Nitartha Digital Library
Tibetan
 
no previousno next

(༡)འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་གྱི་རྟོགས་བརྗོད་ངོ་མཚར་སྒྱུ་མའི་རོལ་གར་ཞེས་བྱ་བ་བཞུགས་སོ། །

(༢)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་རྟེན་ཅིང་འབྲེལ་འབྱུང་ཆོས། །ཐུགས་སུ་ཆུད་ནས་འགྲོ་ལ་འདོམ་མཛད་ཅིང་། །མ་རིག་སྲིད་མཚོ་ལས་སྒྲོལ་ཐར་ལམ་འགོད། །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཐེག་པའི་རིམ་པ་བསམ་ཡས་ལས། །ཟབ་དང་རྒྱ་ཆེའི་བཀའ་བསྡུ་རྒྱལ་བའི་སྲས། །མཁྱེན་རབ་བདག་པོ་རྒྱལ་ཚབ་ལ་ཕམ་པ། །ཤིང་རྟ་གཉིས་དང་བརྒྱུད་པའི་བླ་མར་འདུད། །ཐུགས་ཉིད་ཡེ་ཤེས་རྣམ་པར་དག་པ་ལས། །རང་བཞིན་མཛད་པ་མེད་པའི་ཐུགས་རྗེ་འཕྲོ། །རང་ཤེས་རིག་པ་ཆོས་ཉིད་ཀུན་ཏུ་བཟང་། །སྟོན་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དེ་ཉིད་ངང་ལས་རིགས་ལྔ་གཙོ་དང་འཁོར། །གྲངས་མེད་བསམ་འདས་ཉིད་ཀྱི་ལོངས་སྤྱོད་དུ། །རང་བཞིན་རྫོགས་པ་ཆེན་པོར་འོད་འབར་

(༣)བ། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པར་འདུད། །སྟོན་པའི་ཡོན་ཏན་དགུ་བཅུ་རྩ་དྲུག་ཆོས། །གནད་ཀྱི་བརྡ་ལ་བརྟེན་ནས་མངོན་སུམ་རྟོགས། །ཟག་པ་རང་ཟད་དབྱིངས་སུ་སྐུ་གཤེགས་པ། །བརྡ་བརྒྱུད་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་ཞིང་། །གསང་སྔགས་བརྟུལ་ཞུགས་སྤྱོད་པའི་ཐབས་ལ་མཁས། །གདུལ་བྱའི་རྒྱུད་སྦྱོང་གངས་ཅན་འགྲོ་བ་འདུལ། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་ནས་རྩ་བའི་བླ་མའི་བར། །ཞལ་ནས་སྙན་བརྒྱུད་ཚིག་དོན་སྤྲོས་པ་ཆོད། །སྤྲུལ་པའི་གང་ཟག་ས་དང་ལམ་ལ་དབང་། །སྙན་བརྒྱུད་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཡབ་སྲས་བརྒྱུད་པ་རིན་པོ་ཆེ། །མན་ངག་གསང་བ་ཆེན་པོའི་སྙན་བརྒྱུད་

(༤)ལ། ཚིག་ལ་ལྷག་ཆད་དོན་ལ་ནོར་འཁྲུལ་མེད། །ཇི་བཞིན་རྟོགས་པའི་པདྨ་ལས་འབྲེལ་རྩལ། །བུམ་པ་གང་བྱོས་ཆད་ལྷག་མེད་པ་ལྟར། །གསང་ཆེན་མན་ངག་ངེས་པའི་རྟོགས་བརྗོད་འདི། །གབ་སྦས་ཚིག་བསྒྱུར་ཕྲི་བསྣན་མེད་པ་རུ། །སྐལ་བཟང་གདུལ་བྱ་སློབ་མའི་དོན་དུ་སྤྲོ། །དེ་ཡང་བདག་གི་རྗེས་སུ་འཇུག་ཅིང་མོས་པ་ཅན་གྱི་གང་ཟག་རྣམས་ཀྱི་ངོར། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་ད་ལྟའི་རང་གི་རྩ་བའི་བླ་མའི་བར་རིམ་པར་བྱོན་པའི་གོང་མ་དག་གིས་རང་རང་གི་རྣམ་ཐར་འགོད་པའི་སྲོལ་ཡོད་པ་ལྟར། འདིར་ཡང་བརྒྱུད་པ་ཁུངས་ལ་ཐུག་ཅིང་མན་ངག་ངེས་པའི་ཁྱད་པར་གྱི་ཆེ་བ་སྟོན་པའི་ཕྱིར་ཅུང་ཟད་འགོད་ན། སྙིགས་དུས་ཀྱི་ཆོས་སྨྲའི་མིང་ཙམ་འཛིན་པ་བདག་ནི་ཐོག་མཐའ་མི་མངོན་པའི་སྲིད་པའི་གྲོང་ཁྱེར་མཐོ་དམན་དུ་སྣང་བའི་གནས་རིས་བསམ་གྱིས་མི་ཁྱབ་པར་ལས་ཀྱི་གཞན་དབང་གིས་ཁ་ལོ་དྲངས་ནས་དབང་མེད་དུ་འཁྱམས་པ་ཙམ་ལས་དེ་དང་དེ་འདྲ་བའི་ས་ལམ་གྱི་མངོན་རྟོགས་ཁྱད་པར་ཅན་ལྟ་ཅི། ཚོགས་ལམ་གྱི་སྣོ་ཟིན་པ་ཙམ་གྱི་ཡོན་ཏན་དང་མངོན་པར་རྟོགས་པའི་ཆ་

(༥)ཕྲ་མོ་ཙམ་ཡང་མ་མཆིས་པར་མ་ཟད། ཇི་སྐད་དུ། ལུགས་ཀྱི་བསྟན་བཅོས་ལས། རང་གི་ཡོན་ཏན་བརྗོད་པ་ནི། ལྷ་དབང་ཡིན་ཡང་བཙུན་མ་ལགས། །ཞེས་གསུངས་པ་ལྟར་རང་གི་ཡོན་ཏན་བརྗོད་པ་སྐབས་སུ་མ་བབ་མེད་འོན་ཀྱང་རང་ལ་མོས་པའི་སྐྱེས་བུ་དམ་པ་མང་པོས་སྔ་ཕྱིར་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་རང་རྒྱུད་ལ་སྐྱོན་གྱི་ཕུང་པོ་ས་རྡུལ་ཙམ་འཚུབས་པའི་ཁྲོད་ན་ཡོན་ཏན་གྱི་ཆ་སུ་ཝརྞའི་ཁམས་ཡོད་པར་བཤད་པ་ཙམ་གྱི་དཔེ་ཟླར་སོང་ཡང་། གནས་ཚུལ་དྲང་པོ་སྒྲོ་སྐུར་དང་བྲལ་བར་མདོ་ཙམ་སྨྲོས་པ་ལ་གསུམ། དང་པོ་སྐྱེས་ནས་བྱིས་བློ་ནར་ལ་སོན་པའི་བར་དང་། ཆོས་ཀྱི་བསམ་པ་སྐྱེ་བའི་མགོ་དགེ་བའི་བཤེས་གཉེན་ལ་རག་ལས་པས་དམ་པ་བསྟེན་ཅིང་མདོ་སྔགས་ཀྱི་གཞུང་ལུགས་རིས་སུ་མ་ཆད་པར་ཐོས་བསམ་ཇི་ལྟར་སྦྱང་བ་དང་། རང་ཉམས་ལ་མེད་ཀྱང་གཞན་དོན་ལྟར་སྣང་ལ་འཇུག་པའི་ཁུར་འཛིན་ཚུལ་རྣམས་ཅུང་ཟད་འགོད་པ་ལ། དང་པོ་ནི། མཁའ་འགྲོ་སྙིང་ཐིག་ལས། གསལ་རྗེ་གངས་ཀྱི་ཤར་ཕྱོགས་སུ། ལྕགས་སྒྲོམ་འབར་བ་

(༦)ལྟ་བུའི་སྟོད། འབྲོང་ཕོ་ཉལ་འདྲའི་དཔྱི་སྟེང་ན། །སོགས་ལུང་གཅིག་གིས་སྐྱེ་ཕྲེང་དུ་མ་བསྟན་པ་འདྲ་ཚོད་འོལ་སྤྱི་ཙམ་དུ་བསྒྲུབ་ན། དེ་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་ཅེས་གྲགས་པའི་ནང་ཚན་འབྲི་ཟླ་ཟལ་མོ་སྒང་དང་ཉེ་བའི་ཆ་གནས་ཆེན་ཉེར་ལྔའི་ཡ་གྱལ་ཀཿཐོག་ཤམ་པོ་རོང་གི་ར་བའི་ཕྲིན་ལས་ཀྱི་ཕྲིན་ལས་ཀྱི་གནས་མཆོག་སྔོན་བྱོན་འཕགས་པའི་སྐྱེས་བུ་མཁས་གྲུབ་དུ་མས་བསྟེན་པའི་གླིང་རྨོག་པདྨ་བྲག་དཀར་གྱི་ཉེ་འདབས་སུ་སྨུག་པོ་སྡོང་གི་རིགས་ལས་མཆེད་པ་དཀར་པོ་གླིང་གི། རྒྱུད་པ་ལ་ཆེ། རྒྱུད་ཆུང་། རྒྱུད་འབྲིང་། རྒྱུད་གསུམ་མཆིས་པའི་ནང་ནས་ཆུང་། རྒྱུད་ལས་མཆེད་པ། ལྷ་རུའི་ཇག་པ་མི་བདུན་ལས་གླིང་ཕྲུག་ཨ་བཀྲ་ཟེར་བའི་རྒྱུད་ལས་སྨྱོ་ཤུལ་ཞེས་གྲགས་པའི་འབྲོག་སྡེ་ཉུང་ངུ་ཞིག་གི་ནང་ཕ་རྣམ་རྒྱལ་དང་། མ་རྫ་སྟོད་འཇུ་བ་ཞེས་པའི་སྡེ་ཚན་འགྲུ་ཆུ་ཁམས་པའི་བརྒྱུད་པདྨ་མཚོ་གཉིས་བསྡེབས་པའི་བུར་རབ་བྱུང་བཅོ་ལྔ་པའི་མྱོས་ལྡན་ཞེས་པ་ས་ལོ་ཡོས་ཀྱི་ལོ་ཞོར་ཟླ་བདུ་པའི་ཚེས་བཅུ་འི་སྔ་དྲོད་ཁྲོ་རྡ་སྙག་ཤར་ཞེས་པ་འབྲོང་བུ་ཉལ་བའི་དཔྱི་སྟེང་འདྲ་བ་དེར་སྐྱེ་བའི་མྱུ་གུ་གསར་དུ་སད་པའི་དུས་སུ་

(༧)འཇའ་ཚོན་ཤར་བ་དང་རོལ་མོའི་སྒྲ་ཐོས་པར་བཤད་རྒྱུ་འདུག །སྐྱེས་ནས་ཞག་གསུམ་ནང་པར་སྔ་དྲོ་ཏིང་ངེ་འཛིན་གྱི་འདུག་སྟངས་ཀྱིས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སོགས་སྔགས་བརྒྱ་སྐོར་ཉེ་བ་བསྒྲངས་བར་གྲགས། དེ་ནས་བཟུང་བྱིས་པ་མགོ་ལྕོག་ཐུབ་པ་ངུ་བ་དང་མལ་ས་རྩོག་པར་མི་བྱེད་པ་སོགས་ཡོན་ཏན་ཁྱད་པར་ཅན་ཡོད་པ་ཞིག་ཡིན་ཞེས་མ་ལ་གླེང་རྒྱུ་འདུག །རང་གིས་ད་ལྟ་ཆེད་དུ་བློ་གཏད་ན་སྐྱེས་ནས་ད་བར་གྱི་བྱ་བྱེད་ཕལ་མོ་ཆེ་དྲན་པ་ལ་གསལ་ལྷག་གེར་འཆར་བྱིས་པ་ཟླ་བ་བརྒྱད་ཙམ་ནས་གོག་འགྲོས་ལ་མ་ལྟོས་པར་ལངས་ནས་རྒྱུག་ཐུབ་པ་ཙམ་དུ་སོང་བས་འབྲོག་པ་རྒན་རབས་ལ་བྱིས་པ་ཆུང་ངུ་ལངས་སྔ་ན་རྣམ་རྟོག་རྩི་སྲོལ་ཡོད་པས་རྒན་པོ་རྣམས་ནས་ངན་པར་བརྩིས། དེའི་དགུན་ཞིག་ན་མའི་རུམ་དུ་ཉལ་བས་མཚན་དཀྱིལ་གྱི་དུས་མནལ་པད་པའི་སྣང་བ་ལ་མ་དེ་བུད་མེད་ནག་མོ་བཞིན་གཉེར་ཞིང་མཆེ་བ་གཙིགས་པ་ཞིག་གི་སྐྲ་དམར་སེར་གྱི་ཆུན་པོས་ངེད་ལྕིབས་སྣང་གིས་འཇིགས་སྟེ། ཨ་མ་ཞེས་བོས་པས་མས་ཅི་ཟེར་ང་འདི་ན་ཡོད་ཟེར་བ་དང་མ་

(༨)ཇི་བཞིན་དུ་འདུག །དེ་ནས་བཟུང་སྨྲ་ཤེས་པ་ཞིག་བྱུང་། ཡང་དེའི་དགུན་དེར་མཚན་མོ་ཞིག་ལ་ངེད་མ་བུ་གཉིས་ཤིན་ཏུ་གྲང་ངར་གྱིས་གཙེར་འདུག་པ་ལ་བདག་གིས་རླུང་བཟུང་ནས་གཏུམ་མོ་ཅུང་ཞིག་བསྒོམ་པས་བདེ་དྲོད་ཀྱིས་མ་དེ་མེ་དཔུང་ཁར་འདུག་པ་ལྟར་བསྲན་མི་བཟོད་པ་ཙམ་དུ་གྱུར་ནས་བདག་མའི་རུམ་ནས་ཕྱིར་བཏོན་ཏེ་མི་མི་འདྲ་བའི་འདྲེ་ཕྲུག་ཁྱེད་སུ་ཡིན་ཟེར་བས་བདག་གིས་མ་ལ། ང་ཤར་ཁ་བླ་བྲང་ཕྱོང་ཤོད་ནས། རླུང་གཏུམ་མོ་གཉིས་ལ་རང་དབང་ཐོབ། དཔལ་གསང་བ་འདུས་པའི་གྲུབ་ཐོབ་ཡིན། ངོ་ཤེས་ན་ཨ་ལག་རིག་གྲྭ་ཡིན། ཞེས་གླུ་བླང་བས་མ་ནས་མི་ཤེས་མི་ཤེས་ཟེར་མར་རུམ་དུ་ཤེད་འདྲེན་བྱས་ནས་ཕྱིན་ཆད་མི་སྔོན་ལ་དེ་འདྲའི་འདི་ཡིན་དེ་མིན་གྱི་ལབ་བཤད་མ་མང་ཉིན་གཅིག་ངེད་ཀྱི་བླ་མ་ཡིན་ཟེར་བའི་ངེས་ངེས་ཏིག་ཏིག་ཞིག་བྱུང་ན་མི་སྦྱིན་ཐབས་མེད་མ་གཏོགས་དེ་མིན་རང་བཞིན་གཏམ་མང་པོ་དེ་མ་བཤད་ཅེས་སྦྲན་བྱུང་བར་དེ་ཕན་དེ་རིགས་ཀྱི་ལབ་གླེང་གཏན་ནས་མ་བགྱིས། ཕྱིར་ནང་ཨ་ཕྱི་རྒན་མོ་ཞིག་ཡོད་པས་མདང་སུམ་ཁྱེད་མ་བུ་གཉིས་ནས་

(༩)ཅི་བཤད་འདུག་ཅེས་དྲིས་བྱུང་བར་མས་མིན་མིན་ཁོ་གཉིད་པད་བྱེད་པ་རེད་ཞེས་ལབ་སོང་། རྒྱུན་པར་རྨི་ལམ་ན་རྒྱ་གར་དུ་ཡིན་སྙམ་པའི་ལྗོངས་ཡིད་དུ་འོང་བ་བཀོད་པ་སྨྲ་མི་ཤེས་པ་ཞིག་ཏུ་བྷ་སིང་ནགས་ཀྱི་དུར་ཁྲོད་དང་དུར་ཁྲོད་ཆེན་པོ་ཐ་ཆུང་གཉིས་སུ་རེས་མོས་ཀྱིས་རེས་རབ་ཏུ་བྱུང་བ་དང་། རེས་རྣལ་འབྱོར་སྤྱོད་པའི་བརྟུལ་ཞུགས་ཀྱིས་རྒྱུ་བའི་སྣང་བ་རྟག་ཏུ་འཆར་བ་དང་། སྔགས་ཀྱི་སྲུང་མ་དང་དྲང་སྲོང་ཆེན་པོ་གཉིས་ཀྱི་དངོས་གཟུགས་དང་སྤྲུལ་པ་ཅི་རིགས་པས་བསྲུང་ཞིང་སྐྱོབ་པར་མཛད། འདི་སྐོར་ནས་ལོ་བཅུ་གསུམ་མ་ལོན་པར་དགོངས་མོ་ས་རུབ་ཙམ་ན་ནམ་མཁའ་ནས་གིང་ཆེན་དགུ་བྱ་རྒོད་ཀྱི་རྣམ་པར་བརྫུས་ཏེ་ས་ལ་བབས་འཕྲལ་ཀེང་རུས་དགུར་གནས་གྱུར་ཏེ་ང་རང་ལ་བསྐོར་ཚུལ་གྱིས་འཁྲབ་པ་དང་རྒྱུག་པ་དང་གར་བྱེད་པའི་ཚུལ་གྱིས་མདུན་དུ་འཁོད་ཙམ་ལ་ངེད་རང་གི་ལག་པར་བདུད་རྩི་རིལ་བུ་འདྲ་བ་རེ་སྦྱིན་རྒྱུ་བྱུང་བ་དེ་སྟེར་བ་དང་འཁྲབ་པ་སོགས་དགའ་བའི་རྣམ་འགྱུར་མང་པོས་ནམ་མཁར་དེངས་འགྲོ་བ་རྟག་ཏུ་བྱུང་། ལོ་གཅིག་ཙམ་ལོན་པ་དང་ཨ་ཕྱི་བྱམས་པོ་བྱེད་པ་ཞིག་ཡོད་པ་དེས་མ་མ་བགྱིས་ནས་མཚན་མོ་རྒྱུན་པར་དེའི་རུམ་དུ་ཉལ་བ་ལ་

(༡༠)གཉིད་ཀྱི་མགོར་ཟིན་ཙམ་ནས་རྣ་བར་འབྲུག་གི་སྒྲ་ལྟ་བུའི་གདངས་ཤིན་ཏུ་ཆེ་བ་གྲགས་པས་རྐྱེན་བྱས་སྣང་བ་ཐམས་ཅད་གངས་ལ་ཉི་མ་ཕོག་པ་ལྟར་དཀར་ལམ་མེར་སོང་། ཡུད་ཙམ་ནས་དེ་གནས་འགྱུར་ཏེ་འོད་དམར་པོ་འཐུག་ཤས་ཆེ་བ་སྤྲིན་དམར་འདྲ་བས་གཡོགས་ནས་སེམས་འཐུམ་ལ་ཁད་ཁད་ཞིག་ཏུ་གནས། ཡང་སྣང་བ་དེ་ཡང་དཀར་ལ་མཐིང་ཤས་ཆེ་བའི་ནང་དུ་དྲིལ་ནས་སེམས་ཤིན་ཏུ་འཐུམ་ནས་ཅི་ཡང་མི་དྲན་པར་གྱུར་པ་དང་། ཇི་ཞིག་ན་སེམས་སྟོང་གསལ་མཐའ་དབུས་དང་བྲལ་བ་ངོས་བཟུང་མེད་པ་ཞིག་ཏུ་གནས། དེ་དང་མཉམ་དུ་རང་གི་སྣང་བ་ཐམས་ཅད་ཁ་དོག་ལྔས་ཁྱབ་པ་དེའི་ནང་ན་འོད་ཟེར་ཤིང་ཕུང་འདྲ་བ་མང་པོ་དང་ཐིག་ལེ་ཆེ་ཕྲ་བསམ་གྱིས་མི་ཁྱབ་པ་མང་པོ་ལས་འོད་ཟེར་མུ་མེད་པར་མཆེད་པ་དང་། ཁྱད་པར་དུ་འོད་མཚོན་ཆ་འདྲ་བ་མང་པོ་མིག་ལ་ཟུག་པས་འཚོར་སྣང་གིས་མཚན་མོ་ཉལ་མི་ཕོད་པར་ཨ་ཕྱི་ལ་སྨྲས་པས་རུམ་དུ་སྒྲོན་མེ་བཏེགས་ནས་ཅི་ཡང་མི་འདུག་ཅེས་བརྡ་སྤྲོད་དགོས་པ་ཡོད། ལོ་ངོ་གསུམ་ཙམ་གྱི་སོས་ཐོག་ཅིག་ཏུ་མཛོ་མོའི་རྡོ་ལེ་ཞིག་འདམ་རྫབ་གྱི་ཁྲོད་ན་འཆི་མི་ཐུབ་པར་སྐད་འདོན་བཞིན་པར་འགྱེལ་འདུག་པ་མཐོང་

(༡༡)བས། བདག་གི་བསམ་པ་ལ་ཁོ་སྔར་ཡང་ལས་ངན་གྱི་རྒྱུས་འབྲས་བུ་ལུས་ངན་བླང་བས་ད་ལྟ་སྡུག་བསྔལ་འདི་ལྟ་བུའི་ཁུར་གྱིས་ནོན་བཞིན་ད་དུང་ཡང་སྡུག་བསྔལ་འདི་འདྲ་ཁོ་ན་ལས་མི་འོང་བས། འདམ་འདི་ནས་འདོན་མཁན་གྱི་མགོན་སྐྱབས་གང་ནས་འཚོལ་ཁོའི་སྡུག་བསྔལ་གྱི་ཁུར་ང་ལ་བབས་སྙམ་ནས་རྡོ་ལེ་འདམ་ནས་བཏོན་ཏེ་ས་གཙང་ས་ཞིག་ཏུ་བཞག །འཕོ་བའི་དམིགས་རྣམ་གཞན་མ་ཤེས་ཀྱང་རྣམ་པར་ཤེས་པ་འོད་དཀར་པོ་སྲན་མ་ཙམ་དུ་བསམ་ནས་སྟེང་གི་ནམ་མཁར་འཕེན་དགོས་སྙམ་པས་བླ་མ་དཀོན་མཆོག་མཆོད། ཕཊ་ཕཊཿམང་པོ་བརྗོད་པས་དབུགས་འགྲོ་བ་དང་མཉམ་དུ་སྤྱི་བོ་ནས་རླངས་པ་ཆུ་ཚན་ཕྱུར་བ་བཞིན་བྱུང་བ་དང་མཉམ་དུ་སྐྲ་རྟགས་བྱི་ཞིང་ཐོད་པའི་རུས་པ་མཐེ་བོང་ཙམ་གོག་འདུག་ཅེས་གྲགས། ཁུ་བོ་བླ་མ་བསྒྲེས་སོང་ཞིག་ཡོད་པ་དེས་དེ་རྣམས་མི་ཕལ་པའི་སྤྱོད་ཚུལ་མ་ཡིན་ཀྱང་དགོས་པ་མེད་པས་སུ་ལའང་མ་བཤད་ཅེས་གླེང་སོང་། དེའི་རྐྱེན་བྱས་ནས་དེ་ཕན་སྡུག་བསྔལ་མྱོང་བའི་སེམས་ཅན་མཐོང་ཐོས་སུ་གྱུར་པ་རྣམས་ལ་སྙིང་རྗེ་ནས་མི་བཟོད་པ་ཤུགས་འབྱུང་དུ་བྱུང་། འཁོར་བའི་སྣང་ཚུལ་སྐྱིད་

(༡༢)སྡུག་མཐོ་དམན་འབྱོར་རྒུད་གང་ལའང་ཡིད་བརྟན་མེད་པས་འཁོར་བ་འདི་ལས་ཐར་པའི་ཐབས་ཤིག་ཅི་དྲག་སྙམ་པའི་དུས་རྒྱུན་པར་སེམས་སྐྱོ་ལྷང་ངེ་བ་དང་། དམན་སྤྲང་ལྟ་བུ་ནམ་མཐོང་དུས་དེ་ལ་སྦྱིན་རྒྱུ་ཞིག་ངོས་ལྐོག་གང་རུང་ནས་ཇི་སྙེད་བྱས་ནས་བྱིན། སྤྲང་པོ་དེ་དང་འགྲོགས་ནས་རུ་སྐོར་མང་པོ་མ་འཁོར་བར་འགྲོ་འདུག་མཁན་ཞིག་ཡིན་པར་ཕ་མ་རྣམས་ནས་འདིས་བྱེད་ལུགས་གང་ལའང་ལ་ཉེ་ཡག་པོ་མི་འདུག་ཅེས་གླེང་པར་ཐོས། དམན་པའི་སེམས་ཅན་རྣམས་ལ་ཕན་འདོགས་པའི་དུས་ནམ་འོང་སྙམ་པའི་བློ་རྒྱུན་ཆད་མེད་པར་བྱུང་བས་བསམ་པ་བཟང་པོ་འདི་ལྷན་སྐྱེས་སུ་ཡོད་པ་དེ་ཙམ་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཕྲ་བ་ཞིག་ཨེ་ཡིན་སྙམ་པ་འདི་བདག་གི་རྣམ་པར་ཐར་པའི་གཙོ་བོ་ལགས། ཡི་གེ་དྲུག་མ་རྒྱུན་པར་བགྲངས་བས་བྱེ་ཆེན་གཅིག་ཙམ་གྱི་གྲངས་སུ་ལོངས། བདག་སྐྱེས་པའི་ཁྱིམ་གནག་ཕྱུགས་ཤིན་ཏུ་མང་བ་ཕྱུག་པོར་རྩི་རྒྱུ་ཞིག་ཡིན་གཤིས་ལོ་རེ་ལ་བཤས་ལུག་མང་པོ་གསོད་པས་དེ་ནམ་མཐོང་གི་དུས་ཉིན་རེ་ཙམ་རི་ལ་བྲོས་ནས་སྙིང་རྗེ་སྲན་མི་བཟོད་པ་ཙམ་གྱི་ངང་ལ་འདི་དག་སྐྱོབ་པའི་ནུས་པ་བདག་ལ་ནི་མེད་སྙམ་ཡིད་

(༡༣)ཆད་དྲག་པོས་མཆི་མ་ཆར་བཞིན་འབྱིན་པ་ཞིག་ཡོད། ཡང་རང་ལོ་ལྔར་ཕྱིན་པའི་དགུན་སྨད་ཞིག་ལ་ཟོག་འབྲོག་སྟེང་ངེད་མ་བུ་གཉིས་ཕྱིན། རིང་མོ་དིལ་རྒྱུག་ཟེར་བའི་ས་ཆ་དོག་པོ་ཞིག་གི་མདར་སྡོད་པ་བགྱིས་པས་པོས་ཁ་ཉིན་རེ་བཞིན་ལུང་ཕྲན་དེ་ཡི་སྡོད་ཀྱི་གངས་ཆུས་ཕྱུགས་ལྷས་དང་ངེད་མ་བུར་སྦྲ་ཆུང་ཞིག་ཡོད་པ་ཤྭ་འུད་ཀྱིས་འདོད་དུ་ཆ་བ་ལ་མས་ཉིན་བཞིན་ཆུ་རག་བགྱིས་ཀྱང་མི་ཁེགས་པས་དཀའ་ཚེགས་ཆེན་པོ་བྱུང་བར། ཉིན་གཅིག་བདག་གིས་ཤིང་སྙགས་མ་ལ་ཕུར་བུའི་དབྱིབས་བཅོས་པ་ཞིག་ཡོད་པ་ཆུ་བྱུང་བའི་དུས་དེ་བཟུང་ནས། ང་རྒྱ་གར་ཡུལ་ན་བི་མ་ལ། ཆུ་བོ་གངྒཱ་བཟློག་ནུས་ན། ལུང་པའི་ཆུ་ཕྲན་སྨོས་ཅི་འཚལ། ངོ་མཚར་གྱི་ལྟད་མོ་ཨ་མས་ལྟོས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿཅེས་སྨྲས་ཤིང་ཕུར་པ་བསྒྲིལ་བས་ཆུ་འུད་དེ་རླུང་གིས་དེད་པ་བཞིན་ཕ་ཚད་དུ་ལོག་སོང་བས། མ་ནས་གོ་བཅད་གོ་བཅད་ཟེར་ཤྭ་འུད་ལོག་ཤུལ་ད་ལྟའང་སྣང་། ལོ་ངོ་བདུན་པར་སླེབ་དུས་ཁུ་བོས་ད་ཡི་གེ་ཞིག་བསླབ་དགོས་ཟེར་ནས་ཀ་སྨད་སུམ་

(༡༤)ཅུ་པ་བྲིས་ཏེ་བསླབ། ཁོང་གིས་ཀ་གསུང་དུས་ངས་ཁ་ཞེས་བསྐྱར་ཟློས་མ་བྱས་པས་ཞེ་སྔོན་རྒྱུག་མ་བྱེད་འབྲུ་རེ་རེ་ནས་ལྟོས་ལ་ཐོན་མ་གཏོགས་མི་འོང་གསུངས། དེ་བཞིན་ཚར་གཉིས་གསུམ་ཞིག་བསླབ་པས་བློ་ལ་འདོན་ཆོག་པ་བྱུང་། ཁུ་བོ་མ་མཉེས་པར་བཀའ་བཀྱོན་སྟབས་ཀྱིས་ཡི་གེ་འབྲུ་ཐོག་ནས་མ་ངེས་ན་བློ་འདོན་འདྲ་བ་འདིས་ལི་ཐར་ཟེར་བ་ཡི་གེ་མི་ཤེས་པའི་ཚད་དུ་བརྩི་རྒྱུ་ཞིག་ཡོད་པ་དེ་ལ་དཔེ་བླང་ནས་ལི་ཐར་འདྲ་བ་ཞིག་ལས་མི་འོང་གསུངས་ཏེ་ཐུར་མ་ཞིག་གཏད་འབྲུ་རེ་རེ་ནས་ཐུར་མ་ཚུགས་ལ་ཐོན་གསུངས་པ་ལྟར་བགྱིས་པས། ཨེ་ཨེ་ད་བཟང་སྤྱོད་ཞིག་བསླབ་ན་ཆོག་པར་འདུག་ཟེར་ནས་བཟང་སྤྱོད་ཡན་ལག་བདུན་པ་ཞིག་འབྲུ་དེད་བསླབ་བྱུང་བ་ཞག་ཉི་ཤུ་སྐོར་ཐོག །བདག་བྱིས་པར་སོང་བས་ནམ་རྒྱུན་སྔོན་ལ་ཉལ་བར་ནུབ་གཅིག་ཁོང་རྣམས་སྲོད་ཀྱི་ཇ་བཏུང་བའི་སྐབས་བདག་གཉིད་སད་འདྲ་བའི་རྐྱེན་གྱིས་བཟང་སྤྱོད་དབུ་མཇུག་ཚང་བ་ཚར་གཅིག་བཀླག་པས་ཁུ་བོ་མཉེས་ནས་ཡི་གེ་སློབ་མི་དགོས་པར་འདུག་གསུངས་ཏེ་བསླབ་འཕྲོ་བཤོལ། རྗེས་པོར་ཀཿཐོག་ཆོས་སྤྱོད་ཀྱི་དཔེ་ཆ་ཞིག་གཏད་ནས་

(༡༥)འདི་ཐོན་གསུངས། དེ་བཞིན་བཏོན་པས་ད་ཐོས་གྲོལ་ཞིག་འདོན་ཤེས་ན་ཁྱོད་ཀློག་བཟང་བའི་རྟགས་ཡིན་ཞེས་དཔེ་ཆ་ཞིག་གཏད་བྱུང་བར་ང་རང་གི་ཡིན་པ་ལ་ལོས་ཤེས་ཞུས་ཏེ་བཀླག་པས་བཏགས་གྲོལ་ནང་གསང་སྔགས་འགའ་ཞིག་བརྗོད་མི་བདེ་བ་བཅོས་གཞན་བཅོས་དགོས་པ་ཡེ་མ་བྱུང་བས་ངོ་མཚར་བར་བརྩི། དེ་དུས་འབྲུ་དེད་མ་བྱས་པའི་སྐྱོན་གྱིས་ད་ལྟ་འབྲུ་དེད་འགྲིགས་པོ་ཞིག་མི་ལོ་བ་འདི་ཡིན། ད་པདྨ་བཀའ་ཐང་ཞིག་སྦྱངས་དགོས་ཕེབས་པར་ཚར་མང་དུ་བཏོན་པའི་རྐྱེན་གྱིས་བོད་ལྗོངས་འདིར་དུས་གསུམ་སངས་རྒྱས་ཀུན་ལས་བཀའ་དྲིན་དང་ཐུགས་རྗེ་བླ་ན་མ་མཆིས་པ་ཁོང་ཁོ་ན་ཡིན་སྙམ་མོས་གུས་བློ་གཞན་གྱིས་མི་འཕྲོག་པའི་ངེས་པ་རྙེད་ནས་ཚིག་བདུན་མའི་གསོལ་འདེབས་དང་བཛྲ་གུ་རུ་ཁོ་ན་བགྲངས། མཚན་མོ་རྨི་ལམ་ནའང་སྐྲག་སྣང་བྱུང་དུས་ཨོ་རྒྱན་མཁྱེན་ཅེས་དྲན་ཐུབ་པ་ཞིག་བྱུང་། ཡང་སྐབས་ཤིག་ན་བདག་བུད་མེད་གཅིག་གིས་སྣ་ཁྲིད་དེ་ལྷོ་ནུབ་ཕྱོགས་ཀྱི་ནམ་མཁར་བྱ་ལྟར་འཕུར་ནས་སོང་སོང་བ་ལས། ཇི་ཞིག་ན་ཡུལ་ཁམས་མི་འདྲ་བ་དུ་མ་མཐོང་བ་བུད་མེད་དེས་སོ་སོར་བརྡ་སྤྲད། དེ་

(༡༦)ནས་རྒྱལ་ཁབ་ཆེན་པོ་ལྕགས་རིས་བསྐོར་བ་ཞིག་མཐོང་བའི་མོད་ལ་དེའི་བྱང་ཕྱོགས་ཀྱི་སྒོར་བབས་པས། མཚོ་རྒྱལ་གྱིས་དུལ་གྱི་བུམ་པ་ཞིག་གིས་ཁྲུས་བྱས་བྱུང་བ་དང་མཉམ་དུ་སྐྱེས་པ་དཀར་པོ་དམ་ཅན་ཡིན་རྒྱུ་བ་ཞིག་གིས་ལྕགས་རིའི་ཤར་སྒོ་ནས་ནང་དུ་ཁྲིད་པས་ཟངས་མདོག་དཔལ་རིའི་ཕོ་བྲང་ཚད་དང་ལྡན་པ་མཇལ་བའི་ལྷོ་སྒོ་ནས་ནང་དུ་ཐོན་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་ཤིན་ཏུ་མཛེས་པའི་པདྨ་འདབ་བརྒྱད་ཞིག་གི་སྟེང་སྡེར་པོའི་རྣམ་པ་ལྟ་བུའི་གུ་རུ་མཚན་བརྒྱད་བཞུགས་སྣང་བར་མོས་གུས་དྲག་པོས་རྡོ་རྗེ་ཚིག་བདུན་མས་གསོལ་བ་བཏབ་པས་སྔར་མཐོང་བའི་སྡེར་པོོའི་ཤུན་པ་དེ་ན་བུན་ལྟར་ཡལ་ནས་གུ་རུ་མཚན་བརྒྱད་ཀྱི་སྐུ་དངོས་སུ་གྱུར། བཞུགས་གདན་གྱི་པདྨའི་འདབ་མ་རེ་རེའི་སྟེང་སྟོང་གསུམ་འཇིག་རྟེན་གྱི་བཀོད་པ་རེ་རེ་གསལ་བར་སྣང་། དེ་ན་སྟོན་པ་རེ་དང་གུ་རུ་རེ་ཡང་བཞུགས། གུ་རུའི་མདུན་ནས་དབང་ཞིག་ཐོབ་པ་ཕྱིས་བསམ་ན་རད་གླིང་ཐུགས་སྒྲུབ་ཀྱི་དབང་དེ་འདྲ། ཁྱོད་འདི་ནས་ལོ་ཉེར་ལྔ་ན་ལྷའི་བུ་དབང་ཕྱུག་གི་མིག་ཅན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཐོབ་པ་དེས་བྱིས་རང་ལོ་ཉེར་ལྔར་དཔེ་ཆ་རྫོགས་པ་

(༡༧)འདི་ལ་དགོངས་པ་འདྲ་སྙམ། ཀློག་སྦྱང་སྐབས་ནས་བྱིས་པ་ཤེད་མ་ཕྱེ་བ་ཞིག་གིས་དོན་གྱི་གཏིང་དཔོག་པར་དཀའ་ཡང་ཚིག་དེའི་དངོས་བསྟན་དེ་འདི་འདྲ་ཞིག་ཡིན་སྙམ་པའི་དོན་ལམ་ཙམ་བློ་ལ་འཆར། ལོ་ངོ་བརྒྱད་པའི་དབྱར་ཐོག་དེར་ཕ་རྒན་ནས་ཁལ་མ་མང་པོ་འདེད་པའི་སྣ་བསྐོར་ལ་ཁྲིད་བཞིན་སོང་བ་ཁལ་སྣ་མ་ལོན་པར་ཁོ་ཚིག་ས་ཟོས་ནས་མང་དུ་འཐབ་བྱུང་བས་རྐྱེན་བྱས་འཁོར་བ་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ཏུ་སྣང་བས་ཆོས་ཤིག་ངེས་པར་བསྒྲུབ་དགོས་དེ་ཡང་གཉེན་བཤེས་ཀྱི་འཁྲི་བ་བཙན་ཐབས་སུ་ཆོད་པ་ཞིག་མ་བྱུང་ཕྱིན་འཁོར་བའི་འཆིང་ཐག་ཁོ་ནར་སྣང་བས་ངེས་མེད་ཀྱི་རྒྱལ་ཁམས་འགྲིམ་ནས་གྱོང་ལྟོ་གོས་ལ་བསྐུར་བླ་མ་བཟང་པོ་རེ་དང་མཇལ་བ་དང་། ཆོས་གཤའ་མ་ཞིག་ངེས་པར་སྒྲུབ་དགོས་སྙམ་པ་དེ་ཞེ་ཐག་བཅད། མ་ལ་བློ་བབས་འབྱུང་མིན་ཞིབ་ཏུ་བལྟས་ནས་བློ་བབས་ཞིག་བྱུང་ཕྱིན་འགྲོ་དགོས་སྙམ་དེ་ཚུལ་གྱི་རྒྱུ་མཚན་རྒྱས་པར་མ་ལ་བསྙད་ཀྱང་མས་ཁྱོད་འདྲེས་བརླམ་པ་ཡིན་ནམ་བྱིས་པ་ཆུང་ངུ་ཁྱོད་འདྲ་བ་ཆོས་བྲོས་ལ་ཕྱིན་པས་ཁྱི་ངོ་

(༡༨)ཡང་མི་ལོན་ལྟོ་ཡང་མི་ཕྱིད་ཁྱིས་ཟ་བའམ་མུ་གེས་འཆི་བ་ལས་འོས་མེད། རེ་ཞིག་སྡོད་དང་ལུས་སྐྱེད་རྫོགས་དུས་བླ་མ་བཟང་པོ་ཉེ་སྐོར་འདིར་ཡང་ཡོད་པས་ཆོས་ནུས་ན་ཆོག་སོགས་རྒྱུ་མཚན་ཞིབ་པར་མོལ་བྱུང་བས་དེ་གའི་ངང་དུ་ལུས། སྐྱིད་སྡུག་མཐོ་དམན་གང་ལ་ཡང་ཡིད་གཏད་མེད་པར་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་ལ་ངེས་འབྱུང་བཅོས་མི་དགོས་པར་ཤུགས་འབྱུང་དུ་ཤར། གུ་རུ་ཆོས་དབང་གི་གཏེར་བྱོན་སངས་རྒྱས་མཚན་འབུམ་དེ་ཁ་ཏོན་དུ་བཅངས་བས་དེར་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། ཆོས་བསྒྲགས་རྒྱ་མཚོའི་དབྱངས་གཉིས་ཀྱི་མཚན་གྱི་ཕན་ཡོན་མཐོང་བས་རང་ནས་ཀྱང་སེམས་ཅན་གྱི་དོན་དུ་འདི་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཞིག་མ་ཐོབ་ན་ཐབས་མི་འདུག་སངས་རྒྱས་དེ་འདྲ་ཞིག་བྱུང་ན་སེམས་ཅན་དུང་ཕྱུར་བགྲངས་ཀྱིས་མི་ལངས་བ་འཁོར་བ་ལས་བསྒྲལ་ནས་སངས་རྒྱས་དེ་འདྲ་བའི་གོ་འཕང་ལ་བདག་གཅིག་པུས་འགོད་སྙམ་པ་རྒྱུན་པར་བློ་ལ་བཅགས། རང་བཞིན་གྱི་བྱིས་པ་ཆུང་ངུའི་དུས་ནས་ཀྱང་དྲན་ཤེས་བག་ཡོད་གསུམ་གྱིས་རྩེད་མོ་དང་འཕྱར་གཡེང་ལ་ཤིན་ཏུ་རྒྱུད་བསྡོམས་པ་དང་། ཁྱད་པར་བུད་མེད་མ་

(༡༩)གཏམ་སྨྲ་བ་དང་རྩེད་མོ་སོགས་ལ་ཤིན་ཏུ་ངོ་ཚའི་གནས་སུ་བགྱིས་པས་རྒན་པོ་རྣམས་ནས་མིང་ཡང་བྱིས་པ་བླ་མ་ཞེས་འབོད། ཉིན་རེ་བཞིན་ཆོས་སྤྱོད་བློ་འཛིན་ལྡེབ་ཐུང་ལྔ་བཅུ་རེ་སྔ་དྲོ་རེ་ལ་འཛིན་ཐུབ་པ་བྱུང་། རྗེས་པོར་རྫོགས་ཆེན་དགོན་དུ་སློབ་གཉེར་ལ་ཡོད་དུས་དབྱར་གནས་འདོན་ཆ་ཡོངས་རྫོགས་སྡོམ་གསུམ་རྣམ་ངེས་དང་བཅས་པ་ཉིན་གཅིག་གི་ཁོངས་སུ་འཛིན་ནུས་པ་བྱུང་བས་དགེ་ཕྱོགས་ཀྱི་གྲྭ་པ་ཞིག་ཡིན་ན་དགེ་བཤེས་བློ་འཛིན་བཟང་པོར་བརྩི་བ་ཞིག་འོང་ཚོད་དུ་ཡོད། ཞེ་ཆེན་རབ་འབྱམས་འདི་ཕྱོགས་སུ་ཕེབ་སྐབས་ཁོང་ཚང་གི་སྤྲུལ་སྐུ་ཡིན་པས་བསླུ་གཏད་དགོས་ཚུལ་སོགས་ཕེབས་ཤིང་མིང་བསྟན་པ་རབ་འཕེལ་དུ་བཏགས། དེ་རྗེས་རྫོགས་སྤྲུལ་རིན་པོ་ཆེ་དགུང་ལོ་བཅོ་བརྒྱད་པའི་ཐོག་དབྱར་སྒར་དུ་ཕེབས་དུས་གཙུག་ཕུད་བཞེས་མིང་གཞོན་ནུ་པདྨ་ལེགས་གྲུབ་ཅེས་བཏགས། དེ་རྗེས་ཛི་ཕུ་བཅོ་བརྒྱད་ཞབས་དྲུང་མཁན་ཆེན་བློ་གྲོས་རྒྱ་མཚོ་ཞེས་པས་ས་ལུགས་ཀུན་རིག་གི་དབང་གནང་མིང་ངག་དབང་དཔལ་བཟང་པོ་ཞེས་བཏགས། འཕན་པོ་ནཱ་ལེན་ཏྲར་འགྲོ་ན་བསྟན་འགྲོར་ཕན་པའི་ཞལ་བསྒོས་བཟང་པོ་དང་

(༢༠)ཕྱི་ལོར་སླར་ཡང་ཁམས་སུ་ཕེབས་རྒྱུ་དཀྲིག་ཆོད་ཡིན་པས་དེ་དུས་འགྲོ་དགོས་ཞེས་གསུངས་པར་ཕྱིར་ལོ་ཁོང་ཡང་གཤེགས་ནས་འགྲོ་མ་གྲུ། མི་ཚང་གཅིག་གི་རིམ་གྲོར་ཚོགས་པ་མང་པོའི་གྲལ་དུ་ཕྱིན་ཟབ་མདོ་དང་སྒྲོལ་མ་འདོན་གྲལ་དུ་བསྡད་པས་བདག་ཇ་འདྲེན་ལ་བབ། བན་རྒན་སངས་རྒྱས་འོད་ཟེར་བྱ་བ་ཞིག་ལ་ཇ་དྲངས་ཚུལ་ལེགས་པོར་མ་བྱུང་བས་ཁོང་ཚིག་པ་ཟོས་ནས་མིག་གིས་ལྟོས་ལ་ཇ་དྲོངས་ཞེས་འཐབ་བྱུང་། ངས་མིག་གིས་ཇི་ལྟ་དེ་རིང་ཉིན་གཅིག་གི་རིང་ལ་མིག་མེད་རྣ་བ་མེད་ཅེས་བཏོན་པ་མིན་ནམ་བྱས་པས་ཁོས་འོ་ན་མེད་ལུགས་ཅི་འདྲ་ཡིན་ཟེར་དང་པོ་ཁྱོད་ཀྱི་ཡོད་ཚུལ་ཞིག་ཞོག་དང་བྱས་པས་ཁོང་གིས་ཨ་ཙི་ཧམ་པ་ལ་ཧེ་ཧེ་ཟེར། ངས་ཀྱང་མེད་ཚུལ་ཇི་བཞིན་སྨྲ་མ་ཤེས་པས་དོན་ལ་མནོ་བསམ་བཏང་གྱིན་བསྡད། ཕྱིས་ཤིག་ཏུ་ཁྱིམ་ཚང་གི་རུ་བ་འཁྱིལ་ཀོ་ཟེར་སར་སྐྱས་བྱས་ནས་བདག་དགོང་ལོར་ཕྱུགས་བསྡུར་ཕྱིན་པས་མིག་ཕྱེ་ལ་ཁ་ཟེར་བར་འཇག་མའི་སྤྱིལ་བུ་མང་པོར་དགེ་སློང་མང་ཞིག་བཞུགས་འདུག་པ་ལ་དགེ་སློང་གཅིག་གི་མདུན་དུ་ཕྱིན་ནས་ཁྱེད་སུ་ཡིན་དྲིས་པས་ང་ཟླ་བ་གྲགས་པའོ་གསུངས། བྱིན་རླབས་

(༢༡)ཞུས་སྔོན་ཞིག་ལ་མི་ཚང་གཅིག་པར་ཟབ་མདོ་འདོན་གྲྭལ་དུ་ཕྱིན་པས་མིག་མེད་རྣ་བ་མེད་སོགས་ལ་བན་བསྒྲེས་ཞིག་དང་ཚིག་རྩོད་བགྱིས་པས་ཁོས་ཡོད་ཚུལ་དང་། ངས་མེད་ཚུལ་འཇོག་མ་ཤེས་པས་ཇི་ལྟར་ལགས་ཞུས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་བདེན་པ་གཉིས་ཀྱི་རྣམ་བཞག་ཁོང་དུ་ཆུད་པ་ལས་ཡོད་མེད་འཇོག་དགོས་གསུངས། དེ་ཇི་ལྟར་ལགས་ཞུས་པས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་པའི་ཚིགས་བཅད་དེ་གསུངས། དེའི་དོན་ཇི་ལྟར་ལགས་ཞུས་པས། ད་དུང་ཁྱོད་བྱིས་པ་བློ་གྲོས་ཀྱི་ཤེད་མ་ཕྱེ་བ་ཡིན་པས་འཕྲལ་དུ་གོ་མི་ནུས་རིམ་པས་ཚིག་དེ་ལ་དཔྱོད་དང་གོ་རྒྱུ་ཡོད་འོང་གསུངས། ཆོས་ཤིག་གསུང་བར་ཞུས་པས་དཔེ་་ཆ་པོ་ཏི་ཞིག་མགོར་བཞག་ཏེ་འདི་དབུ་མ་འཇུག་པའི་འགྲེལ་བ་ཡིན་ཞེས་སྔགས་འདྲ་བ་མང་པོ་ཞིག་གསུང་ནས་པ་ཞྭ་སེར་པོ་རྙིང་ཉམས་ཅན་ཞིག་དང་དཔེ་ཆ་དེ་གཉིས་གནང་བྱུང་བར་ཞུས། ཁྱིམ་པ་རྣམས་རྣམ་རྟོག་ཚ་བས་སྦྲ་

(༢༢)མཐོང་ཙམ་གྱི་བྲག་སྟེང་ཞིག་ཏུ་བཞག་ཁྱིམ་དུ་ཕྱིན་པས་ཁྱོད་དེ་ཙམ་ཇི་ལ་འགོར་ཟེར། གོང་གི་རྒྱུ་མཚན་རྒྱས་པར་བསྙད་ཀྱང་རྫུན་མ་ལབ་པ་སྟོང་ན་དགོན་པ་ཡོད་དོན་མེད་ཡོད་ན་མི་མ་ཡིན་ཡིན་འགྲོ་ཁྱོད་རང་ཡང་དེར་བསྡད་ན་ཆོག་པ་ལ་ས་སྟོང་ན་ཞྭ་དང་ཡི་གེ་འདྲ་རྙེད་རྒྱུ་ཡོད་ན་སྟེ་དགའ་མོ་ཟེར་ནས་རྩིས་སུ་མི་བྱེད། ཕྱིར་ནང་ཙམ་ན་ཁུ་བོས་ལོ་རྒྱུས་ཐོས་ནས་ཞྭ་དང་དཔེ་ཆ་ཁྱེར་ཤོག་གསུངས་སྔར་ཤུལ་དུ་བལྟར་ཕྱིན་པས་མི་སྣང་ངོ་། །དེ་ཡན་ནི་རང་ཉིད་བྱིས་པ་ཆུང་ངུའི་དུས་ཀྱི་བྱ་བྱེད་ཀྱི་རྣམ་ཐར་རགས་རིམ་ཡིད་ལ་དྲན་རིགས་ལྷུག་པར་བརྗོད་པའི་སྐབས་ཏེ་དང་པོའོ། །ཐེག་པ་གསུམ་གྱི་ཡང་དག་པའི་ལམ་གྱི་མངོན་པར་རྟོགས་པ་རྣམས་ལམ་རྐྱེན་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཉེས་པ་གསུམ་གྱིས་བརྟེན་པ་ལ་རག་ལས་ཤིང་། དེ་ཡང་ཤིང་རྟ་ཆེན་པོ་ཟུང་གི་ལུགས་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་གཞུང་ལུགས་དྲི་མ་མེད་པ་རྣམས་ལ་ཐོས་བསམ་བསྒོམ་པའི་ཤེས་རབ་ཡང་དག་པས་རང་དོན་དུ་ལམ་གྱི་རྟོགས་པ་བསྐྱེད་པ་དང་གཞན་དོན་དུ་འཆད་རྩོད་རྩོམ་པས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྣང་བས་མ་ཁྱབ་པའམ་ཁྱབ་ཀྱང་ཉམས་

(༢༣)པར་གྱུར་པའི་ཕྱོགས་ཐམས་ཅད་ཏུ་ཟབ་པ་དང་རྒྱ་ཆེ་བའི་རང་ལུགས་ཉིན་མོའི་སྣང་བ་བཞིན་གསལ་བར་བྱེད་པ་ནི་དམ་པའི་སྐྱེས་བུ་རྣམས་ཀྱི་རྣམ་ཐར་ངོ་མཚར་བའི་གནས་ཡིན་ནའང་དེ་ལྟ་བུའི་ཡོན་ཏན་དངོས་གནས་རང་རྒྱུད་ལ་ཤིན་ཏུ་ཕྲ་ཡང་། འོན་ཀྱང་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་པར་ཐར་པའི་རྗེས་སུ་ཡིད་ཀྱི་འདུན་པ་ཕྱོགས་པ་ཙམ་ལ་དགག་བྱའི་གནས་ཆུང་བ་དང་། སོ་ཐར་གཞི་ཆོག་ལས། ཤཱཀྱ་གཙོ་བོ་དེའི། རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ་ཞེས་གསུངས་པ་བཞིན་འདིར་ཡང་དང་པོ་ལམ་རྐྱེན་བླ་མ་དགེ་བའི་བཤེས་གཉེན་ཇི་ལྟར་མཇལ་བའི་ཐོག་མ་ནི། ས་གསུམ་ན་འགྲན་ཟླ་དང་བྲལ་བ་རྒྱལ་སྲས་བྱང་ཆུབ་རྡོ་རྗེའམ་ལུང་རྟོགས་བསྟན་པའི་ཉི་མ་རྒྱལ་མཚན་དཔལ་བཟང་པོ་ཞེས་དཔལ་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་ཞལ་སློབ་རྒྱུ་སྐར་ཕྲེང་བའི་དབུས་ན་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་བཞིན་མཁྱེན་པའི་རྩལ། བརྩེ་བའི་སྙིང་རྗེ། ནུས་མཐུ་བྱིན་རླབས་རྟོགས་པ་ཉམས་མྱོང་གང་ལ་ཡང་བསྐྲུན་དུ་མ་མཆིས་པར་ཆོས་ལྡན་བོད་ཆེན་པོའི་ལྗོངས་འདི་ཙམ་ན་གྲགས་ཤིང་གྲུབ་པ་སྟེ། རྫ་སྟོད་པའི་ངག་རྒྱུན་ལ། སྨྱོ་ཤུལ་ལུང་རྟོགས་མེད་ན་དཔལ་དགེ་རབས་ཆད་ཡིན་

(༢༤)ཟེར་བའི་དཔེ་བཞིན་དམ་པ་འདི་ལས་གླིང་གི་ལུང་བྱང་ལས་མཁན་ཆེན་ཞི་བ་འཚོ་དང་། རྗེ་མཁྱེན་བརྩེའི་དབང་པོས་ཀོང་སྨྱོན་སྦས་པའི་རྣལ་འབྱོར་དང་རྗེ་དབོན་ཀུན་གྲོལ་རྣམ་རྒྱལ་ཡིན་པར་ལུང་བསྟན། གང་ལྟར་ཡང་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་མི་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཉེ་གནས་ཚུལ་གྱིས་འབྲལ་མེད་བསྟེན། མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་དཔྱིས་ཕྱིན་པ་དང་། ཁྱད་པར་ཟབ་རྒྱས་ཀྱི་ལམ་ཐུན་མིན་རྣམས་དང་། མན་ངག་གསང་བ་སྙིང་ཐིག་གི་ལམ་གནད་མཐར་ཐུག་པ་ཤེས་བྱའི་གཤིས་ལས་འདས་པའི་རང་གནས་ཀྱི་ཡེ་ཤེས་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་ཉམས་ལེན་མཐར་ཐུག་པ་ཀ་དག་ཁྲེགས་ཆོད་དང་། སྐུ་གསུམ་ལམ་སྣང་དུ་ངོ་སྤྲོད་པ་འོད་གསལ་ཐོད་རྒལ་གྱི་རིམ་པ་གཉིས་པོ་བུམ་པ་གང་བྱོས་ཚུལ་དུ་གསན་ནས་དེ་ཡང་གོ་ཐོས་ཙམ་དུ་མ་བཞག་པར་དེའི་དོན་ལུང་རིག་གི་སྐྱ་བར་ནས་ཚིག་གི་ཞུན་ཐར་བཅད། བསམ་པའི་ཤེས་རབ་ཀྱིས་དོན་གྱི་གནས་གཏན་ལ་ཕབས། དེའི་དོན་དཔོན་སློབ་གཉིས་ཀས་དབེན་པའི་རི་ཁྲོད་དུ་བསྒོམ་པ་ཉམས་བཞེས་ཀྱི་སྲང་ལ་གཞལ་སྒྲོ་འདོགས་ཀྱི་གནས་ལྷག་མ་མ་ལུས་པར་ཆོད་པས་རྒྱུད་ཀྱི་

(༢༥)རྡོ་རྗེའི་གནས་རྣམས་དང་ཐུགས་རྒྱུད་ཞུས་དག་ཕེར་བར་མཛད། སླར་ཡང་དབོན་བསྟན་འཛིན་ནོར་བུ་དང་། མཁན་དཀོན་མཆོག་འོད་ཟེར། མེ་ཉག་ཀུན་བསོད། ནག་ཐལ་སྤྲུལ་སྐུ་བཅས་ནང་ཆེན་རི་བོ་ཆེར་སྐུ་ཚེ་རིལ་པོ་ལ་བྱ་བྲལ་བསོད་སྙོམས་ཀྱི་འཚོ་བ་ཁོ་ནས་དུས་འདའ་བར་དགོངས་ནས་ཨ་བུ་རིན་པོ་ཆེར་ཞུས་ཀྱང་མ་གནང་བར་དཀོན་མཆོག་འོད་ཟེར་རྫོགས་ཆེན་དགོན་དུ་མཁན་པོ་བསྐོ་འཇག་མཛད། ཁྱེད་གསུམ་རང་ཡུལ་དུ་སོང་ལ་རི་ཁྲོད་རེ་ཟུངས། དབོན་པོ་ཚང་ནས་ངེད་ཀྱི་དགེ་མང་དགོན་པར་འཆད་ཉན་ཅི་ནུས་སུ་གྱིས་གསུངས་པ་བཞིན་བླ་མ་བཀའ་དྲིན་ཅན་ལུང་རྟོགས་རིན་པོ་ཆེ་འདི་ཕྱོགས་སུ་ཕེབས་ཤིང་གདན་པའི་གཙོ་བོ་ལྗོན་པ་ལུང་འདིར་མཛད་། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལ་ལོ་བཅུ་ངལ་གསོ་སྐོར་གསུམ་ལ་ལོ་གསུམ་སྟེ་སྔ་ཕྱི་ལོ་བཅུ་གསུམ་གྱི་བར་ལ་ཐུགས་སྦྱོང་གནང་། ཞལ་ཀྱལ་གྱི་ཚུལ་དུ་ངས་སྔར་ཤུག་གུ་ཤར་ནས་ལོ་བཅུ་གསུམ་གྱི་བར་དུ་རྣམ་རྟོག་བཀྱེ་བསྡུ་ཁོ་ན་བྱས་པས་ཡར་འཕར་མ་བཅུག །དང་པོ་ནས་རྫོགས་པ་ཆེན་པོ་ཁོ་ན་བསྒོམ་ན་ད་ཙམ་ན་ལྟ་སྒོམ་བཟང་པོ་རེ་འོང་ཐང་བ་ལ་

(༢༦)གསུངས། གཞན་ཡང་རྫོང་ནག་དང་། ཟངས་ང་མ། དཀར་སྡིངས་རི་ཁྲོད་གནམ་སྐོང་། འོར་ལི་མ། རྒྱ་སྡུག་རི་ཁྲོད་རྣམས་སུ་ལོ་ཤས་རེ་བཞུགས། དེ་བར་གཤིན་གསོན་གྱི་དཀོར་ཡེ་མ་བཞེས་རྗེས་སེར་གྲུབ་ཆེན་སྒར་དུ་ཕེབས་ནས་ལོ་དགུར་བཞུགས་རིང་བྱུང་བའི་དད་འབུལ་གྱི་དངོས་རྫས་རྣམས་མཆོད་སྦྱིན་གྱི་ཚོགས་སུ་བསྔོས་ནས་སྔ་ཕྱིར་སྤོང་དག་ལན་བདུན་མཛད། བཀའ་གདམས་པ་ཆེན་པོ་དག་གི་རིང་ལུགས་གཙང་མ་བདག་གིར་བཞེས་ནས་རྒྱལ་བུ་འབྲོམ་སྟོན་པའི་རྣམ་ཐར་ལྟ་བུར་བྱུང་ཞིང་མདོ་སྔགས་ཀྱི་གཞུང་ལམ་ནས་བཤད་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་མ་ཚང་བ་མེད་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་རྒྱ་སྡུག་རི་ཁྲོད་དུ་བཞུགས་པའི་དུས། རང་ཉིད་ལོ་ལྔར་སོན་པ་ཆུ་ལུག་གསར་འཆར་ཀྱི་དུས་ཕས་ཁྲིད་ནས་མཇལ་དུ་ཕྱིན། དེ་ནས་བཟུང་ཚད་མེད་པའི་བཀའ་དྲིན་དང་ཐུགས་རྗེས་བསྐྱངས་པ་སྟེ། སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི་དུས་ཕྱིས་ཀྱི་མཁས་གྲུབ་ཏུ་རློམ་པ་ཕལ་མོ་ཆེ་ལྟར་ཟོལ་སྦྱོར་གྱི་གྲགས་སྐམ་ཕྲན་བུས་ཐུགས་རྒྱུད་ཁེངས་ནས་འཇིག་རྟེན་གྱི་རྨི་ལམ་བཟང་པོ་ཙམ་བྱུང་ནའང་ས་ལམ་མཐོན་པོའི་ཡོན་ཏན་དུ་བཅོས་ནས་དཀོར་གྱི་གཟི་

(༢༧)བྱིན་དོན་དུ་གཉེར་བྱའི་གཙོ་བོ་དང་སྐྱིད་ཉལ་གྱིས་གྲུབ་པའི་གོ་སར་ཕྱིན་པ་དག་ལྟར་ཚུལ་འཆོས་གྱི་མགོ་སྐོར་རིགས་ཅུང་ཟད་ཀྱང་མི་མངའ། བདག་ཡུན་རིང་པོར་སྐུ་རྩར་བཅར་བའི་སྐབས་སུ་གསུང་འཕྲོས་ཕེབས་པ་ལས་ཁོང་རྫོགས་ཆེན་གངས་ཁྲོད་དུ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞབས་བརྟན་དུ་ལོ་གསུམ་བཞུགས་སྐབས་ཁོང་ལ་འཆོ་བའི་མཐུན་རྐྱེན་ནི་ཆེར་མེད། རྫོགས་ཆེན་བླ་བྲང་ཡང་ད་དུས་དང་མི་འདྲ་བར་སྒོག་སྒོག་ཞིག་ལས་མེད་པས་སྒྲུབ་བརྒྱག་གནང་རྒྱུ་ཡང་དཀོན། ཨ་བུ་བཀའ་དྲིན་ཅན་ནས་ཀྱང་ཅི་ཡང་གནང་མ་བྱུང་སྟབས་འཚོ་བ་བཀྲེན་པོ་ཞིག་གི་ངང་ལོ་གསུམ་སོང་། ན་བཟའ་ཡང་ནང་གོས་ཤ་འགགས་རྙིང་པ་ཞིག་དང་ཆོས་གོས་གསུམ་ལས་མེད། གདན་གྱི་དོད་རྡོ་ལེབ་ཞིག་ལ་བྱས་པ་ཡིན། ལོ་གསུམ་གྱི་དམ་བཅའ་ཟིན་འཕྲལ་ཨ་བུའི་མདུན་མཇལ་དུ་ཕྱིན་པས་ཁྱོད་འཚོ་བ་སྡུག་པོ་བྱུང་ངམ་གསུངས། འཚོ་བ་ཡེ་མེད་ཀྱང་ཉིད་ཀྱི་བཀའ་ཡིན་པ་དང་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞབས་བརྟན་ལ་དམིགས་པས་སྐྱིད་པོ་བྱུང་ཞུས་པར་ཨ་བུས། རྣལ་འབྱོར་དམ་

(༢༨)ཚིག་མ་ཉམས་ན། འཚོ་བ་སྣང་སྲིད་ལྷ་འདྲེས་སྦྱོར་ཟེར་བ་དེ་ཁྱོད་འདྲ་ལ་ཟེར་བ་ཡིན་གསུངས། འཚོ་བ་ལྷ་འདྲེས་སྦྱོར་ལུགས་ཅི་ཡང་གསུང་ལས་མ་ཕེབས། ཡང་ཕྲན་ལ་ཁྱེད་རྣམས་ནས་ཆོས་ཞུ་བ་ཙམ་ལས་ཉམས་ལེན་ལ་རྩིས་སུ་མི་བྱེད། ཉམས་སུ་བླངས་ན་ཆོས་པ་རབ་ལ་ཞག་སྐྱེད། འབྲིང་ལ་ཟླ་སྐྱེད། ཐ་མ་ལ་ལོ་སྐྱེད་མི་འོང་བ་མི་སྲིད། དེ་ཡང་ཆོས་ཉམས་སུ་ལེན་པ་ལ་གནད་ཤེས་དགོས་པ་ཡིན། ཉམས་སུ་བླངས་ཀྱང་སྐྱེད་མི་འོང་བ་གནད་མ་ཤེས་པའི་རྟགས་ཡིན། རྒྱལ་བུ་འབྲོམ་སྟོན་པས་ཆོས་ལ་ཐོས་བསམ་བསྒོམ་གསུམ་དཀྲུགས་མར་བྱེད་པ་ནི་ཆོས་ཀྱི་གནད་མ་ནོར་བ་ཡིན་གསུངས། ཁོང་རྣམས་ལ་དཔལ་སྤྲུལ་རིན་པོ་ཆེས་ཆོས་ཐུན་རེ་གཉིས་གསུང་ནས་ད་སྒོམ་དགོས་གསུངས་ཡུན་རིང་དུ་སྒོམ་འཇུག །ཁོང་དཔོན་སློབ་ཀོ་འོར་མ་ན་བཞུགས་དུས་ཁོང་ལ་མ་རྒན་ནས་དབྱར་ཚེ་འོ་མ་ནམ་བསྲུབ་སྐབས་མར་བུ་ལུ་རེ་ཟུར་དུ་བཅད་ནས་སྔ་མའི་སྟེང་ཕྱི་མ་བསླན་པའི་གྲོད་ཐུམ་ཞིག་བསྐུར་བྱུང་བའི་མར་དེ་ཨ་བུ་རིན་པོ་ཆེར་གསོལ་ཙམ་ནང་དྲང་བར་བརྩམ་པ་ལ་གཟིགས་ནས་ཅུང་ཞིག་བཞུགས། ཁྱོད་ཀྱི་

(༢༩)མར་དེ་ལྕུམ་གྱི་འབོག་ཐོ་འདྲ་བ་ཅི་ཡིན་གསུངས། ལོ་རྒྱུས་ཞུས་པས་འོ་ན་ངས་ཟ་མི་ཕོད་གསུངས་ནས་མ་བཞེས། ཉིན་གཅིག་ཁྱོད་ནས་ཨ་མ་དྲན་ནམ་གསུངས་དེ་ཙམ་མི་དྲན་ལགས་ཞུས་པས་འོ་སྙིང་རྗེ་མ་བསྒོམ་པས་ལན་ད་ཕ་གི་ལྕང་མའི་ནང་སོང་ལ་མར་ཤེས་དྲིན་དྲན་སོགས་ཞག་བདུན་བསྒོམ་ལ་ཤོག་གསུངས། དེ་བཞིན་དུ་ཞག་བདུན་རིང་མར་ཤེས་དྲིན་དྲན་སོགས་བསྒོམས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་པ་ཞིག་བྱུང་། སྐུ་མདུན་དུ་དེ་ཚུལ་ཞུས་པས་འོ་དེ་ཡིན་བསྒོམ་ན་རྒྱུད་ལ་སྐྱེ་བ་ཆོས་ཉིད་ཡིན་དེ་འདྲ་བ་དགོས། ངས་ད་སྔོན་ཁྱོད་ལ་དཀོར་མ་ཟ་བྱས་ཀྱང་ད་རེས་ཀྱི་ཐེབ་འདིར་ཟ་རྒྱུ་ཅི་རྙེད་ཀྱིས་ལ་རེ་ཞིག་མ་རྒན་དང་འཕྲད་དུ་སོང་ལ་སླར་ཤོག་གསུངས། ཨ་བུའི་མ་འདས་པའི་དགོངས་རྫོགས་ལ་ཕྱིན་པས་རྟ་ཕོ་གཅིག་དང་དངུལ་སྲང་བཅུ་གནང་། དེའི་སྟེང་རྫ་ཆུ་ཁ་ནས་ཡིད་ལྷུང་བར་ལྡོམ་བུ་ཞིག་བྱས་པས་ཇ་སྦག་རེ་ཟུང་དང་ཟོག་ཆ་ཤས་རྙེད་པ་མ་རྒན་ལ་སྤྲད། དཀོར་ངན་དེ་ཕར་དེད་ན་

(༣༠)རྙེད་རྒྱུ་ཞིག་མིན། མི་དགོས་དུས་ཚུར་སྟེང་དུ་སྤུངས་པ་ལྟར་བྱེད་འདུག་གསུངས། ཡང་སྐབས་ཤིག་ན་ཁོང་དཔོན་སློབ་རྡོ་ཨ་རིས་ནགས་ནང་དུ་སྐུ་གསུམ་གྱི་ཇ་བསྐོལ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་སོགས་ངལ་གསོ་སྐོར་གསུམ་པོ་བཤད་ཀྱིན་སྒོམ་གྱིན་ཉམས་ཁྲིད་དུ་བསྐྱངས་པས་སྒྱུ་མ་ངལ་གསོ་བསྒོམ་དུས་ཤིག་ཏུ་ངའི་སྣང་བ་བདེན་འཛིན་གྱི་རྫུན་ཕུག་རྡིབ་ནས་ཆོས་ཐམས་ཅད་བདེན་མེད་སྒྱུ་མའི་ཡོ་ལང་དུ་ཤར་སོང་གསུངས། དེ་རྟོགས་པ་ཡིན་ནམ་ཞུས་པས་མིན་ཉམས་བཟང་པོ་རེ་ཡིན་གསུངས། སྐུ་གསུམ་གྱི་ཇ་ཇི་ལགས་ཞུས་པས་ངེད་དཔོན་སློབ་ལ་མཐུན་རྐྱེན་དཀོན་པོ་ཞིག་ལས་མེད་པས་ནང་མོ་ཇ་ཅུང་ཞིག་བཏབ་ནས་བསྐོལ་བས་ཁ་དོག་དྲི་རོ་བཟང་ཙམ་བྱུང་བས་དེ་ལ་སྤྲུལ་སྐུའི་ཇ་ཟེར། ཉིན་གུང་ཇ་ལྷག་དེ་ནང་ཆུ་གཅིག་བསབ་ནས་བསྐོལ་བས་སྔར་ལས་ཞན་ཙམ་བྱུང་བ་ལ་ལོངས་སྐུའི་ཇ། དགོང་མོ་དེ་སྟེང་ཆུ་བསབ་པ་ལ་ཁ་དོག་དྲི་རོ་གང་ཡང་མ་བྱུང་བས་ཆོས་སྐུའི་ཇ་ཞེས་ཨ་བུའི་ཞལ་ཀྱལ་མཛད་ནས་བཏགས་པ་ཡིན་གསུངས། འོ་ན་བཞེས་རྒྱུ་ཇི་འདྲ་ལགས་ཞུས་པས་ནང་དུས་རྩམ་པ་ཉུང་ངུ་

(༣༡)ཞིག་འདེབས་རྒྱུ་དང་། ཉིན་གུང་གསོལ་ཚིགས་དུས་རྩམ་པ་ཉུང་ཞིག་གསོལ་རྒྱུ་ཡོད། བར་སྐབས་ཤིག་ན་དེ་ཡང་ཟད་ནས་རྡོ་སའི་རྒྱུ་བ་རྣམས་ཀྱིས་ཟོག་ངན་ཤི་བའི་ཤ་ཁྱི་སྔོན་དུ་འཕངས་པ་རྣམས་ཡར་བླངས་ནས་བཞེས་དགོས་བྱུང་། ཆོས་ཀྱི་མཇུག་རྫོགས་པར་ཉེ་བ་ན་དམར་བཤལ་གྱི་རིམས་ཞིག་བྱུང་བར་ཨ་བུས་འབྲོས་དགོས་གསུངས་ནས་མི་རེ་རེ་བཞིན་སོ་སོར་ཐང་ཤིང་རེའི་རྩ་བར་སོང་སྟེ་སུར་དཀར་གྱི་རྩ་བ་ཁོ་ནས་འཚོ་དགོས་པ་ཡུན་རིང་བྱུང་། དབྱར་ཟླ་ལྔ་པའི་ནང་ཙམ་ན་ཨ་བུས་མདུན་ནས་དཔལ་ཆེན་རྡོ་རྗེ་འབོད་མི་བཏང་བྱུང་བས་ཕྱོགས་སོ་སོ་ནས་ཚུར་འདུས། ངེད་རྣམས་ཆོས་གོས་ལྷུང་བཟེད་མཁར་བསིལ་ཅན་ཤ་སྟག་ཡིན་པས་ཨ་བུ་རིན་པོ་ཆེ་ཉིད་ནས་སྤོས་སྣ་གནང་ཞིང་བསུ་བ་ལ་ཕེབས། ཨེ་རྒྱ་གར་གྱི་དགེ་སློང་རྣམས་དང་འདྲ་གསུངས་སྐུ་མདུན་དུ་ཐུད་སྒོར་ཞིག་ཡོད་པ་འདིས་ཁྱེད་རྣམས་ཀྱི་ཐབ་འགོ་ཞིག་སྡུས་གསུངས་ནས་གནང་། དེས་དེ་ཉིན་གྱི་གསོལ་ཚིག་གི་གོ་བཅད་དེ་མེ་ཡང་མ་བུས། ད་རེས་ཁྱེད་ཚོས་དཀའ་ལས་དེ་འདྲ་གང་ཡང་མི་དགོས་པར་ཆོས་

(༣༢)སྒྲུབ་པའི་མཐུན་རྐྱེན་འདི་ཙམ་འཛོལ་དུས་ཆོས་ལ་ཉམས་ལེན་མི་ནུས་པ་གྱོང་ཆེ་གསུངས། སྐབས་ཤིག་ཡེ་ལེ་སྒར་དུ་གཏེར་གསར་གྱི་བུམ་སྒྲུབ་ཞིག་འཛུགས་པར་བདག་མཇལ་དུ་ཕྱིན་པས་གྲྭ་པ་མང་པོ་ལ་ཡེ་ཤེས་པ་ཕེབས་ནས་འཁྲབ་འདུག་པ་དགོང་མོ་མར་འོང་དུས་སྐུ་མདུན་དུ་ཤོག་གསུང་ཕྱིན་པས་དེ་རིང་ཁྱེད་བུམ་སྒྲུབ་ཀྱི་ལྟད་མོ་ཅི་མཐོང་ཁོང་རྣམ་པ་ཇི་འདྲ་མཛད་གསུངས། ལོ་རྒྱུས་ཞུས་པས་འོ་སེམས་ཡོད་འཁྲབ་པ་དེ་རང་ཡིན་སེམས་མེད་འཁྲབ་པའི་སྐབས་ཀྱང་ཡོད་འདུག་གསུངས། དེ་ཇི་འདྲ་ལགས་ཞུས་པས་ངས་ཤུག་གུ་ཤར་ནས་བཀའ་མའི་དཀྱིལ་འཁོར་བཅུ་གསུམ་ལ་བསྙེན་པ་ཞིག་བཏང་བས་རོག་གི་ཕུར་པ་བསྙེན་སྐབས་དཀྱིལ་འཁོར་གྱི་སྟེང་མདུན་རྟེན་ཟངས་ཕུར་ཆུང་ངུ་ཞིག་ཡོད་པ་དེ་ཡང་འཁྲབ་འདུག་གསུངས། དེ་ཇི་ལགས་ཞུས་པས་བཟང་ངན་ཅི་ཡིན་མི་ཤེས་གསུངས། ཕུར་པ་དེ་ཡོད་དམ་ཞུས་པས་གཏེར་སྟོན་བསོད་རྒྱལ་ལ་གནང་བ་ཡིན་ཁོང་ལ་ཕུར་པ་དེ་ཡོད་དུས་གཏེར་ལེན་ཚེ་བྲག་ཅི་འདྲ་ཞིག་བརྐོ་ཡང་འདམ་ལ་བཏབ་པ་ལྟར་ཡོད་ཟེར། རྗེས་སོར་ཕུར་པ་དེ་གོ་འཇོ་ཁང་སར་ཚང་ལ་གནང་བ་ཡིན་འདུག །དེ་རྗེས་

(༣༣)གཏེར་ལེན་དུས་བྲག་ནི་བྲག་རང་བརྐོ་བ་ལྟར་འདུག་ཟེར་ཁོང་བླ་ཆེན་དུ་སོང་བས་ལི་གཏེར་སོགས་ལས་དེ་འདྲས་ཐུགས་མི་ཚིམ་པ་འདྲ། ང་ལ་ཨ་བུ་བཀའ་དྲིན་ཅན་ནས་ཁྱོད་ལོ་ལྔ་བཅུར་མ་སླེབས་པར་རྫོགས་ཆེན་གཞན་ལ་མ་བཤད། དེ་ནས་བཤད་ཐུབ་ན་ཤོད་གསུངས་ཀྱང་ལྔ་བཅུར་མ་སླེབ་གོང་དགེ་མང་དབོན་བསྟན་དགས་མ་བཤད་ཐབས་མེད་ཡིན་ཚུལ་གྱིས་ཅུང་ཞིག་བཤད་ཤོར། དེ་མིན་ཨ་བུའི་བཀའ་དང་འགལ་བ་སྐད་ཅིག་ཀྱང་འགྲོ་མ་མྱོང་བས་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡས་མ་གོས་པ་ཞིག་ཡིན་གསུངས། དེ་ལྟར་བཀའ་དྲིན་ཅན་དེ་ཐུགས་སྒམ་པས་ནང་གི་ཡོན་ཏན་རྣམས་ཤིན་ཏུ་སྦས་པའི་རྣམ་ཐར་ཁོ་ན་ལྷུར་མཛད་ཀྱང་ཞར་ལ་ཕེབས་པའི་གསུང་གི་བདུད་རྩི་ཕྲ་མོ་རེས་ཀྱང་ཐེག་པ་གསུམ་གྱི་མངོན་རྟོགས་གཞི་ཚུལ་ཁྲིམས་ལ་བརྟེན། རྟེན་ཏིང་ངེ་འཛིན་གྱིས་སྒྲུབ། ངོ་བོ་བྱམས་སྙིང་རྗེ་དང་འབྲེལ། བསྐྱེད་རྫོགས་ཐུན་མོང་དང་ཐུན་མིན་གྱི་གནད་ཐམས་ཅད་ལ་ཉམས་བཞེས་ཀྱི་མཐར་པོན་པ་རྒྱུད་གཞུང་རྣམ་དག་གི་དཔང་པོ་ཕེར་བ་ལགས། འབྲོམ་གྱི་ཞལ་ནས་

(༣༤)ང་ཡི་བརྒྱུད་པ་འདི་ཆུ་ཕུག་གངས་ལ་ཐུག་པ་ལྟ་བུ་ཞིག་སྟེ། རྫོགས་པའི་སངས་རྒྱས་ནས་ང་ཡི་བླ་མ་ཨ་ཏི་ཤའི་བར་དེའི་བླ་མ་ནི་དེ་ཡིན་ཞེས་བརྒྱུད་པ་རེ་རེ་ནས་འཛུབ་མོ་འཛུག་ཆོག་པ་ཞིག་ཡིན། རིན་ཆེན་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཟམ་མ་ཆད་པས་བརྒྱུད་པ་བྱིན་རླབས་དང་ལྡན་པ་ཡིན། ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་མན་ངག་ཡོངས་སུ་རྫོགས་པས་ཐེག་པ་ཆེན་པོའི་ལམ་གྱི་གནད་ལུས་པ་མེད་པར་ཚང་བ་ཞིག་ཡིན་གསུངས་པ་བཞིན་འདིར་ཡང་བརྒྱུད་པ་ཕུག་ལ་ཐུག་པ་ཞིག་ཡིན་ནོ། །དམ་པ་འདི་ཉིད་རྒྱ་སྡུག་རི་ཁྲོད་ན་བཞུགས་དུས་བདག་ལོ་གཉིས་ཙམ་གྱི་སྟེང་ཕས་ཁྲིད་ནས་སྐུ་མདུན་མཇལ་ཁ་ཞུས་པས་ཐུགས་དགྱེས་ཚོར་ཆེན་པོ་མཛད། ཤིང་ཕོར་རྩི་མ་གཅིག་རྒུན་འབྲུམ་དཀར་ནག་དང་བུ་རམ་གྱིས་བཀང་བ་ཚེ་རིལ་སྲུང་མདུད། ཁ་བཏགས་སྐེར་སྒྲོན་བཅས་བསོད་ནམས་བྱེ་བའི་དཔལ་གྱིས་འཁྱུད་པའི་ཕྱག་ཟུང་སྤྱི་བོར་བཀོད་དེ་རྣམ་ཀུན་བཀྲ་ཤིས་སུ་བགྱིད་པའི་བྱིན་རླབས་སྨོན་ལམ་གནང་ཤིང་ཕ་མ་འདི་ཅུང་ཟད་ནར་སོན་པ་ན་ཆོས་ཞུར་ཁྲིད་འོང་དགོས་ཚུལ་གྱི་བསླབ་བྱ་བསྩལ་བ་ཕྱིས་ཀྱི་རྟེན་འབྱུང་དུ་མངོན། ཁུ་བོ་བྱང་ཆུབ་ཟེར་བ་སྒར་ཐོག་ཡོད་པར་གསུང་

(༣༥)འཕྲོས་ལས་དེ་རིང་གི་བུ་ཆུང་དེ་དེ་འདྲ་ངོ་མཚར་ཅན་ཞིག་འདུག་ཅེས་ཡང་ཡང་གསུང་འདུག་པས་གཙང་སྦྲ་སོགས་ལེགས་པོ་དགོས་རྒྱུ་འདྲ། བླ་མ་རིན་པོ་ཆེའི་མདུན་མཐོ་དམན་སུ་སླེབ་ཀྱང་དེ་འདྲའི་བཟང་ངན་གཏན་ནས་མི་གསུང་བས་དེ་བརྟགས་བྱ་ཆེ་ཚུལ་འཕྲིན་དུ་སྤྲིངས་པར་ཐོས། དེ་ནས་ལོ་དགུར་སོན་པ་མེ་མོ་ཕག་གི་ལོར་ཆུ་ཁོལ་ཚ་ཐོག་ཏུ་གྲུབ་ཆེན་འཇའ་ལུས་པ་ཆེན་པོའི་ཐུགས་ཀྱི་སྲས་གཅིག་བཅོམ་ལྡན་རྡོ་རྗེའམ་མཚན་གཞན་བླ་མ་མཐའ་ཡས་སུ་གྲགས་པ་ཚ་གཟིམས་ཕེབས་པའི་མདུན་ངེད་ཕ་བུ་ཡུལ་གྱི་སྐྱེས་པ་བུད་མེད་མང་པོའི་གྲོགས་དང་བཅས་མཇལ་ཁར་ཕྱིན། ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱི་སྔོན་འགྲོའི་ཆོས་ཐུན་ཉིན་བདུན་གྱི་བར་གནང་། དེ་དུས་བློ་ཤེད་མ་ཕྱེ་བས་གསུང་གི་གནས་ལ་ཇི་བཞིན་གཏིང་དཔོག་པ་མ་བྱུང་ཡང་ཞལ་མཇལ་བ་ཙམ་གྱིས་བློ་སྣ་འགྱུར་འགྲོ་བ་ལྟ་བུའི་མོས་གུས་ཐོབ། ཚེ་རབས་ལས་ཀྱི་བླ་མ་ཞིག་ཡིན་པར་ངེས་ཀྱང་ཁོང་ཡུན་རིང་པོར་མ་བཞུགས་པར་ཞིང་ཁམས་སུ་གཤེགས། ལོ་བཅུ་གཅིག་གི་དུས་རང་གི་ཁུ་བོ་རྡོ་རྗེ་བསམ་འགྲུབ་མདུན་གང་བློ་མའི་འགྲེལ་པ་སྦྱངས་

(༣༦)རྩ་བ་དང་རྗེ་མཁྱེན་བརྩེའི་འགྲེལ་པ་བཅས་བློ་ལ་བཟུང་། དེའི་དགུན་ད་ལྟའི་དགོན་གོང་འོག་འདི་ཚོ་མེད་པས་སྦྱིན་བདག་ཞིག་གི་ཡོན་འཚོགས་ལ་རྟ་ཁྲོམ་གཉིས་ཀྱི་ཚོགས་པ་རགས་བསྡུས་ཤིག་རྫོང་དཀར་གནས་ནང་འཚོགས། དེར་གང་བློ་མའི་ཚོགས་བཤད་ཞིག་ཀྱང་བྱས་པས་རྒན་པ་རྣམས་ནས་ངོ་མཚར་བར་བརྩི། དེ་ནས་ལོ་བཅུ་གཉིས་དུས་ཁུ་བོ་བཀྲ་ཆུང་ཟེར་བ་བླ་མ་བཟང་པོ་ཞིག་ཡོད་པས་ཀཿཐོག་ལུགས་མགོན་པོ་ཚོགས་བདག་གི་སྒྲུབ་པོད་གཅིག་བྲི་དགོས་པར་ངས་ཤོག་ལས་བྱས། བླ་མ་རྡོར་ལིས་ཕྱག་བྲིས་གནང་ཞུས་དག་བྱེད་དུས་མ་དཔེ་བདག་གི་བཏོན་པས་དུག་ཕྱུང་མགོར་སྨྲེང་གྱེར་བ་ནི་ཞེས་པའི་ཚིག་བརྗོད་མ་བདེ་ནས་བླ་མ་ལ་དྲིས་པར་ཁྱོད་བླ་མ་མི་དགོས་སྐྱ་བོ་གྱིས་ཟེར་དུས་གྲྭ་པ་བྱེད་འདུག །ད་ཡི་གེ་ཙམ་ཡང་མི་ཤེས་གསུངས་མང་དུ་བཀའ་བཀྱོན་པའི་ནུབ་མོར་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་དྲག་ཏུ་བཏབས་པས་ཐོ་རངས་ཁར་རང་གི་ཁོང་པའི་ནང་ནས་ཨ་ར་པ་ཙའི་སྒྲ་འུར་གྱིས་གྲགས་ཤིང་སྣང་བ་ལ་ཨ་ར་པ་ཙ་དམར་སེར་མང་པོ་འོ་མ་འཕྱུར་བ་བཞིན་ཁོང་ནས་ཕྱིར་བྱུང་སྙམ་པ་ཤར་ངང་ནས་བརྒྱལ། ཕྱིར་ཉིན་ནས་བཟུང་ཀློག་

(༣༧)འདོན་པ་ལ་སྔར་དང་མི་འདྲ་བར་ཤིན་ཏུ་བཟང་བས་ཉིན་ཕྱེད་རེ་ལ་འཕགས་པ་བརྒྱད་སྟོང་དག་པོ་ཚར་རེ་ཀློག་ཐུབ་པ་བྱུང་། བཅུ་གཉིས་དུས་ཀླུའི་བུད་མེད་ཞིག་གིས་ཡིད་བཞིན་གྱི་ནོར་བུ་ཡིན་ཟེར་བ་ཞིག་བྱིན་པ་དང་། བཅུ་གསུམ་དུས་རྫོང་དཀར་ནས་སྨན་གྱི་དཔེ་ཆ་པོད་གཅིག་རྙེད་པ་བཅས་གཏེར་བདག་སོ་སོ་ལ་ཕྱིར་སྤྲད་ཅིང་དེ་འདྲའི་རིགས་ལ་རྩིས་ཆེན་གཏན་ནས་མ་བྱས། རང་ལོ་བཅུ་བཞི་པའི་དུས་ན་ཀཿཐོག་དྲི་མེད་ཞིང་སྐྱོང་སྐུ་ཕྲེང་བཞི་པ་རིག་འཛིན་མི་འགྱུར་བསྟན་པའི་རྒྱལ་མཚན་གྱི་དངོས་སློབ་ཤུད་པུ་དཔལ་སེང་གི་རྣམ་སྤྲུལ་རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་ཆེན་ངག་དབང་བསྟན་འཛིན་ནམ་འཇིགས་བྲལ་མཐུ་སྟོབས་གླིང་པའི་མདུན་ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོའི་ཁྲིད་འབྲིང་པོའི་ཐོག་ནས་ཞལ་ཁྲིད་རྒྱས་པ་ཐོབ། དགེ་རྩ་ཆེ་ཆུང་གང་བསྒྲུབ་ཀྱང་དམ་པ་གསུམ་དང་འབྲེལ་དགོས་པར་གོ་བ་རྣལ་མ་ཆགས། ཁྲིད་དེའི་ལུགས་ཀྱི་སེམས་བསྐྱེད་མཎྜལ་་རྡོར་སེམས་ཕྱི་ནང་གི་བཟླས་པ། མོས་གུས་བླ་མའི་རྣལ་འབྱོར། མཚན་འབུམ་གསོལ་འདེབས། བར་ཆད་སེལ་ཕྱིར་ཧཱུྃ་

(༣༨)རིང་བགྲངས་བ་བཅས་གནད་དུ་སྨིན་པར་བྱས། བཅོ་ལྔ་ན་གཏེར་ཆེན་དེ་ཉིད་ཀྱི་མདུན་ཀློང་གསལ་རྡོ་རྗེ་སྙིང་པོའི་ཟབ་གཏེར་དང་ཞལ་སྐོང་གསུང་འབུམ་པོད་བཅུ་གཅིག་གི་དབང་ལུང་ཚང་བར་ཐོབ། དེ་དུས་དང་པོ་སྟ་གོན་ཉིན་ངེད་སྐུ་མདུན་ཡོད་པ་ལ་དེ་ནུབ་རྨི་ལམ་ཅི་རྨིས་ནང་པར་ངེད་ལ་བཤད་རྒྱུ་ཡོད་པ་དགོས་གསུངས། དེ་ནུབ་ཉལ་བའི་ཐོ་རངས་ཁར་ཤིང་ལྕང་མའི་སྡོང་པོ་ཆེན་པོ་ཞིག་གི་རྩར་བདག་གིས་མཁར་རྔ་ཆེན་པོ་ཞིག་བརྡུངས་པས་ཕ་ཀི་ཐག་རིང་པོའི་ས་ནས་ཁྲོམ་འཚོགས་མང་པོ་ཞིག་འདུས་འོང་བ་རྨིས། ནང་བར་དེ་ཚུལ་ཞུས་པས་གཏེར་ཆེན་རིན་པོ་ཆེས་ལྕང་སྡོང་དེ་ཀཿཐོག་ཡིན་མཁར་རྔའི་བརྡས་ཁྱོད་རང་ཕྱིན་ཆད་ཀཿཐོག་ཏུ་ཆོས་འཆད་ཉན་བྱེད་མཁན་ཞིག་འོང་བའི་ལྟས་ཡིན་གསུངས་པ་ཕྱི་མཐའ་གཟིགས་པར་གོ། དངོས་གཞིའི་ཡེ་ཤེས་དབབ་པའི་དུས་སློབ་མ་ལྷར་བསྐྱེད་པའི་དམིགས་རིམ་ཕོག་པར་རྣམ་སྨིན་གྱི་ཕུང་པོ་སྐད་ཅིག་གིས་གནས་འགྱུར་ནས་བློས་བཅོས་པ་ལ་མི་ལྟོས་པར་དཔལ་ཆས་ཡོངས་རྫོགས་ཀྱི་ཁྲོ་བོའི་སྐུ་ཡུལ་གསུམ་གྱད་དུ་གྱུར་པའི་ལྷར་སྣང་གི་ངང་ནས་རྡོ་རྗེའི་གཤོག་པ་གཡོབ་པའི་སྒྲ་རང་གི་རྣ་ལམ་དུ་ཐོས་

(༣༩)རྒྱུ་ཡོད་པ་ལྟ་བུའི་ང་རྒྱལ་བརྟན་པོ་སྐྱེས། དེ་ལོ་ཁང་ཚིག་སྒར་ནང་དུ་སོང་བཀའ་དྲིན་ཅན་ལུང་རྟོགས་རིན་པོ་ཆེའི་ཐུགས་སྲས་མཁས་བཙུན་བཟང་གསུམ་མཁྱེན་བརྩེ་ནུས་གསུམ་གང་ལའང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མངའ་བ་མཁན་ཆེན་རྒྱལ་མཚན་འོད་ཟེར་གྱིས་མཁན་པོ་གནང་། ལས་སློབ་སྐུ་ལུང་མཁན་ཚུལ་ཁྲིམས་ནོར་བུ། དུས་བསྒོ་བ་ཀརྨ་དམ་ཆོས་འོད་ཟེར། གྲོགས་དན་པ་ཚེ་དབང་རིག་འཛིན། ལས་ཀྱི་ཁ་སྐོང་སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་བཅས་དད་པའི་དགེ་འདུན་གྲངས་ཚང་བའི་མདུན་ཚིག་གསུམ་རིམ་ནོད་ཀྱིས་དགེ་ཚུལ་སྡོམ་པ་བླངས། བཀའ་དྲིན་ཅན་ལུང་རྟོགས་རིན་པོ་ཆེའི་མདུན་ཤོག་གསུངས་ཕྱིན་པས་ཐུགས་ཤིན་ཏུ་མཉེས་མཉེས་དང་ཁྱོད་རབ་བྱུང་གི་སྡོམ་པ་ཐོབ་པ་སྐལ་བ་བཟང་། གཞི་ཆོག་ལས། དེ་ལྟར་དགེ་ཚུལ་ཐོབ་མ་ཐག །འདི་ལ་ཁྱིམ་པ་ཐམས་ཅད་ཀྱིས། ཕྱག་འཚལ་སྨོན་པར་འགྱུར་བ་ཡིན། ཅེས་གསུང་པ་བཞིན་ཁྱིམ་གྱི་འཆིང་བ་ལས་གྲོལ་ཞིང་། ཡོན་ཏན་བླ་ན་མེད་པའི་རྟེན་བྱེད་པ་ལགས། མགོན་པོ་ཀླུས། ཁྲིམས་ནི་རྒྱུ་དང་མི་

(༤༠)རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། ཞེས་པ་ལྟར་ཕན་ཡོན་བསམ་གྱིས་མི་ཁྱབ་པས་བསླབ་བྱའི་གནས་རྣམས་ངེས་པར་བསྲུང་དགོས་དེ་ཡང་རྣམ་ངེས་ལས། སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། རྫུན་སྨྲ་ཆང་འཐུང་ཕྱི་དྲོའི་ཁ་ཟས་དང་། གར་སོགས་ཕྲེང་སོགས་མལ་སྟན་ཆེ་མཐོ་དང་། གསེར་དངུལ་ལེན་སྤངས་རགས་པ་བཅུར་དྲིལ་གསུངས། ཞེས་པ་བཞིན། རྩ་བ་བཞི་དང་། དེ་སྟེང་ཡན་ལག་དྲུག་གི་སྤང་བླང་རྣམས་ཇི་ལྟ་བ་བཞིན་ལག་ལེན་ལ་ཐེབས་དགོས་ཞིབ་མོ་སུམ་ཅུའང་དེ་ནང་ཕྱོགས་འཐུས་ཞེས་བསླབ་བྱ་ཞིབ་མོར་སྩལ་ཞིང་ཞལ་ཏ་བཟང་པོ་དང་། རས་དར་དམར་ཁ་ལྔ་གནང་། དེ་ཕྱིན་རང་ནས་ཀྱང་བསླབ་བྱའི་གནས་ལ་དྲན་ཤེས་བག་ཡོད་དང་འབྲེལ་དགེ་ཚུལ་ལ་འབྲལ་བའི་སྤང་ལྟུང་མ་གསུང་ཀྱང་ཆོས་གོས་དང་མཐོང་གོས་འབྲལ་མེད་འཆང་། ཕྱི་དྲོའི་ཁ་ཟས་སྤང་བ་སོགས་དང་གསེར་དངུལ་ལེན་པ་ལའང་ལེན་པ་ལྟ་ཅི་རེག་པ་ཙམ་ཡང་སྤང་ཏེ་རགས་པ་བཅུ་ལག་ལེན་ལ་ཐེབས་ངེས་བྱས། དེ་ཡང་ངོས་ལྐོག་ཅན་གྱི་ཚུལ་འཆོས་མིན་པར་ངེས་འབྱུང་གི་བསམ་པས་བསླབ་

(༤༡)པའི་གནས་རྣམས་ལ་ཤིན་ཏུ་གུས་པར་བསླབ་པ་ཡིན་ནོ། །ལར་ཚུལ་ཁྲིམས་གཙང་བ་གཅིག་པུའི་ཡོན་ཏན་གྱིས་དེང་སང་ཐམས་ཅད་ཀྱིས་བླ་མར་བརྩི་ཞིང་བཀུར་བ་འདི་ཡིན་པས་ངེད་ཀྱི་རྗེས་སུ་འཇུག་པ་དག་གིས་སྡོམ་པས་རྒྱུད་ལེགས་པར་སྡོམ་པ་དང་བསླབ་བྱའི་གནས་ལ་དྲན་ཤེས་ཀྱིས་བསྲུང་བ་གལ་ཆེ། ཀརྨ་ཆགས་མེད་རིན་པོ་ཆེའི་ཞལ་ནས། བན་རྒན་སྡོམ་པ་གཙང་བ་དེ། །གྲུབ་རྟགས་ནང་ནས་ཆེ་ཤོས་ཡིན། །གསུངས་པ་དེ་ཤིན་ཏུ་ཐུགས་མད། དེ་རྗེས་ལོ་གཉིས་ཙམ་ལ་རྣམ་གཡེང་དུ་ལུས། བཅུ་བདུན་ལོར་ཤེར་ཕྱིན་རྒྱས་པ་ཚར་གཅིག་བཀླག་པས་རྐྱེན་བྱས་སྟོང་པ་ཉིད་ཀྱི་དོན་ལ་ཤིན་ཏུ་སྤྲོ་བ་སྐྱེས། སྒྱུ་མས་སྒྱུ་མ་ལ་རློམ་སེམས་སོགས་ཀྱི་སྐབས་སྣང་བ་བདེན་མེད་རྨི་ལམ་ལྟ་བུའི་ངེས་པ་སེམས་ལ་ཤར། དེའི་དགུན་སྟོད་ཞིག་ལ་བདེན་པའི་གཅིག་དུ་བྲལ་གྱི་ངེས་པ་ཡིད་ཡུལ་དུ་ཤར་བས་ཆོས་དང་གང་ཟག་གི་བདག་ཅེས་བྱ་བ་དེ་ལེགས་པར་བཙལ་བས་ཡུལ་དང་ཕྱོགས་དང་དུས་གང་ནའང་མི་འདུག་སྙམ་པའི་ངེས་པ་སྔར་ལས་ལྷག་པར་འདྲོངས། སྔར་ཟླ་གྲགས་ཀྱིས་མིག་དང་རྣ་བ་སྣ་ཡང་ཚད་མ་མིན་སོགས་ཀྱི་དོན་

(༤༢)རྟེན་འབྲེལ་རང་བཞིན་མེད་པ་ལ་ངེས་པའི་ཤེས་པ་གཏིང་ཚུགས་པ་རྙེད་ནས་དེའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་དང་པོ་འཛིན་པའི་སེམས་འགགས་ནས་སྣང་བ་ཙམ་ཞིག་ཐད་ཀ་ན་སྣང་། ཅི་ཞིག་ན་སྣང་བ་ཙམ་པོ་དེ་ཡང་ནུབ་ནས་སེམས་གསལ་སྟོང་གི་ཡུལ་སྟོང་སེང་ཞིག་སྣང་། དེ་ནས་དེ་ཡང་ནུབ་པས་བློ་དང་སྟོང་པ་གཉིས་ཀ་ལོག་སྟེ་བློ་དང་སྟོང་པ་གཉིས་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་ཏུ་སོང་བའི་སྐབས་རྟོག་མེད་དུ་ལུས། དེའི་ངང་ནས་སེམས་རགས་པའི་སྟེང་ཚུར་ལྡང་བར་རྩོམ་པ་ན་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་ལྟར་ཤར་ནས་བདེན་འཛིན་རེས་འགའ་ཙམ་ལས་མི་འཆར་ཚུལ་འདི་ལ་དཔག་ན་འཕགས་པ་ས་ཐོབ་པ་རྣམས་ལའང་ཡུན་མི་རིང་བ་ཙམ་མ་གཏོགས་བདེན་འཛིན་གཏན་མི་སྐྱེ་བ་མིན་པ་འདྲ། ཡུལ་སྟོང་ཉིད་ལ་མངོན་སུམ་ཅན་གྱི་རྟོག་མེད་དང་ཕྱིས་རང་ལོ་ཉེར་བདུན་པར་སོན་དུས་ཚད་ཕེབས་ཀྱི་རྟགས་རྫོགས་པའི་སྐབས་ཡུལ་ཡུལ་ཅན་གྱི་གནས་ལུགས་རིག་པ་ཡེ་ཤེས་དང་། རྩལ་ཤེས་རབ་ཀྱིས་མངོན་སུམ་དེ་གཉིས་ཁྱད་པར་ཤིན་ཏུ་ཆེ་བ་ཞིག་ཡོད་པ་རང་གི་མྱོང་བ་ཡང་དག་པས་གྲུབ། རྗེས་ཐོབ་ན་ཉོན་

(༤༣)སྒྲིབ་སྤངས་པ་དང་རྩལ་གྱི་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ལའང་ཤུགས་ཆེ་ཆུང་ཡོད་པ་རྣམས་ནི་སྤྲོས་པས་ཆོག་པར་སེམས། དེང་སང་མདོ་སྔགས་ཀྱི་མཐོང་ལམ་གཉིས་དང་དེ་འཇལ་བྱེད་ཀྱི་ཤེས་རབ་ཀྱང་གཅིག་པར་འཛིན་པ་རྣམས་ལ་བརྩེ་བས་བཤད་པའོ། །བཀའ་དྲིན་ཅན་བླབ་སྒར་དུ་ལོ་དགུའི་བར་བཞུགས་ནས་སླར་རང་ཡུལ་དུ་ཕེབས་བཞེད་ཀྱིས་བླ་མ་འོད་ཟེར་ལ་གསུང་བྱོན་པར་ད་རེས་ཁྱེད་ཚོའི་རྟོགས་ལྡན་བྱ་སྒོང་འདྲ་བ་འདི་རྣམས་ལ་ཁ་མིག་རེ་ནི་བཏོད་ཟིན། ངེད་ཀྱི་རྨི་ལམ་དུ་གསེར་གཞུང་གི་ལུང་པའི་སྨད་ཙམ་ན་གསེར་གྱི་མཆོད་རྟེན་ཆེན་པོ་ཉལ་ཐབས་སུ་ཡོད་པ་ཞིག་འདུག་པ་ཡར་བསླང་བས་ཐོག་ལ་ཁད་ལན་མང་དུ་རྨིས་པས་འགྲོ་དགོས་གསུངས། ཕྱིར་ལོ་ཟླ་བ་ལྔ་པའི་མཇུག་སྒར་ཐོག་ནས་བཏེགས་ཏེ་ཆུ་ཚན་ཁར་བཞུགས་འདི་ནས་རྟ་ཁྲོམ་གཉིས་ཀའི་བླ་གྲྭ་ཚང་མ་རྐྱ་བསུར་སོང་། ཆུ་ཁོལ་ཚྭ་ཐོག་ནས་མཇལ་ཁ་ཞུས་ཞགས་ཤས་བཞུགས། ཕེབས་ཉིན་ཆིབས་ཐོག་ནས་ད་ཐམས་ཅད་ཀྱིས་སྐྱ་ཕྲེང་བསྒྲིགས་ལ་སོང་། ངག་ལི་དང་སངས་རྒྱས་སྐྱབས་གཉིས་བླ་མཆན་ཚུལ་གྱིས་ངའི་གཡས་གཡོན་དུ་

(༤༤)ཤོག་གསུངས། མོ་རྐུང་དམག་ལམ་སྒང་དུ་རྒྱ་ཤོད་པའི་ཐབ་བསུ་དང་འཕྲད། བླ་མ་ངག་དབང་བསྟན་པ་འདས་པའི་དགོངས་རྫོགས་ཉེ་སྐོར་ཞིག་ལ་ཕེབས་ནས་བསྔོ་སྨོན་གནང་ཏེ་གསོལ་ཇ་བཞེས། དེར་ཨ་འཛོམ་རིག་འཛིན་ཆེན་པོའི་སྤྲུལ་སྐུ་ངག་དབང་ཡང་ཕེབས་ཕྱག་རྟེན་དུ་དངུལ་གྱི་མགོ་རྒྱན་རྟགས་བརྒྱད་ཀྱི་རི་མོ་བཀྲ་བ་དང་བླ་མ་འདས་པའི་རྡོར་དྲིལ་སྤུས་ལེགས་གཅིག་ཕུལ་ནས་རང་ཡུལ་དུ་ཆགས་ཕེབས་པ་སྤྲོ་དགའ་བཀའ་དྲིན་ཆེ་ཚུལ་དང་། རྟ་ཁྲོམ་གཉིས་གཙོས་འདི་ཕྱོགས་ཀྱི་གདུལ་བྱ་ལ་དགོངས་ནས་ཆོས་ཀྱིས་རྗེས་སུ་འཛིན་པ་དང་། དམ་ཆོས་རྫོགས་པ་ཆེན་པོའི་ལམ་གནད་མ་ནོར་བར་སྟོན་པ་ཉིད་ཙམ་ལས་གཞན་དུ་མ་དམིགས་པས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་དང་ཞབས་པད་བསྐལ་བརྒྱའི་བར་བརྟན་ནས་རྫོགས་ཆེན་ཚང་གི་ཡར་གདན་འདྲེན་ཞུ་བ་བྱུང་ཡང་མི་གསན་པར་མཁྱེན་མཁྱེན། གལ་སྲིད་ཕྱོགས་གཞན་ལ་ཕེབས་མཛད་ཚེ་ངེད་བན་རྒན་ནས་ཉིད་ཀྱི་གཟན་མཐུར་འཇུ་དགོས་བྱུང་ཡང་བཏང་རེ་ཞེས་ལུགས་གཉིས་ཀྱི་ཞུ་བ་གཅམ་བུ་ཙམ་མིན་པར་སྙིང་ནས་གསོལ་བ་བཏབ་པ་གསན་ཏེ་བཞུགས་རྒྱུའི་

(༤༥)ཞལ་བཞེས་གནང་། དེ་ནས་ཡེ་ལེ་སྒར་པའི་ཐང་སྟོད་དུ་བླ་བྲང་གིས་གཟིལ་གུར་ཐབ་ཚང་བཞུགས་གདན་སོགས་ཤིན་ཏུ་གྲ་བསྒྲིགས་ལེགས་པོ་གནང་འདུག་པ་དེར་བཞུགས་ནས་བསུ་མ་རྣམས་སོ་སོར་གྱེས། ཞག་ཤས་ནས་ངེད་སྐུ་མདུན་ཕྱིན་པས་ཟླ་བ་དྲུག་པའི་ཚེས་བཅུར་ཚོགས་བསྐང་ཞིག་བཏང་རྒྱུ་ཡིན་པས་མོས་པ་ཅན་ཡོད་ན་ཁྱོད་ནས་ཆ་རྒྱོབ་ལ་ཚོགས་མཆོད་ཅི་འབྱོར་ཁྱེར་ཤོག་གསུངས། དེ་བཞིན་སོ་སོའི་སྒོར་གསུང་འཕྲིན་བསྐྱལ་བས་ད་རེས་གཟབ་དགོས་ཟེར་ནས་རྟ་ཁྲོམ་གཉིས་ཀྱང་ད་ལྟ་དང་མི་འདྲ་བར་སྡེ་ཤས་མི་སྲབ་སྟབས་མར་ཆུར་དོ་བོ་ཕུལ་བ་ཡང་མང་དུ་བྱུང་། གཞན་མར་ཐུད་འོ་ཞོ་འབུལ་མཁན་ཤིན་ཏུ་མང་། མངའ་རིས་པ་ཆེན་གྱི་ཟབ་གཏེར་གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་ཚོགས་བསྐང་རྒྱས་པ་ཞིག་གསུངས། ཕྲན་ལ་སྟོན་པོ་འདིར་སྔོན་འགྲོ་ཞིག་བཤད་རྒྱུ་ཡིན་པས་ཤོག་གསུངས་དེར་ཟླ་ཤས་བཞུགས། ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་པདྨ་རི་མཐོར་སྒར་བཏེགས། ཉིན་གཅིག་ངེད་སྐུ་བཅར་ཞུས་པས་ད་རེས་ས་རྒྱ་འདི་ཡང་ཆུང་ཆོས་ཞུ་ཡང་མང་ཙམ་འདུག་པས་ས་འདི་བགོ་དགོས་

(༤༦)གསུངས་ཆོས་ཞུ་ལྔ་བཅུ་ཙམ་ཡོད་པ་ལ་ས་བགོས་མཛད། ང་ལའང་ཁྱོད་ཀྱི་སྦྲ་ཆུང་ཕུབ་པ་ཡིན་གསུངས་མི་རེ་ལ་ས་རྟགས་ཕུར་ས་རེ་བརྡུང་བཅུག །ཁོང་གི་གཟིམ་སྦྲ་འདི་ཡན་སུ་ཡང་སྡོད་མི་ཆོག་བླ་སྤྲུལ་མང་པོ་འབྱོར་རྒྱུ་ཡོད་ཅིས་ཕེབས། དེ་ནས་ཟླ་བ་དགུ་པའི་མགོར་ཀུན་བཟང་བླ་མའི་ཞལ་ལུང་གི་དབུ་གཙུག་ནས་གསུང་ཀྱང་ཕྲན་གྱི་རུ་བ་ཁྲོམ་སྨད་དུ་ཡོད་པས་མ་གོ། ཉིན་གཅིག་གསུང་ཕྲིན་འབྱོར་དེ་འཕྲལ་ཕྱིན་པས་འཇུག་པ་སེམས་བསྐྱེད་མགོ་བར་གསུངས་ཚར་འདུག །ད་ཞུ་ཨེ་ཆོག་ཞུས་པར་ཁྱོད་ལ་འཕྲིན་མང་པོ་བསྐུར་ཡང་མ་འཕྲོད་པ་འདྲ་ཞུ་ཆོག་གསུངས། ཕྱིར་ནང་མཎྜལ་རྟེན་མཚོན་དངུལ་གོར་གསུམ་མར་ཆུར་གཞོང་པ་གང་ལུག་ཁོག་གཅིག་བཅས་ཕུལ་ནས་ཆོས་གྲལ་དུ་བསྡད་ཆོས་ཐུན་ཟིན་འཕྲལ། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ་ཞེས་ལན་མང་དུ་གསུངས། ཨ་ཙི་ཆོས་མཚམས་ཀྱི་རྟེན་འབྲེལ་ཤིན་ཏུ་ལེགས་གསུངས་ཐུགས་དགྱེས་ཚོར་ཆེན་པོ་དང་སེམས་བསྐྱེད་མན་ཆད་ཟླ་བ་གཅིག་གིས་རྫོགས་པར་མཛད། ཞར་ལ་དབུ་ནས་གནད་བསྡུས་ཏེ་ཉིན་རེ་བཞིན་གསུངས་

(༤༧)སེམས་བསྐྱེད་མན་ཆད་ལ་ཟིན་བྲིས་ཞིག་བཏབ། ཆོས་མཇུག་རྫོགས་པ་དང་ཐུགས་བློ་ཞུས་པར་ཁྱོད་ཀྱིས་ད་སྔ་སྔོན་འགྲོ་ཐོབ་མ་མྱོང་བས་འབུམ་ལྔ་ཞིག་ཀྱང་བསགས་དགོས་སྟེ་གོ་རིམ་ལྟར་མི་འོང་བས་དགུན་ཚེ་འདིར་རྡོར་སེམས་ཡིག་བརྒྱ་ཐོན། འདོན་ལུགས་ངེད་ཀྱིས་རིམ་བཞིན་བསླབ་གསུངས་ནས་ཡིག་བརྒྱ་འདོན་བཅུག་མཚམས་རྣམས་སུ་སྟོབས་བཞིའི་དམིགས་རྣམ་ཞིབ་ཆ་མཛད་དེ་གནང་། ཁྱད་པར་རྟེན་གྱི་སྟོབས་འདིས་བསྐྱེད་རིམ་ལ་སེམས་བསླབ་ཏེ་འདྲིས་དགོས་པ་ཡིན་པས་སྣང་ཆ་ནས་སྤྱན་གྱི་དཀར་ནག་བ་སྤུའི་བུ་ག་ཚུན་ཆད་གསལ་བ། སྟོང་ཆ་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་སྣང་སྟོང་ཆུ་ཟླ་ལྟ་བུ་ཞིག་གསལ་དགོས་གསུངས། དེ་བཞིན་བསྒོམ་པས་ཐུན་བསྡུ་བ་ན་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཞེས་པའི་སྐབས་སུ་འཇུ་དཀའ་བ་ཙམ་བྱུང་བར་དེའི་ཚུལ་ཞུས་པར་ཨོ་ཧ་ཅང་ཨ་འཐས་ཆེ་དྲག་པས་ལན། རྡོ་རྗེ་སེམས་དཔའ་ཞེས་པ་དེ་ཞལ་ཕྱག་འཚོགས་པའི་ཆ་ཙམ་ལ་བློས་བཏགས་པ་ལས་བདེན་དངོས་ཅི་ཡང་མེད། ཞལ་ཕྱག་རེ་རེ་ནས་བརྟགས་ན་འདུག་གམ་

(༤༨)གསུངས། དེ་བཞིན་དཔྱད་པས་སྣང་ལ་རང་བཞིན་མེད་པའི་གནས་ལ་ངེས་པ་སྙེད། ཞག་ལྔ་བཅུ་ན་ཡིག་བརྒྱ་འབུམ་ཕྲག་ལྷག་ཙམ་གྲུབ་སྡིག་པ་དག་པའི་རྟགས་རྨི་ལམ་དང་དངོས་སུ་ཡང་ལུས་ཡང་བ་སེམས་ལ་ཏིང་ངེ་འཛིན་གསལ་བ་སོགས་གཞུང་ནས་བཤད་པའི་རྟགས་རྣམས་སོ་སོར་མངོན་དུ་གྱུར། ད་ཇི་འདོན་ཞུས་པས་སྤྱོད་འཇུག་ལས་དཔུང་བཞི་བཤད་པ་དོར་བའི་དཔུང་བྱ་བ་ཡིན་པས་རེ་ཞིག་ངལ་སོས་གསུངས་བཞིན་ཞག་བཅུར་ངལ་གསོས། ད་ཐེག་ཆེན་ཚོགས་སྦྱོར་གཉིས་ཀྱི་གྲངས་མེད་གཅིག་གི་ཚོགས་བསགས་པའི་དོད་པོ་རྡོར་སེམས་དང་མཎྜལ་གཉིས་ཀྱི་བྱས་ནས་དངོས་གཞིའི་ཁྲིད་མཐོང་ལམ་གྱི་ཡེ་ཤེས་དང་འདྲ་བ་ངོ་སྤྲོད་དགོས་པས་མཎྜལ་ཞིག་སོགས། འདི་བྱང་ཆུབ་སེམས་དཔའ་ཚོགས་ལམ་པའི་ཚོགས་ཀྱི་སྒོ་དང་པོ་ཡིན་པས་སྒྲུབ་པའི་མཎྜལ་གྱི་རྟེན་དུ་འདི་རྣམས་ཁྱེར་གསུངས་སྐུ་རྟེན་དུ་སྟོན་པའི་སྐུ་ལི་ལ་གསུང་རྟེན་དུ་མདོ་སྡུད་པ་དང་གསང་སྙིང་རྩ་བ་གཉིས། ཐུགས་རྟེན་དུ་བཀའ་གདམས་མཆོད་རྟེན་བཅས་གཡར་པོ་

(༤༩)གནང་། བཀའ་གདམས་མཆོད་རྟེན་འདི་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྦྱར་ནས་འཆད་རྒྱུ་ཡོད་གསུངས་ཏེ་གདན་གྱི་པད་སྤུངས་ནས་བཟུང་བསླབ་པ་གསུམ་དང་སྦྱར་ལུགས་ཞིག་གསུངས། འཕྲོས་ཅི་ཡང་མི་གསུང་བར་ཅུང་ཞིག་བཞུགས་ནས་ཀུན་མཁྱེན་ཆེན་པོའི་འདྲ་ཞལ་ཞིག་བླངས་ཏེ་འདི་ཀུན་མཁྱེན་པའི་དབུ་ཀླད་འཇིགས་གླིང་གི་དབུ་སྐྲ་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གནང་བ་ཡིན་པས་འདི་ཡང་ཁྱེར། འདི་རྙིང་མའི་བླ་མ་རྩ་བ་ཆེ་ཤོས་ཡིན་པས་གསོལ་བ་ཐོབ་དང་ཞལ་མཇལ་བའང་སྲིད། ད་རེས་ཚོགས་བསགས་ཀྱི་སྒོ་དང་པོ་ཡིན་པས་མཆོད་པ་རྣམ་ལྔ་ཁ་ཚང་ཅི་འཛོམ་དང་ཁྱོད་ཕྱུག་པོའི་བུ་ཡིན་པས་མར་མེ་ཅི་མང་དགོས་ངས་སྲིན་བལ་སྟེར་གསུངས་སྲིན་བལ་དང་སྨིན་གླིང་གི་སྤོས་དཀར་དམར་བརྒྱ་ཆགས་གཅིག་དྲི་བཟང་བ་བྱུང་བཅས་གནང་། དེ་ཉིན་ནས་བཟུང་གནས་ཁང་ཕྱག་དར་བྱས་ཏེ་རྟེན་རྣམས་རྡོ་ལེབ་གྱི་སྟེང་ལ་བཀོད་ཤིང་ལེབ་ཆུང་ངུའི་སྟེང་དུ་ཞལ་ཟས་དང་མར་མེ་ཉིན་བསྟར་གྱི་རྣམ་ལྔ་རེ་ཆག་མེད་བྱས། མཎྜལ་གྱི་མཆོད་འབྲུ་རྣམས་རྡོ་དང་

(༥༠)ཡུག་པོ་བྱ་བྲུན་དང་གས་ཆག་གི་སྐྱོན་མེད་པ་འབྲུ་ཁལ་བཞི་ཙམ་བཀྲུ་བཤལ་གཙང་མར་བྱས། ཉིན་རེ་བཞིན་འགོད་རྒྱུའི་འབྲུ་རྣམས་དྲི་བཟང་གིས་སྦགས། མཆོད་འབྲུ་རྣམས་ཡང་ཟློས་གཏན་ནས་མ་བྱས་པར་སྙིང་ཐིག་གཞུང་གི་མཎྜལ་སྟོང་གསུམ་འཇིག་རྟེན་མ་ཁྲི་གསུམ་ལྷག་ཙམ་ཚར་དུས་སྐུ་མདུན་ཤོག་གསུངས་ཕྱིན་པས་ཅི་ཙམ་ཚར་གསུངས་དེ་ཚུལ་ཞུས་པར་ཁྲི་བདུན་ཁ་བསྐང་བཅས་མཁྱེན་བརྩེའི་གསུང་བདག་གཞན་མའམ་ས་གཞི་སྤོས་ཆུས་གཉིས་གང་རུང་བསགས་རྒྱུ་ཁྱོད་རང་འདམ་ཆོག་གསུངས། མཁྱེན་བརྩེའི་གསུང་དེ་མི་འཐད་པ་མེད་ཀྱང་ཆོས་རྒྱལ་ཆེན་པོའི་གསུང་དེ་བསགས་ན་སྙམ་ཞུས་པས་དེ་བསགས་ན་ཆོག །མཉམ་མེད་ཇོ་བོས་ད་ལྟ་ཚོགས་བསགས་དང་སྨོན་ལམ་གྱི་སྒོ་གང་ལའང་སངས་རྒྱས་ཀྱི་གསུང་རྣམ་པར་དག་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལྟ་བུ་ཞིག་གལ་ཆེ། དེ་མིན་འཕགས་པ་ས་བཅུ་པ་ན་བཞུགས་པ་རྒྱལ་ཚབ་བྱམས་པའི་སྨོན་ལམ་ལྟ་བུ་ཞིག་དང་། ཡང་ན་ས་དང་པོ་ན་བཞུགས་པ་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་སྨོན་ལམ་ཉི་ཤུ་པ་ལྟ་བུའི་བདེན་ཚིག་གྲུབ་པ་རྣམས་ཀྱི་གསུང་ལ་བརྟེན་ན་ཁྱད་

(༥༡)པར་ཆེ། སོ་སྐྱེས་ཀྱི་ཚིག་དང་སྡེབ་སྦྱོར་ཅི་ལྟར་ལེགས་ཀྱང་སྙིང་པོ་མེད་གསུང་པ་དེ་ལྟར་ཡིན། འོན་ཀྱང་མཁྱེན་བརྩེ་རིན་པོ་ཆེ་ཆོས་རྒྱལ་ཆེན་པོའི་སྤྲུལ་པར་འཁྲུལ་པ་མེད་པས་དེ་ཙམ་ཁྱད་མེད་ནའང་ཁྱེད་རང་གི་མོས་པ་ལྟར་གྱིས། ས་གཞི་སྤོས་ཆུས་འདི་ཆོས་རྒྱལ་ཆེན་པོས་གུ་རུ་རིན་པོ་ཆེར་རྒྱལ་སྲིད་མངའ་འབངས་དང་བཅས་པ་ཕུལ་བའི་དུས་མཛད་པར་གྲགས། ལར་གང་ལའང་བརྟག་དཔྱད་སྔོན་དུ་བཏང་ནས་མདོ་སྔགས་གཉིས་ཀའི་ལམ་གནད་མི་འཚུག་པ་ལ་ཁྱད་ཆེ། ཁྱི་དང་གློ་བ་འཕྲད་པ་ལྟར་ཆོས་གང་ཡིན་ཡིན་ལ་འཇུག་སྔ་བྱེད་པ་ཕུང་ལ་སྦྱོར་བའི་གཞི་ཡིན་ཚུལ་སོགས་ཞལ་ཏ་ཞིབ་པར་གནང་། དེ་ནས་མར་འོང་ཞག་གྲངས་ཙམ་མ་སུན་པ་མ་བསྐྱེད་པར་བླ་མ་རྒྱང་འབོད་དང་སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བཅས་ཀྱི་དམིགས་རྣམ་འཕྲོད་ངེས་བརྒྱ་ཚར་རེ་བསགས། དེ་ནས་མཎྜལ་བཟང་སྤྱོད་ཡན་ལག་བདུན་པ་ཕྱག་དང་སྦྲག་ཐུན་རེར་ཚར་བཅུ་རེ་ཚར་ཕྱི་མའི་ནང་མཎྜལ་བླུགས་ནས་ཡུན་རིང་ཙམ་ན་ཚར་བར་བྱས། ཐུན་

(༥༢)མཚམས་རྣམས་སུ་ཡང་ཚར་གྲངས་ཅི་ལྕོག་བསགས། དེའི་སྐབས་སུ་རྨི་ལམ་ཞིག་ན་གཡུ་སྒྲོན་མ་ཡིན་རྒྱུའི་བུད་མེད་ཞིག་གིས་ཀུན་མཁྱེན་ཆེན་པོ་མཇལ་འགྲོ་ཟེར་དེས་ལམ་སྣ་བྱས་ཏེ་སོང་བས་གསེར་གཞུང་གི་རི་གསེར་དེའུ་འདྲ་བ་ཞིག་གིས་ཤར་ངོས་སུ་ཕུག་པ་ཞིག་ཏུ་སླེབ། རི་དེའི་ནང་དུང་དཀར་གྱི་མགྲིན་པ་འདྲ་བའི་ཁོང་གསེང་ནས་གཡས་སྐོར་གྱིས་ཕྱིན་པས་རི་རྩེར་སླེབས་པ་ན་སྤང་ལྗང་སེར་གྱི་ཐང་ཁང་མལ་ཙམ་ཞིག་ན་ཀུན་མཁྱེན་ཆེན་པོ་ཞལ་ཤར་ཕྱོགས་སུ་གཟིགས་ཏེ་ནམ་མཁའ་ལ་སྤྱན་ལྟ་སྟངས་ཀྱིས་ཨ་ཨཱཿཞེས་གསུང་ནས་ཕྱག་ན་ཤེལ་རྡོ་ལུག་གི་སྙིང་འདྲ་བ་ཞིག་བདག་གི་སྤྱི་བོར་བཞག་སྟེ། ཨ་སེམས་ཉིད་རང་བྱུང་བྱང་ཆུབ་སེམས་ཨཱཿཨ་སྟོང་པ་ཆེན་པོ་ཀུན་བཟང་ཀློང་ཨཱཿཨ་ཟང་ཐལ་རིག་པ་ཆོས་ཀྱི་སྐུ་ཨཱཿཨ་གདངས་ཆེན་ལྔ་ལས་ཅིར་ཡང་འཆར་ཨཱཿཨ་ལྟ་སྒོམ་ལས་འདས་རིག་པའི་གཤིས་ཨཱཿཨ་དེ་རིང་སྙིང་ལ་གནས་པར་ཤོག་ཨཱཿགསུངས་པས་མོས་གུས་ཀྱིས་སེམས་རྟོག་མེད་དུ་དར་གཅིག་བརྒྱལ། དེ་སངས་པ་ན་མལ་དུ་གཉིད་ཀྱང་སད་འདུག་དེ་རྗེས་འདྲ་

(༥༣)ཞལ་དེ་ལས་རིང་བསྲེལ་ཀྱང་ཆ་ཤས་ཕེབས། མཎྜལ་ཚར་བ་དང་རྟེན་རྣམས་སྐུ་མདུན་ཕུལ་པས་ཀུན་མཁྱེན་ཆེན་པོ་ཨེ་མཇལ་གསུངས། དངོས་སུ་ནི་ཅི་ཡང་མ་མཇལ་རྨི་ལམ་རྨིས་རྒྱུ་ནི་བརྗེད་སོང་བས་ཞུ་རྒྱུ་ལུས། རིང་བསྲེལ་རྣམས་ཕྱག་བརྣམས་མཛད་སོང་། རྗེས་ཤིག་ཏུ་སྔར་ཁྱོད་ཀྱིས་མཎྜལ་ཕུལ་དུས་ཀུན་མཁྱེན་ཨེ་མཇལ་གསུངས། མ་མཇལ་ལགས་ཞུས་པས་རྨི་ལམ་འདྲ་ཨེ་བྱུང་གསུངས་རྨི་ལམ་ཞིག་རྨིས་ཚུལ་ཞིབ་ཏུ་ཞུས་པས་ཁྱོད་ལ་ཀུན་མཁྱེན་ཆེན་པོས་སྡེ་གསུམ་རྫོགས་པ་ཆེན་པོའི་ཚིག་དབང་གནང་བ་མ་རེད་དམ་གསུངས། མི་ཤེས་ལགས་ཞུས་པས་ཅི་ཡང་མི་གསུང་ཕྱིས་ཞིག་ན་སློབ་མ་འགའ་རེར་ངག་ལི་ལ་ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་པ་རེད་ཅེས་བསྔགས་བརྗོད་གནང་འདུག་ཟེར། ཡང་དེ་སྐབས་ཤིག་ན་དོན་དམ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ནི། ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། ཞེས་པས་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་ལ་རང་གཞུང་ན་ཐུན་མོང་ཐུན་

(༥༤)མིན་སོགས་གསུངས་ཀྱང་ཨ་བུས། སྣང་ཚུལ་སྤྲུལ་སྐུའི་མཎྜལ། གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ་ཞེས་གསུངས་པ་འདི་ལ་གོ་བ་མྱོང་རྒྱུ་ཤིན་ཏུ་ཆེ་གསུངས་ནས་དེ་ལ་རྒྱས་བཤད་གནང་། ད་རང་གི་ལུས་འདིའི་སྟོང་ནས་ཚོགས་བསགས་པ་ལ་ཀུ་སུ་ལུའི་ཚོགས་བསགས་ཞེས་བྱ་བླ་ལ་ཆོད་ཆེ་བ་ཞིག་ཡིན། ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོ་ལས་བླ་མའི་རྣལ་འབྱོར་དང་འབྲེལ་བར་གསུངས་ཀྱང་ཀུན་མཁྱེན་འཇིགས་གླིང་གིས་མཎྜལ་དང་ཕྱི་ནང་གི་ཚོགས་བསགས་ཐབས་འབྲེལ་བསྡེབས་ཏེ་གསུངས། གང་ལྟར་ཡང་གལ་ཆེ་ཞེས་འགྱེད་ཆེན་བཞིའི་དམིགས་རིམ་རྒྱས་པར་བསྩལ་ནས་ནང་དུས་དཀར་འགྱེད། ཉིན་གུང་ཁྲ་འགྱེད། དགོངས་དུས་དམར་འགྱེད་རེ་གྱིས། ནག་འགྱེད་འདི་སྐབས་ཤིག་མི་དགོས་གཉན་པར་སོང་ནས་སློང་ཚད་ཡུན་རིང་པོར་མ་འོང་བའམ་འོང་ཀྱང་ཚར་ཚད་མ་རྫོགས་པའམ་དེ་རྫོགས་ཀྱང་ཆོད་ཚད་མ་འོང་བ་ལ་དགོས་རྒྱུ་ཡིན་ཀྱང་དེ་འདྲའི་རྣམ་བཞག་ཤེས་མཁན་སུ་མི་འདུག་གསུང་ནས་གཅོད་ཡུལ་མཁའ་འགྲོའི་གད་རྒྱང་གི་རྣམ་བཤད་ཕྱིན་དྲུག་ལང་ཚོ་དང་ཨ་བུའི་རྣམ་བཤད་

(༥༥)ཟུང་བསྡེབ་ཏེ་ལྗགས་བཤད་གནང་། དེ་བཞིན་མཎྜལ་དང་ལུས་སྦྱིན་སྦྲེལ་ནས་ཉམས་སུ་བླངས་པས་ནུབ་རྒྱུན་མར་དུར་ཁྲོད་ཆེན་པོ་རོ་གསར་རྙིང་མང་པོ་དང་། བྱ་གཅན་རིགས་མི་འདྲ་བ་དུ་མས་གང་བ་ཞིག་ན་རང་ལུས་ཀྱི་རྣམ་ཤེས་སྤར་ནས་ཁྲོས་མར་གྱུར་པས་ལུས་དེ་བྱ་གཅན་དང་དུར་བདག་འདྲ་བ་མང་པོ་ཞིག་ལ་འགྱེད་བཏང་བ་རྨིས་དེ་ཚུལ་ཞུས་པས་ཁྱོད་ཨེ་སྐྲག་གསུངས་ཅི་ཡང་མ་སྐྲག་ཞུས། དེ་ཨུ་ཙཱ་ལའི་དུར་ཁྲོད་ཡིན་དཔལ་གསང་བའི་བདག་པོ་ཡང་ཐུགས་སྐྲག་ནས་ཕྱག་གི་རྡོ་རྗེ་ཤོར་ལ་ཁད་ཁད་མཛད་ན་ཁྱོད་མི་སྐྲག་པ་ཅི་ཡིན་ཞེས་ཞལ་ཀྱལ་གནང་། བདག་གི་སེམས་ནི་ནམ་མཁར་སྤར་བས་ཁྲོས་མ་ནག་མོ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དུ་གསུངས་ན་སངས་རྒྱས་ལས་སྟོབས་ཆེ་བའི་ལྷ་འདྲེ་ཇི་ལ་ཡོད། སེམས་སྟོང་པ་ཧར་སངས་ཞིག་ལས་སྐྲག་པའི་རྣམ་པ་ཇི་ཡང་དྲན་རྒྱུ་མི་འདུག་ཞུས་པར་དེ་འདྲའི་ཁ་ཧེབ་མ་མཐོ་ཕྱག་ན་རྡོ་རྗེ་ལས་ཁྱོད་བཟང་བ་ཡིན་ནམ་གསུངས། ལར་དེ་ཚོ་ལུས་སྦྱིན་བྱས་པའི་མཐུ་ཡིན་དེ་རྣམས་བཟང་ངན་ཅི་ཡིན་མི་ཤེས་གསུངས། དེ་ནས་སོས་ཐོག་དེར་སྙིང་ཐིག་ངག་འདོན་དང་འཇམ་དབྱངས་

(༥༦)མཁྱེན་བརྩེའི་དམིགས་རིམ་གཉིས་སྦྲགས་ཏེ་སྒར་པ་སྤྱི་ལ་སྩལ། འདི་སྐབས་ལན་གཅིག་དང་སྔ་ཕྱིར་ཨ་བུ་རིན་པོ་ཆེའི་ཕྱག་བཞེས་སྤྱོད་འཇུག་ལེ་བཞི་དང་འབྲེལ་བའི་སེམས་བསྐྱེད་སྡོམ་ཆོག་ལན་གསུམ་ཐོབ། ཕྲན་ལ་བླ་མའི་རྣལ་འབྱོར་དེ་རེ་ཞིག་ཞོག་ལ་བློ་ལྡོག་རྣམ་བཞི་ནས་རིམ་གྱིས་བློ་སྦྱོང་དགོས། ཆོས་པ་ཡང་དག་ཞིག་འོང་བ་ལ་སྔོན་འགྲོ་འདི་གལ་ཆེ། དངོས་གཞི་ཟེར་བ་ལེགས་ལམ་ཞིག་ཏུ་སོང་ན་རྒྱལ་སྲས་ཞི་བ་ལྷས། རང་དོན་དུ་ཆོས་བརྒྱད་མགོ་སྙོམས་གཞན་དོན་དུ་བརྩེ་བའི་སྙིང་རྗེ་ཆེན་པོ་རང་ཤུགས་ཀྱིས་འབྱུང་གསུངས་པ་བཞིན་ཡིན། སྟོང་པ་ཉིད་ཀྱི་དོན་གཤའ་ལ་ཞིག་རྟོགས་ན་སྟོང་པ་རྟེན་འབྱུང་དུ་ཤར། རྟེན་འབྱུང་སྟོང་ཉིད་དུ་འགྲོ་ཚུལ་ལ་ངེས་པ་གཏིང་ནས་རྙེད་དེ་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་མི་འབྱུང་མི་སྲིད་དེ་འཕགས་པ་ཀླུས། ཆོས་རྣམས་སྟོང་པ་འདི་ཤེས་ནས། ལས་དང་འབྲས་བུ་འབྱུང་བ་གང་། ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། རྒྱལ་བུ་འབྲོམ་གྱིས་སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ། སྙིང་རྗེ་

(༥༧)སྐྱེ་བ་དང་མི་དགེ་བ་སྤང་བ་དུས་མཉམ་གསུངས། འོ་ན་དེང་སང་སྟོང་ཉིད་རྟོགས་ཟེར་བ་འདི་རྣམས་ཀྱི་ཉོན་མོངས་པ་ཁ་མ་བྲི་བ་ཅི་ལགས་ཞུས་པས་དེ་རྣམས་ཁ་སྟོང་དུ་སོང་བ་ཡིན་གསུངས། དུས་ངན་འདི་འདྲར་སྟོང་པ་ཉིད་དམ་སེམས་ངོ་རྟོགས་ལྟ་བ་མཐོ་ཟེར་བ་རྣམས་མི་དགེ་བ་སྤྱོད་པ་ལ་སྤོབས་པ་ཇེ་མཐོ་སྤྱོད་པ་ཇེ་རྩིང་ཉོན་མོངས་ཇེ་རགས་ལ་སོང་། ཁ་ལྟ་ཡུག་པོ་ཞིག་ལ་བློ་རྩེ་གཏོད་འདུག་ཀྱང་སྐྱེ་འཆི་བར་དོའི་འགགས་ལ་ཐུག་དུས་རྒན་མོ་བསམ་བཟང་ཞིག་ལས་དམན་པ་འདི་ཚེ་འདྲ་བ་ཞིག་ལས་མི་འོང་། ཁས་བཤད་རྒྱུ་དང་ལག་ལེན་གོ་འཛོལ་དུ་སོང་བས་དེང་སང་རྙིང་མ་པ་ཟེར་དུས་བེན་པོ་དང་འདྲ་བར་རྩི་བ་འདི་ཆོས་དང་རང་རྒྱུད་མ་འདྲེས་པར་ལྟ་བ་མཐོ་མདོག་འདིས་ཕུང་བ་ཡིན་པས། རྙིང་མའི་ལམ་རིམ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལྟ་བུས་རྒྱུད་སྦྱངས། རྫོགས་པ་ཆེན་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྒྱུད་ལ་སྐྱེས་ནས་བསྒོམ་པ་གཉུག་བསྲིང་། ལྟ་བ་ཤོངས་ཡངས་པ། སྤྱོད་པ་ཞིབ་ལ་ཏིག་པ་ཞིག་བགྱིས་ན་རིག་འཛིན་འཇིགས་མེད་གླིང་ས་དགའ་ལྡན་ཁྲི་རིན་པོ་ཆེ་ཤར་

(༥༨)རྩེ་བྱང་རྩེ་ས་སྐྱའི་བདག་ཆེན་རྣམས་ཀྱིས་བླ་མ་རྣམ་དག་ཏུ་བཀུར་བའང་རྙིང་མའི་གཞུང་དང་ལམ་རིམ་རྒྱུ་མཚན་བསྡེབས་པ་རེད། ད་ངེད་རང་གཉིས་ཁོམ་ཁོམ་ཞིག་བྱས་ནས་སྔོན་འགྲོ་བློ་ལྡོག་རྣམ་བཞི་འདི་ལ་བློ་སྦྱོང་ཡང་ཡང་དགོས། ཨ་བུའི་ཕྱག་ལེན་ལ་སེམས་ཉིད་ངལ་གསོའི་དོན་ཁྲིད་འདིས་ཞག་གྲངས་སམ་ཁྲིད་ཚུལ་སྔོན་འགྲོ་དལ་འབྱོར་རྙེད་དཀའ་ནས་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་ཕ་རོལ་ཕྱིན་དྲུག་ཡན་ཆད་ཞག་བརྒྱ་དང་བཞི་བཅུ་རྩ་དྲུག་གི་བར་བློ་སྦྱོང་བ་ཡིན། དེ་ལྟར་བགྱིས་ན་རབ་བསམ་གཏན་བཞི་པ་འབྲིང་བསམ་གཏན་དང་པོ་ཐ་ནའང་འདོད་སེམས་རྩེ་གཅིག་ཞིག་མི་འགྲུབ་མི་སྲིད། དེ་གྲུབ་ནས་གཟོད་རྫོགས་ཆེན་གྱི་རིག་པ་ཞིག་ངོ་སྤྲད་ན་ཞི་ལྷག་ཟུང་འཇུག་མཚན་ཉིད་པ་འོང་། ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། ཞེས་སེམས་རྣམ་པར་གྲོལ་བ་ལྷག་མཐོང་གི་ལམ་ལ་མདོ་སྔགས་གང་ཡིན་ཀྱང་དེའི་རྟེན་རླུང་

(༥༩)མེད་པའི་མར་མེའི་སྣང་བ་གསལ་བ་བཞིན་མི་གཡེང་བའི་རྒྱུ་ཞི་གནས་མཚན་ཉིད་པ་ཞིག་བསྒྲུབ་དགོས་ལ། དེ་ཡང་འཇིག་རྟེན་ལ་ཆགས་པ་མེད་པའི་རྒྱུ་ངེས་པར་འབྱུང་བའི་ཀུན་སློང་གིས་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ལ་གནས་ཤིང་། བསླབ་པ་གསུམ་གྱི་གནང་བཀག་གི་མཚམས་ཕྱེད་པའི་གོ་བ་རྣལ་མ་ཞིག་ཆགས་ནས་དེ་བཞིན་མ་བསྒྲུབ་ན་ལྟར་སྣང་ཕྱག་རྫོགས་ཀྱི་ཁྲིད་ཡིན་མདོག་གིས་མཚན་བཅས་མཚན་མེད་ཀྱི་ཞི་གནས་སུ་སྒྲོ་བཏགས་པ་ཙམ་ལོ་ཟླར་བསྒོམ་སྐད་ཀྱི་བྱས་ཡུས་འདྲེན་པ་རྣམས་ལ་བསམ་གཏན་གྱི་དངོས་གཞི་ལྟ་ཅི་འདོད་སེམས་རྩེ་གཅིག་ཙམ་ཡང་མི་འགྲུབ་པའི་ལམ་དེ་འདྲས་མི་ཚེ་སྟོང་ཟད་ལ་བསྐྱལ་བ་གྱོང་ཆེ་གསུངས། ལགས་མཚན་བཅས་དང་མཚན་མེད་ཀྱི་ཞི་གནས་སྒྲུབ་ལུགས་དེ་ཕྱག་རྫོགས་ཀྱི་གཞུང་ནས་མ་གསུང་ངམ་ཞུས་པས་རྫོགས་པ་ཆེན་པོའི་མན་ངག་ལས་མཚན་བཅས་ཞི་གནས་ཀུན་མཁྱེན་ཆེན་པོས་གཏན་ནས་མ་གསུངས། ཕྱག་ཆེན་ལ་ཡོད་ཚོད་འདྲ་ཡང་དེ་དུས་བླ་མ་མཚན་ཉིད་དང་ལྡན་པ་མན་ངག་གི་གནད་མཁྱེན་པ་མང་

(༦༠)པོ་བཞུགས་པས་ཉེས་པ་ལྔ་སྤངས། འདུ་བྱེད་བརྒྱད་བརྟེན་སེམས་གནས་པའི་ཐབས་དགུའི་སྒོ་ནས་ཤིང་བུ་རྡེའུ་སོགས་ལ་བརྟེན་ནས་ཞི་གནས་མཚན་ཉིད་པ་ཞིག་འོང་རྒྱུ་ཡོད་ཀྱང་ད་ནི་དེ་འདྲའི་མན་ངག་གི་གནད་ཅི་ཡང་མེད་པར་རང་གར་ཤིང་བུ་རྡེའུ་ལ་ཤེས་པ་མདུང་ཚུགས་ཞིག་གིས་རྩེར་འཛིན་བྱེད་པ་ཙམ་ལ་ཞི་གནས་ཀྱི་དྲི་ཙམ་ཡང་མི་བྲོ། རྗེ་རིན་པོ་ཆེས་ཏིང་ངེ་འཛིན་གྱི་གནས་ཆ་ཡིད་ཤེས་ལ་སྒྲུབ་དགོས་པ་མ་ཤེས་ནས་མིག་ཤེས་ལ་སྒྲུབ་པ་འདི་མཁས་པའི་བཞད་གད་ཀྱི་གནས་སུ་གསུངས་པ་དེ་བདེན་པར་མཐོང་ཁྲིད་ཚུལ་འདི་ལ་དམིགས་པ་ཡུལ་གྱི་བློ་ཅན་སྒོམ་ཐོག་ནས་ལྟ་བ་ཚོལ་བའི་ལུགས་དང་། རིག་པ་རང་སྣང་གི་བློ་ཅན་ལྟ་ཐོག་ནས་བསྒོམ་པ་ཚོལ་བའི་ལུགས་གཉིས་ལས་ཀུན་མཁྱེན་ཆེན་པོས་ཁྲིད་ཚུལ་འདིར་སྤྱིའི་བབས་ཀྱི་འགྲོས་ཕྱི་མ་ལྟར་ཡིན་ཀྱང་བསྒོམ་ཚུལ་གྱི་དབང་གིས་སྔ་མ་ལྟར་བྱས་ན་ལེགས་ཆ་ཆེ་ཚུལ་གསུངས་པས་སྔོན་འགྲོའི་བློ་སྦྱོང་འདིས་ཞི་གནས་མཚན་ཉིད་པ་ཙམ་འགྲུབ་དཀའ་ཡང་འདོད་སེམས་རྩེ་གཅིག་ཞིག་མི་འགྲུབ་མི་སྲིད། དང་པོ་ཀུན་སློང་ནས་རིམ་གྱིས་བློ་སྦྱོངས་མར་ཤེས་དྲིན་དྲན་འདི་བསམ་

(༦༡)པ་ལ་རྩ་བའི་མ་ནས་བསྒོམ་དགོས་ཐུན་དང་ཐུན་མཚམས་མེད། ཇོ་བོས་རྒྱུ་འབྲས་མན་ངག་བདུན་ལྡན་དུ་བསྒོམ་པར་གསུངས་ཀྱང་ཨ་བུའི་ཕྱག་བཞེས་ལ་མར་ཤེས་དྲིན་དྲན་སོགས་ལྔ་པོའི་ནང་འདུས་སྟེ་ཡིད་འོང་གི་བྱམས་པ་བདེ་བ་དང་ལྡན་འདོད་དུ་འདུ་ལ། ལྷག་བསམ་རྣམ་དག་དམ་བཅའ་དང་འབྲེལ་བའི་ནང་དུ་འདུ་གསུངས་ནས་བློ་སྦྱོང་ཚུལ་ཐུན་རེ་གསུངས། དེ་ཞག་མང་ཙམ་རེར་བསམ་བཅུག་ནས་ལོ་གཉིས་ཙམ་འགོར། ལོ་དེར་བླ་མ་བསོད་རྒྱལ་ཡབ་སྲས་དང་བླ་མ་ངག་དབང་བསྟན་འཛིན་ཡབ་སྲས་བཅས་ལ་སྔོན་འགྲོ་རྒྱས་པར་གསུངས་པ་དེ་ཞུས། དེ་དུས་ཞལ་རྒྱུན་ལ་ཟིན་བྲིས་ཞིག་ཀྱང་བཏབ། སྔོན་འགྲོས་བློ་སྦྱོང་བའི་སྐབས་སེམས་ཡུལ་ལ་དབང་མེད་དུ་རྒྱུག་པ་ཞི་ནས་དཔྱད་འཇོག་ཅི་བྱས་ཀྱང་བདེ་མོར་བྱུང་བ་སྐབས་ཤིག་ནས་སེམས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་སོང་ནས་དཔྱད་རྒྱུ་འཇོག་རྒྱུ་གཉིས་ཀ་མེད་པའི་སེམས་གསལ་སྟོང་ཞིག་གི་ངང་ལ་རང་བཞིན་ལྷོད་ཀྱིས་སོང་། སྣང་བ་ཐམས་ཅད་ཐིག་ལེ་འབའ་ཞིག་ཏུ་གྱུར་མཐར་དེ་ཡང་ཏིང་ངེ་འཛིན་དེའི་ངོར་ནུབ་ནས་སྣང་བ་གང་ཡང་མེད་པ་ཞིག་འཆར་འདུག་པ་

(༦༢)བླ་མ་ལ་ཞུས་པས་མི་ཤེས་ཀུན་གཞི་ཡིན་འགྲོ་གསུངས་བྱུང་བས་གཟབ་དགོས་སྙམ་སྟེ་བློ་སྦྱོང་གི་དམིགས་རྣམ་རེ་རེ་ནས་འཛིན་སྟངས་ངར་ཆ་བཏོན་པས་གྲིམ་ཆེ་ན་དེ་བས་ཀྱང་སེམས་རྟོག་མེད་སྣང་ཡུལ་མེད་པ་དེར་ཕྱམ་གྱིས་བརྡལ། ཡང་སྐབས་སུ་ཞུས་པས་དེ་ཅི་ཡིན་མི་ཤེས་གསུངས། ཕྱིས་དངོས་གཞིའི་ཁྲིད་ཞུ་དུས་སེམས་རིག་ཤན་འབྱེད་སྐབས་ཡོད་རྒྱུ་ཁྱོད་ལ་སྔར་བློ་སྦྱོང་གི་དུས་ནས་སྣང་བཅས་སྣང་མེད་ཀྱི་མཉམ་བཞག་འདྲ་བ་ཞིག་བཤད་རྒྱུ་ཡོད་པ་དེ་རེད་ཀྱང་ངས་ངོ་མ་སྤྲད་བསྒོམ་བྱ་ཤོར་ལ་ཁྱི་མི་རི་ཟེར་བ་དེ་འོང་སྙམ་པས་དོགས་པ་ཡིན་གསུངས། དེ་དུས་སེམས་དོན་སྐོར་གྱི་དཔེ་ཆ་ཙམ་ཡང་མཇལ་ཁ་མི་གནང་། སྐབས་དེར་མཁན་ཆེན་རྒྱལ་མཚན་འོད་ཟེར་ཕེབས་བྱུང་བར་དེའི་མདུན་སློབ་གཉེར་སྦྱངས་དགོས་གསུངས་པ་བཞིན་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཕུང་ལྔའི་རབ་དབྱེ་སྡོམ་བྱང་རྒྱས་བཤད། དེ་གཉིས་ཀའི་འགྲེལ་པ་རྫོགས་ཆེན་མཁན་པོ་འཇིགས་མེད་བསམ་གཏན་གྱི་གསུང་བཅས་སྦྱངས་པས་འབྲུ་གཉེར་ཙམ་ཤེས། དེ་ནས་འདྲ་བ་དགེ་བཤེས་གསུང་བཀའ་གདམས་ཕུག་ནོར་བཅུའི་ཞལ་གདམས་དང་། ཀློང་སྙིང་

(༦༣)སེམས་སྦྱོང་བདུན་པ་ལག་ལེན་ལ་འདེབས་ཚུལ་དྲན་པ་ཉེར་བཞག །རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ་བཅས་ཞལ་ཁྲིད་སྩལ། སྡོམ་གསུམ་རྣམ་ངེས་སྤྱོད་འཇུག་རྣམས་ལ་སྦྱངས་བརྩོན་བགྱིས་པས་གོ་བ་ལམ་ཙམ་ཆགས། སྐབས་དེ་ཤེད་ན་བླ་མས་ད་ཨ་སྟོབས་མདུན་ཟུང་འཇུག་སྙེ་མ་ཞིག་ཞུས། བསྐྱེད་རྫོགས་ལ་གོ་བ་འགང་ཆེན་ཆགས་རྒྱུའི་ཟབ་གནད་ཆེན་པོ་རང་མེད་ཀྱང་ཕྱིན་ཆད་མཚམས་རེ་འདུག་ན་མཁོ་གལ་ཆེ་བ་ཡིན་གསུངས། བསྐྱེད་རྫོགས་ཀྱི་གཞུང་ལ་གོ་བ་ཆགས་པ་ལ་ཟབ་གནད་སྟོན་པའི་གཞུང་གང་བཟང་ཞུས་པས་སེམས་ཉིད་ངལ་གསོ་འདི་གཞུང་མིན་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་མདོ་སྔགས་བསྐྱེད་རྫོགས་དང་བཅས་པའི་ཟབ་རྒྱས་གཉིས་ཀྱི་ལམ་ཚང་ལ་མ་ནོར་བ་སྟོན་པའི་གདམས་ངག་ཡིན་ཀྱང་སྨིན་གླིང་གཏེར་ཆེན་ཡབ་སྲས་ཕྱིན་ཞིག་ནས་བཤད་རྒྱུན་ཕྲ་བར་སོང་། ཨ་བུ་བཀའ་དྲིན་ཅན་ནས་ངེད་རྣམས་ལ་ཚར་གཅིག་གསུངས་ཀྱང་དེའི་གནད་སྔོན་འགྲོའི་ནང་ཚང་བར་བྱས་ནས་བཤད་ཡོད། ཕྱིན་ཆད་རྒྱས་པར་ཨེ་ཐོབ་ལྟོས་གསུངས། དེ་བཞིན་ཟུང་འཇུག་སྙེ་མ་ཞུས། བླ་མས་ད་དུང་

(༦༤)བློ་སྦྱོང་གྱིས་སྐྱབས་འགྲོ་དང་སེམས་བསྐྱེད་ཅི་ཙམ་ཚར་གསུངས་ཐུན་རི་བཞིན་ཆ་གཉིས་བློ་སྦྱོང་ཆ་གཅིག་སྐྱབས་འགྲོ་བསགས་པས་ངག་འདོན་ནང་སྐྱབས་འགྲོ་དེ་འབུམ་ཕྲག་གསུམ་སོང་། སེམས་བསྐྱེད་འབུམ་ཕྲག་གཅིག་ཚར་ཞུས་པས་སེམས་བསྐྱེད་དེ་ཁྲི་གསུམ་ལས་མི་དགོས་བློ་སྦྱོང་གལ་ཆེ། བཏགས་པ་བ་ཁས་ལེན་གྱི་སྐྱབས་འགྲོ་བསགས་རྒྱུ་དེས་ཆོག་རྒྱུན་དུ་སྐྱབས་འགྲོ་བཞི་སྐོར་མ་དེ་ཉམས་སུ་ལོངས། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གཉིས་ཀའི་འཇིགས་པ་ལས་སྒྲོལ་བའི་གྲོགས་དང་ར་མདའ་སྐྱེལ་མ་ལྟ་བུ་ཁོང་རྣམས་ལས་སུ་ཡོད། སྲིད་ཞིའི་སྡུག་བསྔལ་ལས་སྐྱོབ་པ་ལ་སྡུག་བསྔལ་དེ་དག་དང་བྲལ་བ་ཞིག་མེད་ན་སྐྱོབ་མི་ནུས་ཀྱང་སངས་རྒྱས་ནི་མི་གནས་པའི་གོ་འཕང་མངོན་དུ་བྱས་པ་ཡིན་པས་དེ་ལ་སྟོན་པར་ཁས་བླང་ན་སྐྱོབ་ནུས། ཆོས་ནི་སངས་རྒྱས་པར་བྱེད་པ་འགོགས་ལམ་གཉིས་ཀྱི་བསྡུས་པ་དེའི་ཐུགས་རྒྱུད་ན་བཞུགས་པ་དེ་ཡིན་པས་རྣམ་འགྲེལ་ལས་བདེན་བཞིའི་བླང་དོར་མཁྱེན་པས་སྟོན་པ་ཚད་མར་སྒྲུབ་པ་ལྟར་ཡིན། དེ་ལམ་དུ་ཁས་བླངས་ནས་དེ་བཞིན་བསྒྲུབ་ན་སྐྱོབ་ནུས། དགེ་འདུན་པ་ནི་འཕགས་པ་ས་ཐོབ་

(༦༥)པ་ཡན་ཆད་ཡིན། སྟོན་པ་ཐུགས་རྗེ་ཅན་དེའི་བསྟན་པའི་ལམ་ཉམས་སུ་བླང་བས་རང་རྒྱུད་མ་ལམ་གྱི་སྤང་རྟོགས་ཅི་རིགས་དང་ལྡན་པ་ཡིན་པས་དེ་མིག་ལྟོས་བྱེད་པའི་གྲོགས་སུ་ཁས་བླངས་ཏེ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་དགོས། དཔེར་ན་ཚོང་པ་ནོར་ལྡན་འཇིགས་བཅས་ཀྱི་ལམ་དུ་འགྲོ་བ་ལ་སྐྱེལ་མ་དམ་པོ་མེད་ན་མགོ་མི་ཐོན་པ་དང་འདྲ། སྡུད་པར་ཤེས་རབ་ཕ་རོལ་ཕྱིན་པ་སུ་ཡི་ལག་ཐོགས་པ། དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། གསུངས་པས་བྱང་ཆུབ་སེམས་དཔའ་ལ་བར་ཆད་འཇུག་མི་འཇུག་ཅི་རིགས་ཡོད། ཤེས་རབ་དང་བརྩོན་འགྲུས་གཉིས་ཀ་མེད་པ་དེ་ཉིད་བདུད་ལས་ཡིན་པས་བར་ཆད་ཞུགས་ཟིན། ཤེས་རབ་མེད་པའི་བརྩོན་འགྲུས་ཅན་ལའང་བར་ཆད་འཇུག །གཉིས་ཀ་དང་ལྡན་པ་ལ་བདུད་ཀྱི་བར་ཆད་བྱེད་མི་ནུས་པ་ཡིན་ནའང་། སྔ་མ་ལས་མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྒྱལ་བ་ཡང་། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པར་མཛད། །ཅེས་པ་བཞིན་ཁྱོད་

(༦༦)ལ་ཤེས་རབ་དང་བརྩོན་འགྲུས་སྐྱོན་མེད་ཞིག་ཡོད་པས་ལམ་གྱི་བར་ཆད་སེལ་ཕྱིར་དཀོན་མཆོག་ལ་ཡིད་ཆེས་ཀྱི་སྐྱབས་འགྲོ་འདི་གལ་ཆེ། ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་ནི་ཁས་བླངས་པ་དེ་བཞིན་གང་ཉམས་སུ་ལེན་པ་ཐམས་ཅད་སྐྱབས་འགྲོའི་ར་བ་ལས་མི་འདའ་བ་ཞིག་དགོས། དང་པོ་ནས་དངོས་གཞི་ཟེར་བ་ཞིག་གི་མཐོ་བསྙབ་མི་བྱེད་པར་སྔོན་འགྲོ་འདིས་ལམ་གྱི་རྐང་རྩ་བརྟན་པོ་ཞིག་ཚུགས་དགོས། དགེ་བཤེས་པུ་ཏོ་བས་སྐྱུ་ཟབ་པ་ཡང་བཟང་ཏེ་དེ་བས་སྐྱུ་སྐེ་བྲ་བ་འདི་རང་གལ་ཆེ་གསུངས་པ་བཞིན་ཡིན་པས་བློ་སྦྱོང་འདིས་བློ་སྣ་འགྱུར་བ་ཞིག་ངེས་པར་དགོས། ཁྱོད་ལ་བློ་སྦྱོང་གིས་བློ་སྐྱེད་ཅི་ཙམ་ཐོན་གསུངས། ལགས་བློ་ལྡོག་བཞི་པོ་ཇི་ལྟ་བ་བཞིན་རྒྱུད་ལ་སྐྱེ་དཀའ་ཡང་། ཆུང་ངུའི་དུས་ནས་བདག་འཁོར་བའི་ཕུན་ཚོགས་གང་ལའང་བློ་ཧ་ཅང་འཐས་པ་ཞིག་མིན་སྟེང་ད་སྐབས་བླ་མའི་ཐུགས་རྗེས་རྒྱུ་མཚན་ངེས་པས་ངེས་འབྱུང་ཡེ་བཅོས་མི་དགོས་པ་ཞིག་བྱུང་། མཆོག་གསུམ་ལ་ཡིད་ཆེས་ནི་ཁ་ཞེ་མེད་པར་སྐྱེས། བྱང་ཆུབ་ཀྱི་སེམས་འདི་ཡང་ཐེག་པ་ཆེན་པོའི་ལམ་གྱི་གཞི་མར་ཤེས་ནས་ད་ལྟ་

(༦༧)དགྲ་གཉེན་གང་ལའང་། ཚེ་རབས་བརྒྱུད་མའི་མ་ཡིན་པའི་རྒྱུ་མཚན་གྱིས་དེ་དག་བདེ་བ་དང་ལྡན་འདོད་སྡུག་བསྔལ་དང་བྲལ་འདོད་ཀྱི་ཀུན་སློང་ཁྱད་འཕགས་ཀྱིས་དྲངས་བས་ཕན་ཐོགས་པའི་སྐབས་མཆིས་ན་སྲོག་འདོར་བ་ལ་ཡང་ཉམ་མི་ང་བའི་གདེངས་མཆི། གཞན་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཆུང་ངུའི་དུས་ནས་ལྷན་སྐྱེས་སུ་ཡོད་བྱས་ཀྱང་ངོ་མི་ཚ་བ་ལགས་ཞུས་པས། འོ་དེ་དགོས་འོན་ཀྱང་བློ་སྦྱོང་གི་མཐུས་དགེ་བའི་བློ་སྣ་རེ་སྐྱེས་ཀྱང་ཡང་ཡང་བློ་མ་སྦྱང་ན་འགྱུར་འགྲོ་སླ་བས་དལ་འབྱོར་རྙེད་དཀའ་སོགས་རེ་རེ་ནས་ངོ་བོ་གྲངས་ངེས་གོ་རིམ་རྣམས་སོ་སོ་ནས་བློ་ཐོག་ལ་འཇགས་པ་ཞིག་དགོས། ཀུན་བཟང་བླ་མའི་ཞལ་ལུང་འདི་བློ་ལ་བྱང་བར་གྱིས་གསུངས་ནས་ཁྲིད་ཡིག་གི་དཔེ་ཆ་ཞིག་གནང་། བླ་མའི་གསུང་བཞིན་བློ་ལ་བྱུང་བས་ཐུགས་མཉེས། དེ་འདྲ་དགོས་གླེན་པའི་སེམས་གནས་ཨུ་ཚུག་ཞིག་ལ་རྩིས་ཆེན་དུ་བྱེད་པའི་སྒོམ་ཆེན་དེ་འདྲས་མི་འོང་སྒོམ་ཆེན་རབ་ལ་སྟོན་པ་རབ། སྒོམ་ཆེན་འབྲིང་ལ་སྟོན་པ་འབྲིང་། ཐ་མ་ལ་ཐ་མ་ཞིག་འོང་གསུངས་པ་དེ་བདེན་ངེད་ཀྱི་བཤད་པའི་ཚིག་སྒྲོས་ཙམ་ཡང་མ་ཉམས་པར་

(༦༨)ཅི་ཟིན་གྱིས་ལ་བསམ་དགོས། སེམས་སྦྱོང་བདུན་ལས་གསུངས་པ་བཞིན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་ལ་འཆད་ཉན་བྱེད་པ་བས་བླ་མའི་གསུང་སྒྲོས་ཚིག་གཅིག་བཟུང་བའི་བསོད་ནམས་ཆེ་བར་གསུངས་པ་དེ་ཡིན། བླ་མའི་གསུང་སྒྲོས་ལ་བརྟགས་དཔྱད་ཅི་ཡང་མེད་པར་རང་རང་གི་ཁ་ནས་ཅི་ཐོན་ཐོན་བྱས་པས་རྙིང་མ་པའི་སྙན་བརྒྱུད་ཕལ་ཆེར་ཆད། དེས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་ལ་བརྒྱུད་པའི་མན་ངག་མ་ནུབ་པ་གལ་ཆེ་གསུངས་པ་ཡིད་ལ་བཅག་ཏེ་ཚིག་རེ་རེ་ཡང་བློ་ལ་བཟུང་ཟིན་བྲིས་སུ་བཏབས། དེང་སང་ཡང་བཀའ་དྲིན་ཅན་གྱི་དངོས་སློབ་ཏུ་གྱུར་པ་རྣམས་ལས་སྔོན་འགྲོ་དངོས་གཞི་གང་གི་སྐབས་ནའང་ངེད་ཀྱི་བཤད་པ་འདི་ཟབ་ཤོས་སུ་བྱུང་། དུས་ཕྱིས་བླ་མ་ཨ་སྟོབས་ཞལ་ནས་བླ་མ་བཀའ་དྲིན་ཅན་སྐུ་ཚེའི་སྟོད་ལ་ཨ་བུའི་ཞལ་རྒྱུན་རྣམས་ཆེར་མི་གནང་བས་ད་རེས་ཁྱོད་ལ་གསུངས་པ་རྣམས་ཆོས་ཟབ། ངའི་རྣ་བ་འདི་བསོད་ནམས་ཟད་པ་ཞིག་རེད་རྟོགས་འབུལ་བྱེད་པ་ཡིན་ཟེར་མཁན་མང་པོ་འོང་ནས་སོ་སོར་སེམས་ངོ་འདྲ་བ་རེ་བཤད་རྒྱུ་འདུག་ཀྱང་སེམས་རིག་ཤན་ཕྱེད་ནས་རིག་ངོ་ཙམ་ཤེས་པ་ཡང་སུ་མི་འདུག །ངེད་རང་གི་

(༦༩)ཤེས་རྒྱུ་དེ་ཁོང་རྣམས་ལ་བསྟན་རྒྱུ་ནི་མི་འདུག །བཤད་ཀྱང་སྙན་བརྒྱུད་ཀྱི་གདམས་པ་ཅི་བཞིན་མེད་པས་བརྡ་འཕྲོད་པའང་དཀའ་བར་འདུག་གསུང་ནས་བཀའ་དྲིན་ཅན་གྱི་ཁྲིད་རྒྱུན་དེ་གསན། གང་ལྟར་ཡང་ཨ་བུའི་ཞལ་རྒྱུན་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ཁྲིད་རྒྱུན་རྣམས་ངེད་རང་གཅིག་པུ་ཙམ་ལས་ཐམས་ཅད་ལ་ཁྱབ་བརྡལ་དུ་གནང་ཚོད་མ་རེད་སྙམ་པ་ཡིད་ལ་ཤར། བཀའ་དྲིན་ཅན་གྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་བསོད་རྒྱལ་ཨ་སྟོབས་རྣམ་པ་གཉིས། བར་ཙམ་གྱི་སློབ་མ་མཁན་པོ་རྡོར་ལི། གླིང་མདའ་ནོར་ཁོ། ས་ངན་དབང་ཆེན། ལ་ཁ་སྤྲུལ་སྐུ། སྤྲུལ་སྐུ་ཨ་བློ། གསེར་ཏོག་སྤྲུལ་སྐུ། འཕེལ་ཚ་བླ་མ་ཡོན་ཏན་རྣམས་དང་། སྐུ་ཚེ་སྨད་ཞིག་ནས་འཕེལ་ཚ་པདྨ་རྡོ་རྗེ། བསོད་ནམས་ནོར་བུ། པདྨ་བློ་གསལ། རྟག་ཁོ་པདྨ་རྡོ་རྗེ། ས་ངན་དཀོན་མཆོག་རྣམས་གཙོ་བོར་བྱོན་ཀྱང་མན་ངག་ཐམས་ཅད་ཀྱི་ཡང་བཅུད་སྙིང་པོར་དྲིལ་བ་གནང་ནས་ཞལ་རྒྱུན་ཅུང་ཟད་ཀྱང་མི་ཉམས་པར་གལ་ཆེ་ཚུལ་སོགས་དང་དོན་བརྒྱུད་ཀྱི་བརྒྱུད་པ་གཏད་པའི་གསུང་འཕྲོས་སྔ་ཕྱི་དུ་མ་ལ་ངེས་པ་ཐོབ་

(༧༠)བཀའ་དྲིན་ཅན་གྱི་སློབ་མའི་གཙོ་བོ་བླ་མ་རྒྱལ་མཚན་དང་ཡོན་ཏན་རྣམས་ལ་གསུང་འཕྲོས་ཕེབས་པ་ལས། ང་ལ་ཨ་བུ་རིན་པོའི་ཆེས་ལོ་བརྒྱ་རེ་ན་སྙིང་ཐིག་གི་བསྟན་པ་དག་ཐེར་བྱེད་པ་ལ་བི་མ་ལ་རེ་འབྱོན་པར་གསུངས་པའི་དུས་སུ་ཉེ་ལ་ཁད་ཞིག་ཏུ་སྣང་། ཁོང་གིས་ནི་མི་འཇལ་ཁྱོད་ཀྱིས་མཇལ་འོང་གསུངས། རྫོགས་ཆེན་སྤྲུལ་སྐུ་དེ་ཨེ་ཡིན་བསམ་ཀྱང་ཨ་བུ་རང་གི་མཇལ་བར་མ་ཟད་གསང་སྙིང་གནང་བའི་སློབ་མ་ཡིན་པས་བརྟགས་ན་མི་འདྲ། ད་ངག་ལི་འདི་མིན་ན་ངས་མཇལ་མ་སོང་ཁོང་རྣམ་དཔྱོད་དང་ལམ་རྟགས་སྐྱེ་ཚུལ་གང་ལ་དཔག་ཀྱང་ཡིན་པ་འདྲ་ཞེས་ཕེབས་འདུག །འོན་ཀྱང་བི་མ་དངོས་ཡིན་རྒྱུ་དཀའ་ཡང་སྤྱི་བོ་ན་ཨོཾ་སྨིན་མཚམས་སུ་ཧཱུྃ་ཡིག། སྣ་རྩེར་ཡི་གེ་ཨ་ཡི་རི་མོ་དང་ལུས་ལ་རིགས་ལྔའི་ཕྱག་མཚན་སོགས་ཡིག་འབྲུ་རྣམས་ཀྱི་མཚན་མས་སྤྲས་པ་ད་ལྟ་མངོན་སུམ་སྣང་བ་འདི་དག་དང་། རྫོགས་པ་ཆེན་པོའི་ཆོས་འཆད་ཉན་གྱི་སྒོ་དང་པོར་ཕྱེ་བའི་སྐབས་འཇའ་ཚོན་གྱི་གུར་ཕུབ་པ་དང་། མེ་ཏོག་གི་ཆར་བབ་པ་སོགས་ལྟས་བཟང་པོ་སྔ་ཕྱིར་བྱུང་བ་དང་། རྗེས་འཇུག་གི་གང་ཟག་མོས་གུས་ཅན་

(༧༡)ཕལ་མོ་ཆེ་འཆི་ཁར་མངོན་སུམ་རྗེས་སུ་བཟུང་བ་སོགས་ཡ་མཚན་མཐུན་སྣང་དུ་བྱུང་བ་འདི་དག་ལ་དཔག་ན་རྗེས་འཇུག་དག་གིས་མོས་གུས་ཀྱི་རྟེན་དུ་རུང་ཙམ་མཆི། བླ་མ་གཏེར་ཆེན་མདུན་གཏེར་གསར་དབང་ལུང་ཡོངས་རྫོགས་ཞུས། དེ་ནས་བླ་མའི་རྣལ་འབྱོར་མགོར་ཨ་སྟོབས་མདུན་སྙིང་ཐིག་གཏེར་སོད་གཉིས་ཀྱི་དབང་ལུང་ཡོངས་རྫོགས་ཞུས། དེ་ནས་བཀའ་དྲིན་ཅན་གྱིས་ད་བསྙེན་པ་དང་སྔོན་འགྲོའི་སྦྱངས་པ་གཉིས་འཐུས་ཀྱི་བླ་མའི་རྣལ་འབྱོར་དེ་བསགས་དགོས། སྙིང་ཐིག་འདི་ལ་བྱིན་རླབས་བླ་མ་སྒྲུབ་པའི་རིམ་པ་ལ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་སྔོན་འགྲོ་ཕྱི་ནང་གི་ཁྲིད་ཀྱིས་རྒྱུད་སྦྱངས། ནང་སྒྲུབ་རིག་འཛིན་འདུས་པ་ལ་བརྟེན་ནས་ལུང་ཨ་ནུ་ཡོ་ག་སྤྱི་མདོ་དགོངས་འདུས་ཀྱི་ལེའུ་དྲུག་ཅུ་རྩ་བཞི་པའི་དགོངས་པ་ཐུན་མོང་བསྐྱེད་རིམ་གྱིས་མ་དག་པ་བདུན་ནོན་ཚུལ། དེ་ཡན་གྱི་སའི་ལྷག་མ་རྣམས་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུའི་ལམ་ནས་མ་དག་སྒྱུ་ལུས་དང་དཔེའི་འོད་གསལ་བསྐྱེད་ནས་རིམ་གྱིས་སློབ་པའི་ཟུང་འཇུག་ནས་མི་སློབ་ཟུང་འཇུག་གི་གོ་འཕང་ལ་

(༧༢)སྦྱོར་ཚུལ་དང་། རིགས་འཛིན་ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པའི་འགྲེལ་པ་དཔལ་ཆེན་ཞལ་ལུང་། དེའི་དོན་འགྲེལ་འོག་མིན་བསྒྲོད་པའི་ཐེལ་སྐས། དེའི་བཀའ་འགྲེལ་ཨ་བུ་རིན་པོ་ཆེའི་གསུང་དཔལ་ཧེ་རུ་ཀ་གལ་པོའི་དགོངས་པ་རིམ་པ་ལྔའི་སྒོ་ནས་བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན། ཡུམ་བཀའ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་ཐབས་རྣམས་ཀྱི་ཁྲིད། ཀློང་ཆེན་སྙིང་ཐིག་ཅེས་ཡོངས་སུ་གྲགས་པའི་གཙོ་བོ་ཡེ་ཤེས་ཀློང་གི་རྒྱུད། རྒྱུད་ཕྱི་མ། ལུང་ཀུན་ཏུ་བཟང་པོའི་དགོངས་ཉམས། དེ་དག་གི་དོན་འགྲེལ་ཡེ་ཤེས་བླ་མ། ཀུན་མཁྱེན་ཞལ་ལུང་བཅས་དེ་ལྟར་ཀུན་མཁྱེན་འཇིགས་གླིང་ཚུན་སྨིན་ཁྲིད་ཀྱི་ཕྱག་བཞེས་དེ་ཡོད་པས་ད་བླ་མའི་རྣལ་འབྱོར་ལ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ་བྱེ་བ་གཅིག་གསུངས་ཀྱང་ད་ལམ་བསྙེན་པ་བྱེ་བ་གསུམ་འགྲོ་ངེས་དགོས་གསུངས་པ་བཞིན་ཤེས་པ་ལྔའི་སྒོ་ནས་བླ་མའི་རྣལ་འབྱོར་ལ་འབད། འདིའི་ཡན་ལག་བདུན་པ་དང་འབྲེལ་བརྐྱང་ཕྱག་འབུམ་ཐེར་བསགས། དེ་ཡང་བཀའ་དྲིན་ཅན་ཞལ་མཇལ་ཆོས་

(༧༣)ཀྱི་འབྲེལ་པ་ཐོབ་ནས་བཟུང་བླ་མ་སངས་རྒྱས་སུ་ལྟ་བའི་མོས་གུས་ཀྱིས་གསོལ་བ་འདེབས་པ་ལས་མིར་འཛིན་གྱི་རྟོག་ངན་གཏན་ནས་འཆར་མ་མྱོང་ཐུན་ཕྱེད་ཡན་དངོས་གྲུབ་བསྒྲུབ་པ་དང་དེ་མན་དངོས་གྲུབ་བསྐུལ་བའི་གསོལ་འདེབས་གཉིས་སིདྡྷི་བྱེ་བ་གཅིག་མ་སོང་བར་བརྒྱ་སྐོར་རེའི་མཚམས་སུ་བཏགས་ནས་ཕྱི་མ་གཉིས་ལ་བསྙེན་པ་སྟོང་རྩ་རེའི་མཚམས་སུ་སྒྲུབ་པ་དང་བསྐུལ་བའི་གསོལ་འདེབས་ཀྱི་ཤམ་སྦྲེལ། བསྙེན་པའི་སྐབས་ཤིག་ཏུ་སྐུ་མདུན་ཕྱིན་པར་ཉིན་གུང་གསོལ་ཚིག་མཛད་འཕྲལ་གཟིམ་ཁང་ལ་ཞབས་སྐོར་ཉེར་ལྔ་རེ་ཆག་མེད་གནང་བའི་ཕྱག་ཕྱི་ལ་ཕྱིན། སྤྱང་ལྤགས་ཀྱི་སྐོད་ལྕིབས་ལ་ལྷྭམ་སྒྲོག་ཀྱིས་མཇུག་མ་འདྲ་བ་ཞིག་བཏགས་ནས་ཆབ་བསང་ལ་བཞུགས་དུས་ངའི་རྔ་ལི་ནས་འཐེན་གསུངས་ནས་དེར་འཐེན་པས་གོས་མཐའ་ནང་དུ་མི་དྲིལ་བར་བསང་ཁང་དུ་བཞུགས་བདེ་བའི་ཁྱད་ཡོད་པ་དེ་ཉིན་ཅི་ཡང་མི་གསུང་བར་སྔར་བཞིན་སྤྱོད་ལམ་ནང་བཞུགས་སོང་བར་བཞུགས་སྟབས་མི་བདེ་བའི་རྣམ་པ་མཛད། ཕྲན་ནས་སྔར་བཞིན་བླ་མའི་རྔ་ལི་ནས་ཨི་འཐེན་ཞུས་པས་བརྗེད་སོང་བ་རེད་འཐེན་འཐེན་

(༧༤)གསུངས་ཞོར་ལ་ཚུར་གཟིགས་ནས་བུ་ངས་ཁ་ངན་ལང་གིས་རྔ་ལི་ཟེར་བ་ཁྱོད་ལ་ཁག་མེད། ལར་བླ་མ་འདི་སངས་རྒྱས་ཆོས་སྐུར་ལྟ་བ་ལས་གཟུགས་སྐུ་རང་མཚན་པར་བལྟ་མི་རུང་བར་གསུངས་ན་རྔ་ལི་ཞེས་སྨྲོས་ག་ལ་རུང་། གང་དག་ང་ལ་གཟུགས་སུ་ལྟ་སོགས་ལུང་དྲངས་ནས་བླ་མ་སངས་རྒྱས་ཆོས་སྐུར་ལྟ་མི་ཤེས་ནས་དེ་གཟུགས་ཅན་སྒྲ་ཅན་དྲི་ཅན་རོ་ཅན་རེག་བྱ་ཅན་དུ་བཟུང་ན་རྟོག་ངན་དེས་བསྒྲིབས་ནས་མཆོག་གི་དངོས་གྲུབ་ཡང་དག་བསྒྲུབ་པ་ལ་གེགས་ཆེན་པོ་བྱེད་པས། འདྲེན་པ་རྣམས་ནི་ཆོས་ཉིད་ལྟ་ཞེས་གསུངས་ཕྱིར་ཆོས་ཉིད་ཀྱི་རིགས་པས་བླ་མ་སངས་རྒྱས་ཆོས་སྐུར་བལྟ་དགོས་གསུངས་རྐྱེན་གྱིས་ངེས་པར་སངས་རྒྱས་རྡོ་རྗེ་འཆང་ཞེས་པ་འདི་ཀ་ཡིན་སྙམ་པའི་ངེས་ཤེས་བཅོས་མིན་སྐྱེས། ཐག་ཉེ་རིང་ཉིན་མཚན་གང་གི་དུས་སུ་ཡང་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པའི་སྤྱན་སྔ་ན་མི་གཟིགས་པ་གང་ཡང་མེད་པས་དེའི་སྤྱན་སྔ་ན་རྒྱུན་པར་ཡོད་སྙམ་ཀྱིས་རྟོག་ངན་ཕྲ་མོ་ཙམ་ལའང་སྐྲག་པ་དང་། དོགས་པ་ཆེན་པོའི་སྒོ་ནས་དྲན་པ་དང་ཤེས་བཞིན་ཡང་དག་པ་བརྟེན་ནས་གནས་པས་བླ་མ་དང་སངས་རྒྱས་རྗེས་སུ་དྲན་པ་འདི་ལྟ་བུ་ཞིག་ལ་གསུངས་སྙམ་པ་དྲན། བླ་མ་སངས་རྒྱས་སུ་ཤེས་པ་སོགས་ལྔ་པོ་

(༧༥)ལུང་རིགས་ཀྱིས་བསྒྲུབས་པས་བཅོས་མ་དང་བཅོས་མིན་གྱི་མོས་གུས་སྐྱེ་བ་སྔ་མའི་ལག་རྗེས་སུ་སོང་། དེ་ནས་བཟུང་དབང་ཆོས་ཀྱིས་འབྲེལ་བའི་བླ་མ་རྣམས་བཀའ་དྲིན་དང་ཐུགས་རྗེ་ཚད་མེད་པའི་རྣམ་པར་བལྟས་ནས་ཐུགས་མཉེས་པ་འབའ་ཞིག་ལས་སུན་པ་སྐད་ཅིག་ཀྱང་མ་བསྐྱེད་པར་ཐུགས་ཟིན་པར་བྱས། ཕྱིས་སུ་རྫོགས་ཆེན་མཁན་པོ་བསོད་ཆོས་ཞལ་ནས་བདག་ལ་དགེ་བའི་བཤེས་གཉེན་བརྟེན་མཁས་པ་འཕགས་པ་ནོར་བཟང་གི་རྣམ་ཐར་གྱི་རྗེས་སུ་འགྲོ་བ་ཞེས་བསྔགས་པ་ཁོ་ན་གནང་བ་བཞིན་བླ་མར་མ་ཟད་རྡོ་རྗེའི་མཆེད་ལྕམ་ལའང་སྐྱོན་འདོགས་ངན་བརྗོད་ལྐོག་ལབ་སོགས་ཕྲ་མོ་ཙམ་བགྱིས་པ་མི་དྲན་པས་དམ་ཚིག་གཙང་ཤོས་ཞིག་ཡིན་སྙམ་ཀྱི་གདེང་མཆིས་དེང་སང་སྙིགས་མའི་རང་ཤུགས་ཀྱིས་ཆོས་དང་དམ་ཚིག་གིས་འབྲེལ་བའི་བླ་མ་དང་མཆེད་ལྕམ་ལ་སྐྱོན་རྟོག་དང་ངན་བརྗོད་ངོས་དགའ་དང་ལྐོག་ལབ། རྒྱུ་ང་ཕྲག་དོག་ཚིག་ངན་གདུག་རྩུབ་འབའ་ཞིག་གིས་ཀུན་ཞེ་འགྲས་པར་བྱེད། ཐོས་རྒྱ་དང་བཤད་རེས་འཇིག་རྟེན་ཕུན་ཚོགས་ཀྱི་གཟི་བྱིན་བསྐྱེད། ཐོབ་དང་གོ་བ་ཙམ་སྐྱབས་སུ་བརྟེན་ནས་དམ་ལྡན་གྱི་སྙོམས་

(༧༦)པ་འཆང་། སྒྲུབ་པ་དང་སྨིན་གྲོལ་གྱི་གཟུགས་བསྙན་ངོམས་ནས་གྲུབ་རྟགས་དང་ནུས་མཐུ་ལ་རེ་བ་ཆེན་པོ་བྱེད་པ་རྣམས་དམ་ཉམས་ངན་སོང་གི་རྒྱུ་ལས་གཞན་དུ་མ་དམིགས་པས་སྔགས་ཀྱི་ཐེག་པ་འདིར་དམ་ཚིག་གཙང་བ་ཞིག་ཤིན་ཏུ་ཁག་ཆེ། ཞི་བ་ལྷ་རྒྱུད་ལས། བླ་མ་ལྷ་དང་མཆེད་ལྕམ་རྣམས། མི་འབྲལ་བརྟེན་པའི་དམ་ཚིག་གཙོ། ཞེས་པ་ལྟར་ལགས། དེ་ནས་བླ་མའི་རྣལ་འབྱོར་ཟིན་པ་དང་མཉམ་དུ་ད་བསྐྱེད་རིམ་ཞིག་བསླབ་ན་ལེགས་གསུངས་ནས་སྲོག་སྡོམ་གཟེར་བཞིའི་མན་ངག་ཁམས་སུམ་རོལ་པ་ཚངས་པའི་སྒྲ་དབྱངས་ལ་རྒྱས་བཤད། འོག་མིན་བསྒྲོད་པའི་ཐེམ་སྐས་དེའི་བཀའ་འགྲེལ་བཅས་དང་། ཁྱད་པར་རིམ་པ་ལྔ་པོ་འདི་མ་ཧཱ་དང་ཨ་ནུ་གཉིས་ལ་གོ་བ་ཐུན་མོང་དུ་ཁྱེར་དགོས་པའི་གནད་གལ་པོ་ཆེ་ཡིན་པས་ཧེ་རུ་ཀ་གལ་པོ་ལས། རྡོ་རྗེའི་བཟླས་དང་སེམས་ལ་དམིགས། བདག་བྱིན་རླབས་དང་འོད་གསལ་བ། ཟུང་དུ་འཇུག་པ་འདི་ལྔ་ལ། རིམ་པ་ལྔ་ཞེས་བཤད་པ་ཡིན། ཞེས་གསུངས་པ་འདི་རྣམས་ཀྱི་ཐད་ནས་བཤད་པ་ལེགས་པར་ཐོན་པ་ཨ་བུ་བཀའ་དྲིན་ཅན་ཙམ་ཡིན་ཞེས་བཤད་པ་གཟབ་

(༧༧)རྒྱས་ཞིག་གནང་། ཟིན་བྲིས་ཉུང་ངུ་ཞིག་ཀྱང་བཏབ། དེ་སྐོར་གྱི་དོགས་སེལ་དང་དྲི་བ་སྔ་ཕྱི་མང་དུ་བགྱིས་པས་རྡོ་རྗེ་ཐེག་པའི་རིམ་པ་གཉིས་ལ་གོ་བ་རྣལ་མ་ཞིག་ཆགས་སོང་། དེ་འཕྲལ་ལྷ་བཟོ་བླ་མ་རིགས་འཛིན་ནས་ཞུས་ངོར་ངལ་གསོ་སྐོར་གསུམ་གྱི་དོན་ཁྲིད་གནང་བ་ཡང་མཉམ་པོར་ཞུས། ངལ་གསོའི་དོན་ཁྲིད་ལ་ཟླ་ཤས་སུ་བློ་སྦྱངས་དགོས་གསུངས་པ་བཞིན་དམིགས་རྣམ་རིམ་གྱིས་བསྐྱངས། བསྐྱེད་རིམ་སྐབས་ཤིག་ན་བླ་མས་ཐ་མལ་སྣང་ཞེན་གྱི་གཉེན་པོ་རྣམ་པ་གསལ་བ་རྣམ་དག་དྲན་པ། ང་རྒྱལ་བརྟན་པ་གསུམ་གྱི་སྒོ་ནས་ཡུལ་གསུམ་གྱད་དུ་གྱུར་པ་ཞིག་གི་བར་བསྒོམ་དགོས། གཞན་གྱི་ལུགས་ལ་བསྐྱེད་རྐྱང་བཅོས་མའི་ལམ་ལས་དང་པོ་ནས་ལྟ་བ་ཞིག་མ་གསུངས་ཀྱང་སྔ་འགྱུར་བ་རང་གི་ལུགས་ལ་དང་པོ་ནས་དག་མཉམ་ཆེན་པོའི་ལྟ་བ་ལ་ངེས་པ་གཞན་གྱིས་མི་འཕྲོག་པ་ཞིག་ངེས་པར་དགོས། དེ་ཡང་རྩ་རྒྱུད་གསང་སྙིང་ལེའུ་ལྔ་པར། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ།

(༧༨)ཞེས་དང་། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་དང་། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་དག་པ་གསུམ་མཉམ་པ་བཞི་བདག་ཉིད་ཆེན་པོའི་གཏན་ཚིགས་རྣམས་གསུངས་ཀྱང་། རྟོགས་པ་བཞིའི་གཏན་ཚིགས་གི་ནང་དུ་དེ་དག་གི་གནད་འདུ་བས། ཐམས་ཅད་མངོན་རྫོགས་རྒྱལ་པོར་གཏན་ལ་ཕེབས་པས་གྲུབ་དོན་ནམ་གྲུབ་མཐའ་ཡིན། དེ་ལ་རྒྱུ་གཅིག་པའི་གཏན་ཚིགས་དེས་དགག་བྱ་མ་རིག་པ་བདེན་པར་འཛིན་པའི་བློ་འཁོར་བའི་རྩ་བ་སྟེ། ཨ་ཧོ། །སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས་སོགས་དང་། ཨེ་མ་ཧོ། །བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པ་དེ་གང་ཡིན་ན་ཁྱེད་རྣམས་ཀྱི་ཞི་ཁྲོ་འདོན་དུས་རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ཅེས་འདོན་རྒྱུའི་རྣམ་པར་རྟོག་པ་བྲེང་བྲེང་པོ་འདི་ལ་བདག་ཏུ་འཛིན་པ་ཟེར་བ་ཡིན། དེ་དགག་པ་ལ་རྒྱུ་སྟོང་ཉིད་དུ་རིགས་གཅིག་པས་བསྒྲུབ་པ་ཡིན་ཀྱང་མཚན་ཉིད་ཐེག་པའི་ཐལ་རང་གཉིས་གང་རུང་གི་རིགས་པས་བདེན་མེད་དུ་ངེས་པ་ཞིག་སྔོན་དུ་སོང་ན་འདི་སྒྲུབ་སླ། དེ་མིན་པར་རྒྱུ་རིགས་གཅིག་པའི་ཕྱིར་

(༧༩)ཞེས་པའི་གཏན་ཚིགས་གིས་དབང་རྣོན་ཞིག་ཡིན་ན་མ་གཏོགས་གོ་མི་ཆོད་པར་འདུག་གསུངས། དེ་ལ་ཐལ་རང་གཉིས་ཀྱི་རིག་པ་གལ་གང་ཆེ་ཞུས་པར་ཅི་ཟེར་སྟོང་ཉིད་དུ་ངེས་པ་ལ་ཁྱད་མེད། དེ་གཉིས་ཐ་སྙད་ཀྱི་འཇོག་ཚུལ་ཙམ་ལ་རྩོད་འདུག་ཀྱང་སྔགས་ཀྱི་བསྒྲུབ་བྱ་མཐར་ཐུག་དོན་གྱི་འོད་གསལ་དང་སྒྱུ་ལུས་ཟུང་འཇུག་རླུང་དང་ཐིག་ལེའི་རྫོགས་རིམ་ལ་བརྟེན་ནས་རླུང་སེམས་དབུ་མར་དག་པའི་ལག་རྗེས་ལས་འབྱུང་བའི་དཔེ་དོན་གྱི་ཡེ་ཤེས་འོད་གསལ་དང་། དེའི་རྗེས་ཐོབ་ན་སྣང་བ་བདེན་མེད་སྒྱུ་མ་ལྟ་བུར་འཆར་ན་དེ་དུས་ཐ་སྙད་ཀྱི་འཇོག་མཚམས་ལ་ཅི་བྱས་ཀྱང་དོན་ལ་བདེན་ཞེན་མེད་པར་མཉམ། མངའ་བདག་མཻ་ཏྲི་པ་གྲུབ་མཐའ་སེམས་ཙམ་པ་དང་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་རང་རྒྱུད། ཞི་བ་ལྷ་ཐལ་འགྱུར་བ་ཡིན་ཀྱང་དེ་དག་གི་མཆོག་གི་དངོས་གྲུབ་བརྙེས་པའི་མཐོང་ལམ་གྱི་རྟོགས་རིགས་ལ་ཁྱད་མ་བྱུང་བ་ཡིན་གསུངས་དེ་ཅི་འདྲ་ལགས་ཞུས་པས་དེ་དུས་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཀྱང་འགགས་དགོས་ན་ཐ་སྙད་ཀྱི་འཛིན་སྟངས་ཞིག་ལ་ཨའུ་ཙི་གསུངས། ལགས་དེ་ལྟ་ན་ཐལ་རང་གཉིས་ཀྱི་

(༨༠)ལུགས་གཉིས་པོ་ལ་ཐ་སྙད་ཀྱི་འཇོག་ཚུལ་དེས་བཟང་ངན་དང་ཕན་གནོད་མེད་དམ་ཞུས་པས། ཅི་ཟེར་ཐ་སྙད་རང་གི་གནས་ཚུལ་ལ་སྒྲོ་འདོགས་ཆོད་མ་ཆོད་ཞིག་ལོས་ཡོད། དེས་ལམ་ལ་གེགས་ཆེན་པོ་བྱེད་པ་མིན་གསུངས། འོ་ན་ད་ལྟ་ཐམས་ཅད་ཀྱིས་ཕན་ཚུན་རྩོད་འདུག་པ་ཅི་ཡིན་ཞུས་པས་དེ་རྣམས་ཀྱིས་ལམ་གྱི་འགྲོ་ལུགས་མ་ཤེས་པར་ལྟ་བ་ང་བཟང་ཁྱོད་བཟང་གིས་རྩོད་འདུག་པ་ཡིན་གསུངས། འོ་ན་སངས་རྒྱས་བསྐྱང་དང་ལེགས་ལྡན་འབྱེད་རྣམས་ཀྱིས་ལམ་གྱི་འགྲོ་ལུགས་མ་དགོངས་པ་ལགས་སམ་ཞུས་པར་ག་ལ་ཡིན། དེ་གཉིས་ཀྱིས་འཕགས་པའི་དགོངས་པ་ལ་ཐ་སྙད་ཀྱི་སྒྲོ་འདོགས་བཅད་ལུགས་ལ་རྩོད་པ་ཡིན། དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་རྩལ་འདོན་ཆེ་ཆུང་གི་ཁྱད་ཡིན་ཅེས་གསུངས་ཀྱང་ལས་དང་པོ་པས་རྣམ་གྲངས་པའི་དོན་དམ་ལ་ངེས་པ་འདྲོངས་ནས་ཚོགས་ལམ་པས་དེ་ལྟར་གོ་བ་ཞིག་དང་ཞི་གནས་མཚན་ཉིད་པ་ཞིག་གྲུབ་པའི་སྟེང་ལམ་ལ་གོམས་པ་བསྲིང་པས་དེས་ཚོགས་ལམ་ཆེན་པོ་བསྒྲོད་ཐུབ་ན་གཟོད་ལྷག་མཐོང་ལ་མྱོང་བ་ཅུང་ཟད་ཐོབ་པས་སྦྱོར་ལམ་ལ་འཕོ། སྟོང་ཉིད་མངོན་སུམ་པའི་དུས་རྣམ་གྲངས་མིན་པའི་དོན་དམ་པ་

(༨༡)དང་པོ་ནས་འཇོག་དགོས། ས་དང་པོའི་རྟོགས་བྱའི་སྟོང་ཉིད་དེ་ལས་ས་བཅུ་རེ་རེ་ནས་རྟོགས་བྱ་མི་འདྲ་བ་རེ་མེད་ཀྱང་བློ་སྟོབས་ཀྱི་ནུས་པས་འཇོག་པ་སྟེ། དེང་སང་ཐལ་འགྱུར་བའི་ལས་དང་པོ་བའི་སྐབས་སུའང་རྣམ་གྲངས་མིན་པའི་དོན་དམ་ཁས་ལེན་ཀུན་བྲལ་འཕགས་པ་གསུམ་གྱི་མཉམ་བཞག་དང་མཐུན་པར་གཏན་ལ་འབེབས་དགོས་སྐད་ཀྱང་འཕགས་པ་གསུམ་གྱི་རྟོགས་རིགས་ལ་ཁྱད་ཆེན་པོ་ཡོད་པར་འཆད་བཞིན་མཉམ་བཞག་གསུམ་ལ་ཁྱད་པར་ཅི་ཡང་མེད་པ་ཅི་ལྟར་སྒྲུབ་མཉམ་བཞག་རྟོག་མེད་ཙམ་ནི་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་དང་ཁྱད་ཅི་ཡང་མེད་པས་དེས་བདག་འཛིན་དང་བདེན་འཛིན་ལ་ཅི་ཡང་མི་གནོད་དེ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། ཤིན་ཏུ་ཉེས་པ་ཚར་གཅོད་མིན། གསུངས་པ་དེ་ཡིན། དང་པོ་ནས་ང་ལ་ཁས་ལེན་མེད། སྤྲོས་བྲལ་ཡིན་ཟེར་བའི་ཆོས་སྐད་ཆེན་པོ་ངག་ནས་གང་ཐོན་ཐོན་དུ་སྨྲས་པས་བདག་གཉིས་དང་དེའི་འཛིན་སྟངས་ལ་ཅི་ཡང་མི་གནོད། དཔེར་ན་བདག་ཏུ་འཛིན་པ་གཉིས་པོ་ཡང་ཁས་ལེན་མེད་

(༨༢)སྤྲོས་བྲལ་ཡིན་ཞེས་བརྗོད་པས་ཅི་འོང་ཁ་ལྟ་མ་མཐོ་རང་རེ་མཁན་ཆེན་ཞི་འཚོའི་རྗེས་འཇུག་ཡིན་རྩིས་དགོས་པས་དབུ་མ་རང་རྒྱུད་པའི་ལྟ་བ་གཙོ་བོར་འཛིན་པ་རྟེན་འབྲེལ་གྱི་ལེགས་ཆ་ཆེ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ལྟ་བ་ཐམས་ཅད་ཀྱི་མཐོ་ཤོས་དབུ་མ་ཐལ་འགྱུར་བ་ཡིན་ཀྱང་དེ་ལ་ངེས་པ་མ་ནོར་བ་རྙེད་དཀའ། དེའི་རྒྱུ་མཚན་ངེད་ཐལ་འགྱུར་བ་ཡིན་ཟེར་ནས་རང་རང་གི་ཞེ་འདོད་ཀྱི་སྟེང་དུ་ཐལ་འགྱུར་བའི་ལུང་མང་པོ་ཞིག་དྲངས་ནས་རྩོད་འདུག་ཀྱང་ལུང་ལ་བལྟ་རྒྱུ་ཅི་ཡོད། ལུང་གླ་ལྤགས་གཉིས་གར་འཐེན་ཡིན། ཕྱིན་ཆད་རིག་པས་དཔྱད་ནས་ངེས་པ་ཡང་དག་ཞིག་རྙེད་དགོས། བསོད་ནམས་ཆེན་པོས་རྟོགས་བྱ་ཡིན། དབུ་མའི་རྟགས་དང་གཏན་ཚིགས་རྣམས་ཁ་ཕྱིར་ལྟས་ཤག་འགྱེད་དང་རྩོད་པ་ཙམ་ལ་གོ་བ་མི་ལེན་པར་ནང་རང་གི་བདེན་འཛིན་གྱི་འཛིན་སྟངས་ཀྱི་ཡུལ་གཙོ་བོ་དེའི་ཐོག་ཏུ་འགྲོ་དགོས། དེ་སོང་ན་ཡུལ་ལ་བདག་མེད་མཐོང་བ་དེས་བདེན་འཛིན་གྱི་བློ་ལ་མི་གནོད་མི་སྲིད་དེ། དཔེར་ན་མུན་ཚབ་ཚུབ་ཏུ་ཐག་ཁྲ་ལ་སྦྲུལ་འཛིན་སྐྱེས་པ་མར་མེའི་སྣང་བ་དང་སྦྱར་ན་ཐག་

(༨༣)པ་ཡིན་པར་ངེས་ཤིང་སྦྲུལ་འཛིན་བཟློག་ནུས། སྦྲུལ་འཛིན་ཡུན་རིང་མ་གོམས་པས་ལན་གཅིག་བཟློག་ན་སླར་མི་ལྡོག བདེན་འཛིན་ཡུན་རིང་པོར་གོམས་པས་བློ་ལ་དཔྱད་སྟོབས་ཀྱིས་ངེས་པ་ཡུན་མ་བསྲིང་ན་བཟློག་མི་ནུས་པས་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཐུགས་གཟུ་བོར་གནས་པ་ཞིག་བསྟེན། མིག་སྐྱོན་མེད་པ་བཞིན་རྣམ་དཔྱོད་མ་འཁྱོག་པ་ཞིག་གིས་ཡུན་རིང་པོར་དཔྱད་ན་གོ་རྒྱུ་ཡོད། དེས་ན་ལས་དང་པོ་པའི་ལྟ་བ་འདི་ལ་གཉིས་ཡོད། རིག་པས་དཔྱད་ནས་མདོ་སྔགས་གཉིས་ཀའི་རང་ལུགས་ཀྱི་ལྟ་བ་ལ་ངེས་ཤེས་གཞན་གྱིས་མི་འཕྲོག་པ་ཞིག་ཐོན་དུས་ངེས་པའི་ལྟ་བ་ཟེར་བ་ཡིན། སྔགས་ཀྱི་དག་མཉམ་ཆེན་པོའི་ལྟ་བ་ལ་ངེས་པ་དེ་འདྲ་ཞིག་སྔོན་དུ་སོང་ནས་གཟོད་བསྐྱེད་རིམ་ཞིག་བསྒོམ་ན་དེ་ལ་བསྐྱེད་རྫོགས་ཟུང་འཇུག་ཞེས་བཏགས་ཀྱང་ཆོག་དེ་མིན་པར་བླ་མ་ག་གེ་མོའི་གསུང་ཡིན། ལུང་ཆེ་གེ་ན་འདུག་ཟེར་ནས་རང་ལ་ངེས་པའི་རྒྱུ་མཚན་ཅི་ཡང་མེད་པ་དེ་འདྲ་ལ་མོས་པའི་ལྟ་བ་ཟེར། དེ་འགྱུར་སླ་ཞིང་ཡིད་བརྟན་མེད་

(༨༤)པ་ཞིག་ཡིན། དེས་ན་ངེས་པའི་ལྟ་བ་ཞིག་ཅི་ནས་གལ་ཆེ། འོན་ཀྱང་གསང་སྔགས་མོས་པ་ལམ་བྱེད་ཅེས་གསུངས་པས་མོས་པ་ཙམ་འདི་ཡང་དགོས་ནུས་མེད་པ་ཞིག་ཏུ་བསམ་མི་རུང་། ད་དུས་རང་ལ་ལྟར་སྣང་བཅོས་མ་དང་ཡང་དག་པའི་ལམ་གང་ཡིན་འབྱེད་པའི་བློ་གྲོས་མེད་པར་གཞན་ཟེར་རྗེས་རྒྱུག་གི་ལད་མོ་མ་བྱེད། ཨ་བུའི་ཞལ་ནས་ཡང་དག་པའི་ལམ་ལ་གོ་བ་རྣལ་མ་ཞིག་རྒྱུད་ལ་ཨེ་སྐྱེ་བསམ་ན་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་དྲག་ཏུ་ཐོབ། ཚོགས་སྒོ་དུ་མ་ནས་བསགས་བཀའ་དང་བསྟན་བཅོས་གཉིས་སྦྲེལ་ལ་ལྟོས། བློ་དྲང་པོ་ཞིག་གི་སྒོ་ནས་དཔྱོད་དང་གཟོད་གོ་རྒྱུ་ཡོད། ངས་དང་པོ་རྒྱལ་བའི་བཀའི་དགོངས་པ་བླངས། དེ་ནས་རྗེས་འཇུག་མཁས་པའི་བསྟན་བཅོས་ཀྱི་དགོངས་པ་བླངས། ཁྱུང་ནམ་མཁའ་ནས་ལྡིང་བ་ལྟར་སྤྱི་རྒྱ་རླབས་ཀྱིས་བཅད་ནས་ས་ལ་བབ་པ་དང་འདྲ་བར་བྱས། ཁྱེད་རྣམས་ཀྱིས་རྡོ་བརྐོ་བ་ལྟར་ཚིག་འབྲུ་རེ་རེ་ནས་གཉེར། གཞན་གྱི་གཞུང་ལུགས་རེ་མཇལ་དུས་བློ་གཟུ་བོར་མི་གནས་པར་ངས་དེ་ལ་ལན་ཅི་འདེབས་སྙམ་པ་ལས་ངས་འདི་མི་ཤེས་པས་རང་ལ་ཕན་པའི་བློ་སྐྱེད་

(༨༥)ཨེ་འབྱུང་གི་བསམ་པ་མེད་པས་དེ་འདྲས་ཅི་ཕན་མི་ཐོག་གསུངས་པ་དེ་ཐུགས་ཤིན་ཏུ་བདེན་པའི་གསུང་བྱུང་བ་ཡིན། ཁོང་འཕགས་པ་ཡིན་པས་བཀའ་དང་བསྟན་བཅོས་ཀྱི་དགོངས་པ་བླངས་ནས་གཟིགས་པའི་འབྲས་རྟགས་ཐེག་ཆེན་མདོ་མཐོང་གི་ཕན་ཡོན་འདི་གཅིག་པུས་ཀྱང་ཤེས། དེ་འདྲ་སྟེ་དཀའ་མོ་ཡིན་ཀྱང་གཞན་ཟེར་ཙམ་ལ་རྗེས་བརྗོད་མི་དགོས་པར་རང་གི་རིག་པས་དཔྱད་ཐུབ་པ་ཞིག་དགོས། ཨ་བུའི་ངེད་རྣམས་ལ་རིག་པའི་སྣེ་ཙམ་རེ་བསྟན་ནས་ད་རིག་པས་དཔྱོད་སྡོད་གསུངས་པ་བཞིན་རྒྱུ་གཅིག་པའི་གཏན་ཚིག་གིས་ཆོས་ཐམས་ཅད་ངོ་བོ་སྐྱེ་མེད་དུ་གཏན་ལ་ཕེབས་པ་ཞིག་དགོས། དེ་ལྟར་སྟོང་ཉིད་ངེས་པའི་བློ་ཞིག་ལས་སྔགས་ཀྱི་ཡེ་ཤེས་དེ་མི་དགོས་སམ་ཞུས་པས་ཅི་ཟེར་ཡེ་ཤེས་དེ་ཡང་གཅིག་དང་དུ་བྲལ་གྱི་རིག་ངོ་ལ་མི་སྟོང་པ་ཅི་ཡོད། དང་པོ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་སྟོང་ཉིད་དུ་ངེས་པ་ཆོས་སྤྱིའི་གནས་ལུགས་སམ་གཙོ་བོ་ཡུལ་གྱི་གནས་ལུགས་ཡིན། དེ་རྗེས་ཡུལ་ཅན་སེམས་ཀྱི་གནས་ལུགས་ཞིག་གཏན་ལ་འབེབ་པ་ལ་སྐབས་འདིར་ལྷག་པའི་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་

(༨༦)ཞེས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་གཏན་ལ་འབེབ་པ་ལ་རྒྱུད་ཀྱི་གཏན་ཚིགས་དེ་དག་གི་གོ་བ་ཆགས་པ་ཙམ་ལས་རྟོགས་རྒྱུ་དཀའ་བས་འདིར་ཡང་སྟོང་ཉིད་དེ་ཚོགས་ལམ་པས་གོ་བ་སོགས་དང་སྦྱར་ནས་ཤེས་དགོས། གཉིས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིག་གིས་ཨ་ཨུ་ལ་གསུམ་འདུས་པ་ཨོཾ་གྱིས་མཚོན་ནས། མདོ་ལྟར་ན་སྟོང་པ་དེ་རྟེན་འབྱུང་འགགས་མེད་དུ་འཆར་ཚུལ་བསྒྲུབ་པ་བཞིན་འདིར་ཡང་ཡེ་ཤེས་ཀྱི་རོལ་པ་སྣ་ཚོགས་འགགས་མེད་དུ་འཆར་བ་མཚོན་པ་ཡིན། མ་དག་པའི་སྣང་བ་འདི་ཡེ་ཤེས་ཀྱི་རོལ་པ། རོལ་པ་དེ་དང་ལྷ་རྟོག་དབྱེར་མེད་དུ་ངེས་པ་བསྐྱེད་ཚུལ་ཡིན། དེ་ལྟར་རྒྱུ་མཚན་ཅི་ཡང་མ་ངེས་པར་སྣང་བ་ལྷ་ཡིན་ཟེར་བ་བླ་མ་དོན་པས་ཁ་སྣ་གཉིས་གཅིག་ཡིན་ཟེར་བ་དང་འདྲ་གསུམ་པ་བྱིན་གྱིས་རླབས་པའི་གཏན་ཚིག་ནི་ཡེ་ཤེས་དང་རོལ་པ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་རྒྱས་ཐེབ་པ། མདོ་ལས་སྟོང་རྟེན་འབྱུང་དབྱེ་བསལ་མེད་པར་སྒྲུབ་པ་བཞིན་ཡེ་ཤེས་ཀྱི་རོལ་པ་འདི་ཡེ་ཤེས་ལས་གཞན་དུ་མེད་པ་ཆུ་དང་རླབས་ལྟར་རམ། ཆབ་རོམ་དུ་སྣང་དུས་ནས་ཆུ་ཡིན་པ་བཞིན་མ་དག་པ་སྣང་དུས་རང་ནས་ངོ་བོ་ཡེ་

(༨༧)ཤེས་ཀྱི་རོལ་པར་ངེས་པས་སྣང་བ་སྟོང་ཐོག་ཏུ་སྤྱན་མ་དྲངས། སྟོང་པ་སྣང་ཐོག་ཏུ་སྤྱན་འདྲེན་མ་དགོས་པར་དང་པོ་ཉིད་ནས་ཡེ་ཤེས་ཀྱི་རོལ་པ་ལྷ་རྟོག་དབྱེར་མེད་ཡིན་པ་ལ་ཡིན་པའི་ངེས་ཤེས་སྐྱེས་པ་ཞིག་དགོས། དེ་ལྟར་རྟོགས་ཤིང་གོམས་ན་མངོན་དུ་འགྱུར་བ་ཡིན། སྤྱིར་བློས་རྟོགས་ཚད་མངོན་དུ་འགྱུར་མི་དགོས་ཀྱང་འདིར་ནི་ལྷག་པའི་བདེན་གཉིས་དབྱེར་མེད་དེ་དང་པོ་ལྟ་བས་རྟོགས། དེ་ནས་བསྒོམ་པས་མངོན་དུ་འགྱུར་དགོས་པ་ནི་དངོས་པོའི་ཆོས་ཉིད་དང་བདེན་གཉིས་དབྱེར་མེད་ཡིན་པའི་གནད་ཀྱིས་སོ། བཞི་པ་མངོན་སུམ་པའི་གཏན་ཚིགས་ནི་བློ་གང་གིས་རྟོགས་དགོས་ན་འཕགས་པའི་མངོན་སུམ་ཡིན་པ་བཞིན་འདིར་ཡང་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་མངོན་སུམ་བསྒྲུབ་པ་ཡིན། ལས་དང་པོ་པའི་སྐབས་ན་སོ་སོ་རང་རིག་གི་མངོན་སུམ་ཇི་བཞིན་མེད་ཀྱང་དེ་ལྟར་རྟོགས་དགོས་པའི་གོ་བ་ངེས་པ་ཞིག་དགོས། སོ་སོ་རང་རིག་པའི་ཡེ་ཤེས་འདི་ལ་སྐབས་ཐ་དད་ཡོད་ཀྱང་ཕྱིན་ཆད་དངོས་གཞིའི་ཁྲིད་སྐབས་བཤད་གསུངས། ད་ལྟ་བ་བདེན་གཉིས་དབྱེར་མེད་ངེས་པའི་སྟེང་ནས་བསྙེན་པ་ཞིག་བཏང་དགོས་པས་ཐ་མལ་

(༨༨)མ་དག་པའི་སྣང་ཞེན་གཉིས་ཀྱི་གཉེན་པོར་གོང་དུ་བཤད་པའི་གཏན་ཚིག་བཞི་པོ་ལས་སྔ་མས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ངེས་པ་ལྷག་པའི་དོན་དམ་བདེན་པ་ཡིན་པས་དེ་དོན་དམ་དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་རྟོགས་དགོས། གཉིས་པས་སྣང་གྲགས་རིག་གསུམ་ཡེ་ཤེས་ཀྱི་ཆོ་འཕྲུལ་རྟེན་འབྱུང་འགགས་པ་མེད་པ་ལྷ་དང་རྟོག་པ་དབྱེར་མེད་ལྷག་པའི་ཀུན་རྫོབ་བདེན་པ་ཞེས་བྱ་བ་ཐ་སྙད་པའི་ཚད་མས་ངེས་པར་འཇོག་པས་དེ་གཉིས་ཀྱི་དང་པོས་དངོས་པོ་རང་རྒྱུད་པ་འདི་ལ་བདེན་ཞེན་འགོག་པར་མ་ཟད་དབྱིངས་ཡེ་གཉིས་མེད་དུ་རྟོགས་པ་དེས་མ་དག་པའི་ཞེན་ཚུལ་དངོས་པོར་ཞེན་པ་དང་བདག་ཏུ་ཞེན་པ་གཉིས་འགོགས་དགོས། ཚད་མ་གཉིས་པས་ཐ་མལ་མ་དག་པའི་སྣང་བ་འདི་དང་ཐ་སྙད་པའི་འཁྲུལ་ཤེས་དེ་གཙོ་བོར་འགོགས་པ་ཡིན་པས་དེ་གཉིས་ཀྱིས་དོན་དམ་ངེས་པའི་ལྟ་བ་གཙོ་བོར་སྟོན། གསུམ་པས་ལྟ་བ་ངེས་པར་གོམས་ནས་དེ་བཞིན་མངོན་དུ་འགྱུར་ནུས་སམ་ནུས་ནའང་ཕྱིར་མི་ལྡོག་གམ་སྙམ་པའི་རྟོག་ངན་སྐྱེ་ན་དེ་ལ་དང་པོ་གཅོད་ཚུལ་ཡིན། བཞི་པ་དེ་ལྟར་ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་སྐུ་ཆེན་པོར་རྟོགས་པ་ལ་འཕགས་པའི་བློ་ལྟར་

(༨༩)སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་དངོས་སུ་རྟོགས་པའི་ཤུགས་ཀྱིས་ཀུན་རྫོབ་དག་པ་ལྷ་རྟོག་དབྱེར་མེད་དུ་ངེས་པའི་ཐ་སྙད་པའི་ཤེས་པ་དེ་ཡོད་དགོས་ཏེ། སྣང་བ་བདེན་པར་མ་བཟུང་ཡང་མ་དག་པའི་སྣང་བ་སྣང་བ་ལྟར་བཟུང་ན་ལྷག་པའི་ཀུན་རྫོབ་བདེན་པ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་པས་ལྷ་རྟོག་དབྱེར་མེད་ངེས་པ་ཞིག་རྡོ་རྗེ་ཐེག་པའི་སྐབས་འདིར་ཤིན་ཏུ་གལ་ཆེ་བས་དེ་དག་གི་ཚུལ་རྣམས་ཤེས་ནས་ཉམས་སུ་ལེན་པ་དེ་ལ་སྔགས་ཀྱི་རྣལ་འབྱོར་པ་ཞེས་བཏགས་ཀྱང་ཆོག་གསུངས། ནང་སྒྲུབ་རིགས་འཛིན་འདུས་པ་འདི་རྒྱུད་ཀྱི་ཟིན་པོ་ཨ་ནུ་ཡོ་ག་ལྟར་ཡིན་ཀྱང་གཏེར་གྱི་བབ་ཚུལ་ལ་རྩ་བ་གསུམ་ལས་བྱིན་རླབས་བླ་མའི་སྒྲུབ་པ་ཡིན་པས། མ་བཅོས་རིག་པ་སྟོང་གསལ་ངང་ཿཞེས་ཨ་ནུའི་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་སྣང་ལྷར་བསྒོམ་པ་ཡིན་ཀྱང་། ད་རེས་མ་ཧཱ་ཡོ་ག་ལྟར་ཏིང་འཛིན་རྣམ་གསུམ་གྱི་སྒོ་ནས་ཏིང་ངེ་འཛིན་ལ་སེམས་གཞོལ་བ་ལེགས་པས། ངོ་བོ་སྟོང་པ་ཉིད། གདངས་སྙིང་རྗེ་ཆེན་པོ་རྣམ་པ་ཡི་གེ་ཧཱུྃ་ཡིག་ཏུ་ཤར་བ་དེ་ལས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ལ་རྒྱུ་གཅིག་པ། ཡིག་འབྲུའི་ཚུལ། བྱིན་

(༩༠)གྱིས་བརླབས་པའི་གཏན་ཚིག་དེ་རྣམས་འདིར་དྲན་པར་བྱས་ནས་བསྒོམ་དགོས། དེ་ཡང་བསྙེན་པའི་ཞག་གྲངས་ཙམ་ལ་མི་རེ་བར། བསྙེན་པ་བྱ་བ་ཡང་ཡང་འདྲེས་པའི་དོན་ཡིན་པས་རྣམ་པ་ཧཱུྃ་ཡིག་བསྒོམ་པ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བར་སྲ་སྲ་འཐས་འཐས་སུ་བསྒོམ་པར་གུ་རུ་རིན་པོ་ཆེས་གསུངས། དེ་ཡང་མི་ཆོད་པ་མི་ཤིག་པ། བདེན་པ་སྲ་བ་སོགས་རྡོ་རྗེ་ཆོས་བདུན་དང་ལྡན་པ་གཟུངས་རྣམས་ལྷར་ཤར་ཞིང་འཛིན་རྣམ་སྟོང་ཉིད་དུ་དག་པ་ཞིག་བསྒོམ་དགོས། སྲ་ཆེས་པས་བདེན་པར་གྲུབ་ག་ལ་དགོས། སྣང་བའི་ང་རྒྱལ་མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ་གསུངས་པས་གསལ་སྣང་དེ་ཡུལ་གསུམ་གྱད་དུ་མ་གྱུར་བར་བསྒོམ་དགོས། སྟོང་པའི་ང་རྒྱལ་སྣང་ལ་རང་བཞིན་མེད་པར་གསལ་ཞེས་སྣང་དུས་ནས་རང་བཞིན། བདེན་པར་གྲུབ་པ་སྤུ་ཙམ་མེད་པར་ཤེས་པ་ཞིག་དགོས་ཀྱང་། དེང་སང་དེ་གཉིས་ཀྱི་རྣམ་བཞག་ཇི་བཞིན་མ་ཤེས་པར། སྣང་ལ་རང་བཞིན་མེད་པ་སྒྱུ་མ་ཆུ་ཟླ་འཇའ་ཚོན་འདྲ་བ་ཞེས་པས་ཡ་ལེ་ཡོ་ལེ་བ་ཞིག་དགོས་པར་བཤད་པ་དེ་ལོག་པར་བཤད་པ་ཡིན། སྒྱུ་མ་ལྟ་བུའི་ལྷ་ཡལ་ཡོལ་ཞིག་གིས་

(༩༡)བསྐྱེད་རིམ་མཚན་ཉིད་པའི་གོ་མི་ཆོད། དེར་མ་ཟད་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་ཡང་འགྲོ་དཀའ། བསྐྱེད་རྫོགས་ཀྱི་གན་ལ་གོ་བ་མ་ཆགས་པ་དག་གིས་བསྐྱེད་རིམ་འདི་བཅོས་མའི་ལམ་ཡིན། རྫོགས་པ་ཆེན་པོའི་གོལ་ས་ཡིན་ཞེས་དང་། གལ་སྲིད་བསྒོམ་ཀྱང་འཇའ་ཚོན་དང་སྒྱུ་མ་ལྟ་བུ་ཞིག་ལ་ནན་ཏན་གྱི་བསྔགས་བརྗོད་བྱེད་པ་འདི་རྙིང་མའི་བསྟན་པ་སྙིགས་པའི་རྟགས་ཡིན་པས་བཟླས་བརྗོད་ཀྱི་ཞག་གྲངས་གཙོ་བོ་མིན་བསྐྱེད་རིམ་བསྒོམ་པ་གལ་ཆེ་གསུངས། ཁྱོད་ཀྱི་བསྙེན་པའི་ཐོག་མ་ཡིན་པས་འཚམས་དམ་པོར་སྡོད། ཡུན་མ་རིང་མཇུག་མ་བུད་ན་བྱ་བ་བརྩམ་ལྡོག་གི་ཉེས་པས་ཚེ་རབས་དུ་མར་བྱ་བ་མཐར་ཕྱིན་པ་མི་འབྱུང་བས་ཞག་ཞེ་དགུ་ཙམ་ལ་སྡོད་གསུངས། དེ་བཞིན་བླ་མ་རིགས་འཛིན་འདུས་པའི་བསྙེན་པ་ལ་ཞུགས་ནས་ཐུན་བཞི་རེ་རེའི་ཕྱེད་ཙམ་ལ་ཏིང་འཛིན་རྣམ་གསུམ་གཙོ་བོར་གྱུར་པ་ལ་དམིགས་པའི་འཛིན་སྟངས་གསལ་ངར་དང་ལྡན་པར་བསླབ། ཐུན་གྱི་ཕྱེད་མན་ཆད་བསྙེན་པ་བཟླ་བའི་ཞོར་ལ་གཙོ་འཁོར་ཡོངས་རྫོགས་ཀྱི་རྟེན་དང་བརྟེན་པར་བཅས་པའི་གསལ་འདེབས་རེས་མོས་དང་

(༩༢)ཅིག་ཆར་གང་ཡང་རུང་བར་བྱས། འདི་དག་གི་སྐབས་རྣམས་སུ་མ་དག་པའི་སྣང་བའི་གཉེན་པོར་རྣམ་པར་གསལ་བའི་དུས་རྣམ་པ་ལ་བློ་ཁ་ཕྱོགས་ཙ་ན་རང་ཉིད་དེ་དང་དེར་གྱུར་སོང་བ་འདྲ་བ་ལས་བསྒྲིམ་ནས་བཅོས་མི་དགོས་པའི་གསལ་སྣང་བརྟན་པོ་སྐྱེས། སྐབས་ཤིག་མདུན་དུ་ཤོག་གསུངས་ནས་ཁྱོད་ཀྱི་བསྐྱེད་རིམ་དེ་ཅི་འདྲ་བྱེད་པ་ཡིན་གསུངས་བསྒོམ་ཚུལ་ཞུས་པས་ཧ་ལམ་རེད་འདུག་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གསུངས་པ་དེ་སྣང་བ་གང་ཡིན་ལྷར་བསྒོམ་ག་ལ་དགོས། སངས་རྒྱས་ཀྱི་ཞིང་དང་སྐུ་དང་ལོངས་སྤྱོད་མཛད་པ་ཇི་ལྟ་བ་བཞིན་གནས་དང་ཞིང་ཁམས་དང་གཞལ་ཡས་ཁང་དུ་བསྒོམ། རང་གི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པར་སྲོག་སྡོམ་གཟེར་བཞིའི་མན་ངག་དེ་ཀུན་ལ་འཁྱེར་ཤེས་དགོས། རྣམ་པ་གསལ་བ་སྔར་བསྒོམ་པ་དེས་ཆོག་འདི་མ་དག་པའི་སྣང་བའི་དངོས་གཉེན་ཡིན། ད་ཞེན་པའི་གཉེན་པོ་རྣམ་དག་དྲན་པ་དང་ང་རྒྱལ་བརྟན་པ་གཉིས་བསྒོམ་དགོས། ཞེན་ཚུལ་ལ་དངོས་པོར་ཞེན་པ་དང་བདག་ཏུ་ཞེན་པ་གཉིས་ཡོད་པས་དང་པོའི་གཉེན་པོར་རྣམ་པ་གསལ་

(༩༣)བ་དང་། དེ་ལ་ལྷ་རང་རྒྱུད་དུ་ཞེན་པ་བྱུང་ན་རྣམ་དག་དྲན་པ་ཞལ་གསུམ་སྐུ་གསུམ། ཕྱག་དྲུག་ཕར་ཕྱིན་དྲུག་སོགས་འབྲས་ཆོས་རྣམས་རྟེན་དང་བརྟེན་པར་ཤར་བའི་ངེས་ཤེས་ཞིག་གཞིར་བཅས་ང་རྒྱལ་བརྟན་པ་དེ་བདག་བདེན་པར་འཛིན་པའི་གཉེན་པོར་རེས་འགའ་ལྷའི་རྣམ་པ་ཇི་ལྟ་བར་གསལ་ནས་ལྷ་དེ་དང་དེ་ཡིན་པའི་ང་རྒྱལ་དང་། རེས་འགའ་རྣམ་པ་མི་གསལ་བར་ཆོས་ཉིད་དོན་གྱི་ལྷ་གཞི་འབྲས་དབྱེར་མེད་ཀྱི་ཡེ་ཤེས་གུ་རུ་རིན་པོ་ཆེའི་ང་རྒྱལ་བསྐྱེད་ལ་བཟླས་པ་གྱིས། འདི་རྣམས་བསྐྱེད་རིམ་གྱི་གནད་ཆེ་ཤོས་ཡིན་གསུངས་པ་བཞིན་བསླབ་པས་བསྐྱེད་རིམ་གྱི་གསལ་སྣང་ལ་བརྟན་པ་རྙེད། བསྙེན་པ་བཛྲ་གུ་རུ་བྱེ་བ་གཅིག་དང་རིགས་འཛིན་སྤྱི་དྲིལ་འབུམ་ཕྲག་བཞི་སོང་བ་ན་བླ་མའི་གསུང་ལས་ད་བར་ཆད་མ་བྱུང་བར་ལེགས་ཚེ་ཞོག་གསུངས། དེ་བཞིན་མཚམས་གྲོལ་ནས་མདུན་དུ་ཕྱིན་པར། དེ་ཡིན་སྤྱིར་བསྐྱེད་རིམ་འདི་ཞི་གནས་སྒྲུབ་པ་དང་ཐུན་མོང་གི་ལས་རབ་འབྱམས་སྒྲུབ་པ་ལ་མེད་ཐབས་མེད། ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུའང་འགྲོ་བ་ཡིན། དག་མ་དག་

(༩༤)གི་སྒྱུ་ལུས་སུ་ལྡང་བའང་བསྐྱེད་རིམ་འདིའི་ནུས་པ་སེམས་ལ་ཐེངས་པ་དང་འཕེན་པའི་དབང་ལས་ལྷ་སྐུར་ལྡང་ནུས་པ་ཡིན། སྤྱིར་ལྷར་བསྐྱེད་པ་གར་ཡོད་ལ་བསྐྱེད་རིམ་གྱི་གོ་བ་ཁོ་ནས་མི་ཕན་ངག་དབེན་གྱི་སྔོན་འགྲོ་ལུས་དབེན་བསྒོམ་པ་དེ་དང་བསྐྱེད་རིམ་བསྒོམ་པ་གཉིས་ལ་ཁྱད་ཆེན་པོ་ཡོད། ད་མཁའ་འགྲོ་ཡུམ་ཀའི་ཆོས་འདི་གཞུང་གི་དངོས་བསྟན་ལ་ཨ་ཏི་ཡོ་གའི་ལུགས་སྐད་ཅིག་དྲན་རྫོགས་ཀྱིས་ལྷར་བསྐྱེད་པའི་ཚུལ་ཡིན། སྙིང་ཐིག་བརྒྱུད་པའི་རིགས་འཛིན་རྣམས་ཚུལ་འདི་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་ཤིང་བོད་འབངས་ཡོངས་ལ་བཀའ་དྲིན་ཆེ། གསང་བ་རྡོ་རྗེ་ཐེག་པའི་རྒྱུད་ཡོངས་སུ་རྫོགས་པའི་བདག་མོ་ཡིན་པ་དང་ཡབ་བཀའ་ཡུམ་བཀའི་འབྲེལ་ཡང་ཆེ་བས་འདི་ལ་བསྙེན་པ་ཞིག་བཏང་དགོས། སྤྱིར་བསྐྱེད་རིམ་གྱིས་སྐྱེ་འཆི་བར་དོ་གསུམ་གྱི་བག་ཆགས་སྦྱོང་བ་ཡིན་བག་ཆགས་རིག་བསྡུ་ན་སྐྱེ་གནས་བཞིའི་བག་ཆགས་ལ་འདུས། དེ་སྦྱོང་བྱེད་བསྐྱེད་རྫོགས་ལམ་གྱིས་སྦྱངས་པས་འབྲས་བུ་གནས་སྐབས་རིགས་འཛིན་བཞི་དང་། མཐར་ཐུག་ཟུང་འཇུག་གི་གོ་འཕང་བརྙེས་པ་ཡིན་པས་དང་པོ་མ་ཧཱ་ཡོ་གའི་ལུགས་ཀྱིས་སྒོང་

(༩༥)སྐྱེས་ཀྱི་བག་ཆགས་སྦྱོང་བ་ལ་རྒྱས་པ་བདག་སྲས་གཞན་སྲས་ཀྱི་སྒོ་ནས་བསྐྱེད་པ་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། སྒྱུ་འཕྲུལ་ཞི་ཁྲོའི་སྒྲུབ་ཐབས་རྣམས་སུ་བསྟན་པ་དེ་ཡིན། དཔལ་ཆེན་འདུས་པ་ལ་དོད་ཐུབ་ཙམ་མ་གཏོགས་རྒྱས་པ་མི་འདུག །དེ་ལ་བདག་གི་སྲས་སུ་གཞན་བྱ་བ་ནི་རིག་པ་བདེ་གཤེགས་སྙིང་པོའི་རིགས་ཀྱི་ཆེ་བའི་ཡོན་ཏན་འབྱིན་པའི་ཕྱིར་དེ་ལྟར་བསྒོམ་ནས་འཁོར་འདས་ཀྱི་དྭངས་མ་བསྡུས་ཏེ་རང་གི་སྲས་སུ་བྱ་བ་ཡིན། གཞན་གྱི་སྲས་སུ་བདག་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་གདུང་རྒྱུད་མི་འཆད་པའི་ཕྱིར་དག་པ་མངོན་གྱུར་གྱི་སངས་རྒྱས་འབྲས་བུའི་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་ནས་ཡུམ་གྱི་སྲས་བསྐྲུན་པར་ཡབ་ལ་གསོལ་བ་བཏབ་པས་བདག་གི་ཕུང་ཁམས་སྐྱེ་མཆེད་རྣམས་འོད་དུ་ཞུ་ནས་ཐིག་ལེར་གྱུར་པ་ཡབ་ཀྱི་ཤངས་བུག་ནས་རྔུབས་སྟེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པ་ཡུམ་གྱི་མཁའ་གསང་ནས་རྒྱན་དང་ཆ་ལུགས་ཕྱག་མཚན་རྫོགས་པར་གསལ་ནས་གཟོད་དཀྱིལ་འཁོར་གྱི་གནས་སུ་འགོད་ཅིང་བསྐྱེད་པ་ཡིན། འབྲིང་པོ་

(༩༦)མངོན་བྱང་ལྔ་བསྐྱེད་དམ་བཞི་བསྐྱེད་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་རྣམས་ཀྱིས་སྦྱངས་བྱ་མངལ་སྐྱེས་ཀྱི་འབྱུང་བ་ལྔ་ཕུང་པོ་ལྔ་རྣམ་པར་ཤེས་པ་ཚོགས་བརྒྱད་བར་དོའི་རླུང་སེམས་ཁུ་རྡུལ་དང་དབང་པོ་ཡུལ་ལ་སད་ནས་མངའ་རིས་ལོངས་སྤྱོད་དང་བཅས་པའི་བག་ཆགས་རྣམས་སྦྱོང་ཚུལ་འོག་མིན་བསྒྲོད་པའི་ཐེམ་སྐས་སུ་བཤད་པ་དེ་རྣམས་ངེས་དགོས། གུ་རུའི་བཀའ་སྲོལ་གཏེར་མ་ཕལ་མོ་ཆེར་རྡོ་རྗེའི་ཆོ་ག་སུམ་བསྐྱེད་ཁོ་ན་འབྱུང་བ་མང་དེས་ན་ཕྱི་སྒྲུབ་མ་ཧཱ་ཡོ་ག །ནང་སྒྲུབ་ཨ་ནུ་ཡོ་ག གསང་སྒྲུབ་ཨ་ཏི་ཡོ་གའི་ཆོ་གའི་འགྲོས་ཞིག་ངེས་པར་ཤེས་དགོས་ཀྱང་། དེང་སང་འདོན་ཆའི་ཚིག་མང་ཉུང་ཙམ་མ་བཏགས་པ་འདི་མི་ཤེས་པའི་གཏམ་དུ་སོང་། དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱང་བ་ལ་ཨ་ནུ་ཡོ་གའི་མཚན་སྔགས་བརྗོད་པ་ཙམ་གྱིས་བསྐྱེད་པ་དང་། དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་སྣང་ལྷར་གསལ་བའི་འགྲོས་གཉིས་ཡོད་པ་སྔར་བཤད་པ་ལྟར་ཡིན། བརྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བ་ལ་ཨ་ཏི་ཡོ་གའི་ལྟ་བ་རིག་པ་ཆོས་སྐུ་དང་རིག་རྩལ་ཆོས་སྐུའི་རོལ་པར་ངོ་འཕྲོད་པ་ཞིག་གིས་སྣང་སྲིད་དག་མཉམ་ཆེན་པོར་ཡེ་ནས་གཞི་ལ་བཞུགས་པར་ལྟ་བས་ངེས་

(༩༧)པ་དེ་ཉིད་ལམ་བསྒོམ་པས་སྐད་ཅིག་དྲན་རྫོགས་སུ་གསལ་འདེབས་པ་ཡིན་པས་དེས་ན་སྐྱེ་གནས་བཞི་གང་རུང་ཞིག་སྦྱངས་ན་གཞན་རྣམས་ཤུགས་ལ་སྦྱོང་བ་ཡིན་ཏེ། སྦྱངས་གཞི་འོད་གསལ་བའི་ཡེ་ཤེས་གཅིག་ཡིན་པའི་ཕྱིར་དང་། སྦྱང་བྱ་འཁོར་བའི་བག་ཆགས་སུ་རིགས་གཅིག་པའི་ཕྱིར་དང་། སྦྱོང་བྱེད་བསྐྱེད་རྫོགས་ཀྱི་གནད་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་ན་བསྐྱེད་རིམ་ལ་རྒྱས་བསྡུས་སུ་གསུངས་པ་དེ་ལྟར་ཤེས་དགོས། ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོ་ལས་བསྐྱེད་ཚུལ་དེ་རྣམས་གང་ཟག་གཅིག་གིས་དང་པོར་གོམས་པ་དང་། བར་དུ་གོམས་པ་དང་། རབ་ཏུ་གོམས་པ་དང་། མཆོག་ཏུ་གོམས་པའི་སྒོམ་ཚུལ་དུ་གསུངས་པ་ལམ་ངེས་རྫོགས་ཀྱི་དབང་དུ་ན་དེ་ལྟར་ཤིན་ཏུ་གལ་ཆེ། མོས་སྒོམ་པས་ནང་རྒྱུད་སྡེ་གསུམ་གྱི་འགྲོས་ཅི་སྦྱར་འདི་སྦྱར་ཅང་མེད། ཨ་དོན་ཁོས་ཚིག་རྗེས་དོན་དྲན་བྱེད་པ་ཡིན་ཟེར་ནས་ཀཿཐོག་ནས་གསང་བ་སྙིང་པོའི་རྒྱུད་འཆད་ཐབས་ཀྱི་ཆོ་ག་དེ་རྒྱུན་དུ་ཁ་འདོན་བྱེད་པ་འདི་འདྲ་ཡིན། འོན་ཀྱང་བག་ཆགས་བཟང་པོ་རེ་ལོས་འཇོག །ད་རེས་ཨ་

(༩༨)ཏི་ཡོ་གའི་ལུགས་ཀྱི་ཡུམ་བཀའ་འདི་སྐད་ཅིག་དྲན་རྫོགས་སུ་གསལ་འདེབས་པ་ཡིན་ཀྱང་ཁྱོད་ཀྱིས་དངོས་གཞིའི་ཁྲིད་མ་ཐོབ་པས་ཇི་བཞིན་མི་འོང་ཡང་རང་གི་སེམས་ཉིད་རྣམ་པར་མི་རྟོག་པའི་རྩལ་སྣང་དུ་རྟེན་དང་བརྟེན་པའི་གསལ་སྣང་རྫོགས་པ་གལ་ཆེ། བསྐྱེད་རྫོགས་གསུམ་པོ་གང་གི་ལུགས་ལའང་ལྷར་གསལ་བ་ལ་དང་པོ་སྤྲོས་པ་ཆེ་ཆུང་ཙམ་མ་གཏོགས་ལྷ་ལ་གསལ་སྣང་འདོན་ཞིང་དེ་ལ་བརྟན་ཆ་ཐོབ་དགོས་པ་ལ་ཁྱད་མེད་པས་ཁྱོད་སྔོན་གྱི་བག་ཆགས་ཀྱི་མཐུས་ལྷར་སྣང་སྦྱང་བ་ལ་དཀའ་ཚོད་དུ་མི་འདུག་པས་ད་རེས་བསྙེན་པའི་སྐབས་སུ་ཛབ་དགོངས་རྣམ་པ་བཞི་ལས་ཟླ་བ་སྐར་ཕྲེང་དང་། རྒྱལ་པོའི་ཕོ་ཉ་ལྟ་བུའི་བཟླས་པ་གཉིས་མ་ཧཱ་ཡོ་གའི་ཛཿབཟླ་ལུགས་ཡིན་ཡང་ན་རྒྱལ་པོའི་ཕོ་ཉ་ལྟ་བུ་འདི་གསུམ་ཀའི་བཟླས་པ་བྱས་ཀྱང་ཆོག །ཁྱོགས་ཀྱི་བཟླས་པའམ་དོ་ལིའི་བཟླས་པ་ཨ་ནུ་ཡོ་གའི་ལུགས་ཡིན་ཅིང་། དེ་ཡང་སེམས་བྱིང་བའི་གཉེན་པོར་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་སྐུའི་སྟོད་ནས་བརྒྱུད་ཡབ་ཀྱི་ཤངས་བུག་ནས་ཡུམ་གྱི་ཤངས་བུག་དང་མཁའ་གསང་ནས་རྩ་བའི་སྔགས་ཕྲེང་ལ་ཐིམ་པར་བསམ་པ་དང་། རྒོད་

(༩༩)པའི་གཉེན་པོར་སྐུའི་སྨད་ནས་དང་མཁའ་གསང་ནས་ཤངས་བུག་བརྒྱུད་དེ་མགལ་མེ་ལྟར་བར་མ་ཆད་པར་འཁོར་བར་དམིགས་ནས་བཟླ་བ་ཡིན། འདིའི་དགོས་པ་གཙོ་བོ་བདེ་སྟོང་གི་ཡེ་ཤེས་འདྲེན་པ་དང་ཁྱད་པར་ཐིག་ལེ་དབབ་འདྲེན་ལ་གལ་ཆེ། བསྐྱེད་རིམ་ལ་ཤིན་ཏུ་གོམས་པ་ཡིན་ན་གཙོ་བོ་ཡབ་ཡུམ་བསྒོམ་ནས་དོ་ལིའི་བཟླས་པ་ཙམ་གྱིས་བདེ་ཆེན་གྱི་ཡེ་ཤེས་འདྲེན། དེར་མ་ཟད་གཙོ་འཁོར་ཆོས་ཀྱི་བགྲོ་བ་དང་། འདོད་རྣམ་གྱི་ལྷ་མོ་ལས་འདོད་ཡོན་དངོས་སུ་ལེན་པའི་སྐབས་ཡོད་ཅིང་། མ་ཟད་ཆོས་ཀྱི་རྡོ་རྗེའི་རེག་བྱས་བདེ་ཆེན་གྱི་ཡེ་ཤེས་འདྲེན་པ་སོགས་འབྱུང་། བསྐྱེད་རིམ་གྱི་ཏིང་ངེ་འཛིན་ལ་གོམས་པ་མཆོག་ཏུ་ཐོབ་པས་རླུང་སེམས་གནད་གཅིག་ཕྱིར་སེམས་གར་གཏད་དུ་ཟིན་པ་ཞིག་འོང་བས་དེ་དུས་རྫོགས་རིམ་རླུང་དང་ཐིག་ལེ་ལ་སྦྱང་ན་སླ། དེ་འདྲ་མ་འོང་ན་རླུང་དང་གཏུམ་མོ་བསྒོམ་པས་གཙོ་བོ་རླུང་དང་ཐིག་ལེ་ལ་དབང་ཐོབ་པའི་ཞར་ལ་སེམས་ལས་རུང་ཁྱད་པར་ཅན་ཐོབ། དེའི་སྟོབས་ཀྱིས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཁྱད་པར་བ་ཐོབ་པ་ཡིན་ཀྱང་དེང་སང་ལྟར་སྣང་ཙམ་དུ་དགུན་ཁར་

(༡༠༠)རྩ་རླུང་སྦྱང་བ་ཡིན་ཟེར་ནས་གནད་མ་ཟིན་པའི་འཁྱག་སྒུར་བྱེད་པ་རྣམས་ཕྱི་རོལ་པའི་ཁྱི་དང་བ་ལང་གི་བརྟུལ་ཞུགས་དང་དུ་བླངས་པས་དག་གྲོལ་ངེས་འབྱིན་དུ་ལྟ་བ་དང་ཁྱད་མེད་ཁྱོད་ལ་ལོག་ལྟ་ཨེ་ཡོད་གསུངས་མེད་ལགས་ཞུས་པས་ཁྱེད་དག་སྣང་རེ་ཆེ་ཀུན་ལ་དག་སྣང་སྦྱངས། ཡིན་མིན་ལེགས་པར་དཔྱོད་ལ་ལྟར་སྣང་བཅོས་མ་དང་ཡང་དག་པའི་ལམ་གནད་ཤན་འབྱེད་པའི་བློ་གྲོས་དགོས། སྐབས་འདི་ན་ཨ་ཏི་ཡོ་གའི་བཟླས་པ་བུང་བ་ཚང་ཞིག་ལྟ་བུ་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པའི་གསལ་སྣང་ཐོན་པར་གྱིས་ལ་གཙོ་བོ་སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རང་གདངས་སུ་གསལ་བ་གཙོར་འདོན་གྱིས་བསྙེན་པ་ཐོངས་གསུངས། དེ་བཞིན་ཉིན་མཚན་སྦྲེལ་ནས་ཟླ་བ་གཅིག་གི་རིང་བསྙེན་པ་བསྐྱལ་བས་སྒྲར་སྣང་བ་གང་ལའང་བློ་ཆེད་དུ་གཏད་མི་དགོས་པར་སྔགས་ཀྱི་སྒྲ་གདངས་སུ་ལམ་ལམ་འཆར་བ་ཞིག་བྱུང་བས་དེ་དུས་ལྷ་དང་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཙམ་ལས་གཞན་དུ་མེད་པ་མིང་གིས་བཏགས་པ་ཙམ་ལས་རང་བཞིན་མེད་པའི་ངེས་ཤེས་ཁྱད་པར་ཅན་ཐོབ་པ་ལ་སྒྲུབ་པའི་དངོས་གྲུབ་ཀྱི་རིགས་མཆོག་ཉིད་དུ་གོ། །དེ་ནས་རང་ལོ་ཉི་ཤུ་པའི་གསར་ཚེས་ཟླ་བ་དང་པོའི་ཡར་ངོ་ཞིག་ལ་བླ་མ་

(༡༠༡)ཨ་སྟོབས་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞིག་ཞུས་གསུངས། དགེ་སློང་གི་བསླབ་པའི་རྐང་གྲངས་མང་བས་ཅི་བཞིན་ལག་ལེན་དུ་ཐེབ་པར་དཀའ། ང་དགེ་ཚུལ་གྱི་རྟེན་འདིའི་སྟེང་ནས་རང་གི་བསླབ་པའི་གནས་ལེགས་པར་བསྲུང་ན་རྟེན་དགེ་ཚུལ་གྱིས་ཆོག་པ་ཞིག་ཞུས་ཀྱང་། མི་ཆོག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ་པ་འདི་དོན་ཡོད་པར་བྱེད་པ་ལ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་མ་ཐོབ་པའི་ཐབས་མེད་སྔགས་ཀྱི་རྟེན་ལའང་དགེ་སློང་མཆོག་ཡིན་ཏེ། དགྱེས་རྡོར་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུང་། དགེ་སློང་ལ་བསླབ་པའི་རྐང་གྲངས་མང་བས་ཚོགས་རྫོགས་པ་ལ་སྟོབས་ཆེ། དེས་ན་སྒྲིབ་པ་དག་པ་ལ་ཡང་སྟོབས་ཆེ་བ་ཡིན། ཚོགས་རྫོགས་པ་དང་སྒྲིབ་པ་དག་པའི་སྟོབས་ཅི་ཙམ་འཕེལ་བ་ལས་ལམ་གྱི་མངོན་རྟོགས་ཁྱད་པར་ཅན་སྐྱེ་བའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ལགས་པས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་

(༡༠༢)པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་གསུངས་པས་བསླབ་པ་གསུམ་གྱི་རྟེན་མཆོག་ཏུ་གྱུར་པ་རིན་པོའི་ཆེའི་སྒྲོན་མེ་ལྟ་བུ་ཤེས་རབ་ཀྱི་བསླབ་པའི་མངོན་རྟོགས་ཁྱད་པར་ཅན་གྱི་རྟེན་དུ་ཆེས་འཕགས་པ་ཡིན་ཏེ། དུས་འཁོར་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ནི། རྒྱལ་པོའི་བླ་མར་མི་བྱའོ། །ཞེས་དེ་བཞིན་གཤེགས་པས་ཆོས་རྒྱལ་ཟླ་བ་བཟང་པོ་ལ་འཕགས་པ་ས་ཐོབ་མ་གཏོགས་རྟེན་དགེ་སློང་ལས་ཁྱིམ་པའི་རྟེན་ཅན་བླ་མར་བརྟེན་པར་མི་བྱ་བར་གསུངས་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡོད་མེད་དགེ་སློང་གི་རྗེས་སུ་བྱེད་པ་ཡིན་ཏེ། ཞི་བ་ལྷས། བསྟན་རྩ་དགེ་སློང་ཉིད་ཡིན་ན། །ཞེས་གསུང་པས་དགེ་སློང་སྒྲུབ་པ་ཅི་ནས་གལ་ཆེ་ངས་མཐུན་རྐྱེན་སྦྱོར་གསུངས། ད་རེས་འདིར་ས་ཚིགས་ཀྱི་མཐའ་འཁོབ་ཡིན་ཀྱང་གྲངས་ཡུལ་དབུས་དང་མཐུན་པར་ཐུབ་བསྟན་རྒྱལ་ན་འོད་ཟེར་གཙོས་ལས་གྲྭ་བཅུ་ཙམ་ཚོགས་དགོས་གསུངས་ནས་དགེ་འདུན་བཅུ་ཚོགས་བསྡུས། སྣམ་སྦྱར་དང་ལྷུང་བཟེད་གདིང་བ་བཅས་རུང་བ་ཚད་དང་ལྡན་པ་དགོས། ངེད་ཀྱི་སྣམ་སྦྱར་ལྷག་པོ་འདི་དང་ལྷུང་བཟེད་གདིང་བ་བཅས་ཁྱེར་གསུངས་ནས་གཡར་པོ་གནང་བ་སོགས་ཀྱི་བདག་རྐྱེན་ལས་བསྙེན་

(༡༠༣)པར་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་ཐོབ། དེ་ནས་བཟུང་དགེ་སློང་གི་ལྟུང་བ་སྡེ་ལྔ་པོ་ཅི་ནུས་སུ་བསྲུང་། ཡོ་བྱད་རྣམས་དངོས་དང་རྣམ་བཏགས་ཀྱིས་བྱིན་རླབས་བྱས། འཚམ་བཙོས། ལག་ཉལ། རྗེན་བཙོས། མེ་ལ་རེག་པ། རིན་པོ་ཆེ་ལ་རེག་པ་རྣམས་ལ་པ་ཆེན་བློ་བཟང་ཆོས་རྒྱན་གྱི་དུས་དྲན་དེ་བརྟེན་ཕྱིས་སུ་ཟང་ཟིང་གི་དངོས་པོ་གཏོས་ཆེ་བ་བྱུང་ཡང་ཕལ་ཆེར་བླ་མ་དཀོན་མཆོག་ལ་བསྔོས། མཁན་པོ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་སྦྱིན་བདག་ལ་ཡིད་གཏད་དེ་བཅངས། རྣམ་བཏགས་ཀྱི་བྱིན་གྱིས་བརླབས་པ་མ་གཏོགས་རང་གར་བཟུང་བ་མེད། དེས་ན་ཡོངས་བཟུང་གི་དངོས་པོ་ལ་མངོན་ཞེན་ཆུང་བ་རང་ནོར་ལ་ཆོག་ཤེས་པ་གཞན་ནོར་ལ་འདོད་རྔོས་མེད་པ་འདོད་ཆུང་ཆོག་ཤེས་པའི་འདུ་ཤེས་ལ་དྲན་པ་མངོན་དུ་བཞག་ནས་འཕགས་པའི་རྣམ་ཐར་གྱི་སྲོལ་བཟུང་། དངོས་རྫས་འདི་ང་ན་ན་དགོས་འདི་ཤི་ན་དགོས་སྙམ་པའི་གཏིང་ནོར་དུ་བཟུང་བ་དེ་འདྲ་ཡིད་ལ་གཏན་མ་ཤར། གཞན་གྱི་དཔལ་འབྱོར་དང་མངོན་པར་མཐོ་བ་ཅི་མཐོང་ཡང་ཡིད་སྨོན་དང་ངོ་མཚར་མི་སྐྱེ་བ་འདི་ཞེན་ལོག་བསྒོམ་པའི་ལག་

(༡༠༤)རྗེས་སུ་གོ། འདི་སྐབས་ཤིག་ཏུ་བཀའ་དྲིན་ཅན་སྐུ་བསྙུན་པའི་ཚུལ་བསྟན་པར་གཏེར་སྟོན་བསོད་རྒྱལ་གྱི་ལུང་བསྟན་ལ་དྲི་མེད་བཤགས་རྒྱུད་འབུམ་ཐེར་གཅིག་ཞབས་རིམ་བབ་བྱུང་བར་ཞལ་སློབ་བརྒྱ་ཕྲག་ཕྱེད་གཉིས་ཙམ་སྒར་དེར་བཞུགས་པ་ཐམས་ཅད་ནས་བཤགས་རྒྱུད་གསུངས། ཀློག་བཟང་བ་ཉི་ཤུ་སྐོར་གྱིས་ཉིན་རེར་ཚར་བཅོ་བརྒྱད་བཅུ་དགུ་ཙམ་མ་གཏོགས་མང་མས་ཉིན་རེར་ཚར་མང་པོ་མ་ཚར་བས་ཟླ་ཤས་འགོར། རང་ནས་ཀྱང་རྒྱུད་ཚར་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཅིག་གི་ཞབས་བརྟན་ཕུལ། སློབ་མ་སོ་སོ་ནས་ཞབས་བརྟན་ཚེ་ཐར་སྟོང་ཕྲག་གསུམ་ཙམ་ཁས་ལེན་བགྱིད་པ་བྱུང་བའི་མཐུས་སྐུ་ཁམས་དྭངས་སྐྱེད་ཐོན། ཞལ་སློབ་རྣམས་ཀྱིས་བླ་མའི་ཞབས་བརྟན་དུ་ཚེ་སྒྲུབ་ཞག་བརྒྱ་རེ་བསྒྲུབ་པར་བགྲོས་ཏེ་ཐམས་ཅད་སྐུ་མཚམས་ལ་བཞུགས། བླ་མའི་མདུན་ཕྱིན་ཏེ་ཕྲན་ནས་ད་དུང་བཤགས་རྒྱུད་དེ་ཅི་ཚར་ཞིག་ཞབས་བརྟན་དུ་འབུལ་ན་ཞུས་པར་ད་ང་རྒས་ནས་སྒྱུ་ལུས་ཀྱི་ཕུང་པོ་དུས་ཀྱིས་རྙིང་པའི་ལྗོན་པ་བཞིན་ནམ་འདོར་མི་ཤེས་ཡང་བླ་མ་དང་མཆེད་ལྕམ་ལ་ཞབས་བརྟན་ཕུལ་ན་ཡན་ལག་བདུན་པའི་ནང་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ཡིན་པས་རང་གི་འཕྲལ་གྱི་

(༡༠༥)ཚེ་གེགས་ཞི། ཕུགས་སུ་ཚེ་མཐར་ཕྱིན་པའི་གནད་ཁྱད་པར་ཅན་ཡོད་པས་ཁྱོད་ཀྱང་ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་ཀྱི་མཚམས་ཞིག་ལ་སྡོད། ཚེ་བུམ་བྷནྡྷ་མདའ་དར་རྣམས་མི་འཛོམ། འདི་འཇམ་དབྱངས་མཁྱེན་བརྩེས་བསྒྲུབས་པའི་ཚེ་རིལ་ཡིན་ཞེས་ཤོག་ཆགས་ཞིག་གནང་ནས་འདི་དང་གཏོར་མ་རྩམ་ལ་བརྟེན་ནས་སྒྲུབས། སྤྱིར་གསང་སྔགས་ཀྱི་གཞུང་གི་རྫས་འཛོམས་པ་གལ་ཆེ་རྫས་སྔགས་ཏིང་ངེ་འཛིན་གསུམ་པོ་ལ་རྒྱུ་མཚན་གྱི་ཁྱད་པར་རེ་རེ་ཡོད་ཀྱང་ད་ལམ་ཁྱེད་སྔར་རིགས་འདུས་ཀྱི་བསྙེན་པའི་ཁ་བསྐང་དགོས་པས་དེ་དང་ཁྱོན་དྲིལ་ན་ལེགས། དེའང་ཐུན་ཕྱེད་ཡན་ཆད་བསྙེན་པ་བསགས། མན་ཆད་ལ་རླུང་དང་ཐིག་ལེ་ལ་བརྟེན་པའི་ཚེ་སྒྲུབ་དགོས་པ་རྩ་རླུང་ཐིག་ལེའི་སྤྱི་རྣམ་ཙམ་ནི་སྔོན་འགྲོའི་ནང་དུ་སོང་བ་དེས་འཐུས། འདིར་ཨ་ནུ་ཡོ་གའི་ཉམས་ལེན་ས་བཅད་མི་སྟོང་ཙམ་དུ་རླུང་དང་གཏུམ་མོའི་རྣལ་འབྱོར་སྒོམ། ཚེ་ཞེས་པ་མངོན་པར་དྲོད་དང་རྣམ་ཤེས་ཇི་སྲིད་དུ་འགྲོགས་པའི་སྐབས་དེ་ལ་ཚེ་ཞེས་བཏགས་ཀྱང་སྔགས་ཀྱི་སྐབས་འདིར་དང་པོ་མའི་མངལ་དུ་ལུས་སེམས་རླུང་གསུམ་འཚོགས་པའི་དུས་ན་ཚེ་ཞེས་བྱ་བ་སྙིང་དབུས་དབུ་མ་ན་

(༡༠༦)ཁམས་དཀར་ཆ་བ་ཐག་འདྲ་བ་ཞིག་ཆགས་པ་དེ་རིང་ན་ཚེ་རིང་། ཐུང་ན་ཚེ་ཐུང་། འཁྱོག་ན་ནད་མང་བ་སོགས་བཤད་རྒྱུ་ཡོད་པ་དེ་ལ་ཚེ་ཞེས་བྱ། དེ་ཉམས་ན་ཚེ་ཉམས་ཟད་ན་ཚེ་ཟད་པ་ཡིན་པས་དེ་མི་ཉམས་ཤིང་འཕེལ་བའི་ཆེད་རླུང་དང་ཐིག་ལེའི་སྒོ་ནས་ཚེ་སྒྲུབ་དགོས། སེམས་ཅན་གྱི་འཆི་བ་ལ་རྒྱུ་གསུམ་སྟེ་ཚེ་ཟད་ནས་འཆི་བ། ལས་ཀྱི་འཕེན་ཤུགས་ཟད་ནས་འཆི་བ། ད་ལྟའི་བསོད་ནམས་ཀྱི་འཕེལ་ཁ་ཕྲི་ནས་འཆི་བ་གསུམ་ལས་རེ་རེ་ཟད་པ་ལ་བཟློག་རྒྱུ་ཡོད་གཉིས་དང་གསུམ་ཟད་པ་ལ་བཟློག་རྒྱུ་མེད། རྣལ་འབྱོར་པ་རླུང་དང་ཐིག་ལེ་ལ་རང་དབང་ཐོབ་ན་སྙིང་གའི་རྣམ་ཤེས་ཀྱི་རྟེན་སྲོག་འཛིན་དེ་མི་འཕོ་བ་ཚེ་ལ་དབང་བ་ཡིན། སྤྱིར་མ་ཧཱ་ཡོ་གའི་ཚེ་དབང་རིགས་འཛིན་མཐོང་ལམ་སྐབས་ནས་གསུངས་ཀྱང་དེ་ལམ་ཕྱི་མ་རྣམས་རྟེན་དེར་བསྒྲོད་པའི་དབང་དུ་བྱས་ཀྱི་སྔགས་ཀྱི་སྦྱོར་ལམ་ཐོབ་ནས་མཐོང་ལམ་ལ་མ་སྦྱོར་བར་མི་འཕོ་ན་དེ་ཡང་ཚེ་ལ་དབང་བ་ཡིན། མཐོང་ལམ་ཐོབ་ནས་སྐྱེ་འཆི་རང་མཚན་པ་མེད་པས་ཇི་ལྟར་བྱས་ཀྱང་ཆོག །སྦྱོར་ལམ་དུས་སྙིང་ག་དང་སྤྱི་བོའི་སྲོག་འཛིན་གྱི་རླུང་གཉིས་ལ་རང་དབང་བས་འདིར་རང་སའི་རྩ་རླུང་གི་ཆ་ན་ཕྲ་བ་དཀར་དམར་རླུང་གསུམ་གྱི་

(༡༠༧)ཚོགས་པ་མི་འཕོ་བའི་རང་དབང་ཡོད། མཐོང་ལམ་ཚེ་དབང་ནས་རགས་པའི་རྩ་རླུང་གི་ཆ་དེ་སྤང་ཟིན་ཀྱང་འཕགས་པའི་ཡེ་ཤེས་ཕྲ་བའི་རྩ་རླུང་ཐིག་ལེའི་ཁམས་ལ་རང་དབང་བ་ཡིན་པས་འདི་གཉིས་ལ་ཁྱད་པར་ཆེ། གཞན་ཕྱི་རོལ་པའི་དྲང་སྲོང་འཆི་མེད་བརྙེས་པ་རྣམས་ལྷས་མཆོག་བྱིན་པ་དང་བཅུད་ལེན་གྱི་རྫས་ཀྱི་ནུས་པ་ཡིན་པས་སྔགས་ཀྱི་ཚེ་སྒྲུབ་པ་ལ་བསྒྲིག་ཏུ་མེད། གུ་རུ་རིན་པོ་ཆེ་ཐེག་པ་མཆོག་གི་ལམ་ནས་རྣམ་སྨིན་འབྱུང་བའི་སྙིང་མ་ཡེ་ཤེས་ཀྱི་མེས་སྦྱང་ནས་དོན་དམ་པ་རང་བཞིན་གྱི་འབྱུང་བའི་ལྷ་སྐུ་མངོན་དུ་གྱུར་པའི་སངས་རྒྱས་ཉག་གཅིག་ཡིན་པས། ཚེ་དབང་རིགས་འཛིན་པདྨ་འབྱུང་། སྣང་སྲིད་ཟིལ་གནོན་ཐུགས་ཀ་རུཿ། ཞེས་གསུངས་ཚེ་ལ་དབང་བ་ཐམས་ཅད་ཡིན་ཁྱབ་མཉམ་དུ་གོ་ན་ནོར་ཚབ་ཆེ། དེ་ནས་རླུང་བུམ་པ་ཅན་སྦྱོར་བ་བཞི་ལྡན་གྱི་མན་ངག་དང་། གཏུམ་མོ་དང་ཕྲ་ཐིག་གི་རིམ་པ་རྣམས་གསུངས་ནས། ཞག་བརྒྱ་བར་ངའི་རྩར་མ་འོང་བསྒོམ་གསུངས། དེ་བཞིན་བསྙེན་པ་ལ་ཞུགས་པའི་མཚམས་ཤེད་ན་རིལ་བུ་རྣམས་ལས་འོད་ཟེར་འཕྲོ་བ་དང་། གཏོར་མ་དང་རིལ་བུ་འོད་དུ་ཞུ་བ། རྨི་ལམ་དུ་ལྗོན་ཤིང་

(༡༠༨)ལས་འབྲས་བུའི་རིགས་མང་པོ་ལ་ལོངས་སྤྱོད་པ་སོགས་བྱུང་ཡང་རེ་དོགས་ཀྱི་སྤྲོས་པ་དབྱིངས་སུ་བཞག། རླུང་ལ་གོམས་པ་ཡུན་བསྲིང་བས་ཞུགས་གནས་ཐིམ་པའི་རྟགས་རྣམས་རིམ་གྱིས་རྫོགས། རླུང་གང་འདོད་དུ་བཟུང་ཆོག་པ་བྱུང་། དེ་ནས་གཏུམ་མོ་བསྒོམ་པས་ལུས་ལ་བདེ་དྲོད་དང་ཁམས་ཞུ་བའི་སྟོབས་ཀྱིས་སེམས་ལ་བདེ་སྟོང་གི་ཉམས་ཤར། ཕྱི་རོལ་དུ་ཚ་གྲང་གི་རེག་པ་གང་གིས་ཀྱང་དྲོད་དང་བདེ་བའི་གྲོགས་སུ་འགྲོ་བ་བྱུང་། ཕྲ་ཐིག་ལ་གོམས་པ་ཡུན་ཐུང་ངུ་ཙམ་གྱིས་སེམས་སེམས་བྱུང་གི་རྟོག་པ་ཐམས་ཅད་འགགས། གཉིད་འཐུག་ལྟ་བུའི་མུན་འཐུམ་དེ་འདྲ་ཡང་མིན་པར་སེམས་མི་རྟོག་པ་དེའི་སྣང་ཡུལ་དང་པོ་སྟོང་སེང་ངེ་བ་ལ། དེ་ཡང་ནུབ་ནས་སེམས་སྟོང་གསལ་འདི་ཡིན་ངོས་བཟུང་མེད་པ་ཞིག་ལ་ཐུན་རེ་རེ་འཁྱོངས་ཐུབ་པ་བྱུང་། ཞག་བརྒྱ་སོང་བ་དང་མཚམས་གྲོལ་རྗེས་སྒྲུབ་པའི་རྫས་རྣམས་སྐུ་མདུན་དུ་ཕུལ་བས་ཅུང་ཟད་བཞེས། ང་རྒས་པ་ཡུན་རིང་བསྡད་ན་གཡོག་དཀའ་བ་ཙམ་ལས་མེད་ཁྱོད་ལོ་ཆུང་བས་སྐབས་ཤིག་འདུག་རྒྱུ་བྱུང་ན་ལེགས་པས་ངས་ཁྱོད་ལ་ཚེ་དབང་ཞིག་བསྐུར་གསུངས་ནས་ཚེ་འགུགས་ཚར་གཅིག་གསུངས། དངོས་གྲུབ་ཀྱི་ལྷག་མ་ཐམས་ཅད་གནང་ནས་ལྷག་མེད་ཟོ་མི་ལ་

(༡༠༩)མ་སྦྱིན་གསུངས། ཡང་དར་གཅིག་བཞུགས་ནས་གཏོར་མ་རུལ་པ་ཟོས་པས་ཕོ་བ་ན་བའི་རྒྱུ་ལས་ཅི་ཡོད་ཧེ་ཧེ། ཁྱེད་ཀྱིས་རྩ་རླུང་དེ་བསྒོམས་པས་རྟགས་འདྲ་འོང་རྒྱུ་ཨེ་འདུག་གསུངས། སྔར་གྱི་ལོ་རྒྱུས་རྒྱས་པར་ཞུས་པས་ཁྱོད་སྐྱེ་བ་སྔ་མ་ཞིག་ཏུ་རྩ་རླུང་ལ་གོམས་པའི་བག་ཆགས་སད་པ་འདྲ་གཞི་ང་རྒྱལ་མ་ཆེ་སུ་ལའང་མ་བཤད་རྒྱུན་པར་ཉམས་ལེན་མ་སྒྱུར་གསང་སྔགས་དེ་ཆེས་མྱུར་བའི་ཁྱད་པར་ཨེ་ཤེས་གསུངས། དེ་ནས་ད་དུང་བློ་སྦྱོང་དང་བླ་མའི་རྣལ་འབྱོར་བསྒོམ་མཚོ་རྒྱལ་ཞུས་ལན་ལས། ཐུན་རེ་རེ་བཞིན་བློ་ལྡོག་རྣམ་པ་བཞི་པོ་མ་བསྒོམ་ན་ཐུན་མགོར་ཆོས་པ་ཡིན་ཀྱང་ཐུན་མཇུག་ཚེ་འདི་པར་ཆ་གསུངས་པས་ཆོས་པ་ཕྱི་ནང་མཚུངས་པ་རེ་བྱེད་བསམ་ན་བློ་སྦྱོང་འདི་གལ་ཆེ། ཨ་བུ་རིན་པོ་ཆེས་ཐུན་རེ་རེ་བཞིན་དུ་ཐུགས་སྦྱོང་གནང་ནས་བྲང་ལ་ཁུ་ཚུར་གྱིས་བརླུང་བཞིན་ཨེ་ཤི་རེ་གསུང་གྱིན་བཞུགས། དུས་ཕྱིས་ཞིག་ན་ལུང་གཅེས་ད་ངས་ངན་སོང་གསུམ་གྱི་སྡུག་བསྔལ་གཏན་ནས་བསམ་མི་ཕོད་པར་འདུག །འཁོར་བའི་ཉེས་དམིགས་བསྒོམ་དུས་མཐོ་རིས་གསུམ་པོའམ་སྡུག་བསྔལ་ཙམ་བསམ་པ་ཡིན་

(༡༡༠)གསུངས། རྡོ་ཨ་རིས་ནགས་ནང་ན་བཞུགས་སྐབས་ནང་དུས་འཇོལ་མོ་གྲགས་དུས་ཁྱོད་ཀྱི་ཧུད་ང་ཀྱི་ཧུད་ཅེས་གསུངས་ནས་བཞུགས་པ་དེ་ཡི་ལད་མོ་དགོས། དངོས་གཞིའི་ཁྲིད་ཟེར་བའི་མཐོ་སྐད་ལ་ཉན་ནས་མཐོ་སྙབ་བྱས་ན་མགོ་མཐོ་ས་ནས་བཏགས་ན་རྐེ་དམའ་ས་ནས་འཆད་ཟེར་བ་དེ་འོང་། དགེ་སློང་ཐང་པས་རླུང་སེམས་ལ་རང་དབང་ཐོབ་ཀྱང་རྟོག་ངན་ཞིག་ལམ་དུ་མ་ལོང་པས་ཕྱིས་ཡུལ་དུ་བབ་ནས་དམག་དཔོན་བྱེད་དགོས་པའི་གཏམ་རྒྱུད་དེ་ཡིན་གསུངས་ནས་སློབ་མ་གཞན་རྣམས་འབུམ་ལྔ་ལེགས་པོ་རེ་ཐོན་ཚད་ལ་དངོས་གཞིའི་ཁྲིད་གནང་ཀྱང་བདག་ལ་ཡུན་རིང་པོའི་བར་མ་གནང་། བླ་མའི་ཐུགས་ལ་ཅི་དགོངས་ལས་དངོས་གཞིའི་ཁྲིད་སྙེགས་དང་གདམས་ངག་ལ་བཙན་ཐབས་ཀྱི་འཇུག་པ་གཏན་ནས་མ་བྱས་འོན་ཀྱང་ལོ་ཟླ་མང་པོའི་སྔོན་རོལ་ནས་མཎྜལ་གྱི་རྟེན་ཙམ་ཕུལ་ནས་ངེད་ཀྱི་བློ་མཁོས་དང་བསྟུན་པ་སྔོན་འགྲོ་དངོས་གཞི་གང་གི་སྐལ་བར་ལྡན་པ་གཙོ་བོར་གནང་ཐུབ་པ་ཐུགས་རྗེས་རྗེས་འཛིན་ཞུས་པར། དངོས་གཞིའི་ཁྲིད་དཀའ་མོ་ཡིན། ཀུན་མཁྱེན་ཆེན་པོས། དེང་སང་རྫོགས་པ་ཆེན་པོའི་བསྟན་པའི་མཐའ་ལ་བབ་པས་འདིར་འཇུག་

(༡༡༡)པ་ལ་བསགས་པ་རབ་དང་ཐོས་བསམ་རྒྱ་ཆེན་པོ་ཞིག་གི་སྤྱོད་ཡུལ་ལས་གཞན་གྱི་སྐལ་བ་མིན་གསུངས་པ་དེ་ཡིན། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་གནད་རྣམས་འཕགས་པའི་གང་ཟག་ཞིག་གི་སྤྱོད་ཡུལ་ལས་རང་གར་རྒད་པོ་རྒན་མོ་ཡན་ཆད་ཀྱིས་ཤེས་ཚོད་མི་འདུག་གསུངས། རང་ལོ་ཉེར་གཅིག་པའི་དབྱར་ཐོག་ཁྱིམ་དུ་འགྲོ་རྩིས་ཀྱིས་བསུ་མ་སླེབས་པས་ཉིན་གུང་དུས་མར་ཆུར་ཕྲན་བུ་ཞིག་འབུལ་རྒྱུ་ཁྱེར་ནས་བྱིན་རླབས་ཞུ་བ་བཅས་སྐུ་མདུན་མཇལ་དུ་ཕྱིན་པར་བླ་མ་གཟིམས་ནས་བཞུགས་འདུག །རེ་ཞིག་སྐུ་རྩར་བཅར་རྒྱུ་བྱོལ་ནས་ཕྱི་རོལ་དུ་ཕྱག་ཕུལ་ཏེ་ཅུང་ཟད་བསྡད་པར་དབུ་བཏེགས་བྱུང་མདུན་དུ་ཕྱིན་ཏེ་ཕྱག་རྟེན་རྣམས་ཕུལ་བས་མར་ཆུར་མང་པོ་འདི་ཅི་ཡིན་གསུངས། ང་དེ་རིང་ཁྱིམ་དུ་འགྲོ་རྩིས་ཡིན་མ་རྒན་ནས་ཆུ་གཏོར་ཞིག་བསྔོ་དགོས་ཟེར་བས་སྟོན་ཁ་བར་སླེབ་མི་འོང་ཞུས་པས། བཀའ་དྲིན་ཅན་ནས་ངས་རྨི་ལམ་མཚར་པོ་ཞིག་རྨིས་ཞེས་ལན་གྲངས་དུ་མར་གསུང་ཀྱང་ཅི་རྨིས་ཞུ་མ་སྤོབས། ངེད་ཀྱི་རྨི་ལམ་ལ་བཏང་ན་ཁྱོད་ལ་དངོས་གཞིའི་ཁྲིད་གཅིག་

(༡༡༢)བཤད་ན་ཕར་བཤད་མཁན་ཞིག་འོང་ན་ཅི་ཤེས་ཁྱིམ་དུ་མ་འགྲོ་སྡོད་དང་ཁྲིད་རྒྱས་པ་ཞག་བརྒྱ་ཙམ་བཤད་དགོས་གསུངས། ལགས་མ་རྒན་གྱི་ཆུ་གཏོར་དེ་བཏང་མཁན་ཞག་བཅུ་སྐོར་ཙམ་དགོངས་པ་ཞུས་དེ་ཕྲལ་ཚུར་བཅར་ན་ཆོག་གམ་ཞུས་པས་མི་ཆོག་ཆོས་ཁྱད་པར་ཅན་ཞུ་བ་ལ་ལེ་ལོ་དང་ཕྱི་བཤོལ་བགྱི་མི་རུང་སྟེ། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚོ་བའང་མང་། གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པར། དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། བྱ་བ་དེ་ཡིན་པས་སང་ཉིན་ནས་ཁྲིད་མགོ་འཛུགས། དོ་ནུབ་རྨི་ལམ་ཅི་རྨིས་ལྟོས་གསུངས་པ་དེ་ཐོས་པ་ཙམ་གྱིས་ལུས་བ་སྤུ་གཟེང་མིག་མཆི་མ་འཁྲུགས་པའི་མོས་གུས་སྤྲོ་དགའ་ཚད་ལས་འདས་པ་དང་སྡོད་མི་ཚུགས་པ་ལྟ་བུའི་སེམས་ཡེང་ཡེང་པོར་གྱུར་སོང་བས་བརྒྱུད་པའི་བྱིན་རླབས་ཀྱི་བབས་དང་ལྡན་པར་ཡིད་ཆེས་ཐོབ། དེ་ནུབ་རྨི་ལམ་དུ་མཚོ་རྒྱལ་ཡིན་ཟེར་བ་ཞིག་གིས་པུ་སྟི་ཕྲ་ལ་རིང་བ་ཁ་བྱང་དུ་ བརྒྱུདགསུམ next hit་རིགས་འཛིན་བླ་མའི་ཐུགས་མཛོད་ཟེར་བ་ཞིག་གནང་བྱུང་བ་ཞལ་ཕྱེས་པས་མཐའ་རྒྱབ་མེད་པར་བརྡ་ཡིག་འདྲ་བའི་ཡི་གེ་ཕྲ་མོས་གང་བ་རྨིས། ཕྱིར་ཉིན་མཎྜལ་གྱི་རྟེན་ཁྱེར་ནས་

(༡༡༣)སྐུ་མདུན་ཕྱིན་པས་མདང་ཅི་རྨིས་གསུངས། དེ་ཚུལ་ཞིབ་ཏུ་ཞུས་པས་བརྡ་ཡིག་རྣམ་ཤེས་སམ་གསུངས། མི་ཤེས་ཞུས་པས་དཔེ་ཆ་དེ་ཡི་གེའི་གང་ལུགས་ཀྱིས་སྒོམ་ཤེས་མཁན་རབ་ཞིག་འོང་ཚོད་འདྲ་ཡང་མཐའ་རྒྱག་མེད་པར་གང་ལུགས་འདིས་ལུས་ངག་གི་དགེ་སྦྱོར་ཞན་ཙམ་ཞིག་འོང་བ་འདྲ་དེ་མིན་མི་ཤེས་གསུངས། དེ་ཉིན་དངོས་གཞིའི་ཁྲིད་མགོ་བཙུག་ཁྲིད་རྐང་འདི་རྣམས་རིགས་འཛིན་འཇིགས་མེད་གླིང་ས་ནས་ཞལ་ནས་སྙན་དུ་བརྒྱུད་པ་གསེར་རིའི་ཕྲེང་བ་མང་ལ་བཟང་བ་ཤ་སྟག་བྱོན་པ་ལས་རིགས་འཛིན་ཆེན་པོ་གང་གི་ཞལ་སློབ་ཁམས་སུ་བྱོན་པ་ཐམས་ཅད་ཀྱི་གཙོ་བོ་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་སྟེ་ཁོང་གི་སློབ་མ་རྡོ་རྗེའི་གདུང་བཞི། བུདྷ་མཆེད་དྲུག་ནམ་མཁའི་མཚན་ཅན་བཅུ་གསུམ། དཀྱིལ་འཁོར་འཛིན་པ་བརྒྱ་རྩ་ཙམ་བྱོན་པའི་ནང་ཚན་ནམ་མཁའི་མཚན་ཅན་བཅུ་གསུམ་གྱི་གཙོ་བོ་མི་འགྱུར་ནམ་མཁའ་རྡོ་རྗེའི་མདུན་ནས་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཐོབ། འཇིགས་མེད་རྒྱལ་བའི་མྱུ་གུའི་དངོས་སློབ་གཙོ་བོ་འཇམ་དབྱངས་མཁྱེན་བརྩེ་དང་ཨ་བུ་བཀའ་དྲིན་ཅན་གཉིས་བཞུགས་པ་བདག་

(༡༡༤)གིས་དེ་གཉིས་མདུན་མཁའ་འགྲོ་ཡང་ཏིག་གི་ཁྲིད་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། ངེས་དོན་སྙིང་པོའི་ལག་ཁྲིད། གསང་སྤྱོད་རྡོ་རྗེའི་ལམ་བསྟན་རྣམས་ཞུས། ལར་རིགས་འཛིན་འཇིགས་གླིང་གི་ཞལ་ནས། ང་ཡི་འོད་གསལ་སྙིང་ཐིག་གི་བརྒྱུད་པ་འདི་ལ་ཕ་བས་བུ་བཟང་བུ་བས་ཚ་བོ། །ཚ་བོ་ལས་ཡང་ཚ་བཟང་བར་ལུང་བསྟན་པས་ང་ཡན་ཆད་ངོ་ཚ་བར་བྱོན་ད་ཁྱོད་ཡང་ཚ་ཙམ་གྱི་ཚོད་དུ་སླེབས་འདུག་པས་ཨ་བུ་བཀའ་དྲིན་ཅན་གྱིས་ངེད་ལ་ཡུན་རིང་པོའི་བར་ཁྲིད་རྐང་རེ་རེ་གཉིས་རེ་གསུངས། ངས་ཀྱང་རྒྱུད་ལ་ཞིབ་ཏུ་འདྲེས་ངེས་བྱས་མི་ཤེས་པ་དང་། དོགས་པའི་གནས་ལ་ཨ་བུའི་མདུན་རང་ནས་ལུང་དང་རིག་པའི་ལམ་ནས་ཚིག་གི་སྒྲོ་འདོགས་བཅད། མཁས་པ་མགུ་བའི་བཤད་པ་སྒྲོས་གཙང་ཞིང་དོན་གྱི་ཉམས་མྱོང་གིས་གནད་དུ་ཁེལ་བ་བརྒྱུད་པ། བྱིན་རླབས་ཀྱི་བབས་དང་ལྡན་པ་ཡིན་པས་ཁྱོད་ནས་ཀྱང་ཚིག་སྒྲོས་ཙམ་ཡང་མ་ཉམས་པར་ཡིད་ལ་ཟིན་ངེས་དགོས་གསུངས། དང་པོ་ཁྲིད་རྐང་རེ་གནད་བསྡུས་ཏེ་གསུངས་ཉིན་ཆ་ཤས་རེར་བསམ་བཅུག །ཡང་དེ་ལ་རྒྱས་བཤད་མཛད་ཅིང་དོགས་པ་བཅད་ནས་ཞག་ཤས་བསམ་བཅུག །ཚིག་རྣམས་ཡིད་ལ་ཨེ་འཇགས་གསུངས་ད་ལྟ་ཡིད་ལ་འཇགས་

(༡༡༥)ཀྱང་ཕྱིན་ཆད་བརྗེད་ཨེ་འགྲོ་མི་ཤེས་པས་ཟིན་བྲིས་ཞིག་བཏབ་ན་ཞུས་པས་ཅི་ཟེར། སྙན་བརྒྱུད་དཔེ་ལ་མ་བཀོད་གསུངས་པ་དེ་མ་གོའམ་གསུངས་བར་ཞིག་ན་ད་བརྗེད་ཀྱིས་དོགས་ན་རྩ་ཚིག་ཙམ་ཟིན་བྲིས་སུ་བཏབ་ཀྱང་སྐྱོན་མེད། གསང་བ་ཡི་གེ་མེད་པའི་སྐོར་རྣམས་ཀུན་མཁྱེན་ཆེན་པོས་ཡི་གེར་བཏབ་པ་བླ་མ་ཡང་ཏིག་གི་སྙན་previous hit བརྒྱུད་སྐོར་གསུམ next hit་དང་། ཟབ་མོ་ཡང་ཏིག་གི་གསང་བ་ཡི་གེ་མེད་པའི་སྙན་བརྒྱུད་ཀྱི་ཁྲིད་རྣམས་ཡིན་ཀྱང་ད་ཡུ་བུ་གཉིས་ཀྱིས་དེ་འདྲའི་ལད་མོ་མི་འོང་ཡང་། སྙན་བརྒྱུད་ཀྱི་ཁྲིད་འདི་བཤད་དུའང་ཕངས་ནུབ་ཏུའང་ཕངས་གསུང་བྱུང་བས་འདི་ལ་ཕྱིས་སུ་ཁྲིད་ཡིག་རྒྱས་བསྡུས་གཉིས་སུ་བཏབ། དངོས་གཞི་མཉམ་བཞག་ཡེ་ཤེས་ཀྱི་ལྟ་བའི་སྐབས་དེར་ཅི་ཡང་ཞུ་རྒྱུ་མ་རྙེད་པས་ཡིད་ཆད་དྲག་ནས་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་ཤུགས་དྲག་ཏུ་བཏབ། བླ་མའི་རྣལ་འབྱོར་དང་འབྲེལ་བའི་དབང་བཞི་བླངས་ཐུགས་ཡིད་བསྲེས་ཏེ་བཞག་པས་སྔར་སྔོན་འགྲོའི་དུས་སུ་སེམས་རྟོག་མེད་སྣང་ཡུལ་ཐམས་ཅད་ནུབ་འགྲོ་བ་ཞིག་ཡོད་པ་དེ་ཀུན་གཞི་རེད་གསུངས་ཀྱང་ད་བརྟགས་ན་དུས་གསུམ་དགེ་མི་དགེ་བར་མའི་རྟོག་པ་གང་དང་ཡང་མ་འདྲེས་ཤིང་རྟོག་མེད་ཀྱི་གནས་སྐབས་ལྔ་པོའང་མ་ཡིན་པའི་རིག་སྟོང་རྗེན་ལ་བུད་པ་འདི་ལས་འགྲོ་ས་མི་འདུག་སྙམ་པའི་ཁོ་ཐག་ཆོད་པ་ཞིག་བྱུང་བར་སྐུ་མདུན་ཕྱིན་ནས་

(༡༡༦)ཞུས་པས་ཅུང་ཟད་བཞད་དེ། ཡིན་དེ་ཡིན་ཀྱང་ངས་ཁྱོད་ལ་འཕྲིག་མ་བསྟན། ཀུན་མཁྱེན་ཆེན་པོས་སྙིང་ཐིག་གི་དགོངས་པའི་ངོ་ཏི་ངེས་པ་ནི་རིག་པ་རྗེན་ལ་བུད་པ་ཞིག་དགོས། དེ་མ་ཤེས་ན་ཁྲེགས་ཆོད་ཐོད་རྒལ་གང་ལ་སྦྱར་ཀྱང་ཕན་མེད་གསུངས་པ་བཞིན་ཡིན་མོད། དེ་བྱུང་འདུག་ཅེས་ཐུགས་དགྱེས་ཚོར་ཆེར་མཛད་ནས། ཕ་ལ་བུ་སྐྱེས་བུས་བརྒྱུད་པ་ཟིན་པ་ཞིག་འོང་དེ་རིང་སྟོན་མོ་ཞིག་དགོས་གསུངས་ཏེ་བུ་རམ་དང་ཤིང་ཐོག་མང་དུ་གནང་། ངའི་ཇ་འདི་ལ་གཅིག་འཐུང་གསུངས་ནས་རང་བཞིན་གྱི་གསུང་གླེང་མང་དུ་མཛད་ཁྱོད་སྔོན་འགྲོ་བློ་སྦྱོང་གི་སྐབས་ནས་སྣང་མེད་ཀྱི་མཉམ་བཞག་འདྲ་བ་ཞིག་བཤད་རྒྱུ་འདུག་པ་དེ་ཡིན། འཕགས་པའི་མཉམ་བཞག་གི་དུས་ན་གཟུང་འཛིན་གྱི་རྟོག་པ་གཉིས་ཀྱི་དང་པོ་འཛིན་རྟོག་དེ་ནུབ་ནས་འགྲོ། གཟུང་རྟོག་མ་ནུབ་པས་སྣང་བ་འདི་མཉམ་བཞག་གི་ཐད་པོ་དེ་ན་ཡོད། དེ་ནས་གཟུང་རྟོག་ནུབ་པས་སྣང་བ་ཙམ་པ་དེ་ཡང་མཉམ་བཞག་གི་ངོ་ན་མི་སྣང་བས་སྔ་མ་དེ་སྣང་བཅས་མཉམ་བཞག་དང་ཕྱི་ལ་དེ་སྣང་མེད་མཉམ་བཞག་རེད། ད་ལྟ་མཁས་པ་འགའ་རེས་ཤེར་ཕྱིན་གྱི་སྣང་སྣང་མེད་ཀྱི་མཉམ་བཞག་

(༡༡༧)དེ་སྟོང་ཉིད་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གཉིས་ལ་ངོས་འཛིན་བྱེད་ཀྱང་དེ་ཉམས་མྱོང་མེད་པའི་གཏམ་མཚང་བུད་པ་ཡིན། ཁྱེད་མཉམ་བཞག་དེ་ལས་ལྡང་བ་ན་དང་པོ་རྣ་བ་ནས་སྒྲ་ཏིང་ཤག་གི་སྐད་འདྲ་བ་ཞིག་གིས་རྐྱེན་བྱས་ནས་སྣང་བ་འདི་བཀྲ་ལམ་གྱིས་འཆར་འདུག་ཟེར་བ་དེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། །སྣང་བའི་རང་སྒྲ་སིལ་སྐད་དུ། །སྔོན་དུ་ལོག་སྟེ་འཁྲུལ་བར་སྣང་། །ཞེས་འཕོ་སྐུ་བཞེངས་ཚད་ཀྱི་དུས་ན་གསུངས་པ་དེ་ད་རེས་ནང་རིག་པ་ཚད་ཕེབས་ཀྱི་དུས་འདིར་འབྱོར་ཆེ་བར་སྣང་། ང་རྒྱལ་དང་རང་མཐོང་མ་ཆེ་ང་རྒྱལ་ཨེ་འདུག་གསུངས། མི་འདུག་རྗེས་ཐོབ་ན་སྣང་བ་ཐམས་ཅད་བདེན་མེད་རྩིས་མེད་ཞིག་གི་སྟེང་ནས་སྣང་བ་སྐྱོ་ལྷང་ལྷང་བ་ཞིག་ལས་མི་འདུག་ཞུས་པས་དེ་འདྲ་དགོས། ཀུན་མཁྱེན་ཆེན་པོས། དེ་ཉིད་གོམས་པས་ཡོན་ཏན་ཉམས་རྣམས་འབྱུང་། །སྙིང་ནས་མི་རྟག་བློ་སྣ་འཐུང་བ་དང་། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང་། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་འབྱུང་། །གསུངས་པ་རྣམས་ཡོད་དགོས། ས་ར་ཧས། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ང་ལྟར་འཁྲུལ་

(༡༡༨)པ་ཆད། །ད་ནི་སུ་ལའང་འདྲི་བར་མི་བྱའོ། །གསུངས་པའི་ཐོག་ཏུ་ཕྱིན་པ་ཡིན། །ཨ་བུ་བཀའ་དྲིན་ཅན་དེས་རྫོགས་ཆེན་ནང་ཆུང་མའི་རི་ཁྲོད་དུ་ང་ལ་ངོ་སྤྲོད་གནང་བ་ཡིན་གསུངས་ཇི་ལྟར་ལགས་ཞུས་པ། ང་དང་པོ་སྒོམ་དགའ་ཆེན་པོ་ང་ཡོད་པས་ཁྲོམ་གྲུབ་ཐོབ་ཀྱིས་ང་ལ་ཅིག་ཆར་བའི་ངོ་སྤྲོད་གནང་བྱུང་། དེ་ནས་ཡར་སོང་ཡིད་ལྷུང་བླ་མ་དགའ་རབ་མདུན་རྟོགས་འབུལ་ཞུས་པས་ང་གཉིས་ཆར་བ་རེད་སོང་། དགེ་མང་སྐྱབས་མགོན་རིན་པོ་ཆེའི་མདུན་སོང་བས་ཞོ་གཅིག་གནང་ཕོར་པ་མེད་ཞུས་པར་རང་བྱུང་གི་ཀ་པཱ་ལི་བཟེད་གསུངས་ངས་ཁྱེར་བ་གཉིས་བཟེད་པས་རིག་པ་བཟང་གསུངས། དེ་དུས་རྟོགས་འབུལ་ཞིག་ཞུས་པས་ང་གསུམ་ཆར་བ་རེད་སོང་། དེ་ནས་ཨ་བུའི་མདུན་སོང་ནས་ཞུས་པས་ང་རིམ་གྱིས་པ་རེད་སོང་གསུངས། གཉིས་ཆར་དང་previous hit གསུམ་ཆར་བ་ཞེས་པ་ཅི་ལགས་ཞུས་པ་དེ་རང་རྩེད་མོ་བྱས་པ་ཡིན། སྙན་བརྒྱུད next hit་མན་ངག་གིས་བཤད་པའི་གནད་གཅིག་མེད་ན་ཁོང་བླ་མ་རྣམ་པའི་རྟོགས་པ་མཐོ་ཚོད་ཀྱིས་གསུང་དེས་གར་ཡང་མི་ཕྱིན་གདུལ་བྱ་རིམ་གྱིས་པའི་བློ་ལ་ངོ་འཕྲོད་པ་དཀའ། དེང་སང་ཐམས་ཅད་ཀྱིས་དཔེ་ཐོག་བྲོ་བརྡུང་རང་འདིས་ཀྱང་གོ་མི་ཆོད་ཨ་བུ་

(༡༡༩)ངེད་དཔོན་སློབ་ནགས་ཆུང་མའི་ཚུར་ངོས་ཐང་ཤིང་ཞིག་ཡོད་པའི་རྩར་བཞུགས། ཨ་བུའི་ཉིན་རེ་བཞིན་ཕྱོགས་དབེན་པ་རེར་ཕེབས་ནས་ཐུན་བཅད་ཀྱིན་བཞུགས། ངས་ཐང་ཤིང་དམ་རྩར་ཇ་བསྐོལ་དུས་ཚུར་བྱོན་ནས་བཞུགས་སྐབས། ང་ལ་རྒྱུན་བར་གྲུ་གུ་ནག་པོ་ཞིག་ཉར་ཚག་བྱེད་རྒྱུ་ཡོད་པར་རྨིས་འདུག་པ་ནུབ་གཅིག་ཨ་བུའི་གྲུ་གུ་དེའི་སྣེ་ནས་བཤིག་པའི་དཀྱིལ་ན་རྡོ་རྗེ་སེམས་དཔའི་གསེར་སྐུ་ཞིག་འདུག་པ་ང་ལ་སྤྲོད་པ་རྨིས། བདག་གིས་བསམ་པར་སྔོན་ནས་གྲུ་གུ་དེ་ལ་དེ་ཡོད་པར་ཤེས་ན་དཀའ་ལས་དེ་མ་དགོས་སྙམ་པ་ཤར། ཨ་བུ་མུན་རུབ་དུས་ནམ་ཡིན་ཀྱང་ཐང་ཆུང་མི་ཤོང་ཙམ་དུ་བལ་སྟན་གསར་པ་ཞིག་ཡོད་པ་བཏིང་བའི་ཁར་སྐུ་ལུས་བརྒྱང་ཐབས་གན་རྐྱལ་དུ་ནམ་མཁའ་སུམ་ཕྲུག་གི་ཉམས་ལེན་ཐུན་རེར་ཉམས་བཞེས་གནང་ནས་བཞུགས་པ་ལ། དགུང་གཅིག་སྔར་གྱི་དེ་བཞིན་མཛད་ནས་བཞུགས་སྐབས་ལུང་གཅེས་ཁྱོད་ནས་སེམས་ངོ་མི་ཤེས་ཨེ་ཟེར་གསུངས་མི་ཤེས་ལགས་ཞུས་པས་མི་ཤེས་རྒྱུ་ཅི་མེད་འདིར་ཤོག་དང་གསུངས། དེ་བཞིན་མདུན་དུ་ཕྱིན་པས་ཁྱོད་རང་ཡང་ང་སྡོད་ཚུལ་འདི་བཞིན་སྡོད་ལ་ནམ་མཁའ་ལ་ལྟོས་དང་གསུངས་

(༡༢༠)དེ་བཞིན་བྱས་པས་ནམ་མཁའ་ལ་སྐར་མ་ཤར་བ་མཐོང་ངམ། རྫོགས་ཆེན་དགོན་དུ་ཁྱི་ཟུག་པ་ཐོས་སམ། རང་རེ་གཉིས་ཀྱིས་གཏམ་སྨྲ་བ་གོའམ་གསུངས་སོ་སོར་ལན་ཕུལ་བས་འོ་སྒོམ་ཞེས་པ་དེ་ཡིན་གསུངས་པས་བདག་ཀྱང་ཁོ་ཐག་ནང་ནས་ཆོད། ཡིན་མིན་གྱི་སྒྲོག་ལས་གྲོལ་རིག་སྟོང་རྗེན་པའི་ཡེ་ཤེས་དེ་དུས་ངོ་འཕྲོད་པ་ཡིན། དེ་ཡང་ཁོང་གི་བྱིན་རླབས་ལས་འཕྲོད་པ་ཡིན། ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། གསུངས་པ་དེ་ཡིན། ད་རྗེས་ལ་དཔྱད་ན་མིག་ཤེས་རྣ་ཤེས་གཉིས་རིག་པ་ཡིན་ཞེས་གསུང་པ་ལྟ་བུ་ལས་མེད་ཀྱང་སྙིང་ཐིག་གི་དགོངས་པའི་རྟོགས་ཚད་ངེས་པ་དོན་བརྒྱུད་ཀྱིས་བྱིན་རླབས་འཕོས་པ་ཁོ་ནའི་མཐུ་ཡིན་པར་ཤེས་དགོས། ཨ་བུ་ཁོང་མེ་ཉག་ལའུ་ཐང་དང་ཉེ་བའི་དུར་ཁྲོད་གཉན་པ་ཞིག་ཏུ་ཞག་གཅིག་བཞུགས་པས་འཚུབ་སློང་མང་པོ་བྱུང་བླ་མ་ལ་གསོལ་བ་བཏབ་པས་རྫོགས་པ་ཆེན་པོའི་དགོངས་པའི་གདེང་ཚད་རྙེད། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ལ་རྟོགས་འབུལ་ཞུས་པས་ཁྱོད་ཀྱིས་བདུད་བཞི་ཅིག་ཆར་དུ་ཆོད་པ་རེད་གསུངས། ཡིན་ཚོད་ཀྱང་རེད་དེ་ཕྱིན་

(༡༢༡)ང་ལ་ཉོན་མོངས་པའི་རྣམ་རྟོག་ཆེར་མ་སྐྱེས་གསུངས། དེས་ན་བརྒྱུད་པ་འདིར་བླ་མའི་མོས་གུས་ཁོ་ནས་རྟོགས་དགོས་པ་ཡིན། བླ་མ་བརྟེན་ཐབས་མོས་གུས་ཡིན་ཏེ་ཞེ་པ་མིན། བླ་མའི་སྒྲུབ་ཐབས་མོས་གུས་ཡིན་ཏེ་གསོལ་འདེབས་མིན། གསུངས། འཇིགས་མེད་རྒྱལ་བའི་མྱུ་གུ་ཙཱ་རི་ཅིག་ཆར་གནས་སུ་ལོ་མང་པོར་དཀའ་སྤྱད་མཛད་ནས་བསྒོམས། ཉིན་གཅིག་ཉི་མའི་ནང་བྱོན་པར་ལྷ་སའི་ཕྱོགས་སྤྱན་ལམ་དུ་གཟིགས་པས་རྩ་བའི་བླ་མ་དང་སྙིང་ཐིག་བརྒྱུད་པའི་བླ་མ་རྣམས་དྲན་ནས་མོས་གུས་ཀྱིས་གསོལ་འདེབས་བགྱིས་པས་རེ་ཞིག་ཐུགས་དྲན་མེད་དུ་བརྒྱལ་བ་ལྟ་བུར་སོང་། དེ་ལས་སད་པ་ན་སྔར་གྱི་བསྒོམ་ལ་བདག་པོ་སྤྲོད་དགོས་པའི་འཛིན་པ་དེ་དབྱིངས་སུ་ཞིག་ནས་བལྟ་རྒྱུ་དང་སྒོམ་རྒྱུ་མེད་ཅིང་རིག་པ་ཡེངས་འཁྲུལ་བྲལ་བའི་གནས་ལུགས་ཀྱི་ཐོག་ཏུ་སོན་ཀྱང་དེས་ཐུགས་མ་ཚིམས་ནས་ཨ་ཁ་ང་ཉི་མའི་ནང་དེར་མ་ཕྱིན་ན་བསྒོམ་ཞིག་ཡོད་ཀྱང་ད་ནི་ཅི་ཡང་མི་འདུག །ཡང་དུ་ཉམས་ལེན་ལ་དོགས་བཅད་དང་བླ་མ་ཡང་སྐུ་ན་མཐོ་བས་མཇལ་ཞུས་ཞོར་ལ་མ་རྒན་པར་ཡང་འཕྲད་ཙམ་འགྲོ་དགོངས་ནས་ཕེབས་

(༡༢༢)པར་དཀའ་སྤྱད་ཀྱིས་སྐུ་ཤིན་ཏུ་རིད་པས་ཉིན་གཅིག་ལ་རི་ཁྲོད་དེའི་མན་ཙམ་ན་ཆུ་ཁ་ཞིག་ཡོད་པ་དེ་ལས་བྱོན་མ་ཐུབ། དེ་ནུབ་གནས་བདག་ཞིང་སྐྱོང་ཡབ་ཡུམ་མོན་པ་ཕོ་མོའི་རྣམ་པས་མ་རྨོས་ལོ་ཐོག་གི་ཙམ་པ་དང་། རི་དྭགས་ཀྱི་ཤ་ཕུལ་ཕྱིར་ཉིན་གསོལ་ལྷག་རྣམས་བསྐུར་བས་འཚོ་ཆས་མཛད། ཞག་ཤས་ཕྱིན་པས་འབྲོག་པ་ཕྱུག་པོ་ཞིག་གི་ཞབས་འདེགས་ཞུས། ལུག་གཅིག་བཤས་ནས་ཤ་དྲངས་པས་ཐུགས་ལ་མའི་ཤ་བུ་ལ་བྱིན་པ་ལྟ་བུའི་སྙིང་རྗེ་བཟོད་བརླག་མེད་པ་འཁྲུངས། བཞེས་པ་ལྟ་ཅི་གཟིགས་པ་ཙམ་ཡང་མི་ཕོད་པ་ལྟ་བུར་བྱུང་བས་དེ་ཕྱིན་ཤ་གཏན་ནས་མ་བཞེས། དེ་ནས་རིགས་འཛིན་འཇིགས་གླིང་མདུན་མཇལ་དུ་ཕྱིན་ནས་རྟོགས་འབུལ་ཞུས་པས་བླ་མ་ཐུགས་མཉེས་ནས་བུ་དེ་ཀླས་རང་ཡིན་ཆོས་ཉིད་ཟད་པའི་པར་ཕྱིན་པ་ཡིན་གསུངས་དེར་ལོ་གཅིག་བཞུགས་ཤིང་བླ་མའི་མདུན་སྔར་གསུངས་པའི་གདམས་ངག་གི་གནས་ཕལ་ཆེར་ལ་སྒྲོ་འདོགས་བཅད། བླ་མའི་གསུང་ལས་ཁྱོད་ལ་འདི་འདྲའི་ཤེས་རབ་ཡོད་པ་ཨེ་ཡིན་མ་ཤེས་ད་ངའི་རྩར་ཡུན་རིང་སྡོད་དང་ཁྱོད་མཁས་པ་ཆེན་པོ་ཞིག་བགྱིད་གསུང་ཀྱང་། ད་ང་ཡི་ཨ་མ་ཤི་མེད་ན་འཕྲད་འདོད་

(༡༢༣)ཀྱང་ཆེ། སྔོན་འགྲོ་དང་དངོས་གཞིའི་ཁྲིད་རྣམས་རང་གི་ཉམས་སུ་ལེན་ནུས་ན་བླ་མའི་དྲིན་ལས་ཡིད་ཚིམས་པར་བྱུང་ཞུས་པས་བཀས་གནང་ནས་ཁམས་སུ་ཕེབས་པས་མ་དང་འཕྲད། དེ་ནས་རྫ་ཁྲ་མ་ནང་ལོ་ཉི་ཤུ་རྩ་གྲངས་སུ་བསྒོམས་པས་མཚན་ཁྲ་མ་བླ་མ་ཞེས་ཐོགས་པ་ཡིན་ནོ། །དེས་ན་རྟོགས་པས་མི་ཆོག་བསྒོམ་དགོས། གོམས་པ་ཀློང་དུ་གྱུར་དགོས། ཀློང་གྱུར་མཐར་ཕྱིན་པ་ཞིག་གི་བར་ཉམས་ལེན་ཐུན་དུ་བཅད་ནས་འབད་དགོས། ནམ་ཞིག་ན་རང་དོན་དུ་རྫོགས་པ་ཆེན་པོ་ཆོས་ཟད་ཀྱི་དགོངས་པ་མངོན་དུ་གྱུར། རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་རྡོལ། ཐེག་པ་དང་གྲུབ་མཐའི་རྣམ་བཞག་མ་འདྲེས་པ་ཤྭ་མང་གི་སུལ་བཞིན་དུ་རང་སྟོབས་ཀྱིས་འབྱེད་ནུས་པ། གཞན་དོན་དུ་དམིགས་མེད་སྙིང་རྗེ་ཆེན་པོ་ངམ་ངམ་ཤུགས་ཀྱི་འབྱུང་བ་ན་འཆད་རྩོད་རྩོམ་པའི་དུས་ལ་བབ་པ་ཡིན་པས་དེས་ན། དམ་པ་གོང་མ་དག་གི་རྣམ་ཐར་ལ་གཞི་བཅོལ། རང་གི་ཉམས་རྟོགས་ཀྱི་གདེང་ཚད་ངེས། རྣམ་དཔྱོད་ཤེས་རབ་ཀྱིས་ལམ་དང་ལམ་མ་ཡིན་པའི་མཚང་

(༡༢༤)རིག་པའི་སྒོ་ནས་རང་ཉམས་སུ་བླང་ན་འདི་ཙམ་དུ་མདོ་འདུས། གཞན་ལ་བསྟན་ན་འདི་ཙམ་གྱིས་ཆོག་སྙམ་པའི་མན་ངག་གི་གནད་བསྡུ་ཤེས་དགོས། དེས་ན་ཕྱིན་ཆད་ཀུན་མཁྱེན་ཆེན་པོའི་གསུང་མཛོད་ཆེན་བདུན་སྙིང་ཐིག་མ་བུ་བཅས་ཀྱི་དགོངས་པ་དང་རང་རྒྱུད་ཞུས་དག་གྱིས། བླ་རྒན་ཞིག་གིས་ཅི་ཟེར་གྱི་ཁ་ལ་ཉན་ནས་མཛོད་བདུན་ཡ་བཞི་རྣམས་གཞུང་བཤད་རེད་ཅེས་དེ་རྣམས་ལོགས་ཤིག་ཏུ་བཞག །ད་ང་ཡི་སྙན་བརྒྱུད་བླ་ན་མེད་པ་བླ་མ་འདི་ཞེས་བྱ་བས་གནང་བ་ཡིན་ཟེར་བའི་མཚན་བཅས་མཚན་མེད་ཀྱི་ཞི་གནས་ཞིག་དང་། གནས་འགྱུར་རིག་གསུམ་ཟེར་བའི་སྒྲོས་གསར་པ་ཞིག་བཏགས་ནས་སློབ་མ་མཐོ་དམན་ཐམས་ཅད་མགོ་བསྐོར་བ་འདི་རིགས་རྣམས་བདུད་ཀྱིས་བརླབས་པའི་ཆོས་ལོག་ཡིན། ཀུན་མཁྱེན་ཆེན་པོས། སྟོང་ལྟ་ཧད་པོ་སྟོང་སྒོམ་མུན་རྡོ་འཕེན་པ་ལྟ་སྒོམ་ཡིན་སྙམ་ལ་ལུས་པ་ཞེས་གནད་མེད་པའི་གླེན་སྒོམ་ལ་བཀའ་བཀྱོན་གནང་བ་དེ་ཡིན། ཁྱོད་ལ་ཤེས་རབ་སྐྱོན་མེད་ཞིག་ཡོད་པས་ལམ་གནད་མཐར་ཐུག་པ་ཀུན་མཁྱེན་ཆེ་པོའི་གསུང་གསང་བ་འདི་

(༡༢༥)ལ་ནམ་ཡང་ཞིབ་རྟོག་དང་། རང་གི་ཉམས་རྟོགས་ལ་དག་ཐེར་གྱིས། ངའི་ཨ་བུའི་གསུང་སྒྲོས་འདི་རྣམས་ཟླ་གྲོ་གཅིག་ཁུར་ནས་སོང་ཡང་ཐོས་རྒྱུ་མེད་ཨེ་ཡོད་ད་ཕྱིས་ནས་གོ་ཡོང་། ངས་བླ་མ་མི་ཕམ། ཐར་རྩེ་དཔོན་སློབ། གསོལ་དཔོན་པདྨ། བླ་མ་བསྟན་འཕེལ་རྣམས་ལ་ཡེ་ཤེས་བླ་མའི་ཁྲིད་འབུལ་དུས་གསུང་རྒྱུན་རགས་རིམ་ཙམ་ཕུལ་ཡང་དཔོན་སློབ་ལ་གཏོགས་ཁོང་རྣམས་ནས་ཐུགས་རྩིས་ཆེར་མི་གནང་ཡང་ད་ཕྱིན་ཁོང་རྣམ་པའི་གསུང་རྣམས་མཇལ་ན་གདམས་ངག་གི་མཚོན་ཚུལ་ལ་ཁྱད་ཅི་ཡོད་ཤེས་ནས་འོང་གསུངས་ཡང་དེ་ཕྲོས་ཀྱི་ཁྲིད་རྣམས་རིམ་པར་གནང་། དེ་ནས་དངོས་གཞི་ངོ་སྤྲད་རན་པ་ན་དོ་ནུབ་རྨི་ལམ་ཅི་རྨིས་ལྟོས་ཤོག་གསུངས། དོ་ནུབ་བདག་གི་རྨི་ལམ་དུ་ལྕགས་རི་ཆེན་པོ་ཚད་འདི་ཞེས་བློས་མཚོན་དུ་མི་ནུས་པ་གྲུ་བཞི་ཕྱོགས་བཞི་ན་སྒོ་ཆེན་བཞི་ཡོད་པ་ཞིག་གི་ནང་སྲོག་ཆགས་རིགས་མི་གཅིག་པ་མང་པོས་གང་བའི་སྒོ་རེ་རེའི་སྟེང་བླ་མ་མང་པོ་སྒོ་སྲུང་བའི་ཚུལ་གྱིས་བཞུགས་པ། ནུབ་ཀྱི་སྒོ་སྟེང་དུ་འཇམ་དབྱངས་དམར་སེར་རལ་གྲི་དང་པུ་སྟི་བསྣམས་པ། དེའི་གཡོན་ཕྱོགས་སུ་འཕགས་པ་ཀླུ་སྒྲུབ་དཀར་པོ་དགེ་སློང་གི་

(༡༢༦)ཆས་ཅན་སྐུ་སྟོད་གཅེར་བུ་དབུ་གཙུག་ཏོར་དང་ལྡན་པ་ཅན་ཞིག་གི་མཆན་དུ་བདག་འདུག། བདག་གི་འཕྲོར་བླ་མ་མང་པོ་བཞུགས་ནས་ཐམས་ཅད་ཀྱིས་སྲོག་ཆགས་དེ་རྣམས་ཕྱིར་ཤོར་བའི་ཟོན་གྱིས་བསྲུང་འདུག་པ་ཞིག་རྨིས། ཕྱིར་ནང་དེ་ཚུལ་ཞུས་པས་འདི་ཡིན་འདི་མིན་ཅང་མི་གསུང་བར་རྨི་ལམ་བཟང་གསུངས། ཞོར་ལ་ཞལ་ཀྱལ་ཚུལ་དུ་སེམས་ཅན་དེ་རྣམས་ཕྱིར་ཤོར་ན་འཇམ་པའི་དབྱངས་ཀྱི་རལ་གྲི་དེས་ཆེར་བརྒྱབ་ན་ནི་གསད་ཆུང་ངུ་ཞིག་གིས་ཁོག་ཤོམ་མི་འདྲ། ཀླུ་སྒྲུབ་ཕྱག་ན་ཅི་འདུག་གམ་གསུངས། མི་འདུག་ཞུས་པས་འོ་ལག་ཡུ་མ་མང་བས་ཅི་བྱེད་དེ་ལས་ཅི་རྨིས་གསུངས། མཚན་སྨད་ཙམ་ན་ཆོས་རྒྱལ་མྱ་ངན་མེད་པས་བཞེངས་པའི་ཙཱཻཏྱ་སྟེ་མཆོད་རྟེན་ཡིན་ཟེར་བ་ཞིག་གི་ནུབ་ཕྱོགས་ནས་ཞིག་སྟེ་ནུབ་ཕྱོགས་ཀྱི་རྒྱ་མཚོའི་བར་ཤྭ་འུད་རྒྱུག་པ་བཞིན་སོང་ནས་ཆུ་མདོག་དམར་ལོག་གེར་སོང་བ་དང་ནམ་མཁའ་ནས་སྒྲ་ཞིག་ལས་རྒྱ་མཚོའི་ནང་གི་སྲོག་ཆགས་བྱེ་བས་བདེན་པ་མཐོང་སོང་ཟེར་བ་རྨིས་ཞུས་པར་དེ་ལ་བཟང་ངན་ཅི་ཡང་མི་གསུངས། ད་ངོ་སྤྲོད་འདི་ལ་བརྒྱུད་པའི་གསོལ་འདེབས་ཙམ་ལས་ཕྱག་སྲོལ་མེད་ཀྱང་། ད་རེས་ཡེ་ཤེས་བླ་མའི་

(༡༢༧)རྩལ་དབང་གཉིས་བསྐུར་གསུངས། ཡོ་བྱད་ཅི་དགོས་ཞུས་པས་གསེར་གྱི་མཎྜལ་འབུལ་དགོས་ཀྱང་དེ་ཁྱོད་ལ་མེད། བདག་གི་མཎྜལ་ནང་གསེར་གྱི་མེ་ཏོག་ཞིག་ཡོད་པ་དེ་ལོང་ལ་ཁྱོད་རང་གི་ཊཾ་ཀ་ཆ་ཤས་ཡོད་རྒྱུ་དེ་དང་མཉམ་དུ་ཕུལ། ཌ་དྲིལ་མི་དགོས་ཡང་བླ་མས་དབང་མཛད་གྱིན་འདུག་ཟེར་ནས་ཐམས་ཅད་སླེབ་འོང་གསུངས། ཡེ་ཤེས་བླ་མའི་ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཀའི་རྩལ་དབང་གནང་། བརྒྱུད་པ་འདི་ལ་དབང་དེ་གཉིས་ལས་བཟང་བ་བསྐུར་རྒྱུ་མེད་ཁྱོད་ནས་ང་ལས་དབང་ཞིག་ཨེ་ཐོབ་ཀྱི་རེ་བ་བསྐངས་པ་ཡིན། ངས་ཚེ་འདིར་དབང་མང་པོ་སུ་ལ་འདོན་མ་མྱོང་། སྔར་རྡོ་གྲུབ་མཁན་པོ་ངག་དབང་དང་དམ་ཆོས་གཉིས་ལ་དབང་ཞིག་བསྐུར་བས་ཁོང་གཉིས་ནས་རིགས་འདུས་རྒྱུན་དུ་ཐུགས་དམ་དང་། སིདྡྷི་དུང་ཕྱུར་རེ་ཁས་ལེན་མཛད་སོང་དུས་ཕྱིས་སེར་ཤུལ་ངག་དབང་ནས་སིདྡྷི་དུང་ཕྱུར་གསུམ་ཚར་གསུངས་པའི་ཡི་གེ་འབྱོར། དབང་ཞུ་ན་དེ་འདྲའི་གོ་ཆོད་གཅིག་དགོས། ཁང་ཚིག་སྒར་དུ་བཀའ་མའི་མཆོད་ཁག་གི་དབང་ལུང་ཆ་ཚང་ཞིག་བཏོན། བཀའ་མའི་གཞུང་བསྲང་གཏེར་མས་ཟུར་བརྒྱན་དགོས་གསུངས་

(༡༢༨)པ་འོང་དུ་རེ་ཡང་ཁོང་རྣམས་ནས་གཏེར་མས་གཞུང་བསྲང་བ་ལས་བཀའ་མས་ཟུར་བརྒྱན་པ་ཅི་ཡང་མི་མཛད། ཨ་སྟོབས་ཀྱིས་དེ་ཕྱིན་བཀའ་མའི་དབང་ལུང་ལན་ཁ་ཤས་འཆད་སྤེལ་བགྱིས་པ་དེ་ཙམ་དོན་སྒོར་སོང་བ་ལས་སྒར་སྤྱི་ལ་འདི་ཕན་སྙམ་པ་མ་བྱུང་། ན་ལོར་བླ་མ་ངག་དབང་བསྟན་འཛིན་དང་རྡོར་ལི་གཉིས་ལ་ཡེ་ཤེས་བླ་མའི་དུས་མཁྱེན་བརྩེའི་ཆོག་ཁྲིགས་སྟེང་ནས་དབང་ཞིག་བཏོན་པ་དེ་ཙམ་མ་གཏོགས་དབང་མང་པོ་མ་བཏོན། ཡེ་ཤེས་བླ་མའི་རྩལ་དབང་གཉིས་པོ་ཐིག་ལེའི་རྒྱ་ཅན་རང་གི་དགོས་དབང་ཐུན་མོང་མིན་པ་ཡིན། ད་ཕྱིན་ཐིག་ལེའི་རྒྱ་ཅན་བསྙེན་པ་བཏང་ཆོག་གསུངས། དེ་ནས་དངོས་གཞིའི་ཁྲིད་གཞུང་གི་ངོ་སྤྲོད་དེ་གནང་འདི་ཚིག་དབང་དངོས་ཡིན་པས་ལན་གཅིག་ལས་གསུངས་སྲོལ་མེད་ཀྱང་སང་ནང་ཕན་ཆད་ཞིབ་ཆ་བགྱིས་ཏེ་བཤད་གསུངས། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་དང་བཅས་པ་ཁྲིད་རྐང་རེ་རེ་ཉིན་རེ་བཞིན་གསུངས་དེ་ཡུན་རིང་ཙམ་ལ་བསམ་བཅུག་འདི་སྐོར་ལ་རང་གི་ཤེས་རབ་ལ་རྩལ་ཅི་

(༡༢༩)ཡོད་ཀྱིས་ཚིག་དོན་གཉིས་པོ་ཟིན་པར་བྱས་ནས་ཐེ་ཚོམ་དང་དཀའ་བའི་གནས་ལ་འདྲི་གཏུག་ཅི་ནུས་ཞུས་པས་ལྟར་སྣང་གི་ཁྲིད་ཞུས་ལོ་ཞིག་དང་མཚུངས་ཟླ་མེད་སྙམ་པའི་བློ་བདེ་བ་ཞིག་བྱུང་། ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས་ནས་དངོས་གཞིའི་ཁྲིད་ལ་འཇུག་ཚུལ་ལ་ཞག ༡ མདོ་སྔགས་ཐུན་མོངས་དང་ཐུན་མིན་གྱི་སེམས་ཡེ་ཤེས་སུ་བསྐྱེད་ཚུལ། ༢ ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གསང་སྔགས་ཀྱི་ཆོས་འཆད་ཉན་བགྱིས་པའི་དགོས་པ། ༣ རྫོགས་ཆེན་རང་གི་previous hit བརྒྱུད་པ་གསུམ next hit་གྱི་བབས་པོ་དང་ཉེ་རིང་གི་ཁྱད་པར། ༤ ཐེག་པ་ཆེ་ཆུང་གི་ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་པར། ༥ དེ་ལས་གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་པར། ༦ བྱ་རྒྱུད་ནས་ཨ་ནུའི་བར་གྱི་རང་རང་གི་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པའི་ཁྱད་པར། ༧ དེ་དག་ལས་རྫོགས་པ་ཆེན་པོའི་རྒྱུད་ཀྱི་ལྡང་ཚད། དེ་ལ་བཀའ་བསྡུ་མཛད་ནས་སེམས་ཀློང་མན་ངག་གསུམ་གྱི་དགོངས་པ་ལེན་ཚུལ། ༨ སྔ་མ་གཉིས་ལས་མན་ངག་གི་སྡེ་ཁྱད་པར་འཕགས་ཚུལ། ༩ དེ་ལ་ཕྱི་ནང་གསང་བའི་སྐོར་

(༡༣༠)ཚེ་བཞི་ལས་ཡང་གསང་བླ་ན་མེད་པའི་རྒྱུད་གྱི་ལྡང་ཚད་ལ་རྒྱུད་བཅུ་བདུན་སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་ཀློང་གསལ་འབར་མའི་རྒྱུད་དང་བཅུ་དགུ་པོའི་རྒྱུད་ལ་བུའི་རྐང་གྲངས་དང་བཅས་པའི་དགོངས་ཉམས་སློབ་དཔོན་རྣམ་གཉིས་ཀྱིས། བི་མའི་གསང་བ་སྙིང་ཐིག་དང་། པདྨའི་མཁའ་འགྲོ་སྙིང་ཐིག་གཉིས་པོར་གང་ཟག་གཅིག་གི་ལམ་གྱི་ཆ་རྐྱེན་ཚང་ལ་མ་ནོར་བ་བསྟན་པ་དང་། ༡༠ སྙིང་ཐིག་མ་གཉིས་ཀྱི་དགོངས་པ་ཆེས་གསལ་བར་མཛད་པ་ཀུན་མཁྱེན་ཆེན་པོའི་བླ་མ་ཡང་ཏིག་དང་། མཁའ་འགྲོ་ཡང་ཏིག་གཉིས། དེ་གཉིས་ཀའི་ཡང་ཏིག་ཟབ་མོ་ཡང་ཏིག་སྟེ། ཁ་བྱང་ལས། མཁའ་འགྲོ་ཡང་ཏིག་གསང་བའི་དམ་ཚིག་དང་བཅས། གསུང་པས་ཡང་ཏིག་གཉིས་ལས་ལོགས་སུ་མི་བསྒྲང་བས་དེ་ཕྱིར་སྙིང་ཐིག་མ་བུ་བཞི་ཞེས་གྲགས་པའི་རྒྱུ་མཚན་དང་། ༡༡ །སྙིང་ཐིག་མ་བུ་བཞིའི་དགོངས་ཉམས་གཅིག་ཏུ་དྲིལ་བ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་མཚན་དེ་ལྟར་འདོགས་པའི་རྒྱུ་མཚན་རིགས་འཛིན་འཇིགས་མེད་གླིང་པ་མཆིམས་ཕུ་ནགས་ཀྱི་དབེན་གནས་སུ་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་མཇལ་བས་རྐྱེན་བྱས་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱི་

(༡༣༡)རྟེན་མཁར་ཚུགས་ནས་གསོལ་བ་བཏབས། སྙིང་པོའི་སྒྲུབ་པ་ལ་ལོ་གསུམ་བཞུགས་པས་ཀུན་མཁྱེན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏེ་ལན་གསུམ་རྗེས་སུ་བཟུང་བའི་མཐར་བརྗོད་བྱ་དོན་གྱི་དགོངས་པ་རྒྱུད་ལ་འཕོ་བར་གྱུར་ཅིག །རྗོད་བྱེད་ཚིག་གི་བརྒྱུད་པ་རྫོགས་པར་གྱུར་ཅིག་ལན་previous hit གསུམ་གསུངས་ནས་དོན་བརྒྱུད next hit་ཀྱི་དགོངས་པ་འཕོས། མཉམ་བཞག་ཏུ་རྫོགས་པ་ཆེན་པོའི་གནས་ལུགས་ཡིད་དཔྱོད་དང་བྲལ་བ་མངོན་སུམ་གཟིགས། རྗེས་ཐོབ་ཏུ་མདོ་སྔགས་ཟབ་རྒྱས་ཀྱི་ལམ་གནད་ཐམས་ཅད་བསླབ་པ་ལ་མ་ལྟོས་པར་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཀློང་རྡོལ་བ་ཀུན་མཁྱེན་ཆེན་པོའི་བྱིན་རླབས་ཀྱི་དགོངས་པ་འཕོས་སྟོབས་ལས་བྱུང་བས་ཀློང་ཆེན་སྙིང་ཐིག་ཞེས་གྲགས་ཤིང་ཐུགས་ཀྱི་ཐིག་ལེའི་དྭངས་མ་ལྟ་བུ་ཡིན་པའི་རྒྱུ་མཚན་དང་བཅས་པ། ༡༢ དེ་དག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་བློ་ཁྲིད་ཚུལ་ཀུན་མཁྱེན་ཆེན་པོའི་སེམས་ཉིད་ངལ་གསོ་དང་སྦྱར་བ་བཅས་ཞག ༡༣ བར་ཁྲིད་ཀྱི་ཁོག་ཕུབ་རྣམས་ལ་བསམ་དཔྱོད་བཏང་བཅུག །གཉིས་

(༡༣༢)པ་དངོས་གཞིའི་ཁྲིད་རྐང་ལ་གཞི་ལམ་འབྲས་བུའི་རྣམ་བཞག་གསུམ་ལ་ཞག ༣ ལམ་རྒྱུད་བྱེ་བྲག་ཏུ་བསྟན་པ་ལ་སྨིན་ལམ་དབང་དང་གྲོལ་ལམ་གདམས་པའི་རིམ་པ་གཉིས་པོ་འོག་མ་བསྐྱེད་རྫོགས་ཐུན་མོང་པའི་དབང་དང་གདམས་པ་ལས་ཁྱད་པར་འཕགས་ཆོས་ངོས་བཟུང་བ་ལ་ཞག ༡ གྲོལ་བྱེད་གདམས་པའི་རིམ་པ་ལ་ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་གཉིས་ཐབས་ལས་ཐབས་བྱུང་གི་འབྲེལ་བ་གྲུབ་ཚུལ་དང་། དེ་གཉིས་ཆོས་གཟུགས་ཀྱི་ཉེར་ལེན་དུ་འགྲོ་ཚུལ། ༢ ཁྲེགས་ཆོད་ཀྱི་ཁྲིད་ལ་གང་ཟག་གི་དབང་པོའི་རིམ་པས་དམིགས་པ་ཡུལ་གྱི་བློ་ཅན་དང་རིག་པ་རང་སྣང་གི་བློ་ཅན་གཉིས་དྲངས་བ་ལ་ལྟ་ཐོག་ནས་སྒོམ་པ་ཚོལ་བ་དང་སྒོམ་ཐོག་ནས་ལྟ་བ་ཚོལ་བའི་ཁྲིད་ལུགས་གཉིས་ཀྱི་རྣམ་བཞག་དང་། དམིགས་པ་ཡུལ་གྱི་བློ་ཅན་གྱི་དང་པོར་བསྒོམ་རྒྱུ་སེམས་ཉིད་ངལ་གསོའི་ལྷ་དང་མིའི་སེམས་འཛིན་དང་། ཐེག་མཆོག་མཛོད་ཀྱི་དམིགས་པ་ཡུལ་གྱི་བློ་ཅན་འཁྲིད་ཚུལ་གྱི་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་པའི་སྐབས་སུ་མཚན་མ་ཨ་དཀར་ལ་སེམས་འཛིན་པ་དང་རླུང་དང་ཐིག་ལེ་ལ་སེམས་

(༡༣༣)འཛིན་ཚུལ་གསུངས་པ་དེ་དེང་དུས་མཚན་བཅས་ཀྱི་ཞི་གནས་སྒྲུབ་ཟེར་བ་དང་འབྲེལ་མི་འགྲིགས་ཚུལ། དེ་དག་རྫོགས་ཆེན་རང་གི་དགོངས་པ་ཇི་ལྟ་བ་བཞིན་མིན་པའི་དགག་བཞག་རྒྱས་པ་དང་། ༣ །ང་པོ་ཁྲེགས་ཆོད་ཀྱི་ཁྲིད་ལ་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ། དངོས་གཞི་རིག་པ་རང་ངོ་སྤྲད་པ། རྗེས་ཉམས་ཀྱི་སྐྱོང་ཚུལ་བསྟན་པ་གསུམ་ལ་ནང་གསེས་ས་བཅད་རྣམས་བློར་འཛིན་པ། ༤ དེ་ནས་རྩད་བཅད་པ། ༥ མཚང་བཅལ་བ། ༦ དེ་ལ་ནང་གསེས་བདུན། ༧ བྱུང་གནས་འགྲོ་གསུམ་གྱི་རིག་པས་གང་དགག་བྱའི་བདེན་འཛིན་ངོས་བཟུང་བ་བདེན་མེད་ཀྱི་ངེས་པ་བསྐྱེད་དགོས་པའི་རྒྱུ་མཚན་བཅས། ༨ དེ་ནས་སེམས་ཀྱི་བྱུང་ས། ༩ བྱུང་མཁན། ༡༠ གནས་པ། ༡༡ གནས་མཁན། ༡༢ འགྲོ་ས། ༡༣ འགྲོ་མཁན། ༡༤ དེ་གསུམ་དང་བྲལ་བའི་སེམས་སྣང་སྟོང་རྟེན་འབྲེལ་རང་བཞིན་མེད་པའི་དོན་ལ་ངེས་པ་བསྐྱེད་པ་དང་དེ་རྣམས་ཡིད་དཔྱོད་ཀྱི་ལྟ་བའམ་རྫོགས་ཆེན་རང་སྐད་ཀྱི་ཆོས་ཅན་ལྟ་བ་དང་ཆོས་ཉིད་ལྟ་བ་གཉིས་ལས་སྔ་མ་ཡིན་ཚུལ་དང་། མངོན་སུམ་རང་རིག་གི་ལྟ་བ་ཐོད་རྒལ་གྱི་

(༡༣༤)རྩ་ཡི་གནད་ལ་བརྟེན་པའི་མངོན་སུམ་ཡིན་པས་མ་ཧཱ་ཨ་ནུ་གཉིས་ཀྱི་ཐབས་ཀྱིས་དྲངས་པའི་ཐབས་བྱུང་གི་འོད་གསལ་དེ་ལ་མངོན་སུམ་ཞིག་བཏགས་ཀྱང་ཆོག་པར་བི་མ་ལའི་སྣང་བྱེད་སྒྲོན་མའི་ལྟ་བའི་རྣམ་དབྱེ་རྒྱས་པར་བསྟན་པ་དང་། ༡༥ བཞི་པ་ཐུན་མོང་མ་ཡིན་པ་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བཏགས་པ་དང་། དེ་ལྟར་གཏན་ལ་ཕབས་པའི་ཡེ་ཤེས་ངོ་སྤྲོད་པ་གཉིས་ཀྱི་དང་པོ་ལ་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ལས་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད། སེམས་དང་རིག་པའི་ཤན་འབྱེད། ཀུན་རྫོབ་དང་དོན་དམ་གྱི་ཤན་འབྱེད་གསུམ་དང་ལ་བཟླ་བ་ལ་ལ་བཟླ་རྒྱུའི་ཞེན་རྟོག་ཕྲ་མོ་ངོས་བཟུང་བ་དང་། ལ་བཟླ་རང་གི་ངོ་བོ་ལ་ནང་གསེས་རྩོལ་བཅས་ཨ་ནུ་མན་ཆད་ཀྱི་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་དང་། རྫོགས་ཆེན་རང་ལམ་གྱི་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་པོར་ལ་བཟླ་བ་བཅས་ཀྱིས་ལྟ་བའི་ཤན་འབྱེད་དང་ལ་བཟླ་སོང་ནས། སྒོམ་པ་ལ་རྩོལ་བཅས་བཟུང་དྲན་འཇུ་དྲན་གྱི་དྲན་པ་དང་། རྩོལ་མེད་གཉུག་མའི་དྲན་པ་གཉིས་ཤན་འབྱེད་པ། བསྒོམ་པ་རང་བབ་ཅོག་བཞག་ཆེན་པོ་བཞིའི་དགོངས་པ་དང་། མི་གཡོ་གསུམ་ལྡན་གྱི་

(༡༣༥)དགོངས་པ་དང་། སྤྱོད་པ་རང་གི་ངོ་བོ་ལ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པའམ་མཐུན་མཇུག་ཐབས་ཀྱི་སྤྱོད་པ་གཉིས་ལས་ཕྱི་མ་གཙོ་བོར་སྟོན་པ་དང་། འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་མཆོག་གི་ཆོས་སུམ་ཅུ་རྩ་བདུན་རྫོགས་དགོས་པའི་རྒྱུ་མཚན། དེ་རྣམས་བསྡུ་ན་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ལ་འདུ་བས་དེ་གཉིས་བྱུང་ན་གནས་སྐབས་ལམ་གྱི་འབྲས་བུ་ཡིན་ཚུལ་དང་། མཐར་ཐུག་གི་འབྲས་བུ་ཚེ་འདི་དང་འཆི་ཁ་བར་དོ་གསུམ་གྱི་གྲོལ་ཚད་ངེས་པ་དགའ་རབ་རྡོ་རྗེའི་རྟགས་ཡིག་ཚད་ཡིག་གཞི་བཅས་དང་། གཉིས་པ་རང་གྲོལ་མངོན་སུམ་དང་སྟོན་པའི་དངོས་གཞི་རིག་པ་རང་ངོ་སྤྲད་པ་ལ་ནང་ཚན་བྱེ་བས། ༥ རྗེས་ཉམས་ཀྱི་སྐྱོང་ཚུལ་བསྟན་པ་ལ་བདུན་དུ་དབྱེ་བ་སྟེ་དེ་རྣམས་ཀྱིས་དབང་རབ་ཚེ་འདིར་གྲོལ་བའི་གདམས་ཁྲིད་རྫོགས། དེ་ནས་འབྲིང་བར་དོར་གྲོལ་བའི་གདམས་པ་ལ་འོད་གསལ་སྦུབས་འཇུག་གི་གདམས་པ་དང་། ༡། གྲོང་འཕོ་གྲོང་འཇུག་གི་འཕོ་བ་དང་། ༢། འོད་གསལ་སྦུབས་འཇུག་གི་འཕོ་བ་དང་། ༣ བོགས་འདོན་ནམ་མཁའ་སུམ་ཕྲུག་དང་། ༤ ཐ་མ་རྣམ་

(༡༣༦)སྨིན་སྲིད་པ་བར་དོར་གྲོལ་བའི་གདམས་པ་རྣམ་ཤེས་རླུང་ཞོན་དང་བཅས་ཁྲིད་རྐང་རེ་ཉིན་རེ་བཞིན་ཆོས་ཐུན་དུ་གནང་ནས་བར་དུ་ཞག་མང་པོར་བསམ་བཅུག །ཀུན་མཁྱེན་ཆེན་པོས་ང་ཡི་ཆོས་བརྒྱུད་ལ་བླ་མ་བརྟེན་ཡུན་རིང་བ་གདམས་ངག་ཉན་ཡུན་རིང་བ་ཞིག་དགོས་གསུངས་པ་བཞིན་འབད་ཁུལ་གྱིས་སྔ་ཕྱིར་ལོ་གྲངས་དྲུག་ཙམ་ལ་མཉེས་པ་གསུམ་གྱིས་བརྟེན་ནས་གདམས་ངག་གི་ཞུན་ཐར་བཅད་དེ་ཉམས་སུ་བླངས་པ་ཡིན་པས་ཕྱིན་ཆད་ཕྱི་མ་དོན་དུ་གཉེར་ཞིང་སྙིང་ནས་ཆོས་བསྒྲུབ་པའི་གང་ཟག་ཡོད་ན་བླ་མ་བརྟེན་ཡུན་རིང་བ་གདམས་ངག་ཉན་ཡུན་རིང་བ་ཞིག་དགོས་པ་ལགས། དེ་ལྟར་དངོས་གཞི་ཁྲེགས་ཆོད་ཀྱི་ཁྲིད་རྣམས་རྫོགས་པ་ན་ད་རེས་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་འདི་བླ་མའི་གསང་སྒྲུབ་ཡེ་ཤེས་བླ་མའི་སྒྲུབ་པ་ཡིན་པས་ཞག་བརྒྱའི་བར་ཉིན་རེ་ལ་བསྙེན་པ་ཁྲི་ཙམ་དང་གཙོ་བོ་སྒོམ་པ་མི་གཡོ་གསུམ་ལྡན་ལྟར་ཉམས་ལེན་གྱིས། འཚམས་དམ་པོ་མི་དགོས་ཞག་ཤས་རེ་ནས་ངའི་རྩར་ཤོག་ལ་དངོས་གཞིའི་གནས་རྣམས་ལ་དོགས་གཅོད་ཞིབ་མོ་གྱིས་གསུངས། དེ་བཞིན་མཚམས་ལ་ཞུགས་པས་ཞག་བདུན་ཕྲག་གསུམ་ནས་སྣང་ཉམས་ལ་ཀུན་མཁྱེན་ཆེན་པོ་ནམ་མཁར་མངོན་སུམ་འདྲ་བར་སྣང་

(༡༣༧)བ་དང་། ཤེས་ཉམས་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་པོ་ཡིད་དང་ལྷན་ཅིག་སྐྱེས་པ་ལྟ་བུ་མཚན་མོ་གཉིད་ཀྱི་དུས་ནའང་མི་འབྲལ་བ་ཞིག་སྐྱེས་བྱུང་བ་མདུན་དུ་ཞུས་པས་སྣང་ཉམས་དང་ཤེས་ཉམས་བཟང་པོ་རེ་ཡིན། གོམས་ན་སླ་བར་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན། །གསུངས་པ་ལྟར་ཡིན། དེ་རྣམས་ས་ལམ་མཐོན་པོའི་རྟགས་གང་ཡང་མིན་ཉམས་དང་རྟོགས་པའི་ཤན་མ་ཕྱེད་ན། ཇི་སྐད་དུ། ཤེས་རབ་རང་རྩལ་རྫོགས་པ་དང་། ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། འདྲའོ་འདྲའོ་ནོར་ར་རེ། ཞེས་པ་དེ་འོང་གསུང་ནས་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་དང་། གོལ་ཤེར་ཚར་གཅོད་སེང་གེའི་ང་རོ་གཉིས་གནང་། ཡང་མཚམས་ཤིག་ཏུ་མཁའ་འགྲོ་སྙིང་ཐིག་གི་ཞུས་ལན་བདུད་རྩི་གསེར་ཕྲེང་གི་ཁྲིད་གནང་ནས་ད་ཁྱེད་ཀྱི་མཚམས་དེ་གྲོལ་ལ་ཉེ་བླ་མ་ཨ་ངག་གིས་མཛོད་བདུན་ལུང་གནང་གིས་ཡོད་པས་དེ་ཞུ་དགོས་གསུངས་བཞིན་མཚམས་གྲོལ་ནས། མཛོད་བདུན་ངལ་གསོ་སྐོར་གསུམ་དང་བཅས་པའི་ལུང་ཞུས་ཟིན་འཕྲལ་བཀའ་དྲིན་ཅན་གྱི་མདུན་མཇལ་དུ་ཕྱིན་པས་ཀློང་ཆེན་མཛོད་བདུན་དང་ཁྱོད་ཀྱི་རྟོགས་པ་གཉིས་

(༡༣༨)ཕན་ཚུན་ཕྱོགས་ཨེ་འདྲ་གསུངས། ག་ན་འདྲ་ང་ལ་གོ་བརྩམ་ལས་མི་འདུག་ཞུས་པར་ཐུགས་མཉེས་ནས་དེ་གོ་བཅད་གོ་མྱོང་རྟོགས་གསུམ་གྱི་སྒོ་ནས་ལམ་ལྔ་ས་བཅུའི་འགྲོས་ཞིག་རྩི་ཤེས་པ་འདི་འགང་ཆེ། དེང་སང་གོ་བ་ཙམ་ལ་རྟོགས་པའི་ངོ་སྤྲོད་འདེབས། ཡེངས་མེད་བསྒོམ་མེད་ལྟ་སྒོམ་ཆིག་ཆོད་ཡིན་ཟེར་བའི་ཁ་ལྟ་མཐོན་པོ་ཞིག་ཏུ་མ་སོང་བར་ས་ལམ་གྱི་རྣམ་བཞག་ངེས་ཤེས་ཞིག་གལ་ཆེ་གསུངས། ཆོས་དབྱིངས་རིན་པོ་ཆེའི་མཛོད་འདི་ཀུན་མཁྱེན་ཆེན་པོའི་རྟོགས་པའི་འདྲ་འབག་ཏུ་བཞག་པས་ལེའུ་དགུ་པ་ཡན་ཆད་ཀྱིས་ལྟ་བ་བཅུ་པས་སྒོམ་པ་བཅུ་གཅིག་པས་སྤྱོད་པ། བཅུ་གཉིས་པས་གནས་སྐབས་ལམ་གྱི་འབྲས་བུ་བཅུ་གསུམ་པས་མཐར་ཐུག་གི་འབྲས་བུ་བསྟན་པ་ཡིན་དོན་གྱི་གོ་བ་དེ་ཟུངས་ལ་དཔེ་མཇལ་གྱིས་གསུངས། དེ་བཞིན་ཀུན་མཁྱེན་ཆེན་པོ་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་ནས་མཇལ་ཀྱང་ཆེར་གོ་རྒྱུ་མ་བྱུང་ལན་གཅིག་ཅི་གོ་རྒྱུ་འདུག་གམ་གསུངས། ལགས་སེམས་ཀློང་མན་ངག་གསུམ་དང་ཁྱད་པར་སེམས་སྡེའི་ལུང་མང་དྲག་པས་སེམས་སྡེ་དང་གསང་སྐོར་མན་ངག་གི་གནད་གཉིས་མི་གཅིག་པའི་གོ་བ་ཙམ་འདིས་ཐེ་ཚོམ་ཆེས་མང་བར་སོང་ཞུས་པས་ལུང་གར་འཐེན་ཡིན་མོད་གོང་མའི་ལུང་འོག་མར་དྲང་མི་རུང་། འོག་མའི་

(༡༣༩)ལུང་གོང་མར་དྲང་ཡང་ཆོག །ད་ཆོས་དབྱིངས་མཛོད་འདིར་བཤད་པ་ཞིག་ཨེ་ཐུབ་ལྟ་གསུངས་ནས་ཁྲིད་དུ་གནང་། ཁྱོད་བསོད་ནམས་ཆེ་འདུག་འདུག་ཁར་ཞུས་པས་ཆོག །ངས་ཁྲིད་འདི་ཞུ་དུས་ཨ་བུ་རིན་པོ་ཆེའི་གཟིམས་བཅགས་ཏེ་རྫོགས་ཆེན་གངས་ཁྲོད་ནས་ངེད་ལ་གསུངས་པ་ཡིན། བཞུགས་ན་གཟིམས་འགྲོ་བས་ངས་ཆོས་དབྱིངས་མཛོད་ཀྱི་དཔེ་ཆ་ཞིག་ཕྱེས་ནས་ཕྱིར་འགྲེས་ཀྱིས་འགྲོ་བའི་རྗེས་ལ་ཨ་བུ་བྱོན་ནས་ཉིན་མཚན་མང་པོར་གསུངས། ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། གསུངས་པ་བཞིན་ཨ་བུ་རིན་པོ་ཆེའི་ཐུགས་དམ་གྱི་མཐིལ་ཡིན་ངས་ཀྱང་ཡིན་ཁུལ་ཡིན། ད་ཁྱེད་ཀྱི་ཡང་སྙིང་ལ་བཅངས་དགོས། བཤད་པ་དེ་དག་དང་བསྟུན་ཏེ་གོ་བ་ཡང་དག་བླངས་ན་སེམས་སྡེ་དང་ནོར་དོགས་མེད། ཡང་གསང་བླ་ན་མེད་པའི་རྒྱུད་ཡི་གེ་མེད་པ་དང་། སངས་རྒྱས་དང་རིགས་འཛིན་གྱི་འདས་རྗེས་མན་ངག་གིས་བརྒྱན་པ་དང་། ཤྲཱི་སེང་ཧས་ཁྱུང་ཆེན་མཁའ་ལྡིང་གི་གནད་ལ་བརྟེན་མ་བརྟེན་གྱི་ངོ་སྤྲོད་ལུགས་གཉིས་པོ་འདི་ལ་ཚང་བས་མན་ངག་སྙན་བརྒྱུད་དུ་བཞག་པ་ཡིན་པས་དེ་ལྟར་དཔེ་ལ་ལྟ་རྟོགས་

(༡༤༠)དགོས་གསུངས། དེ་བཞིན་ཡང་ཡང་དཔེ་མཇལ་བྱས་པས་ཅུང་ཟད་སྔར་དང་མི་འདྲ་ཙམ་གྱི་གོ་བ་ཆགས། དེ་ཚུལ་ཞུས་པར་དེ་ཡིན་རིམ་གྱིས་བློ་སྐྱེད་ཐོན་དགོས་སྔར་ཞིག་ཏུ་ངེད་ཀྱིས་གླིང་མདའ་ནོར་ཁོ་ལ་དཔེ་ལྟ་བཅུག་སྟེ། ཉིན་གཅིག་ཅི་གོའམ་བྱས་པས། ཁམས་གསུམ་འཁོར་བར་འཁྱམས་རུང་མ་འཁྱམས་རུང་། འབྲས་བུ་སངས་རྒྱས་ཐོབ་རུང་མ་ཐོབ་རུང་། ཀུན་བཟང་ཀློང་ན་འཁོར་འདས་རྒྱུ་འབྲས་མེད། གསུངས་པ་དེ་གོ་ཟེར་ཁོང་རྟོགས་ལྡན་ཡིན་པས་དེ་འདྲ་ཡིན་སྲིད་ཀྱང་ཁ་ལྟ་དེ་ཅུང་མཐོ་དེ་འདྲ་མི་ཉན་སྤྱིར་སངས་རྒྱས་ཀྱི་བསྟན་པའི་ལར་རྒྱ་ལ་གནོད། སྒོས་སུ་གང་ཟག་གི་རྒྱུད་ཆུད་འཛའ་བས་གནོད། ཡང་སྒོས་སློབ་མ་བསོད་ཆུང་རྣམས་ལ་གནོད་དེས་ན་ལྟ་བ་དཔའ་དགོས་སྤྱོད་པ་སྡར་དགོས་གསུངས་པས་དེ་ཤིན་ཏུ་ཡིན་གསུངས་མཚམས་ཤིག་ཏུ་ཡེ་ཤེས་བླ་མའི་ཁྲིད་ཞུས་ཀྱང་དགུང་གྲངས་མཐོ་བ་དང་སྤྱན་འགྲིབ་ཚུལ་གྱིས་དེའི་གོ་བཅད་ལ་ཡང་གསང་བླ་མེད་ཀྱི་གཞི་ལམ་འབྲས་བུའི་རྣམ་བཞག་ཞིག་བཤད་གསུངས་ཏེ་ཤིན་ཏུ་གསང་བ་ཆེན་པོ་ཐོད་རྒལ་གྱི་སྙན་བརྒྱུད་ཡི་གེ་མེད་པ་ཁྲིད་རྐང་ཤིན་ཏུ་མང་བ་ཡུན་རིང་པོའི་བར་གནང་བ་ལ་ཕྱིས་སུ་ཟིན་བྲིས་ཞིག་ཀྱང་བཏབ། བར་རྣམས་སུ་

(༡༤༡)བླ་མ་ཨ་སྟོབས་མདུན་བཀའ་གཏེར་རགས་རིམ་གྱི་ཐིག་དང་རྡུལ་ཚོན་བློས་བསླང་རྩིག་ཚུལ་དང་། སྒྱུ་འཕྲུལ་བློས་བསླང་རྩིག་ཚུལ་སོགས་བསླབས། ཁྱད་པར་སྒྱུ་འཕྲུལ་བློས་བསླང་ཞིག་ཤིང་རང་གིས་རྩིག་དགོས་གསུངས་པ་བཞིན་བགྱིས་པས་ཡུན་རིང་འགོར་ཡང་བཀའ་དྲིན་ཆེ་བ་བྱུང་ད་ལྟ་བཤད་སྒོམ་གང་གི་སྐབས་སུ་ཡང་ལག་ཏུ་བླང་བའི་ཉམས་མྱོང་གི་ངེས་པ་ཐོན་པ་བྱུང་། དེ་སྐབས་རྔོན་པ་ཞིག་གིས་གླ་བ་གཅིག་མེ་མདས་བསད་སོང་བ་མཐོང་བས་ངེད་ཅག་ཚོགས་པ་རྣམས་ནས་མདོ་བཏོན་ཆོས་གོས་བརྡབ། དེར་སྐུ་མདུན་དུ་ཕྱིན་པར་ཅི་རེད་གསུངས་དེ་ཚུལ་ཞུས་པས། འོ་ཁྱེད་རྣམས་སྙིང་རྗེ་གོ་ལོག་བྱ་བ་ཡིན་གསད་བྱ་སྔར་གྱི་འབྲས་བུ་ལ་སྤྱད་པས་ལན་ཆགས་རེ་རེ་ནས་བྱང་། གསོད་མཁན་སྡུག་བསྔལ་གྱི་རྒྱུ་ལ་ལོངས་སྤྱོད་པས་ད་ནས་བར་བསྐལ་ལྔ་བརྒྱར་དམྱལ་བའི་སྡུག་བསྔལ་མྱོང་བ་དང་སྲོག་ལན་ལྔ་བརྒྱ་འཇལ་བའི་མགོ་ཚུགས་པ་ཡིན་པས་སྙིང་རྗེ་ན་དེ་ལ་སྙིང་རྗེ་བསྐྱེད་དགོས། ཁྱེད་རྣམས་ལ་གོ་བ་ཕྲན་བུ་ཡོད་སྙམ་ཡང་སྙིང་རྗེ་ཙམ་ལའང་གོ་བ་མ་ཆགས་པ་རེ་བླུན་ས་ལམ་

(༡༤༢)མཐོན་པོའི་གོ་བ་དེ་དཀའ་ཚོད་འདྲ་གསུངས། ཉིན་གཅིག་ཁྱོད་ནས་ལྟ་ཤེད་ཁུར་འདུག་ཀྱང་ད་ཕྱིན་ཁྲོ་བོ་རེ་བསྙེན་དགོས། དགོས་དུས་ཁྱི་ཁར་ལག་ཆ་མེད་པ་དང་འདྲ་ལྟ་ཤེད་ངས་ཀྱང་ཁུར་མྱོང་སྟེ་དེ་འདྲས་མི་ཕན་གསུངས། ཁྲོ་བོ་གང་འདྲ་ཞིག་བསྙེན་ཞུས་པས། ལར་རྙིང་མའི་རིགས་འཛིན་སྔ་མ་རྣམས་ཀྱི་ཐུགས་དམ་གྱི་མཐིལ་བཀའ་མའི་ཡང་དག་འདི་ཡིན། གུ་རུ་རིན་པོ་ཆེས། ཡང་དག་ཚོང་པ་ལྟ་བུ་ལ་ཕུར་པ་སྐྱེལ་མ་དང་འདྲ་བས་ཡང་ཕུར་བསྒྲགས་མའི་སྒོ་ནས་དངོས་གྲུབ་བརྙེས་པས་ཐུགས་དམ་གྱི་གཙོ་བོ་ཡིན། ཁྱད་པར་སྔ་འགྱུར་བའི་ནུས་མཐུའི་མངོན་རྟགས་ཤིག་ངོམས་བསམ་ན་མ་གཤིན་ཕུར་གསུམ་ཞིག་བསྙེན་པ་གལ་ཆེ་གསུངས། ཕུར་པ་གང་ཟབ་ཞུས་པས་སྤུ་གྲི་རྣམ་གསུམ་ཡིན་ཀྱང་ཅི་ཕན་འདི་ཕྱོགས་ན་དབང་ལུང་ཕར་ཞོག་དཔེ་རྒྱུན་ཙམ་ཡང་འབྱོར་དཀའ། གཤིན་རྗེ་གང་ཟབ་ཞུས་པས་ལྕགས་འདྲ་སྡིག་གཉིས་ཙམ་ལས་གོ་ཆོད་པའི་གཤིན་རྗེ་མེད། བླ་མ་ཨ་སྟོབས་མདུན་མ་མོ་སྒང་ཤར་དང་འདི་གཉིས་ཀྱི་དཔེ་བཞུགས་ཀྱང་རེ་ཞིག་སྐྱུར། ཕྱིན་ཆད་དེ་རྣམས་ཐོབ་དགོས་པ་ཡིད་ལ་ཞོག་ད་རེས་བླ་མའི་མན་ངག་ལ་ཞིབ་ཆ་གྱིས་

(༡༤༣)རྗེས་ནས་སློབ་གཉེར་ཞིག་ལ་བསླབ་སྦྱང་གི་ཆེད་འགྲོ་དགོས། དེ་ཡང་དགེ་ཕྱོགས་ཞིག་ལ་སོང་ན་མི་ཚེ་རྟོག་གེའི་རིག་པ་ལ་ཟད་ཀཿཐོག་འདི་རང་རེའི་གྲྭ་པ་ཡིན་ཀྱང་ད་ཇི་མེད་རྫོགས་ཆེན་ཕྱོགས་ན་ཡང་བཤད་པ་ཤི་རོ་ཞིག་ལས་སྔར་དུས་དགེ་མང་དང་ཨ་བུ་བཞུགས་དུས་འདྲ་བ་མེད་ཟེར་གསུངས། ཡང་ཉིན་གཅིག་ད་ནི་རྫོགས་ཆེན་ལ་སློབ་གཉེར་ཕྱིར་འགྲོ་དགོས་གསུང་། བླ་མ་མི་ཕམ་རིན་པོ་ཆེ་ལོ་གསར་ཁར་རྫོགས་ཆེན་དུ་ཕེབས་ནས་ཁོང་གི་གསུང་རྣམས་ཀྱིས་གཙོས་ལོ་ཤས་སུ་ཆོས་གསུང་རྒྱུ་ཡིན་ཚུལ་བླ་མའི་ཉེ་གནས་འོད་གསལ་གྱིས་ཡི་གེ་འབྱོར་བྱུང་བས་འགྲོ་དགོས་གསུངས། ལགས་བླ་མ་རིན་པོ་ཆེ་མི་ཕམ་གྱིས་ཆོས་འཁོར་བསྐོར་ནས་དེ་ཐོབ་པའང་ལེགས་ཏེ། མཁས་པ་ཆེན་པོའི་གསུང་བཤད་ལ་ང་སློབ་གཉེར་གསར་བུ་ཞིག་གིས་གོ་རྒྱུ་ཅི་ཡོད་མི་ཤེས། ཐོས་པ་ཞིག་ཤེས་ཀྱང་མི་ཚེ་རྣམ་གཡེང་ལ་སྐྱེལ་བ་ལས་མི་འོང་བས་ད་ནི་ཅིས་ཀྱང་བླ་མ་དགུངས་གྲངས་མཐོ་བས་ཞལ་བཞུགས་རིང་སྐུ་བཅར་ཞུས། ད་དུང་ཉམས་ལེན་གྱི་གནད་འགགས་རེ་གསུང་ཐུབ་ན་བཀའ་དྲིན་ཆེ་མིན་ཀྱང་སྔར་གསུངས་པ་རྣམས་ཀྱིས་མ་ཚིམས་པ་

(༡༤༤)མེད་པས་འདི་ག་རང་ནས་ཉམས་ལེན་བྱེད་ཆོག་པ་དང་རྗེས་ནས་ངེས་མེད་ཀྱི་རྒྱལ་ཁམས་ཉུལ་ནས་ཚེ་མཇུག་དབེན་པ་ལ་སྐྱེལ་བའི་འདུན་པ་འདི་གཉིས་ཐུགས་ལ་གང་འགབ་ཞུས་པས་ཅི་ཟེར་རང་ཡུལ་གང་སྤང་ངོ་ཚ་མེད། བསྒོམ་པ་སུ་ཆེ་བསོགས་འཇོག་མཁས། ཟེར་བ་དེ་ཡིན་ངེས་མེད་ཀྱི་རྒྱལ་ཁམས་ཉུལ་བས་ཉིན་གཅིག་བུད་མེད་ཞིག་དང་འདབ་སྦྲེལ་རྒྱུ་འོང་། འདི་གར་བསྒོམ་ན་རང་དོན་ཙམ་ལ་དེས་མ་ཆོག་པ་མེད་ཀྱང་། ད་ནི་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱི་ཉི་མ་ཆུ་ལྷའི་ཕང་བར་མནལ་ལ་ཉེ་བས་གཞན་དོན་དུ་སློབ་གཉེར་ཞིག་མ་ཤེས་པས་མི་འོང་། ཁྱོད་ལ་གཞན་དོན་ཞིག་ཨེ་འོང་གི་རེ་བ་ཆེ་བས་ང་ཤི་སྒུག་བྱེད་རྒྱུ་མེད། སློབ་གཉེར་ཞིག་མ་ཤེས་པར་ང་ན་ཡང་མ་འོང་། ཤི་ཡང་མ་འོང་ངེས་པར་འགྲོ་དགོས་ཞེས་བཀའ་ནན་ཏན་དུ་ཕེབས་བྱུང་བས་ཅི་ཡང་ཞུ་མ་སྤོབས། སེམས་ལ་འདི་ལྟ་བུའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་མཇལ་བར་དཀའ། མཇལ་བའི་དུས་འདིར་ཇི་སྲིད་འཚོའི་བར་རམ་རེ་ཞིག་སྡོད་རྒྱུ་བྱུང་ན་གཞན་དོན་མ་བྱུང་ཀྱང་འདྲ་སྙམ་མཆི་མ་ཤོར་བར་བླ་མའི་གསུང་ལས་

(༡༤༥)མཆི་མ་འབྱིན་དོན་མེད། དགེ་བའི་བཤེས་གཉེན་དམ་པ་མ་མཇལ་ན་ངུ་དགོས། མཇལ་ཀྱང་གདམས་ངག་མ་ཐོབ་ན་ངུ་དགོས། ཐོབ་ཀྱང་སྒྲོ་འདོགས་མ་ཆོད་ན་ངུ་དགོས་ཀྱང་ཁྱེད་བརྒྱུད་པ་ཁྱད་པར་ཅན་འོད་གསལ་སྙིང་ཐིག་གི་བརྒྱུད་པ་འཛིན་པའི་བླ་མ་དང་འཕྲད་ཟབ་མོའི་གདམས་ངག་ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་བུམ་པ་གང་བྱོས་ཚུལ་གྱིས་ཐོབ་རང་གིས་བསྒོམ་པའི་ཉམས་མྱོང་དང་འབྲེལ་བས་སྒྲོ་འདོགས་ལྷག་མེད་དུ་ཆོད། ཉམས་ལེན་རང་སྐྱ་ཕེར་བའི་ཚད་ལ་ཕྱིན། ངས་སྙིང་ཐིག་གི་བསྟན་པ་ཁྱོད་ལ་གཏད་གཞན་དོན་ནུས་པའི་མགོར་སླེབ་པ་ཡིན་པས་ངེས་པར་འགྲོ་དགོས་གསུངས། བླ་མ་མི་ཕམ་མ་ཕེབས་ན་ཅི་བྱེད་ཞུས་པས་མ་ཕེབས་རུང་རྫོགས་ཆེན་དགོན་ན་ཁྱོད་ལ་སློབ་གཉེར་ཞུ་ས་ཞིག་ཡོད་པའི་ཁག་ངས་ཐེག་འགྲོ་ཆས་བསྒྲིགས་དགོས་གསུངས། དེ་ནས་གསུང་བཟློག་མ་སྤོབས་པར་འགྲོ་ཐག་བཅད། ཁྱིམ་དུ་ཁྱུག་ཙམ་སོང་གོས་དང་ལྟོ་བཅས་ཀྱི་མཐུན་སྦྱོར་བསྒྲིགས་ནས་འགྲོ་རན་པ་ན་སྐུ་མདུན་དུ་ཤོག་ཅེས་གསུངས་འཕྲིན་འབྱོར། མཇལ་དུ་ཕྱིན་པས་ཉིན་གུང་ཙམ་ནས་སླེབས་

(༡༤༦)ཀྱང་དགོང་མོ་ས་མ་རུབ་བར་མ་འོང་གསུངས། མུན་རུབ་ནས་མཇལ་དུ་ཕྱིན་པས་བླ་མའི་ཞལ་འདོན་གྱི་ཚིག་མཚམས་རྟེན་འབྲེལ་ལ་བརྟགས་མཛད་སྲོལ་ཡོད་པས་ཕ་དམ་པའི་སྨོན་ལམ་སུམ་ཅུ་པ་གསུངས་པའི་མཇུག་སྤྲུལ་སྐུ་ཕྲིན་ལས་ཀྱིས་གཞན་དོན་མཐར་ཕྱིན་པར་གྱུར་ཅིག་ཅེས་པ་དང་འཕྲད། དེ་ལན་ཆ་ཤས་སུ་བསྐྱར་བཟློས་གནང་ནས་སྤྲུལ་སྐུ་ཕྲིན་ལས་ཀྱི་འགྲོ་དོན་མཐར་ཕྱིན་པ་སངས་རྒྱས་ཀྱི་ས་ཡིན་པས་ཁྱེད་དེ་ཙམ་ཅུང་མཐོ་སོང་བ་མིན་ནམ་ཞེས་ལན་འགའ་གསུངས། སངས་རྒྱས་སོང་ན་ད་མཐོ་སོང་ཡང་ཅི་བྱེད་ཞུས་པས། དེ་སྟེ་རྩེད་མོ་ཡིན་ཚིག་མཚམས་ཀྱི་རྟེན་འབྲེལ་ལ་བརྟགས་ན་ཁྱོད་ལ་ཚེ་འདིར་འགྲོ་དོན་དང་ཕྲིན་ལས་ལ་བར་ཆད་གང་ཡང་མེད། བྱང་ཆུབ་སེམས་དཔའི་གནས་སྐབས་འགྲོ་དོན་མཐར་ཕྱིན་དགོས་པ་ཡིན་ཞེས་ལུང་བསྟན་གནང་། ད་ང་ན་སོ་རྒས་ན་རྒྱུ་མང་འདུག་པས་ཕྱིན་ཆད་ཕྲད་པ་ཨེ་འོང་མི་ཤེས། ང་ལ་ཨ་བུས་ལོ་ལྔ་བཅུ་མ་ལོན་བར་དུ་རྫོགས་པ་ཆེན་པོ་བཤད་མི་དགོས་གསུངས་ཀྱང་ཁྱོད་ནས་ད་ཕྱིན་ཆད་སྔོན་འགྲོ་དངོས་གཞི་གང་ཞུ་བ་བྱུང་ཡང་གདུལ་བྱའི་རྒྱུད་ཚོད་དང་བསྟུན་པར་རྒྱས་བསྡུས་

(༡༤༧)གང་འཚམས་རེ་ཤོད། རྫོགས་ཆེན་དུ་སོང་ན་སློབ་གཉེར་རེ་ཤེས་འོང་། དེ་ནས་མ་འདུག་ཀཿཐོག་འདི་རྙིང་མའི་བསྟན་པའི་ཆུ་འགོ་ཡིན་རྒྱལ་སྲས་གཞན་ཕན་མཐའ་ཡས་ཕེབས་རྩིས་གནང་ཡང་དགོངས་པ་རྫོགས་ཤོར་སོང་། དེའི་འཕྲོ་རང་ལ་ཨ་བུ་རིན་པོ་ཆེ་ཕེབས་ཀྱང་སི་ཏུ་གོང་མ་ཙམ་ལས་ཕན་ཐོགས་ཆེར་མ་བྱུང་། ཨ་བུས་ང་ལ་སོང་གསུངས་ཀྱང་བྱང་སེམས་རི་ཁྲོད་དུ་ལོ་ཤས་མཚམས་ཞིག་འདུག་རྒྱུ་ཙམ་མ་གཏོགས་སུས་བླ་མ་ཡིན་པར་ཡང་མི་ཤེས་ད་ཕྱིན་ཁྱོད་འབོད་མི་འདྲ་ཡོད་ན་དེར་སོང་ན་ཕན་ཐོགས་རེ་འོང་གོང་མ་རྣམས་ཀྱི་ཐུགས་བསྐྱེད་ཀྱི་བདེན་མཐུ་བསླུ་བ་མེད། སྨིན་གླིང་དང་རྫོགས་ཆེན་ཁོང་གཉིས་བཟང་པོ་རེ་ཡིན་སྙམ་ནས་ཧ་ལས་མདོག་བྱེད་ཀྱང་ཅང་མིན་བླ་རབས་ཆ་ཤས་ཞིག་གི་ཆོ་ཙམ་མ་གཏོགས་གསར་ཆགས་རེད། ཀཿཐོག་འདི་དེ་དང་གཏན་མི་འདྲ། ཆོས་རྗེ་དམ་པ་ཡབ་སྲས་བྱོན་ནས་སྔ་འགྱུར་བའི་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་དབུ་ཚུགས་ནས་ཁྱུང་པོ་དཀར་རུ་ནག་རུ་མན་ཆད་ནས་རྒྱ་ནག་པོའི་མཚམས་ཡན་ཆད་ཁོང་གི་སློབ་བརྒྱུད་མཁས་པ་དང་གྲུབ་པའི་སྐྱེས་བུ་འཇའ་ལུས་

(༡༤༨)བརྙེས་པ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་བྱོན། དགེ་འདུན་གྱི་འདུས་པ་འབུམ་ཚོ་བཅོ་བརྒྱད་འདུས། གོས་སྦྱོང་གི་དུས་ཆོས་གོས་འོད་ཀྱིས་ནམ་མཁའི་མདོག་བསྒྱུར་ཐུབ་པ་ཙམ་བྱུང་ཟེར་བའི་གཏམ་དེ་ཁུངས་མ་ཡིན། དེ་དུས་ཁྱུང་པོ་མན་ཆད་ན་དམ་པ་རིན་པོ་ཆེའི་སློབ་བརྒྱུད་ལས་ས་དགེ་བཀའ་བརྒྱུད་སོགས་ཀྱི་བསྟན་པ་དབུས་གཙང་ན་ས་བོན་ཙམ་རེ་མ་གཏོགས་མེད། མདོ་ཁམས་ཕྱོགས་འདིར་ཀཿཐོག་པའི་བསྟན་པ་འཕེལ་རྒྱས་ཀྱི་སྐབས་ཡིན། དེའི་ཚད་ལ་དཔགས་ན་དེང་སང་བླ་མ་རེའི་ཁོ་འགྲོ་དོན་རྒྱ་ཆེ་ཟེར་བ་འདི་ཨའུ་ཙི་ཡིན་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་འཇམ་དབྱངས་མཁྱེན་བརྩེ་གཉིས་ཀྱི་གདན་པའི་རྟེན་འབྲེལ་འབྲིང་ཤོས་དེ་ཀཿཐོག་ཡིན་ཀྱང་རྟེན་འབྲེལ་འགྲིགས་མ་སོང་བ་བསྟན་པའི་ཆག་སྒོ་རེ་ཡིན་མཆི་རྫོགས་ཆེན་ནས་བླ་མ་རྣམས་མཇལ་དུས་ལག་སྟོང་པར་མ་འགྲོ་ཆེ་ཆུང་ལ་མ་ལྟོས་པའི་མཎྜལ་རེ་འབུལ་དགོས། སློབ་གཉེར་སྦྱང་བ་ན་གཞུང་གཅིག་ལ་ཨུ་ཚུགས་མ་བྱེད་པར་ཅི་ཐོབ་གང་ཐོབ་ཞུས། བཤད་རྒྱུན་དང་འགྲེལ་བ་ལོན་ན་ཚིག་འགྲེལ་ཙམ་སླ་མོ་ཡིན། དོན་གྱི་གནས་རྣམས་ལ་བསམ་བྱུང་ཤེས་རབ་ཀྱིས་བརྟགས་ནས་

(༡༤༩)མདོ་སྔགས་ཀྱི་ཐེག་པའི་གནད་རྣམས་བསྡུ་ཤེས་དགོས། རང་གིས་ཉམས་སུ་བླངས་ན་འདིས་ཆོག་གཞན་ལ་བསྟན་ན་འདི་ཙམ་ལ་གནད་འདུས་སྙམ་པའི་ངེས་པ་རྙེད་དགོས། ཨ་བུས་གྲུབ་མཐའ་རིས་མེད་ལ་སྦྱངས་དགོས་ཕྱོགས་རེ་རེར་སྦྱང་བ་འདི་ཤེས་རབ་འཆལ་བའི་རྒྱུ་ཡིན། བསྟན་པ་ཕྱོགས་མེད་ལ་སྦྱངས་ན་ཡིན་མིན་ཟབ་མི་ཟབ་རྒྱལ་བའི་དགོངས་པ་དང་གང་འབྱོར་སོགས་གཟོད་རང་གི་ཤེས་རབ་ཀྱིས་རྟོགས་འོང་བ་ཡིན་གསུངས་པ་འདི་འདྲ་ཞིག་དགོས། སྙིང་ཐིག་གི་བླ་མ་གོང་མ་རྣམས་ཀྱིས་གྲུབ་མཐའ་རིས་མེད་ཀྱི་གཞུང་བཤད་གདམས་ངག་དང་བཅས་པ་མ་གསན་པ་མེད་པ་ལྟ་བུ་རང་རང་གི་རྣམ་ཐར་ན་གསལ། ཀུན་མཁྱེན་ཆེན་པོས་ཀྱང་བོད་འདིར་བཞུགས་པའི་ཁྲིད་ཕལ་མོ་ཆེ་ལ་ཡིག་ཆ་རེ་མ་བཞག་པ་མེད་པ་ལྟ་བུ་ཡིན། ད་སེམས་བསྐྱེད་པའི་སློབ་དཔོན་དང་ལུས་བསྐྱེད་པའི་ཕ་མ་གཉིས་དྲིན་ཆེ་བས་རྒྱུན་པར་བླ་མ་མ་བརྗེད་པར་མོས་གུས་ཀྱིས་གསོལ་བ་ཐོབ་དང་ང་དང་འབྲལ་བ་མེད་གང་གིས་ན་བླ་མས་བརྩེ་བས་བསྐྱང་བ་དང་། སློབ་མའི་མོས་གུས་ཀྱི་འབྲེལ་བ་འདི་གཉིས་ཁག་ཆེ་བས་རང་རེ་དཔོན་སློབ་གཞན་དང་

(༡༥༠)མི་འདྲ་ཙམ་ཡོད་པ་འདི་ཡིན། ཕྱིན་ཆད་ཕ་མ་གཉིས་མ་ཤི་བར་རང་ཡུལ་གྱི་དབེན་ཁྲོད་ཡིད་འཐད་རེར་སྡོད། དེ་ནས་ཅི་བྱེད་ཁྱེད་རང་གིས་ཤེས་ད་ནི་སྣ་ཐག་ཁྱོད་རང་མགོར་དཀྲིས་པ་ཡིན་ད་སོང་གསུངས་ནས་ངེད་ཀྱིས་ཡར་ལ་ཕུལ་བའི་དངུལ་དེ་ཕྱིར་གནང་སྟེང་ཊཾ་ཉི་ཤུ་སྐོར་དང་དར་བསོད་བཏགས་ལྔ་བཅུ་ཙམ་གནང་། ཕྱིར་དོན་ནས་ཕྱག་ཕུལ་བས་ད་དུང་ཡར་ཤོག་གསུངས། མདུན་དུ་ཕྱིན་པས་ཁྱེད་་རང་གི་ལག་པ་འདིར་ཐོང་དང་ངས་སྨོན་ལམ་གཅིག་བྱ་ཡི་གསུངས་ཏེ་བླ་མ་ཡང་ཏིག་གི་གསོལ་འདེབས་སྨོན་ལམ་དང་བཅས་གནང་ནས་ད་སོང་གསུངས་དེ་བཞིན་ཕྱིར་དོན་ཕྱག་ཕུལ་བས་ཡང་ཡར་ཤོག་གསུངས་མདུན་དུ་ཕྱིན་པས་ད་ཕྱིན་ཆད་རང་ཅག་ཕ་བུ་མི་འཕྲད་ངའི་སྙན་བརྒྱུད་ཀྱི་གདམས་པ་རྣམས་ཉམས་སུ་མ་འཇུག་པར་ཅི་འཕེལ་གྱིས་ཨང་། སྣོད་དང་ལྡན་པ་རང་དཀའ་ཡང་དེང་སང་རྫོགས་པ་ཆེན་པོའི་དབང་ཁྲིད་ཐོབ་པ་ལྟ་ཅི་མཚན་ཐོས་པའང་ཚེ་ལོ་བཅུ་པའི་དུས་ན་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱི་གདུལ་བྱར་གྱུར་ནས་སྐྱེ་འཆི་བར་དོ་གསུམ་གང་རུང་གི་གྲོལ་ཚད་ཞིག་ལ་གྲོལ་ངེས་པ་ཨ་ཏི་བཀོད་པ་ཆེན་པོའི་ལུང་ལས་གསལ་བས་བསླུ་བ་མེད། ཁྲིད་འཆད་པ་ན་རབ་སྙིང་

(༡༥༡)ཐིག་མ་བུའི་དབང་དེ་མ་བྱུང་ཀྱང་ཐིག་ལེའི་རྒྱ་ཅན་དབང་ཞིག་མ་ཐོབ་ན་བཤད་མི་རུང་། དེ་རང་གིས་བསྐུར་ཐུབ་ན་དང་མིན་ཚེ་བླ་མ་གཞན་རེ་ལ་བསྐུར་ཆུག་གསུངས། བུར་གོར་བཅུ་གསུམ་དང་ནང་མཛོད་ཉིན་མོ་བདེ་ལེགས་ཞིག་གནང་ནས་ཁྱོད་ངས་བཅུ་གསུམ་རྡོ་རྗེ་འཛིན་པའི་སར་མངའ་གསོལ་དབུགས་དབྱུང་གཟེངས་བསྟོད་པ་ཡིན་གསུངས་ནས་ཕུན་སུམ་ཚོགས་པའི་བཀྲ་ཤིས་རྒྱས་པ་ཞིག་གནང་། བདག་གིས་ཀྱང་གང་དུ་སྐྱེ་བ་མའི་སྨོན་ལམ་བཏབ་ནས་ཕྱིར་འོང་བ་ན་སྐྱོ་དྲག་ནས་རེ་ཞིག་དྲན་མེད་དུ་བརྒྱལ་སོང་། དེ་སངས་པ་ན་མཆི་མ་འབྱིན་བཞིན་དེ་ནུབ་མཆེད་གྲོགས་གཅིག་པར་ཞག་པ་བགྱིས་མཚན་ཐོག་ཐག་ཏུ་ངུས། ཕྱིར་ཉིན་མི་འགྲོ་ན་སྙམ་པ་མང་དུ་ཤར་ཡང་བླ་མའི་བཀའ་བཅགས་ན་དེ་ལས་འགལ་ཚབ་ཆེ་བ་མེད་སྙམ་ནས་ཕྱིན། བྱི་བའི་ལོ་ཟླ་བ་དགུ་པའི་ཉེར་དགུ་ལ་རྫོགས་ཆེན་དུ་ཐེགས་ནས་ཤྲཱི་སེང་ཧར་རྟོགས་ལྡན་ཚང་ཁང་པར་གཞིས་བཅགས་དེ་ནུབ་གནོད་སྦྱིན་ཆེན་པོ་ཟ་འོག་གི་ཞྭ་གོས་ལྷྭམ་ཅན་ཞིག་གིས་ཕྱག་དང་ཞེ་ས་ཕུལ་དར་བཏང་། བདག་གིས་ཁྱོད་ཀྱིས་དེ་ལྟར་གནང་བ་ཅི་ལགས་ཞུས་

(༡༥༢)པས་སྔོན་གྱི་དམ་ཚིག་ཡིན་མོད་ངས་སྔར་ཁྱོད་མངའ་རིས་པ་ཆེན་དུས་བདག་ཆེན་ས་སྐྱའི་དབུ་བླར་མངའ་གསོལ། བློ་བཟང་རྒྱ་མཚོའི་དུས་སོག་པོའི་རྒྱལ་པོའི་བླ་ཡི་མཆོད་གནས་སུ་མངའ་གསོལ་བ་ཨི་དྲན་གསུངས། མི་དྲན་ཞུས་པས་ཧེ་ཧེ་མངལ་གྱི་དྲི་མས་བསྒྲིབས་པ་ཡིན་ད་ཕྱིན་ཀྱང་ངས་གྲོགས་དན་བྱ་ཡི་གསུངས་པ་ཆོས་འཁོར་དེའི་བདག་པོ་དགྱེས་པའི་མཚན་མར་མཐོང་། བླ་མ་མི་ཕམ་བྱོན་མི་འདུག་སང་ཕོད་ཙམ་ལ་ཕེབས་སྐད་ཐོས། ཞག་ཤས་ནས་བླ་མ་ངག་དབང་བསྟན་འཛིན་ཞུ་བའི་མདུན་དབུ་མ་རྒྱན་པ་བཅད་དང་ཚིག་འགྲེལ་ཙམ་ཁོང་གིས་འགྲེལ་ཆེན་སྟེང་ནས་བསྡུས་པ་ཞིག་ཡོད་པ་དེ་ཞུས། ཉིན་རེ་བཞིན་དབུ་མ་རྒྱན་འདི་དབུ་ཚད་སེང་གེ་མཇིང་བསྣོལ་བྱ་བ་ཡིན་ཅེས་བསྔགས་བརྗོད་གནང་འདུག །བཤད་པའི་མཇུག་རྫོགས་ལ་ཁད་ཞིག་ཏུ་སེང་གེ་མཇིང་བསྣོལ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་གནང་ཞུས་པས། ཐ་སྙད་ཚད་མས་གང་བཞག་དོན་དམ་དཔྱོད་པའི་རིག་པས་འགོགས། དོན་དམ་དཔྱོད་པས་ཁས་གང་བླངས་ཐ་སྙད་ཚད་མས་འགོགས་པ་ཡིན་གསུངས། དེ་ཡིད་ལ་བདེ་མོ་ཞིག་མ་བྱུང་བས། ཚུལ་གཉིས་ཤིང་རྟ་ཞོན་

(༡༥༣)ནས་སུ། རིག་པའི་སྲབ་སྐྱོགས་འཇུ་བྱེད་པ། ཞེས་པ་དང་མི་འགྲིགས་པས་དེ་ལྟར་ན་བདེན་པ་གཉིས་ཀྱི་རྣམ་བཞག་བྱ་ས་མེད་པ་ཞིག་ཏུ་མི་འགྱུར་རམ་ཞུས་པར། ཁོང་ཐུགས་ཁོག་ཤིན་ཏུ་དུལ་བ་ཞིག་བཞུགས་གཤིས་དགོངས་འཚམས་སོགས་མི་གནང་བར་འོ་ན་ཁྱོད་ཀྱིས་གོ་ལུགས་ཤིག་ཞོག་དང་གསུངས། བདག་གིས་བསམ་ན་སེམས་ཅན་གྱི་ལྷན་སྐྱེས་ཀྱི་བདེན་འཛིན་དེ་དོན་དམ་དཔྱོད་པའི་རིག་པས་འགོགས། གྲུབ་མཐའི་ཀུན་བཏགས་པའི་གཙོ་བོ་དང་དབང་ཕྱུག་སོགས་ཐ་སྙད་ཡང་དག་གི་ཚད་མས་འགོགས། དེའི་ཤུགས་ཀྱིས་དབུ་མ་རང་གི་ཐ་སྙད་ཀྱི་སྣམ་བཞག་ཐམས་ཅད་བློ་མ་འཁྲུལ་བའི་ཚད་མ་ཡང་དག་གིས་འཇོག་པ་ལགས་སྙམ་ཞུས་པས་ཅུང་ཞིག་ཐུགས་བསམ་བཏང་ནས་དེ་རེད་དེ་རེད་གསུངས་རྗེས་སུ་དཀའ་བའི་གནས་རྣམས་བདག་ལ་དྲི་བ་གནང་། ཁོང་གིས་མཆེད་གྲོགས་རྣམས་ལ་ད་རེས་ཀྱི་སློབ་གཉེར་གསར་བུ་བ་འདི་བློ་གྲོས་ཤིན་ཏུ་ཆེ་བ་ཞིག་འདུག་པས་གཟབ་ནས་བཤད་ན་མ་གཏོགས་ཁ་ནས་ཚིག་འགྲེལ་ཅི་ཐོན་ཐོན་ཞིག་གིས་ཚིམ་པར་མི་འདུག་ཅེས་སྦྲན་པར་ཐོས། དེ་འཕྲལ་མེ་ཉག་བླ་མ་རིགས་འཛིན་རྡོ་རྗེ་ཞེས་བླ་མ་མི་ཕམ་མདུན་

(༡༥༤)ལོ་བཅུ་གསུམ་བཞུགས་ནས་མཁས་པའི་གྲགས་པ་ཁྱད་དུ་ཐོན་པ་ཞིག་ཕེབས་བྱུང་། དེའི་མདུན་དབུ་མ་རྒྱན་རྩ་འགྲེལ་ཚད་མ་རིག་གཏེར་མི་ཕམ་མཆན་འགྲེལ། དོན་རྣམ་ངེས་རྟོགས་ལྡན་ལྷག་བསམ་འགྲེལ་བཅས་ཞུས་པས་གོ་བ་ལམ་ཙམ་ཆགས་བརྡ་ཤན་འབྱེད་ཁོང་གིས་ཟིན་བྲིས་དང་བཅས་ཞུས་ཀྱང་དེ་དུས་རྣམ་འགྲེལ་མ་ཐོབ་པས་གོ་བ་དཔྱིས་ཕྱིན་པ་ནི་མ་ཆགས་ཀུ་སེ་བླ་མ་པདྨ་དབང་ཆེན་མདུན་བཀའ་བརྒྱད་རྣམ་བཤད། གསང་རྙིང་སྤྱི་དོན་འོད་གསལ་སྙིང་པོ། ཡང་དག་སྒྲུབ་པའི་གསང་འགྲེལ་དོན་བསྡུས་བཅས་ཐོབ། དེ་ནས་མཁན་པོ་བློ་གསལ་མདུན་སྡོམ་གསུམ་རྣམ་ངེས་འགྲེལ་ཆེན་དཔག་བསམ་སྙེ་མ། ངེས་ལེགས་འགྲེལ་ཆུང་བཅས་ཞུས། དེ་རྗེས་ཤྲཱི་སེང་ཧའི་འདུ་ཁང་སྟེང་གསང་སྙིང་ཁང་དུ་ཕེབས་སྒྱུ་འཕྲུལ་ཞི་ཁྲོའི་དབང་ཡིད་ཚིམ་པ་ཞིག་དང་། མདོ་སྡེ་རྒྱན། འབྱེད་རྣམ་གཉིས། རོང་སྟོན་ཌཱིཀ རྒྱུད་བླ་དོལ་ཌཱིཀ །གསང་འགྲེལ་ཕྱོགས་བཅུའི་མུན་སེལ། དཀོན་མཆོག་འགྲེལ་གཡུང་ཌཱིཀ་རྒྱན་གྱི་མེ་ཏོག །རོང་ཟོམ་ཐེག་ཆེན་ཚུལ་འཇུག །སྣང་བ་ལྷ་སྒྲུབ། ཡོན་ཏན་མཛོད་རྩ་བ་དང་འགྲེལ་པ་ཨ་ལག་བསྟན་དར་གསུང་འདི་ལ་ཁྲིད་

(༡༥༥)རྒྱུན་མི་བཞུགས་ཀྱང་གོ་བ་འགང་ཆེ་གསུང་ནས་དེ་དང་རྡེ་གྲུབ་གསུང་རྒྱ་མཚོའི་ཆུ་ཐིགས། ཨ་བུའི་དཀའ་འགྲེལ་བཅས། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་རྩ་འགྲེལ་དོན་ཁྲིད་བཅས་སྒྱུ་མ་ངལ་གསོ་རྩ་འགྲེལ་དོན་ཁྲིད་དང་བཅས་པ་ཐུགས་བརྩེ་བས་གནང་བས་ཁོང་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཡིན། ལས་ཐོག་མཁན་པོ་བསོད་ནམས་ཆོས་འཕེལ་ལམ་བཤད་སྒྲུབ་ཆོས་ཀྱི་སྣང་བའི་མདུན་ཤེར་ཕྱིན་མངོན་རྟོགས་རྒྱན་ཨ་བུའི་ཚིག་འགྲེལ་དང་། སྤྱི་དོན། རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་། ཤེར་ཕྱིན་སྒོམ་རིམ་བཅས། སྤྱོད་འཇུག་ཐོགས་འགྲེལ། སྒོམ་རིམ། བླ་མ་མི་ཕམ་ཤེར་ལེ། ཀུན་བསོད་ཤེར་ལེའི་སྤྱི་དོན་བཅས་ཐོབ། འདི་དུས་ཐལ་འགྱུར་བའི་ལྟ་བ་ལ་ཤིན་ཏུ་དད་པར་བྱུང་ཡང་གོ་བ་གཏིང་ཟབ་པ་ཞིག་མ་སྐྱེས་པས་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་པས་ཉིན་གཅིག་ཆོས་མཚམས་ཤིག་ཏུ་སྐྱོ་བསང་ལ་ཕྱིན་པས་ཡ་གི་རི་ངོགས་ཤིག་ན་ཤེར་ལེ་སྤར་མ་གོས་ཡ་ཤི་ནག་པོའི་དཔེ་རས་ཅན་ཞིག་རྙེད། དེ་ནས་བཟུང་སྔར་དང་མི་འདྲ་ཙམ་གྱི་གོ་བ་སྐྱེས། དེ་ནས་རྩ་རྒྱུད་གསང་བ་སྙིང་པོ་ཚོགས་བཤད་ཀྱི་ལུགས་ཡིན་

(༡༥༦)གསུངས་ནས་ཤྲཱི་སེང་ཧའི་ལྷ་ཁང་དུ་གསང་བདག་དགོངས་རྒྱན་གནང་བ་དང་ཡང་སློབ་བཤད་ཀྱི་ལུགས་འདི་དཔོན་རིན་པོ་ཆེ་བསྟན་འཛིན་ནོར་བུའི་ལུགས་ཡིན་གསུངས་ནས་ཉུང་ཤས་ལ་གནང་བ་རྣམས་ཐོབ། དེ་རྗེས་བཀའ་བརྒྱད་ཀྱི་སྐུ་མཚམས་ཟླ་བ་དྲུག་བཞུགས་པའི་འཚམས་གཡོག་བདག་གིས་ཞུས་ནས་ཐུན་མཚམས་སུ་དབུ་མ་རྩ་བ་ཤེས་རབ། འགྲེལ་ག་ལས་འཇིགས་མེད་ཟླ་བའི་ཚིག་གསལ། རྨ་བྱ་བའི་འགྲེལ་བཅས་གནང་། ཆོས་ཐུན་དབུ་འཛུག་ནུབ་ཐོ་རངས་ཁར་གསལ་སྣང་ཞིག་ལ་འཕགས་པ་ཀླུ་སྒྲུབ་དགེ་སློང་གི་ཆས་ཅན་མཐོང་ན་མི་མཐུན་པ་མེད་པ་དེ་བཞིན་གཤེགས་པ་ལྟ་བུ་ཞིག་གི་ཕྱག་ན་དབུ་མ་རྩ་བའི་པོ་ཏི་བསྣམས་པ་བདག་གི་སྤྱི་བོར་བཞག་ཏེ། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། ཞེས་སོགས་མཆོད་བརྗོད་དེ་གསུངས་ནས་འཕྲོས་སུ། རྟེན་ཅིང་འབྲེལ་འབྱུང་དོན་འདི་རྟོགས་པར་གྱིས་ཤིག །ལན་གསུམ་གསུངས་དེའི་རྐྱེན་གྱིས་རྟེན་འབྲེལ་རང་བཞིན་མེད་པ་བདེན་པ་གཉིས་ཀྱི་རྣམ་བཞག་ཇི་ལྟར་བྱས་ཀྱང་བདེ་བ་ཞིག་བྱུང་། དེ་ནས་རིག་ཚོགས་ལྔ་པོ་མཐར་ཆགས་སུ་ཞུས་དབུ་མ་འཇུག་པ་རང་འགྲེལ། ཨོ་རྒྱན་བསྟན་འཛིན་ནོར་བུའི་མཆན་འགྲེལ། ཤེས་རབ་སྒྲོན་མའི་འགྲེལ་པ་བཙུན་པ་སྤྱན་

(༡༥༧)རས་གཟིགས་ཀྱི་བརྟུལ་ཞུགས་ཀྱིས་མཛད་པ་དབུ་མ་བཞི་བརྒྱ་པའི་འགྲེལ་པ་སེམས་ཙམ་ལུགས་གཙོ་བོར་སྟོན་པ་སློབ་དཔོན་ཆོས་སྐྱོང་གི་འགྲེལ་དང་ཟླ་བའི་འགྲེལ་པ་བཅས་ལ་བཤད་རྒྱུན་མི་བཞུགས་ཀྱང་བསྟན་འགྱུར་ཁྲོད་ན་ལུང་རྒྱུན་བཞུགས་པ་ཡིན་གསུངས་ནས་གནང་། དེ་ནས་ཡིད་བཞིན་མཛོད་རྩ་འགྲེལ་དོན་ཁྲིད། བླ་མ་མི་ཕམ་གསུང་གྲུབ་མཐའ་བསྡུས་པ་དང་ལེའུ་བཅོ་བརྒྱད་པའི་བཀའ་འགྲེལ། ཨ་བུའི་གསུང་ཐོག་མཐའ་བར་དགེའི་གཏམ། ཐེག་ཆེན་མདོ་མཐོང་ཕན་ཡོན། དབེན་གཏམ་ལྷ་ཡི་རྔ་སྒྲ། གཞི་བཅུ་བདུན་ཟིན་བྲིས་ཐེག་ཆེན་དབུ་མའི་ལྟ་ཁྲིད། བཀའ་གདམས་གསུང་གི་གཅེས་བཏུས་རྣམས་ཁྲིད་དང་འཐོར་བུ་ཕལ་ཆེར་ལུང་། སྙིང་ཐིག་རྩ་རླུང་མཛུབ་ཁྲིད་རྣམས་ཐོབ་པས་ཁོང་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་གཉིས་པ་ཡིན། དེ་ནས་ཨ་ལགས་སྐལ་ལྡན་རྒྱ་མཚོའི་ཡང་སྤྲུལ་མདུན་སྙན་ངག་ལེའུ་བར་པའི་རྒྱན་དང་། བོད་མཁས་དང་ཁམས་པའི་འགྲེལ་གཉིས། བླ་མ་སྨན་ལྷའི་མདུན་རྩིས་སྐོར་གཟའ་ལྔ་ལྔ་བསྡུས། དབྱངས་ཅན་སྒྲ་མོད། སྡེབ་སྦྱོར་ཨ་བུའི་གསུང་། ཞེ་དྲུང་མངོན་བརྗོད་བཅས་དང་། སྟོང་ཟ་བག་ཝ་བླ་མ་མདོ་སྔགས་མདུན་

(༡༥༨)མི་ཕམ་སྡུད་འགྲེལ་མདོ་སྦྱར་བཅས། འབྱེད་རྣམས་གཉིས་འགྲེལ། འཇམ་དཔལ་མཆོད་ཆོག་བསྟོད་སྒྲུབ། དག་ཡིག་སུམ་རྟགས་འགྲེལ་སི་ཏུ་ཆོས་འབྱུང་གསུང་བཅས་ནོད། དེ་ནས་མུ་ར་སྤྲུལ་པའི་སྐུ་པདྨ་བདེ་ཆེན་བཟང་པོ་དེར་ཕེབས་རྫོགས་ཆེན་རང་ལུགས་ཀྱི་རྩ་བའི་བརྒྱུད་པ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་རྒྱས་པ་འཕྲད་ཚད་རང་གྲོལ། འབྲིང་པོ་འགྲོ་དྲུག་རང་གྲོལ་བསྡུས་པ་གཏོར་དབང་རེག་པ་དོན་ལྡན། བར་དོ་དྲུག་གི་ཁྲིད་ཡིག་བཅས། གནས་ལུགས་ཅེར་མཐོང་། གཞུང་པོད་གཉིས་ཀྱི་བཀླག་ལུང་། ཡེ་ཤེས་བླ་མའི་ཁྲིད། ངེས་དོན་བསྟན་འཛིན་བཟང་པོའི་གསུང་མཁའ་འགྲོ་ཡང་ཏིག་གི་ཁྲིད་ཐར་ལམ་དཀར་པོ། ཤྲཱི་སེང་ཧའི་ལྷ་ཁང་ནས་ཨ་བུའི་ཕྱག་བཞེས་སྤྱོད་འཇུག་ལེ་བཞིའི་གསུང་བཤད་དང་འབྲེལ་ཟབ་མོ་ལྟ་སྲོལ་གྱི་བྱང་ཆུབ་སེམས་སྡོམ་དང་། མཁན་བསོད་ཆོས་གཟིམ་གཤག་ཏུ་རྒྱ་ཆེན་སྤྱོད་སྲོལ་བཅས་ཐོབ། སྒྲུབ་གྲྭ་པ་རྣམས་ལ་བླ་མ་དགོངས་འདུས་ཀྱི་སྒྲུབ་དབང་རྒྱས་པ་གནང་བས་ཞག་དུ་མ་འགོར། མཁན་བསོད་ཆོས་ལས་ཐོག་མཁན་པོ་ཡིན་གཤིས་དགེ་ཚུལ་སློང་མང་པོ་གནང་དགོས་པས་ནམ་གནང་ཚེ་བདག་ལས་གྲ་ལ་འགྲོ་དགོས་བྱུང་བས་སྐུ་མདུན་དུ་

(༡༥༩)བདག་གི་སྐྱོར་སྦྱངས་གལ་ཆེ་བས་ལས་གྲྭ་གཞན་ནས་འཚོལ་བར་ཞུས་ཀྱང་དེས་མི་ཕན་འདིའང་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལ་ལྟོས་པ་གལ་ཆེ་བས་ལག་ལེན་ལ་བྱང་བར་དགོས་ཁྱོད་ལའང་རྗེས་ནས་མཁོ་བའི་དུས་འོང་། དེ་དུས་གཟོད་ཕྱག་ལེན་སྦྱང་དགོས་བྱུང་ན་དཀའ་ལས་འོང་གསུངས། མཚམས་ཞིག་ནས་རྫོགས་ཆེན་བསླབ་གྲྭའི་སྐྱོར་དཔོན་བྱས་ཐམས་ཅད་ཀྱི་དོགས་གཅོད་དང་བསླབ་གྲོགས་བགྱིད་དགོས་པས་སུན་པོ་བྱུང་། མཁན་པོ་ཡེ་ཤེས་རྒྱལ་མཚན་མདུན་གསང་སྤྱི་ལེགས་བཤད་རོལ་མཚོ་དང་། ཆོས་གྲགས་ཟིན་བྲིས་གཉིས་ཞུས། ཨ་བུའི་མདུན་ནས་སྤྱོད་འཇུག་ལན་བཅུ་གསུམ་གསན་ནས་སྐུ་ཚེ་གཅིག་གི་ཉམས་བཞེས་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་རྩལ་འདོན་མཛད་པ་མཁན་དཀོན་མཆོག་ནོར་བུའི་མདུན་ཨ་བུའི་གསུང་རྒྱུན་གྱིས་བརྒྱན་པའི་སྤྱོད་འཇུག་གི་བཤད་པ་གནང་བར་གསོལ་བ་བཏབ་པས་ངས་ཆོས་ཆེན་པོ་རང་བཤད་མི་ཤེས་དེང་སང་སློབ་གཉེར་བ་འདི་ཚོས་ཅི་ཟེར་གྱི་ཁ་ཉམས་ཉུལ་བ་ལས་མེད་པས་བཤད་པ་ལ་དོན་ཆེར་མེད། འོན་ཀྱང་ཁྱོད་དེ་དང་ཅུང་མི་འདྲ་བས་སུ་ལ་གོ་མ་འཇུག་དང་སང་ཉིན་བཤད་

(༡༦༠)གསུངས། སྤྱོད་འཇུག་རྩ་བ་དང་ས་བཅད་གཉིས་པོ་ཐུགས་ཐོག་ནས་ཤར་གྱིས་གསུངས་ཏེ་མཚམས་འདི་ན་ཨ་བུའི་གསུང་རྒྱུན་འདི་དང་འདི་བཞུགས་དཔྱད་ཚུལ་དང་བསམ་ཚུལ་འདི་འདྲ་དགོས་ཞེས་ཞི་ལྷག་གཉིས་ཀྱི་ལམ་གྱི་འགྲོ་ཚུལ་མན་ངག་དང་སྦྱར་བ་ཡིད་འཕྲོག་པའི་བཤད་པ་ཟླ་བ་གཅིག་གི་བར་གསུངས། ཕྲན་ལ་ཞལ་ཀྱལ་ཚུལ་དུ་བཤད་པ་ཅི་འདྲ་གསུངས་ངོ་མཚར་ཆེ་ཞུས་པས་དེ་ཡིན་རྫོགས་ཆེན་དགོན་པས་ངས་སློབ་གཉེར་མི་ཤེས་ཟེར་ཡང་། ཤེས་རང་ཤེས་ཏེ་ཅི་ཕན་ཕྱི་མ་དོན་གཉེར་དང་ཉམས་ལེན་དོན་གཉེར་ཅན་སུ་ཡང་མི་འདུག་པས་སྔ་མོ་ནས་བཤད་པ་མ་བྱས་པ་ཡིན་གསུངས། ཁྱེད་ནས་འདུལ་བ་མདོ་རྩ་ཨེ་སྦྱངས་གསུངས། མ་ཐོབ་པས་དམ་པ་མཆོག་གི་བཀའ་དྲིན་སྐྱོང་བར་ཞུས་ཀྱང་དེ་མི་འོང་ངས་དང་པོ་ནས་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་བློ་སྦྱོངས་པས་སློབ་གཉེར་གཞན་ལ་བསམ་དཔྱོད་ཆེར་མ་བཏང་། མིག་ཡང་སྡུག་དཔེ་ཆ་ལ་བརྟེན་མི་ནུས་པས་གཞན་ཞིག་ནས་ཞུ་བ་གལ་ཆེ། འདུལ་བ་འདི་ཡོན་ཏན་གྱི་གཞི་མ་ལྟ་བུ་ཡིན། སྔར་ཡིན་ན་དགོན་པ་འདིར་འདུལ་ཁྲིམས་དམ་པོ་ཡོད་ཀྱང་ད་ལྷོད་འགྲོ་བའི་སྐབས་ཡིན། དབུ་མ་ཐལ་རང་

(༡༦༡)གི་ལུགས་རྩོད་པ་ཁ་ཕྱིར་བལྟས་ཞིག་ལས་སེམས་ནང་ལ་སྐོར་མཁན་ཅང་མེད། འདུལ་བ་འདི་ལ་མི་གཞི་བཟང་ཞིང་བློ་བརྟན་པོ་ཞིག་དང་ཤེས་རབ་ཁྱད་པར་འཕགས་པ་རེ་ཡང་དགོས་ཚུལ་འཆོས་དང་ངོམས་ཆོས་སུ་མ་སོང་བར་ངེས་འབྱུང་གི་བློ་བཅོས་མིན་ཞིག་དགོས། ད་ལྟ་ནས་དེ་འདྲ་འོང་དཀའ་བས་བཅོས་ཤིང་འཇུག་པ་ཡིན། ཁྱེད་ཀྱང་མི་གཞི་སྐྱོན་མེད་ཅིག་ཡིན་ཅེས་བསོད་ཆོས་གསུང་ལས་ཐོས། བསོད་ཆོས་མདུན་འདུལ་བ་ཞིག་ཨེ་ཐོབ་ལྟོས་གསུངས་པ་ཡིད་ལ་བཅགས་མཁན་བསོད་ཆོས་མདུན་འདུལ་བ་མེད་རྩ། དབོན་རིན་པོ་ཆེའི་མཆན་འགྲེལ། འདུལ་ཌཱིཀ་རིན་ཕྲེང་། མཚོ་སྣ་པའི་འགྲེལ་པ། དགེ་འདུན་གྲུབ་ཀྱི་གླེང་འབུམ་རྗེ་རིན་པོ་ཆེའི་གསུང་དགེ་ཚུལ་སློང་གི་བསླབ་བྱ་གནམ་རྩེ་ལྡིང་མ། སོར་མདོ་མཆན་ཅན། འདུལ་བ་མེ་ཏོག་ཕྲེང་མཛེས། ཤཱཀྱ་བཤེས་གཉེན་གྱི་འདུལ་ཌཱིཀ་བི་་མ་ལའི་འདུལ་ཌཱིཀ་བཅས། ཁོང་གི་ཕྱག་དཔེ་རིན་ཆེན་ཕྲེང་བ་དང་གླེང་འབུམ་གཉིས་གནང་ནས་འདི་གཉིས་ལ་ལྟོས། ད་རེས་ཕྱོགས་འདི་ན་མཆན་འགྲེལ་ཞིག་

(༡༦༢)ལ་མགོ་འཁོར་ནས་སྡོད་པའི་དུས་ཞིག་བྱུང་འདུག་གཞུང་ཆེན་པོ་ལ་ལྟ་རྟོག་བྱེད་པ་སུ་མེད། ལས་འབྲས་ཀྱི་རྣམ་བཞག་འདུལ་བ་ནས་གསུངས་པ་འདི་ལས་རིག་པས་དཔྱད་དུ་མེད་གསུངས། དེ་ནས་དགེ་བཤེས་ཀུན་བཟང་བསོད་ནམས་ཀྱི་ཉེ་གནས་ཨ་དཔལ་ཁོང་རྫོགས་ཆེན་དུ་མངོན་པའི་བཤད་སྲོལ་འཇུགས་པར་གདན་དྲངས་ནས་རྫོགས་སྤྲུལ་རིན་པོ་ཆེས་གཞི་བྱེས་གཉིས་ནང་རིག་པ་བཟང་ཤོས་བཅུ་ཙམ་གྱིས་སྦྱངས་བརྩོན་དགོས་ཞེས་བདག་ཀྱང་ཡི་གེའི་ནང་འཐུས་བཞིན་མངོན་པ་སྦྱང་རྒྱུའི་དབུ་བཙུགས། ཁོང་དགེ་བཤེས་ཆེན་པོ་ཡིན་པས་རྩ་འགྲེལ་ཕལ་ཆེར་ཐུགས་ཐོག་རང་ནས་གསུངས། རང་འགྲེལ་སྟོད་ཆ་ཡན་དང་། རྒྱལ་པོའི་སྲས། གང་སྤེལ། མཚམས་མཛོད་ཆེ་ཆུང་གཉིས་བཅས་བསྒྲགས་ནས་གསུངས་པས་དང་པོ་ཞག་ཤས་སུ་ཚིག་འགྲེལ་ཙམ་ཡང་མ་ཟིན་པས་ཐམས་ཅད་ཧ་ལས་ཐུགས་མུག་སྟེ་མི་ཤེས་བར་ཐག་བཅད་བདག་ཤྲཱི་སེང་ཧའི་རི་ངོགས་སྔར་ཨ་བུ་བཀའ་དྲིན་ཅན་གྱིས་མངོན་པ་གསུངས་པའི་ཕ་ཝཾ་ཆོས་ཁྲི་འདྲ་བ་ཞིག་ཡོད་པའི་རྩར་ཕྱིན་མངོན་པ་མ་ཤེས་ཀྱང་རྩ་བ་ཚར་ཆ་ཤས་བཏོན་ནས་བག་ཆགས་བཟང་པོ་ཞིག་ཞོག་ངེས་ཀྱི་སྨོན་ལམ་རེ་འདེབས་སྙམ་

(༡༦༣)ནས་ཆོས་ཁྲིའི་རྩར་དམ་པའི་ཆོས་མངོན་པ་འདི་སློབ་དཔོན་རང་གི་དགོངས་པ་ཅི་ལྟ་བ་བཞིན་རྟོགས་ནུས་པའི་སྨོན་ལམ་མང་དུ་བཏབ་རྗེས་ཅུང་ཞིག་གཉིད་དུ་སོང་བའི་མནལ་ལམ་དུ་སློབ་དཔོན་དབྱིག་གཉེན་ཤ་འགགས་སྔོན་པོ་ཅན་ཆོས་གོས་གསུམ་དང་དབུ་ཞྭ་རི་ཁྲོད་ཞྭ་མོ་འདྲ་བ་རྣ་ཐུང་ཅན་མནབས་པ་ཞིག་མཇལ་བའི་མདོ་ལ་རྒྱ་གར་གྱི་ཡུལ་ལྗོངས་ཡིན་རྒྱུ་བ་ཞིག་ཏུ་བདག་ཀྱང་སློབ་དཔོན་བློ་གྲོས་བརྟན་པའི་བག་ཆགས་འལ་འོལ་དྲན་པའི་མུར། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཤིང་། ཞེས་སོགས་མཆོད་བརྗོད་དེ་གསུངས་ནས་འགྲེལ་མཛད་དེ་མཆིམས་མཛོད་ཆེ་བ་འདི་མངོན་པའི་དགོངས་པ་ཅི་བཞིན་བཤད་ཡོད་པས་དེ་ལ་གཞི་བཅོལ་ནས་ལྟོས་དང་མངོན་པ་ཤེས་འོང་གསུངས་པ་ན་སད། དེ་འཕྲལ་སྐུ་ཞོག་བླ་བྲང་ནས་མཚམས་ཆེན་འགྲེལ་པ་དེ་གཡར་ནས་མཇལ་བས་ཅུང་ཞིག་ཤེས་པ་བྱུང་། དཀྱིལ་ཙམ་ལ་སླེབ་དུས་མགོ་རྫོགས་གཉིས་ནང་ངན་བྱེད་རྐྱེན་གྱིས་མཆེད་གྲོགས་ཕལ་ཆེར་བྱེར། མངོན་པའི་མཇུག་མཐར་ཆགས་སུ་སྦྱང་མཁན་ཡོང་ཤར་མཁན་པོ། དགེ་རྒྱས་བླ་མ། རྡོར་ལི། ངེད་བཞི་ལས་

(༡༦༤)མ་བྱུང་། ཕྱིས་ནས་མཁན་པོ་ལྷ་རྒྱལ་ལས་ཐོག་གསར་བུའི་དུས་བདག་གིས་ཕུལ་བས་ཕྱོགས་དེར་བཤད་རྒྱུན་མ་ཆད་ཙམ་བྱུང་། མཁན་ཨ་དཔལ་མདུན་བློ་སྦྱོང་ལེགས་བཤད་ཀུན་འདུས། གཏམ་རྒྱུད་རིན་ཆེན་སྤུངས་པ། ཀུན་བསོད་གསུང་བློ་སྦྱོང་སྨོན་ལམ་བཀའ་གདམས་གཅེས་བཏུས་བཅས་ཐོབ། བླ་མ་མི་ཕམ་སོས་ཐོག་དེར་འདན་ཁོག་ནས་རྫོགས་ཆེན་དུ་ཕེབས། རྫོགས་ཆེན་ཚང་ནས་སེར་ཕྲེང་གི་བཀོད་པ་རྒྱ་ཆེན་པོ་བཅས་བསུས་ནས་གདན་འཇགས། དེའི་ཞོར་ལ་ཞལ་མཇལ་ཙམ་བྱུང་། ཤྲཱི་སེང་ཧའི་ལྷ་ཁང་སྟེང་བཞུགས། ཉེ་གནས་འོད་གསལ་བརྒྱུད་མཇལ་ཁ་ཞིབ་པར་ཐོབ་ཆོས་འབྲེལ་ཞིག་གི་བཀའ་དྲིན་ཞུས་ཀྱང་སྐབས་ཤིག་ཅི་མི་རེད་གསུངས། ཁོང་གིས་མཁས་འཇུག་གི་བསྟན་བཅོས་རྩོམ་པའི་དབུ་བཙུགས་ནས་ཟླ་གཅིག་ཙམ་ན་ནགས་ཆུང་རི་ཁྲོད་དུ་ཕེབས། དབྱར་ཟླ་ལྔ་པའི་ནང་ཤེད་དུ་སྐུ་མདུན་ཕྱིན་པས་མཁས་འཇུག་དེ་ཉིན་བརྩམས་གྲུབ་འདུག །དེ་རིང་རྒྱལ་ཕུར་གྱི་སྦྱོར་བ་འཛོམ་པའི་དུས་བསྟན་བཅོས་མཐར་དབྱུང་བ་དང་འཕྲད་པས་ཁྱེད་རྟེན་འབྲེལ་ལེགས་ཞེས། དཔེ་ཆའི་དབུ་ནས་འདི་མཁས་པ་ལ་འཇུག་པའི་སྒོ་ཞེས་མཁས་

(༡༦༥)ཚུལ་གསུམ་ལ་འཇུག་པའི་སྒོ་འཕར་ལྟ་བུ་ཡིན། པ་པ་གྱི་མཁས་འཇུག་དང་འདི་གཉིས་ཁྱད་པར་འདི་ཆེ། སྡོམ་བྱང་འདི་བློར་འཛིན་དགོས་སྡོམ་བྱང་ཡིན་རྩ་བ་མིན་གསུངས། དེ་དང་གཞུང་གཉིས་སྦྲེལ་ཏེ་དབུ་ནས་ཅུང་ཞིག་འགྲེལ་འཕྲོས་ལུང་ལྟ་བུ་དང་། བཞག་པ་ནས་ཁ་ཤས་བཞག །དེ་འདྲའི་ངང་དགོང་མོ་ཙམ་ལ་རྫོགས་དེ་འཕྲལ་དཔེ་ཆ་མགོ་ཐོག་ཏུ་བཞག་ནས་འདི་ཁྱོད་ལ་གཏད་པ་ཡིན། དབུ་མཇུག་ཚང་བ་ཙམ་འདོན་ཐུབ་མ་སོང་ཡང་ང་བསྟན་བཅོས་མཁན་པོས་གནང་བ་ཐོབ་པ་ཡིན་པས་ཕྱིན་ཆད་འཆད་རུང་། འདི་ལ་བརྟེན་ནས་ཁྱོད་ཀྱིས་བཤད་པ་ཞིག་བྱས་ན་མཁས་པ་མང་པོ་ཐོན་འོང་། ལུང་གཅེས་ནས་ཁྱེད་གཉིས་ལ་བཤད་པ་དགོས་ཚུལ་གྱི་གསུང་ཤོག་སྔ་ཕྱིར་འབྱོར་ཀྱང་ང་རྩ་དཀར་ནད་འདིས་རྒྱུན་དུ་མནར་བའི་སྟེང་ལོ་ཡང་རྒས་པས་བཤད་པ་ལ་སུན་པ་སྐྱེས། བསྟན་བཅོས་ཀྱི་དཔེ་ཆ་འགའ་རེ་བཞག་ན་རྙིང་ཕྱོགས་ལ་ཕན་ཐོགས་རེ་འོང་དུ་རེ་ཡང་དུས་དབང་གིས་དཀའ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཡུན་རིང་ཙམ་ཞབས་པད་བརྟན་ན་སྔ་འགྱུར་བའི་གྲུབ་མཐའ་རང་

(༡༦༦)རྐང་གི་སྲོལ་ཆེན་པོ་ཕྱེ་གྱིན་ཡོད་ཀྱང་བསོད་ནམས་ཀྱི་སྐལ་བར་མ་དབང་བས་ཞི་བར་གཤེགས། དེ་རྗེས་རྙིང་ཕྱོགས་ལ་གོ་བ་ཆགས་མཁན་བླ་མ་ལུང་རྟོགས་བཟང་ཤོས་ཡིན་དེ་འཕྲོས་བསོད་རྒྱལ་དང་རྡོ་གྲུབ་གཉིས་ལའང་གོ་བ་མི་སྐྱོན་ཙམ་རེ་ཡོད། དེ་མིན་མཁས་པ་ཅང་མི་འདུག །ང་སྔར་ཀཿཐོག་ཏུ་སོང་ནས་སི་ཏུ་སྤྲུལ་སྐུ་ལ་བྱམས་ཆོས་སྡེ་ལྔས་གཙོས་བཤད་པ་ཁ་ཤས་བྱས། དེ་དུས་བཤད་གྲྭ་རེའི་འདུན་པ་བྱས་ཀྱང་ཐོག་ཏུ་མ་ཁེལ། ད་རེས་སི་རུ་སྤྲུལ་སྐུ་ཁོང་གིས་བཤད་གྲྭ་རེའི་ཐུགས་འདུན་གྱིས་ང་ལ་གདན་འདྲེན་ཞུ་བའི་བང་མི་དང་ཡི་གེ་འབྱོར་ཀྱང་འགྲོ་མི་གྲུ་བ་འདྲ། ཕྱིན་ཆད་ཁོང་གི་ཐུགས་བསྐྱེད་དུས་སྨིན་རེ་འོང་ན་ཁྱོད་ཀྱིས་རོགས་དན་རེ་མ་འཆུག་གསུངས་ཏེ་མཚན་བརྗོད་ཀྱི་དཔེ་ཆ་དཔེ་རས་དང་བཅས་པ་འཇམ་དབྱངས་རིལ་བུ་བདུན་ཆ་བཅས་གནང་། ཉེ་གནས་འོད་གསལ་ནས་ཀྱང་བླ་མ་བཀའ་དྲིན་ཅན་གྱི་སློབ་མ་ཡིན་པས་ང་ལ་ནམ་ཡང་ཐུགས་བརྩེས་བསྐྱངས། ཡང་ཉིན་གཅིག་ད་རེས་མར་མེ་ཁྲི་མཆོད་ཀྱི་མཇུག་དེ་གྲུབ་དགོས་ཤོག་གསུང་བྱུང་བས་ངེད་ཕྱིན་ནས་ཉིན་ཁ་ཤས་རོགས་དན་བགྱིས། མཚམས་སུ་སྐུ་མདུན་ནས་སེམས་དོན་སངས་རྒྱས་ལག་བཅངས་

(༡༦༧)གི་སྐོར་ཚན་མང་པོ་ལྡེབ་བཞི་བཅུ་ཙམ་ཡོད་པའི་ལུང་ཞུས། འོད་གསལ་བརྒྱུད་གང་བློ་མའི་རྗེས་གནང་ཐོབ་པར་ཞུས་པས་ཉིན་གཅིག་གང་བློ་མའི་འོད་ཟེར་དགུ་ཕྲུག་གི་རྗེས་གནང་དང་བསྟོད་སྒྲུབ་བཅས་གནང་། ངེད་ཀྱི་འཇམ་དཔལ་རྒྱུད་ལུགས་འདི་ད་སྔོན་བཀའ་རྒྱ་ཡིན་བྱིན་རླབས་ཀྱི་བབ་གཞན་ལས་ཆེ། འདི་གཅིག་འབྲི་ན་དཔེ་གཡར་ཆོག་གཞན་སུ་ལའང་མ་སྟོན་གསུངས། དེ་བཞིན་དཔེ་དེ་ཁྱེར་ནས་ཤྲཱི་སེང་ཧའི་རི་ངོགས་བྲག་སྐྱིབས་ཤིག་ཏུ་དཔེ་བཤུ་བྱས་ཟིན་ནས་དཔེ་ཆ་ཡར་འབུལ་དུ་ཕྱིན་འདི་ལ་དབང་ཞིག་ཡོད་ན་ཐུགས་རྗེས་འཛིན་པར་ཞུས་པས་དབང་སར་བན་ཕྱོགས་མེད་ཀྱི་དེ་ལས་མེད། བསྐུར་ཡང་མི་ནུས་ལུང་ཞིག་འདོན་གསུངས་ནས་སྒྲུབ་ཐབས་སྐོང་བ་ཚེ་སྒྲུབ་གཏོར་མ་དཀར་དམར་བཏང་ཐབས་དང་། ལས་ཚོགས་དབུ་ནས་ཅུང་ཟད་གསུངས་འཕྲོས་འོད་གསལ་ལ་ཞུས། ཕྱིན་ཆད་ཁྱོད་ནས་བསྙེན་ཚད་རེ་མ་སོང་བར་སུ་ལ་ཡང་མ་སྤེལ་གསུངས། རྗེས་སོར་བསྙེན་ཚད་གསུམ་བསྐྱལ་ལས་ཚོགས་ཕལ་ཆེར་བསྙེན་ནས་སྤེལ་བ་ཡིན་ནོ། །དེ་ནས་མཁན་བསོད་ཆོས་མདུན་བརྒལ་ལན་ཉིན་སྣང་དང་། མངོན་པ་ཀུན་བཏུས་ས་བཟང་གི་

(༡༦༨)འགྲེལ་བཅས་གསུང་བཤད་དང་། ས་སྡེ་ལྔ། ཐེག་བསྡུས། དབྱིག་གཉེན་གྱི་སུམ་བཅུ་པ། ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་བཅས་བཀླག་ལུང་དང་། རྫོགས་སྤྲུལ་ལྔ་པའི་མདུན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་ཚང་བར་ཞུས། འབྲུག་པ་སྐུ་ཆེན་ཆོས་དབྱིངས་རོལ་པའི་རྡོ་རྗེའི་མདུན་དགོངས་འདུས་རྩ་བའི་དབང་ཆེན་དོན་དབང་དང་བཅས་པ་ཐོབ། མདོར་ན་ལོ་ངོ་གསུམ་ཟླ་བ་ཉི་ཤུ་རྩ་བཞིའི་རིང་ལ་ཉིན་མཚན་ལྟོ་སྦྱར་ནས་སློབ་གཉེར་རང་ལ་ནན་ཏན་བགྱིས། སྟག་གི་ལོའི་སྟོན་པོ་དེར་མར་འོང་རྒྱུ་བྱས་ནས་བསྡད་པར། ཉིན་གཅིག་འབྲུག་པ་སྐུ་ཆེན་པདྨའི་ཐང་དུ་བཞུགས་པས་གསུང་འཕྲིན་ལ་དེ་རིང་ལི་གྲི་གཅིག་ཁྱེར་ལ་དབུ་སྐྲ་བསིལ་མཁན་ཤོག་གསུངས་པ་འབྱོར་བས། བདག་གིས་ལི་གྲི་ཁྱེར་ནས་སྐུ་མདུན་ཕྱིན་པར་བཞད་མོ་གནང་ནས་ངས་དེ་རིང་མཁའ་འགྲོ་སྙིང་ཐིག་གི་དབང་ཞིག་བསྐུར་སྙམ་ཡང་གཞན་གྱིས་གོ་ན་ཐམས་ཅད་འཚང་འོང་བསམ་ནས་གཡོ་ཐབས་བྱས་པ་ཡིན། ད་བུ་ལུག་ཁྱི་ཐར་ཁྱེད་གཉིས་ནས་གནས་ཁང་ཕྱག་དར་ལེགས་པོ་གྱིས། རྒྱན་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་ཚོགས་གཏོར་ཡང་རྒྱ་ཆེན་པོ་དགོས། དེ་རྣམས་མ་གྲུབ་པར་ང་ཐང་དུ་འགྲོ་

(༡༦༩)གསུངས་ཏེ་ཕྱི་ལོགས་གི་ཤིང་རའི་ནང་ཕེབས་ནས་གདན་ཁར་བཞུགས། ངེད་གཉིས་ནས་གསུང་བཞིན་བསྒྲུབ་པས་ཕྱི་གྲོ་ཙམ་ན་ཚགས་སུ་ཚུད་འཕྲལ་ནང་དུ་ཕེབས། མཁའ་འགྲོ་སྙིང་ཏིག་འདི་གྲུབ་དབང་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་ཐོགས་པ་འདི་ཀས་ཡིན། འདིར་ཆིག་བརྒྱུད་ཀྱི་དབང་བརྒྱུད་འཛིན་བུ་གཅིག་ཁོ་ན་ལ་གཏད་དགོས་པས་མི་འགྱུར་ནམ་མཁའི་རྡོ་རྗེས་ང་ལ་གཏད། ད་ངས་ཁྱོད་ལ་གཏད་སྙམ་པ་སྟེ། ང་ལ་གྲྭ་མདའ་ཀརྨའི་ལུང་བསྟན་དུ་ད་ལོ་གངས་ཁྲོད་དུ་སོང་ནས་ལོ་གསུམ་ཙམ་འདུག་རྒྱུ་བྱུང་ན་ཚེ་ཆོས་གཉིས་མཐར་ཕྱིན། དེ་མ་གྲུབ་ན་ཞེ་བཞི་འདི་ལ་གེགས་ཆེ་གསུངས། ང་རང་གི་ལུང་བསྟན་དུ་ད་ལོ་མ་ཤི་ནས་ཡུན་རིང་ཙམ་འདུག་རྒྱུ་བྱུང་ན་དེ་ནས་པདྨ་འོད་དུ་འགྲོ། ད་ལོ་ཤི་ན་ཡར་ལུང་ཕྱོགས་སུ་སྐྱེ་བ་གཅིག་བརྒྱུད་མཐར་པདྨ་འོད་དུ་འགྲོ་བྱ་བ་ཡོད་གསུངས། བདག་གིས་ཁྱེད་རེ་ཞིག་བཞུགས་ཐུབ་པ་བཀའ་དྲིན་མ་ཆུང་བཞུགས་པའི་ཐུན་འདུན་གནང་དགོས་ཕྲན་ནས་ཐུགས་ལ་གང་འགབ་ཀྱི་ཞབས་བརྟན་ལོ་ཟླའི་ཁ་མཚམས་ངེས་པ་ཅན་ཅི་གནང་ཡང་བསྒྲུབ་ཞུས་པས་ཅི་ཟེར་མ་ཤི་ན་དགའ་བ་

(༡༧༠)ལས་ཤི་ན་དགའ་བ་སུ་མེད་ཀྱང་ད་ལོ་འཆི་ལྟས་དང་མཁའ་འགྲོའི་བསུ་བའི་སྣང་བ་ཡང་མང་པོ་བྱུང་། དབང་འདི་ཁྱོད་ལ་འཕྲོད་དགོས་པ་ཡོད་གསུངས་འོ་ན་བླ་མ་རྡོར་ལི་ལ་ཨེ་ཐོབ་ཞུས་པས་གཞན་སུས་མ་གོ་ན་ཆོག་གསུངས། ཁོང་གིས་དབང་སྒྲུབ་གནང་ངས་མཆོད་གཡོག་བྱས་ཁྱི་ཐར་བླ་མ་རྡོར་ལི་འབོད་པར་བཏང་། བདག་གིས་ཚོགས་གཏོར་ཞིག་ཕྱིར་མཆོད་པར་ཁྱེར་བས་ཤིང་རའི་རྒྱབ་ཐམས་ཅད་བུད་མེད་རིགས་མི་འདྲ་བ་དུ་མས་གང་བྱུང་བར་སྐུ་མདུན་དུ་ངས་ནི་སུ་ལའང་དབང་ཡོད་པར་མ་སྨྲས། ཁྱི་ཐར་ནས་སྨྲས་པ་ཡིན་ནོ་ཕྱི་རོལ་དུ་བུད་མེད་མང་པོས་གང་ནས་བྱུང་ཞུས་པས། ངོ་ཤེས་པ་སུ་འདུག་གམ་གསུངས། མི་འདུག་ཞུས་པར་འོ་དེ་ཚོ་མི་མིན་མཁའ་འགྲོའི་འདུ་བ་འདྲ་ཡིན་འགྲོ། དགོང་མོ་དྲང་བའི་དུས་ཁང་སྟེང་དུ་ཚོགས་མང་པོ་མཆོད་དགོས། ལྷག་མའི་དུས་ཀེང་རུས་མང་པོ་འཁྲབ་འོང་སྙིང་ཐིག་གི་སྲུང་མ་ཡིན་པས་སེམས་མ་ཡེངས་པར་དེ་དུས་དགོངས་པས་ཟིན་དགོས་ཁྱོད་དགོངས་པ་ཨེ་མཐོ་ལྟ་གསུངས། དེ་འཕྲལ་ཤྲཱི་སེང་ཧ་ནས་ཁོང་གཉིས་ཀྱང་སླེབས་བྱུང་བས་དེ་ནུབ་སྟ་གོན་བགྱིས། ཕྱིར་ཉིན་དངོས་གཞི་གསུངས་དབང་གི་གཏད་རྒྱའི་མགོར་ད་ཁྱེད་རྣམས་ནས་

(༡༧༡)ཁས་ལེན་གྱི་མཎྜལ་རེ་མེད་ན་དབང་འདོན་ཕོད་པ་མི་འདུག་གསུངས། ཁྱི་ཐར་ནས་ཐིག་ལེའི་བརྒྱ་ཅན་གྱི་བསྙེན་པ་ཞག་བརྒྱ་ཞིག་དང་། བླ་མ་རྡོར་ལིས་ཐོད་རྒལ་ལ་བལྟ་རྒྱུ་ཞག་བརྒྱའི་དམ་བཅའ་ཕུལ། བདག་རྟོག་པ་སྔ་ཕྱིའི་འཕྲོ་འདུ་དབྱིངས་སུ་ཞིག་སྟེ་རིག་སྟོང་རྗེན་པའི་ཡེ་ཤེས་ཀྱི་ངང་དུ་ཧ་རེ་ལུས་ནས་བྱུང་ཚོར་གྱི་རྒྱུ་བ་ཆད་པས་ངག་ནས་གང་ཡང་མ་ཐོན། ད་ཁྱོད་ཀྱིས་ཅི་ཁས་ལེན་རྒྱུ་ཡིན་གསུངས་ཅི་དྲན་མ་བྱུང་ནས་ཉིད་ཀྱིས་དགོངས་ཞུས་པར། འོ་ན་མཁའ་འགྲོ་ཡང་ཏིག་གི་ཁྲིད་འདི་ཚར་བཅུ་གསུམ་འཆད་རྒྱུ་གྱིས་རང་གར་བཤད་པས་མི་འོང་རང་གིས་ཉམས་སུ་བླངས་ནས་བླ་མ་དང་མཁའ་འགྲོའི་གནང་བ་ཐོབ་པའི་དུས་འཆད་སྤེལ་དགོས་གསུངས། དེ་བཞིན་དམ་བཅའ་ཞུས་པས་གཏད་རྒྱའི་དབང་སྨོན་ལམ་དང་བཅས་པ་གནང་། ཚོགས་ཀྱི་ལྷག་མའི་དུས་ཀེང་རུས་མང་པོ་དཀྱིལ་འཁོར་གྱི་མཐའ་ན་ཕར་འཁྲབ་ཀྱིན་འདུག་པར་ལྷག་མའི་གཏོར་མ་དེ་རྣམས་ལ་འབུལ་སྙམ་ཚེ་བླ་མས་ལྷག་མ་ཕྱིར་ཕུལ་ལ་ཤོག་གསུངས། དེ་བཞིན་ཕུལ་དུ་ཕྱིན་པས་སྒོ་ཡི་ཕྱི་རོལ་ན་རྡོ་རྗེ་གཡུ་སྒྲོན་མ་བུད་མེད་འཕྱོར་སྒེག་གི་རྣམ་པ་ཅན་དུ་སྣང་། དབང་ཟིན་ནས་

(༡༧༢)ད་རྡོར་ལི་ཁྱི་ཐར་གཉིས་སོང་ངག་ལི་ནས་ངེད་ཀྱི་བཅའ་ཁ་རྣམས་བསྡུ་དགོས་གསུངས་ཁོང་གཉིས་རང་གནས་སུ་བཏང་། བདག་དེ་ནུབ་སྐུ་མདུན་བསྡད་ནང་མོ་དབང་ཆས་རྣམས་བསྡུ་ཚགས་བྱས་པར་ཁར་སང་དབང་དུས་ཁྱེད་ཀྱིས་ཅི་མཐོང་གསུངས་དེ་ཚུལ་ཞུས་པས། ཀེང་རུས་རྣམས་ལ་སྐྲག་སྣང་དང་བུད་མེད་དེ་ལ་ཆགས་སེམས་སྐྱེས་སམ་གསུངས་ལགས་དེ་འདྲ་གང་ཡང་མ་བྱུང་ཤེས་པ་གཏད་མེད་དུ་སོང་ནས་བྱིས་པའི་ལྟད་མོ་མཐོང་བ་ལྟར་འདི་ཡིན་ངོས་བཟུང་མེད་པ་ཞིག་བྱུང་ཞུས་པས། འོ་དེ་ཡིན་དེ་ཡིན་དགོངས་པ་ཆོས་ཉིད་ཀྱི་ཀློང་དུ་ཆོས་ཐམས་ཅད་འུབ་ཆུབ་པས་མཁའ་འགྲོ་མ་བདག་གི་དབང་དུ་འདུས་བྱ་བ་ཡིན་པས་ཕྱིན་ཆད་ཁྱེད་ལ་བར་ཆད་མེད་གསུངས་པ་འབྱུང་འགྱུར་གཟིགས་པའི་གསུང་དུ་གོ། །དེ་ནས་རང་ཡུལ་དུ་འོང་བས་བཀའ་དྲིན་ཅན་ལོ་སྔ་མའི་ཟླ་བ་ལྔ་པའི་ཉེར་ལྔ་ལ་དགོངས་པ་ཞིང་ཁམས་སུ་གཏད་པས་ས་ཕྱོགས་ཐམས་ཅད་མྱ་ངམ་གྱི་ཐང་ལྟ་བུར་སོང་འདུག །བདག་བཞུགས་སར་ཕྱིན་ནས་གདུང་རྟེན་ལ་ཕྱག་དང་མཆོད་འབུལ་བྱས་པས་གདུང་རྟེན་རྩེར་འཇའ་ཡི་ཐིག་གི་ཀོ་མོག་ལ་རྡོ་བསྐྱུར་བ་ལྟ་བུའི་ནང་རྡོ་རྗེ་སེམས་དཔའི་སྐུ་གཅིག་མཇལ། གདན་ས་དེར་མོས་གུས་བླ་མའི་རྣལ་འབྱོར་ཁོ་ན་

(༡༧༣)ལ་བརྩོན། བླ་མའི་སྐུ་དང་གསུང་གི་སྣང་བ་ཡང་མང་དུ་བྱུང་བས་དུས་ཀུན་ཏུ་ཐུགས་རྗེས་འབྲལ་མེད་དུ་བསྐྱངས་པར་ངེས་པའི་ཡིད་ཆེས་ཐོབ་དེ་ནས་རྟ་ཧོར་རོང་དང་སྨར་ཁམས་ཀྱི་ཆོས་ཞུ་གཉིས་འབྱོར། དེ་གཉིས་ཀྱིས་གཙོས་ཆོས་ཞུ་རེ་ཟུང་ལ་བྱམས་ཆོས་སྡེ་ལྔ་སོགས་ཆོས་ཐུན་འགའ་རེ་བཤད། ཡོན་ཏན་རིན་པོ་ཆེའི་མཛོད་དང་པོར་འཆད་ཉིན་སྔ་དྲོའི་ཆར་འཇའ་འོད་ཀྱིས་ལུང་པ་ཁེངས་པ་ཙམ་བྱུང་། ཡོན་ཏན་མཛོད་འཆད་པའི་ཞོར་ལ་ཚོགས་འབུམ་ཕྲག་གཅིག་བསགས། བཀའ་དྲིན་ཅན་གྱི་དགོངས་རྫོགས་ལ་དམིགས་ཏེ་དབུ་མ་འཇུག་པའི་རྣམ་བཤད་ཉུང་ངུ་ཞིག་ཀྱང་བྱས། གདུང་རྟེན་མདུན་ཕྱག་དང་མཎྜལ་འབུམ་ཕྲག་བཅས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པའི་ཆེད་དུ་བསྔོས་ཤིང་མི་ཕམ་བསྟན་རྒྱས་སྨོན་ལམ་དེ་གྲངས་མང་བསགས། བཀའ་དྲིན་ཅན་གྱི་གསུང་གི་སྣང་བར། དཔལ་ཆེན་བཛྲ་ཀུ་མཱ་ར། ཁྱོད་དང་སྐྱེ་བ་བཅུ་གསུམ་འགྲོགས། །བཟང་ངན་ལས་ཀྱི་འབྲེལ་བ་ཀུན། །པད་འོད་ས་ལ་འདྲེན་པར་མཆི། །ཞེས་གསུངས་པ་ཞིག་ཐོས། སྙིང་ཐིག་གི་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་བསྙེན་འཚམས་ལ་ཟླ་

(༡༧༤)བ་གསུམ་བར་བཞུགས། བསྐྱེད་རིམ་གྱི་ངོ་བོ་ལ་ཐལ་འབྱིན་བཞིའི་དགོངས་པ་རྫོགས་པར་བྱས། དེ་དུས་ཕྱི་གླིང་གི་བྱད་ངོ་མང་པོ་བྱུང་ཡང་སྔགས་ཀྱི་སྲུང་མའི་ཐུགས་རྗེས་སྐྱོབས་སོང་དེ་གྲུབ་པ་དང་གཏེར་བ་པར་དྲག་པོ་རྣམ་གསུམ་གྱི་ནང་ཚན་གཤིན་རྗེའི་བསྙེན་པ་བཏང་འཁོར་ལོ་བཞིའི་དགོངས་པ་དང་སྦྱར་ཞིང་མཇུག་ཏུ་གཏོར་བཟློག་ཞིག་ཀྱང་བྱས། ཟོར་གཏོར་ལྷ་རྒྱལ་ཟེར་བའི་གྲྭ་པ་ཞིག་ལ་བསྐུར་བར་གཏོར་མ་ལ་མེ་རང་འབར་དུ་བྱུང་ཟེར། དགོང་མོ་གནམ་ས་བར་སྣང་གི་སྲ་ལྟས་ལེགས་ཁྱད་པར་ནམ་མཁའི་སྐར་མ་རྣམས་སྐར་མདའ་བཞིན་འཚུབས་ཤིང་རྒྱུག་པ་ཆོས་ཞུ་ཀུན་གྱིས་མཐོང་། ཁ་སྐོང་གི་སྦྱིན་བསྲེག་བཏང་བའི་ཐལ་སོལ་ཆུ་ནང་དུ་བཏབ་པའི་རྐྱེན་གྱིས་འུར་སྒྲ་ཆེན་པོ་གྲགས། དགུན་གྲང་ངར་རྒྱས་པའི་སྒང་ལ་ཐལ་སོལ་བཏབ་པའི་ཆུ་དེའི་ཡས་མན་མདའ་རྒྱང་ཙམ་ཚུན་གྱི་འཁྱག་རོམ་ཐམས་ཅད་ཆུར་ཞུ་བ་སོགས་བྱིན་རླབས་ཀྱི་ལྟས་ཁྱད་པར་ཅན་ཉམས་སུ་བསྟར། དེ་དུས་ཉག་རོང་གི་དམག་ཟིང་ཆེ་བས་བླ་མའི་བཞུགས་གནས་འདིར་སྡོད་སྟབས་མ་བདེ་ནས་སྔར་གྱི་བཞུགས་གནས་ཕལ་ཆེར་འགྲིམ། སྙིང་ཐིག་གི་དྲག་པོ་དཔལ་ཆེན་འདུས་པ་དང་མ་མགོན་

(༡༧༥)ལྕམ་དྲལ་གྱི་བསྙེན་པ་བཏང་། སྔགས་ཀྱི་སྲུངས་མས་གཡུ་ཡི་མེ་ལོང་དྭངས་མའི་ངོར་ཀུན་ཏུ་བཟང་མོ་དེའི་ཐུགས་ཀར་ཨས་མཚན་པ་ཞིག་བསྟན་ནས། ད་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་དུས་ཡིན་སྡོང་གྲོགས་བྱ་གསུངས་ཏེ་རལ་པའི་ཉག་མ་རྣམས་བྱ་སྒྲོ་ལྟ་བུའི་ལེབ་མོ་ཞིག་ཏུ་སོང་བས་བདག་ལ་གཡོགས་སྣང་བྱུང་འཕྲོར་འདོལ་རྣམ་པར་མི་རྟོག་པའི་ཉམས་མཐའ་དབུས་དང་བྲལ་བར་ཤར། དེའི་རྗེས་ཙམ་ན་གཙང་བཙན་ཆེན་པོ་རྡོ་རྗེ་ལེགས་པས་མགར་ཆས་སྣ་ཚོགས་ཀྱིས་གང་བའི་གཞོང་པ་ཞིག་གཏད་བྱུང་བར་བལྟས་པས་གསེར་དང་ལྕགས་ཀྱི་ཐོ་བ་ཤ་སྟག་ཏུ་སོང་འདུག །དེ་གཉིས་བཟང་ངན་གང་ཡིན་དང་གང་ལེན་དགོས་མ་ངེས་ཤིང་སེམས་ཐེ་ཚོམ་བ་ཞིག་གི་ངང་ཁོང་གིས་གསེར་གྱི་ཐོ་བ་འདིས་ལོངས་སྤྱོད་རྒྱས། ལྕགས་ཀྱི་ཐོ་བ་འདིས་དགྲ་འདུལ་བ་ཡིན་གཅིག་ལས་གཉིས་ལེན་དུ་མེད་ཟེར་བས་གསེར་གྱི་ཐོ་བ་དེ་བླངས་པའི་ཉམས་ཤར། དེ་སྐབས་ཤིག་ན་སྙིང་ཐིག་གི་རྩ་རླུང་འདི་ལ་གསུང་རྒྱུན་གྱི་བཤད་པ་ཞིབ་མོ་ཞིག་ཡོད་ན་ནང་རྒྱུད་སྡེ་གསུམ་གྱི་རྩ་བའི་མན་ངག་འདི་ཁ་ཚང་བས་ཅི་དྲག་སྙམ་པ་རྒྱུན་པར་ཤར་དང་

(༡༧༦)ནུབ་གཅིག་མཆིམས་ཕུའི་ལུང་པ་པདྨ་ཁ་ཕྱེ་བ་འདྲ་བའི་ལྟེ་བར་རིགས་འཛིན་འཇིགས་མེད་གླིང་པ་སྔགས་དཀར་དཀྱུས་མའི་ཆས་ཅན་ཞིག་གིས་སྙན་བརྒྱུད་ཀྱི་ཤོག་དྲིལ་དང་གཏུམ་མོའི་འཁྲུལ་འཁོར་རྣམས་སྩལ་བའི་སྣང་བ་ཞག་བརྒྱུད་མར་བྱུང་ཀྱང་དངོས་སུ་ལག་ཁྲིད་ཕེར་བ་མ་བྱུང་བས་གཞན་ལ་ནི་མ་སྤེལ། དེ་ནས་དཀར་སྡིངས་རི་ཁྲོད་དུ་ཕྱིན་སྒྱུ་འཕྲུལ་ཞི་ཁྲོ་གཉིས་དང་རྒྱུད་ལུགས་འཇམ་དཔལ་ལ་བསྙེན་པ་བཏང་། ལས་ཚོགས་རྟེན་འབྲེལ་སྙོང་པོ་འབུམ་ཕྲག་བཅས་བསགས་པར་དགུན་གྲང་ངར་ཆེ་སྒང་ཡིན་ཀྱང་མཎྜལ་གྱི་འབྲུ་ས་ལ་འཐོར་བ་རྣམས་ལ་མྱུ་གུ་མཐོ་གང་ཙམ་རེ་སྐྱེས་བྱུང་བས་རྟེན་འབྲེལ་རང་བཞིན་མེད་པའི་དོན་ལ་ངེས་པ་འདྲོངས། དེ་ནས་འདུས་པ་ཉི་ཤུ་སྐོར་ལ་སྒྱུ་འཕྲུལ་ཞི་ཁྲོ་གཉིས་ཀྱི་དབང་དང་གསང་བདག་དགོངས་རྒྱན་གྱི་བཤད་པ་བགྱིས། དེ་འཕྲལ་མཚམས་དམ་པོ་བྱས་ཏེ་སྔ་དགོང་གཉིས་ལ་ཐོད་རྒལ་བལྟས་པས་མཚམས་ཤིག་ནས་ཐིག་ལེ་སྟོང་སྒྲོན་མཁར་གཞོང་ཙམ་པ་ལྔ་བརྩེགས་སུ་ཤར་བ་དང་། སྙིང་ཐིག་བརྒྱུད་པའི་བླ་མ་རྣམས་དྲན་པའི་མོས་གུས་ཀྱིས་རྐྱེན་བྱས་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་ཀྱི་སྣང་བས་ཁེངས། རིག་རྩལ་

(༡༧༧)རྡོ་རྗེ་ལུ་གུ་རྒྱུད་ཕྲ་བའི་ཤེས་རབ་ནང་དབྱིངས་སུ་ཐིམ། ཉམས་ཀྱི་འཛིན་སྟངས་ཀྱི་ཤུན་པ་ཐམས་ཅད་ཡལ་ནས་རིག་སྟེང་རྗེན་པའི་ཡེ་ཤེས་ཀྱི་གཤིས་སུ་སླེབས། ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞིག་སྟེ་འོད་གསལ་རྟོག་མེད་ཆེན་པོར་འབྱམས་ཀླས་ནས་ཉིན་ཕྱེད་ཙམ་སོང་། ཕྱི་དྲོའི་སྐབས་བླ་མ་འོད་ཟེར་བྱུང་ནས་ཁྱེད་ཅི་ནའམ་སྙམ་ཀྱང་གཟིམ་འདུག་ཅེས་ངའི་མེ་བུས་པས་ཚག་སྒྲས་རྐྱེན་བྱས་དབང་པོ་ཡུལ་ལ་པད་པའི་རྗེས་ཐོག་དེར་ཡེ་ཤེས་ཟང་ཐལ་དུ་ཤར་བས་སྣང་བའི་བདེན་འཛིན་ཞིག་སྟེ་བདེན་མེད་ཀྱི་སྣང་བ་ལ་འདི་ཡིན་གྱི་གཟའ་གཏད་མེད་པ་དང་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་གྱི་དངོས་པོ་དང་དེ་སྐད་ཅིག་གིས་སྐྱེ་འགགས་བྱེད་པ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྱུར། ཉོན་མོངས་ཕྲ་རགས་ཀྱི་རྟོག་པ་རྣམས་གར་སོང་ཆ་མེད་དུ་ཡལ། རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཁྱད་པར་ཅན་རྡེལ་བ་སོགས་ས་ལམ་མཐོན་པོར་ཕྱིན་པའི་ཕྱི་ནང་གི་རྟགས་ཚད་ཐུན་མིན་རྣམས་རང་གི་མྱོང་བ་ཡང་དག་གིས་གཏན་ལ་ཕེབས། སྣང་བ་བདེན་མེད་དུ་ཤར་བའི་ལག་རྗེས་སུ་དྲིལ་བུ་རྡོ་ཐོག་ཏུ་ལྷུང་བར་རྡོ་ལ་དྲིལ་བུ་དང་དྲིལ་བུ་ལ་རྡོའི་རྗེས་ཕན་ཚུན་

(༡༧༨)གཉིས་ཆར་དོད། སྒྲུབ་ཆུ་ཆད་པའི་ཆུ་མིག་ནང་ཀླུ་གཏོར་བཏང་བས་མར་གྱིས་ཉ་སྦལ་སོགས་བཟོས་པ་སྲོག་ཆགས་དངོས་སུ་སོང་དེ་མ་ཐག་ཆུ་རྒྱུག་པ་བྱུང་། དེ་ནས་རྒྱ་སྐོར་སྤྲུལ་སྐུ་ཀུན་བཟང་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཡིད་བཞིན་མཛོད་དང་། ངལ་གསོའི་ཁྲིད་གསན་པར་ཕེབས་ཁྲིད་རྫོགས་པ་དང་ཁོང་ལ་སྙིང་ཐིག་མ་བུ་ཁམས་ལུགས་སུ་བརྒྱུད་པ་བཞུགས་པའི་དབང་ལུང་ཚང་བར་ཞུས། རང་གི་མཁོས་འབྱོར་ལ་དཔག་པའི་མཎྜལ་རྟེན་མཚོན་ཡང་གཟབ་རྒྱས་ཁུལ་དུ་བགྱིས། དེ་འཕྲལ་ཁོང་ཡར་ཕེབས། བདག་མཁའ་འགྲོ་གསང་བ་སྙིང་ཐིག་གི་མཚམས་ལ་ཞུགས། མཁའ་འགྲོའི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་དང་ཤན་པ་སྲོག་སྒྲུབ་བཅས་ཀྱི་བསྙེན་པ་བཏང་། གཏེར་སྲུང་ལྡང་ལྷའི་གསོལ་མཆོད་ཞིག་ཀྱང་བརྩམས། བླ་མ་ཡང་ཏིག་གི་རྩ་བ་གསུམ་དང་སྤྲོས་བཅས་སྤྲོས་མེད་ཀྱི་དབང་གི་བསྙེན་པ་རྒྱས་པར་བཏང་། དེའི་ཕྱིར་ལོ་འཁྱིལ་ཁོ་ཞེས་པའི་དབེན་པ་ཞིག་ཏུ་མཁའ་འགྲོ་ཡང་ཏིག་གི་བསྙེན་མཚམས་སྐབས། ནུབ་གཅིག་གཉིད་དུ་ཉེ་བར་བུད་མེད་དམར་མོ་འཇིགས་སུ་རུང་བ་སེན་མོ་ལྕགས་ཀྱུ་ལྟར་གུག་པ་ཞིག་བྱུང་ནས་ང་ལ་སྦར་ཤད་བྱས་སྣང་གིས་རྣམ་ཤེས་མདའ་འཕང་

(༡༧༩)བ་བཞིན་འོག་མིན་དུ་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་བཞུགས་པའི་ཕོ་བྲང་གི་ཤར་སྒོར་ཕྱིན་པས་བུད་མེད་དཀར་མོ་མུ་མེན་གྱི་བུམ་པ་ཐོགས་པ་ཞིག་གིས་ཁྲུས་བྱས་རྗེས། ཀྱཻ། ཁྲོ་བོ་མི་བཟད་འཇིགས་པའི་སྐུ་སོགས། མཁའ་འགྲོ་སྙིང་ཐིག་རང་གི་སྒོ་ཞུས་དེ་ལན་གསུམ་བསྐྱར་བས། དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེས་པ་དང་མཉམ་དུ། ཟ་གིང་། རྔ་གིང་། རྒྱུག་གིང་། སྟོབ་གིང་། སྒྲོལ་གིང་། སྦྱོར་གིང་མང་པོ་ཉི་ཟེར་གྱི་རྡུལ་ལྟར་འཚུབས་པས་སྣང་བ་ཡེངས་མ་ལམ་དུ་དར་གཅིག་དྲན་མེད་དུ་ལུས། ཀེང་རྣམས་རྒྱུག་འཁྲ་འཇགས་རྗེས་བདག་ད་ལྟའི་སྣང་བ་གཏན་མི་འཆར་བར་ལྷ་ལྕམ་པདྨ་གསལ་ལུས་ལ་དར་སྨུག་གི་གོས་དང་རིན་པོ་ཆེའི་རྒྱན་ཅན་མེ་ཏོག་གི་ཐོད་བཅིངས་པ་ཞིག་ཏུ་སྣང་བ་ལ་བུད་མེད་སྔ་མ་དེས་མེ་ཏོག་དམར་པོ་ཕུབ་ཙམ་ཞིག་གཏད་དེ་ང་ཡི་ལག་པ་ནས་འཇུས་ཟེར། ནང་དུ་ཁྲིད་པས་རྡོ་རྗེ་ཁྲོས་མ་ཞི་བ་རིགས་ལྔ་མཁའ་འགྲོ་མ་བྱེ་བ་མང་པོས་བསྐོར་བའི་གཙོ་མོའི་མདུན་དེར་དབང་སྟེགས་པདྨ་དམར་པོའི་ཁར་འོད་དམར་པོའི་དགའ་བ་འཁྱིལ་པ་གཡས་ཕྱོགས་སུ་ཟི་རི་རི་འཁོར་བ་ཞིག་གི་སྟེང་བསྡད་ནས་མེ་ཏོག་གི་ཞྭ་ཐོད་དེ་ཕུད་པར་བརྩམ་པ་ན་

(༡༨༠)སྔ་མའི་བུད་མེད་དེས་དེ་ཕུད་མི་དགོས་གུ་རུ་རིན་པོ་ཆེས་ཁྱོད་ལ་གནང་བའི་ཞྭ་ཡིན་ཟེར། དེ་ནས་གཙོ་མོ་དེས་མཁའ་འགྲོ་གསང་བ་སྙིང་ཐིག་གི་རིན་པོ་ཆེ་དབང་གི་སྒྲོན་མ་ནས་དབང་རིམ་པར་བསྐུར། སྔར་གྱི་མེ་ཏོག་དེ་གཙོ་མོ་ལ་ཕུལ་བས་གསང་བའི་མཚན་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་ཞེས་བཏགས། བུམ་དབང་གི་རྗེས་སུ་དབང་གོང་མ་གསུམ་དབང་གི་མ་འགྲེལ་དང་སྦྲགས། རྩལ་དབང་གོང་མ་གཉིས་བཅས་ཚིག་བཅད་རྣམས་གཙོ་མོའི་རྩ་ཞལ་དང་། སྔགས་རྣམས་དབུ་ཡི་ཕག་ཞལ་དེས་གསུངས་ནས་སྙིང་ཐིག་ཆེན་མོའི་ཁྲིད་བཅས་གནང་། དེའི་རྗེས་སུ་མཁའ་འགྲོ་ཐམས་ཅད་ཀྱིས་དབང་གི་བཀྲ་ཤིས་བརྗོད། འདི་ཁྱོད་ཀྱི་ནོར་སྐལ་ཡིན་གསུངས་ནས་དངུལ་དཀར་མེ་ལོང་རྒྱང་གསལ། ཟ་འོག་སྨུག་པོའི་གོས་གསེར་གཡུ་སྤེལ་བའི་རྒྱན་ཐོད་པ་སྨུག །ཁྲི་ལེ་བ་དུམ་བུ་ལྔ་བཅུ་རྩ་བཞི་ལ་མཁའ་འགྲོ་སྙིང་ཐིག་གི་ཆོས་ཚན་རེ་མིག་འཕྲུལ་ལྟར་འཆར་བ་བཅས་སྩལ། ཡང་དབང་གི་བུམ་བསྐོར་གཅིག་སྩལ་ནས་ད་སོང་གསུངས། མི་ཡུལ་དུ་སྡོད་དཀའ་བས་འདི་ག་རང་དུ་སྡོད་ཆོག་པ་ཞུས་ཀྱང་ད་ལམ་མི་འོང་ཚེ་སྲོག་ལ་བར་ཆད་དུ་འགྱུར་སླད་ནས་འོང་

(༡༨༡)བས་ཆོག །ད་རེས་མི་ཡུལ་དུ་སོང་ལ་མཁའ་འགྲོ་སྙིང་ཐིག་གི་བསྟན་པའི་བདག་པོ་ཁྱོད་ཡིན་པས་འགྲོ་དོན་གྱིས། བྱང་གི་གཙོ་མོ་དེ་ལ་འདི་མར་སྐྱེ་གསུངས། དེ་དང་མཉམ་དུ་བྱང་སྒོར་ཐོན་ཏེ་མ་ཟད་དུ་ཕྱིན་པ་ན་དུར་ཁྲོད་འཇིགས་སུ་རུང་བ་ཐོད་པའི་ཕོ་བྲང་ཞིག་གི་ནང་དུ་ཁྲོས་མ་རིགས་ལྔ་བཞུགས་པའི་གཙོ་མོ་དེས་མེ་ལོང་དང་ཐོད་པ་ཕྱག་ཏུ་བླངས་ཏེ་ཨོཾ་ཨོཾ་ཨོཾ་ཞེས་ཐོད་རྒལ་རིག་པའི་རྩལ་དབང་དེ་གནང་ཚད་ཞིག་ལ་ཐམས་ཅད་མི་གསུང་བར་བཀྲ་ཤིས་ཀྱི་བདེན་ཚིག་བརྗོད་པས་མེ་ཏོག་གི་ཆར་ཆེན་པོ་རྡོག་ནུ་ཙམ་བབ། ཤྲཱི་སྭ་སྟི་ཞེས་པའི་སྒྲས་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང་། བྱང་གི་ཁྲོས་མ་ལྗང་མོ་དེ་ལ་འདི་བར་ཆད་མེད་པར་རང་གནས་སུ་སྐྱོལ་ཅིག་པའི་བཀས་བསྒོ་བ་གནང་། དེ་དང་ངེད་གཉིས་ལྷན་གཅིག་ཏུ་བྱ་རྒོད་གཟན་ལ་བབ་པ་བཞིན་འོང་ནས་བདག་གི་ཕུང་པོའི་སྟེང་དུ་ལས་ཀྱི་མཁའ་འགྲོ་མ་དེ་བབ་པ་དང་ཕུང་པོའི་སྤྱི་གཙུག་ནས་དུར་ཁྲོད་ལྷ་མོ་མེ་ཏོག་ཧ་ལོའི་མདོག་ལྟར་མཛེས་པ་ཞིག་བྱུང་ནས་མདུན་དུ་འཁོད། བདག་ཀྱང་སྤྱི་གཙུག་ནས་སྔར་བཞིན་ཞུགས་པས་དབང་པོ་ཡུལ་ལ་སད་པ་ན་ལས་ཀྱི་མཁའ་འགྲོ་མས་དུར་

(༡༨༢)ཁྲོད་ལྷ་མོ་ལ་ཆད་ཐོ་བསྒྲགས། མཁའ་འགྲོ་གསང་བ་སྙིང་ཐིག་སྤེལ་བའི་སྲུང་མར་བསྐོས་ནས་སོང་། དེ་ནས་བཟུང་རེ་ཞིག་བར་དུར་ཁྲོད་ལྷ་མོ་དེ་རྒྱུན་པར་ཡོད་པའི་སྣང་བ་བྱུང་། ཡང་དབེན་ཁྲོད་དེ་ནས་རོལ་པ་ཆེན་པོའི་གཏོར་བཟློག་ཞིག་བགྱིས་པའི་མཚན་མོའི་གསལ་སྣང་ལ་ཞིང་ཁམས་ཤིག་ཏུ་བླ་མ་བཀའ་དྲིན་ཅན་ལུང་རྟོགས་རིན་པོ་ཆེ་བཞུགས་པའི་དྲུང་དུ་སླེབས་པར་ཕྱག་ཕུལ་བྱིན་རླབས་ཞུས་པས་གྲལ་གོང་དེར་གདན་ཞིག་བཏིང་འདུག་པའི་ཁར་སྡོད་བཅས་གསུངས། བདག་གིས་བླ་མ་གཤེགས་ནས་ད་བར་ཉམས་ལེན་ལ་འབད་པའི་རྟོགས་འབུལ་ཞིག་ཞུས་པར་སྐབས་སུ་མི་གསན་པར་ཨ་བུའི་གསུང་བླ་མ་རྒྱང་འབོད་དེ་མགུར་འདྲ་ཞིག་མཛད་དེ་གསུངས་ཡང་སྔ་མའི་འཕྲོས་ནས་ཞུས་པས་རྟོགས་པ་བཟང་གསུངས། བདག་གིས་ཀུན་མཁྱེན་ཆེན་པོའི་གསུང་གི་གསང་བ་གདམས་ངག་གི་འགྲོས་དང་མན་ངག་གི་མཚོན་ཚུལ་འདི་ཤིན་ཏུ་ངོ་མཚར་ཆེ་ཞུས་པས། ཀུན་མཁྱེན་ཆོས་རྗེ་ལ་ངོ་མཚར་ཆེ་རྒྱུ་ཅི་ཡོད། ངེད་ཀྱི་བླ་མ་དཔལ་སྤྲུལ་རིན་པོ་ཆེ་བྱ་བྲལ་གུ་ཡངས་ཀྱི་མཛད་པ་འདི་ངོ་མཚར་ཆེ་ཚུལ་གྱིས་བསྔགས་བརྗོད་གནང་འདུག །བདག་གིས་དེ་བས་ངོ་མཚར་

(༡༨༣)ཆེ་བ་གཞན་ཡོད་དམ་ཞུས་པས་ཁྱེད་རང་གི་བླ་མ་ཀུ་མ་རཱ་ཛ་དེ་བས་ངོ་མཚར་ཆེ་གསུངས་པ་དང་མཉམ་དུ་བུད་མེད་གཞོན་ནུ་མ་ཞིག་དང་སྐྱེས་ཕྲན་གཅིག་བཅས་བྱུང་ནས་བླ་མ་ཀུ་མ་རཱ་ཛ་མཇལ་དུ་འགྲོ་ཟེར་བས་དེའི་རྗེས་སུ་ཕྱིན་པས་གནས་ཡར་སྟོད་ཤམ་པོ་གངས་ཀྱི་ར་བའི་ཐང་མེ་ལོང་གི་ངོས་ལྟར་འཇམ་པ་ཞིག་ཏུ་རིགས་འཛིན་ཆེན་པོ་ཀུ་མ་རཱ་ཛ་རས་དཀར་གྱི་གུར་ཞིག་ན་སྒོ་དམ་པོར་བྱས་འདུག་པའི་ཕྱི་རོལ་དུ་སླེབས། ཕྱག་དང་གསོལ་བ་བཏབ་པས་ནང་ནས་ཁྱོད་སུ་ཡིན་ལན་གསུམ་གསུངས་ཅི་ཡང་ཞུ་མ་ནུས་པར་གྲོགས་སྐྱེས་ཕྲན་ཞིག་འདུག་པ་དེས་འདི་སྐལ་ལྡན་སྙིང་གི་བུ་གཅིག་ངག་གི་དབང་པོའི་ཞུས་སོང་བར་ཀུན་མཁྱེན་ཡིན་རྒྱུའི་སྣང་བ་དར་ཅིག་ཤར། དེ་ནས་གུར་སྒོ་ཕྱེ་བའི་ནང་དུ་ཕྱིན་པས་གུར་དེ་གཞལ་ཡས་ཁང་། བཀོད་པ་བློས་མི་འཁྱུད་པ་ན་བླ་མ་ཀུ་མ་རཱ་ཛ་དཀའ་ཐུབ་གྱི་ཆས་ཅན་ཞིག་གི་རྣམ་པར་བཞུགས་པ་ལ་བྱིན་རླབས་ཞུས་པས་དེ་གནས་གྱུར་ནས་རིགས་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་སྐུར་གྱུར་པའི་སྟེང་ཕྱོགས་ན་རྫོགས་ཆེན་སྟོན་པ་བཅུ་གཉིས་པོས་ཆོས་གསུངས། ཕོ་བྲང་ནང་གི་ཁྱམས་ཐམས་ཅད་

(༡༨༤)ཞིང་ཁམས་དྲུག་ཅུ་རྩ་བཞི་གཙོ་བོར་གྱུར་པའི་ཞིང་ཁམས་ཀྱི་བཀོད་པ་དང་སྟོན་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པ་གདུལ་བྱ་སེམས་ཅན་གྲངས་མེད་པ་དང་བཅས་མིག་འཕྲུལ་ལྟར་ཡོཾ་ཡོཾ་ཤིག་ཤིག་ཏུ་སྣང་། བདག་གིས་ཆོས་ཉིད་དོན་གྱི་བླ་མའི་རང་ཞལ་ལ་མཉམ་པར་གཞག་པས་སྔར་གྱི་གྲོགས་སྐྱེས་པ་དེས། དེ་བཞིན་གཤེགས་པ་འབུམ་ཕྲག་དྲུག་ཅུ་རྩ་བཞིས་རྫོགས་པ་ཆེན་པོའི་རྒྱུད་དེ་སྙེད་གསུངས་པ་ལ་མ་ཡེངས་པར་ཉོན་ཅེས་བསྐུལ་པ་ལ་ཆེད་དུ་ཉན་པས་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་གདངས་རྣམས་གཅིག་ཏུ་འདྲེས་པས་ཨ་ཨཱ་ཨི་ཨཱི་སོགས་དང་དགའ་རབ་རྡོ་རྗེའི་ཞལ་ནས་ནམ་མཁའ་གློག་གི་འཁོར་ལོའི་རྒྱུད་ཅེས་བྱ་བ་བཞུགས་གསུངས་པ་ཙམ་ལས་གཞན་ཅི་ཡང་མ་ཐོས། རང་གིས་བསམ་པ་ལ་རྒྱུད་ཀྱི་མཚན་དེ་ལྟར་ཐོགས་པ་དེ་འདྲ་ཞིག་ཡོད་ན་གང་ཟག་སུ་ཞིག་གིས་འཛིན་པ་དང་ཉམས་སུ་ལེན་ནུས། ཤྭ་ལོ་ཀ་ཅི་ཙམ་ཡོད་སྙམ་པ་དང་། སྔར་གྱི་གྲོགས་སྐྱེས་པ་དེ་མགོན་པོ་ལེགས་ལྡན་ནག་པོ་བིང་དབྱུག་དང་ཐོད་པ་འཛིན་པ། བུད་མེད་དེ་སྔགས་ཀྱི་བདག་མོ་ཞིང་དབྱུག་དང་དམ་ཤིང་འཛིན་པ་ཞིག་ཏུ་གྱུར་པའི་ཞལ་ནས། བསམ་པའི་བློ་ཡི་དབྱེ་བ་བཞིན། བྱོན་དང་

(༡༨༥)འབྱུང་འགྱུར་བྱུང་བ་ཡི། །རྒྱུད་ཀྱི་མཚན་ཐོགས་དེ་ལྟ་ཡིས། །ད་ལྟ་ཤྭ་ལོ་ཀ་ཤེས་བྱོས། །མི་གསུང་གསུང་བ་མེད་པའི་དབྱིངས། །གདུལ་བྱའི་དབང་གིས་སོ་སོར་སྣང་། །གཅིག་དང་དུ་མའི་མཐའ་ལས་འདས། །ཀུན་ཀྱང་སྡེ་གསུམ་དགོངས་པར་རྫོགས། །གསུངས་པས་ཞིང་དང་སྟོན་པ་གདུལ་བྱའི་སྣང་བ་ཕར་བལྟས་ན་མཐའ་མི་མངོན་པ་ལྟར་སྣང་ཡང་དེ་དག་སོ་སོ་རང་རྒྱུད་པ་མ་ཡིན་པར་བླ་མའི་ཐུགས་རྗེ་ཡེ་ཤེས་ཀྱི་རོལ་པར་རོ་གཅིག་པས་དངོས་གྲུབ་ཕྱི་ལ་རེ་བ་བྱིས་པ་ལྟད་མོར་ཡེངས་བ་ལྟ་བུ་ལ་དོན་མེད་པས། ནང་རང་རིག་དོན་གྱི་བླ་མ་དང་དགོངས་པ་བསྲེ་དགོས་སྙམ། རིགས་འཛིན་ཆེན་པོ་ཀུ་མ་རཱ་ཛ་མཁྱེན་ཅེས་གསོལ་བ་བཏབ་པས་སྣང་བ་དེ་དག་ཆུ་སྣ་རྒྱུག་པ་བྲང་འཕྲད་པ་ལྟར་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་ཐིམ། དེ་ཡང་མཐིང་ཀ་ཁྱབ་པ་ཆེན་པོའི་ཐིག་ལེ་གཅིག་ཏུ་ཡལ་ནས་སྔ་མའི་སྐབས་བཞིན་ཀུ་མ་རཱ་ཛ་དགེ་སློང་གི་ཆས་ཅན་རི་དྭགས་ཀྲིཥྞིའི་ལྤགས་པའི་སྟེང་དུ་བཞུགས་པ་ལ་གསོལ་བ་དྲག་ཏུ་བཏབ་རྗེས་སུ་འཛིན་པར་ཞུས་པས་སྔར་བདག་གིས་ཁྱོད་ལ་རྫོགས་པ་ཆེན་པོ་བཅུ་བདུན་རྒྱུད་མ་བུ་སྙན་བརྒྱུད་མན་ངག་དང་བཅས་

(༡༨༦)པའི་དབང་གདམས་ངག་ཐམས་ཅད་བྱིན་པ་ཡིན་མོད་ད་ལམ་ཡང་བསྐྱར་དུ་རབ་ཏུ་གནས་པར་བགྱི་གསུངས་ནས་སྦ་སྨྱུག་ཞིག་གི་རྩེར་རྨ་བྱའི་མདངས་ཐིག་གཅིག་དང་མགུལ་དུ་དར་འཕན་སེར་པོའི་ངོས་སུ་མཚལ་གྱི་ཁ་དོག་ལྟ་བུས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གང་ཤར་རང་གྲོལ་རྩལ་ཞེས་བྲིས་པ་སྤྱི་བོར་བཞག །སྤྱན་ལྟ་སྟངས་ཀྱིས་གཟིགས་ཏེ་དགོངས་པ་གཏད་ནས་ཨ་ཨ་ཨཱཿཞེས་གསུངས་པས་སྔར་རིགས་འཛིན་ཆེན་པོས་གསུངས་པའི་གནས་རྣམས་ཡིད་ལ་རུར་གྱིས་དྲན་དཀའ་བའི་གནས་ཐམས་ཅད་རང་གྲོལ་ལ་སོང་ནས་ཚིག་དོན་གཉིས་ཀ་ལ་གཞན་དྲིང་མི་འཇོག་པའི་ངེས་པ་རྙེད་པ་འདི་རིགས་འཛིན་ཆེན་པོ་ཀུ་མ་རཱ་ཛའི་བཀའ་དྲིན་ལས་བྱུང་བ་ཡིན་པས་སླད་ནས་བདག་གི་རྗེས་སུ་འཇུག་པ་དག་གིས་བརྒྱུད་པ་གངས་ལ་ཐུག་པའི་ཆུ་མགོར་ཡིད་ཆེས་པའི་ཕྱིར་བྲིས་པ་ལགས། དེ་ཡང་རང་ལོ་ཉེར་དགུར་སོན་དུ་ཉེ་བ། རྟ་ཡི་ལོའི་ཟླ་བ་བཅུ་གཉིས་པའི་ནང་ཙམ་ན་ལུས་བསྐྱེད་པའི་མ་དྲིན་མོ་ཆེ་གློ་བུར་དུ་མཁྲིས་སྐྲན་ནད་ཀྱིས་བཏབ་ནས་སྨན་དཔྱད་དང་རིམ། གྲོ་ཅི་བྱས་ཀྱང་ཕན་སྐྱེད་མ་བྱུང་བར་གཏེར་ཆེན་རིན་ཆེན་གླིང་པའི་བརྟགས་བབས་སུ་རྒྱལ་ཆེན་སྐུ་ལྔའི་

(༡༨༧)གསོལ་མཆོད་སྟོང་རྩ་གྲུབ་ན་ཕན་ངོ་བབ་པར་དེ་དཔོན་སློབ་འགའ་རེས་བཏོན། སྟོང་རྩ་གྲུབ་སའི་ནུབ་ང་གཉིད་དུ་སོང་མ་སོང་གི་མཚམས་ཤིག་ཏུ་རྟ་ཡི་རྨིག་སྒྲ་དང་། དྲིལ་གཡེར་གྱི་སྒྲ་བཅས་རྟ་ས་མང་པོ་ཞིག་བྱུང་སྣང་ལ་བལྟས་པས། ཆོས་སྐྱོང་རྒྱལ་ཆེན་སྐུ་ལྔ་ཐམས་ཅད་ཀྱང་ཆིབས་རྟ་དར་དང་ཟ་འོག་རིན་པོ་ཆེའི་སྒ་ཆ་ཅན་ལ་བཅིབས་ཤིང་ཟ་འོག་སེར་སྨུག་གི་ན་བཟའ་གསོལ་བ། ཞྭ་མོ་ལྕགས་མདའ་ཅན་མནབ་པ་ཤ་སྟག་བྱུང་བ་དང་བདག་ལ་གུས་འདུད་ཞེ་ས་དང་བཅས། ཁྱེད་བཀའ་ནན་ཆེ་བས་ངེད་ཅག་ད་ལྟ་པེ་ཀར་དཀོར་མཛོད་གླིང་ནས་འོང་། ལན་གཅིག་འདིར་མཆི་རྒྱུ། སྔོན་གྱི་དམ་ཚིག་གཉན། སྔོན་ལས་བཟློག་རྒྱུ་མེད། འཕྲལ་གྱི་རྐྱེན་ངན་མིན། ཞེས་ཟེར་ནས་ཡུད་ཙམ་ཞིག་ནས་ག་ཤེད་དུ་གཤེགས་སོང་། དེ་ཙམ་ན་མཛེས་བྱེད་པདྨ་སྐྱེས་ཡིན་སྙམ་པའི་བུད་མེད་ཞིག་གིས་ཁྱོད་ཀྱི་ཨ་མ་དེ་སྔོན་གྱི་འཕེན་པས་ཚེ་ཟད་ལ་ཐུག་པ་ངེད་ལྕམ་དྲལ་གྱིས་ཅི་བགྱི་མ་མཆིས། ཕར་ལ་གཟིགས་དང་ཟེར་བར་བལྟས་པས། མ་རྒན་གྱི་ནད་མལ་དེ་

(༡༨༨)ན་བུད་མེད་ནག་མོ་སྐྲ་དང་སྨ་ར་དམར་སེར་ཁྱུག་གེ་བ་གཅེར་མོ་སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཁྲིའུ་ལ་བཟང་པོའི་འདུག་སྟངས་ཀྱི་བསྡད་བཞིན་དུ་བུད་མེད་མང་པོས་ཁྱོགས་ལ་ལ་བཏེགས་གྲབ་འདུག་པ་མཐོང་བས་གསལ་སྣང་དེ་ཡལ། མའི་རྨི་ལམ་དུའང་བེནྡ་གསེར་གྱི་གཙག་བུ་བཟུང་བ་ཞིག་གིས་ངེད་ཀྱིས་སྨན་པར་བཏང་བ་ཡིན་ཟེར་ནས་རྩིབས་མའི་བར་ནས་རྨ་བཏོད་རྟ་རྔའི་ཉག་མ་འདྲ་བ་མང་པོ་བླངས་སོང་བ་རྨིས་ཟེར། དེ་ནས་ཞག་བཅུ་གསུམ་བར་ནད་མེད་འདྲ་བར་སོང་། སླར་ཡང་ནད་ཁམས་ཕྱིར་ལྡང་གིས་ཟླ་བ་བཞིའི་བར་ཉིན་མཚན་མེད་བར་སྙིང་རྗེ་དང་བདེ་སྡུག་གཏོང་ལེན། ནད་གཡོག་ཀྱང་བགྱིས་པས་དེས་རང་གི་སྡིག་སྒྲིབ་དག་པ་ཡིན་སྙམ་བགྱིད། ལུག་གི་ལོའི་ཟླ་བ་གསུམ་པའི་ཚེས་བཅུའི་ནུབ་མོ་ཅུང་ཟད་གཉིད་དུ་ཡུར་བའི་སྣང་ཆར་དབུས་ལྷ་རི་མེར་པ་བྲག་གི་བྱང་ངོས་དེར་བྲག་ཕུག་མི་ཤོང་ཙམ་གྱི་ནང་ངེད་ཉང་བན་ཏིང་འཛིན་བཟང་པོ་ཡིན་རྒྱུ་དང་སྒྲུབ་པ་ལ་བཞུགས་ཚུལ་གྱིས་འདུག་པའི་མདུན་དེར། བུད་མེད་མཛེས་མ་བཟང་གོས་ཁ་དོག་ལྔ་ལྡན་རིམ་པར་བརྩེགས་པའི་ཕྱི་ན་གོས་སྔོན་པོ་དྲི་མ་ཅུང་

(༡༨༩)ཟད་ཆགས་པ་གསོལ་བ་ཞིག་ཕེབས་འདུག་པར་བདག་གིས་འདི་སུ་ཡིན་སྙམ་པའི་མུར་བུད་མེད་དེས། བུ་མོ་ང་ནི་ཉེར་བཞིའི་ཡུལ་ནས་འོང་། །ངོ་བོ་གཅིག་ལ་རྣམ་པ་ཐ་དད་པ། །རྡོ་རྗེ་ཕག་མོ་ཛྙཱ་ན་ས་ག་རཱ། །གསང་སྔགས་རྒྱུད་ཀྱི་བདག་ལོ་ང་མིན་སུ། །ཞེས་གསུངས་ནས། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དབང་དང་རྒྱུད་བཤད་བཅས་གནང་། འོ་ད་ནས་བཟུང་བོད་ཡུལ་ས་འོག་ཀུན་གྱི་ཟབ་གཏེར་སྨིན་གྲོལ་ཐམས་ཅད་ལ་རང་དབང་བ་ཡིན། དངོས་གཏེར་གྱི་དགོས་པ་ཆུང་སྔ་མ་རྣམས་ལ་འཆད་ཉན་གྱིས་གསུངས་ནས་མིག་འཕྲུལ་ལྟ་བུའི་སྣང་ཆར་ན་བཟའ་ནང་མ་སྐུ་དྲོད་ཅན་དེ་ཕུད་ནས་ངེད་ཀྱི་ལུས་ལ་གཡོགས་བྱུང་བས་རྐྱེན་དེས་བདེ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་འབྱམས་ཀླས། དེའི་རྗེས་ཀྱི་སྣང་ཆར་ཕྱི་རོལ་གྱི་ཚ་གྲང་དང་རྡོ་དབྱུག་ཚེར་མ་སོགས་རེག་བྱ་འཇམ་རྩུབ་ཐམས་ཅད་བདེ་བར་ཤར་ནས་ཉམས་དེས་ཟླ་བ་གཅིག་གི་བར་འཁྱོངས་པ་བྱུང་། དེའི་བྱིན་རླབས་ཀྱིས་རིན་ཆེན་གཏེར་མཛོད་ལན་གསུམ་དང་། གཞན་ཡང་སྔགས་ཀྱི་སྨིན་གྲོལ་གང་འཆད་པའི་སྐབས་སུའང་བར་ཆད་ཅུང་ཟད་མ་བྱུང་བ་འདི་རྒྱལ་ཡུམ་འཕགས་མ་མཆོག་གི་ཐུགས་རྗེའི་མཐུ་ལས་བྱུང་བ་ལགས། དེ་

(༡༩༠)ནས་ཟླ་བ་བཞི་པའི་ཚེས་བཅུའི་ཉིན་ས་གཡོས་ཤིང་འོད་ཟེར་གྱི་སྣང་བ་དང་བཅས་མ་རྒན་མོ་དུས་ཀྱི་ཆོས་ཉིད་དུ་གྱུར་ཏེ་ཕུང་པོ་ཞུགས་ལ་སྦྱངས་བའི་བར་སྔ་ཕྱི་ཐམས་ཅད་དུ་ལྟས་ཁྱད་པར་ཅན་མང་དུ་བྱུང་ཡང་སྙིགས་དུས་ཀྱི་སྐྱེ་བོའི་རྣ་བར་མི་མཛེས་པས་དེ་ཙམ་ལས་མ་བྲིས་སོ། །དེ་ནས་ལྗོན་པ་ལུང་འདིར་འོང་ནས་མར་མེ་ཁྲི་མཆོད་གཅིག་བཟང་སྤྱོད་སྟོང་ཚར་གསུམ་བཅས་བསྒྲུབས། དེ་དུས་བསམ་པ་དག་པས་ཡིན་སྙམ་གང་ལྟར་ཡང་མར་ཁུ་འཕེལ་བ་དང་། མཆོད་སྟེགས་ཀྱི་ངོས་ལ་མཆོད་པའི་སྤྲིན་གཟུངས་རང་བྱོན་དུ་ཕེབས་ཤིང་མར་ཞུན་སྐག་པའི་སྟེང་དུ་རྟགས་བརྒྱད་རྫས་བརྒྱད་ཀྱི་རི་མོ་བཀྲ་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར། གཏེར་ཆེན་ངག་དབང་བསྟན་འཛིན་རིན་པོ་ཆེའི་མདུན་རྙིང་མ་རྒྱུད་འབུམ་གྱི་ལུང་ཞུས། ཉིན་གཅིག་གཏེར་ཆེན་གསུང་ལས་ངེད་རང་དཔོན་སློབ་ཚེ་རབས་མང་པོར་བླ་སློབ་རེས་མོས་ཀྱི་འབྲེལ་བ་ཡོད་པས་སང་ཉིན་གསང་བདག་ཞལ་ལུང་འདི་ལ་དགོངས་རྒྱན་གྱི་བཤད་བསྡུས་ཤིག་གྱིས། ངས་ཞུ་དགོས་གསུངས་པ་བཞིན་ཕུལ། རྒྱུད་འབུམ་གྱི་ལུང་གྲུབ་པ་དང་རྫོགས་ཆེན་དུ་ལན་གཅིག་སོང་། མཁན་པོ་ལྷ་རྒྱལ་མདུན་ཚད་མ་རྣམ་འགྲེལ་ཞུས་གཞན་དོན་རྗེས་དཔག་གི་སྐབས་ཅུང་ཟད་བློ་འཇུག་དཀའ་བ་བྱུང་བར་

(༡༩༡)ལྷག་པའི་ལྷ་ལ་གསོལ་བ་བཏབ་པས་ཇི་བཞིན་ཤེས་པ་བྱུང་། དེ་དུས་འཇམ་དཔལ་དབྱངས་ལ་བསྟོད་པ་ཞིག་ཀྱང་བརྩམས། མཁན་པོ་གཞན་དགའི་མདུན་གོ་རམ་པའི་འཇུག་ཌཱིཀ་ལྟ་ངན་མུན་སེལ། ཐེག་མཆོག་དབུ་མའི་སྤྱི་དོན། མངོན་རྟོགས་རྒྱན་དཀའ་འགྲེལ། འཇུག་ཌཱིཀ་རང་ལུགས་ཁོང་གིས་བཀོལ་བ་དེ་དང་། ཀློང་སྙིང་རྩ་རླུང་བཅས་ཐོབ། མཁན་པོ་ལྷ་རྒྱལ་དང་ཁོང་རྣམ་གཉིས་ལ་ཚིག་གསུམ་གནད་བརྡེག་གོལ་ཤོར་ཚར་གཅོད་གཉིས་ཕུལ། མཁན་པོ་བསོད་ཆོས་མདུན་མཁས་འཇུག་དང་རབ་ལན་བཅས་ཞུས། ཁོང་ལ་ཁྲེགས་ཆོད་སྙན་བརྒྱུད་ཀྱི་ཁྲིད་དང་། ཡེ་ཤེས་བླ་མའི་ཁྲིད་གནད་བསྡུས་ཞིག་དང་། གཞན་ཡང་བློ་གསལ་འགའ་ལ་ཟླ་བ་བརྒྱད་ཀྱི་བར་འདོད་ཆོས་རྣམས་སོ་སོར་ཕུལ། མཚན་མོ་མར་མེའི་སྣང་བ་ལ་བརྟེན་ཤེར་ལེ་མདོ་རྩ། སྡོམ་གསུམ་རྣམ་ངེས་རྣམས་བཤད་དགོས་པ་བྱུང་། རེ་ཞིག་འདུག་སྙམ་ཀྱང་བྲེལ་ཟིང་གི་གཡེང་བས་སེས་བསོད་པོ་མ་བྱུང་ནས་ཕྱིར་འོང་རྩིས་ལ་རྫོགས་སྤྲུལ་རིན་པོ་ཆེས། སྤྱིར་ཕྱི་བན་རྣམས་མཁན་པོར་བསྐོ་སྲོལ་མེད་ཀྱང་དབོན་པོ་ཚང་དང་ལུང་རྟོགས་གཉིས་ཁོང་གི་མ་དགོན་གྱི་བླ་མ་དངོས་དང་

(༡༩༢)ཁྱད་པར་མེད་པས་མཁན་པོ་ལྷ་རྒྱལ་རྗེས་སུ་ཁྱེད་མཁན་པོ་སྡོད་དགོས། གཏོ་རིའི་ཁང་པ། པད་གྲང་ཁང་པ། ཀླུ་རྒྱལ་ཁང་པ། ཀླུ་ཕྲུག་ཁང་པ་བཞི་ཀ་གང་གི་བློ་བབ་ཆེ་ཡང་གནང་ཆོག་གསུང་། ཕྱག་མཛོད་ནས་དེ་བཞིན་བཀའ་སྦྱར། ཁྱད་པར་ཀླུ་རྒྱལ་ཀླུ་ཕྲུག་གཉིས་ཀྱི་ཁང་པ་འཁོར་གཞིས་བཅས་གནང་གསུང་བྱུང་ཡང་སྔར་བླ་མ་བཀའ་དྲིན་ཅན་ལུང་རྟོགས་ཀྱིས་རྫོགས་ཆེན་དུ་ཡུན་རིང་མ་འདུག་གསུངས་དོན་བཞིན་སྡོད་རྒྱུའི་བློ་སྣ་བསྟུངས་ནས་ཀར་གླིང་ཞི་ཁྲོའི་སྒྲུབ་ཆེན་ཕྱག་བཞེས་ཆོས་དབྱིངས་རོལ་པའི་རྡོ་རྗེས་ཆོག་བསྒྲིགས་གནང་བའི་སྒྲུབ་ཁོག་དེ་སྟེང་ནས་སྒྲུབ་ཆེན་གྱི་ལག་ལེན་དང་། གཞན་ཚོགས་ཆེན་འདུས་པའི་སྨན་སྒྲུབ་ཀྱི་ཕྱག་ལེན་བཅས་དབུ་མཛད་པད་ནོར་དང་། མཆོད་དཔོན་ཀུན་བཟང་བསྟན་འཕེལ་གཉིས་མདུན་སྦྱངས་ནས་རྟ་ཁོག་པར་ཀཿཐོག་ཚང་གིས་རྟེན་སྦྱར་ཞི་ཁྲོ་ཉིན་ཤས་འཚོགས་རྒྱུ་ཡོད་པ་དེ་སྒྲུབ་ཆེན་དུ་ཞལ་བསྒྱུར་བས་སྒྲུབ་ཆེན་ལེན་བཅུ་དགུ་ཙམ་ཚུགས། དེ་དུས་སྒྲུབ་ཁང་ལ་འཇའ་ཡི་ཀ་བ་ཟུག་པ་ཚོགས་ཆང་འཛད་མེད་དུ་འཕེལ་བ། རྩ་བའི་རིལ་བུ་ལས་མང་

(༡༩༣)དུ་འཕེལ་བ་དང་དཀྱིལ་འཁོར་གྱི་གཞིའི་ས་སྟེགས་ལ་སྟོན་ཁ་ཡིན་ཀྱང་མེ་ཏོག་དཀར་པོ་ཡུ་བ་རིང་པོ་ཅན་མང་དུ་སྐྱེས་ཤིང་སྨན་གྱི་ཕོ་བྲང་དུ་སྐུ་རང་བྱོན་བྱུང་བ་དང་། ཨ་རུ་ནག་ཆུང་མང་པོ་སྨན་ཕྱེའི་ནང་གློ་བུར་དུ་བྱུང་བ་སོགས་འབྲེལ་ཚད་དོན་ལྡན་གྱི་རྟགས་མངོན་དུ་སྣང་བ་ཡིན་སྙམ་བགྱིད། རྗེས་ནས་སྐྱབས་རྗེ་སི་ཏུའི་བཀས་ཞི་ཁྲོ་བཀའ་བརྒྱད་སྨན་སྒྲུབ་དུ་བསྒྱུར་དགོས་ཕེབས་པར་སྨིན་གླིང་གི་ཕྱག་བཞེས་ཅན་གྱི་བཀའ་བརྒྱད་སྨན་སྒྲུབ་ཚར་བཅོ་ལྔ་ཙམ་ཚུགས། རི་ཁྲོད་ལྗོན་པ་ལུང་དུ་རེ་ཞིག་སྡོད་རྩིས་ཀྱིས་ཕྱོགས་འདུས་ཀྱི་དགེ་འདུན་མང་དུ་ཡོད་པ་ལ་དགུན་ཁར་མཛོད་བདུན་གྱི་ལུང་འདོན་པའི་སྔོན་དུ་ཡུམ་ཀའི་དབང་ཞིག་བགྱིས་པར་ཐོད་པ་ཆུས་བཀང་བ་ཆང་ཁ་དོགས་དྲི་རོ་ཕུན་སུམ་ཚོགས་པར་སོང་། མེ་ལོང་ལ་ཡུམ་ལྔའི་ས་བོན་བྲིས་པ་རང་བྱོན་ལྟར་འབུར་དུ་དོད། མཛོད་བདུན་ལུང་དབུ་འཛུག་ཉིན། བུད་མེད་རིན་པོ་ཆེ་དང་མུ་ཏིག་གི་རྒྱན་ཅན་ཞིག་བྱུང་ནས་ཆོས་ཐུན་གཅིག་ཙམ་ཉན་ནས་གར་སོང་ཆ་མེད་དུ་སོང་། དེ་གཞི་གྲྭ་རྣམས་ནས་ཕྱི་གྲྭ་ཞིག་གི་གྲོ་སྐྱེལ་ཡིན་སྙམ་བགྱིས། ཕྱི་གྲྭ་རྣམས་ནས་འདི་ཀའི་བུད་མེད་ཡིན་སྙམ་བྱུང་

(༡༩༤)ཟེར། དོན་ལ་རྡོ་རྗེ་གཡུ་ཡི་སྒྲོན་མ་དགྱེས་པའི་རྟགས་སུ་གོ། །སེམས་ཉིད་ངལ་གསོ་ལ་བཤད་པ་ཞིག་བྱས་པར་དེ་ཉིན་རི་ཀླུང་ཐམས་ཅད་འཇའ་ཡིས་ཁེངས། ནམ་མཁའ་ལ་འཇའ་འོད་ཟླུམ་པོ་འཁྱིལ་བའི་ཐིག་ལེ་དུ་མའི་ནང་ནས་མེ་ཏོག་དཀར་པོ་སེ་བའི་མེ་ཏོག་ཙམ་མང་པོ་བབ། དགོང་མོ་འཇའ་ཕལ་ཆེར་ས་ལ་ཐིམ། འགའ་རེ་ནམ་མཁའ་ལ་སོང་བས་ཐམས་ཅད་ཀྱིས་ངོ་མཚར་བར་བརྩིས། བདག་ནི་བློ་ཡི་སྤྲོས་པ་ཆོས་ཉིད་དུ་ཆོད་པས་བཟང་ངན་གྱི་སྣང་བ་གང་ལའང་རེ་དོགས་ཀྱི་འཛིན་པ་ཞིག་ནས་ཐམས་ཅད་མཉམ་རྫོགས་ཆེན་པོར་ཕྱམ་བརྡལ་དུ་སོང་། དེ་ནས་ནུབ་གཅིག་གི་སྣང་ཉམས་ལ་བུད་མེད་རྒྱབ་ཐམས་ཅད་སྤོས་ཤེལ་སྤུས་གཙང་བ་ཤ་སྟག་གི་རྒྱན་ཕྱར་བའི་རྒྱ་ཁྱོན་ཙམ་གྱིས་བརྒྱན་པ་དྲིའུ་ལ་ཆིབས་པ་ཞིག་འོང་ནས་ད་འགྲོ་དགོས་ཟེར་ཁྱོད་སུ་ཡིན་གང་དུ་འགྲོ་སྨྲས་པས་བདག་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་བདག་མོ་རེ་མ་ཏི་བྱ་བ་ཡིན། ཉིད་ཀཿཐོག་ཏུ་འགྲོ་དོན་སྐྱོང་བའི་དུས་ལ་བབ་པས་འགྲོ་ཟེར། བདག་གིས་ང་གདན་ས་ཆེན་པོ་ལ་འོས་པའི་བླ་མ་གང་ཡང་མིན། སྙོམས་ཆུང་གི་ཆོས་ཞུ་རེ་ཟུང་བསྐྱང་ན་འཐད་སྨྲས་པས། ཨེ་འོས་ང་རང་གིས་ཤེས་འདི་ཆིབས་ཟེར་ནས་ས་ལ་བབ་ཏེ་སྣམ་ཕྲག་ནས་རྒྱ་

(༡༩༥)གསེར་འདྲ་བའི་བཟང་གོས་ཀྱི་གདིང་བ་ཞིག་བླང་ནས་སྒ་སྟེང་དུ་བཀབ་སྲབ་མདའ་ནས་བཟུང་ཏེ་འདུག་པ་རྨིས་པས་ཅི་ཡིན་སྙམ་པ་དང་། ཕྱིར་ཉིན་ཀཿཐོག་སི་ཏུ་རིན་པོ་ཆེ་ནས་བསླབ་གྲྭ་འཛུགས་བཞེད་ཀྱིས་དེར་འོང་དགོས་པའི་གསུང་ཤོག་འབྱོར་ཡང་། རེ་ཞིག་ངང་འཐེན་བྱས་པས་ལོ་ཤས་འགོར། འཚམས་རེར་གསུང་བྲིས་ནམ་འབྱོར་ལས་སྔར་གྱི་བུད་མེད་དེ་འོང་ནས་འགྲོ་དགོས་ཟེར། ཉིན་གཅིག་བུད་མེད་དེ་ལ་ང་སོང་ན་ཕན་ཐོགས་འབྱུང་ངམ། སི་ཏུ་རིན་པོ་ཆེ་ཁོང་ཐུགས་བསྐྱེད་ཅི་འདྲ་སྨྲས་པས་ཁོང་ས་བཅུའི་སེམས་དཔའ་ཆེན་པོ་བསྟན་པ་སྤྱི་དང་བྱེ་བྲག་གང་ནས་གང་དུ་རབ་བྱུང་གི་རྒྱུན་བཙུག །རིས་མེད་པའི་བསྟན་པ་འཛིན་སྐྱོང་སྤེལ་བ་དང་བཤད་གྲྭ་དང་སྒྲུབ་པའི་སྡེ་འཛུག་པ་སོགས་ཐུགས་བསྐྱེད་རླབས་ཆེ། ཁྱེད་དབུ་འོད་ཡེ་ཤེས་འབུམ་པ་དང་ཟངས་རི་འབུམ་པ་སོགས་ཀྱི་དུས་གདན་པ་དེ་བསྐྱངས་བསྐྱངས་པ་ཡིན་པས་རང་མི་རང་ཁྱིམ་དུ་འགྲོ་བར་མི་སྤྲོའམ་ཟེར། དེ་ནས་གཟོད་འགྲོ་ཐག་བཅད་ཡོད་པར་ནུབ་གཅིག་ཉིང་འཁྲུལ་གྱི་སྣང་བར། དམ་པ་ཡབ་སྲས་ཀྱི་གཙོས་དགེ་སློང་མང་པོ་ཁང་པ་ཆེན་པོ་ཞིག་གི་ནང་དུ་བཞུགས་འདུག་པ་དེའི་སྒོ་ཙམ་ན་དཔེ་

(༡༩༦)ཆ་མང་ཞིག་བརྩིགས་པ་ཅན་གྱི་ནང་དུ་ཕྱིན། རྗེ་ནམ་མཁའ་ལྟ་བུ་མཐའ་དབུས་བྲལ། སོགས་ཀྱིས་གསོལ་བ་བཏབ་བྱིན་རླབས་ཞུས། དཔེ་ཆ་འདི་རྣམས་ཇི་ལགས་ཞུས་པས་འདི་རྣམས་མདོ་སྒྱུ་སེམས་གསུམ་གྱི་དཔེ་ཆ་ཡིན། བདག་པོ་སྤྲོད་མཁན་མེད་ནས་རྒྱུན་རིང་པོར་སོང་བས་དཔེ་ཡང་ཁ་ཡར་བརླག །འགའ་རེ་ལ་སི་ཏུ་སྤྲུལ་སྐུ་ནས་བདག་བགྱིས་པས་འདི་དག་ལུས་པ་ཡིན་གསུངས། ད་དུང་མང་ཙམ་གདའ་ཞུས་པས། བུ་མེད་ན་ཕ་ནོར་མང་བས་ཅི་ཕན་བདག་པོ་ཡོང་ན་གནང་རྒྱུ་ཡིན་གསུངས། འོ་ན་མདོ་སྒྱུ་སེམས་གསུམ་གྱི་དཔེ་ཆ་ཞིག་གནང་ཐུབ་པ་ཞུས་པས། ངེད་ཀྱི་དུས་ན་སྤྱི་མདོ་ལ་རྩལ་དུ་བཏོན་ནས་བཤད་པས་དེ་དུས་ཕན་ཐོགས་ཆེན་པོ་བྱུང་། ད་ཕན་འགྲོ་དོན་ཡོད་པ་མི་འདྲ། སེམས་ཕྱོགས་ཁྱེད་རང་ལ་ཡོད་པ་དེས་ཆོག །སྒྱུ་འཕྲུལ་འདི་ལ་བཤད་པ་ཞིག་བྱེད་ཆོག་ཅེས་དབུ་ནས་མར། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ཙམ་གྱི་མཐར། ཆོས་རྔ་ཆེན་པོའི་སྒྲ་ཡི་སོགས་གསུངས་པས་གསལ་སྣང་དེ་ཡལ། ཀཿཐོག་ཏུ་མ་སོང་བའི་སྔ་རོལ་ཏུ་རིགས་འཛིན་ཆེན་པོ་སྣ་ཚོགས་རང་གྲོལ་གྱི་མདུན་རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ། མཁའ་འགྲོ་

(༡༩༧)ཡང་ཏིག་བླ་མ་ཡང་ཏིག་བཅས་ཀྱི་དབང་ཞུས་དེ་དུས་རྟོགས་འབུལ་ཞིག་བྱས་པས་ཐུགས་དགྱེས་ཚོར་ཆེར་མཛད་རང་རེ་གཉིས་རྟོགས་པ་གོ་བསྡུར་བྱས་ཀྱང་ཆོག །གཅིག་གིས་གཅིག་ལ་རྟོགས་འབུལ་བྱས་ཀྱང་ཆོག །ཁོང་དགུངས་གྲང་བཅུ་གསུམ་དུས་ཀཿཐོག་ཏུ་ཕྱིན་སི་ཏུ་ཆོས་ཀྱི་བློ་གྲོས་མདུན་རྡོ་རྗེ་སྙིང་པོའི་སྔོན་འགྲོ་གསན། དེ་དུས་འཆི་བ་མི་རྟག་པ་ངེས་པར་རྒྱུད་ལ་སྐྱེས་ཏེ་ལོ་ཤས་སྒྲིབ་སྦྱོང་བགྱིས། དེ་ནས་སི་ཏུ་གོང་མའི་མདུན་རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་ཞུས། དགུངས་གྲངས་ཉེར་གཅིག་དུས་རིག་པའི་ངོ་བོ་མཐོང་། སོ་བཞིའི་བར་རིག་པ་རྐྱང་འདོད་ཀྱིས་ཉམས་ལེན་བྱས་དེ་དུས་རྒད་པོས་རྟོགས་པ་འདི་འདྲ་ཞིག་རྙེད་དེ་ཡན་ཅི་ཡང་བོགས་དབྱུང་དུ་མི་འདུག་ཅེས་རྟོགས་པ་བརྙེས་ཚུལ་གསུངས་བྱུང་བས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བྱ་བ་འདི་འདྲ་ཞིག་ལ་བྱ་སྙམ་པ་ཤར། དེར་ཁོང་གི་སྒར་བཞུགས་ཞལ་སློབ་རྣམས་ལ་ངེད་པར་རྟོགས་འབུལ་དགོས་ཚུལ་ཕེབས་པས་སློབ་མ་ཕལ་ཆེར་རྟོགས་འབུལ་ཞུ་བྱུང་བ་ལ་རང་གི་ཤེས་ཚོད་ཀྱིས་སྒྲོ་འདོགས་བཅད། དེ་ནས་རྡོ་རྗེ་སྙིང་པོའི་སྔོན་འགྲོ་དང་དངོས་གཞིའི་ཁྲིད་གསུངས་

(༡༩༨)པས་ངེད་དང་སློབ་མའི་གཙོ་བོ་ཕལ་ཆེར་ལ་ཁྲིད་རྒན་རང་གི་སྟེང་ནས་ཡུན་རིང་པོར་གསུངས། ཀཿཐོག་པའི་ལུགས་ཀྱི་ཁྲིད་སྐང་མང་ཞིག་གནང་ནས་འདི་རྣམས་སི་ཏུ་གོང་མ་ལས་ཁོང་གིས་གསན་པའི་བརྒྱུད་པ་ཁྱད་པར་བ་ཡིན། ཁྱེད་ཀཿཐོག་ཏུ་འགྲོ་ན་ལོ་རེ་ལ་སྔོན་འགྲོ་འདི་ཚར་རེ་ཆད་མ་འཇུག་གསུངས། ད་ཁོང་ལ་སྨིན་གཏེར་གྱི་མཁའ་འགྲོ་ཡང་ཏིག་གི་ཁྲིད་འདི་ཁྱོད་ལ་ཤེས་རབ་ཀྱི་རྩལ་ཅི་ཡོད་ཀྱིས་བཤད་པ་ཕུལ་དགོས་གསུང་བྱུང་བར། ཉིད་ནས་སྔར་གསན་ཡོད་ལས་ཆེ་ལུང་ཙམ་འབུལ་དགོས་མ་གཏོགས་བཤད་པ་འབུལ་མི་ཕོད་ཞུས་ཀྱང་སྐྱོན་མེད་འདི་ལ་རྟེན་འབྲེལ་གྱི་དགོས་གནད་ཆེ་གསུངས་པའི་བཀའ་ནན་ལྡོག་མ་སྤོབས་པར་དེའི་བཤད་པ་ཕུལ། གཏེར་སྟོན་རིན་ཆེན་གླིང་པར་མཛོད་བདུན་ལུང་དང་། ངལ་གསོའི་བཤད་པ་ཕུལ་ཚུར་ཁོང་གི་གཏེར་གསར་གཤིན་རྗེ། འཇམ་དཔལ་ཚེ་བདག་ནག་པོ། རྡོ་རྗེ་ཁྱུང་ཁྲ་བཅས་ཀྱི་དབང་གནང་ཤིང་རྩ་བའི་ཆོས་བདག་ཏུ་ལུང་གིས་ཟིན། ཆོས་རྒྱལ་ཆེན་པོའི་སྐྱེ་ཕྲེང་ཡིན་ཚུལ་དང་འབྲེལ་བའི་ཞབས་བརྟན་ཚིག་བཅད་དང་དངོས་འབུལ་སྤོམ་མཐོ་བ་གནང་། དེ་ནས་

(༡༩༩)སྒོ་འཛི་གཏེར་སྟོན་ཡེ་ཤེས་འབྱུང་གནས་ཕེབས་དེ་ལ་མཛོད་བདུན་ལུང་ཚར་གཅིག་ཕུལ་ནས་ལྗོན་པ་ལུང་དུ་ཕྱིར་ཐེག །དེའི་དབྱར་ཁ་ལ་ཀཿཐོག་གཉེར་པ་རིག་རྡོར་དཔོན་གཡོག་བསུ་བ་སླེབས་ཀྱང་ཁྲོམ་ཆུ་ཕྱུར་བ་དང་འཕྲད་པས་ཨ་འཛོམ་སྒར་ལས་འདིར་མ་ཐར། སི་ཏུ་རིན་པོ་ཆེའི་གསུང་བྲིས་གཡག་གི་རྭ་རྩེར་བཅིངས་ནས་ཚུ་རོལ་དུ་བཏང་བ་འབྱོར་བའི་ལན་དུ་སང་ཕོད་སྤྲེལ་ལོ་ནང་ཀཿཐོག་ཏུ་འབྱོར་རྒྱུ་དཀྲིགས་ཆོད་ཀྱི་ཡི་གེ་ཕུལ། ལོ་གཅིག་བར་གཏེར་གསར་འཇམ་དཔལ་ཞི་དྲག་གི་བསྙེན་པ་བཏང་། བདུན་ཕྲག་གཅིག་ནས་འཇམ་དཔལ་ནག་པོའི་ཞལ་མཐོང་། མེ་ཏོག་སྔོན་པོའི་ཆར་སྒྲུབ་ཁང་གི་ས་གཞི་ནོན་པ་ཙམ་བབ། རྟེན་གྱི་རིལ་བུ་རྣམས་བདུད་རྩིར་ཞུ། དྲག་པོའི་བསྙེན་པ་ཨེ་རིང་འབུམ་ཕྲག་བདུན་བཟླས། དྲེགས་པ་སྡེ་བརྒྱད་ཀྱི་སྙིང་དུས་གཅིག་ལ་ཟ་བའི་རྨི་ལྟས་བྱུང་། ཕྱིས་སུ་སི་ཏུ་རིན་པོ་ཆེས་ཁོང་གཏེར་རྫུན་རེད་གསུང་ཀྱང་ངེད་ལ་ནི་ལོག་ལྟ་མ་སྐྱེས། གཏེར་སྟོན་རང་ཚད་མ་ཡིན་པ་འདྲ་མཛད་པ་འདྲ་མིན་དང་ཞལ་རྫུན་ཕྲན་བུ་རེ་གཏེར་སྟོན་རྣམས་ཀྱི་གཤིས་ཀ་ཞིག་ཏུ་

(༢༠༠)སྣང་བ་དང་། གཏེར་ཆོས་ཀྱི་ཚིག་དོན་ཕུན་ཚོགས་པ་ཤ་སྟག་བཞུགས། གཏེར་ཆོས་ཀྱི་འགྲོས་འདྲ་བ་ཙམ་ཀྱིས་རྫུན་པར་སྒྲུབ་མི་ནུས། སྔར་གྱི་རྩོད་མེད་ཀྱི་གཏེར་ཆོས་ཕལ་མོ་ཆེའི་ཚིག་རིས་ཉང་གུར་སོགས་ཀྱི་གཏེར་ཚིག་དང་ཕྱོགས་འདྲ་བ་མང་དུ་བཞུགས་ཀྱང་དེ་ཙམ་གྱིས་རྫུན་པར་བསྒྲུབ་ག་ལ་ནུས་སྙམ་པ་དྲན། སྤྲེའུ་ལོ་ཟླ་བ་དྲུག་པའི་མགོར་བསུ་མ་འབྱོར། དེ་ཕྲལ་ཀཿཐོག་ཏུ་ཕྱིན་པས་ཚེས་བཅུའི་འཚོགས་པ་དང་འཕྲད། ཚོགས་མང་ནས་རོལ་བསུ་དང་རྒྱུད་སྡེའི་ཁང་དུ་སྐྱབས་རྗེ་སི་ཏུ་རིན་པོ་ཆེ་གཟིམས་ཁང་སྒོ་འགགས་བར་བསུ་མ་ལ་ཕེབས། དེར་མཇལ་དར་རྩེ་སྤྲོད་དང་ནང་དུ་མདུན་གྲལ་ལ་གསོལ་ཇ་ཉིན་གུང་གི་གསོལ་ཚིགས་བཅས་མཉམ་དུ་གནང་། རྒྱུད་སྡེའི་དབུ་དང་པོ་འཛུག་སྐབས་ནས་སླེབ་པའི་རེ་བ་བྱས་ཀྱང་མ་སླེབ། རྒྱུད་སྡེ་དབུ་ཚུགས་ནས་ལོ་གཉིས་སོང་ད་རེས་ཕེབས་པ་ཤིན་ཏུ་ལེགས་སང་ཚེས་བཅུའི་ཚོགས་པ་ལ་ལེགས་བཤད་ཀྱི་མཎྜལ་ཞིག་ཕུལ་དགོས་གསུངས། ཕྱིར་ཉིན་རིན་པོ་ཆེ་དང་། རྗེ་དབོན་བླ་མ་ཨ་སྟོབས། མཁན་པོ་ཀུན་དཔལ་རྣམས་བཞུགས་པའི་ཚོགས་གྲལ་དུ་བཀའ་བརྒྱད་ཀྱི་བླ་མ་རིགས་འཛིན་སྒྲུབ་པའི་དགོངས་པ་མོས་གུས་ལམ་གྱི་ཟབ་གནད་

(༢༠༡)དུ་རིམ་དགུའི་གནད་ཕལ་ཆེར་ཚང་བའི་བཤད་པ་བྱས་པས་མཁས་པ་མགུ་བའི་ལེགས་བཤད་དུ་སོང་། རིན་པོ་ཆེ་དང་། རྗེ་དབོན་རྣམ་གཉིས་ནས་ཕྱག་དར་སྐེར་སྒྲོན་གནང་། ཚེས་བཅུའི་ནུབ་དྲི་མེད་ཞིང་སྐྱོང་གི་འདྲ་ཞལ་མདུན་བདག་གཅིག་པུར་བདུད་ཕུར་གྱི་དབང་ལུང་གཉིས་ཀ་གནང་ཞིང་། སང་ཉིན་ནས་སྐྱོར་དཔོན་དགོས་རྒྱུའི་བཀའ་ཕེབས། ཕྱིར་ནང་རྒྱུད་སྡེའི་ལྷ་ཁང་དུ་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཏེ། སྟོན་པའི་སྐུ་གསེར་ཟངས་མ། རྡོར་དྲིལ། བུམ་པ། སྨན་རཀ །ཤིང་གི་གཏོར་མ། དུང་དཀར་ཆ། ཕྱག་ཤིང་། མིག་ཐུར། གཡབ་དར་ལྕགས་རྡོར་ཅན། ཆོས་གོས། གཟན། སྟོད་འགགས། ཤམ་ཐབས། བཞུགས་གདན། བཟང་གོས་ཀྱི་སྟོད་འབོག །དཔེ་ཆ་སྐོར་ཐེག་པ་སྤྱི་ཆིངས་པོད་གཅིག །ཤེས་བྱ་མཛོད་པོད་གསུམ། མཆོད་རྟེན་ཆུང་ངུ་རྣམས་གནང་ནས་བཤད་པ་ཟེར་ན་ཁར་སང་གི་བཤད་པ་དེ་འདྲ་དགོས། དོན་གྱི་ཁོག་མ་ཁྲོལ་ན་ཚིག་འགྲེལ་རྐྱང་པས་གར་ཡང་མི་ཕྱིན། སློབ་གཉེར་གསར་བུ་རྣམས་ལ་དོན་གྱི་གནད་བསླང་ཏེ་བཤད་པ་བཀའ་དྲིན་མ་ཆུང་

(༢༠༢)གསུངས་ཏེ་ཕྱག་དར་གནང་ཏེ་ཆོས་ཀྱི་ཁྲི་ལ་ཆོས་ཀྱི་རྒྱལ་ཚབ་དམ་པར་དབང་བསྐུར་བའི་སྐལ་བ་བཟང་པོ་ཐོབ། དེ་ནས་དབྱར་གནས་ལ་མཁན་པོ་ཀུན་དཔལ་བཞུགས། སྡོམ་གསུམ་རབ་དབྱེར་ངག་དབང་ཆོས་གྲགས་འགྲེལ། གོ་རམ་པའི་དཀའ་འགྲེལ། ཤཱཀ་མཆོག་པའི་དྲིས་ལན་གསེར་ཐུར། མངའ་རིས་པ་ཆེན་གསུང་རྣམས་བསྒྲགས་སྟོན་ཁ་ནས་ཚད་མ་རྣམ་འགྲེལ་དང་རིག་གཏེར་རྣམས་གསུངས། རིག་གཏེར་ནང་ཕྱོགས་སྔ་ཕྱ་གཙང་དན་གསུམ་གྱི་འདོད་པ་བཀོད་ནས་དགག་པའི་སྐབས་རྣམ་འགྲེལ་གྱི་ཕྱོགས་སྔ་དང་མི་འདྲ་བར་སྔ་རབས་པའི་ཕྱོགས་སྔ་དེ་རིག་པ་ཤིན་ཏུ་ཕྲ་བའི་གནས་ཡིན་པས་རིག་པའི་འགྲོས་ངེས་དཀའ་བ་བྱུང་། རིག་གཏེར་རང་འགྲེལ་ལ་དཔྱད་པའི་སྐབས་ཞིག་ཏུ་རྨི་ལམ་ལ་བདག་ས་སྐྱའི་སྒོ་རུམ་གྱི་གཟིམས་གཤག་ཏུ་སླེབ་འདུག་པར་ཆོས་རྗེ་པ་ཆེན་ལ་གསོལ་བ་བཏབ་པས་བཞུགས་ཁྲི་གཅིག་ན་ཆོས་རྗེ་གྲགས་པ་རྒྱལ་མཚན་སྤྱི་གཙུག་ཅུང་མཐོ་བ་ལ་དབུ་སྐྲ་དཀར་སེང་ངེ་བ་རབ་བྱུང་གི་ཆས་ཅན་དུ་བཞུགས་པ་ལ་བྱིན་རླབས་ཞུས། བདག་ལ་ས་པ་རང་གི་ཕྱག་དཔེའི་སྟེང་ནས་རིག་གཏེར་

(༢༠༣)གྱི་བཤད་པ་ཤིག་ཞུས་པས། འོ་ཁྱོད་གནས་གསར་པའི་དུས་ཚར་ཆེན་དང་ཁྱོད་གཉིས་ལམ་འབྲས་ཕྱོགས་ལ་བཀའ་དྲིན་ཤིན་ཏུ་ཆེ། མན་ངག་སློབ་བཤད་ཀྱི་ཡིག་ཆ་ཡང་མང་དུ་བཞག །འོན་ཀྱང་ད་རེས་ཀྱི་སྐྱེ་བ་འདི་ལ་བསྟན་པ་འདིར་ཕན་པ་ཞིག་མི་འོང་བས་རིག་གཏེར་གྱི་བཤད་པ་མི་འོང་གསུངས། འོ་ན་ཆོས་རྗེའི་ཕྱག་དཔེའི་ཁྲོད་ནས་རྒྱ་དཔེ་ལྡེབ་གཅིག་གསོལ་རས་ཞུ་བྱས་པས་པོ་ཏི་གཅིག་ནས་ཤོག་ལྡེབ་གཅིག་རང་བླངས་པ་ལ་གཟིགས་ཏེ་འདི་ང་ཡི་ཞེན་པ་བཞི་བྲལ་བྱ་བ་དེ་དང་འཕྲད་འདུག་པས་འདི་བཤད་གསུངས་ཏེ་གནང་བ་རྨིས་པ་ཆོས་རྗེ་གྲགས་པའི་མཚན་གྱིས་བྱིན་གྱིས་བརླབས་པའི་མཚན་མར་རྟོགས། དེ་ནས་ཡིད་བཞིན་མཛོད། མན་ངག་མཛོད། ཆོས་དབྱིངས་མཛོད་བཅས་ལ་བཤད་པ་གནང་། བྱ་ཡི་ལོ་མགོ་ཟིན་མཚམས་རྫ་སྟོད་ཕྱོགས་སུ་རྒྱ་ཟིང་གིས་མཁན་རིན་པོ་ཆེ་ཀུན་དཔལ་ཡར་ཕེབས་དགོས་ཤར། གསུམ་པ་གཞན་དོན་ཇི་ལྟར་བསྐྱང་བའི་རྣམ་བཞག་མེད་ཙམ་སྨྲོས་ན། དེ་ཡང་མཁན་རིན་པོ་ཆེ། ཡར་ཕེབས་ཤུལ་བདག་གིས་མཁན་པོའི་ཁུར་བླངས་ནས་

(༢༠༤)བཤད་གྲྭ་དེ་བསྐྱངས་པས་རྒྱུད་སྡེ་སྔ་མའི་མཇུག་ལོ་གསུམ་དང་། ཕྱིས་ལོ་ལྔ་ཚན་གཉིས་སྟེ་སྔ་ཕྱིར་ལོ་བཅུ་གསུམ་ལ་ཞབས་ཞུས་བགྱིས་དེའི་རིང་ལ་རབ་ཏུ་བྱུང་བ་གཅིག་སུའང་སུམ་སྟོང་བཞི་བརྒྱ་ཙམ་བྱུང་ཞེས་རྗེ་དབོན་རིན་པོ་ཆེས་རྩིས་བགྲང་གནང་འདུག །གཞན་དོན་ནུས་ངེས་པ་པོ་བདུན། དབང་ཆོས་ཀྱི་འབྲེལ་པ་གྲངས་མེད་པ་བྱུང་། དེའི་བར་རྒྱུད་སྡེའི་དཔེ་ཐོ་ནང་གཞུང་ཆེ་ཕྲ། ཉིས་བརྒྱ་ལྷག་ཙམ་བཞུགས་པ་རྣམས་རྒྱལ་རོང་ཚ་ཁོ། མགོ་གསེར་གྱི་ཆོས་ཞུ་མང་པོ། འཇང་ཕྱོགས་དབུས་གཙང་སྟོད་སྨད་ལྷོ་འབྲུག་སོགས་འདུ་བ་ཤིན་ཏུ་མང་བས་ཉིན་རེ་ལ་ཆོས་ཐུན་བདུན་རེ་ཙམ་དང་གསུམ་བཞི་མན་མི་དམའ་བ་བཤད། རྡོ་རྗེ་སྙིང་པོའི་དབང་ལུང་ལན་གསུམ། སྙིང་ཐིག་མ་བུ་ཚར་ཉེར་བདུན་མཛོད་བདུན་ཚར་བཅུ་གསུམ་བཅས་གཞན་དོན་ལྟར་སྣང་གི་ཁུར་རྒྱ་ཆེན་པོ་བླངས། སྐབས་སུ་དགོངས་འཁྲོལ་ཡང་ཡང་ཞུས་ཀྱང་གཏན་ནས་མ་གནང་། རིན་པོ་ཆེ་ཐུགས་བསྐྱེད་རླབས་ཆེ་བས་རང་ལ་དཀའ་ཚེགས་ཆེར་བྱུང་ཀྱང་བསྟན་རྒྱུན་དང་རང་གི་སྒྲིབ་སྦྱངས་སུ་དམིགས་ཏེ་དཀའ་བ་དང་དུ་བླངས་ནས་མཆོག་དམན་གྱི་ཆོས་ཞུ་སུ་བྱུང་གི་ངོ་བཟློག་མ་མྱོང་།

(༢༠༥)ཞར་ལ་རང་གིས་ཀྱང་སྐྱབས་རྗེ་སི་ཏུའི་མདུན་བཀའ་བརྒྱད་རྣམ་གསུམ་ལས་སྔ་མ་གཉིས་སྒྲུབ་དབང་དང་འབྲེལ་བ་རང་ཤར་དབང་རྐྱང་། ཚོགས་ཆེན་འདུས་པ་ཁམས་དབུས་ཀྱི་བརྒྱུད་པ་གཉིས་ཆར། རྡོ་རྗེ་སྙིང་པོའི་དབང་ཚར་གཉིས། བདུད་འདུལ་དབང་ལུང་ཡོངས་རྫོགས། རིན་ཆེན་གཏེར་མཛོད་ཆེན་མོ། །ཤེས་བྱ་མཛོད། གདམས་ངག་མཛོད་དུས་འཁོར་ཇོ་ལུགས་དང་། ཞྭ་ལུ་ལུགས་གཉིས་ཀྱི་དབང་གོང་མ་གོང་ཆེན་དང་བཅས་པ། ཇོ་ཞྭལ་གཉིས་ཀྱི་ཡིག་ཆ་ཅི་ཡོད། དམ་པ་རིན་པོ་ཆེའི་ཞི་ཁྲོ་ཕུར་གསུམ། མ་མོའི་སྲོག་གཏད་ཐུན་མིན། ཀུན་མཁྱེན་སྡེ་བདུན་གྱི་སྲོག་གཏད་ཐུན་མིན། རྗེ་མཁྱེན་བརྩེའི་འོད་གསལ་སྙིང་ཐིག་དང་གྲུབ་ཐོབ་སྙིང་ཐིག་གི་དབང་གདམས་མན་ངག་དང་བཅས་པ་ཟབ་མོ་ནང་དོན་རྒྱུད་བླ་མ་བརྟགས་གཉིས་བཅས་ཀྱི་འགྲེལ་པ་འཇམ་མགོན་ཀོང་སྤྲུལ་གསུང་། ཕུར་ཌཱིཀ་འབུམ་ནག་དང་ཉི་མའི་འོད་ཟེར་གྱི་རྣམ་བཤད་འཇམ་མགོན་རིན་པོ་ཆེའི་གསུང་། ཡང་དག་གསང་འགྲེལ་བླ་མ་མི་ཕམ་གསུང་། རོང་སྟོན་ཤེར་ཕྱིན་འགྲེལ། བྱམས་ཆོས་སྡེ་ལྔའི་སྒོམ་རིམ། ཚད་མའི་སྒོམ་རིམ། ཤེར་ཕྱིན་གཡག་འགྲེལ། གསང་འགྲེལ་

(༢༠༦)བཀའ་མཆིམས་ཕུ་མ་ཆོས་རྗེ་དམ་པའི་གསུང་གཙང་སྟོན་གྱིས་ཟིན་བྲིས་སུ་བཏབ་པ། སྤྱི་མདོའི་མཆན་འགྲེལ་དམ་པ་རིན་པོ་ཆེའི་དཀའ་འགྲེལ་ས་བཅད། ཀུན་འདུས་རིག་པའི་མདོའི་མཆན་འགྲེལ། བསམ་གཏན་མིག་སྒྲོན་ཁྲིད་གཙང་སྟོན་གསུང་། སེམས་སྡེའི་པྲ་ཁྲིད། ཐེག་པ་སྤྱི་ཆིང་ཡེ་ཤེས་རྒྱལ་མཚན་འགྲེལ། ཤཱཀྱ་རྡོ་རྗེའི་དཀའ་འགྲེལ། གསང་སྙིང་འགྲེལ་ཟུར་ཚོའི་བཙུན་པ་དཀོན་མཆོག་ཚུལ་ཁྲིམས་གསུང་། སྔགས་འཆང་ནམ་མཁའ་རིན་ཆེན་འགྲེལ། ཟུར་མོ་དགེ་འདུན་འབུམ་གྱི་འགྲེལ། སྨན་ལུང་པ་མི་བསྐྱོད་རྡོ་རྗེའི་འགྲེལ། ལམ་རིམ་ཆེ་ཆུང་གཉིས། ཐུགས་ཐིག་མཆན་འགྲེལ། ལམ་ཆུང་འགྲེལ་ནམ་མཁའ་དཔལ་བའི་གསུངས། དམ་ཚིག་གསལ་བཀྲ་དང་ཕྲ་རྒྱས་གཉིས་མཆན་འགྲེལ་བཅས། དམ་པའི་གསུང་འདྲ་མཐུན་དོན་འཕགས་དུག་སྦྲུལ་གྱི་སྟོང་ཐུན། རལ་གྲིའི་སྟོང་ཐུན། ལྗོན་ཤིང་གི་སྟོང་ཐུན། རྒྱལ་པོ་ཛ་ཡི་ལམ་རྣམ་བཀོད། ནག་མོ་ཁྲོས་མའི་དབང་། མཚན་བརྗོད་དབང་མར་ལུགས། འགྲེལ་པ་རོང་པོ་སྟོབས་ལྡན་རྡོ་རྗེའི་གསུང་། བི་མ་ལའི་འགྲེལ་པ། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མ་རྫོགས་

(༢༠༧)ཆེན་དུ་བཀྲལ་བ་ཆོས་དབང་གི་སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་དང་སངས་རྒྱས་མཉམ་སྦྱོར་བཅས་ཀྱི་ཁྲིད། རྡོར་གླིང་ཀློང་གསལ་འབར་མའི་ཁྲིད། སྤུ་གྲི་རྣམ་གསུམ་གྱི་རྒྱུད་འགྲེལ། བཀའ་བརྒྱད་རྣམ་བཤད་གསང་སྔགས་ལུང་གི་བང་མཛོད་དང་ཐ་རམ། བཀའ་བསྒོ་ལྡེ་མིག་བཅས། བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་གསང་བ་འདུས་པ་མཆན་ཅན་རིམ་ལྔ་གདན་རྫོགས། གནམ་ཞལ་དོན་ཁྲིད། ཀློང་གསལ་བཀའ་བརྒྱད་ཀྱི་དོན་ཁྲིད་བཅས་ཁྲིད་དུ་ཐོབ། བཀའ་གདམས་ཕ་ཆོས་བུ་ཆོས་ལུང་། གྲོལ་ཐིག་རྩ་རླུང་། བྱང་བའི་སྔོན་འགྲོ་གཟེར་ལྔ། ཀློང་གསལ་རྩ་རླུང་ཁྲིད་བཅས་ནོད། རྗེ་དབོན་རིན་པོ་ཆེའི་མདུན་ནས་བཀའ་བརྒྱད་པོད་དགུའི་བཀླག་ལུང་། དགོངས་འདུས་པོད་བཅུ་གསུམ་དང་། བདུད་འདུལ་པོད་དགུའི་ལུང་། དམ་པ་ཡབ་སྲས་གསུང་འཐོར་པོད་གཅིག །འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་གསུང་འཐོར་བུའི་སྐོར། ཆགས་མེད་རི་ཆོས་དང་ཐེམ་མེད་སྐོར་བཅས་ཀྱི་ལུང་གླིང་ཚང་མཁན་པོའི་མདུན་རྒྱུད་བཞི་དང་འགྲེལ་པ་བཻཌཱུར་སྔོན་པོ་པོད་བཞི། མན་ངག་བཀའ་རྒྱ་ལྷན་ཐབས། དར་མོའི་བཀའ་རྒྱ་མ། མི་ཕམ་གསུང་རྩ་ཆུའི་འགྲེལ་

(༢༠༨)པ་རྩ་རྒྱུད་རྡེའུ་འགྲེལ་སྔོ་སྨན་ལག་ཁྲིད་བཅས། མཁན་རྒྱལ་མཚན་འོད་ཟེར་མདུན་མཁའ་འགྲོ་ཡང་ཏིག་གི་ཁྲིད་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། ངེས་དོན་སྙིང་པོའི་ལག་ཁྲིད། གསང་སྤྱོད་རྡོ་རྗེའི་ལམ་བསྟན། བླ་མ་ཡང་ཏིག་གི་དོན་ཁྲིད་སྐོར་གསུམ། སྙན་previous hit བརྒྱུད་སྐོར་གསུམ next hit་དང་། རང་གྲོལ་སྐོར་གསུམ་གྱི་དོན་ཁྲིད་བཅས་ནོད། བཀའ་མའི་མཆོད་ཁག་བཅུ་གསུམ་གདོང་དྲུག་བཅས་ཀྱི་དབང་ལུང་ཚང་མ། ཡང་མཁན་པོ་ཀུན་དཔལ་ཀཿཐོག་ཏུ་ཕེབས་བྱུང་བའི་མདུན་ནས་སྙིང་ཐིག་རྩ་རླུང་ལག་ཁྲིད་དང་། འབྲུག་པ་བླ་མ་ཕྲིན་ལས་མདུན་རྡོ་གྲུབ་དངོས་སློབ། ཨ་ལག་ནམ་མཁའ་རྒྱ་མཚོའི་གསུང་བཀའ་རྒྱ་ཅན་གྱི་ཁྲིད་སྐོར་དང་ཡིག་ཆ་ཕྲན་བུའི་སྐོར་རྣམས་ཞུས། མགོ་ལོག་བསོད་ནམས་དཔལ་ལྡན་མདུན་རྗེའི་བྱང་ཆུབ་ལམ་རིམ་ཆེ་ཆུང་གཉིས། གསང་སྔགས་ལམ་རིམ། དེའི་སྙན་བརྒྱུད་རིམ་ལྔའི་ཁྲིད། གཞན་ཡང་དར་ཌཱིཀ། རྣམ་བཤད་སྙིང་རྒྱན། རྗེའི་འཇུག་ཌཱིཀ །ཤེར་ཌཱིཀ །རྩ་ཤེས་ཌཱིཀ་ཆེན་རིག་པའི་རྒྱ་མཚོ་བཅས་ཞུས། དཔལ་ཡུལ་མཆོག་སྤྲུལ་པདྨ་ནོར་བུའི་མདུན། གཏེར་མཛོད་ལུང་བཀའ་རྒྱ་མ་པོད་གསུམ། གནམ་ཆོས་པོད་བཅུ་གསུམ་སྟེང་དགོངས་གཏེར་བཅས་པོད་

(༢༠༩)བཅོ་བརྒྱད། གནམ་ཆོས་ཁྲིད་བཞུགས་སོ་ཅོག །རང་གླིང་གཏེར་ཆོས་ཁ་བསྐང་བཅས་པོད་བཅུ་གསུམ། བྱང་གཏེར་པོད་དྲུག །སྨིན་གཏེར་པོད་དྲུག་འཇའ་ཚོན་པོད་དྲུག །གྲོལ་ཏིག་པོད་གཉིས། ལོཀྟྲིའི་གཞུང་པོད་གཅིག །ཆོས་དབང་ཡང་གསང་སྤུ་གྲི་པོད་གཅིག །བཀའ་མའི་གཞུང་པོད་སྐོར་རྣམས་རྗེ་དབོན་རིན་པོ་ཆེ་དང་རང་ལ་ཡོད་རིག་བཅས་ཕན་ཚུན་འབུལ་རེས་ཀྱིས་ཁ་བསབ་པ་པོད་ཉེར་དྲུག །བཀའ་བརྒྱད་རྫོགས་འཕྲང་རྒྱ་བོད་མཁས་པ་མི་བཞིའི་རྣམ་བཤད། བླ་མ་དགོངས་འདུས་ཀྱི་དབང་ཕྲན་ཚེགས་དང་བཅས་པ་ཐོབ། ཡང་སྐྱབས་རྗེ་སི་ཏུའི་མདུན་ཕྱག་ཆེན་མན་ངག་རྒྱ་མཚོ། ལྟོང་བྱ་བྲལ་བའི་རྣལ་འབྱོར་བཞི་རིམ། བར་ཁྲོད་པ་བཀྲ་ཤིས་རིན་ཆེན་ཁྲིད་བཅས་ཐོབ། གཏེར་ཆེན་དྲི་མེད་མདུན་ཚེ་བདག་ལྕགས་འདྲ་སྡིག་གཉིས་པོད་བཞི། གནུབས་ལུགས་དབང་ཆོག་མུ་ཏིག་ཕྲེང་བ། དབང་བཀའ་རིན་པོ་ཆེའི་ཕྲེང་བ་འདི་སྤྱིར་མཆོད་རྟེན་རབ་གནས་དབང་ཡིན་ཀྱང་སློབ་མ་ལ་བསྐུར་སྲོལ་ཡོད་པས་ཞུས། ཐུགས་ཆེན་ཡང་སྙིང་འདུས་པའི་གཞུང་པོད་བཅས། ཡང་རིན་པོ་ཆེའི་མདུན་ཉང་གཏེར་ཁྲོས་ནག་པོད་གཅིག །མཁའ་འགྲོ་རྒྱ་མཚོའི་

(༢༡༠)ནང་ཚན་པ་ཁ་ཤས། གཙང་པ་བླ་མའི་མདུན་ས་ལུགས་མཁའ་སྤྱོད་པོད་གཅིག་དབང་ཁྲིད་ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས་བཅས་ཐོབ། དེ་དག་ནི་རང་གི་མང་དུ་ཐོས་པའི་སྒོ་རགས་རིམ་ཙམ་དུ་སྨྲོས་པ་སྟེ་ཞིབ་ཏུ་ཐོབ་ཡིག་ལས་གསལ། དེ་དག་གི་སྐབས་སུ་བདག་ལ་དག་པའི་སྣང་བ་བྱུང་ཚུལ་མདོ་ཙམ་གླེང་ན། དེའང་བདག་རྒྱུན་པར་བྱང་རྭ་སྒྲེང་གི་གནས་སུ་འགྲོ་འདོད་ཡིད་ལ་བཅགས་པའི་ནུབ་གཅིག་རྨི་ལམ་གྱི་སྣང་ཆར་རྭ་སྒྲེང་དུ་སླེབས། དགོན་པ་འདྲ་བ་ནི་མི་འདུག་བྲག་འབུར་ལྟ་བུའི་སྟེང་ན་རྒྱལ་བུ་འབྲོམ་སྟོན་པའི་གཟིམས་ཆུང་ཡིན་སྙམ་པའི་ཤར་ཕྱོགས་སུ་སླེབ་པ་དང་བུད་མེད་ཞིག་བསུ་བ་ལ་འབྱོར། རང་གི་ཀུན་རྟོག་ལ་བཀའ་གདམས་པའི་གདན་པ་ཆེན་པོ་ཞིག་ཏུ་བུད་མེད་ཅི་ལ་ཡོད་དྲན། ཁྱོད་སུ་ཡིན། ང་ལ་རྒྱལ་བུ་འབྲོམ་སྟོན་པ་དང་མཇལ་སྣ་ཞུ་བྱས་པས། དེ་ཅུང་ཟད་འཛུམ་ནས་ང་ཁྱོད་ལ་ཚེ་རབས་ཐམས་ཅད་དུ་བྱིན་གྱིས་བརླབས་པའི་རྗེ་བཙུན་མ་ཡིན་པ་མི་ཤེས་སམ། ད་ནང་དུ་འགྲོ་གསུངས། ལམ་སྣ་གནང་ནས་གཟིམས་ཕུག་ཏུ་ཕྱིན་པས་གཟིམས་ཁང་འདྲ་བ་དེ་རྡོའི་རྩིག་པ་ལྟ་བུ་ཡི་གེ་འབྲུ་དྲུག་གི་རང་བཞིན་ཕྱི་ནང་གསལ་བ་དེ་ཐམས་ཅད་ཕྱོགས་ཀྱི་ཁ་དོག་ཅན་སྟེང་འོག་གཉིས་སྔོན་

(༢༡༡)པོ་དང་དཀར་པོར་སྣང་བའི་ཁང་པ་ཞིག་ཏུ་ཁྲིད་ནས་ནང་དུ་ཡིག་དྲུག་གི་རང་བཞིན་ཅན་གྱི་ཁྲི་སྟོང་པ་ཞིག་བསྟན། འདི་རྒྱལ་བུ་འབྲོམ་སྟོན་པའི་བཞུགས་ཁྲི་ལགས་པས་ཕྱག་དང་བྱིན་རླབས་ཞུས་ཁོང་ད་ལྟ་དགའ་ལྡན་ན་བཞུགས་ཟེར། བདག་གིས་ཕྱག་དང་བྱིན་རླབས་ཞུས། ང་འདྲ་བའི་བསོད་ནམས་དམན་པ་བླ་མ་དང་མི་མཇལ་བ་ཅི་ཡིན་སྙམ་སྙིང་བཏོན་པ་ལྟ་བུའི་སྡུག་བསྔལ་གྱིས་ནོན། ངག་ནས་ཀྱང་ཡ་གི་དགའ་ལྡན་ན་བཞུགས་པའི་རྒྱལ་བ་ཡབ་སྲས་གཉིས་བདག་ལ་ཐུགས་རྗེས་དགོངས་ཏེ་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་བཏབ་ནས་ངུས་པས་བུད་མེད་དེས་རྡོ་ལེབ་ཆུང་ངུ་ཞིག་གི་སྟེང་སྲོག་ཆགས་ཕྲ་མོ་བཞི་ཕྱོགས་བཞིར་འགྲོ་བ་དེའི་ཕྱི་ན་ཡང་གཅིག་འགྲོ་བ་བཅས་ལྔ་བསྟན་ཏེ་སོ་སོར་མཛུབ་མོ་བཙུག་ནས། འདི་ལ་བྱམས་པ། འདི་ལ་སྙིང་རྗེ། འདི་ལ་དགའ་བ། འདི་ལ་བཏང་སྙོམས། འདི་ལ་བྱང་ཆུབ་ཀྱི་སེམས་ཞིག་བསྒོམ་དང་ཟེར་དེ་བཞིན་བསྒོམས་པས་ཚད་མེད་བཞི་དང་། བྱང་ཆུབ་ཀྱི་སེམས་བཅས་ཅིག་ཆར་འཆར་བ་ཞིག་བྱུང་བས་བུད་མེད་དེས་དེ་ཡིན་རྒྱལ་བུ་འབྲོམ་སྟོན་པ་སྐུ་དངོས་སུ་མཇལ་ཡང་ཐུགས་

(༢༡༢)ཀྱི་དགོངས་པ་དེ་ལས་གཞན་མེད། ཁྱེད་རྒྱལ་བུ་ཉིད་དང་མཚུངས་པས་ཇོ་བོ་རིན་པོ་ཆེས་ཁོང་རྒྱལ་ཚབ་ཏུ་མངའ་གསོལ་བའི་དབུ་ཞྭ་འདི་ཡིན་ཟེར་རུམ་ནས་པཎྜི་ཏའི་ཞྭ་རྣ་བ་ཧ་ཅང་མི་རིང་བ་ཞྭ་ཁྱོན་ལ་རྩེ་གྲུ་གང་ཙམ་གསེར་སྐུད་ཀྱིས་དུང་དཀར་རི་མོ་ལྟར་མང་པོ་དཀྲིས་པ་ཞིག་བླངས་ཏེ་གནང་བྱུང་བས་པཎྜི་ཏ་ས་ཡི་སྙིང་པོའི་བག་ཆགས་ཞིག་ཀྱང་དྲན། དེ་ཙམ་ན་མི་མང་པོ་འཚོགས་བྱུང་བ་ལ་བུད་མེད་དེས་ཁྱོད་འབྲོམ་སྟོན་པ་དང་ཁྱད་མེད་པས་ཚོགས་པ་འདི་ཚོ་ལ་ཆོས་ཤིག་ཤོད་ཟེར། དེ་དང་མཉམ་དུ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་སོགས་བཏོན་སོང་བས་རང་གི་བསམ་པ་ལ་ཞྭ་འདི་གྱོན་ན་བུད་མེད་ཀྱིས་བྱིན་པའི་ཞྭ་ཡིན་པས་ཁོང་ཚོས་ཤེས་ན་ངོ་ཚ། ཆོས་བཤད་པ་ལ་ཞྭ་མ་གྱོན་ན་མི་རུང་ཇོ་བོ་རིན་པོ་ཆེའི་དབུ་ཞྭ་ཡིན་ཡང་སྲིད་སྙམ་དུ་བསམ་བློ་ཅུང་ཟད་བཏང་། དེ་ནས་ཐེ་ཚོམ་མེད་པར་ཞྭ་དེ་གྱོན་པ་ན་བྱང་ཆུབ་སེམས་དཔའི་སྐྱེས་རབས་ནོར་བུའི་ཕྲེང་བ་དེ་ཡིད་ལ་བཀྲ་ལམ་གྱིས་བྱུང་བ་དེའི་ཆོས་ཐུན་རྒྱས་པ་ཞིག་བགྱིས་པའི་མཇུག་ཏུ་བུད་མེད་དེས་བསོད་ནམས་འདི་ཡིས་སོགས་བཏོན་ནས་ཚོགས་པ་ཐམས་ཅད་ཀྱིས། བུད་མེད་དེ་རྗེ་བཙུན་མ་ཡིན་པར་ངེས་ནས་བཀའ་གདམས་ལྷ་བཞིའི་བྱིན་རླབས་ཤིག་ཞུས་པས་

(༢༡༣)སྔ་མ་དེ་དག་ལྷ་བཞིའི་བྱིན་རླབས་ཡིན། ད་ཕྱི་རོལ་ན་ལོགས་ཤིག་ཏུ་ལྷ་བཞིའི་བྱིན་རླབས་ངས་མི་ཤེས་གསུངས། ཞྭ་མོ་དེ་ཡར་ཕུལ་བས་ཁྱེད་རང་གི་ཡིན་པས་ཁྱེར་ཆོག་གསུངས་ནས་ཕྱིར་གནང་བ་ན་རྨི་ལམ་སད། དེ་དུས་རྒྱལ་བ་ཡབ་སྲས་སྐུ་མཆེད་previous hit གསུམབརྒྱུད next hit་པ་དང་བཅས་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་ཞིག་བྲིས། ཡང་མཚམས་ཤིག་ཏུ། མེ་ཡོས་ལོ་དང་ཆུ་གླང་ལོར། །ཐུགས་དགོངས་ཡོངས་སུ་རྫོགས་འགྱུར་ཏེ། །སྟག་ཡོས་ལོ་པའི་སྔགས་པ་དེས། །ཐུགས་དམ་གནད་ནས་བསྐུལ་བ་ན། །མེ་སྤྲེལ་ལྕགས་སྟག་རྣམས་ལ་འཚེ། ཞེས་པའི་ལུང་བསྟན་ལྟར་རང་གིས་དྲག་པོ་རྟ་ཁྱུང་འབར་བའི་བསྙེན་པ་ནང་ནུབ་གཉིས་ལ་ཐུན་དུ་བཅད། ཉིན་མོ་ཆོས་འཆད་ཀྱི་བྱ་བས་བྲེལ་ཡང་ལྷར་སྣང་གསལ་བ་དང་བསྙེན་པ་ཡིད་བཟླས་མ་ཆད་པར་ཟླ་བ་དགུའི་རིང་ལ་བསྙེན་པས་ནུབ་གཅིག་གཉིད་ཤིན་ཏུ་འཐུག་པ་ཞིག་བྱུང་། དེ་ལས་སད་པའི་སྣང་ཆར་དྲིལ་གཡེར་གྱི་སིལ་སྒྲ་ལྟ་བུར་མང་དུ་འཁྲོལ་འདུག་པར་བལྟས་པས་བུད་མེད་དཀར་ཆས་ཅན་བཞིས་འཇའ་སྒོར་རྔ་གདན་འདྲ་བ་ཞིག་ལ་རིགས་ལྔའི་རྟགས་ཀྱིས་

(༢༡༤)མཚན་པ་ཕྱོགས་བཞིར་དར་ཐག་བཞི་བཏགས་པའི་སྣེ་ནས་བཟུང་སྟེ། ད་སྟེང་དུ་ཕེབས་ཟེར་གང་དུ་འགྲོ་བྱས་པས་མོན་ཁ་ནེ་རིང་སེང་རྫོགས་དང་སྟག་ཚང་སེངྒེ་བསམ་འགྲུབ་ཏུ་གུ་རུ་ཡབ་ཡུམ་བཞུགས་ཡོད་པས་བྱོན་པ་དྲག་ཟེར། དེ་འདྲའི་ས་ཐག་རིང་པོར་བདག་རྐང་འགྲོས་ཀྱིས་མི་ཕེར་བས་མི་འགྲོ་གུ་རུ་རིན་པོ་ཆེ་དང་ནམ་ཡང་འབྲལ་བ་མེད་བྱས་པས། རྐང་འགྲོས་ཀྱིས་བསྒྲོད་ག་ལ་དགོས་གདན་འདིར་བཞུགས་པས་ཆོག་ཟེར། དེ་ནས་གདན་དེ་ཡང་རྔམས་སུ་གྲུ་གང་ཙམ་ཡོད་པ་ཞིང་ཁང་པའི་རྒྱ་ཙམ་དུ་གྱུར་པའི་སྟེང་བདག་འདུག་པ་དང་མཉམ་དུ་ནམ་མཁའ་ལ་ཡེར་གྱིས་བཏེགས་ནས་ནུབ་ཕྱོགས་ཀྱི་བར་སྣང་ལ་ཕར་བཞུད་དེ་སོང་བས་ས་གཞི་ལ་ཡུལ་གྲུ་དང་ལུང་པ་སོགས་བསམ་གྱི་མི་ཁྱབ་པ་སྣང་། བདག་གིས་འདི་དག་གང་ཡིན་བྱས་པས་བོད་ཡུལ་གྱི་ས་ཆ་ཡིན་དགོས་པ་མེད་འགྲོ་ཟེར། ཡང་སོང་སོང་བས་འོག་ན་ཡུལ་གྲུ་ཆེན་པོ་དུ་མ་ཡོད་པའི་ས་ཕྱོགས་ཞིག་གི་ནམ་མཁར་ཁོང་རྣམས་ངལ་གསོ་བ་ལྟ་བུ་བྱས་ཤིང་སྣོད་གཅིག་ནས་ཤ་རློན་པ་དང་ཆང་མང་པོ་བླང་ནས་བདག་ལའང་དྲངས། ཁོང་རྣམས་ཀྱི་དེ་དག་གསོལ་ཞོར་ལ་ཡུལ་གྲུ་འདི་དང་འདི་ཡིན་འདི་

(༢༡༥)ན་རྒྱལ་པོ་དང་བློན་པོ་རབ་བྱུང་དགེ་བཤེས་སྐྱེས་པ་བུད་མེད་སོགས་སྔོན་གྱི་སྨོན་ལམ་གྱི་དབང་གིས་བསྟན་འགྲོར་སྨིན་པ་མང་པོ་ཡོད་ཚུལ་སོགས་ཀྱི་གླེང་མོ་མང་དུ་བགྱིད་འདུག །བདག་གིས་ཤ་འདི་མི་ཤ་ཡིན་འགྲོ་སྙམ་ནས་མ་ཟོས་པར་ཁོང་ཚོས་ཤེས་ནས། འདི་ནི་ཤ་མིན་པདྨའི་འདབ་མ་ཡིན། ཆང་མི་གསོལ་ན་ནམ་མཁའི་ཆང་དྲོང་ཟེར་ནས་དངུལ་ཆུ་ལྟ་བུ་ཞིག་དྲངས་བྱུང་བ་དེ་འཐུང་། ཤ་དེ་པད་འདབ་དངོས་འདྲ་བ་ཆང་གི་དྲི་མ་ནམ་ཞིང་རོ་སྐྱུར་བ་ཞིག་འདུག་པ་ཟོས། ད་དུང་གཏམ་ངོ་མཚར་ཅན་ཡོད་ཟེར་ནས་བུད་མེད་ཀྱི་བསྔགས་བརྗོད་དང་ལུང་བསྟན་འདྲ་བ་མང་པོ་གཞས་བྲོ་འཁྲབ་པའི་ངག་ལྟ་ལ་དྲང་འདུག་པར། བདག་གིས་གཏེར་སྟོན་ལུང་བསྟན་གྱིས་ཕུང་བྱ་བ་ཡིན་དེ་ཚོ་མི་ཤེས་འགྲོ་བྱས་པས། ཡིན་ཡིན་ཁྱོད་འདྲ་བའི་ནམ་མཁའ་ལྟ་བུའི་གང་ཟག་ལ་མི་དགོས་ཀྱང་དབང་པོ་འབྲིང་དང་ཐ་མའི་གང་ཟག་ལ་དགོས་པ་ཡིན་ཟེར། འོ་ན་དེང་སང་ལུང་བསྟན་ཡིན་ཟེར་ནས་གདོལ་སྤྱོད་ཀྱིས་གཞན་མགོ་བསྐོར་བ་མང་པོ་མཐོང་བ་ཅི་ཡིན་སྨྲས་པས། དེ་འདྲ་རང་མིན་སྟེ་སྤྱོད་པ་དུས་ཚོད་དང་འབྲེལ་ཤེས་པ་ཉུང་ཟེར་

(༢༡༦)དུས་ཚོད་དང་འབྲེལ་བར་ལུང་མི་སྟོན་པར་དུས་མིན་དུ་ལུང་སྟོན་པ་ཅི་ཡིན་བྱས་པས། ཧེ་ཧེ་དུས་སུ་ལུང་བསྟན་ཀྱང་དོན་སྒྲུབ་མཁན་མེད་པས་ཅི་བྱ་ཟེར་ནས་ཡང་སོང་བས། སྟག་ཚང་གི་རི་བྲག་སྔོན་པོ་དང་དཀར་པོ་ཤས་ཆེ་བ། སྨད་ཀྱི་ཆ་ནང་རོང་རྩུབ་མོ་ལ་སྟོད་ཀྱི་ཆ་བྲག་དཀར་པད་འདབ་འདྲ་བ། ཕྱོགས་གསུམ་ཆེས་མཐོ་ཞིང་ལྷོ་ངོས་དམའ་བའི་ཉམས་ཅན་ཁང་པ་ཐོག་པོ་མང་པོའི་ཚད་དུ་ལོང་བའི་རྩར་སླེབས་པས་བདག་པ་ཐོག་དེར་བཞག །ཁོང་རྣམས་གིང་འདྲིལ་གྱིས་ཡ་ཀི་བྲག་ངོས་སུ་བྱ་འཕུར་བ་ལྟར་སོང་། བདག་གིས་ཀྱང་འབྱུང་བ་ནམ་མཁའི་རླུང་བཟུང་ནས་ཁོང་ཚོའི་ཕྱི་ལ་ཐོགས་མེད་དུ་ཕྱིན་པས་གནམ་ས་བར་སྣང་ཐམས་ཅད་བཛྲ་ཀཱི་ལ་ཡའི་རང་སྒྲ་འབྲུག་ལྡིར་བ་ལྟར་གྲགས། དེ་དང་མཉམ་དུ་ནམ་མཁའ་ནས་ལྷ་རྒྱལ་ལོ་ཞེས་སྒྲ་ཆེན་པོ་ཞིག་གྲགས་བྱུང་བར་གྲོགས་གཅིག་གིས་ད་རེས་ཐེང་གཅིག་ལ་བར་ཆད་ཀྱི་གཡུལ་ལས་རྒྱལ་བ་ཡིན་ཟེར། དེར་རི་དེའི་བྱང་འདབ་ཀྱི་ཐང་ཡངས་པ་ཞིག་གི་རི་ངོས་ལ་གཏད་པ་དེར་སྟག་ཚང་གི་ཕུག་པ་མི་ཤོང་ཙམ་གྱི་སྟེང་ངོས་ལ་ཀཱི་ལ་ཡའི་ཡི་གེ་རང་བྱོན་འདྲ་བ་ཆེ་ཆུང་གི་ཚད་འབྲུ་རེ་ལ་མི་ཚད་ཙམ་རང་སྒྲ་དང་བཅས་འགུལ་ཤིག་

(༢༡༧)ཤིག་བྱེད་པ་ཞིག་སྣང་བས་དེ་གུ་རུ་རིན་པོ་ཆེ་དངོས་ཡིན་སྙམ་གྱིས་རྡོ་རྗེ་ཚིག་བདུན་མས་གསོལ་བ་བཏབས་པས་ཡིག་འབྲུ་རྣམས་གཅིག་ཏུ་འདྲེས་པ་སྐད་ཅིག་གིས་གནས་འགྱུར་ཏེ་མཐིང་ནག་རྡོ་རྗེ་ཁྲོ་ཕུར་དང་། སྨུག་ནག་རྡོ་རྗེ་ཁྲོ་ཕུར་གཉིས་མར་མེ་དང་གྲིབ་མའི་ཚུལ་བཞིན་གཅིག་ཐ་དད་ཀྱི་དབྱེ་བ་མི་ཕྱེད་པ་ཞིག་ཏུ་མཇལ་བས་རང་རིག་པ་རྩལ་གྱི་དབང་ཞིག་བླངས་ཏེ། ཨོཾ། དཔལ་ལྡན་རྡོ་རྗེ་ཁྲོ་བོ་ལོད། སྔོན་གྱི་ཐུགས་དམ་ཆེན་པོ་བཞིན། །སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི། །དེ་བཞིན་ཉིད་དབྱིངས་གཉིས་སུ་མེད། ཅེས་རིག་པའི་མེ་ཏོག་དོར་བས་སྐུ་དེ་ལས་མཐིང་ནག་རྡོ་རྗེ་ཁྲོ་ཕུར་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བདག་ལ་ཐིམ་པའི་རྐྱེན་གྱིས་རང་གི་ལུས་རྡོ་རྗེ་གྲོ་ལོད་དངོས་ཀྱི་སྐུར་གྱུར་པ་ན་སྔར་གྱི་མཁའ་འགྲོ་མ་གཅིག་སྟག་མོ་ཞིག་ཏུ་གྱུར་པ་ལ་མཁའ་འགྲོ་གཅིག་གིས་དེ་ཞོན་ཟེར། དེ་བཞིན་ཞོན་ནས་ཧཱུྃ་གི་ང་རོ་བསྒྲགས་པས་ས་གསུམ་འཇིག་ལ་ཁད་ཀྱིས་རྒྱ་གར་གྱི་ལྷོ་ཕྱོགས་སུ་སོང་བས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ཡིན་སྙམ་པ་ཞིག་ཏུ་ཕྱིན་པ་ན་ལྤགས་པ་འདྲ་བའི་གུར་ཞིག་ན་གུ་རུ་ཡབ་ཡུམ། ཉང་ཉི་མ་འོད་ཟེར་སོགས་གཏེར་སྟོན་མཚན་ཐོས་མྱོང་

(༢༡༨)མ་མྱོང་མང་པོའི་འཁོར་དང་བཅས། དཀྱིལ་འཁོར་གཅིག་གི་སྟེང་དུ་མི་རོ་ཞིག་བཞག་ནས་བཞུགས་འདུག་པར་ཅི་ལགས་ཞུས་པས། ཉང་གི་ཞལ་ནས་བཀའ་བརྒྱད་ཀྱི་དབང་མོ་ཆེ། གནང་རྩིས་ཡིན་གསུངས། དེ་ཙམ་ན་སྟག་དེས་མི་རེ་དེ་ཐལ་གྱིས་གཏོར་སོང་བས་ཁོག་པར་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ནམ་མཁའ་གང་བ་ཙམ་ཤར། ཚོགས་པ་རྣམས་ཀྱིས་རྔ་བརྡུང་ནས་ལྷ་བསྐྱེད་ཞིག་གསུངས། སྔགས་པ་འགའ་རེས་ཆང་བུམ་འདྲ་བ་ཞིག་ཁྱོགས་ལ་བཏེགས་ནས་འདི་དབང་གི་བསེ་སྒྲོམ་སྨུག་པོ་བྱ་བ་ཡིན་དངོས་གྲུབ་ལོངས་གསུངས། ནང་དུ་བལྟས་པས་ཆང་སྐྱུར་ལྟ་བུ་ཞིག་འདུག་པ་ཧུབ་གང་བཏུང་། ཆང་འདི་ལ་རོ་འདི་ལས་མེད་པ་ཅི་ལགས་ཞུས་པས། རོ་འདི་ཙམ་ཡོད་པ་དགའ་རབ་ཡིན་བོད་ཀྱི་བླ་མ་ཚོས་དཀྲུགས་དཀྲུགས་པས་ཆང་ཤེད་ཆད་པ་ཡིན་གསུངས། ད་རོ་ཅན་ཡོད་དམ་ཞུས་པས་སྔར་ཀླུ་བདུད་ཏི་པ་ཙའི་མགྲིན་པ་ན་ཡོད་པའི་ལྕགས་སྒྲོམ་ཁྱེད་ལ་གཏད་རྒྱུ་དེ་ལ་རོ་ནུས་ཡོད་ཀྱང་ཁྱོད་ཀྱིས་རྩིས་མེད་དུ་བོར་གསུངས་ཡང་སྟག་མོ་དེ་སྔར་བཞིན། རྒྱུག་པས་རྒྱ་གར་གྱི་ཡུལ་གྲུ་ཕལ་ཆེར་བསྒྲོད་ནས་དུར་ཁྲོད་ཀྱང་མང་དུ་འགྲིམ། རྣལ་འབྱོར་པ་ཡིན་རྒྱུའི་ཨང་རས་ཅན་ཌ*ཌཱ་དྲི*་དང་ཁ་ཊྭཱཾ་བཟུང་བ་དང་

(༢༡༩)བྱ་དང་ཉ་དང་མཚོན་ཆ་བཟུང་བ་མང་པོ་དང་འཕྲད་ཀྱང་སྟག་མོ་དེས་ང་རོ་རེས་ཐམས་ཅད་ཞུམ་ཞུམ་ལྟར་བྱེད་འདུག །དུར་ཁྲོད་ཆེན་པོ་བརྒྱད་ན་རྒྱ་གར་གྱི་བཀའ་བབས་རིགས་འཛིན་སོ་སོ་ལ་བོད་ཀྱི་རིགས་འཛིན་རེས་སྒྲུབ་གཡོག་བགྱིས་ནས་གསུང་གླེང་གནང་བར། བཀའ་བརྒྱད་ལ་སྤྱི་བཀའ་དགོས་བཀའ་མང་པོ་ཡོད་ཚུལ་གསུངས་འདུག་པས་བཀའ་བརྒྱད་འདི་ལ་འདི་ཞེས་མཐའ་གཅིག་གིས་ཚད་བཟུང་དུ་མེད་པ་འདྲ། དེ་ནས་རྒྱང་རིང་པོ་ཞིག་ན་མཆོད་རྟེན་ཆེན་པོ་ནམ་མཁའི་སྤྲིན་ནང་དུ་སླེབས་པ་དུ་བ་ལྟ་བུའི་རྣམ་པ་ཞིག་མཐོང་། དཔལ་རེག་པ་མེད་པའི་མཆོད་རྟེན་མཁའ་འགྲོའི་ཕོ་བྲང་དེ་ཡིན་པར་ཤེས་ནས་དེར་རྒྱུད་ཀྱི་དཔེ་འགའ་རེ་ཞུ་དགོས་སྙམ་བུམ་པའི་ཤར་སྒོར་གཏད་དེ་ཕྱིན་པས་བུ་མོ་ཆུང་ངུ་དབུ་སྐྲས་མདུན་རྒྱབ་ཕལ་ཆེར་གཡོགས་པ་མང་པོས་བསུས་བུམ་པའི་ནང་དུ་ཕྱིན་པས་ཨ་ཕྱི་ཤིན་ཏུ་རྒས་ཤིང་མདོག་ཞན་པ་མིག་གིས་མི་མཐོང་བ། ཞལ་ན་སོ་གཅིག་ཀྱང་མེད་པ། སྙན་གྱིས་ཡེ་མི་གསན་པའི་རྣམ་པས་གོས་ཧྲུལ་ངན་པ་ཞིག་གིས་བསྟུམས་ནས་བཞུགས་འདུག་པ་ལ་བདག་གིས་འདི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་འདྲ་བས་བདེ་དགྱེས་གསང་གསུམ་གྱི་དབང་ཞིག་ཞུ་སྙམ་ནས་

(༢༢༠)གསོལ་བ་བཏབ་པས་མི་གསན་པའི་ཚུལ་གྱིས་ཨ་ཨ་རང་གསུངས། ཡང་ཞུས་པས་གསུམ་པོ་མི་འོང་གསང་བ་འདུས་པ་དེ་བྱ་གསུང་ནས་ལྗགས་ཀྱི་སྟེང་ནས་རྡོ་སྔོན་པོ་གྲུ་བཞི་པ་ཨེ་ཝཾ་མ་ཡ་བཞིའི་ཡིག་འབྲུ་ཅན་ཞིག་ལག་ཏུ་བྱིན་ནས་འདི་སྦྱིན་པ་ཕངས་གསུངས་ཏེ་མི་སྣང་བར་གྱུར། དེ་ནས་བྱང་སྒོར་ཕྱིན་པ་ན་སྐྱེས་པ་ཞིག་གིས་ངོ་གནག་ནས་བསྡད་འདུག་པ་ལ་ཁྱོད་ཅི་ཉེས་ཞེས་དྲིས་པས་ཁང་པ་འདི་ནས་སྔར་ཡང་མང་པོ་རྐུ་ཤོར། ད་ཡང་མང་ཞིག་བརླག་སོང་བ་ཁྱོད་ཀྱིས་ཁྱེར་སོང་ཟེར། བདག་གིས་ཁང་སྟོང་ན་རྫས་ཡོད་མ་མྱོང་བ་ཁྱེར་རྒྱུ་ཅི་ཡོད་སྟོང་པའི་རྫས་དེ་ཁྱོད་ལ་བཞག་ཡོད་པས་གཉེར་ཀ་གྱིས་ཧེ་ཧེ་བྱས་པས་ཁོས་བདག་ཁང་པ་འདི་ཡི་སྲུང་མ་ཡིན། ཁྱེད་ཀྱིས་ཁྱེར་བ་ལ་མི་དགའ་བ་མེད་ཀྱང་དེ་སྦྱིན་པའི་སློབ་མ་སྣོད་ལྡན་མེད་པས་མི་དགའ་བ་ཡིན་ཟེར་བ་དང་སྐད་ཅིག་གིས་མགོན་པོ་ཕྱག་བཞི་པ་ཞིག་ཏུ་གནས་གྱུར་ནས་ཁྱེད་རང་དཔལ་གྱི་རི་ལ་འགྲོ་ན་རོགས་དན་བྱ་གསུངས་ནས་དེས་ལམ་སྣ་བྱས་ཏེ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་བོར་ཕྱིན་ཀྱང་ཀླུ་སྒྲུབ་ཡབ་སྲས་མ་མཇལ། དེ་ན་བུད་མེད་མང་པོ་ཞིག་ཆོ་ལོ་རང་བཀྱེ་ནས་གད་

(༢༢༡)མོ་དགོད་ཀྱིན་འདུག་པ་དེར་ཕྱིན་པས་ཕལ་པའི་བུད་མེད་ལྟ་བུ་མང་པོས་ཤྭ་དྷིལ་ཁ་དོག་ལྔ་པ་དུ་མར་ཡིག་འབྲུ། ལུས་དབེན། ངག་དབེན། སེམས་དབེན། འོད་གསལ། སྒྱུ་ལུས། ཟུང་འཇུག་བྲིས་པའི་ཤྭ་དྲུག་ཚན་ཅན་ཤ་སྟག་གིས་རྩེད་མོ་བགྱིད་འདུག་པར། བདག་ལའང་སྡོད་ལ་ཤྭ་རྩིས་ཞེས་ལག་ཏུ་ཤྭ་དྷིལ་ཡིག་འབྲུ་བྲིས་པ་དྲུག་ཚན་གཅིག་གཏད་བྱུང་བར་བདག་གིས་ལུས་དབེན་ངག་དབེན་དུ་བསྡུས་ན་གྲངས་ལྔ་ལས་མི་ཐོབ་བྱས་པས་ཅི་ཟེར་ཤྭ་འདི་ཚོ་ལ་ངེད་རྣམས་མཁས་ད་ཤྭ་འཕོང་ཟེར་དེ་བཞིན་འཕང་བས་སྒྱུ་ལུས་བྱ་བ་དེ་ལ་བབས་དེ་ལ་ཅི་ཡང་མི་སྨྲ། ཡང་གཅིག་བོར་བས་ཟུང་འཇུག་བྱ་བ་དེ་ལ་བབས། ཁོང་རྣམས་ནས་འོད་གསལ་མེད་པའི་ཟུང་འཇུག་བྱ་བ་འོང་དོན་མེད་པས་རྒྱལ་ཁ་ཅི་ལ་ཐོབ་ཅེས་འཕྱ་བའི་རྣམ་པ་བགྱིད་ཆང་གི་བཏུང་བ་ཞིག་བྱིན་ནས་ད་སོང་ཟེར། དེ་ནས་རྒྱ་གར་གྱི་ཡུལ་གྲུ་ཕལ་ཆེར་ཉུལ་ནས་རྒྱ་བལ་མཚམས་སུ་མཛོད་ལྔ་སྟག་རྩེའི་གངས་རིའི་རྩེར་ཕྱིན་པ་ན་ལྷ་བཙུན་ཆེན་པོ་མཇལ། ཉམས་རྟོགས་ཀྱི་མཎྜལ་ཕུལ་བས་ཐུགས་མཉེས་ཚུལ་གནང་། བདག་གིས་ཉིད་ཀྱིས་

(༢༢༢)དྭགས་པོ་བཀའ་བརྒྱུད་རྣམ་རྟོག་ཆོས་སྐུར་འདོད་ཀྱང་རང་རེ་མི་འདོད་གསུངས་པ། དྭགས་པོ་རིན་པོ་ཆེས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། གསུངས་པས་སེམས་ཉིད་ཀུན་རྟོག་གི་གནས་ལུགས་ལས་རྣམ་རྟོག་ཆོས་སྐུར་བཞེད་སྙམ་མི་འདུག་ཞུས་པས། ཁྱོད་ངམ་རྫོང་སྟོན་པའི་བག་ཆགས་དེས་བཀའ་བརྒྱུད་པ་ལ་ཞེན་པ་ཆེ་བ་ཡིན་ཀྱང་སྒམ་པོ་བ་ཁོང་རྣམ་རྟོག་ལ་ཆོས་སྐུར་བཞེད་པས་སྨྲས་པ་མིན། ད་ལྟ་གནས་འགྱུར་རིག་གསུམ་གྱི་ངོ་སྤྲོད་འདེབས་པ་འདི་ཚོ་སེམས་ལས་འགྲོ་ས་ལོད་གོལ་མ་གོལ་གྱི་ས་མཚམས་འདི་ཤེས་པ་གལ་ཆེ་གསུངས། དེ་ཙམ་ན་གསལ་སྣང་དེ་ཡལ་ནས་སད། ད་ལྟ་ཡང་མཛོད་ལྔ་སྟག་རྩེའི་གནས་ཀྱི་སྣང་བ་ནམ་འཆར་ལ་ལྷ་བཙུན་ཆེན་པོའི་སྐུའི་སྣང་བ་རེ་འཆར་གྱི་འདུག །དཔལ་དུས་ཀྱི་འཁོར་ལོའི་དབང་ཞུ་བའི་ནུབ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ནང་རྡུལ་ཚོན་གྱིས་དུས་ཀྱི་འཁོར་ལོའི་སྐུ་གསུང་གཉིས་ཀྱི་དཀྱིལ་འཁོར་བྲིས། ཐུགས་དཀྱིལ་ནུས་དཀྱིལ་གཉིས་མི་སྣང་བར། སྒྲ་གཅན་གྱི་ཐིག་ལེ་སྔོན་པོ་ཤ་སྟག་གིས་གང་བ་དང་། ཞྭ་ལུ་ལུགས་ཀྱི་དབང་གི་དུས་

(༢༢༣)ཐུགས་དང་བདེ་ཆེན་ནུས་མའི་དཀྱིལ་འཁོར་གཉིས་བཀྲ་བ་ཞིག་རྨིས། ཡང་སྐབས་ཤིག་ན་དགའ་ལྡན་ལྷ་བརྒྱ་མའི་བླ་མའི་རྣལ་འབྱོར་ཐུན་མོང་མིན་པ་པ་ཆེན་བློ་བཟང་ཆོས་རྒྱན་གསུང་གི་དམིགས་ཐུན་རེ་རེ་ནས་དམིགས་བརྩེ་མ་འབུམ་ཕྲག་ཏེ་བཏོན་པའི་རྗེས་ཙམ་ལ་རྨི་ལམ་དུ་ཡིད་དགའ་ཆོས་འཛིན་གནས་སུ་ཕྱིན་པས་རྗེ་ཡབ་སྲས་གསུམ་དང་སྟེང་ངོས་ན་རྒྱལ་ཚབ་བྱམས་པ་མགོན་པོ་དང་། གཡོན་ངོས་སུ་ཇོ་བོ་ཡབ་སྲས་གཉིས་བཞུགས་པ་མཇལ། རྗེའི་མདུན་ནས་ལམ་རིམ་ཆེན་མོའི་ལྷག་མཐོང་གི་ཐལ་བཟློག་ཛ་ཡ་ཨ་ནན་ཏའི་ཕྱོགས་སྔ་དང་དོགས་པ་གཅོད་ཚུལ་རྣམས་དྲིས་པས་དེ་རྣམས་ལ་དོགས་གཅོད་འགའ་རེ་གསུངས། ད་མཁས་གྲུབ་རྗེ་འདི་ཁྱོད་ལ་དགེ་བའི་བཤེས་གཉེན་དུ་ལོ་ཉེར་ལྔའི་བར་གཡར་པོ་གནང་ཆོག །དེ་ནས་ངེད་ལ་ཕྱིར་སྤྲོད་དགོས་གསུངས་པ་བདག་གིས་བརྩིས་པས་ལོ་དྲུག་ཅུ་རྩ་གྲངས་ཤིག་ཏུ་སླེབས་འདུག་པ་དེ་ཚེ་ཚད་ཡིན་ནམ་སྙམ་ཀྱང་མ་ངེས། མཁས་གྲུབ་རྗེ་ལྷའི་བུ་ཆུང་ཞིག་ཏུ་གྱུར་ནས་བདག་ལ་གནང་བྱུང་བ་རུམ་དུ་བཅུག་ནས་འོང་བའི་ལམ་ཞོར་ལ་བལྟས་པས་པུ་སྟི་ཕྲ་ལ་རིང་བ་མ་

(༢༢༤)ཀི་འདུལ་མངོན་ནས་ཡ་ཀི་དུས་འཁོར་མན་ཆད་ཀྱི་རྣམ་བཤད་སྐབས་ལྔ་བཅུ་པ་བྱ་བར་གྱུར། དེའི་རྐྱེན་གྱིས་རྗེ་བླ་མའི་གསུང་གི་གནས་གང་ལའང་བློ་གྲོས་ཀྱི་འཇུག་པ་སྔར་ལས་ཁྱད་དུ་ཐོན་པ་ཞིག་བྱུང་བ་རྗེའི་བྱིན་རླབས་སུ་ཡིད་ཆེས་ཐོབ། དེ་ནས་རིམ་ལྔའི་ཁྲིད་ཀྱི་བརྗེད་བྱང་དང་། དུས་འཁོར་གྱི་བརྗེད་བྱང་། དྲང་ངེས་སྔོན་པོའི་སྐབས་ཀྱི་བརྗེད་བྱང་། ཐལ་འགྱུར་ལུགས་ཀྱི་ཚད་མའི་ཟིན་བྲིས། ཚད་མའི་ལྡོག་པའི་རྣམ་བཞག་དང་གཞན་ཡང་ཕྲ་མོ་མང་ཞིག་བྲིས། དེ་རྗེས་ཀློང་གསལ་ཡེ་ཤེས་རབ་འབར་གྱི་བསྙེན་པ་ཚར་གཉིས་བཏང་བའི་ཕྱི་མའི་སྐབས་ཀཿཐོག་གི་འདུ་ཁང་དུ་གོས་སྦྱོང་ལ་ཕྱིན་པར་དེའི་སྦུག་གི་ཀློང་གསལ་འདྲ་ཞལ་དེ་ཞལ་འཛུམ་པ་མཛད་དེ་དབུའི་ལྭ་ཐོད་ནང་གི་ཨ་མི་དེ་ཝས་ཡིག་དྲུག་ལན་གསུམ་གསུངས་བཀའ་བརྒྱད་དང་དགོངས་འདུས་དུས་འཁོར་བཅས་ལ་བསྙེན་པ་རྒྱས་པ་རེ་བཏང་བས། དུས་འཁོར་གྱི་བསྙེན་པའི་སྐབས་བདེ་ཆེན་ནུས་མའི་དཀྱིལ་འཁོར་སྟེང་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་ཞལ་མཐོང་ཞིང་བྱིན་གྱིས་བརླབས་པའི་རྟགས་གསལ། དགོངས་འདུས་ཀྱི་བསྙེན་པའི་སྐབས་དགོངས་བཙན་དང་ཤ་ཟ་ཁ་མོ་ཆེ་གཉིས་ནས་དགོངས་འདུས་འཆད་ཉན་དགོས་པའི་ཞུ་འབུལ་

(༢༢༥)བགྱིད་པ་རྨིས། ཐང་རྒྱལ་སྙན་རྒྱུད་མཁའ་འགྲོའི་བསྙེན་པའི་དུས་རྒྱ་གར་དུར་ཁྲོད་རཱ་མེ་ཤྭ་རར་རྗེ་གྲུབ་ཐོབ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་ཡང་སྐབས་ཤིག་རིམས་ནད་ལྟ་བུའི་ནད་དྲག་པོ་ཞིག་གིས་བཏབ་ཏེ་འཆི་ལ་ཉེ་བ་བྱུང་བར་རིམ་འགྲོ་སྐྱབས་རྗེ་སི་ཏུས་རྡོར་སེམས་ཀྱི་སྦྱིན་བསྲེགས་འབུམ་ཐེར་གཅིག་གནང་སོང་བ་དེའི་ཐུགས་རྗེས་ཡིན་པ་འདྲ། ནུབ་གཅིག་གི་སྣང་ཉམས་ལ་རྗེ་གྲུབ་ཐོབ་ཆེན་པོ་དངོས་སུ་བྱོན་ནས་ཁྱོད་སྙིང་རྗེའི་ཆུ་རྒྱུན་གྱིས་བཀྲུ། ཤེས་རབ་ཀྱི་དབྱུགས་པས་བརྡུང་དགོས་གསུངས་ཏེ་བདག་གཅེར་བུར་ཕྱུངས་རིལ་བ་སྤྱི་བླུགས་ཀྱི་ནང་ནས་འོ་ཆུ་ལྟ་བུས་མགོ་ལུས་ཁྱབ་པར་བཀྲུས་པས་ལུས་སེམས་བདེ་ལྷན་གྱིས་སོང་། སྦ་དབྱུག་ཞིག་གིས་སྟོད་སྨད་ཀུན་བརྡུང་བས་བདེ་འཛིན་དེ་ཡང་སྟོང་ཉིད་དུ་གྲོལ་ནས་གང་ཡང་ཡིད་ལ་བྱར་མེད་པར་ལུས། དེ་ལས་སད་པ་ན་ནད་ཟུག་ལའང་དྭངས་སྐྱེད་ཆེར་ཐོན་འདུག །འདི་ནུབ་རིན་པོ་ཆེ་ཁོང་གི་གཟིམ་ལམ་དུ་རྗེ་མཁྱེན་བརྩེའི་དབང་པོ་ཕེབས་ཏེ་ཁྱེད་ལ་ཐང་རྒྱལ་ཚེ་དབང་རྒྱས་པ་ཞིག་གནང་བ་རྨིས་པས་ད་རེས་བསྙུང་གཞི་འདིས་མི་སྐྱོན་ཅེས་གསུངས། རིམས་ནད་ཀྱིས་

(༢༢༦)བཏབ་པའི་དུས་དེར་དཔལ་ལྡན་ལྷ་མོའི་ཨ་རུ་ར་ཞིག་གནང་། ཆིབས་ཀྱི་བོང་བུས་བདག་གི་ལུས་ལ་ལྕེས་ལྡག་པ་སོགས་རྨིས་པས་མ་ཅིག་འདི་ཉིད་དཔལ་ཀཿཐོག་པའི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་མཆོད་རིན་ཆོག་པའི་ལྷ་ཤིག་ཏུ་འདུག །ཡང་སྐབས་ཤིག་ན་བུད་མེད་རྔ་གིང་འདྲ་བ་མང་པོ་བྱུང་ནས་ངེད་ལའང་རྔ་གཅིག་གཏད་དེ་ཐམས་ཅད་རྔ་རེ་ལ་ཞོན་ནས་སོང་བ་ནུབ་ཕྱོགས་ཀྱི་གནས་ངོ་མི་ཤེས་པ་མེ་ཏོག་དམར་པོ་ཕུབ་ཙམ་མང་པོས་གང་ཞིང་དེའི་འོད་ཀྱིས་ནམ་མཁའ་འང་དམར་པོར་བསྒྱུར་ནུས་པ་ཕྱོགས་ཐམས་ཅད་འཇའ་ཚོན་གྱི་དྲྭ་བས་ཁེབས་པའི་གནས་སུ་རྗེ་གྲུབ་ཐོབ་ཆེན་པོ་སྐུ་བོང་རི་ཙམ་མཐོ་བ་ཞིག་གི་མདུན་དཀྱིལ་འཁོར་ཆེན་པོ་མདོག་དབྱིབས་དམར་ཟླུམ་ལིང་ཚེ་དགུ་པ་ཅན་ལིང་ཚེ་རེར་སྒྲུབ་ཐབས་མི་འདྲ་བ་རེ་སྣང་བ་རྣམས་གནང་། བྱང་ཤར་གྱི་ལིང་ཚེར་དྲག་པོ་མཐུ་ཡི་སྐོར་རྡོ་རྗེ་དམེ་ལོག་བསྐོར་བའི་འཁོར་ལོ་ཞེས་ཤིན་ཏུ་ཟབ་ལ་འདྲིལ་བ་བཅས་ཀྱི་དབང་གདམས་ཡོངས་རྫོགས་གནང་བ་དེ་དུས་དྲན་ཀྱང་ཕྱིས་སུ་བརྗེད། ཡང་མཚམས་ཤིག་ཏུ་ཡུལ་གྲུ་སོ་སོར་དམག་འཁྲུགས་སོགས་དུས་ངན་ཞིག་འབྱུང་ཉེའི་ཤོམས་ལ་སྐྱབས་རྗེ་སི་ཏུས་མ་མགོན་སྲིད་པ་གཡུལ་

(༢༢༧)མདོས་གནང་རྒྱུའི་ཐུགས་བཞེད་ཀྱིས་བདག་ལ་དམ་པ་ལྷ་ཁང་ནས་མ་མགོན་བསྙེན་པ་ཁ་གསོ་དགོས་ཞེས་ཕེབས་པར་བརྟེན་བསྙེན་པ་ལ་ཞུགས་པས་ནུབ་གཅིག་གསལ་སྣང་ལ་དགེ་སློང་གཅིག་གིས་རྟ་ནག་པོ་མི་རོའི་སྒ་ཆ་ཅན་ཞིག་བདག་ལ་གཏད་བྱུང་བ་ལ་ཞོན། ལྕགས་ཀྱི་མདའ་གཞུ་གཅིག་སྤྲད་པ་ལག་ཏུ་བཟུང་བ་ན་བདག་སྐད་ཅིག་གིས་གནས་གྱུར་ཏེ། དཔལ་མ་ནིང་ནག་པོ་དར་ནག་གི་བེར་དང་ཐོད་པའི་ཕྲེང་བ་ཅན་ལྷུ་ཚིག་བཞི་ལ་མིག་གིས་བརྒྱན་པ། རལ་པ་དུག་སྦྲུལ་གྱི་ཆུན་པོ་གྱེན་དུ་འཕྱོ་བ་ཁྲོ་ཞིང་གཏུམ་ལ་རྔམས་ཤིང་བརྗིད་པར་གྱུར་པས་སྲིད་པ་གསུམ་གྱི་སྲོག་གི་བདག་པོ་ང་ཡིན་སྙམ་པའི་ང་རྒྱལ་ཆེན་པོ་སྐྱེས་པས་ཡུལ་ཁམས་ཤིག་ཏུ་རྒྱུག་པ་དང་། ཡུལ་གྱི་སྨད་ཕྱོགས་ཙམ་ན་གཡག་རྒོད་འདྲ་བ་མང་པོ་སྣང་བར་བདག་གིས་ང་རྒྱལ་ཆེན་པོས་བསོྭ་སྒྲ་འབྲུག་ལྟར་བསྒྲགས་པས་དེ་ཐམས་ཅད་འབྲོང་རྒོད་ལ་རྫི་ཕོག་པ་བཞིན་གསར་རྙིང་གི་ཆོས་སྐྱོང་མང་པོར་གནས་གྱུར་ནས་དཔའ་ཞུམ་ཤིང་འདུད་པ་དང་མཉམ་དུ་དམ་ཅན་ཆོས་རྒྱལ་ཡིན་རྒྱུའི་མི་ནག་པོ་རལ་གྲི་ཐོགས་པ་ཞིག་རྒོལ་དུ་བྱུང་བར་དེའི་སྙིང་ཀར་མདས་བསྣུན་པས་

(༢༢༨)གློ་སྙིང་དུམ་བུར་གཏོར་བའི་ཚལ་བུ་མདའ་སྒྲོ་ལ་འབྱར་འདུག །ཁོ་ལིང་གིས་འགྱིལ་ནས་རོ་རུ་སོང་དེར་སྙིང་རྗེ་དྲག་པོ་ཞིག་སྐྱེས་པ་དང་ཆབ་གཅིག་བདག་དགེ་སློང་ཞིག་ཏུ་གྱུར་འདུག །སྙིང་རྗེ་དེ་མ་སྐྱེས་ན་ནུས་མཐུ་བོད་ཁམས་ཙམ་ན་འགྲན་བྲལ་ཞིག་འབྱུང་བ་ལ་ཚེགས་མི་འོང་སྙམ་པ་ཤར། ཀཿཐོག་ཏུ་དབྱར་གནས་པའི་སྐབས་ཤིག་དུང་བརྡའི་རྐྱེན་གྱིས་གཉིད་སད་ནས་མགོ་བཏེགས་པས་སྣང་བར་དར་རྒྱས་ཆོས་གླིང་དུ་བདག་གསང་བདག་ཕྲིན་ལས་ལྷུན་གྲུབ་དང་། ཉེ་སྐོར་དུ་རང་གི་བུ་ཡིན་རྒྱུའི་བྱིས་པ་ཆེ་ཆུང་བཞི་ཙམ་མགོ་ནག་ཧྲུག་གེ་འགའ་རེ་ཉལ། གཅིག་ལྡང་བའི་སྣང་བ་མིག་ལམ་ལ་ཤར་བས་ཀཿཐོག་ཏུ་ཡོད་པ་ཡིད་ལ་མ་ཤར་བའི་གསལ་སྣང་དེ་ཆོས་དུང་གཉིས་པ་རྫོགས་ལ་ཉེ་བའི་བར་བྱུང་། འདུ་ཁང་དུ་ཆོས་ཁྲིད་ཀྱི་དུས་སུ་རྒྱ་མཐོང་གི་ལོགས་རིས་རྙིང་པར་བླ་མ་མང་པོའི་འདྲ་ཞལ་ཡོད་པའི་ནང་སྔགས་པ་དཀར་ཆས་ཅན་ལས་འཇའ་དཀར་པོ་ཞིག་འཕྲོས་ནས་བདག་གི་སྤྱི་གཙུག་ཏུ་ཟུག་པ་སློབ་མ་འགས་མཐོང་འདུག །རྗེས་སུ་འདྲ་ཞལ་དེ་གང་ཡིན་བརྟགས་པས་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་འདྲ་ཞལ་དུ་འདུག་པས་རིགས་འཛིན་ཆེན་པོ་འདིས་བྱིན་གྱིས་བརླབས་པའི་

(༢༢༩)མཚན་མར་རྟོགས། དེ་ནས་བཟུང་སྔགས་ཀྱི་ཆོག་ཁྲིགས། ཕྲིས་ལས་ཀྱི་ཕྱག་བཞེས་སྨིན་ལམ་དབང་དང་གྲོལ་ལམ་གདམས་པའི་རིམ་པ་རྣམས་མཐོང་བ་ཙམ་གྱིས་བློ་ལ་འཇགས་པ་ཞིག་བྱུང་། ཡང་མཚམས་ཤིག་ཏུ་དགོན་པའི་གླིང་སྐོར་ལ་ངེད་དཔོན་སློབ་འགའ་ཞིག་ཕྱིན་ནས་འཇམ་དཔལ་གནས་ཀྱི་ཁྲུས་ཆུས་ཉེ་རེག་བགྱིས་དུས་གནས་རི་དང་ངེད་གཉིས་འཇའ་ཚོན་ཕྲ་མོས་འབྲེལ་བའི་ནང་དུ་དྷཱིཿཡིག་མང་པོའི་འཕྲོ་འདུ་བྱེད་པ་གྲོགས་འགའ་རེས་མཐོང་། གཞན་མ་ཚོས་དེ་ཉིན་གནས་ཀྱི་བྲག་ནས་འབྲུག་གཅིག་ནམ་མཁར་འགྲོ་བའི་མཐོང་སྣང་བྱུང་འདུག་ཅེས་གླེང་རྒྱུ་སྣང་། མཆོག་སྤྲུལ་ཆོས་ཀྱི་གླང་པོའི་མདུན་ཀརྨ་ཆགས་མེད་གསུང་གནམ་ཆོས་ཁྲིད་ཆུང་། རད་གླིང་ཀློང་གསལ་སྙིང་ཐིག་ཁྲིད་རི་ཆོས་དང་ཐེམ་མེད་སྐོར་བཀླག་ལུང་། ཐེམ་མེད་ནང་ཛམ་ལྷ་དང་། ལྷ་མོ་ཀུ་རུ་ཀུལླེའི་རྗེས་གནང་བཀའ་རྒྱ་ཅན་སོགས་ཞུས། རིག་བྱེད་མའི་བསྙེན་པ་བཏང་བའི་ནུབ་གཅིག་གི་གསལ་སྣང་ལ་མཁས་གྲུབ་ཀརྨ་ཆགས་མེད་རིན་པོ་ཆེས་ཟི་ལིང་མཚོ་སྔོན་མོའི་འགྲམ་ནས་སོག་ཡུལ་གྱི་མི་དང་མི་མིན་གྱི་གདུལ་

(༢༣༠)བྱ་ཕལ་ཆེར་རིག་བྱེད་མའི་རིག་སྔགས་ཀྱིས་དབང་དུ་མཛད། སྨར་ཁམས་ཕྱོགས་ནས་ཀླུ་རྒྱལ་མི་མགོན་དཀར་པོ་རྡོ་རྗེའི་ཐ་ཚིག་ལ་བཀོད་པ་སོགས་གསལ་བར་དྲན། བདག་རང་བཞིན་གྱིས་བྱིས་པ་ཆུང་ངུའི་དུས་ནས་འཕགས་པ་ཐུགས་རྗེ་ཆེན་པོ་རང་གི་ཡི་དམ་ཡིན་སྙམ་དུ་ཡིད་ལྷག་པར་དད་པ་དང་སྙིང་རྗེ་ཆེན་པོ་རང་ཤུགས་ཀྱིས་འབྱུང་བ་ཞིག་ཡོད། དེ་ནས་ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་རྗེ་སི་ཏུ་རིན་པོ་ཆེས་ལྗོན་པ་ལུང་འདིར་དགོན་གཞིས་ཕྲན་བུ་ཞིག་བཏབ་ན་རྗེ་རང་གི་སྔར་རྒྱུད་སྡེ་ཕྱག་བཏབ་གནང་བའི་སྔ་རོལ་དུ་གཟིམ་ལམ་ལ་མེ་ཏོག་པདྨ་ཆེན་པོ་ཞིག་ལ་དེ་འདྲ་བ་ལྔས་བསྐོར་བ་རེ་རེའི་ལྟེ་བར་རལ་གྲི་ལེགས་པོ་ལྔས་མཚན་པ་ལས་འོད་འཕྲོ་ཞིང་དེ་འདྲ་བ་ལྔ་ཕྲག་རེ་འཕྲོ་བའི་ལྟས་ལ་བརྟགས་ན་རྒྱུད་སྡེ་འདི་ལས་འཕྲོས་ཏེ་ད་དུང་ལྔ་ཕྲག་ལྔ་འདེབས་པའི་རྟེན་འབྲེལ་ཡོད་པས་ཁྱེད་རང་གི་དགོན་པ་ཞིག་བཏབ་ན་ལེགས་ཆ་ཆེ་ཚུལ་སོགས་ཀྱི་དབུགས་དབྱུང་ཐོབ་པར་བརྟེན། ལྗོན་པ་ལུང་འདིར་གསར་བཏབ་ཀྱི་གཙུག་ལག་ཁང་ཀ་བ་བཞི་བཅུའི་ཁྱོན་གྱི་རྟེན་བརྟེན་པ་དང་བཅས་པ་གེགས་མེད་དུ་གྲུབ་པ་སྐྱབས་རྗེ་རང་གི་བྱིན་རླབས་དང་ཐུགས་རྗེའི་མཐུ་ཡིན་

(༢༣༡)པར་འཁུམ། རྨོག་གྲུབ་ཕག་མོའི་ལུང་བྱང་ལས། སྦལ་སྦྲུལ་གཉིས་ཀྱིས་རྡོ་རྗེ་རྒྱ་གྲམ་རྩོད། །ངག་གི་མིང་ཅན་ཤར་གྱི་ཕྱོགས་ནས་འབྱུང་། །འོད་ཀྱི་མེ་ལོང་ལག་མཐིལ་ཙམ་ཞིག་ལ། །མ་ཆགས་ཀཿཐོག་ཕྱོགས་སུ་གནས་བཅས་ན། །ཕྲིན་ལས་མཛད་པ་མཐའ་རུ་རྒྱས་པ་འབྱུང་། །ཞེས་གདན་པའི་རྟེན་འབྲེལ་རབ་ངེས་མེད་ཀྱི་རྒྱལ་ཁམས། འབྲིང་ཀཿཐོག །ཐ་མ་ད་ལྟའི་གནས་འདི་ཡིན་པ་ལས་འབྲིང་དང་ཐ་མའི་རྟེན་འབྲེལ་ཐོག་ཏུ་སོན། དེ་ནས་དཔལ་ཡུལ་བཤད་གྲྭའི་དབུ་འཛུག་མཁན་ཕྱིན། འདུས་པ་སུམ་ཅུའི་སྐོར་ལ་ལྷ་ལས་ཕུལ་བྱུང་དང་། ཁྱད་པར་འཕགས་བསྟོད། དཀོན་མཆོག་རྗེས་དྲན་འགྲེལ་ཆོས་རྗེ་མི་ཕམ་གསུང་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་སོགས་གཞུང་ཕྲན་འགའ་དང་ཞི་བ་ལྷའི་སྤྱོད་འཇུག་བཅས་ཀྱི་བཤད་པ་བྱས། དེ་ནས་བཟུང་བཤད་པ་དར་རྒྱས་ཆེ་ཞིང་མཁས་པ་ཡང་མང་དུ་བྱུང་། ཨོ་རྒྱན་གསང་སྔགས་གླིང་པའི་ལུང་བྱང་ལས་དཔལ་ཡུལ་སྒྲུབ་པའི་གྲྭ་ལ་བཤད་གྲྭ་རྒྱས། སྔར་མེད་མདོ་ཆོས་མང་པོ་དར་ནས་འོང་། །ཞེས་པའི་ལུང་བསྟན་དུས་ཐོག་ཏུ་ཁེལ་བར་འདུག །གདན་པ་དེ་ཉིད་དུ་གནས་

(༢༣༢)པའི་སྐབས་ཤིག་ན་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་མཇལ། སྤྱོད་འཇུག་ལེའུ་བཞི་མའི་བཤད་པ་དང་སེམས་བསྐྱེད་སྡོམ་པ་བཅས་ཐོབ་འཕྲོས་ཀྱི་གསུང་ལས་ཁྱོད་རང་གཅིག་པུ་ཞི་བ་ལ་གཞོལ་བ་ལས་བསླབ་གྲྭ་རེ་ཚུགས་ན་བསྟན་པ་ལ་ཞབས་འདེགས་དེ་ཆེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྣང་བ་འདི་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དངོས་གཙང་རེ་དང་མདོ་སྔགས་ཀྱི་གཞུང་ལ་འཆད་ཉན་རེ་ཡོད་མེད་ཀྱི་རྗེས་སུ་བྱེད་པ་ཡིན་པས་འདུལ་བའི་ཕྱག་བཞེས་དང་འཆད་ཉན་རེ་ཅི་ནས་གལ་ཆེ། ཅི་ཡང་མི་ཤེས་པའི་རྟོགས་ལྡན་ཡིན་ཟེར་བ་མང་པོ་འདི་ཚོ་བསྟན་པ་སྙིགས་པའི་རྟགས་སུ་བྱུང་བ་ཡིན། གྲོང་སྔགས་པ་མང་པོ་འདི་ཝ་བུ་མང་གིས་ཁུང་གཅིག་གི་སྒོ་མི་ཆོད་ཟེར་བའི་དཔེ་བཞིན། རྙིང་ཕྱོགས་ལ་དགོན་གོག་མང་པོ་སྣང་ཡང་དགོན་གོ་ཆོད་པ་མང་པོ་མི་འདུག་གསུངས། དེ་ནས་གསེར་འཕྱང་གི་ལོར་ཀཿཐོག་ངེས་དོན་དབང་པོའི་སྐུ་ཕྲེང་ལྔ་པ་ཕྱག་ཚ་མཆོག་སྤྲུལ་རིན་པོ་ཆེ་ནས་སྔ་ཕྱི་ལན་གྲངས་ཞུས་ངོར་ཟླ་ཡུལ་དུ་བསྐྱོད་ནས་གྲྭ་ལག་བཤད་སྒྲུབ་གླིང་གི་བླ་བྲང་དུ་གཞིས་བཅགས། མགོ་གསེར་སོགས་ཀྱི་ཆོས་ཞུ་གཏོས་ཆེ་བ་ལ་རིན་ཆེན་

(༢༣༣)མཛོད་ཆེན་མོའི་དབང་ལུང་འབུལ་རྒྱུའི་སྣ་སེལ་ཚུལ་དུ་རྡོར་སེམས་སྒྲུབ་མཆོད་ཕྱི་དཀྱིལ་རྡུལ་ཚོན་དང་འབྲེལ་པར་སྒྲུབ་ཆེན་གྱི་ལུགས་ཞག་དགུའི་ཁོངས་སུ་གྲུབ་པར་བགྱིས། དེ་འཕྲལ་ཐོག་མར་བྱིན་རླབས་སྒོ་འབྱེད་དུ་བླ་མ་གསང་བ་འདུས་པའི་ཟླུམ་པོ་བཞི་དབང་དང་གཏོར་དབང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་མདོ་བྱང་ཆེན་མོ་ཞག་བདུན་གྱིས་གྲུབ། དེ་བཞིན་གཏེར་མཛོད་དབུ་ནས་རིམ་པར་དབང་དང་ལུང་། ཁྲིད་ལ་དེང་སང་དཀར་ཆག་ནང་འཁོད་ཁྲིད་རྟགས་ཕོག་པ་ཙམ་ལས་འདོན་སྲོལ་མེད་ཀྱང་། སྐྱབས་རྗེ་སི་ཏུ་རིན་པོ་ཆེར་ཁྲིད་རྒྱུན་བཞུགས་རིགས་དང་། བསྙེན་ཡིག་ཕལ་ཆེར་འཇམ་མགོན་རིན་པོ་ཆེ་དང་། མཁན་བཀྲ་ཤིས་འོད་ཟེར། ཐུབ་བསྟན་རྒྱལ་མཚན་འོད་ཟེར་རྣམས་ཀྱི་མདུན་ནས་གསན་པའི་བཀའ་སྲོལ་གྱི་ཁྲིད་དུ་གནང་བ་ཐམས་ཅད་བཤད། དེ་ལྟར་ཟླ་བ་དྲུག་གི་རིང་རིགས་འཛིན་བརྒྱུད་པའི་ཕྱག་བཞེས་ཕྲ་མོ་ལའང་ལས་སླ་ཁྱད་གསོད་དུ་མ་སོང་བར་བཤམས་བཀོད་ཀྱི་ཡི་གེ་དང་། དཀར་ཆག་ནང་འཁོད་བཞིན་དབང་རྣམས་སྒྲུབ་ཐབས་ཆོག་ཁྲིགས་དང་འབྲེལ། ཆོག་ཁྲིགས་ཕྱག་

(༢༣༤)བཞེས་དང་འབྲེལ་བ་ཡིད་ཆེས་པའི་གནས་སུ་བསྐུར་བས་དེང་སང་གི་ལག་ལེན་རྩིང་པོ་རྣམས་དང་གཏན་མི་འདྲ་བ་འདི་གཅིག་པུས་ཀྱང་རྒྱལ་དབང་པདྨའི་རིང་ལུགས་སྔ་འགྱུར་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས་པར་སེམས་སོ། །དེ་ལྟར་དབང་ལུང་གི་དབུ་ཚུགས་ནས་མཇུག་མ་གྲོལ་བར་བླ་གྲྭ་ལེགས་ཐུས་དཔོན་སློབ་བདུན་རེས་ཉིན་རེ་བཞིན་སྔ་དྲོ་རྡོར་སེམས་བདག་མདུན་རྒྱས་པ་སྐོགས་ཆེན་ལྔ་ཚོགས་མཆོད་དང་བཅས་པ། རྗེས་འབྲེལ་མཆོད་པ་ཕུད་སྐོང་དང་སྲོག་ཆགས་རྒྱུས་སྐོང་གཉིས་རེས་མོས། སྨིན་ལུགས་དམ་ཅན་སྤྱི་གཏོར་བཅས་དང་རྩ་གསུམ་གྱི་དབང་ལུང་རེ་རྫོགས་མཚམས་སུ་བླ་ཁག་བརྒྱད་པོ་རེས་མོས་ཀྱིས་ཚོགས་འཁོར་རེ་ལ་རྒྱ་དངུལ་རྡིལ་ཚད་བཞི་རེའི་དངོས་རྫས་འགྲོ་ངེས་གནང་སོང་། དེས་འགྲེས་ཀྱིས་དབང་ལུང་ཁྲིད་གསུམ་མཐའ་རྒྱས་གེགས་མེད་དུ་གྲུབ་ནས་ཕྱི་མཚམས་བཀྲོལ་ཞིང་ཞག་ལྔའི་བར་ཕྱོགས་འདུས་ཀྱི་ཁྱིམ་པ་ཕོ་མོ་རྣམས་ལ་ཆོས་དབང་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སངས་རྒྱས་སྟོང་དབང་དང་འབྲེལ་བ། རད་གླིང་ཐུགས་ཆེན་སྟོང་དབང་དང་འབྲེལ་བ། རད་གླིང་ཐུགས་ཆེན་སྟོང་དབང་དང་འབྲེལ་བ། ཞི་གླིང་ཐུགས་ཆེན་སྟོང་དབང་དང་འབྲེལ་བ། ཞི་ཁྲོ་འཕྲད་ཚད་རང་གྲོལ། འཇའ་ཚོན་

(༢༣༥)ཞི་ཁྲོ་བཅས་སྔ་དྲོ་དབང་སྒྲུབ་བགྱིས་གུང་ཚིགས་ཟིན་པ་དང་དབང་བསྐུར་ཡང་འདུས་པ་ཧ་ཅང་གཏོས་ཆེ་དྲག་པས་ཕྱི་དྲོ་དགོན་དུ་ཉི་ཐལ་བར་དབང་འགྲིམ་དགོས་པས་དཀའ་ལས་ཤིན་ཏུ་ཆེ་ཡང་གཞན་དོན་བསམ་པས་ཀུན་ནས་བསླང་ཏེ་བརྩོན་པ་ཆེར་བརྟེན་ཁུལ་བགྱིས། དེ་དུས་གསུང་མཆོག་ཡི་གེ་དྲུག་མའི་ཕན་ཡོན་ཉུང་བསྡུས་རེ་བཤད་པའི་རྐྱེན་གྱིས་ཕར་ལ་ཆེད་དུ་བསྐུལ་མ་དགོས་པར་མ་ི་དུང་ཕྱུར་ཁས་ལེན་མཁན་བདུན་བརྒྱ་ལྷག་ཙམ་རེ་བྱུང་། གཞན་དགེ་སྒྲུབ་སྡིག་སྤོང་རྐུན་རྒྱ་དང་ཇག་ཁྲིམས་རི་རྒྱ་ཀླུང་རྒྱ། འབུ་རྫ་ཡུངས་རྩ་དཀར་པོ་མི་བརྐོ་རྒྱུ་སོགས། སྡེ་ཤོག་སོ་སོ་ནས་ཁས་ལེན་བྱེད་མཁན་མང་དུ་བྱུང་། འདི་དུས་སྔོན་གྱི་ལས་ངན་གྱིས་འཕངས་པའི་ཡི་དྭགས་རྣམ་སྨིན་རྩུབ་མོ་མྱོང་བའི་མི་མ་ཡིན་མཐུ་ཆེ་བར་བརྩི་བ་ཞིག་ཀྱང་སྙིང་རྗེ་ཆེན་པོ་བཀའ་རྟགས་ཕྱག་རྒྱས་རྩིས་ལ་ཕབ། དངོས་དང་བརྒྱུད་པས་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེར་བྱས། མགོ་ལོག་གི་སྡེ་ཁུལ་ནས་དཔོན་འགོ་བསམ་གནས་སོ་སོས་གདན་ཞུ་འབྱོར་ཀྱང་དབྱར་ཐོག་དེར་དུས་ཟིང་གིས་རྟེན་འབྲེལ་གཞན་དབང་དུ་གྱུར། འདི་སྐབས་

(༢༣༦)དང་བྱང་དགོན་སོགས་ནས་ཟང་ཟིང་གི་འབུལ་ནོར་རྒྱ་ཆེར་བྱུང་ཡང་། དགེ་བའི་བཤེས་གཉེན་གྱི་རྣམ་པར་ཐར་པ་རྒྱལ་བསྟན་རིན་པོ་ཆེའི་སྲི་ཞུ་དང་། དེའི་བྱ་བ་འཆད་རྩོད་རྩོམ་གསུམ་སོགས་གཞན་ཕན་གྱི་རང་བཞིན་ལས་དཀོར་གྱི་གཟི་བྱིན་སྒྲུབ་པ་སོགས་དམ་པའི་རྣམ་ཐར་དུ་འབྲི་བའི་རིགས་འདི་ཟོག་པོའི་མགོ་སྐོར་ཙམ་ལས་དགོས་པ་མེད་པས་མ་བྲིས། དོན་དུ་དངོས་རྫས་ཆེ་ཕྲ་ཅི་བྱུང་གི་དགེ་རྩ་གཞན་དོན་རྫོགས་བྱང་དུ་འཁོར་གསུམ་ཡོངས་དག་གི་བསྔོ་བས་མ་ཟིན་པ་ནི་གཅིག་ཀྱང་མེད། དངོས་རྫས་རིགས་ཀྱང་ཕལ་ཆེར་རྟེན་བཞེངས་ཀྱི་ཚོགས་སུ་སོང་བ་ལས་བར་མ་དོར་ཆུད་ཟོས་མ་བྱས། དེ་ནས་སྙི་སྟོད་དུ་སྒར་བཏེགས་ནས་ཆོས་སྒར་བཏབ། སྙིང་ཐིག་མ་བུ་བཞི་དང་ཀློང་སྙིང་གི་དབང་ལུང་བཙུགས། འདུས་པ་མང་པོ་ལ་སྔོན་འགྲོ་དང་ཡེ་ཤེས་བླ་མའི་ཁྲིད་བཤད། སྙིའི་ན་མོ་ཆེ་འདི་རྡོ་རྗེ་ཕག་བྱིན་གྱི་གནས་ཡིན་པས་དང་པོ་ཆོ་འཕྲུལ་ཀྱང་མང་དུ་བྱུང་། རྗེས་ནས་བུད་མེད་གཞོན་ནུ་མཛེས་སྡུག་ཅན་ཞིག་ཏུ་བརྫུས་ནས་ཞོ་དང་རྐྱང་ཤ་ལག་པ་ཞིག་ཕུལ་ནས་ ཅི་བཅོལ་གྱི་ཕྲིན་ལས་བསྒྲུབ་པར་ཁས་བླངས་ནས་སོང་། དེ་ནས་ཀཿཐོག་ཏུ་

(༢༣༧)སྐྱབས་རྗེ་སི་ཏུ་རིན་པོ་ཆེས་སྟོང་གྲྭ་འཛུགས་པར་ཁེལ་ནས་ཕྲན་ལའང་ཉེ་འཕྲལ་འབྱོར་དགོས་ཀྱི་གསུང་ཤོག་ཕེབས་པའི་ནུབ་རྨི་ལམ་དུ་གྲོང་ཁྱེར་ཆེན་པོ་ཞིག་སྟོང་པའི་ཤུལ་ན་ཨ་ཕྱི་རྒན་མོ་ཉམས་ཐག་པ་ཞིག་མཆི་མ་འབྱིན་གྱིན་འདུག །ཁྱོད་ལ་ཅི་ཉེས་དྲིས་པས་གྲོང་སྟོང་པ་ལ་བདག་པོ་སྤྲོད་མཁན་མེད་པས་ལན་ཟེར། འདུས་བྱས་མི་རྟག་པའི་རང་བཞིན་ལ་རྟག་པར་རེ་བས་ཁྱོད་སྡུག་བསྔལ་གྱི་ཁུར་བླངས་པ་ལགས་མདོ་བྱས་པས་ཅི་ཟེར། སངས་རྒྱས་ཀྱི་བསྟན་པ་ནུབ་ལ་ཉེ། དཔེ་ཆ་མང་པོ་འདི་ཡང་ཆུད་ཟོས་སུ་འགྲོ་ཟེར། བལྟས་པས་ཕོ་བྲང་ཆེན་པོ་ཞིག་གི་ལྕགས་རིའི་ནང་དཔེ་ཆ་ཤིན་ཏུ་སྤུས་གཙང་བ་མང་པོ་བླ་གབ་མེད་པར་བརྩིགས་སྣང་བ་གྲངས་མི་མངོན་པ་ཙམ་འདུག །ཤར་ཕྱོགས་ཀྱི་སྒོ་སྟེང་ནས་དཔེ་ཞིག་བླང་ཏེ་གཏད་བྱུང་བར་ཞལ་ཕྱེ་ནས་བལྟས་པས་ནམ་མཁའ་གློག་གི་འཁོར་ལོའི་རྒྱུད་ཅེས་བྱ་བ་སྔར་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་གནང་རྒྱུ་དེ་ཡིན་པར་ཤེས་ནས་འདིས་ཇི་ལྟར་བྱ་དྲིས་པས་འདི་ཁྱོད་རང་གིས་ལགས་པས་ཉར་ཚགས་དམ་པོར་གྱིས། གཞན་ལ་གསང་མ་དྲག་ལ་

(༢༣༨)སྤེལ་མ་དྲག །ང་འགྲོ་དགོས་པ་ཡོད་ཟེར་གང་དུ་འགྲོ་སྨྲས་པས། ཡིད་དགའ་ཆོས་འཛིན་དུ་འགྲོ་ཟེར་ནས་ཡུད་ཙམ་གྱིས་ཕྱོགས་གཞན་ཞིག་ཏུ་སོང་སྙམ་འཕྲོར་སད། དེ་ནས་ཀཿཐོག་ཏུ་འབྱོར་རིན་པོ་ཆེའི་མདུན་ཕྱག་དང་བསྙུན་འདྲི་སྔོན་དུ་འགྲོ་བས་དངོས་འབྱོར་གྱི་ཕྱག་རྟེན་རྣམས་ཕུལ། དེ་དུས་ནས་བསྙུན་ཚབ་ཆེ་ཚུལ་གྱི་རྣམ་པས་བཞུགས་སྟོང་གྲྭའི་དང་པོར་ཐུགས་ཆེན་ཡང་སྙིང་འདུས་པའི་སྒྲུབ་ཆེན་འཛུགས་གནང་དངོས་གྲུབ་ལེན་དུས་སྒྲུབ་བུམ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དངོས་སུ་མཐོང་ཞིང་ཟབ་མོ་ནང་གི་ལམ་དབང་ཡིད་ཀྱིས་བླངས་པས་བྱང་ཆུབ་ཀྱི་སེམས་ལ་བོགས་ཁྱད་པར་བ་ཐོན། དེ་འཕྲལ་པདྨ་འོད་འབར་གྱི་ལས་གཞུང་བསྲངས་ནས་སིདྡྷིའི་བུམ་སྒྲུབ་གནང་། རིན་པོ་ཆེ་བསྙུན་གཞིའི་བབས་ལྕི་བས་ཉིན་ཤས་ལས་ཚོགས་དབུར་ཕེབས་མ་ཐུབ། རྗེས་ཉིན་གཅིག་བླ་མ་གསང་འདུས་ཀྱི་ལས་བྱང་གི་བྱིན་འབེབ་སྐབས་རྔ་གིང་འདྲ་བའི་མཁའ་འགྲོ་མང་པོས་ཚོགས་ཁང་གི་གནམ་དབྱིངས་ཁྱབ་པ་ཙམ་གྱིས་གླུ་གར་དང་ཞབས་བྲོ་འཁྲབ་གྱིན་འདུག །བདག་གིས་འདི་ཚོར་སྐྱབས་རྗེ་རིན་པོ་ཆེ་ཞབས་པད་བརྟན་མིན་འདྲི་དགོས་སྙམ་པ་ཤར་ཙ་ན། དེའི་ཁྲོད་ནས་མཁའ་འགྲོ་མ་

(༢༣༩)རིན་ཆེན་གསལ་སྒྲོན་བྱ་བ་གཅིག་གིས་གཞས་བྲོ་འཁྲབ་པའི་ངག་རྟ་ལས། ནུབ་ཁའི་ཉི་ཟེར་ཤར་གྱི་རི་རྩེར་བབས། །ཚེས་གསུམ་ཟླ་བ་ཤར་རིའི་ཕྲག་པར་ཐོན། །བསྟན་པའི་འཕེལ་འགྲིབ་གདུལ་བྱའི་ལས་ལ་རག །མཁའ་འགྲོའི་ཚོགས་འདི་སུན་མ་ཡིན་ཡང་རུང་། །ཞེས་ཟེར་བས་སྐྱབས་རྗེ་ཉིད་ཡུན་རིང་པོར་ཞབས་པད་མི་བརྟན་པར་ཤེས་ནས་སྙིང་བཏོན་པ་ལྟ་བུའི་མྱ་ངན་གྱིས་གདུང་། སྒྲུབ་པ་ཟིན་འཕྲལ་ཞབས་བརྟན་ལ་དམིགས་པའི་མཁའ་འགྲོའི་སུན་བཟློག །གུར་དྲག་རྒྱལ་རྫོགས། ཕུར་པ་སྟོང་བཟློག་བཅས་བསྒྲུབས། ཉིན་གཅིག་སྐུ་མདུན་ཤོག་གསུང་ནས་ད་རེས་ངེད་ཀྱི་ནད་བབས་དང་བསྟུན་ན་ཞབས་རིམ་གཞན་གྱིས་ཕན་པ་འབྱུང་དཀའ་ངེད་ལ་རང་ངོས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཆེར་མེད་ཀྱང་ཆུང་ནས་ད་བར་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་ཟབ་མོ་རྣམས་སྐལ་བ་དང་ལྡན་མི་ལྡན་ཐམས་ཅད་ལ་ཁྱབ་མཉམ་དུ་སྤེལ་བས་ཟླས་ཉམས་དང་ཞོར་ཉམས་ཀྱི་ཉེས་པས་ས་ལམ་ལ་ཅུང་ཟད་བསྒྲིབ་ཀྱང་མི་ཤེས་པས། ཉང་གཏེར་ཁྲོས་ནག་གི་སྦྱིན་བསྲེག་རིག་འཛིན་སྲོག་མཐུད་

(༢༤༠)དེ་ངེད་ཀྱི་གནམ་མཐོངས་ཀྱི་སྟེང་ཐོས་པ་འདི་ནས་བླུགས་དགོས། ངེད་ནས་ཀྱང་བསྙེན་པ་ཅི་ལྕོགས་བྱེད་པ་ཡིན། དབྱངས་རོལ་སོགས་རྒྱས་པ་བཏང་དགོས་ངེད་རང་གཉིས་ཚེ་འདིར་ད་རེས་ལས་སྔགས་ཀྱི་དཀྱིལ་འཁོར་དུ་མཉམ་འཚོགས་ཨེ་འོང་མི་ཤེས་གསུངས། དེ་བཞིན་གཟིམ་ཁང་གི་ཡང་ཐོག་གནམ་མཐོངས་སྟེང་ནས་ཁྲོས་ནག་གི་སྦྱིན་བསྲེག་འབུམ་ཕྲག་གཅིག་ཞག་ཤས་ནས་གྲུབ་པར་ཞུས། དེ་འཕྲལ་སྐུ་མདུན་ཕྱིན་པས་ད་ལེགས་པོ་བྱུང་རང་ནས་ཀྱང་ལས་བྱང་བཏང་མ་ཐུབ་ཀྱང་སྦྱིན་བསྲེག་གི་བསྙེན་པ་འབུམ་ཕྲག་གཅིག་ཚར་བར་བསགས་པས་ཆགས་ཉམས་དག་པའི་རྟགས་དང་མཚན་མ་གསལ་བར་རྙེད། ད་ནི་ཞབས་རིམ་གྱི་དཀའ་ལས་དེ་ཚོ་མི་དགོས་གསུངས། ད་དུང་ཞབས་པད་ཡུན་དུ་བརྟན་ཐུབ་པར་གསོལ་བ་བཏབ་པས་ཤི་ན་དགའ་བ་སུ་མེད་ཀྱང་ད་རེས་མི་ཕན་པ་འདྲ་གསུངས་ཕེབས་རྗེས་ཅི་ལྟར་བགྱི་ཞུས་པར། ངེད་ནས་ཀཿཐོག་ཚང་གི་སྤྲུལ་སྐུ་འདི་རྣམས་དཀའ་བའི་ཚོགས་བྱས་དཀོན་པའི་རྒྱུས་ཉན་ཐོས་པ་ཡིན་པས་ཁོང་རྣམ་པས་ཐུགས་བསམ་བཏང་ལོས་འགྲོ་གསུང་ཞིང་སྤྱན་ལྟ་སྟངས་ཀྱིས་ནམ་མཁར་གཟིགས་ནས་བཞུགས། དེའི་ཕྱིར་ནང་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་

(༢༤༡)ནས་ཡིད་དགའ་ཆོས་འཛིན་གྱི་ཕོ་བྲང་དུ་གཤེགས་སོ། །དེར་ཞག་ལྔ་ནས་སྐུ་གདུང་རིན་པོ་ཆེ་ཚགས་སུ་གཞུག་པ་དང་། མཆོད་པ་བཤམས་བཀོད་ཀྱི་ཞབས་ཞུས་བགྱིས། རང་སྒོས་ཀྱིས་གདུང་མཆོད་ཕུལ་ཏེ་གསོལ་བ་བཏབ་ཅིང་དབང་བཞི་ལེན་པ་ཐུགས་ཡིད་བསྲེ་བ་སོགས་ཡིད་ཚིམས་ངེས་བྱས། དེ་ལས་གཞན་འདི་བྱེད་འདི་གྱིས་ཀྱི་ལས་ཁུར་གཏད་མཁན་སུ་ཡང་མི་སྣང་བས་བསྟན་པ་ལ་རྒན་མོ་སེམས་དཀར་གྱི་དཔེ་ལས་གཞན་ཅི་བྱར་མ་བྱུང་། དེའི་ཕྱིར་ལོ་གླིང་གཤིས་བྱང་དཀར་དགོན་དུ་སོང་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་བཙུགས། དེ་སྐོར་གྱི་དགོན་པ་ཡོད་རིགས་ཀྱི་བླ་སྤྲུལ་གྲྭ་པ་སོགས་ཤིན་ཏུ་མང་པོ་དང་རྒྱ་དམུ་ལི་ཡན་ཆད་ཟླ་བ་གསུམ་ཙམ་རོའི་མཚམས་ནས་འོང་བ་ཡིན་ཟེར་བའི་རྙིང་མ། བཀའ་བརྒྱུད། ས་སྐྱ་སོགས་ཀྱི་ཆོས་ལུགས་མི་གཅིག་པ་དུ་མའི་བླ་གྲྭ་དང་། ཁྱིམ་པ་ཕོ་མོ་སོགས་ཚོགས་པ་སྟོང་ཕྲག་གསུམ་བཞིར་ཐལ་བ་ལ་དབང་ཁྲིད་བསྒྲགས་མ་ཟླ་བ་ལྔའི་བར་བཏོན་ནས་གེགས་མེད་པར་གྲུབ། དེ་ཡང་རང་དོན་དཀོར་སྡུད་ཙམ་མིན་

(༢༤༢)པར་སྔར་སྐྱབས་རྗེ་སི་ཏུས་རིན་ཆེན་གཏེར་མཛོད་འདི་འཇམ་མགོན་རྣམ་གཉིས་ཀྱི་ཕྲིན་ལས་ཡིན་ཁྱེད་ནས་ཀྱང་གཏེར་མཛོད་ཚར་གསུམ་འདོན་དགོས་གསུངས་པ་ཡིད་ལ་བཅགས་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཅི་གནས་ཀྱི་ཐབས་འབའ་ཞིག་ལ་བསམ་ནས་ལྷུར་བླངས་པ་ཡིན། དེའི་བདག་རྐྱེན་ཁོ་ནས་ཀྱང་མཆོག་སྤྲུལ་རིན་པོ་ཆེ་མི་འགྱུར་དང་ལྷུན་གྲུབ་སྐུ་མཆེད་ཀྱིས་རིན་ཆེན་གཏེར་མཛོད་ཆེན་པོའི་དཔེ་ཆ་བསླུ་བ་དང་། ཙཀ་ལི་དཀྱིལ་ཐང་བཞེངས་མཛད་ནས་མཆོག་སྤྲུལ་རིན་པོ་ཆེ་མི་འགྱུར་ནས་རོང་ཕྱོགས་སུ་གཏེར་མཛོད་ཀྱི་དབང་ལུང་ལན་གཉིས་ཙམ་གནང་། བླ་གྲྭ་རྣམས་ནས་རྩ་གསུམ་བསྙེན་པ་ཁས་ལེན་བགྱིད་མཁན་ཆིག་སྟོང་དྲུག་བརྒྱ། རྩ་གསུམ་རེ་རེ་ནས་བསྙེན་པ་དུང་ཕྱུར་ཁས་ལེན་མཁན་སུམ་བརྒྱ། ཕུར་པ་དང་ཕྱག་རྡོར་བསྙེན་པ་ཁས་ལེན་པ་བརྒྱ་ཕྲག་གཉིས། ཚེ་ཐར་འབུམ་ཕྲག་གསུམ་དང་ལྔ་སྟོང་ཁྱིམ་པ་རྣམས་ནས་ཀྱང་རང་མཁོས་དང་བསྟུན་པའི་དགེ་སྒྲུབ་སྡིག་སྤོང་རི་རྒྱ་དང་ཀླུང་རྒྱ། ཁ་བ་དཀར་པོའི་གནས་བསྐོར་འགྲོ་མཁན་རྣམས་ལ་འཕྲོག་བཅོམ་མི་བྱེད་རྒྱུའི་ཁས་ལེན་སོགས་བགྱིད་བཅུག །ཕྱོགས་དེའི་

(༢༤༣)རྒྱལ་ངན་ཞིག་ཀྱང་དམ་ལ་བཞག །དེ་ནས་སྤུང་རི་དང་སྦྲ་ཁོལ་རི་སོགས་ནས་གདན་ཞུ་རིམ་པར་འབྱོར་ཡང་དབྱར་ཁ་ཡིན་པས་ས་སྨད་ཀྱི་ཚ་བ་ལ་འཇིགས་ནས་འགྲོ་རྒྱུ་བྱོལ་ཏེ་སྒར་ཡར་བཏེགས་པའི་ལམ་ཞོར་ལ་ཡ་སོ་དགོན་དུ་ཕྱིན་རྗེ་མཁྱེན་བརྩེའི་ཞལ་སློབ་མཁྱེན་རྟོགས་གྲུབ་པའི་དབང་པོ་བླ་མ་ཡོན་ཏན་རིན་པོ་ཆེའི་གདུང་རྟེན་ལ་རབ་གནས་བགྱིས། དེ་རྗེས་མཚེ་ཕུ་དགོན་དུ་འབྱོར། ཡ་པོ་དགོན་པའི་སྤྲུལ་སྐུ་བློ་གྲོས་རྒྱལ་པོས་ཁུར་འཛིན་གནང་ནས་འདུས་པ་བརྒྱ་ཕྲག་ཕྱེད་དང་གཉིས་ལ་ཟླ་བ་གཅིག་གི་བར་ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་བཀའ་ཕལ་ཆེར་དང་། འདོད་འཇོའི་བུམ་བཟང་གི་དབང་ལུང་ཡོངས་རྫོགས་བཅས་བགྱིས། དེའི་རིང་ལ་ཞབས་བརྟན་དུ་དམིགས་པའི་ཡིག་བརྒྱ་འབུམ་ཕྲག་བརྒྱ་དང་བཅོ་ལྔ། ཚེ་ཐར་མང་པོ། ཀློང་སྙིང་རྩ་གསུམ་བསྙེན་པ་གྲངས་ཐེམ་གྱི་དམ་བཅའ་འབུལ་བ་དྲུག་ཅུ་སྐོར་དང་། སྨིན་གླིང་རྡོར་སེམས་ལ་བསྙེན་པ་དང་། དེ་ཉིད་རྒྱུན་གྱི་ཐུགས་དམ་འཛིན་པའི་དམ་བཅའ་དང་། ཡིག་དྲུག་དུང་ཕྱུར་གྱི་དམ་བཅའ་འབུལ་མཁན་དྲུག་ཅུ་སྐོར་བྱང་དགོན་དང་འདི་གཉིས་བར་

(༢༤༤)ལ་ཡིག་དྲུག་དུང་ཕྱུར་ཁས་ལེན་མཁན་སུམ་བརྒྱ་ཡར་བརྒལ་བྱུང་། ཞེ་དགུའི་ལོ་དེར་སྐྱབས་རྗེ་རིན་པོ་ཆེས་རང་ལ་འཚུབ་ཆ་ཡོད་ཚུལ་གྱི་བཀའ་བརྟགས་ཕེབས་དོན་བཞིན་རང་མལ་དུ་བཅད་རྒྱའི་ཁུལ་གྱིས་ཞུགས་ནས་རིན་ཆེན་གཏེར་མཛོད་དུ་བཞུགས་པའི་རྩ་གསུམ་གྱི་བསྙེན་པ་ཕལ་ཆེར་ཉིན་མཚན་སྦྲེལ་ནས་བཏང་བ་ལས། དང་པོ་བླ་སྒྲུབ་ཐམས་ཅད་ཀྱི་རྒྱལ་པོ་བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ལས་སྦྱོར་བཅས་ཕྱག་བཞེས་བཞིན་བཏང་བའི་སྐབས་ཤིག་ན་རྨི་ལམ་དུ་ལྷོ་བྲག་ལ་ཡག་གུ་རུ་ལྷ་ཁང་དང་ཉེ་བའི་ཐང་ཞིག་ན་བདག་གུ་རུ་ཆོས་དབང་ཡིན་རྒྱུ་བར་ཞབས་ཕྱི་སྲས་པདྨ་དབང་ཆེན་ཁྲིད་དེ་སྐྱོ་བསང་ལ་ཕྱིན་པའི་སྣང་བར་ཨ་ཙ་ར་རས་གཟན་དཀར་པོ་དཀྲིས་ཤིང་ཁུར་རྩ་ཆེན་པོ་ཅན་ཞིག་ཡ་ཀི་ཐང་སྟོད་ནས་བྱུང་བ་ངེད་དང་འཕྲད་པས་གུས་འདུད་བཅས། བདག་ཁྱེད་ལ་གུ་རུ་རིན་པོ་ཆེས་བཀའ་རྒྱ་འདི་སྐྱེལ་མཁན་བཏང་བྱུང་བས་དར་གཅིག་བཞུགས་དང་ཟེར། དེར་ཡུད་ཙམ་བསྡད་པ་དང་ཁུར་རྩ་དེ་ཕྱེ་ནས་རྒྱ་ལུགས་ཀྱི་མགོ་ཚེལ་འདྲ་བ་མང་པོ་བླངས་ཏེ་གཏད་བྱུང་བར། གཅིག་ན་གུ་རུའི་རྩ་ཚིགས་ཀྱི་ཡི་གེ་བྱ་བ་མི་ཚེ་གཅིག་ལ་བགྱིད་དགོས་རིགས་ཀྱི་ཡི་གེ་དང་ལུང་

(༢༤༥)བསྟན་ཁ་ཤས་དེའི་མཇུག་ཏུ། ས་ཐག་རིང་དུ་མི་འགྲོ་བ་འདི་དང་། ཡོ་བྱད་ལ་ཆགས་སེམས་མེད་པར་མཆོད་སྦྱིན་གྱི་ཕྱོགས་སུ་གཏོང་བ་དང་། གུ་རུ་ལ་མོས་པ་མི་ལོག་པར་བྱ་བ་དང་། ཚོགས་བསགས་པའི་ཡུལ་བླ་མ་ཡིན་པར་ཤེས་པ་དང་། ཚེས་བཅུའི་དུས་མཆོད་མ་ཆགས་པར་བྱ་བ་འདི་དང་ལྔའོ་ཞེས་པ་སྣང་། ཡང་གཅིག་ན་ཆོས་དབང་གི་སྐྱེས་རབས་ཉེར་ལྔ་གསལ་བ་གཅིག་སྣང་། སྐྱེ་རབས་རེ་རེ་བཞིན་འགྲོ་དོན་དང་ཕྲིན་ལས་གདུལ་བྱ་རྒྱ་ཆེ་ཆུང་རྣམས་བཤད་པའི་ངེད་བཅུ་དགུ་པར་བབས་འདུག །ཕྲན་གྱི་ངོ་སྐལ་གདུལ་བྱ་རྒྱ་ཆེར་མི་སྣང་། སྐྱེས་རབས་གཞན་རྣམས་འགྲོ་དོན་ཕྲིན་ལས་ཤིན་ཏུ་རྒྱ་ཆེར་ཡོད་པ་ཞིག་འདུག །དེ་འཕྲལ་བླ་མ་དགོངས་པ་འདུས་པའི་ལས་བྱང་ཚ་བ་དམར་ཐག་གི་སྟེང་ནས་སྔར་ཀཿཐོག་ཏུ་བསྙེན་པ་བཏང་ཟིན་པས། འདིར་ནི་ལས་བྱང་མེ་ཏོག་ཕྲེང་མཛེས་ལ་བརྟེན་བསྙེན་པ་བཏང་བའི་མཚམས་ཤིག་ནས་དགོངས་འདུས་གཙོ་དགུའི་ལྷ་སྣང་ཉིན་མཚན་མེད་པར་བྱུང་ཞིང་། སྲུང་མ་དགོངས་བཙན་དང་ཤ་ཟ་ཁ་མོ་ཆེས་ཀྱང་དགོངས་འདུས་ཀྱི་བསྟན་པ་སྤེལ་དགོས་པར་བསྐུལ་མ་ཡང་བྱུང་། དེ་ནས་རྡོ་རྗེ་སྙིང་པོའི་ཆོས་

(༢༤༦)བཀའ་མི་འཁྲུགས་པའི་བསྙེན་པ་བཏང་བས་ཤར་ཕྱོགས་ཐམས་ཅད་སངས་རྒྱས་མི་འཁྲུགས་པའི་ཞིང་གི་བཀོད་པ་མདོ་ནས་ཇི་སྐད་བཤད་པ་བཞིན་མཐོང་། སྟོན་པ་མི་འཁྲུགས་པའི་སྐུ་ལས་འོད་ཟེར་སྔོན་པོའི་སྣང་བས་ཁམས་གསུམ་ཐམས་ཅད་ཁྱབ་པས་ངན་སོང་གི་གནས་ཕལ་ཆེར་སྦྱངས་ནས་ཐམས་ཅད་མི་འཁྲུགས་པའི་བཀོད་པར་ཤར། དེ་བཞིན་གཤེགས་པའི་ཞལ་ནས་མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་གསུང་ནས་དེའི་ཆོ་ག་ཚུལ་བཞིན་བགྱིས་པ་ལྟ་ཅི་ཐ་ན་གསང་སྔགས་ཀྱི་བྱིན་གྱིས་བརླབས་པའི་བྱེ་མས་རེག་པ་དང་། གཟུངས་སྔགས་ཙམ་བརྗོད་པ་དེའི་སྒྲ་ཐོས་པ་ཚུན་ཆད་ངན་སོང་གི་སྐྱེ་སྒོ་ཆོད་ནས་སངས་རྒྱས་མི་འཁྲུགས་པའི་ཞིང་དུ་སྐྱེ་བའི་ལུང་བསྟན་ཐོབ། དེ་ནས་བཟུང་ཕྱི་ནང་གི་སྲིན་བུ་མི་འབྱུང་ཞིང་སྐབས་སུ་ཡང་ཡང་ཞིང་དང་སྟོན་པའི་སྣང་བ་འཆར་ཞིང་ལོག་པར་ལྟུང་བ་མགོན་མེད་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཤུགས་འབྱུང་དུ་སྐྱེ་ཞིང་། བཟོད་པའི་ཕར་ཕྱིན་ལ་རང་བྱན་ཚུད་པར་བྱུང་། དེ་ནས་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་རང་ཤར་གཉིས་ལ་བསྙེན་པ་ལས་རུང་ཙམ་བཏང་། ཕུར་པ་ཆོས་དབང་སྤུ་གྲི། སངས་གླིང་ཐུགས་ཀྱི་ཉིང་ཁུ། པད་གླིང་སྤུ་གྲི། བྱང་གཏེར་སྤུ་གྲི་སྟེ་སྤུ་གྲི་རྣམ་གསུམ་དང་

(༢༤༧)རང་གླིང་ཡང་གསང་བླ་མེད། ཉང་གཏེར་ཁྲོས་ནག །རྗེ་མཁྱེན་བརྩེའི་ཡང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་བཅས་ཀྱི་བསྙེན་པ། ར་ཤག་མ་མོ་སྒང་ཤར་ལ་བསྙེན་པ་བཏང་བའི་སྐབས་སུ་འཚུབ་སློང་ཤིན་ཏུ་ཆེ་ཞིང་དངོས་གཟུགས་ཀྱི་བུད་མེད་མང་པོ་འདུ་བ་དང་མིང་ནས་འབོད་ཅིང་སྒྲ་སྐད་སྣ་ཚོགས་ཐོས་པ་སོགས་ཕལ་ཆེར་མཐོང་སྣང་ཐུན་མོང་བར་བྱུང་། དེ་ནས་གཤིན་རྗེ་ཚེ་བདག་གི་བསྙེན་པ་ཞི་དྲག་གཉིས་སྔར་ལན་མང་བསྐྱར་ཟིན་པས། འདི་ནས་གཤིན་རྗེ་ཀིང་ཀང་དམར་ནག་གཉིས་འཆར་ཀ་ཡང་བཟློག་རྒྱལ་མཆོག་ལྔ་པ་ཆེན་པོའི་ཆོག་བསྒྲིགས་སྟེང་ནས་བསྙེན་པ་བཏང་བའི་མཇུག་ཏུ། ཉམས་ཀྱི་སྣང་ཆར་ཕོ་བྲང་ཆེན་པོ་པོ་ཏ་ལར་རྒྱལ་དབང་ལྔ་པ་ཆེན་པོ་དང་མཇལ། དགྱེས་པའི་གསུང་གིས་ལེགས་པོའི་དབུགས་དབྱུང་དང་འཇའ་ས་ཤེལ་བམ་ཆེན་པོ་གཅིག་གི་ངོས་རིས་ཀྱི་ཡི་གེ་ལ་ཟིལ་གནོན་དགྱེས་པ་ཕྲིན་ལས་གྲུབ་པ་རྩལ་ཞེས་པའི་ཐམ་ཀ་གནང་བ་ཤར་བས་ཚེ་འཕྲང་ལས་གྲོལ་བའི་རྟགས་མཚན་དུ་ངེས་པ་ཐོབ། དེ་ནས་མཚན་མོའི་ཐུན་སྨད་ཐམས་ཅད་དུ་འབྲུ་གསུམ་རྡོ་རྗེའི་སྒྲ་གདངས་ཀྱིས་བཟླས་པ་བྱང་བར་བྱས་པས་རླུང་ཐམས་ཅད་དབུ་མའི་

(༢༤༨)དབྱིངས་སུ་འབྱུང་འཇུག་གནས་གསུམ་གྱི་རྟགས་ཐུན་མོང་མིན་པ་རང་གིས་མྱོང་བས་ངེས་པ་འདྲོངས། དེ་སྐབས་ན་ཆོས་རྒྱལ་ལུང་བསྟན་རྡོ་རྗེའི་ཞལ་མཐོང་། སྒྱུ་འཕྲུལ་གྱི་ལམ་རྣམ་བཀོད་དང་ཨོ་རྒྱན་མཁན་པོའི་གསུང་། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་གཉིས་ཟུང་དུ་བསྡེབས། དེ་དང་མཉམ་དུ་བཅུ་དགུའི་གྲངས་ལྡན་གྱི་རྡོར་དྲིལ་སྤུས་ལེགས་བཅས་གནང་ནས་ཆོས་ཀྱི་བདག་པོར་མངའ་གསོལ་བའི་དབུགས་དབྱུང་ཐོབ། དེར་བརྟེན་སྙིང་ཐིག་གཏུམ་མོའི་རྣམ་བཤད་དང་། འཁྲུལ་འཁོར་གཉིས་ཡིག་འཇོག་བྱས་དེ་ནས་སངས་རྒྱས་གླིང་པའི་ཚེ་སྒྲུབ་ཉི་ཟླའི་རྒྱ་ཅན་དང་། རད་གླིང་ཚེ་སྒྲུབ་ཀྱི་བསྙེན་པ་བཏང་བས་གནས་ཁང་ནང་དྲི་བཟང་གིས་ཁྱབ་པ་དང་གཏོར་མ་བདུད་རྩིར་ཞུ། ཚེ་བུམ་གྱི་སྟེང་ནས་ཚེ་དཔག་མེད་པའི་ཞལ་མཐོང་ཞིང་བྱིན་གྱིས་བརླབས་པ་བྱུང་། དེ་ནས་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ལ་བསྙེན་པ་བསྐྱལ་སྐབས་ཀུན་མཁྱེན་ཆེན་པོའི་སྐུའི་སྣང་བ་མཇལ་གསུང་ལས། ད་རེས་རྫོགས་པ་ཆེན་པོའི་གྲུབ་མཐའི་གནད་གསལ་བར་བྱེད་པའི་བསྟན་བཅོས་ཞིག་བརྩམས་ན་སྔར་ཙཱཻརྒྱའི་མཆོད་རྟེན་གྱི་རྡུལ་སྙེད་ཀྱི་སེམས་ཅན་གྱི་དོན་འབྱུང་བའི་ལུང་

(༢༤༩)བསྟན་དུས་སུ་བབ་འདུག་པས་རྫོགས་པ་ཆེན་པོའི་གནད་སློང་བ་ཞིག་དགོས་ཞེས་བཀས་གནང་བ་ཐོབ་པའི་རྐྱེན་གྱིས། བླ་མ་ཡང་ཏིག་གི་གཉིས་ཀའི་ཡང་ཡིག་གི་འགྲེལ་པ་ཉི་མའི་སྣང་བ། རྫོགས་ཆེན་མ་བུའི་ལྡེའུ་མིག་ཀུན་བཟང་ཐུགས་ཀྱི་ཌཱིཀ །ཐོད་རྒལ་གྱི་སྙན་བརྒྱུད་མཁའ་འགྲོའི་ཐུགས་ཀྱི་ཏིལ་ཀ་རྣམས་བརྩམས་འཕྲལ་མཚམས་གྲོལ། དེ་ནས་ཀཿཐོག་བསྒྲིགས་ལམ་གྱི་དབུར་འོང་དགོས་པའི་ལྷན་རྒྱས་ཀྱི་ཞུ་ཤོག་འབྱོར་བ་བཞིན་སོང་ནས་དེར་བླ་མ་དགོངས་འདུས་སྒྲུབ་ཆེན་ཚུགས། དངོས་གྲུབ་ལེན་ཆོག་གི་དུས་ཐ་མལ་གྱི་སྣང་ཤེས་ཆོས་ཉིད་དུ་དེངས་ནས་རིག་པ་རྟོག་མེད་དུ་རེ་ཞིག་འབྱམས་ཀླས། སླར་ཡང་དེ་ལས་ཕྱིར་གསལ་གྱི་སྣང་ཆར་སྔར་གུ་རུ་རིན་པོ་ཆེས་དཔལ་གྱི་བསམ་ཡས་མཆིམས་ཕུར་རྗེ་འབངས་འདུས་པ་ཕྱི་མའི་སྐོར་ལ་བླ་མ་དགོངས་འདུས་ཀྱི་དབང་དང་། རྒྱུད་ལུང་མན་ངག་ལྷག་ལུས་མེད་པར་མནོག་ཆོས་སུ་རྩལ་དུས་ཀྱི་སྣང་བ་ཤར། དངོས་གྲུབ་ཀྱི་རྫས་འབུལ་བའི་བླ་མ་རྣམས་ཀྱང་དགོངས་འདུས་པོད་བཅུ་གསུམ་གྲངས་ངེས་ཀྱི་མཁའ་འགྲོ་མ་ཤ་སྟག་ཏུ་ཤར་ནས་དེ་དག་ལས་ནང་དབང་ལེན་པ་ལས་གཞན་ཅི་ཡང་མ་ཤར་བས་བླ་མ་དགོངས་

(༢༥༠)འདུས་འདི་བྱིན་རླབས་ཀྱི་བབས་ཁྱད་པར་ཅན་དུ་རྟོགས། འདི་དུས་རང་ཉིད་སངས་རྒྱས་གླིང་པའི་བླ་མ་ཆོས་ཀྱི་བློ་གྲོས་ཡིན་པའི་གསལ་སྣང་ཞིག་ཀྱང་བྱུང་། བསྒྲིགས་གྲྭ་གྲོལ་ནས་ཚུར་རང་གི་རི་ཁྲོད་དུ་འོང་བའི་ར་སྐྱེས་ཤེལ་གྱི་གནས་འདབས་སུ་ཞག་ཚུགས་བགྱིས་པས་མཚན་མོར་གསལ་སྣང་ཞིག་ལ་མདོ་སྒྱུ་སེམས་གསུམ་གྱི་བཀའ་བབས་བར་མར་གྲགས་པ་གནུབས་ཆེན་རིན་པོ་ཆེས་རྗེས་སུ་བཟུང་ཞིང་མདོའི་འགྲེལ་པ་རྒྱལ་པོ་ཛའི་གསུང་ལུང་བསྟན་མ་དང་། རྒྱུད་སྤྱི་མདོ་དགོངས་འདུས་རྫོགས་ཆེན་བསམ་གཏན་མིག་སྒྲོན་བཅས་བསྩལ་བའི་སྣང་བ་ཤར། དེར་བརྟེན་གནུབས་ཆེན་གྱི་བླ་སྒྲུབ་དང་དེའི་ཁྲིད་ཉུང་བསྡུས་ཤིག་ཀྱང་བྱས། རྒྱུད་དོན་ལའང་གོ་བ་ལམ་ཙམ་ཆགས་པ་འདི་གནུབས་ཆེན་གྱི་བྱིན་རླབས་ཡིན་པར་ཤེས་སོ། །ཞེ་དགུའི་ཚེ་འཕྲང་ལ་ཁེལ་དུས་གེགས་འཚུབ་ཆེན་པོ་ཞིག་བྱུང་ཀྱང་། དཔལ་ཡུལ་པད་ནོར་རིན་པོ་ཆེ་དབུས་ཚོགས་པ་བྱིངས་ནས་བཀའ་འགྱུར་དག་ཚར་གསུམ། བརྒྱད་སྟོང་པ་བརྒྱ་ཚར་གསུམ་ཕུར་བསྙེན་དུང་ཕྱུར་གསུམ། ཚེ་བསྙེན་དུང་ཕྱུར་གསུམ། སེང་གདོང་བསྙེན་པ་དུང་གཅིག །བཀའ་བརྒྱད་ཁྲམ་ཕྱིས་སུན་བཟློག་དང་འབྲེལ་པའི་ཚོགས་འབུམ། མ་མགོན་གཡུལ་

(༢༥༡)མདོས། སྒྲོལ་མ་གཡུལ་མདོས། མ་ཏིའི་སེང་གདོང་ཁྲི་བཟློག །སློབ་མ་སོ་སོ་ནས་གོ་བྲག་སྤོ་ཉག་དཔལ་ཡུལ་སྡེ་ཁུལ་བཅས་ནས་ཚེ་ཐར་ཁྲི་གསུམ་དང་། ཆོས་སྟོང་། ཚིག་བདུན་གསོལ་འདེབས་འབུམ་ཕྲག་བརྒྱ། རང་གླིང་ཚེ་སྒྲུབ་བསྙེན་པའི་ཞབས་བརྟན་འབུལ་མཁན་ཉི་ཤུ་སྐོར་བྱུང་། གྲྭ་ལག་དགོན་ནས་ཕྱག་ཚ་མཆོག་སྤྲུལ་རིན་པོ་ཆེས་ཞབས་བརྟན་དུ་ཡིག་བརྒྱ་དུང་ཕྱུར་གཅིག་འགྲོ་ངེས་ཀྱི་དུང་འཁོར་བཞེངས། ཚོགས་པ་སྤྱི་ནས་རྒྱལ་བཀའ་དག་ཚར་གསུམ། ཕུར་བསྙེན་དུང་གསུམ། བཛྲ་གུ་རུ་དང་སེང་གདོང་བསྙེན་པ་དུང་རེ་རེ། བསམ་ལྷུན་དང་བར་ཆད་ལམ་སེལ་འབུམ་ཕྲག་རེ། བཀའ་བརྒྱད་ཁྲམ་ཕྱིས། རྩ་གསུམ་ཚོགས་འབུམ། སློབ་མ་ཁག་སོ་སོ་ནས་རྩ་གསུམ་དང་ཚེ་སྒྲུབ་བསྙེན་པ་འབུལ་མི་མང་པོ། ཟླ་ཡུལ་སྟོད་སྨད་ཀྱི་ཁྱིམ་པ་སོ་སོ་ནས་ཚེ་བསྙེན་དུང་གསུམ། ཚེ་ཐར་སྟོང་ཕྲག་གསུམ། ཨ་བསྭེ་དྷེ་ལ་ཤོག་ནས་ཚེ་བསྙེན་དུང་ཕྱུར། ཚེ་ཐར་སུམ་བརྒྱ། སཱཙྪ་འབུམ་ཕྲག །གུ་རུའི་སྐུ་འབུམ་ཕྲག་བཅས་ཀྱི་ཞབས་བརྟན་ཕུལ། ཕྱག་ཚ་མཆོག་སྤྲུལ་རིན་པོ་ཆེས་མགོ་

(༢༥༢)གསེར་གྱི་ཡུལ་གྲུ་སོ་སོར་བཀའ་ཁྱབ་གནང་དོན་ཚེ་ཐར་སྟོང་ཕྲག་ལྔ་བྱུང་བའི་ཞུ་ཡིག་དཔོན་ཁག་སོ་སོ་ནས་འབྱོར་བས་དེ་དག་གི་བདེན་མཐུས་རེ་ཞིག་གེགས་འཕྲང་ལས་ཅི་བདེར་གྲོལ་བ་ལགས་སོ། །དེ་ནས་ལྗོན་པ་ལུང་གི་རི་ཁྲོད་ནས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ནང་ཚན་ཁྲོ་བོ་མི་གཡོ་བའི་སྐུ་རྟེན་དང་། གསུང་རྟེན་དུ་རྒྱུད་ཚར་ལྔ་རྡོ་ལ་བསྐོས། བསྙེན་པ་བསྐྱར་སྐབས་ཤིག་ཏུ་ཇོ་བོ་ཡབ་སྲས་ཀྱི་སྐུའི་སྣང་བ་མཇལ་ཞིང་གསུང་བྱོན་པར། ཐིག་ལེ་རེ་རེ་ནས་འཇུག་པ་ཇི་བཞིན་མ་ཡིན་པས་ཐིག་ལེ་བཞི་འབྲེལ་དུ་འཛམ་གླིང་དག་པའི་ཐིག་ལེའི་གཞིར་དབུ་རུ་པ་ཡི་ཐིག་ལེ་རྒྱལ་བ་འབྲོམ་སྟོན་པའི་ཐུགས་ཀྱི་ཐིག་ལེར་ཁྲོ་བོ་མི་གཡོ་བ་གསལ་བའི་ཐུགས་ཀར་བསམ་གྱིས་མི་ཁྱབ་པ་ཆོས་སྐུའི་ཉམས་ལེན་གྱི་ཐིག་ལེ་བཞི་བསྒྲགས་སུ་ཉམས་སུ་ལེན་དགོས་ཚུལ་གྱི་བཤད་པ་དམར་འབྱིན་དུ་གནང་། དེ་བཞིན་བསྙེན་པ་བཏང་ཚུལ་གྱི་ཡི་གེ་ཞིག་ཀྱང་བྱས། དེ་ནས་རང་ལོ་ལྔ་བཅུ་རྩ་གཅིག་པ་སྦྲུལ་གྱི་ལོར་སྨར་ཁམས་ཕྱོགས་ནས་དབུས་མདའ་ཤེལ་གླིང་སྲས་དང་། སྤོམ་མདའ་བུ་གཉིས་གཙོས་གདན་འདྲེན་སྔ་

(༢༥༣)ཕྱིར་བྱུང་བ་དོན་ཡོད་པའི་ཕྱིར་སྨར་ཁམས་སུ་སྒར་བཏེགས། ཐབ་བསུ་དང་རྟ་བསུ་རིམ་པར་སླེབས་སྒར་ཐོག་ཏུ་འབྱོར་ནས་ཞག་ཤས་ངལ་གསོས། ཁོང་ལྕམ་དྲལ་རྣམས་བསྐལ་མང་རྣམ་དཀར་གྱི་འབྲས་བུ་དུས་སུ་སྨིན་པས་བསྐུལ་ནས་རིན་ཆེན་གཏེར་མཛོད་ཆེན་མོ་འཛུགས་དགོས་ཚུལ་ནན་ཏན་ཕེབས་པས་ཐུགས་བཞེད་སྐོང་ཕྱིར་སྒར་རང་དུ་གཞུང་པ་ཆེན་པོའི་དམག་བྱིངས་ཆེ་སྟབས་ཀྱིས་གུ་དོག་པས་སྒྲུབ་ཆེན་ལུགས་རྒྱལ་ཆེན་ཐོ་འཛུག་སོགས་མ་བདེ་བས། གསང་ཕུའི་ཀླུ་རའི་འདུ་ཁང་དུ་གནས་སྤོས་ཏེ་ཀློང་ཆེན་སྙིང་ཐིག་གི་དབང་ལུང་དང་མཚམས་ཁྲིད་རྒྱས་པ་བཅས་ཕུལ། ཁོང་རྣམས་ནས་དབང་ལུང་ཕྱི་མ་གསན་པའི་ཞོར་ལ་སྔོན་འགྲོའི་སྦྱངས་པ་རྣམས་ཅི་ཐོན་གནང་། དེ་ནས་སྙིང་ཐིག་མ་བུའི་དབང་ལུང་། ཀུན་མཁྱེན་མཛོད་བདུན་གསུང་འཐོར་བུ་བཅས་ཀྱི་ལུང་། སེམས་ཉིད་ངལ་བསོའི་གཙོས་ངལ་བསོས་སྐོར་གསུམ་ཁྲིད་དེའི་ཁོངས་སུ་དངོས་གཞིའི་ཁྲིད་དང་། ཡེ་ཤེས་བླ་མ་བཅས་ཀྱི་ཁྲིད་རྫོགས་ནས་གཏེར་མཛོད་ཀྱི་དབང་གི་སྟ་གོན་སྣ་སེལ་ཚུལ་དུ་རྒྱལ་བཀའ་དག་ཚར། བརྒྱད་སྟོང་ཅི་མང་དང་སྔ་ཕྱིར་ཡིག་བརྒྱ་འབུམ་ཕྲག་བརྒྱ་ལྷག་ཙམ་བསྒྲུབས་དེ་འཕྲལ་

(༢༥༤)ཕྱོགས་འདུས་ཀྱི་གཏེར་མཛོད་དབང་ལུང་ཞུ་མཁན་རྣམས་འཚོགས་ནས་རིགས་བརྒྱའི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཆེན་གྱི་དབུ་བཙུག །རྒྱལ་ཆེན་ཐོ་འཛུག་ནང་དུ་ཚོགས་པ་ཐམས་ཅད་ཚུད་པར་བྱས་ཤིང་དམ་སྲི་མནན་པ་སྒོ་བྱང་ཕྱི་ནང་སོགས་སྔོན་འགྲོའི་ཆོས་རྣམས་ལེགས་པར་གྲུབ་པ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན། སྒྲུབ་བུམ་གྱིས་གཅོས་རྒྱན་དང་ཡོ་དཔྱད་འགོད་པ་སྔོན་དུ་འགྲོ་བས་སྒྲུབ་གཞུང་ཞག་བདུན་གྱི་ཁོངས་སུ་གྲུབ་པར་བགྱིས། དེ་ནས་ནང་སྒྲུབ་དབང་དང་འབྲེལ་བ་བླ་མ་གསང་བ་འདུས་པའི་དབང་དང་རྡོར་སེམས་དབང་སྦྲེལ་ཏེ་བསྐུར། གཙོ་བོ་རྡོར་སེམས་ཀྱི་དཀྱིལ་འཁོར་ལ་རྡུལ་ཚོན་དང་། གཞན་རྣམས་རས་འབྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་ཁྲིད་རྣམས་བརྒྱུད་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་ཞིབ་ཆ་བགྱིས་ཏེ་ཕུལ། ལུང་རྣམས་སྤྲུལ་སྐུ་འགྱུར་མེད་རྡོ་རྗེས་གནང་ནས་ཟླ་བ་ལྔའི་ཁོངས་སུ་གྲུབ་པར་བགྱིས། འདི་དག་གི་དུས་སྒྲུབ་ཆེན་དབུ་འཛུག་ཉིན་འཇའ་ཚོན་གྱི་གུར་ཕུབ་པ་དང་ས་གཡོ་བ་སོགས་བྱུང་གཏེར་མཛོད་དབང་སྔ་ཕྱི་གསུམ་ཀ་ལ་ས་གཡོ་བ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། སྐབས་ཤིག་ན་ངལ་བསོའི་ཆོས་མཚམས་འཇོག་སྐབས་ཚོགས་གཏོར་རྒྱས་པ་བཏང་

(༢༥༥)དངོས་རོལ་སྡེ་དགུ་རྗེས་འབྲང་བཅས་ཀྱི་གསོལ་ཀ་མཐར་ཆགས་སུ་བཏང་བའི་མཆོད་གཏོར་བསང་ནང་དུ་བཏེགས་དུས། ཚོགས་པ་ཐམས་ཅད་ཀྱིས་མཐོང་སྣང་ཐུན་མོང་དུ་ནམ་མཁའི་དབྱིངས་ཐམས་ཅད་འཇའ་ཚོན་ཟླུམ་པོའི་གུར་ཕན་ཚུན་དུ་འབྲེལ་ཞིང་དེ་དག་ལས་ས་གཞི་ལ་ཟུག་པའི་འཇའ་ཚོན་རྒྱལ་པོ་བཙུན་མོའི་རྣ་ཆ་འདྲ་བ་དང་། འཕན་གདུགས་རྒྱལ་མཚན་སོགས་མཆོད་རྫས་ཀྱི་དབྱིབས་ཅན་དུ་མ་དང་། སྟེང་གི་འཇའ་གུར་ན་སྤྲིན་མི་རྟའི་གཟུགས་ཅན་ཕན་ཚུན་དུ་རྒྱུག་པའི་རྣམ་པ་སོགས་སྣང་ཞེས་ཐམས་ཅད་ལ་གླེང་རྒྱུ་བྱུང་། དེའི་རྐྱེན་གྱིས་དེ་ཕྱོགས་སྐྱེ་བོ་ཕལ་ཆེར་ངོ་མཚར་དུ་བརྩི་བས་དབང་གི་འདུ་བའང་ཤིན་ཏུ་རྒྱས། གཞན་ཡང་གཏོར་མ་ལ་སྤྲ་ལོ་འདྲ་བའི་མེ་ཏོག་སྐྱེས་པ་དང་། མར་མེ་ཆུང་ངུས་ཉིན་མཚན་འཁྱོངས་པ། བདུད་རྩི་ཁོལ་པ་སོགས་མང་དུ་བྱུང་། དབང་ལུང་གི་སུམ་ཆ་ཙམ་རྫོགས་པའི་ཟླ་བ་ལྔ་པའི་ཚེས་བཅུའི་ནུབ་ཉམས་ཀྱི་སྣང་ཆར། དཀྱིལ་འཁོར་ཀྱི་ལྷོ་ཕྱོགས་ནས་མཁའ་འགྲོ་མ་པདྨ་མྱུ་གུ་བདེ་བ་རྩལ་ན་བཟའ་དང་སྐུ་ཉམས་ཞེན་སེ་བ་ཞིག་བྱུང་། དེ་ལྟར་ཕེབས་པ་ཅི་ལགས་སྨྲས་པས། ཉིད་དཔོན་

(༢༥༦)སློབ་ཀྱི་གཏེར་མཛོད་ཚོགས་བསྐང་རྒྱ་ཆུ་བས་ལན། ཁྱེད་ལ་ཨ་མས་ད་ལམ་འཕྲད་དགོས་པའི་ཆ་སྐྱེལ་བ་ལ་བཏང་བ་ཡིན་ཟེར་བའི་མུར་མ་རྒན་དང་འཕྲད་འདོད་ཞིག་ཀྱང་སྐྱེས་ངེད་ཀྱི་ཨ་མ་གང་དུ་ཡོད་བྱས་པས་ས་ཐག་རིང་ཞིག་ན་ཡོད་ཟེར། འདི་དུས་རྐང་འབམ་ཕྱིར་ལྡང་གིས་འགྲོས་མི་ཕེར་བས་རྨི་ལམ་སྐབས་ཀྱང་དེའི་བག་ཆགས་ཀྱིས་འགྲོ་དགོས་ཚེ་ཅི་བྱེད་སྙམ་པ་དྲན་ཙ་ན། རྐང་འགྲོས་མི་དགོས་འདི་བཞིན་ཕེབས་ཆོག་ཟེར་ཁོང་བྱ་རྒོད་ཞིག་ཏུ་གྱུར་ཏེ་འཕུར་བ་དང་། བདག་ཀྱང་དེ་འདྲ་བར་གྱུར་འཕྲལ་ནམ་མཁའ་ནས་སོང་སོང་བས་ལྷོ་མོན་གྱི་ཡུལ་དང་རྒྱ་གར་རྣམས་བཅད། རྒྱ་གར་དང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གཉིས་ཀྱི་མཚམས་རི་སྒང་འཇམ་པོ་ཐིག་ཤིང་ལྟར་དྲང་བ་ཞིག་གི་རྩེར་བབས། དེ་ཡང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནི་རྒྱ་ཆེ་ལ་མཐའ་མི་མངོན་པ་ཞིག་གི་དབུས་རྒྱལ་ཁབ་ཀྱི་ཕོ་བྲང་འདྲ་བ་བརྩེགས་ཐོག་མང་པོ་ཡོད་པ། རྩེ་ན་གྱོ་འབེབ་དང་། རྒྱལ་མཚན་བ་དན་དང་གདུགས་ཀྱི་རྣམ་པ་མང་པོས་བརྒྱན་པ་མཐོང་བས། མ་ཀི་རྒྱལ་ཁབ་ཆེན་པོ་དེ་རྒྱལ་པོ་སུའི་ཕོ་བྲང་དང་གྲོང་ལགས་ཞུས་པས་འདི་ནུབ་ཕྱོགས་ཨོ་རྒྱན་གྱི་

(༢༥༧)རྒྱལ་ཁབ་མཁའ་འགྲོ་འདུ་བའི་ཕོ་བྲང་བྱ་བ་ཡིན་ཟེར། འོ་ན་ཁྱོད་ཀྱིས་བདག་མགོ་བསྐོར་བ་མིན་ནམ། ངེད་ཀྱིས་ད་དུང་དབང་ཁྲིད་ཕལ་ཆེར་རྫོགས་མ་ཟིན། ལས་དང་སྐལ་བར་ལྡན་པ་འགའ་རེ་ལ་རྫོགས་པ་ཆེན་པོའི་ཁྲིད་ཀྱི་བྱ་བ་རྣམས་འཕྲོ་ལུས་ནས་ཡོད་པས་རེ་ཞིག་ང་མི་འགྲོ་བྱས་པས། ཁོང་གིས་སེམས་ཤིན་ཏུ་འཕྲེང་ཚུལ་མཛད། འོ་ན་ད་ལམ་ཕེབས་རྒྱུ་ཐུགས་བཞེད་མེད་ན་ཆོག །ཕྱིས་ཡུན་མི་འགོར་བར་འདིར་ཕེབས་དགོས་ཞེས་བྱ་རྒོད་ཞིག་ཏུ་གྱུར་ནས་རྩལ་ཅི་ཡོད་ཀྱིས་ཕོ་བྲང་ཆེན་པོ་དེར་གཏད་ནས་ཕེབས་སོང་འཕྲལ་ཉམས་སྣང་དེ་སད། ཕྱིར་ཉིན་ཚོགས་དང་བསྐང་བ་གཟབ་རྒྱས་ཞིག་བྱས། དབང་ལུང་གི་སྐབས་དེ་དག་ཏུ་དངོས་འབྱོར་གཟབ་རྒྱས་ཡིན་ཁུལ་གྱིས་ཚོགས་རྒྱས་པ་རེ་བཏང་ཡང་མཁའ་འགྲོའི་ཚོགས་མཉེས་པར་དཀའ། དངོས་འབྱོར་དང་ཡིད་སྤྲུལ་ཞེས་པའི་ཁུངས་དྲངས་ནས་ཟན་རིལ་ཆུང་ངུ་ཞིག་ལ་འདོན་རྒྱུའི་གྲངས་སྟོང་ཕྲག་ཁྲི་ཕྲག་སོགས་བཏང་བས་ཅི་ཡང་མི་འོང་བ་འདྲ། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས།

(༢༥༨)ཞེས་པ་ལྟར་ཚོགས་སོགས་པ་ལས་ཕྱིར་ཞིང་ཉམས་པའི་རྒྱུར་འགྲོ་སྟེ། ཉང་རིན་པོ་ཆེས་ཡས་ཉུང་ངུ་ལ་མགྲོན་མང་པོ་འབོད་པ་མི་མཉེས་པའི་རྒྱུ་ཡིན་གསུངས་པ་དང་ཕྱོགས་འདྲ་དེས་ན་ཏིང་ངེ་འཛིན་གྱིས་སྤྲུལ་པ་ཙམ་ཁུངས་སུ་མ་འདྲེན་པར་དངོས་འབྱོར་གྱི་མཆོད་པ་གཟབ་སྤྲོས་དགོས་པར་འདུག་སྙམ་ཤར། དེ་ནས་དབང་ལུང་གི་མཇུག་རྫོགས་ནས་གཏང་རག་གི་ཚོགས་མཆོད་གཟབ་རྒྱས་དང་། དངོས་འབུལ་ཡང་རིན་པོ་ཆེའི་རིགས་མང་པོ། བཟང་གོས། ཇ་པིག །རྟ་དྲིལ། ཤིང་འབྲས་སྣ་ཚོགས་སོགས་སྟོང་འབུལ་ཚན་མང་པོའི་བདག་རྐྱེན་གནང་། དེ་འཕྲལ་ལ་འོག་ཕྱག་མཛོད་ནས་གདན་འདྲེན་བྱུང་བས་དེར་ཕྱིན། ཐབ་བསུ་དང་དར་བཏང་མང་དུ་འབྱོར། བཙན་ཆེན་ཁྲོ་འབར་གྱི་ཕོ་བྲང་བྲག་རི་དམར་ཧང་ངེ་མཐོང་པ་ནས་བསང་བཏང་དུས་ལུས་སྦྲིད་ཆིལ་གྱིས་བྱུང་བའི་རྐྱེན་གྱིས་སེམས་གཟུང་འཛིན་གཡོ་བྱེད་དང་བྲལ་བའི་ངང་དུ་ཧ་ཕྱད་དེ་རེ་ཞིག་ལུས། དེའི་རྗེས་ཀྱི་སྣང་ཆར་མ་ཀི་ཁྲོ་འབར་གྱི་ཕོ་བྲང་ཕྱོགས་ནས་བཙན་གྱི་རིགས་བསེྭ་ཁྲག་དང་བསེྭ་རྨོག །རུ་དར་དང་བཞོན་པ་དམར་པོ་ཅན་མང་པོ་བསུ་བ་ལ་བྱུང་བས་

(༢༥༩)གསོལ་ཇ་དྲངས་པ་འཐུང་རྒྱུ་ལུས་ནས་ལྟད་མོ་ལ་ཡེངས་སོང་བས། ལ་འོག་དཔོན་མགོན་པོ་སྐུ་དྲུང་ན་འཁོད་པས་རིན་པོ་ཆེ་སྐུ་ལྟེམ་པ་མིན་ནམ་ཟེར། མིན་བྱས་པས་འོ་ན་གཟིགས་སྣང་ཞིག་བྱུང་བ་ལགས་སམ་ཟེར་ངས་གང་ཡང་མ་བྱུང་བྱས། དེར་ཁོང་གི་གཞིས་ཀར་སླེབས། ཆོས་ཞུ་བརྒྱ་སྐོར་ཙམ་ལ་གསོལ་ཕོག་དང་མཐུན་སྦྱོར་ཕུན་སུམ་ཚོགས་པ་གནང་། ཁོང་ལ་སྙིང་ཐིག་མ་བུ་དང་། མཛོད་ཆེན་བདུན། བྱང་གཏེར་གྱི་དབང་ལུང་ཁ་ཤས་དགོས་གསུངས་པར་ཁོང་གི་ཐུགས་བཞེད་བཞིན་དབང་ལུང་རྣམས་རིམ་བཞིན་ཕུལ་སྐབས་ནུབ་གཅིག་ཨོ་རྒྱན་གྱི་ཡུལ་དུ་འགྲོ་འདོད་པའི་རྐྱེན་གྱིས་སྒྱུ་ལུས་བཟུང་ནས་ཨུ་རྒྱན་མཁའ་འགྲོའི་གླིང་དུ་སོང་བས་མཁའ་འགྲོའི་རིགས་མ་ངེས་པ་སྣ་ཚོགས་བསུ་བ་ལ་བྱུང་བར། གླིང་བུ་དང་གཞས་བྲོའི་ངག་འདྲེས་པའི། རྟ་ལས་རིགས་འཛིན་གདུང་གླུ་ཞེས། །ལྱཱཻ་ཤག་རིགས་འཛིན་ལྱཱཻ་ཤག །ལྱཱཻ་ཤག་པདྨ་ལས་འབྲེལ་རྩལ་ལྱཱཻ་ཤག །ཅེས་པ་མཚམས་སུ་བཅུག་པའི་གླུ་ཚིག་ལ། བསམ་ཡས་ཆིམས་ཕུའི་དགེ་གོང་དེར། །པདྨ་ཐོད་ཕྲེང་ཞབས་དྲུང་དུ། །སྨོན་ལམ་གཅིག་ཏུ་མཐུན་པའི་བུ། །སྔོན་གྱི་

(༢༦༠)གོ་ཆ་གཡེལ་ལམ་ཅི། །མཁའ་འགྲོའི་ཚོགས་ཀྱི་འདུ་བ་ལ། །སྔར་ནས་མི་ཕེབས་འགོར་ཡུན་རིང་། །ངེད་ཅག་སེམས་འཕྲེང་སྐྱོ་གྲོགས་ཞུ། །ཞེས་བསུས་ཨོ་རྒྱན་གྱི་ཡུལ་དེ་ནི་ཁང་པའི་དབྱིབས་ནས་འབྲུ་འདྲ་བ་ལ་ས་གཞི་ལ་མ་རེག་པ་སྟེང་གཡོགས་མེད་པ་འོད་ལྔའི་མཐའ་ལྕགས་རྐེད་པ་ནུབ་ཙམ་གྱིས་བསྐོར་བ། རིགས་ལྔ་རིགས་ཀྱི་དཔའ་བོ་དང་མཁའ་འགྲོ་རྣམས་ཁ་དོག་སྣ་ཚོགས་པ་ཨང་རས་དང་དར་དཔྱངས་རེ་གསོལ་བ་དཔའ་བོའི་རིགས་གཙོ་བོ་ལ་དཔའ་མོའི་འཁོར་གྱི་ཚོམ་བུ་ཅན། དཔའ་མོའི་རིགས་གཙོ་མོ་ལ་དཔའ་བོའི་རིགས་ཀྱི་ཚོམ་བུ་ཅན། ཕྱོགས་མཚམས་ཐམས་ཅད་རིགས་འདྲེས་པ་མང་པོས་གང་བ་མཐའ་འདི་ཞེས་མི་མངོན་ཞིང་། གླུ་བྲོ་གཞས་སོགས་རྩེད་མོ་དང་གར་སྣ་ཚོགས་པ་འཁྲབ་ཀྱིན་ཤ་ཆང་དང་ཤིང་འབྲས་སྣ་ཚོགས་ལ་ལོངས་སྤྱོད་པ་ཤ་སྟག་ཏུ་སྣང་། དེར་དབུས་ཀྱི་ཕོ་བྲང་མཆོད་རྟེན་གྱི་རྣམ་པ་ཅན་སེང་ཁྲིའི་ཐད་ན་སྒོ་བཞི་འདུག །ཤར་གྱི་སྒོ་དྲུང་དུ་དཀར་མོ་ཞི་བྱེད་མ་རྫིང་བུར་ཁྲུས་བྱེད་པའི་ཞལ་ནས། སྒོ་འདི་ཚོགས་ལམ་པ་རྣམས་འཇུག་པའི་སྒོ་ཡིན་པས་ཁྱོད་ལ་མི་དགོས་ཟེར། ཁྱོད་ཅི་བྱེད་པ་ཡིན་དྲིས་པས། བདག་

(༢༦༡)ཚོགས་ལམ་པ་ཡིན་པས་རྒྱུད་ཀྱི་སྡིག་པ་ཁྲུས་ཀྱིས་སྦྱོང་བ་ཡིན་གསུངས། ལྷོ་སྒོ་ན་སེར་མོ་རྒྱས་བྱེད་མ་རྡོའི་གཏུན་ཆེན་པོ་ཞིག་ཏུ་འབྲས་མང་པོ་བརྡུང་ནས་འདུག་པ་ལ་ཅི་ལགས་དྲིས་པར་སྒོ་འདི་སྦྱོར་ལམ་ས་བསྒྲོད་པའི་སྒོ་ཡིན་པས་ཁྱོད་འགྲོ་མི་དགོས། ང་སྦྱོར་ལམ་པ་ཡིན་པས་ལྡན་རྟོག་གི་སྤུ་རིས་གཅོད་པ་ཡིན་གསུངས། ནུབ་ཀྱི་སྒོ་དྲུང་དེར་རྡོ་གཅལ་ཆེན་པོ་ཞིག་གི་དབུས་ན་པདྨའི་གདན་ཁྲུ་འཕང་ཕྱེད་གཉིས་ཡོད་པ་དེར་སླེབས་པ་དང་མཉམ་དུ་ནུབ་སྒོ་ནས་དམར་མོ་དབང་བྱེད་པདྨ་མྱུ་གུ་བདེ་བ་རྩལ་རིན་པོ་ཆེ་དང་དར་གྱི་འཕྱང་འཕྲུལ་སྣ་ཚོགས་པས་བརྒྱན་པ། གཡས་ན་མེ་ཏོག་གུར་རྒུམ་གྱི་ཆུན་པོ་དང་གཡོན་ན་ཆང་གིས་བཀང་བའི་ཤེལ་བུམ་ཞིག་བསྣམས་ནས་བསུ་བ་ལ་ཕེབས་པའི་ཞལ་ནས། ཚོགས་སྦྱོར་ལས་འདས་པདྨའི་སྟེངས། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆང་། །གསོལ་ལ་མི་སློབ་ལམ་འདིར་ཤོག །གསུངས་ནས་པདྨའི་སྟེགས་ལ་བཀོད་དེ་ཆང་བུམ་དེ་གནང་བྱུང་བ་ལྷག་མེད་དུ་བཏུང་། ད་ངེད་བྱང་སྒོ་ནས་འོང་ངམ་དྲིས་པས་དེ་མི་དགོས་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཆང་གསོལ་ཟིན་པ་དེས་གོ་ཆོད་

(༢༦༢)སྒོ་འདི་དགའ་བ་ཆེན་པོ་དབང་གི་སྒོ་ཡིན་པས་འདི་ཀར་འཇུག་པ་རྟེན་འབྲེལ་ཆེ། ངེད་པདྨའི་རིགས་ཀྱི་མཁའ་འགྲོ་རྣམས་ཀྱི་རིགས་བདག་ཀྱང་ཁྱོད་ཡིན་པ་མི་དགོངས་སམ་ཟེར་ནས་ཡུད་ཙམ་གྱིས་ཁོང་ནུབ་སྒོ་རིན་པོ་ཆེ་དང་དར་གྱི་དྲྭ་བས་བརྒྱན་པའི་གསེང་ནས་ཡར་ཐོན་སོང་། བདག་ཀྱང་དེའི་ཕྱི་བཞིན་ནང་དུ་ཞུགས་པས་རིན་པོ་ཆེའི་གཞལ་ཡས་ཁང་ནོར་བུ་དང་པདྨ་དམར་པོ་སྤེལ་མས་མཛེས་པ། ཁྱམས་དང་ནང་གྲུ་ཆད་གྲུ་བཞི་པ། དེའི་སྟེང་ན་སྐུ་གསུང་ཐུགས་ཀྱི་པདྨ་དཀར་དམར་མཐིང་ཀ་འདབ་མ་བརྒྱད་ཀྱིས་རིམ་པར་བརྩེགས་པ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བཞིའི་ལྟེ་བར་ཆོས་འབྱུང་རྩ་བ་ཕྲ་ལ་འཕེལ་ཁ་ཆེ་བ་གྱེན་དུ་བསྟན་པའི་སྟེང་རིགས་ལྔ་དང་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས་བཞུགས་པའི་དབུས་ཀྱི་གཙོ་མོའི་མདུན་པདྨའི་སྟེགས་ལ་སྟག་ལྤགས་ཀྱིས་བཀབ་པའི་སྟེང་དུ་འཁོད་དེ་གསོལ་བ་བཏབ་པ། ཨོཾ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །རྒྱལ་བ་ཀུན་དང་མཉམ་སྦྱོར་བ། །འཆི་བ་ཆོས་ཀྱི་སྐུར་སྦྱོར་ཞིང་། །བར་དོ་ལོངས་སྤྱོད་རྫོགས་པར་བཞེངས། །སྐྱེ་བ་སྤྲུལ་པའི་སྐུར་དག་པའི། །དབང་བསྐུར་ཆེན་པོ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་

(༢༦༣)པས་ཤར་གྱི་རྡོ་རྗེ་མཁའ་འགྲོ་མས་གྲི་གུག་གིས་ཐོད་པའི་བདུད་རྩི་བླངས་ཏེ། ཨོཾ། སྟོང་གསལ་བུམ་པའི་གཞལ་ཡས་སུ། །སྣང་སྲིད་མཁའ་འགྲོའི་དཀྱིལ་འཁོར་ཤར། །རང་བཞིན་མ་གྲུབ་སྟོང་པ་ཉིད། །བདེ་ཆེན་ཡེ་ཤེས་ལྔའི་བདག་ཉིད། །བདེ་སྟོང་ལྷ་སྐུའི་ཕྱག་རྒྱར་རྫོགས། །ཡེ་ནས་རང་དང་གཉིས་སུ་མེད། །རགས་དང་ཕྲ་བའི་ཏིང་འཛིན་གྱིས། །འཁྲུལ་དང་ལོག་པར་རྟོག་པ་སྦྱངས། །མར་སྣ་ཕྲ་མོའི་ཐིག་ལེ་ཉིད། །ཡུངས་དཀར་བཅུ་གཤག་ཚད་ཉིད་ལས། །བདེ་ཆེན་ཡེ་ཤེས་སྐྱེ་བར་འགྱུར། །ཀཱ་ལ་ཤ། ཞེས་སོགས་གསུངས་ནས་བདུད་རྩི་འཐོར་ཞིང་དབང་བསྐུར། དེ་བཞིན་ལས་ཀྱི་མཁའ་འགྲོ་མས། ཨཱཿ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གནས་ལས་བྱུང་བ་ཡི་གེ་གསུམ། །དཀར་དམར་རླུང་སེམས་དབྱེར་མི་ཕྱེད། །འགྲོ་འོང་རྡོ་རྗེའི་གདངས་སུ་བསམ། །ཞུགས་གནས་ཐིམ་པའི་རིམ་པ་ཡིས། །གང་གིས་དབྱེ་བར་དཀའ་བ་ཡི། །རྩ་ཡི་མདུད་པ་གསུམ་གཉིས་དྲུག །ཕྱི་དང་ནང་གི་ཉེ་རྒྱུ་ལས། །བླང་དང་དོར་བས་འོག་གི་ཁ །ཕྱེས་པས་འོད་གསལ་འཆར་བར་འགྱུར། །སྒྱུ་མ་མ་བཅོས་རང་ལ་རྫོགས། །ཞེས་

(༢༦༤)གསུངས། དེ་བཞིན་ནུབ་ཀྱི་མཁའ་འགྲོ་མས། །ཧྲཱི༔ ལུས་དང་ངག་དང་སེམས་གསུམ་པོ། མ་དག་བདེན་འཛིན་ལས་དབེན་པ། །རིགས་ལྔ་རིགས་ཀྱི་དབྱེ་བ་ཡི། །མཁའ་འགྲོ་སྡོམ་པའི་དཀྱིལ་འཁོར་ཡིན། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །རླུང་ལྔ་བསྡུས་པའི་རྟེན་འབྲེལ་ལས། །རྟོག་པ་ཇི་སྙེད་འགགས་པ་དང་། །ཡེ་ཤེས་དེ་ཉིད་འཕེལ་བར་འགྱུར། །སྣང་བ་གསུམ་གྱི་འོད་གསལ་དང་། །འགྲོགས་པ་ཁ་དོག་ལྔ་ཡི་རླུང་། །ཡེ་ཤེས་མཁའ་འགྲོ་ཉིད་དུ་ཤར། །སྐྱེ་བ་བརྒྱུད་ལ་མི་ལྟོས་པར། །ཚེ་འདིར་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས། དེ་བཞིན་ལྷོ་ཡི་མཁའ་འགྲོ་མས། ཏྲཱྃ། ཕྱག་རྒྱ་སྲོག་རྩོལ་འགྲོ་བའི་ཐབས། །སྤྲོས་བཅས་དང་ནི་སྤྲོས་པ་མེད། །རྗེས་སུ་གཞིག་དང་རིལ་འཛིན་གྱིས། །དབུ་མར་ཞུགས་གནས་ཐིམ་གསུམ་གྱིས། །ལྷན་སྐྱེས་ཡེ་ཤེས་འཆར་བར་འགྱུར། །དེ་ཡི་བཞོན་པར་འགྱུར་པའི་རླུང་། །ནང་གི་བདག་ཉིད་གཡོ་མེད་པ། །ལུགས་ལྡོག་ཉིད་དུ་ཉེར་ཐོབ་ན། །མཁའ་འགྲོ་སྡོམ་པ་མ་ལུས་པ། །རྟེན་དང་ བརྟེན་པར་བཅས་པ་ཉིད། །སྤྱི་བོའམ་ནི་སྙིང་ག་རུ། །སྟོང་གཟུགས་རང་ངོར་སྣང་བ་དང་། འཆི་བ་མེད་པའི་བཅུད་

(༢༦༥)ལེན་འགྱུར། །ཞེས་གསུངས། དེ་ནས་དབུས་ཀྱི་གཙོ་མོས། ཨོཾ། སྔ་མ་དག་གི་ལམ་ཉིད་ནི། །དྲི་མ་གཉིས་པོ་མ་སྤངས་པས། །རྒྱལ་བའི་ཐུགས་དང་གཟུགས་ཀྱི་སྐུར། །ཇི་བཞིན་སྨིན་པར་ནུས་མིན་པས། །ཟག་མེད་ལམ་གྱི་དང་པོ་འདིར། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པས། །དོན་གྱི་འོད་གསལ་མི་རྟོག་པ། །སྟོང་པ་ཉིད་ལ་མངོན་སུམ་དུ། །གཉིས་བློའི་རྒྱུ་བ་རབ་འགགས་པ། །འཕགས་པའི་ཡེ་ཤེས་དེ་ཉིད་ཀྱིས། །སྒྲིབ་གཉིས་ནུས་པ་ཆེར་བཅོམ་པས། མི་སློབ་པ་ལ་འདི་ཡིས་རེག །དེས་ན་སྤྱོད་པ་རྣམ་པ་གསུམ། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དགུགས་དང་སྦྱོར་བའི་སྤྱོད་པ་ལས། །ཕྱི་དང་ནང་གི་མངོན་བྱང་བཞིས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མཆོག་གི་ཡེ་ཤེས་སྐྱེ་བར་འགྱུར། །དེས་ནི་མ་རིག་ཉོན་མོངས་བཅོམ། །དེ་ལྟར་མཉམ་པར་བཞག་པས་ན། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །རྗེས་ལས་བྱུང་བའི་སྒྱུ་མའི་ལུས། །སླར་ཡང་འོད་གསལ་སྟོང་ཉིད་དུ། །མཉམ་པར་བཞག་པ་ལན་གཅིག་གིས། །སྣང་དང་རང་བཞིན་སྟོང་པ་གཉིས། དབྱེར་མེད་

(༢༦༦)ཟུང་དུ་འཇུག་པ་ཉིད། །སླར་ཞིང་གང་ལའང་མི་སློབ་བོ། །ཞེས་གསུངས་ནས་ཕྱག་གིས་སེ་གོལ་གྱི་བརྡ་བྱས་པའི་རྐྱེན་གྱིས་རིགས་བཞིའི་མཁའ་འགྲོ་རྣམས་གཙོ་མོ་ལ་ཐིམ། གཙོ་མོ་ཡང་འོད་ཀྱི་ཐིག་ལེ་མཐིང་གར་ཞུ་ནས་དབུས་ཀྱི་གདན་དུ་འཁོད་པ་ལས་རང་སྒྲར་ཤར་བ། ཆོས་རྣམས་རང་བཞིན་སྟོང་པ་ཉིད། །མ་སྐྱེས་པས་ན་འགགས་པ་མེད། །རྣམ་གྲོལ་ཡེ་ཤེས་རྒྱ་མཚོའི་ཀློང་། །དེ་བཞིན་ཉིད་དུ་རྣམ་པར་དག །ཞེས་ཐིག་ལེ་དེ་ཉིད་གཡུ་ཡི་མེ་ལོང་ཆེ་ཆུང་མཐེབ་སྐོར་ཙམ་ལ་སྐྱེ་བ་མེད་པའི་ཡི་གེ་ཨཱཿཡིག་དཀར་པོས་མཚན་པ་ཞིག་ཏུ་གྱུར་པའི་རང་སྒྲ་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །མཚོན་པས་ཆོས་རྣམས་སྒྱུ་མར་རྟོགས། །ཡོངས་ལ་ཁྱབ་པའི་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་ཅིར་ཡང་འཆར། །ཞེས་གྲགས་པ་དང་མཉམ་དུ་ཡི་གེ་ཡང་ཨ་ཧ་རི་ནི་ས་ཞེས་པའི་རང་སྒྲ་འུར་གྱིས་བྱུང་བ་དང་ཆབ་ཅིག་ །ངོ་མཚར་རྨད་དུ་བྱུང་བའི་ཆོས། །རྟེན་འབྲེལ་རང་བཞིན་འགགས་པ་མེད། །མཁའ་འགྲོ་སྡོམ་པའི་དཀྱིལ་འཁོར་ནི། །ཅིར་ཡང་འཆར་ཞིང་འབྱུང་བའོ། །ཞེས་གྲགས་པའི་རྐྱེན་གྱིས་དབུས་དང་ཕྱོགས་ཀྱི་པདྨའི་ལྟེ་བར་རིགས་རང་

(༢༦༧)རང་གི་མདོག་ཅན་གྱི་ཆོས་འབྱུང་རྣམས་ཀྱི་ལྟེ་བར་དབུས་སུ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སུམ་བརྒྱ་དྲུག་ཅུ། ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་སུམ་ཅུ་རྩ་གཉིས། ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་བཅུ་དྲུག །ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དྲུག་ཅུ་རྩ་བཞི། བྱང་དུ་ལས་ཀྱི་མཁའ་འགྲོ་ཉི་ཤུ་རྩ་བརྒྱད། དེའི་ཕྱི་རོལ་དུ་ཐུགས་ཀྱི་པདྨ་བརྒྱད་ལ་པུལླིར་མ་ལ་ཡ་སོགས་བརྒྱད་ན། དཔའ་བོ་ཁཎྜ་ཀ་པཱ་ལ་དང་། རྣལ་འབྱོར་གཏུམ་མོ་གཉིས་སོགས་ཐུགས་ཀྱི་རྣལ་འབྱོར་མ་ཡབ་ཡུམ། དེའི་ཕྱི་རོལ་གསུང་གི་གནས་བརྒྱད་ཀྱི་པདྨར་ཀ་མ་རུ་སོགས་ཀྱི་གནས་སུ། ཡབ་དཔའ་བོ་ཨཾ་གུ་རི་དང་ཡུམ་ཨེ་ར་ཝ་གཉིས་སོགས་གསུང་གི་རྣལ་འབྱོར་མ་བརྒྱད། དེའི་ཕྱི་རོལ་སྐུའི་འཁོར་ལོའི་འདབ་མ་བརྒྱད་ལ་པྲེ་ཏ་པུ་རི་ལ་སོགས་པ་བརྒྱད་ན་ཡབ་དཔའ་བོ་སྟོབས་ཆེན་འཁོར་ལོ་དང་། ཡུམ་ཤུགས་འཆང་མ་གཉིས་སོགས་སྐུའི་རྣལ་འབྱོར་མ་རྣམས་བཞུགས་སོ། །གྲུ་ཆད་དང་གློ་འབུར་དུ་གཽ་རི་མ་མོ་བརྒྱད་དང་། ཁྱམས་སུ་སེང་ཧ་བརྒྱད་དབང་ཕྱུག་ཉེར་བརྒྱད། གཞན་ཡང་སྔོ་ནག་སེར་ནག་ཆེན་མོ་ལ་སོགས་པའི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང་། སྒོ་བཞིར་རིགས་བཞིའི་གིང་ཆེན་བཅས་བཞུགས་པའི་དཀྱིལ་འཁོར་ས་ལ་འདོད་རྣམ་

(༢༦༨)ཀྱི་ལྷ་མོ་རྣམས་ཕྱག་བདེའི་ཚུལ་གྱིས་ཡིད་དུ་འོང་བའི་གཟུགས་སྒྲ་སོགས་དང་ཕུན་སུམ་ཚོགས་པའི་མཆོད་པས་མཉེས་པར་མཛད་དོ། །རེག་བྱའི་ལྷ་མོ་དབྱིངས་ཕྱུག་མས། །བཅུ་དྲུག་དགའ་བ་ནམ་མཁའི་ཆང་། །དགྱེས་མཉམ་མཆོག་གི་མཆོད་པར་རོལ། །མྱོས་ཤིང་གཉིད་ལོག་འོད་གསལ་ཐིམ། །ཞེས་པའི་རྐྱེན་གྱིས་དེའི་ཚེ་བདག་གི་སེམས་གཟུང་འཛིན་གྱི་རྟོག་པ་ལུགས་འབྱུང་གི་སྣང་མཆེད་ཐོབ་པར་རིམ་གྱིས་བསྡུས་ཏེ་འོད་གསལ་བའི་དབྱིངས་སུ་ཐིམ་པས་ཡུལ་ཆོས་ཀྱི་དབྱིངས་སྟོང་ཉིད་དང་རོ་གཅིག་ཏུ་འདྲེས་ནས་རླུང་སེམས་ཀྱི་རྒྱུ་བ་མཐའ་དག་འགགས་པའི་ངང་ཡུན་རིང་དུ་གནས་ནས་སླར་ཡང་རླུང་ལང་བར་རྩོམ་པ་ན་ལུགས་ལྡོག་གི་ཉེར་ཐོབ་ཀྱི་རྗེས་སུ་སྣང་བ་གསུམ་གྱི་འོད་གསལ་གྱིས་རྒྱུ་བྱས། དེའི་བཞོན་པ་རླུང་འོད་ཟེར་ལྔ་པའི་རྐྱེན་གྱིས་རང་གི་སྙིང་ཁར་མཁའ་འགྲོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྣང་ལ་འཛིན་པ་མེད་པ། སྟོང་ལ་ངོས་བཟུང་བྲལ་བ་གསལ་ཞིང་སྒྱུ་མ་ལྟ་བུར་ཤར་ཞིང་དེ་ནས་ཇེ་རགས་སུ་མཆེད་དེ་ཤེས་པ་ཡུལ་ལ་པད་པ་དང་ལྷན་ཅིག་རང་མལ་དུ་གཉིད་སད་འདུག་གོ། །ཡང་ནམ་ཞིག་ན་ཨོ་

(༢༦༩)རྒྱན་གྱི་གནས་དེར་འགྲོ་འདོད་པ་ཉིན་ཤས་བྱུང་བའི་རྐྱེན་གྱིས་ཉམས་ཀྱི་སྣང་ཆར་ཨོ་རྒྱན་ཡུལ་གྱི་སྐྱེད་མོའི་ཚལ་ཤིང་ལྗོན་པ་དང་། སྨན་ཤིང་དང་བཟའ་ཤིང་གི་ར་བ་མེ་ཏོག་སྣ་ཚོགས་པས་བརྒྱན་པ་ཞིག་ཏུ་སླེབས། དེ་ན་པདྨ་མྱུ་གུ་བདེ་བ་རྩལ་ལ་སོགས་པ་པདྨ་རིགས་ཀྱི་མཁའ་འགྲོ་མང་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་ཞིག་མཇལ་བ་དང་། དེ་དག་རྣམས་མཉེས་ཚུལ་གྱིས་བདག་ལ་མེ་ཏོག་དམར་པོའི་ཕྲེང་བ་རེ་ཕུལ་འདོད་ཡོན་གྱི་མཆོད་པ་སྣ་ཚོགས་བསྟབས་ཏེ། དེང་ནས་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་འགྲོགས་པའི་དམ་ཚིག་དགོངས། །འདིར་བཞུགས་ཚོགས་ཀྱི་སྤྱོད་པ་སྐྱོངས། །ཐུགས་ལ་འཐད་དམ་རིགས་ཀྱི་བདག །ཞེས་ཟེར་བ་ལ་གཙོ་མོ་དེས། །ད་རེས་བཞུགས་པ་མི་དྲག་གིས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །གཞན་ལ་ཕན་པ་ཉིད་ཡིན་པས། །གདུལ་བྱའི་ལྷག་མ་སྐྱོང་བར་ཞུ། །ཞེས་ཡུན་རིང་དུ་ཞབས་པད་བརྟན་པའི་རྫས་ཡིན་ཞེས་ཆང་དང་ཤིང་ཏོག་གི་རིགས་མང་པོ་ཕུལ། འགོལ་འགོལ་འདྲ་བའི་གཏམ་མང་པོ་དང་། རྗེས་སུ་འབམ་མཚོ་མཁའ་འགྲོའི་ཕོ་བྲང་དུ་ཕེབས་དང་གྲོས་བསྟུན་ལེགས་པར་

(༢༧༠)འོང་གསུངས་འཕྲོར་ཉམས་དེ་སད། དེར་ལ་འོག་ནས་བཏེགས་དྲུང་ཡིག་ཕྱག་མཛོད་གཞིས་ཀར་སོང་། ཞག་ཤས་སུ་ཁོང་གི་ཞབས་རིམ་དང་འདོད་ཆོས་རྣམས་ཕུལ། ཁང་སྟེང་དུ་ཁྲོ་འབར་གྱི་རྟེན་འཛུག་དགོས་པ་དེ་ཡང་བགྱིས། དེ་སྐབས་གྲྭ་པ་ཞིག་ལ་འཕྲད་དུ་སྐུ་ཕེབས་པ་དང་། དེ་ནུབ་ནས་བཟུང་ཁང་སྟེང་དུ་མི་མ་ཡིན་འདུ་བའི་རྟགས་དང་ཚིག་འབྲུ་མི་གསལ་བའི་སྒྲ་སྣ་ཚོགས་ཐོས་པ་སོགས་ཞག་བརྒྱུད་མར་བྱུང་བས་ངོ་མཚར་བར་བརྩི། དེ་དུས་སྲིང་མོ་སྟག་ལྕམ་དམར་མོས་མཇལ་དར་བཏང་བ་དང་ཁམས་བདེ་ཞུ་རུ་བྱུང་། དེ་རྗེས་རུ་བཞི་པ་སྐུ་ངོ་སྐལ་བཟང་གི་གཟིམ་གཤག་རུ་ཕྱིན། ཞག་ཤས་སུ་ཚེ་དབང་སོགས་ཞབས་རིམ་དགོས་རིགས་རྣམས་ཕུལ་ཏེ་སྤོམ་མདའི་གཞིས་སུ་སྒར་བཏེགས། དེར་རེ་ཞིག་ངལ་བསོས། སླར་དཔལ་སྤྲུལ་རིན་པོ་ཆེའི་གསུང་འབུམ་ལུང་དང་། ཁྲིད་ཆ་ཤས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་བཅས་བཏོན། གཞིས་ཀའི་མགོན་ཁང་གི་གཙོ་བོ་རྡོ་རྗེ་གྲགས་ལྡན་གྱིས་སྔར་གཏེར་མཛོད་དབང་དུས་ཞལ་རས་གསེར་གྱིས་བྱིན་བྱུགས་མཛད་དེ་བདག་གི་འདི་བཞིན་སྒྲུབས་དང་བཞིན་ལེགས་ཟེར། དབང་ཆ་ཤས་ཀྱང་ཞུས་སྣང་བྱུང་འདི་དུས་ཀྱང་ཤེར་

(༢༧༡)ཕྱིན་བཤད་པ་ལ་ཐུགས་མཉེས་མཉེས་གནང་ནས་ཞུས་སོང་། དེ་ཡིན་པའང་སྲིད་དེ་གཏེར་མཛོད་ཀྱི་དབང་གི་དབུ་ཚུགས་ནས་བཟུང་ངེད་དཔོན་སློབ་ལ་བར་ཆད་ཅི་ཡང་མ་བྱུང་བ་ཆོས་སྐྱོང་ཆེན་པོའི་ཕྲིན་ལས་སུ་ཤེས། དེ་ནས་ལྷ་མདུན་རྣམ་སྣང་མཇལ་དུ་སོང་སྟོང་མཆོད་རྒྱས་པ་ཞིག་ཕུལ། མཎྜལ་བཞི་པའི་ཆོ་ག་ཀླུ་དབང་དགོངས་རྒྱན་ལ་བརྟེན་ནས་གཟུངས་སྔགས་བསགས་པ་སོགས་གཙོ་བོར་མ་བྱས་པར་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་བཅོམ་ལྡན་འདས་རྣམ་སྣང་ཉིད་ཀྱིས་གསུངས་པའི་རྒྱུ་མཚན་ཡིད་ལ་བཅགས། བསྟན་འགྲོའི་ཕན་བདེ་ལ་དམིགས་ཏེ་སྒྲོལ་མ་སྟོང་རྩ་བསགས། དེ་དུས་ཞལ་འདེབས་མང་བས་མར་མེ་དང་ཞལ་ཟས་རྣམས་སྣོད་དང་ལག་ཚགས་ཀྱིས་སྒྲོལ་དཀའ་བ་ཙམ་བྱུང་། མར་ཁུ་ལྷག་པོས་རྡོ་དང་ཁྲོ་ཟངས་ཀྱི་ཀོང་བུ་མང་པོ་བཀངས་ཏེ་ཕུལ། རྣམ་སྣང་གཙོ་འཁོར་འདི་རྣམས་ཀོང་ཇོས་གཏེར་ནས་དྲངས་པ་དང་རྫུ་འཕྲུལ་གྱིས་བཞེངས་པའི་གཏམ་སྒྲོས་གཉིས་སྣང་ཡང་རང་བྱུང་གི་རྡོ་ལས་གྲུབ་པའི་རྣམ་སྣང་ཐོག་ཚད། ཉེ་སྲས་མི་ཚད་ལྷག །ཆོས་རྒྱལ། སྒོ་སྲུང་ཁྲོ་བོ་དང་བཅས་པ་འདུག །གསང་བའི་བདག་པོ་ཞི་བའི་ཞལ་རས་ལ་དབུ་སྐྲ་དང་སྨིན་

(༢༧༢)མ་སོགས་ཁྲོ་བོའི་རྣམ་པར་བཅོས་པའི་ཞལ་རས་ཞི་ཁྲོ་སྣ་ཚོགས་སུ་འགྱུར་བ་དང་དབུ་སྐྲ་སྨིན་མ་འབར་བའི་མེ་རི་འཁྱིལ་བ་ལས་མེ་སྟག་གི་ཟི་ར་ཁོལ་བ། སྤྱན་འགྱུར་བ་ཞལ་འཛུམ་པ་སོགས་ཉིན་དེའི་རིང་ལ་མཇལ་བས་ལྷག་པའི་ལྷ་དེའི་བྱིན་གྱིས་བརླབས་པའི་མཚན་མར་ངེས་པ་རྙེད། དེ་ནས་འབམ་མཚོ་ཁར་ཕྱིན། མཚོ་དེ་ནི་རྡོ་རྗེ་ཕག་མོའི་སྐུ་དབྱིབས་མཚོ་དེའི་དབུས་སུ་ཕག་མོའི་ནུ་འབུར་མཚོན་བྱེད་རི་དེའུ་གཉིས་ཀྱང་སྣང་བའི་ཕྲག་པ་གཡོན་ངོས་ཕྱོགས་ཞལ་དང་ཉེ་བར་མཚོ་དར་དང་དམ་རྫས་འཕུར་མ་རིན་ཆེན་རིལ་བུ་རྡོག་གསུམ་གསེར་དངུལ་དང་རིན་ཆེན་རིགས་གྲངས་མང་བཅས་ཕུལ། སྐུའི་སྟ་ཟུར་གཡོན་ཕྱོགས་སུ་སྒར་བབས། ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ་བའི་རྐྱེན་གྱིས་ཆར་དྲག་ཞིག་ཀྱང་བབས་བྱུང་། དེ་དྭངས་འཕྲལ་དེའུ་ཆེ་ཆུང་གཉིས་ཁ་དོག་སྣ་ཚོགས་པའི་འཇའ་ཡིས་ཁྱབ་པར་སྦྲེལ། དེར་ཞག་གསུམ་ཚོགས་མཆོད་ཕུལ། སང་ཉིན་སྒར་བཏེགས་པའི་ནུབ་རི་གཉིས་ནང་བུད་མེད་སྐད་ལེགས་པོ་ཅན་མང་པོས་གཞས་བྲོ་བརྡུང་བ་ཡང་ཐོས། དེ་ཕྱོགས་རྒྱས་འབྲོག་པ་རྣམས་ཀྱིས་ཞག་གསུམ་བར་གཟིམ་གུར་དང་གནས་མཚོ་གཉིས་འཇའ་ཚོན་

(༢༧༣)གྱིས་འབྲེལ་བར་མཐོང་ཞེས་གཏམ་བཤད་རྒྱུ་སྣང་། གང་ལྟར་ཡང་གནས་དེའི་བྱིན་རླབས་ཀྱིས་ལུས་ཁམས་འཁྲུགས་ཏེ་ཡུན་རིང་སོང་བའང་དེ་ནས་བཟུང་གཞི་མེད་དུ་དྭངས་སོང་། དེ་རྗེས་སྤོམ་མདར་ཕྱིན་ཞབས་རིམ་ཅི་དགོས་དང་། དཔལ་ཆེན་མོའི་གཡང་སྒྲུབ་གཡང་གཏའ་སྡོམ་པ་བཅས་གྲུབ། དངོས་འབྱོར་གྱ་ནོམས་པ་དང་ནོར་སྣ་ཁྱད་འཕགས་ཤིན་ཏུ་མང་བས་བསྙེན་བཀུར་གནང་། དེ་ནས་སླར་ཡང་སྨར་ཁམས་སྒར་དུ་ཐེགས། གཞུང་སའི་དམག་སྒར་སྤྱི་ལ་ཚེ་དབང་དང་རླུང་རྟ་དཔལ་བསྐྱེད། དགྲ་བླ་དབང་བསྟོད། གོ་ཁྲབ་རབ་གནས་བཅས་བྱས། དབུས་མདའ་ཤེལ་སྲས་ཀྱི་རྟེན་གསུམ་གསར་བཞེངས་དང་། གྲོང་དང་གནས་རྟེན་བཅས་ལ་རབ་གནས་དགེ་ལེགས་འདོད་འཇོ་དངོས་སྟ་ཉིན་གསུམ་གྱི་ཁོངས་སུ་གྲུབ་པར་ཞུས། དངོས་འབུལ་ནོར་སྣ་མང་པོའི་མཎྜལ་གནང་། དེ་གའི་ཕྱོགས་ཀྱི་ས་དགེའི་དགོན་ཁག་ཡོད་རིགས་ལ་དངུལ་འགྱེད་དང་། མང་ཇའི་དོད་འབུལ་གྱིས་བསྙེན་བཀུར་ཞུས་ཏེ་སྒར་བཏེགས། སྐུ་ངོས་རགས་བསྡུས་ཀྱིས་ཞག་ཚུག་གཅིག་བར་སྐྱེལ་མ་བཅས་ཆུང་འབུམ་པ་ཚུགས་སུ་ཕྱིན། དེ་ཕྱོགས་ཡས་མན་དུ་

(༢༧༤)སྔར་ལོ་མང་པོར་ལོ་ཉེས་བྱུང་སྐད་ཀྱང་དེ་ལོར་ཕྱོགས་མཐའ་དག་དང་། ཁྱད་པར་ཆུང་འབུམ་དང་སྒར་ཐོག་ཕྱི་ནང་དུ་ལོ་ཏོག་ཕུན་སུམ་ཚོགས་པ་དང་། རྟ་གཟན་གྱི་སོག་བཏབ་པ་རྣམས་ལའང་འབྲུ་ཕུན་སུམ་ཚོགས་པ་བྱུང་བས་ངོ་མཚར་བར་བརྩི་ཞིང་། ཞག་ཚུགས་ཀྱི་གྲོང་པ་རྣམས་ནས་ཀྱང་འཁོས་འབྱོར་ལ་དཔག་པའི་བསྙེན་བཀུར་ཕུན་སུམ་ཚོགས་པ་བགྱིད་ཅིང་ཕྱིན་ཆད་ཀྱང་སྟོན་ལེགས་པའི་སྐྱབས་འཇུག་ཞུ་བ། མང་དུ་བྱུང་། སླད་ནས་ཀྱང་ལོ་གསུམ་ལ་སྟོན་ཐོག་ཤིན་ཏུ་ལེགས་པོ་བྱུང་ཞེས་པའི་གཏམ་ཐོས། དེ་ནས་འབྲུ་གུ་མདོའི་ས་ཚུགས་བརྒྱུད། རིགས་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་དང་། གཏེར་སྟོན་སྟག་ཤམ་པའི་མཚོ་རྒྱལ་བཀའ་ཐང་དུ་གུ་རུའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་ཀྱི་བྱིན་གྱིས་བརླབས་པའི་སྟག་ཚང་གསུམ་ལས་ཐུགས་ཀྱི་གནས་མདོ་ཁམས་ཙམ་ན་འགྲན་བྲལ་དུ་གྲགས་པ་གཙང་གཤིས་རྡོ་རྗེ་གྲོ་ལོད་དུ་གནས་འབྲེལ་ལ་ཕྱིན་ཅིང་གནས་མགོ་དགོན་དུ་གཞིས་ཕབས། རང་ཉིད་ཀྱིས་སྦྱིན་བདག་ཞུས་ནས། དགོན་ཐོག་དེར་བཞུགས་དང་ཡས་མན་ནས་ཕེབས་པའི་བླ་གྲྭ་བརྒྱ་སྐོར་ལྷག་བཅས་ཀྱིས། བཀའ་བརྒྱད་ལས་བྱང་བདེ་ཆེན་རྣམ་རོལ་སྟེང་ནས་སྒྲུབ་ཁོག་དང་འབྲེལ་

(༢༧༥)བའི་བདུད་རྩི་སྨན་སྒྲུབ་གསང་ཆེན་མྱུར་ལམ་གྱི་སྦྱོར་དངོས་རྗེས་ཀྱི་བྱ་བ་རིགས་འཛིན་previous hit བརྒྱུད་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་ཉིན་བཅུ་གསུམ ་གྱི་བར་བཙུགས། མཇུག་ཏུ་སྒྲུབ་དབང་དང་འབྲེལ་བར་ཆོས་དང་དམ་རྫས་ཀྱི་འབྲེལ་པ་རྒྱ་ཆེན་པོ་བཏགས། ཚོགས་པ་རྣམས་ལ་དངུལ་སྲང་བཞི་རེ་དང་། བླ་སྤྲུལ་རྣམས་ལ་བབས་འབྲེལ་གྱིས་དངུལ་སྲང་སུམ་ཅུ། ཉེར་ལྔ། ཉི་ཤུ། བཅོ་ལྔ། བཅུ་ཡན་ཆད་ཀྱི་འབུལ་བ་ཡང་མཚོན་ཙམ་ཕུལ། སྒྲུབ་ཆེན་ཐོག་མཐའ་སྔ་ཕྱིའི་འགྲོ་སོང་རྒྱ་གོར་རྐྱང་པ་ལ་རྩིས་གཤར་གྱིས་སྟོང་དངུལ་གསུམ་ལྷག་སོང་བའི་དགེ་བ་རྫོགས་བྱང་དུ་བསྔོས་ཤིང་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་རྒྱས་འདེབས་ཀྱང་ཞུས། གནས་རྟེན་གྱི་གཙོ་བོ་གྲོ་ལོད་རང་བྱོན་དུ་ཕེབས་པ་དང་། གཡས་གཡོན་དུ་བདུད་འདུལ་དང་སྟག་ཤམ་པ་གཉིས་ཀྱི་ཕྱག་བཟོའི་སྡེར་སྐུ་སོ་སོའི་རབ་གནས་ཅན་དང་། གཞན་ཡང་རྩ་གསུམ་དང་གྲོ་ལོད་འདྲ་ཞལ་སོགས་བཞུགས་པའི་གནས་ཕུག་ཏུ་སང་ཉིན་འགྲོ་རྒྱུའི་དགོང་མོར་ཕུག་པའི་ནང་དུ་འོད་འབར་ཞིང་མཆོད་སྟེགས་གཡོ་བ་སོགས་དང་། དེའི་ཉིན་ཤས་སྔོན་ལ་

(༢༧༦)སྔར་མཐོང་མ་མྱོང་བའི་བྱ་ཆ་ཤས་འོང་ནས་གནས་རྩར་ཞག་གཅིག་བསྡད་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་ཞེས་དཀོན་གཉེར་ལ་བཤད་རྒྱུ་འདུག །ཕྱིར་ཉིན་གནས་ཕུག་ཏུ་སོང་ནས་ཚོགས་འབུམ་ཞིག་བཏང་རྩིས་ཀྱིས་རྩམ་པ་ཞིབ་དཀར་དོས་པོ་བཞི་བཅུ་གྲོ་རྩམ་དོས་པོ་བརྒྱད། མར་དོས་བདུན། ཆུར་དོས་གསུམ། ཤིང་འབྲས་སྣ་ཚོགས་དོས་ལྔ་ཤ་བུབ་གསུམ་བཅས་བསགས། བདུད་འདུལ་གཏེར་བྱོན་གྲོ་ལོད་ལ་བརྟེན་པའི་ཚོགས་ཅི་མང་དང་། བསང་གསུར་སོགས་མགྲོན་བཞི་དགྱེས་པའི་ཐབས་ལ་འབད། འདི་དུས་རྒྱལ་སྲས་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་ལ་འོང་དགོས་ཀྱི་ཕྱག་བྲིས་བང་མི་བརྒྱུད་མར་འབྱོར་བས་འདོན་རྒྱུའི་གྲངས་འབུམ་ཕྲག་མ་སོང་ཡང་། འབུལ་རྒྱུའི་དངོས་པོ་ཚོགས་འབུམ་ཆ་ཤས་ཀྱི་དངོས་རྫས་ལོངས་པ་ཕུལ་ཚོགས་འབུམ་ཕུལ་བ་ལ་ཚོགས་རྫས་རྒྱས་པ་དེ་འདྲ་སྔར་མ་བྱུང་ཞེས་དཀོན་གཉེར་ཧ་ལས་མདོག་བྱེད་འདུག །རྒྱུན་བཞག་ཚེ་འབར་གྱི་རྟེན་ཐེབས་ཞིག་ཀྱང་ཕུལ། དེ་དུས་དང་པོ་ལས་བྱང་གི་སྤྱན་འདྲེན་དུས་གྲོ་ལོད་རང་བྱོན་སྐུ་འགུལ་བ་དང་། མེ་སྟག་གི་ཟི་ར་ཁོལ་བའི་རྐྱེན་གྱིས་རིག་པ་ཆོས་ཉིད་ཀྱི་གཤིས་

(༢༧༧)སུ་རྒྱ་འབྱམས་པ་ཉིན་གཅིག་གི་རིང་བྱུང་བ་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་རྟགས་སུ་ཤེས། གནས་ཀྱི་ཉམས་གསོ་དང་གནས་ཆེན་བྱིན་འབེབས་བྱས་པས་དེ་ཁུལ་གྱི་ཡུལ་ཕྱོགས་སུ་དགེ་ཞིང་བཀྲ་ཤིས་པ་འབྱུང་བར་གོ། །དེ་ནས་རྒྱལ་སྲས་དགོན་དུ་ཕྱིན་ནས་རི་ཁྲོད་དུ་གཞིས་བཅག །ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་རྒྱལ་བ་ལྷ་བབས་ཀྱི་དུས་ཆེན་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་སྔ་དྲོའི་ཆར་རིགས་འཛིན་ཀློང་གསལ་གྱི་གཏེར་བྱོན་པདྨ་འོད་འབར་དང་ཚེ་སྒྲུབ་ཡང་གསང་བླ་མེད་ཟུང་འབྲེལ་གྱི་སྒོ་ནས་བདག་མདུན་རྒྱས་པ་དང་། ཁྱད་པར་སྤྲུལ་སྐུ་རིན་པོ་ཆེ་ཁྲིར་ཕེབས། བགེགས་དང་བྱུར་བསལ་མི་ཤེས་པ་སྦྱངས་བ་ཁྲུས་གསོལ་བཅས་སྔོན་དུ་འགྲོ་བས་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྒྱལ་དབང་པདྨ་འོད་འབར་གྱི་སྐུར་བསྐྱེད་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་བསྟིམ་པ་ལ་མཆོད་པ་ཕྱི་ནང་དང་། རབ་གནས་མངའ་གསོལ་མཎྜལ་མགོ་བར་བཏང་། དེར་མཎྜལ་རྣམ་བཤད་སྙན་འཇེབས་ཕུན་སུམ་ཚོགས་པའི་ལེགས་བཤད་ཀྱིས་ཐོག་དྲངས། ཀཿཐོག་གི་གཙོས་དགོན་ཁག་སོ་སོའི་དགའ་སྟོན་དངོས་འབུལ་དང་། སྦྲགས་འབུལ་ཡིག་ཀློག་གྲུབ་འཕྲལ། མཐའ་བརྟེན་བཀྲ་ཤིས་ཚེ་ཡི་

(༢༧༨)དབང་བསྐུར་དང་བཅས་པ་གྲུབ་པར་བགྱིས། དེ་ནས་ས་སྐྱ་བ་གོ་ན་ཁྲི་ཆེན་སྤྲུལ་སྐུ་དཔོན་འཁོར་དང་གཞན་ཕྱོགས་འདུས་ཀྱི་བླ་གྲྭ་མང་དུ་འབྱོར་བ་ལ་བླ་མ་དགོངས་པ་འདུས་པའི་དབང་ཆེན་དང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན། ཀར་གླིང་ཞི་ཁྲོའི་དབང་། བདུད་ཕུར་འོད་འབར། ཀློང་གསལ་སེང་ཧ་དམར་མོ། །ཞི་ཁྲོ། ཐུགས་རྗེ་ཆེན་པོ་སོགས་དང་། སྙིང་ཐིག་མ་བུའི་དབང་ལུང་རྣམས་ཕུལ། དེ་རྗེས་གོ་ན་དགོན་དུ་གདན་ཞུས་པར་བསྐྱོད། དབང་ཆོས་ཀྱི་འབྲེལ་བ་དང་འདུ་ཁང་སོགས་ལ་རབ་གནས་ཉིན་གཉིས་སུ་ཕུལ། འདིར་ཡས་མན་དགོན་སྡེ་སོ་སོས་བཀུར་བཟོས་དང་དངོས་འབུལ་ཀྱང་རྒྱ་ཆེར་འབྱོར། སླར་ཡང་རྒྱལ་སྲས་དགོན་དུ་འོང་ནས་དགོན་ཡུལ་ཐུན་མོང་ལ་དབང་ཆོས་ཀྱི་འབྲེལ་པ་བཏགས། སྤྱི་སྒོར་གྱི་འབུལ་བ་སྤམ་མཐོ་གནང་། དེ་ནས་གསེར་ལྡིང་དགོན་དུ་ཕྱིན་དགོན་ཡུལ་ཐུན་མོང་ལ་དབང་ཆོས་དང་། གསེར་ལྡིང་རིན་པོ་ཆེའི་གཟིམ་ཁང་དུ་ཡང་སྲིད་ལ་དམིགས་པའི་གུ་རུ་དྲག་པོའི་ཚོགས་མཆོད་ཕུལ་ཞིང་ཡང་སྲིད་བརྟགས་བསྒྲིལ་ཀྱང་འཕང་། དེ་ཉིན་དགུན་ཁ་ཡིན་ཀྱང་ཡུལ་མིའི་མཐོང་སྣང་ལ་དབྱར་གྱི་འཇའ་ཚོན་ལྟ་བུས་དགོན་

(༢༧༩)གྱི་ཕྱོགས་ཐམས་ཅད་ཁྱབ་པར་བཤད་རྒྱུ་འདུག །ཡང་སྲིད་ཀྱི་བརྟགས་པ་གླིང་གཤིས་གཏེར་སྟོན་ཀརྨའི་གདུང་སྲས་དཔལ་ལྡན་རྒྱ་མཚོའི་སྲས་ཆུང་ཞིག་ཡོད་པ་ལ་བབས་ཀྱང་རྟེན་འབྲེལ་གཞན་དབང་དུ་གྱུར་པས་ཡང་སྲིད་དེ་སྐུ་ཚེ་ཡུན་རིང་དུ་མ་བརྟན་པར་ཐོས། དེ་ནས་བཏེགས་ཏེ་དམར་ཡོན་དཔོན་ཚང་ནས་གདན་ཞུས་ཀྱི་བསུ་མ་དང་དགོན་པའི་སྐྱེལ་མ་མང་པོ་བཅས་འགྲོགས་ཏེ་འོང་བའི་ལམ་ཁར་སྨན་ཆུ་ཁ་ཟེར་བ་སྔོན་རྒྱ་བཟའ་ཀོང་ཇོའི་དབུ་སྐྲ་བཀྲུས་པའི་ཆུ་འཐོར་ཤུལ་ཤིང་ཤུག་པའི་སྡོང་པོ་དབང་ཕྱུག་ཉེར་བརྒྱད་ཀྱི་རྟེན་ཡིན་པར་གྲགས་པ་དེ་དང་ཉེ་བར་སླེབས་པ་ན་སྨན་སྤོས་ཀྱི་དྲི་བཟང་པོ་ཞིག་འཐུལ་བའི་རྐྱེན་གྱིས་ལུས་སེམས་བདེ་བའི་ཏིང་འཛིན་གྱིས་ཁྱབ་པས་རིག་པ་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་དུ་འབྱམས་ཀླས་ནས་རེ་ཞིག་གི་དུས་ཕྱིར་གསལ་གྱི་སྣང་ཆར། མདུན་གྱི་ནམ་མཁར་ལྷ་གཅིག་ཀོང་ཇོ་རྒྱ་ཡི་བུ་མོའི་ཆ་བྱད་ཅན་དཀར་ལ་དམར་བའི་མདངས་ཆགས་པ་སྐུ་དཀྱུས་ཕྲ་ལ་རིང་བ། སྐབས་སུ་ཅིར་ཡང་འགྱུར་བ་ཕྱག་གཉིས་པདྨའི་འདབ་མ་ལྟར་དམར་བ་ཟུང་གིས་དཔེ་ཆ་བམ་པོ་གཅིག་བསྣམས་ནས་སྒྲོལ་མ་ལས་སྣ་ཚོགས་པའི་

(༢༨༠)རྒྱུད་ཀྱི་དབུ་ནས་གླེང་གཞི་དང་མཐུན་པའི་བཀོད་པ་རྣམ་པར་འཕྲུལ་ནས་དབང་དང་། རྒྱུད་བཤད་བཅས་གནང་བའི་སྣང་ཆ་དེ་རི་པདྨ་ཅན་གྱི་གནས་འདབ་བར་ཤར་ཞིང་ལྷ་ཅིག་གིས་བྱིན་གྱིས་བརླབས་པའང་ཐོབ། དེ་ནས་དམར་དཔོན་གྱི་གཞིས་སུ་ཕྱིན། ཁོང་གི་ཐུགས་བཞེད་བཞིན་སྨིན་གྲོལ་གྱི་ཆོས་བཀའ་འགའ་རེ་བྱས་ནས་སྒར་བཏེགས་ཏེ་ལྷ་ཐོག་རུ་བའི་ནང་འབྱོར། མཚམས་ཆུ་མིག་དཀར་མོ་དང་རང་བྱོན་གྱི་ཡི་གེ་དྲུག་མ་མཇལ། ཀླུ་རྒྱལ་མི་མགོན་དཀར་པོས་རྫ་ལུང་དཀར་མོ་ན་རང་ལ་དབང་བའི་ནོར་སྐལ་ཞིག་འབུལ་རྒྱུ་ཡོད་སྐད་ཀྱང་དགོས་པ་ཆུང་བས་བཏང་སྙོམས་སུ་བཞག །དེ་ནས་གོ་ཇོའི་སྡེ་ཁུལ་དུ་འབྱོར། ཡས་མན་གྱི་དགོན་ཁག་དང་། དཔོན་སྡེ་སོ་སོ་ནས་གདན་ཞུས་བྱུང་ཡང་དགུན་གྲང་ངར་རྒྱས་པ་དང་ཁ་བ་ཆེན་པོ་བབ་རྐྱེན་གྱིས་མདོ་དྲུག་སྟོད་སྨད། སཱ་ལ་སྡེ་ཁུལ་ཙམ་ལ་འབྲུ་བསོད་བྱས་པས་འབྲུ་དཔེ་བརྒྱ་དང་དྲུག་ཅུ་ཙམ་འདུས་སོང་བ་ཀཿཐོག་ཐུབ་ཆེན་གསར་བཞེངས་ཀྱི་ཞལ་འདེབས་སུ་ཕུལ། ལམ་ཞོར་གོ་འཇོ་དཔོན་ཁག་བདུན་ཙམ་དང་དགོན་ཁག་བརྒྱད་དགུ་ཞིག་ལ་ཁྱུག་ཙམ་རེ་ཕྱིན། བྲག་གཡབ་ཕྱོགས་ནས་ལ་ཕག་དགོན། ལྷ་སྲུང་ཁོ་ར་བདུད་རི་རྣམས་

(༢༨༡)ནས་གདན་འདྲེན་བྱུང་ཀྱང་འགྲོ་རྒྱུ་བྱོལ། དེ་ནས་གཞུང་ལམ་རིམ་བརྒྱུད་ཀྱིས་བསམ་འགྲུབ་དཔོན་པར་འབྱོར་ཏེ་ཞག་ཤས་སུ་ངལ་གསོས། དེ་གའི་སྡེ་དཔོན་སྤྱི་སྒེར་གྱི་ཞབས་རིམ་རྣམས་བགྱིས། ཉག་བླ་བྱང་ཆུབ་རྡོ་རྗེའི་སྒར་དུ་ཡང་ཁྱུག་ཙམ་ཕྱིན། རབ་བྱུང་དང་བསྙེན་རྫོགས་དྲུག་ཅུ་རྩ་བཞི་བསྒྲུབས། འཁོར་གསུམ་ཡོངས་དག་གི་འབུལ་བ་གནང་། སྨར་ཁམས་ནས་འདི་བར་སྔ་ཕྱིར་རབ་བྱུང་སུམ་བརྒྱར་ཉེ་བ་བསྒྲུབས། རྫོགས་པ་ཆེན་པོའི་ཁྲིད་ཞུ་བ་སྟོང་ཕྲག་བརྒལ་བ་དང་། རྩ་རླུང་གི་ཁྲིད་ཞུ་བ་བཞི་བཅུ་ཙམ། ཡེ་ཤེས་བླ་མའི་ཁྲིད་ཞུ་བ་བརྒྱ་སྐོར་བཅས་བྱུང་། དེ་དག་ཀྱང་ཆེན་པོའི་སྤོམ་ཁྲིད་དང་མཁས་པའི་ཚིག་ཁྲིད་ཙམ་མིན་པར་རྫོགས་པ་ཆེན་པོའི་མན་ངག་རིགས་འཛིན་བརྒྱུད་པའི་ཞལ་ལུང་བཞིན་ཁྲེགས་ཆོད་ཀྱི་རིག་པ་དང་། ཐོད་རྒལ་གྱི་སྒྲོན་བཞིའི་ངོ་སྤྲོད་སོགས་གནད་དུ་ཐེངས་པ་བྱས་པས་རྟོགས་ལྡན་རྒན་པོ་རྣམས་ཀྱང་ཡིད་དབང་མེད་དུ་འགྱུར་ནས་རྫོགས་པ་ཆེན་པོའི་ཁྲིད་འདི་འདྲ་བ་ཐོས་མ་མྱོང་ཞེས་ཟེར་ཞིང་རྟོགས་འབུལ་དང་དོགས་གཅོད་བྱེད་མཁན་ཤིན་ཏུ་མང་། འདི་དུས་ཁྲིད་ཐེང་རེ་ལ་སུམ་ཅུ་བཞི་བཅུར་མཉམ་དུ་འཆད་པ་ལས། སློབ་མ་རེ་རེ་ནས་འཆད་རྒྱུ་བ་

(༢༨༢)བྱུང་བས་ལག་ལེན་རྩིང་པོ་ལྟ་བུར་སོང་ཡང་འདུ་བ་ཧ་ཅང་མང་དྲག་པས་ཅི་བྱར་མ་བྱུང་། སྨར་ཁམས་ནས་བཏེགས་ནས་བཟུང་ཁྲོ་འབར་དང་ཁྱད་པར་སྲིང་མོ་རྟ་ལྕམ་འདི་སྐྱེལ་མར་ཡོད་པའི་སྣང་བ་རྒྱུན་དུ་བྱུང་བ་བསམ་འགྲུབ་གཞུང་ནས་ད་སྐྱེལ་མི་དགོས་པས་ཕྱིར་ལོག་ན་སྨྲས་ཀྱང་ད་དུང་ཀཿཐོག་གི་སྲུང་མ་མ་མགོན་རྣམས་བསུ་བ་ལ་སླེབས་མི་འདུག་པས་དེ་རྣམས་མ་སླེབས་བར་སྐྱེལ་མ་ལ་འགྲོ་དགོས་ཞེས་ཟེར། འདིའང་སྔོན་གྱི་དམ་ཚིག་གི་རྗེས་སུ་འབྲངས་པའི་སྲུང་མ་ཞིག་ཡིན་པར་མངོན། དེ་ནས་ལམ་བར་དུ་ཉེ་ཞོ་མེད་པར་ཀཿཐོག་ཏུ་འབྱོར་འདུས་སྡེ་སྤྱི་དང་བྱེ་བྲག་མཆོག་སྤྲུལ་རིན་པོ་ཆེ་ཁག་སོ་སོར་འཚམས་རྟགས་འབུལ་བ་མཚོན་ཙམ་རེ་ཕུལ། འཕྲོས་ཀྱི་དངོས་འབྱོར་གསེར་དངུལ་ཡོད་རིགས་རྒྱ་གོར་སྟོང་ཕྲག་བཅུ་དང་སུམ་བརྒྱར་ལོངས་པ་ཟངས་མདོག་དཔལ་རིའི་བློས་བསླང་ཆེན་པོའི་གསེར་གསོལ་གྱི་རྟེན་དུ་སྦྱར། སླར་ཡང་རང་གནས་སུ་འོང་ནས་ཕྱོགས་ཀྱི་འདུ་བ་རྣམས་ལ་ཆོས་འབྲེལ་ཅི་ནུས་སུ་བྱས། སྤྲེལ་ལོ་གསར་ཚེས་ནང་གྲྭ་ལག་དགོན་དུ་བཤད་གྲྭ་གསར་འཛུགས་དབུར་འོང་དགོས་རྒྱུ་ཕྱག་སྤྲུལ་རིན་པོ་ཆེས་བཀའ་ཕེབས་དོན་བཞིན་འགྲོ་བར་ཁས་བླངས། ལོ་སར་ནང་གཏེར་

(༢༨༣)སྟོན་དྲི་མེད་རིན་པོ་ཆེ་དགོངས་པ་རྫོགས་པར་ཕྱིན། མཆོད་འབུལ་དང་སྐུ་གདུང་རིན་པོ་ཆེ་ཞུགས་སུ་སྦྱངས། ཟླ་བ་གཉིས་པའི་མགོར་གྲྭ་ལག་ཏུ་འགྲོ་རྒྱུ་དཀྲིགས་ཆོད་ཡིན་ཀྱང་དཔལ་ཡུལ་ནས་གྲུབ་དབང་པདྨ་ནོར་བུ་བསྙུན་ཚབ་ཆེ་བས་ཕེབས་བྱམས་ལ་བརྟེན་ནས་འདིར་འབྱོར། སྐྱབས་རྗེ་སི་ཏུ་གཤེགས་རྗེས་རྙིང་ཕྱོགས་ལ་ཅུང་ཟད་ཕན་དུ་རེ་བ་ཁོང་ལས་ལྷག་མེད་ངེས་ལ་བརྟེན་ལྷག་བསམ་དག་པས་ཞབས་བརྟན་མང་དུ་ཕུལ་ཡང་ཕན་སྐྱེད་ཆེར་མ་བྱུང་ནའང་གནས་སྐབས་དགོངས་འཁྲོལ་ཞུས་ནས་ཡུན་རིང་མི་འགོར་བར་ཚུར་འོང་རྒྱུ་བྱས་ཏེ་གྲྭ་ལག་ཏུ་སྒར་བཏེགས། ལམ་ཁར་ཞག་ཚུགས་ཞིག་གི་གསལ་སྣང་ལ་རྗེ་བདག་ཉིད་ཆེན་པོ་དང་། ཆོས་རྗེ་མི་ཕམ་རིན་པོ་ཆེ་བདག་གི་བླ་མ་བཀའ་དྲིན་ཅན་གསུམ་བཞུགས་འདུག་པ་ཁོང་རྣམ་གཉིས་དཔལ་ལྡན་ཟླ་བའི་དབུ་མའི་ཐལ་བཟློག་ལ་དྲི་བ་དང་དྲི་ལན་གནང་། ཁྱད་པར་དུ་ཆོས་ཅན་མཐུན་སྣང་ཡོད་མེད་ལ་རྗེ་རིན་པོ་ཆེ་དང་། བླ་མ་མི་ཕམ་གཉིས་ཐུགས་ཧུར་ཧུར་འདྲ་ཞིག་མཛད་ནས་རྩོད་པ་གནང་འདུག །དེ་ལ་ཉན་ན་གོ་རྒྱུ་ཞིག་སྣང་ཡང་བླ་མ་བཀའ་དྲིན་ཅན་ནས་

(༢༨༤)ཁྱོད་ཀྱིས་བྱས་པའི་རྫོགས་ཆེན་གྱི་ཁྲིད་འགྲེལ་འགའ་རེ་ཡོད་པ་སྟོན་དང་གསུངས། གཟིགས་ཕུལ་བས་ཐུགས་མཉེས་མཉེས་མཛད་ནས་གོ་བཅད་འདུག་ཟེར་བ་ཞིག་རྨིས་རྨི་ལྟས་ལ་བརྟགས་ན་དགོན་གནས་དེར་བཤད་གྲྭ་ལེགས་པོ་ཞིག་ཚུགས་སྙམ་ཤར། དེ་ནས་གྲྭ་ལག་བཤད་སྒྲུབ་གླིང་དང་ཉེ་བ་ཞིག་ཏུ་ཞག་ཚུགས་བྱས། ཕྱིར་ནང་ཆིབས་བསུ་རིང་ཐུང་མང་དུ་འབྱོར་ཞིང་དགོན་ཐོག་དེར་སླེབས། ཕྱག་སྤྲུལ་རིན་པོ་ཆེའི་གཟིམ་ཁང་དུ་བསྡད། བློ་གསལ་བཞི་བཅུར་ཉེ་བ་ལ་བློ་གྲོས་སྤེལ་སླད་འཇམ་དབྱངས་བསྟོད་སྒྲུབ་ཀྱི་རྗེས་གནང་དང་བཤད་ལུང་པཎྜི་ཏ་མ་ཏིའི་འཇམ་དཀར་གྱི་རྗེས་གནང་དང་། སྒྲུབ་ཐབས་ཀྱི་བཀླག་ལུང་། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་འགྲེལ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཐོག་འགྲེལ་སྟེང་ནས་དང་། ཤེར་འགྲེལ་ཀེ་ཏ་ཀ་བཅས་ཞིབ་བཤད་བགྱིས། གཞན་ཡང་ཕྱོགས་འདུས་ཁ་ཤས་ལ་ཀུན་བཟང་བླ་མའི་ཞལ་ལུང་། ཡེ་ཤེས་བླ་མའི་ཁྲིད། རང་གྲོལ་སྐོར་གསུམ་དོན་ཁྲིད། སེམས་ཉིད་ངལ་བསོའི་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བཅས་རྫོགས་མཚམས་ཤིག་ཏུ། རྨི་ལམ་གྱི་སྣང་ཆར་མཆོག་སྤྲུལ་པད་ནོར་རིན་པོ་ཆེ་

(༢༨༥)ཞིང་ཁམས་གཞན་དུ་གཤེགས་པར་ཤེས་ཏེ་སྒྱུ་ལུས་ཀྱི་བཀོད་པ་བཟུང་ནས་ཕྱིན་པར་ཁོང་དང་མཇལ་ཏེ་བསྙུན་དྲིས་པས་ད་ནད་ཁམས་འདིས་ལུས་ཀྱི་དོན་སྣོད་ཕལ་ཆེར་ཟག་ཚར་བ་འདྲ་བས་སྒྱུ་ལུས་འདིར་སྡོད་མི་སྤྲོ་བས་འགྲོ་གྲབ་ཡིན་གསུངས། ཞིང་ཁམས་གང་དུ་ཐུགས་བཞེད་མཆིས་པ་དེར་བདག་གིས་གྲོགས་དན་བགྱིད་ཆོག་ཞུས་པས་ཁོང་གིས་ངེད་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ལ་བྱང་བས་ཞིང་གང་དུ་ཕྱིན་ཀྱང་ཆོག །ཁྱད་པར་འཕགས་པ་ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་མ་དུང་ཕྱུར་ལྷག་ཙམ་བཏོན། ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་པ་ཡང་དེ་ཙམ་བསྐྱལ། གུ་རུ་རིན་པོ་ཆེའི་ཞལ་ཡང་ཡང་མཇལ་གྱིན་འདུག་པས་པོ་ཊ་ལ་དང་། ཟངས་མདོག་དཔལ་རི་གང་དུ་ཕྱིན་ཀྱང་ཚོགས་མེད། འོན་ཀྱང་ཉིད་ཀྱི་འོད་གསལ་སྙིང་ཐིག་གི་བསྟན་པ་འདི་ལ་བྱ་བ་ཆེར་བགྱིད་པའི་ལོང་མ་བྱུང་བས་དེ་ལ་རེ་བ་ཅི་ནས་ཆེ་བ་དང་། ཉིད་ཀྱི་ཞབས་དྲུང་དུ་འདུན་པ་ཆེ་གསུངས། བདག་གིས་སྐབས་ཤིག་དེས་མི་ཕན་ཀརྨ་ཆགས་མེད་རིན་པོ་ཆེས་ཞིང་ཁམས་འདམས་པའི་རྟ་ཕོ་ལས་བདེ་བ་ཅན་བཟང་གསུངས་པ་དེ་ཡིན། རེ་ཞིག་དེར་ཕེབས་ནས་

(༢༨༦)སྤྲུལ་པ་བཟུང་ནས་ཅི་འདོད་པ་ཆོག་མོད་ཞུས་པར། འོ་ན་བདག་སྐབས་ཤིག་པདྨ་འོད་དུ་འགྲོ། ཕྱིས་ནས་བསམ་པ་ཡིད་བཞིན་དུ་འགྲུབ་པའི་མཐུན་འགྱུར་བཀའ་དྲིན་ཆེ་གསུངས། དེའི་ཉིན་ཤས་ནས་བསྙུན་ཚབ་ལྕི་བས་འོང་དགོས་རྒྱུའི་བང་མི་འབྱོར། མགྱོགས་སྟབས་ཀྱིས་ཚུར་འོང་། འདིར་སླེབས་དུས་དགོངས་པ་རྫོགས་ནས་ཞག་ལྔ་ཙམ་སོང་འདུག །ཐུགས་དམ་བཀྲོལ་བ་དང་ཡང་སྲིད་ལྷུར་འབྱོན་གྱི་སྨོན་ལམ་ཞུས། གདུང་རིན་པོ་ཆེ་ཚགས་སུ་གཞུགས་པ་དང་མཆོད་པའི་སྟ་གོན་རྣམས་བསྒྲིགས། དཔལ་ཡུལ་ནས་ཀརྨ་ཡང་སྲིད་དཔོན་སློབ་ཀྱང་འབྱོར། ཞག་གསུམ་ཙམ་དུ་གདུང་མཆོད་ཕུལ། སྲས་ཨ་འགྱུར་དང་སྐལ་བཟང་བསྟན་འཛིན་བཅས་ཕེབས་སྐུ་གདུང་ཞུགས་འབུལ་གྱི་སྟ་གོན་གྲུབ་འཕྲལ། ཚོགས་ཆེན་འདུས་པ་དང་བཀའ་བརྒྱད་བདེར་འདུས་གཙོ་བོར་གྱུར་པའི་དཀྱིལ་འཁོར་བཞི་ལ་བརྟེན་ནས་ཞུགས་འབུལ་ཞུས། དེའི་ཚེ་ས་ཆེན་པོ་གཡོ་བ་དང་། སིལ་སྙན་དང་རོལ་མོའི་སྒྲ་རང་གྲགས་པ། སྤོས་ཀྱི་དྲི་འཐུལ་བ་དང་། གདངས་ཆེན་ལྔའི་འཇའ་གུར་ཟླུམ་པོ་འབྲེལ་བས་བར་སྣང་ཁྱབ་པ་སོགས་ངོ་མཚར་བའི་ལྟས་དུ་མས་གདུལ་བྱའི་ཡིད་རབ་ཏུ་འདུན་པར་གྱུར་ཏེ། དེ་ནས་གདུང་རུས་བསལ་

(༢༨༧)ཞིང་བསྡུ་བ་དང་ཚགས་སུ་གཞུག་པ་སོགས་བགྱིས་ཏེ་དཔལ་ཡུལ་དུ་གདན་དྲངས། གཤེགས་རྫོགས་ལ་བདུན་ཕྲག་གསུམ་ཙམ་དུ་མཆོད་འབུལ་བྱས་དེ་རྗེས་སྐལ་ལྡན་འདུས་པའི་ཚོགས་ལ་ཆོས་ཁྲིད་དང་། སྙིང་ཐིག་མ་བུའི་དབང་ལུང་རྣམས་བགྱིས། ཕུར་པ་རྒྱུད་ལུགས་ཀྱི་དབང་བསྐུར་བས་ཕུར་སྲུང་གི་དབང་དུས་སུ་གཏོར་མ་ལས་མེ་འབར་ཞིང་ཟི་ར་ཁོལ་བ། ཁྱི་སྤྱང་ཝ་དང་འཕར་བའི་སྐད་ཐོས་པ་སོགས་སློབ་མ་འགའ་རེ་ལ་བྱུང་། ཡང་སྐབས་ཤིག་ན་སྐྱབས་རྗེ་སི་ཏུ་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་དུ་འོང་དགོས་པའི་བཀའ་རྒྱ་འབྱོར་བ་བཞིན་ཀཿཐོག་ཏུ་སོང་། མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཁྲི་འདོན་གྱི་རྡོར་སློབ་རང་ལ་དགོས་ཚུལ་གྱིས་བཀའ་ལུགས་སྤྱིར་ཕེབས་བཞིན་དུ་ཞུས། དེ་དུས་རྒྱལ་དབང་ལྔ་པ་ཆེན་པོའི་ཡང་སྲིད་ཚངས་དབྱངས་རྒྱ་མཚོ་ཁྲི་འདོན་སྐབས། སྡེ་སྲིད་ཆེན་པོས་སྨིན་གླིང་གཏེར་ཆེན་ལ་བཀའ་འདྲི་ཞུས་པའི་ལན་གནང་བ་དེ་བཞིན་ཚོགས་ཆེན་འདུས་པའི་བྱང་སེམས་དབང་གི་སྐབས་ནས་ཇི་ལྟར་བྱུང་བ་བཞིན་བགྱིས་ཏེ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་མངའ་གསོལ་བ་ལགས་སོ། །རང་ལོ་བཞི་བཅུ་རྩ་ལྔ་པའི་སྟོན་ཁ་

(༢༨༨)རྨི་ལམ་ཞིག་ལ་ཚར་ཆེན་བློ་གསལ་རྒྱ་མཚོ་དང་། གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ངེད་དཔོན་སློབ་གཅིག་དང་ཐ་དད་ཀྱི་རྣམ་དབྱེ་མི་འབྱེད་པ་ཞིག་ཏུ་དྲིའུ་དཀར་མོ་ཞིག་ལ་དཔེ་ཆ་རྒྱབ་གཅིག་བཀལ་ནས་སོང་། ས་ཚུགས་ཤིག་ཏུ་ཆུ་དང་མེ་ཤིང་བསྡུས་ཚ་ཇ་བསྐོལ་བས་ཐབ་ཀའི་གཡས་ཕྱོགས་སུ་མེ་ཏོག་སེར་པོ་ཕུབ་ཙམ་པ་གསུམ་དང་། གཡོན་ཕྱོགས་སུ་མེ་ཏོག་དམར་པོ་ཕུབ་ཙམ་བདུན་སྐྱེས་འདུག །ཚར་ཆེན་རིན་པོ་ཆེར་འདིའི་རྒྱུ་མཚན་ཞུས་པས་སེར་པོ་གསུམ་འདི་ངེད་ད་དུང་རྒྱལ་བསྟན་གཞིར་བཞེངས་སུ་སློང་བའི་དགེ་སློང་གསུམ་གྱི་སྐྱེ་བ་ལེན་དགོས་པའི་རྟགས་དང་། དམར་པོ་འདི་དག་ཁྱེད་ཕྱིན་ཆད་སྔགས་པ་ཁྱད་པར་ཅན་བདུན་གྱི་སྐྱེ་བ་ལེན་དགོས་པའི་བརྡ་ཡིན་གསུངས་པ་འདི་གང་ལགས་ཞུས་པས་ཀོང་པོ་བུ་ཆུ་ལྷ་ཁང་དང་ཉེ་བ་བདེ་སྐྱིད་ཁང་གསར་མ་ལགས་སམ་གསུངས། རང་ལོ་ང་ལྔ་པར་རྐྱེན་སེལ་བཅད་རྒྱའི་ཁུལ་གྱིས་གཏེར་ཆེན་རཏྣ་གླིང་པའི་གཏེར་བྱོན་ཕུར་པ་ཡང་གསང་བླ་མེད་འདི་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་མནོག་ཆོས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ལྷག་ཆད་སྣོན་ཕྲི་མེད་པར་གནང་བའི་ཟབ་ཆོས་བླ་ན་མེད་པ་

(༢༨༩)ཡིན་པས། དེའི་བསྙེན་པ་བསྐྱལ་བས་ཅི་ཞིག་ན་རྨི་ལམ་གྱི་སྣང་ཆར་མོན་ཁ་ནེ་རིང་སེང་གེ་རྫོང་དུ་ཕྱིན་སྣང་ལ། ཆུ་མིག་རིང་མོ་ཞིག་གི་མགོར་བྲག་སྐྱིབས་ཤིན་ཏུ་ཉམས་དགའ་བར་སླེབས། དེར་ཕུར་སྒྲོམ་གྱི་དཀྱིལ་འཁོར་ཞིག་གི་སྟེང་གནམ་ལྕགས་ཀྱི་ཕུར་པ་དར་དཔྱངས་སྔོན་པོ་གཡོ་བ་མེ་སྟག་གི་ཚྭ་ཚྭ་ཕྲོམ་ཕྲོམ་འཕྲོ་བ་ཞིག་མཇལ་བ་ལ་མོས་གུས་ཀྱིས་གསོལ་བ་བཏབ་པས། དེ་ཉིད་གནས་འགྱུར་ཚུལ་གྱིས་མཚོ་རྒྱལ་གྱི་སྐུར་གྱུར། དེའི་མདུན་དུ་གུ་རུའི་ཐུགས་ཟིན་གྱི་གཟུངས་མ་ཨ་ཙར་པ་ལེ་སྒྲུབ་གཡོག་གི་རྣམ་པས་བཞུགས་སྣང་། བདག་གིས་མོས་གུས་དྲག་པོས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ཅེས་གསོལ་བ་བཏབ་པས། མཚོ་རྒྱལ་གྱི་མདུན་དུ་གྲུ་གསུམ་མཐིང་ནག་འབར་བའི་ཕུར་གདན་གཅིག་ལས་ཀོ་མོག་ལ་རྡོ་བསྐྱུར་བ་ལྟ་བུ་རིམ་པར་མཆོད་དེ་དབུས་སུ་གཙོ་བོའི་ལྷ་གནས་གྲུ་གསུམ་མཐིང་ནག་འབར་བ་ཐོད་པའི་ར་བའི་མུ་ཁྱུད་ཅན་གྱི་ཕྱི་རོལ་དུ་

(༢༩༠)སྲས་མཆོག་གི་གནས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ། དེའི་ཕྱི་རོལ་དུ་ཕྱོགས་མཚམས་ཁྲོ་བོ་བརྒྱད་ཀྱི་གནས་འཁོར་ལོ་རྩིབས་བརྒྱད་པ། གཞལ་ཡས་ཁང་གི་གནམ་སྒོར་སྟེང་གི་ཁྲོ་བོའི་གནས་ཉི་གདན། གཙོ་བོའི་གདན་གྲུ་གསུམ་ཁོང་སེང་གི་རྣམ་པས་ཁྱམས་ཀྱི་ཐད་པོའི་བར་ཐུར་དུ་ཟུག་པའི་རྩེ་མོ་ཟུར་གསུམ། མདུན་དུ་སྒོ་དེད་པར་འོག་གི་ཁྲོ་བོའི་གདན་བཅས་སྣང་། དེར་མཚོ་རྒྱལ་གྱི་ཞལ་ནས་ཕུར་པ་རྩ་བའི་རྒྱུད་འདྲ་བ་ཞིག་གསུངས་ཏེ་ཐུགས་ཀ་ནས་གནམ་ལྕགས་ཀྱི་ཕུར་པ་རེ་རེ་སྤྲོས་ཏེ། ལྷ་གནས་སོ་སོར་ཕུར་སྒྲོམ་གྱི་རྣམ་པར་བཀོད་པ་དང་དེ་ཉིད་གནས་གྱུར་གྱིས་རྩ་བའི་དཀྱིལ་འཁོར་བཀྲ་ལམ་གྱིས་ཤར་ཞིང་ཨ་ཙར་ས་ལེ་ལས་རྡོར་གྱི་ཚུལ་མཛད་ནས་ཕུར་ཌཱིཀ་འབུམ་ནག་ནང་ན་བཞུགས་པའི་དབང་དེ་ཉིད་གནང་ཟིན་པ་དང་། དམ་ཅན་གྱི་དབང་གི་མགོར་ལས་ཀྱི་རྡོ་རྗེས་བཤུགས་གླུ་རིང་པོ་ཞིག་བཏང་སོང་བ་དང་མཉམ་དུ་སྐད་ཅིག་གིས་དམ་ཅན་མ་མོ་བཅུ་གཉིས་སྒོ་མ་བཞི་དང་བཅས་པ་སྤུངས་སེ་བྱོན་པ་ལ་བཀའ་བསྒོ་བའི་ཚུལ་གྱིས་སྲོག་དབང་ཞིག་གནང་། མཚོ་རྒྱལ་ཞུས་ལན་རད་གླིང་གཏེར་བྱོན་དེ་གནང་བར་

(༢༩༡)གསོལ་བ་བཏབ་ཀྱང་། ཕུར་ཌཱིཀ་འདི་ངེད་ཀྱིས་གུ་རུ་རིན་པོ་ཆེར་ཞུས་པ་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཡིན་པས་འདི་བཤད་པ་ཁག་ཆེ་གསུངས་ནས་གནང་། དེ་ནས་རྩ་བའི་དཀྱིལ་འཁོར་གསུམ་མཚོ་རྒྱལ་ལ་ཐིམ། དམ་ཅན་གྱི་དཀྱིལ་འཁོར་ཨ་ཙར་ས་ལེ་ལ་ཐིམ། མཚོ་རྒྱལ་གནས་གྱུར་ཏེ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཧཱུྃ་ཡིག་མཐིང་ཀས་མཚན་པ་ཧཱུྃ་གི་སྒྲ་འུ་རུ་རུ་གྲགས་པ་ཞིག་ཏུ་གྱུར། དེའང་ནམ་མཁའ་ལ་འཇའ་ལྟར་ཡལ་བས་རང་གི་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཡུལ་ཆོས་ཉིད་སྐྱེ་བ་མེད་པར་ཐིམ་ནས་གཟུང་འཛིན་གྱི་སྤྲོས་པ་ཞི་བའི་དབྱིངས་སུ་རེ་ཞིག་རྟོག་མེད་དུ་ལུས་སོང་། དེ་ནས་ཡང་ཉམས་སྣང་ཞིག་ལ། འཇམ་མགོན་བློ་གྲོས་མཐའ་ཡས་སྐུ་ཉམས་ཧ་ཅང་བསྒྲེས་པ། ན་བཟའ་བཟང་གོས་སྨུག་པོ་ཆིག་རྐྱང་མནབས་པ་ཞིག་མཇལ། སྔར་གཏེར་མཛོད་ཀྱི་དབང་ལུང་ཚར་གསུམ་བཏོན་པ་ལ་ཐུགས་དགྱེས་ཚུལ་མཛད། ཁོང་གི་གཏེར་བྱོན་ཡུམ་བཀའ་མཁའ་འགྲོ་གསང་ཐིག་འདི་ཁྱོད་ཀྱི་ཆོས་སྐལ་ཡིན་པས་ད་ལམ་དབང་ཞིག་བསྐུར་དགོས་གསུངས་ནས་དབང་

(༢༩༢)དང་། མཁའ་འགྲོའི་རྒྱུད་ངོ་མཚར་བ་ཞིག་ཀྱང་གནང་། དེང་སང་གི་དུས་ན་བསྟན་འགྲོའི་ཕན་བདེ་སྒྲུབ་པའི་གཉེར་ཁ་ཁྱོད་རང་ལ་བབ་ཀྱང་སྤྲོས་མེད་ལུགས་སུ་བགྱི་བ་འདི་གྱོང་ཆེ་གསུངས། གཞན་ཡང་ལུང་བསྟན་གྱི་རྣམ་པ་མང་དུ་གནང་བ་ནི་དགོས་པ་མེད་པས་མ་བྲིས་སོ། །དེ་ལྟར་དེང་སང་ལྔ་བརྒྱའི་ཐ་མ་འདིར། ཡུལ་དུས་དམན་པས་འགྲོ་བའི་འདྲེན་པ་སྙིགས། དད་བརྩོན་བློ་གྲོས་ཤེས་རབ་ཤུགས་ཞན་པས། །ཡང་དག་རྣམ་ཐར་རྒྱ་ཆེར་འགོད་དུ་ཅི། །འོན་ཀྱང་མཁས་དང་གྲུབ་བརྙེས་བཤེས་གཉེན་འགས། །རྗེས་བཟུང་ཟབ་དང་རྒྱ་ཆེའི་ཆོས་ཀྱི་མཛོད། །ཐོས་བསམ་བསྒོམ་པ་ལྷུར་བླངས་སྦྱངས་བརྩོན་མཐུས། །རང་རྒྱུད་ཅུང་ཟད་དུལ་འདི་དམ་པའི་དྲིན། །མཁས་མང་མགུ་བའི་ཚིག་གི་སྡེབ་སྦྱོར་མེད། །གྲུབ་པ་བརྙེས་པའི་ལམ་གྱི་མངོན་རྟོགས་ཅི། །དེ་ལྟ་ནའང་སྒྲོ་སྐུར་མཐའ་སྤངས་ནས། །རང་ཚུལ་མ་གསང་དྲང་པོར་བརྗོད་པ་ལགས། །བདག་གི་རྗེས་སུ་འཇུག་པའི་ལས་ཅན་རྣམས། །བརྒྱུད་པའི་དགོངས་པར་རས་ཆོད་གཟུ་ལུམ་དང་། །ཕྲི་བསྣན་མེད་པ་མན་ངག་ཁ་མི་གཅིག །བསླད་

(༢༩༣)དུ་མི་བཏུབ་ཡིད་ཆེས་ཕྱིར་དུ་བྲིས། །ཡང་དག་རྫོགས་པའི་སངས་རྒྱས་ནས་བཟུང་ཏེ། །ད་ལྟ་ཡན་ཆད་ཚིག་གིས་མ་བསླད་ཅིང་། །དོན་གྱི་དགོངས་པ་གཅིག་ཐོག་གཅིག་བབས་པ། །དངོས་རྫས་ལག་བརྒྱུད་རྒྱལ་པོའི་བཀའ་རྟགས་ལྟར། །དེ་ཡང་བྱིན་རླབས་དོན་བརྒྱུད་བར་མ་ཆད། །ཚིག་བརྒྱུད་བཀའ་བརྒྱུད་བར་མ་ཆད་པའི་དོན། །ཡིད་དཔྱོད་མི་རྙེད་གསང་མཆོག་ངེས་པའི་བབས། །བསོད་ནམས་བསགས་པའི་སྐལ་ལྡན་ཡིད་ཆེས་གནས། །ཚིག་དོན་རྣམ་བཀྲའི་ཡི་གེ་བྲིས་པའི་མཐུས། །འགྲོ་བློའི་རྨོངས་པ་མ་ལུས་རབ་བསལ་ནས། །རྫོགས་པ་ཆེན་པོའི་དོན་ལ་སྤྱོད་པ་དང་། །དོན་གཉིས་ཕུན་ཚོགས་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཡང་སྔར་སྡེ་སྣོད་འཛིན་པ་དུ་མས་བསྐུལ་བ་དང་ཁྱད་པར་མཆོག་སྤྲུལ་འགྱུར་མེད་རྡོ་རྗེ་དང་། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་དང་ནུས་ལྡན་རྣམ་གཉིས་དང་། སྤྲུལ་སྐུ་དཀོན་མཆོག་གྲགས་པ་སོགས་རིག་པར་སྨྲ་བའི་བཤེས་གཉེན་དུ་མས་སྔ་ཕྱིར་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་པདྨ་ལས་འབྲེལ་རྩལ་གྱིས་རང་གནས་ལྗོན་པ་ལུང་ནས་སྦྱར་བས་བླ་མ་སངས་རྒྱས་སུ་མཐོང་འབྲས་ཀྱིས་རང་རིག་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག །དགེའོ།། །དགེའོ།། །དགེའོ།།


no previousno next