐད་ཀར་འབྲེལ་བའི་བླ་མ་རྫོགས་ཆེན་ཚང་གི་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་ཡར་ལ་གསོས་ནས། བསྟན་རྒྱུན་སྤེལ་རྒྱུ་དེ་ཉིད་ནི་ཕྲག་ཐོག་ལ་བབ་པའི་འོས་འགན་གཟུར་ཐབས་མེད་པ་ཞིག་ཡིན་པ་དེ་བཤད་མ་དགོས་པ་ཞིག་ཡིན་པས། བསྟན་པ་དེ་མི་ཉམས་དར་སྤེལ་གཏོང་རྒྱུའི་ཆོད་སེམས་མི་འགྱུར་བའི་འདང་འདུན་ཐང་ཡོད་པའི་ཐོག་ནས་དམ་པ་གོང་མའི་ཐུགས་དགོངས་རྫོགས་བྱེད་ལ་རབ་སྒྲུབ་པའི་མཆོད་པ་དུས་འདི་དང་བསྟུན་ན་འགྲུབ་ནས་ཡོད་སྙམ་པའི་སེམས་ཁ་གང་ནས་བསྡད་ཡོད། རྫ་ལུང་གངས་འདབས་ཀྱི་ནགས་གསེང་འདི་ནས་སངས་རྒྱས་ཀྱི་བསྟན་པ་མགོ་གང་མ་ཞིག་བཟུང་ནས། སྤྲིན་བར་གྱི་ཉི་མ་ཅུང་ཞིག་ལྡེ་བཞིན་ཡོད་སྙམ་ནས་ཡོད། ཡིན་ན་ཡང་ས་འདིའི་ཐོག་ཏུ་ཡོད་པའི་སྡེ་བ་མི་སེར་རྣམས་ལ་མཚོན་ན། ཕྱི་ནས་བལྟས་ན་གདན་ས་ཆོས་འཁོར་ཆེན་པོའི་ཉེ་འདབས་ལ་ཡོད་པའི་སྡེ་བ་ཡིན་ཕྱིར། ཕྱི་ཡི་བླ་མས་ནི་ཐེ་གཏོགས་མི་བྱེད་ཅིང་ཆོས་གསུང་སར་མི་བྱོན་ཞིང་། ནང་གི་རང་དགོན་གྱི་བཤད་སྒྲུབ་ལས་གསུམ་གྱི་དབུ་རྣ་མཚན་དོན་མཐོ་བའི་དབང་གིས་བླ་སྤྲུལ་རྣམ་པ་ཐུགས་བྲེལ་ཆེ་ནས་སྡེ་མི་སེར་ལ་ཆོས་ངོ་མ་ཞིག་གསུང་རྒྱུའི་གོ་སྐབས་མ་མང་ཚེ། རི་རྒྱལ་མགོ་ཡི་རྩྭ་རྒྱལ་དེ། རྟ་བྱང་མའི་ཉམས་ལ་མ་རན་པར་མི་སྐྱ་ཕོ་མོའི་ཆོས་སྐལ་དེ་དབྱུག་པ་ཞིག་དང་སྦྲགས་ནས་ཆུ་ཐིགས་གཅིག་མགོ་ལ་བླུག་རྒྱུ་ཙམ་ལས་མེད་ན། རྒྱ་མཚོའི་འགྲམ་དུ་སྐོམ་ནས་ཤི་བ་བྱུང་ན་སྡུག་ཐུག་རེད་བསམས་ནས། ད་རེའི་ཞིང་ཁྲིད་འདི་ས་འདིའི་ཐོག་གི་མང་ཚོགས་ཀྱི་ཆོས་སྐལ་ལ་བསམས་ནས་བཀོད་སྒྲིག་བྱས་པ་ཡིན། རྫོགས་ཆེན་འབྲོག་རུ་སྡེ་བ་མི་གྲངས་སྟོང་ཕྲག་དྲུག་བདུན། སྡེ་མི་དུད་སྟོང་རུའི་བདག་པོ་ཡིན་པས། མི་མང་འདུག་སའི་ཚོགས་ར་དྲོ་བ་ཞིག་ནི་རི་ཁྲོད་པ་ཡིན་རུང་ངེད་ཚོས་འཛོམས་དགོས་རྒྱུ་རེད་སྙམ་ནས་འདིའི་གཙུག་ལག་ཁང་གི་ར་སྐོར་བཀབ་ནས། པདྨ་ཐང་གི་བརྒྱད་སྡེ་གྲྭ་ཚང་གཞུང་སྒེར་གཉིས་ཀ་ཁོར་ཡུག་གི་ཇོ་སེར་ཚང་མ་དང་བཅས་པས་དུས་ངེས་ཅན་ཞིག་གི་རིང་ལ་ཉིན་མཚན་གཉིས་ཀར་རྒྱུ་ཚེགས་གཉིས་ཀའི་འགྲོ་སྒོ་མི་ཉུང་བ་ཞིག་བཏང་ཡོད་པ་རེད། འདིའི་འཆར་གཞི་མཆོད་འབུལ་ཉི་མ་གཅིག་དང་། ཞིང་ཁྲིད་དངོས་གཞི་འཕོ་ལུང་བཅས་པ་ཉིན་བདུན་བསྣན་པས་ཉིན་བརྒྱད། བདེ་ཆེན་ཞིང་དབང་ཉིན་གཅིག་བཅས་ཉིན་དགུའི་བར་འཚོགས་འཆར་ལས། དེ་རིང་ནི་ཉི་མ་དགུ་པོའི་ནང་གི་ཉིན་གཉིས་པ་རེད། སྐབས་འདིར་འགའ་རེས་ནུས་ཚོད་ལྕོགས་ཚོད་ཀྱིས་གཙུག་ལག་ཁང་ལ་སྐོར་བ་བྱེད་པ་དང་། བརྐྱངས་ཕྱག་འཚལ་ནས་སྐོར་བ་བྱེད་པ་དང་། ཡང་འགའ་རེས། ཁ་སེམས་དཀར་པོའི་རྒྱས་འདེབས། །ཁ་ལག་གཙང་མའི་མཆོད་པ། །ཟེར་བ་བཞིན་དུ་མཛུབ་མགོའི་མཆོད་པ་མར་མེ་ཁ་གསབ་བྱེད་ཤེས་པ་དེ་ཡང་རྒྱ་མཚོ་ཆུ་ཐིགས་ཀྱི་འབྲེལ་བ་ཡིན་པས། གོ་སྐབས་འདི་ལྟ་བུ་མི་ཤོར་བར་བྱེད་པ་ནི་རྒྱུ་མཚན་ཅུང་ཟད་ཤེས་པའི་རྟགས་རེད། རང་རོགས་ཚང་མས་འདེང་བརྒྱབ་ན་དུས་ངན་གྱི་བསྐལ་བ་ཚེས་པའི་ཚུན་ཆོད་ལ། ཤི་བོ་ཆོས་མེད་ཅི་འདྲའི་མང་པོ་ཞིག་མེད། དེ་ཚོའི་དགེ་རྩ་ལ་བསམ་བློ་རེ་འཁོར་ན་གསོན་གྲང་ང་ཁམས་ན་ཡོད་པའི་དོན་པོ་རེད། དེའི་ནང་གི་འགའ་རེས་རི་ཁྲོད་ཀྱི་མཚམས་པ་རྫོགས་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་ཚོར་འཚོ་བའི་ཁ་སྣོན་རེ་ཕུལ་མཁན་ཡོད་པ་སྟེ། དཔེར་ན་འབྲོག་རུ་སྡེ་བའི་ལྔ་བ་ཚང་གི་པད་དར་དང་། སེར་ཅོད་གཉིས་ཀས་ཟླ་བ་རེར་སྒོར་ལྔ་བཅུ་རེ་སྟེ་སྒོར་བརྒྱ་རེ་གཤིན་རྗེའི་སྒྲུབ་ཕུག་ལ་ལོ་གསུམ་མཚམས་ལ་བཞུགས་པའི་བསྟན་འཛིན་ཆོས་འཕེལ་ལ་ཕུལ་ནས་ལོ་གཅིག་སོང་ཡོད་པ་དང་། ལྔ་བའི་སྐལ་བཟང་གིས་ཚེ་རིང་སྒྲུབ་ཕུག་ལ་བཞུགས་པའི་ཨ་ཁུ་དམ་ཅན་ལ་ཟླ་རེར་སྒོར་མོ་བརྒྱ་རེ་འབུལ་འཆར་ཡིན་འདུག དེ་ཚོ་དཔེ་མེད་པའི་བསོད་ནམས་ཆེན་པོ་སྟེ། རི་ལ་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། ངས་ཀྱང་རྗེས་སུ་ཡི་རང་དང་སྦྲགས་ཏེ་བསྔོ་བ་བྱེད་བཞིན་ཡོད། ད་དུང་ཁྱེད་ཚོས་འདི་རྣམ་པ་ཚོར་རྩམ་པ་རེ་འཐག་རྒྱུ་དང་། མར་རེ་ཉོ་རོགས་བྱེད་རྒྱུ་དང་། བྲོ་ཁ་རེ་བསྐྱལ་བ་ལ་སོགས་པའི་དཀའ་ལས་རེ་རྒྱག་ཨེ་ཐུབ་ལྟོས་ཟེར་བསམ་པ་ཡིན། དེ་མིན་འགའ་རེས་ང་རང་ལ་རྒྱུ་འབུལ་རྒྱུ་མེད་རུང་། མཚམས་པ་དེ་དག་ལ་རྩམ་པ་རེ་འཐག་རྒྱུ་དང་། བྲོ་སྐྱེལ་རེ་འགྲོ་དགོས་ན་འགྲོ་ཆོག་ཟེར་མཁན་ཡོད་ན་དེ་ལྟར་སྨྲོས་དང་དགེ་རྩ་དང་བསོད་ནམས་ཆེན་པོ་གསོག་པ་ཡིན། ང་དང་འདྲ་བའི་རྟ་ཐོག་གི་བླ་མ་ལ། རྟ་མགོ་ལ་དར་དཀར་བཏགས་པ་ཕུལ་ནས་རྒྱགས་པའི་ཁ་ལ་ཚིལ་སྲེག་སྦྱིན་པ་ལས། སྦས་པའི་རྣལ་འབྱོར་བྱ་བཏང་བ་རེ་ལ་ཟ་མ་དུས་གཅིག་འཕྲོད་ན་བསོད་ནམས་དེས་ཆེ་བ་ཡིན། བསོད་ནམས་གསོག་དུས་གནད་གང་ཆེ་བལྟ་དགོས། བསྟན་པ་མི་ནུབ་པའི་སྲོག་རྩར་སྨིན་ཐབས་ཐོན་ན་དེའི་བསོད་ནམས་ཆེ་བ་ཡིན། ད་རེས་ཞིང་ཁྲིད་འདི་ཚོའི་ཐོག་ནས་ལུས་ངག་གི་དགེ་སྦྱོར་འགྲུབ་ཤག་ཤག་གི་དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་རེ་བྱེད་མཁན་ཡོད་ན། ཚང་མས་ལས་འཛིན་པའི་སར་ཡི་གེ་རྒྱོབས་ཤོག་དང་། ངས་ཉིན་རེའི་ཆོས་ཁྲིད་ཀྱི་སྐབས་སུ་གོ་སྒྲོག་བྱེད། གོ་སྒྲོག་བྱེད་རྒྱུ་དེ་ངོམ་ཆོས་སུ་འགྲོ་བ་མ་རེད། མི་འགྲོ་བར་མ་ཚད་མང་བོ་ཞིག་གིས་དེ་ལ་རྗེས་སུ་ཡི་རང་བྱས་ཏེ་དགེ་རྩ་རྒྱ་ཆེན་ཐོབ་པའི་རྒྱུ་རུ་འགྲོ་བ་ཡིན། དགེ་འདུན་པས་ཀྱང་དེ་ལྟར་དུ་བསྔོ་བ་དང་ཐུགས་སྨོན་མཛད་འགྲོ་བ་རེད། འདི་ནས་དགེ་འདུན་པས་ནུབ་རྟག་པར་གསུར་གསུང་བཞིན་ཡོད་པ་རེད། རྒྱུན་དུ་གསུར་རྩམ་ཉུང་ཉུང་རེ་ཁྱེར་ཤོག་དང་། ཆེ་གེ་མོ་ཞིག་གིས་གསུར་ཆུ་གཏོར་ཞིག་མོ་ནང་ལ་བབ་ནས་དེ་མི་འཛོམས་འདུག་པ་ལས་འདིས་དགའ་ངེས་ཡིན། ཉི་མ་བརྒྱད་པ་འཕོ་ལུང་འདོན་པའི་ཉིན་མོའི་ཕྱི་དྲོ་གསུར་ཆེན་ཞིག་ཕུད་འཆར་ཡིན། དེ་དུས་མི་ལ་ན་ཚ་ཡོད་པ། ཕྱུགས་ལ་གོད་ཁ་ཡོད་པ། ལམ་འགྲོ་མི་རྒྱུག་པ། བྱིས་པ་མི་འཚམས་པ། བསེ་རག་འགོང་པོ་འཁྲི་ནས་འདུག་སྙམ་པ་དག་དང་། ཁྱད་པར་དུ་རྒྱལ་འགོང་གི་གནོད་པ་ཅན་དེ་ཚོ་ཚང་མས་གསུར་རྫས་ཁྱེར་ཡོང་བ་འདི་ནས་བྱིན་རླབས་བརྒྱབ་སྟེ་གསུར་ཆེན་ནང་ཐོབ་དང་ཕན་ཐོགས་ཆེ་བ་རེད། འདི་ལྟ་བུའི་བླ་སེར་དགེ་འདུན་པ་འདུས་ཤིང་ཆོས་ཁྱད་པར་ཅན་གྱི་ཆོས་སྒོ་འདི་འདྲ་ཕྱེ་བའི་ཚེ་ན། དགེ་འདུན་པར་གུང་ཚིགས་ཤིག་མ་འཛོམས་རུང་མང་ཇ་ཞིག་དྲངས་ན་ཅི་མ་རུང་། དེ་རིང་ཁར་སང་འོ་ཐིགས་ཤིག་དང་ཇ་ཐེབ་ཅིག་ལ་དཀའ་ཚེགས་ཆེན་པོ་ཡོད་པ་མིན། ས་སྟོང་ནས་རང་གིས་མཆོད་མེ་སྦར་བ་དང་། ཇོ་དར་འཛུགས་པ་སོགས་བྱས་ན་བསོད་ནམས་ལོས་ཡོད་ཀྱང་ཞིང་གི་ཁྱད་པར་གྱིས་གནམ་ས་ལྟ་བུའི་བསོད་ནམས་ཀྱི་ཁྱད་པར་ཆེན་པོར་འབྱུང་བ་ཡིན། རྟེན་རྩ་ཆེན་བཞུགས་པ་དང་། དགེ་འདུན་པའི་འདུས་པ་ཡོད་པ་དང་། དཀྱིལ་འཁོར་གཉེན་པོའི་ཞལ་ཕྱེས་ནས་དམ་པའི་ཆོས་ཀྱི་སྒྲ་སྒྲོག་པའི་དུས་སུ་བཟང་འབྲེལ་བཞག་ན་བསོད་ནམས་ལྷག་པར་ཆེ་བ་ནི། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་པ་ལྟ་བུ་ཡིན་ལ། འོན་ཀྱང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པ་བཞིན་དུ་ཁ་བྱང་བསྟན་གྱི་ཕུག་པར་ཉི་མ་ཤར་ཐབས་མེད་པ་ལྟར་དུ་སོང་ནས་ངན་སོང་གསུམ་གྱི་རྒྱུན་ཆོད་ཐབས་མེད་པ་ཡིན། དེས་ན་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཡོད་པ་ཚང་མས་ཞིང་ཁྲིད་འདི་དང་། འདི་ལྟ་བུའི་ཆོས་སྒྲ་རེ་གོ་བར་བྱེད་པ་དང་། གོ་བ་རང་གི་རྒྱུད་ལ་སྦྱར་ནས་ཉམས་ལེན་གྱི་གནད་རེ་ཨེ་ཤེས་བལྟས་ན། ད་རེས་ཆོས་གྲྭ་འདིའི་ནང་ཡོང་བར་སྟོང་ལོག་མིན་པར། ཆུ་ལེན་དུ་ཡོང་ནས་ཟོམ་སྟོང་ཁུར་མི་དགོས་པ་བཞིན་དུ་རང་དྲིན་རང་ལ་ཆེ་བ་ཡིན་པས། ཚང་མས་འདང་རེ་རྒྱོབས་ཟེར་རྒྱུ་དེ་ལྟར་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟ་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕོང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡིན་ན་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།