ཤངས་ལུགས་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཟབ་དོན་གསལ། ཏཱ་ར་ནཱ་ཐ།
ཤངས་ལུགས་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཟབ་དོན་གསལ་བྱེད་བཞུགས་སོ། །
ཨོཾ་སྭ་སྟི། དཔལ་ལྡན་བླ་མ་དམ་པ་བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན་དེ་ལ་ཕྱག་འཚལ་ལོ། །འདིར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཞལ་གྱི་གདམས་པ་ལས་བྱུང་བ། འཁོར་ལོ་བདེ་མཆོག་སྙིང་པོའི་དཀྱིལ་འཁོར་གྱི་སྒྲུབ་
ཐབས་ཉམས་ལེན་གྱི་རིམ་པ་རྣམས་ལ་གོ་དོན་ཅུང་ཟད་བརྗོད་པར་བྱ་སྟེ། འདི་ལ་གསུམ། སྔོན་འགྲོ་རྒྱུད་སྦྱོང་བའི་རིམ་པ། དངོས་གཞི་བསྐྱེད་རྫོགས་ཀྱི་རྣལ་འབྱོར། རྗེས་རྣལ་འབྱོར་གྱི་ཡན་ལག་གོ །དང་པོ་ལ་ཐུན་མོངས་དང་། ཐུན་མོངས་མ་ཡིན་པ་གཉིས་ཀྱི། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་དེ། དེའི་གོ་དོན་ནི་སྤྱི་དང་འདྲའོ། །གཉིས་པ་ཐུན་མོངས་
མ་ཡིན་པ་ལ་སྲུང་བ་དང་ཚོགས་བསགས་གཉིས་ལས། དང་པོ་སྲུང་བ་རྣམ་པ་གསུམ་སྟེ། དེ་ཡང་འདི་ལྟར་སྒོ་གསུམ་སྦྱོང་བའི་རིམ་པ། ཕྱོགས་བཅིང་བའི་རིམ་པ། གསོལ་བ་གདབ་པའི་རིམ་པ་སྟེ་གསུམ་ལས། དང་པོ་ནི། མདུན་གྱི་ནམ་མཁར་རིགས་ལྔའི་ལྷ་ཚོགས་བྱོན་པ་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོས་དབང་བསྐུར་བར་མོས་པ་སྟེ། མདུན་གྱི་ནམ་མཁའ་ནས་གཡའ་དག་པར་གྱུར། ཅེས་པའི་བར་རོ། །འདི་ནི་ལུས་དག་པར་བྱེད་པའི་རིམ་པ་ཅེས་བྱ་བ་ཡིན་ལ། སྒྲུབ་ཐབས་གཞན་ནས་བྱུང་བའི་ཁྲུས་ཀྱི་རྣལ་འབྱོར་གྱི་དོན་འདི་ལ་ཚང་། གཞན་གྱི་ལུགས་ལ་རྣལ་འབྱོར་གྱི་ཡན་ལག་ཏུ་འདོད། ཐུན་མཚམས་ཀྱི་སྤྱོད་པ་བྱེད་དུས་ངེས་པ་མེད། ལུགས་འདི་ལ་ཆོ་གའི་དཀྱུས་སུ་བཞེད་ཅིང་མཉམ་པར་བཞག་པའི་རྣལ་འབྱོར་གྱི་ནང་ཚན་དུ་གཏོགས་པ་དང་། སྦྱང་བྱ་སྦྱོང་བྱེད་སྦྱོང་རྒྱུ་ཡོད་པས་གཞན་རྣམས་ལས་ལུགས་འདི་ཁྱད་པར་དུ་འཕགས་པའོ། །
དེ་ནས་ནང་མཆོད་བྱིན་གྱིས་བརླབས་ནས་མྱང་སྟེ། ཨ་མྲྀ་ཏའི་སྔགས་བཟླ་བ་ནི་སྲུང་བའི་རིམ་པ་སྟེ། གཞན་རྣམས་ལས་བདུད་རྩི་མྱང་བས་ཁ་དག་པར་བྱེད་པ་དང་རྣམ་པ་འདྲ་ལ། འོན་ཀྱང་ཐུན་མོང་མ་ཡིན་པའི་སྔགས་དང་དག་སྦྱོར་གྱི་སྒོ་ནས་འདི་མཆོག་ཏུ་འགྱུར་བའོ། །དེ་ལ་ཨོཾ་ནི་དགེ་ཞིང་བཀྲ་ཤིས་པའི་དོན། ཨ་མྲྀ་ཏ་ནི་བདུད་རྩི། བཱ་ཙ་ནི་སྨྲ་བ་སྟེ་ངག །རཀྵ་རཀྵ་ནི་སྲུངས་ཤིག །ཧཱུྃ་ནི་སྲུང་བའི་སྔགས། ཕཊ་ནི་གནོད་བྱེད་འཇོམས་པའོ། །དེ་ནས་སེམས་སྤྲོས་བྲལ་ལ་མཉམ་པར་འཇོག་པ་ནི་ཡིད་དག་པའི་རིམ་པ་སྟེ། དེ་ལ་རང་གི་སེམས་ཉིད་ཅེས་པ་ནི། སེམས་དང་སེམས་ཉིད་གཉིས་ཀྱི་ཟླས་ཕྱེ་བའི་སེམས་ཉིད་དེ་སེམས་ཀྱི་ཆོས་ཉིད་དོ། །དེ་ཡང་མཐའ་བྲལ་དང་། སྤྲོས་བྲལ་དང་། བརྗོད་བྲལ་དང་། སྟོང་ཉིད་ལ་སོགས་པ་དགག་ཕྱོགས་ཀྱི་མིང་དུ་མས་བརྙད་ཀྱང་སྟོང་རྐྱང་མིན་ཏེ་རང་རིག་པའི་ཡེ་ཤེས་སུ་གདོད་ནས་ཤར་བ་ཡིན་ལ། སེམས་དང་། སེམས་ཉིད་དང་། ཡེ་ཤེས་དང་། ལྷན་ཅིག་
སྐྱེས་པ་དང་། བདེ་བ་ཆེན་པོ་ལ་སོགས་པ་དངོས་པོའམ་ཡོད་པའམ་ཡོངས་གཅོད་ཀྱི་མིང་དུ་མས་བསྙད་ཀྱང་། གཟུང་འཛིན་ཐམས་ཅད་དང་བྲལ་བ། སྤྲོས་པ་ཐམས་ཅད་ལས་གྲོལ་བ། ཤེས་བརྗོད་ཀྱི་ཡུལ་ཐམས་ཅད་ལས་འདས་པ། དོན་དམ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེས་ན་མིག་ཤེས་ལ་སོགས་པ་སྒོ་ལྔའི་རྣམ་ཤེས་དང་། འདོད་ཆགས་ལ་སོགས་པ་སེམས་བྱུང་གི་རྣམ་རྟོག་དང་། ཡང་གཟུགས་སོགས་ཡུལ་རིག་མཁན་ཡང་བྱེད་ལ། རྣམ་རྟོག་འབྱུང་མཁན་ཡང་བྱེད་ཅིང་། ཁོ་རང་དངོས་རྣམ་རྟོག་རང་ཡང་མ་ཡིན་པའི་ཤེས་པ་ཡུལ་ཡུལ་པོ་ཞིག་འདུག་པ་འདི། ཕྱི་ཡི་སྣང་ཆ་འཆར་ཐུབ་པའི་ངོས་ནས་ཡིད་ཀྱི་རྣམ་ཤེས་དང་། ནང་དུ་རང་གི་སྣང་ཆ་འཆར་ཐུབ་པའི་ངོས་ནས་ཉོན་ཡིད་ཡིན་ལ། ཤེས་པ་དེ་ཐམས་ཅད་ཀྱི་སྤྱི་ཁྱབ་ཏུ་རིག་ཙམ་ལ་ཕྱི་ནང་རྣམ་རྟོག་གང་དུ་ཡང་འཆར་མི་ཐུབ་པ་ཞིག་འདུག་པ་དེ་ཀུན་གཞིའི་རྣམ་པར་ཤེས་པ་ཡིན། ད་ལྟ་རང་རེ་སོ་སོ་སྐྱེ་བོ་རྣམས་ཀྱི་བློ་ངོ་ལྟར་ན། དེ་རྣམས་ལས་ཡུལ་དང་ཕྱོགས་ཆ་
གཞན་ན་ཡང་མེད། དུས་དང་གནས་སྐབས་གཞན་ན་ཡང་མེད། དུས་རྣམ་པ་གཞན་དུའང་མི་གསལ་མོད་ཀྱི་ འཇུག་ཤེས་ནས་ཀུན་གཞིའི་རྣམ་ཤེས་ཀྱི་བར་སྣང་ཆ་དང་བཅས་པ་ཐམས་ཅད་ལས་གདོད་ནས་འདས་ཤིང་དེ་དང་དེ་དག་ཡིན་རྒྱུ་ཡང་མེད་ལ། གཅིག་ཏུ་ན་དེ་ཐམས་ཅད་འདུས་པ་ལྟར་ཡང་སྣང་བ་ཞིག་འདུག་པ་འདི། སེམས་ཉིད་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་ཞེས་བྱ་བ་དེར་སྣང་ལ། འོན་ཀྱང་ད་ལྟའི་རྣལ་འབྱོར་པ་ལ་འཆར་ཚུལ་དེ་ཙམ་ཞིག་ནི། གནས་ལུགས་ཀྱི་སེམས་དེ་ཕྱོགས་ཙམ་ཟུར་མདངས་ཕྲ་མོ་ཙམ་མཚོན་པའི་ཚུལ་ཡིན་གྱི། ཀུན་གཞིའི་རྣམ་ཤེས་དང་ཆོས་ཉིད་ཀྱི་སེམས་ཆོས་ལས་ཇི་སྐད་བཤད་པའི་མཚན་ཉིད་ཚང་བ་མངོན་སུམ་དུ་གསལ་བར་མཐོང་བ་ནི་འཕགས་པའི་ཡེ་ཤེས་ཁོ་ནའོ། །ཆོས་ནས་ཇི་ལྟར་གསུང་ཞེ་ན། གཞུང་ལུགས་རྣམས་ནས་གསུངས་པའི་རྣམ་གྲངས་མཐའ་དག་སྐབས་འདིར་བརྗོད་ཀྱིས་མི་ལངས་ཀྱང་། སྙིང་པོ་ནི་ཀུན་གཞིའི་རྣམ་ཤེས་འཁོར་བ་དང་
ལམ་དང་འབྲས་བུ་ཐམས་ཅད་ཀྱི་བག་ཆགས་འདུས་པ་ས་བོན་དང་རྣམ་སྨིན་གྱི་ཚུལ་དུ་གནས་པར་བཤད། སེམས་ཉིད་ཀུན་གཞིའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་པ་འགྱུར་བ་མེད་པ་གཅིག་དང་ཐ་དད་ལས་གྲོལ་བ་ཡིན་པར་མདོ་རྒྱུད་ཐམས་ཅད་ནས་གསུངས་ཤིང་། གསང་སྔགས་ནས་ཁྱད་པར་དུ་བདེ་ཆེན་ལྷན་ཅིག་སྐྱེས་པར་ཡང་བཤད་དོ། །དེས་ན་ད་ལྟར་གྱི་སོ་སོ་སྐྱེ་བོའི་རྣལ་འབྱོར་པ་ཕལ་གྱིས་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་གི་ལྡོག་ཆ་ནས་རྣམ་པ་མི་གསལ་བའི་རིག་པ་གཡོ་འགུལ་མེད་པ་ཙམ་ཞིག་འདུག་པ་དེ་གོ་བ་ཡིན་གྱིས། ཁ་སང་ལྟ་བུ་ལས་དགེ་སྡིག་བྱས་པས་རང་རྒྱུད་ལ་ས་བོན་བཏབ་ཚུལ་དང་རྣམ་འགྱུར་གྱི་ཁྱད་པར་ཇི་ལྟར་འདུག་པ་དེ་རིང་ཡང་མི་ཤེས་ན། འཁོར་བ་ཐོག་མ་མེད་པ་ནས་ཀྱི་བག་ཆགས་ཐམས་ཅད་འདུས་ཚུལ་དང་ས་བོན་དང་རྣམ་སྨིན་གྱི་ཆ་ཤས་རྟོགས་པ་ག་ལ་ཞིག །ཡང་གང་དུ་ཡང་གཟུང་དུ་མེད་ཅིང་ཅིར་ཡང་འཆར་དུ་བཏུབ་པ་ཞིག་མྱོང་བ་ལས་དོན་དམ་པའི་སེམས་ཉིད་བདེ་བར་གཤེགས་པའི་
སྙིང་པོ་དེ་ཡོད་པར་རྗེས་སུ་དཔག་པ་ཙམ་ལས། དེ་ཉིད་རྣམ་པ་ཐམས་ཅད་པར་དངོས་སུ་མྱོང་བ་དང་ལྷན་སྐྱེས་ཀྱི་བདེ་ཆེན་དུ་དངོས་སུ་མྱོང་བ་ཡང་ཆེར་མི་སྣང་བས་རྦད་ཁམས་ཅན་རྣམས་བག་ཡོད་པར་གྱིས་ཤིག །དེ་ལྟར་ན་ཕྱིའི་ཡུལ་གྱི་སྣང་བ་ཐམས་ཅད་དང་ནང་སེམས་དང་སེམས་བྱུང་ཐམས་ཅད་བློ་འཁྲུལ་པའི་སྣང་བ་ཙམ་ལས་གནས་ཚུལ་ལ་ཅི་ཡང་མེད་པར་རྟོགས་ཏེ་ཆོས་ཉིད་ཀྱི་སེམས་ལ་བཟོ་བཅོས་མེད་པར་མཉམ་པར་འཇོག་པ་ཡིན་ནོ། །སྐབས་འདིར་ཆོ་གའི་དཀྱུས་ལ་འཇུག་དགོས་པ་ཉིད་ཀྱི་ཕྱིར་ཡུན་རིང་ཐུང་སྐབས་དང་སྦྱར། ཤིན་ཏུ་ལས་དང་པོ་པས་གནས་ལུགས་དེ་ཉམས་མྱོང་གི་སྒོ་ནས་མཚོན་པར་མི་ནུས་ན། མི་རྟོག་པ་བཙན་ཐབས་སུ་བསྐྱེད་ནས་གདོད་མའི་གནས་ལུགས་དེར་མོས་སྒོས་ཙམ་གྱིས་ཀྱང་མངོན་རྟོགས་ཀྱི་རིམ་པའི་ཡིད་བྱེད་ཀྱི་གོ་ཆོད་དོ། །དེ་ལྟར་ན། སྲུང་བ་གསུམ་ཞེས་བྱ་བ་བདག་སྲུང་བ་དང་གནས་སྲུང་བ་དང་རྣལ་འབྱོར་སྲུང་བ་རྣམས་ཡིན་པ་
ལས། སྐབས་འདིར་ལུས་ངག་ཡིད་གསུམ་དག་པ་ནི་བདག་སྲུང་བ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ཕྱོགས་བཅིང་བའི་རིམ་པ་ནི། རང་ཉིད་སྐད་ཅིག་གིས་ཞེས་པ་ནས་མེ་ལྕེས་གང་བར་གྱུར་ཅེས་པའི་བར་ཏེ། འདི་ལ་སྲུང་འཁོར་གྱི་གཞི་བསྐྱེད་པ་དང་། དེ་ལས་སྲུང་འཁོར་སྤྲོ་བ་གཉིས། དང་པོ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལ་དམིགས་ནས་རཀྵའི་སྔགས་བཟླས་པས། ཧཱུྃ་ཡིག་དེ་ཉིད་སྲུང་འཁོར་སྤྲོས་པའི་ནུས་པ་ཅན་དུ་བྱིན་གྱིས་རློབ་པ་ཡིན་ལ། སྐབས་འདིར་འཁོར་ལོ་སྡོམ་པའི་སྐུར་གྱུར་པ་ཞེས་འབྱུང་བས་དག་པ་གསུམ་གྱི་སྐབས་ཐ་མལ་གྱི་ང་རྒྱལ་ཡིན་ནམ་ཅེ་ན། སྤྱིར་གསང་སྔགས་ནང་པའི་རྣལ་འབྱོར་པ་ཡིན་པས་ནུས་ཤིང་དྲན་པས་སླེབས་ན་ལྷའི་ང་རྒྱལ་ལ་རྟག་ཏུ་གནས་དགོས་པ་ནི་ཡིན་ལ། དེ་ལྟར་ན་འདི་ཡན་ཆད་དུ་ལྷའི་དམིགས་པས་མ་སླེབས་ཀྱང་དགག་བྱ་ཆུང་ཞིང་། འདི་མན་ཆད་དུ་ནི་ལྷའི་རྣལ་འབྱོར་དང་མ་བྲལ་བ་མེད་ཁ་མེད་དོ། །འོན་ཀྱང་མཚམས་འདིར་ལྷའི་ང་རྒྱལ་སྨོས་པ་ནི་དག་པ་
གསུམ་ཡན་ཆད་སྔར་ཐུན་མཚམས་ཀྱི་ལྷ་སྐུ་ཕྱག་མཚན་སྤངས་པ་དེ་ཁའི་ང་རྒྱལ་གྱི་རྒྱུན་ཙམ་ཡིན་ལ། འདི་ནས་བརྩམས་ཏེ་ཕྱག་མཚན་གདན་བཞུགས་ཚུལ་ངེས་ཅན་དེ་སྒོམ་དགོས་པའི་ཁྱད་པར་གྱི་སྒོ་ནས་སྨོས་པ་ཡིན་ནོ། །དཔའ་བོ་གཅིག་པ་དང་ཡུམ་ཅན་གང་དུ་བསྒོམས་ཀྱང་སྤྱིར་འདྲ་མོད་ཀྱི་ཡུམ་ཅན་ཉིད་སྒོམ་པ་ཕྱག་ལེན་ལ་མཛད་དོ། །གཉིས་པ་ནི། རཾ་སྤྲོས་པ་ལས་ཉི་མ་དང་། ཧཱུྃ་སྤྲོས་པ་ལས་སྣ་ཚོགས་རྡོ་རྗེར་གྱུར་ཅིང་། སྣ་ཚོགས་རྡོ་རྗེ་དེ་ཉིད་ཤིན་ཏུ་རྒྱ་ཆེ་བ། ལྟེ་བའི་ཕྱི་རོལ་བར་མཚམས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་མང་པོས་གྲམ་བུར་བརྡལ་ཞིང་། དེ་དག་གི་བར་རྣམས་རྒྱ་གྲམ་ཕྲ་མོ་མང་པོས་གོ་མཚམས་མེད་པར་གཏམས་ཤིང་འབྲེལ་བ་དང་། དེའི་སྟེང་ཕྱོགས་མཚམས་བརྒྱད་དུ་རྭ་བ་དང་། སྟེང་དུ་གུར་སྤྱི་དང་མཐུན་པར་གྲུབ་པ་ལ། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་དཔག་ཏུ་མེད་པ་འཕྲོས་པ་རྣམས། རྡོ་རྗེ་རྩེ་གཅིག་པ་ནས་དགུ་པའི་བར་དུ་གྱུར་པ། དཔེར་ན་ནམ་མཁའ་རྡུལ་
གྱིས་ཁེངས་པ་འདྲ་བར་སོང་ནས། དེ་ཡང་སྟེང་ནས་སྟེང་དུ་སོང་བ་རྣམས་གུར་གྱི་བར་གསེང་རྣམས་འགེགས་པ་དང་། ཕྱོགས་མཚམས་ལ་སོང་བ་རྣམས་རྭ་བ་དང་། འོག་ཏུ་སོང་བ་རྣམས་ས་གཞིའི་བར་མཚམས་འགེགས་བྱེད་དེ། དེ་ཡང་རྡོ་རྗེ་ཆེ་བ་རྣམས་ཀྱིས་བར་མཚམས་དང་ཁུང་བུ་རགས་པ་བཀག །ད་རུང་བར་མཚམས་ཕྲ་མོ་རྣམས་རྡོ་རྗེ་ཕྲ་མོ་དག་གིས་བཀག །བར་གསེང་ཤིན་ཏུ་ཕྲ་བ་རྣམས་རྡོ་རྗེ་ཆེས་ཕྲ་བ་དག་གིས་བཀག་སྟེ། དེ་རྗེས་ཉི་མ་ལས་མེ་དྲག་ཏུ་འབར་བས་རྭ་གུར་གྱི་ཕྱི་ནས་རྡོ་རྗེའི་གཟུགས་ཀྱི་རྣམ་པ་རྣམས་ཅུང་ཟད་ཞུ་སྟེ་འདྲེས་པ་ལྷུང་བཟེད་ལེགས་པོའི་ཕྱི་ལྟར་འཇམ་ཞིང་འོད་འབར་བ་བསྐལ་པའི་རླུང་གིས་ཀྱང་མི་ཐར་བ་ལ། ནང་ཕྱོགས་ནས་བལྟས་ན་རྡོ་རྗེའི་རྣམ་པ་མ་ཉམས་པ་ཤིན་ཏུ་གསལ་བར་དོད་པ་ལ་ཕྱི་ནང་ཀུན་ཏུ་མེ་ལྕེ་ཁ་དོག་སྣ་ལྔ་འབར་བར་བསྒོམ། དེ་དག་ནི་སྲུང་བ་གསུམ་ལས་གནས་སྲུང་བའོ། །གསུམ་པ་གསོལ་བ་གདབ་པའི་རིམ་པ་ནི། སྙིང་གའི་འོད་ཟེར་གྱིས་བླ་མ་ཡི་
དམ་སོགས། མདུན་གྱི་ནམ་མཁར་སྤྱན་འདྲེན་པ་སྟེ། སྟེང་ཕྱོགས་གུར་གྱི་ནང་དབུས་ཀྱི་ཐད་དུ་སྤྱན་འདྲེན་པ་ཡིན་པ་ལས། རང་ཉིད་དེ་དག་གི་སྐུ་མདུན་སྣ་ཚོགས་རྡོ་རྗེའི་ས་གཞི་ལ་འདུག་པར་བསམ་ནས། སངས་རྒྱས་ཆོས་དང་སོགས། སྐྱབས་འགྲོ་ལན་གསུམ་དང་། ཚད་མེད་བཞི་པོའང་སྐྱབས་ཡུལ་དེ་དག་གི་སྤྱན་སྔར་སྨོན་ལམ་འདེབས་པའི་ཚུལ་དུ་བྱེད་དེ། འདིའི་སྐྱབས་འགྲོ་དང་ཚད་མེད་གཉིས་ཀར་གསོལ་བ་འདེབས་པའི་དོན་ཅན་ཡིན། འོད་ཟེར་ཕོག་པས་རང་གི་སྒོ་གསུམ་གྱི་དྲི་མ་སྦྱང་བ་ནི་དཀྱུས་བཞིན། སྐྱབས་ཡུལ་དང་རང་གི་སེམས་ཉིད་དབྱེར་མེད་པ་མེ་ལོང་དང་གཟུགས་བརྙན་ལྟར་གཅིག་དང་ཐ་དད་ལས་གྲོལ་བར་མོས། འདི་ནི་སྲུང་བ་གསུམ་ལས་རྣལ་འབྱོར་སྲུང་བ་ཡིན་ཅིང་། ཚད་མེད་བཞི་སྒོམ་པ་ལ་རྣལ་འབྱོར་སྲུང་བར་བཤད་པ་གཞུང་གཞན་ནས་འབྱུང་བ་དང་མཐུན་པ་ལས། སྐྱབས་འགྲོ་དང་འོད་ཟེར་སྤྲོ་བས་དྲི་མ་སྦྱང་བ་སོགས་བྱིན་རླབས་འཇུག་
ཐབས་ཀྱི་སྒོ་མང་པོ་ནས་གཞན་ལས་ཁྱད་པར་དུ་འཕགས་པའོ། །གཉིས་པ་ཚོགས་བསགས་པ་ལ་གཉིས་ལས། དང་པོ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། སླར་ཡང་སྙིང་ག་ནས་འོད་གསལ་གྱི་ངང་དུ་ཐིམ་ཅེས་པའི་བར་ཏེ། སྔར་གསོལ་འདེབས་ཀྱི་ཡུལ་སྐྱབས་གནས་རྣམས་རྡོ་རྗེའི་གུར་ནང་དུ་བཞུགས་བཞིན་པ་ལས། སླར་ཡང་ཚོགས་ཞིང་སྤྱན་དྲངས་པའི་ཡི་དམ་གྱི་དཀྱིལ་འཁོར་རང་གི་སྨིན་མཚམས་ཀྱི་ཐད་ཙམ་ཡན་ཆད་ཀྱི་ནམ་མཁའ་ལ་བཞུགས་ཤིང་། དཀྱིལ་འཁོར་གྱི་ཡང་སྟེང་གི་ནམ་མཁའ་ལ་དབུས་སུ་རྩ་བའི་བླ་མ། དེའི་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་དང་བཅས་པ་རྣམས་ཁྲོམ་འཚོགས་སུ་བསྐོར་བར་བསྒོམ། ཚོགས་ཞིང་སྤྱན་འདྲེན་པ་ཟེར་ཡང་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་ཚོགས་ཞིང་རྣམས་གདོད་ནས་ཕྱོགས་དེར་བཞུགས་བཞུགས་པ་ཡིན་ཡང་། སྔར་མ་རིག་པས་བསྒྲིབས་ཏེ་མ་མཐོང་བ། རྐྱེན་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱིས་གསལ་བར་
མཐོང་བ་ཡིན། དེ་ནས་ཚོགས་གསོག་དངོས་ནི་ཡན་ལག་བདུན་པ་བྱེད་པ་ལས། ཕྱག་འཚལ་བའི་སྔགས་གསུམ་ནི། ཁྱོད་ལ་ཕྱག་འཚལ་ལོ། །བདག་ལ་ཕྱག་འཚལ་ལོ། །འདུད་ཅིང་ཕྱག་འཚལ་ལོ། །ཅེས་པའི་དོན་ཡིན། ཡན་ལག་གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞི་ལས། ཨརྒྷཾ་སོགས་ནི་ཕྱིའི་མཆོད་པ་ཡིན། ནང་གི་མཆོད་པ་ཤ་ལྔ་བདུད་རྩི་ལྔ། གསང་བའི་མཆོད་པ་རིག་མ་བརྒྱད་དང་བཅུ་དྲུག་སོགས་སྤྲུལ་ཏེ་འབུལ་བའོ། །དེ་ཁོ་ན་ཉིད་ཀྱི་སྐབས་མཆོད་བྱ་ཚོགས་ཞིང་། མཆོད་བྱེད་རང་ཉིད། མཆོད་པ་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་རྣམས་རང་སེམས་གཅིག་པུའི་སྣང་བ་ཡིན་པས་སྣང་ཆ་སྣ་ཚོགས་པར་ཤར་ཡང་ངོ་བོ་གཅིག་པའི་ཕྱིར་གཉིས་སུ་མེད་པ་ཡིན་ལ། དེ་ཉིད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དམིགས་སུ་མེད་པའོ། །དེ་ལྟར་ན། ཕྱག་འཚལ་དང་མཆོད་པ་གཉིས། དེའི་སྟེང་དུ་གུར་ནས་བྱུང་བའི་རྒྱུན་བཤགས་ཀྱི་ནང་ན་ཡན་ལག་ལྔ་
སྟེ་བསྡོམས་པས་ཡན་ལག་བདུན་ནོ། །དེའི་ཡན་ལག་ལྔ་ནི། སྡིག་བཤགས། རྗེས་སུ་ཡི་རང་། སྐྱབས་འགྲོ། སེམས་བསྐྱེད། བསྔོ་བ་རྣམས་ཡིན་ཅིང་། སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ལན་གཉིས་གཉིས་ཡོད་ཀྱང་མདོར་བསྟན་རྒྱས་བཤད་ཙམ་ཡིན་པས་ཡན་ལག་སོ་སོར་མི་བགྲང་ངོ་། །འོད་གསལ་གྱི་ངང་དུ་ཐིམ་ཅེས་པ་ནི། སྔར་གསོལ་འདེབས་ཀྱི་ཡུལ་དུ་སྤྱན་དྲངས་པ་རྣམས་དང་། སྐབས་འདིའི་ཚོགས་ཞིང་རྣམས་ལྷན་ཅིག་ཏུ་བཞུགས་གནས་དེ་ཉིད་དུ་མི་སྣང་བར་གྱུར་པར་མོས། གཟུགས་ཀྱི་སྐུས་གཞན་དོན་མི་སྤྱོད་པའི་སྐབས་དང་། འོད་གསལ་མཐར་ཐུག །ཆོས་སྐུ་ཉིད་ལ་མཉམ་པར་བཞག་སྟེ་བཞུགས་པའི་སྐབས་སུ་བྱེད། ཆོས་སྐུར་མ་བཞུགས་པ་དང་གཟུགས་སྐུར་སྣང་བ་ཡང་གདུལ་བྱའི་སྣང་ཚུལ་གྱི་ཕྲིན་ལས་ཡིན་པས་དེ་དང་མཐུན་པར་སྒོམ་པ་ཡིན་གྱི་སངས་རྒྱས་དངོས་ཀྱི་རང་སྣང་ལ་ལྡང་འཇུག་དེ་འདྲ་ཡང་མེད་དོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་ནི། སྭ་བྷཱ་ཝ་དང་། ཤཱུ་ནྱ་ཏཱའི་སྔགས་དོན་བསམ་བ་ཡིན་ལ།
དེ་ཡང་རང་གི་སེམས་ལས་ཐ་དད་དུ་སྣང་བ་ཐམས་ཅད་གཟུང་བ་ཞེས་བྱ་བ་ཡིན་ཏེ། དེའང་འཁྲུལ་པའི་སྣང་བ་ཙམ་ཡིན་གྱི་སེམས་ལས་གཞན་གང་ཡང་གྲུབ་པ་མེད་པས་གཟུང་བ་རང་བཞིན་མེད་པ་སྟེ། སེམས་དེ་ནི་གཟུང་ཆོས་རྣམས་ཀྱི་རང་བཞིན་ཡིན་པའི་ཕྱིར། སྭ་བྷཱ་ཝ་རང་བཞིན་དག་པའི་སྔགས་དང་སྦྱོར་ལ། སྐབས་འདིའི་རང་བཞིན་ཡང་ཀུན་རྫོབ་རྫས་སུ་གནས་པའི་རང་བཞིན་ནོ། །འཛིན་པ་ནི་ཡུལ་འཛིན་པ་པོ་སྟེ། མཐོང་བ་པོ། རིག་པ་པོ། མྱོང་བ་པོའི་དོན་ཡིན་པས་རྣམ་ཤེས་ཚོགས་བརྒྱད་སེམས་སེམས་བྱུང་མཐའ་དག་ཡིན་ལ། དེ་ཡང་རྒྱུ་རྐྱེན་ཚོགས་པའི་སྣང་བ་ཙམ་ལས་རིག་པའི་རྣམ་པར་ཤར་བ་མ་གཏོགས་གདོད་ནས་མ་གྲུབ་པས་འཛིན་པ་རང་བཞིན་མ་དམིགས་པའོ། །དེ་ལྟར་ན། གཟུང་འཛིན་གཉིས་ཀ་མ་གྲུབ་པས་ཆོས་ཐམས་ཅད་གདོད་ནས་སྟོང་པའོ། །དེའི་ཕྱིར་ཤཱུ་ནྱ་ཏཱ་སྟོང་པའི་སྔགས་དང་སྦྱོར་ཞིང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མ་གྲུབ་
པས་གནས་ལུགས་ནི་ཅི་ཡང་མེད་པ་ཞིག་གོ་སྙམ་ན། ཛྙཱ་ན་སྭ་བྷཱ་ཝ་ཞེས་པ་ཡེ་ཤེས་ཀྱི་རང་བཞིན་ཏེ་གོང་དུ་སྨོས་པ་ལྟར་སེམས་ཉིད་ཁྱབ་བརྡལ་ཆེན་པོ་འབའ་ཞིག་གནས་པའོ། །དེ་ལྟར་ཡེ་ཤེས་ཚོགས་གསོག་སྟོང་ཉིད་སྒོམ་པའི་དགོས་པ་ནི་དངོས་གཞིའི་སྐབས་སུ་དག་སྣང་ལྷ་སྐུ་སྤྲོ་དགོས་པ་ལ་སྔོན་དུ་མ་དག་པའི་སྣང་བ་མ་སྦྱངས་ན་དག་པའི་ལྷ་སྐུ་སྤྲོ་མི་ཐུབ་པས། ཡེ་ཤེས་ཀྱི་སྣང་བ་སྤྲོ་བའི་བགེགས་བསལ་བའི་ཕྱིར་དང་། ལྷ་སྐུ་དངོས་སྒོམ་པའི་དུས་ན་ཡང་ལྷ་སྐུ་སྣང་སྟོང་ཞེས་བྱ་བའི་སྟོང་པ་ཚང་བར་བྱེད་པ་ལ་འདི་དགོས་ཏེ། ལྷ་སྐུར་སྣང་བཞིན་དུ་གཟུང་འཛིན་སྤྲོས་པའི་ཆོས་ཀྱིས་སྟོང་པ་ཞིག་ཐ་ན་མོས་སྒོམ་གྱི་ཚུལ་གྱིས་ཀྱང་དགོས་པ་ལས་དེ་ཡང་འདི་བསྒོམས་པ་ལས་འབྱུང་ངོ་། །སྐབས་འདིར་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་ངང་དེ་ལས་རྟོག་པ་གཞན་གྱིས་བར་མ་ཆོད་པར། འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོར་ལངས་པ་ན། སྔར་གྱི་སྟོང་པའི་རྒྱ་དེ་ལས་མ་འདས་བཞིན་
དུ་སྒོམ་པའོ། །འདིར་གཟུང་རྟོག་སྤངས་ཏེ་སེམས་ཙམ་དང་། དེ་ཡང་མི་དམིགས་པར་སྒོམ་པའི་ཚུལ། ཡེ་ཤེས་ཚོགས་གསོག་རིམ་པ་གཉིས་སྒོམ་པ་འདི་ནི། འཁོར་ལོ་སྡོམ་པའི་བཤད་རྒྱུད་མངོན་བརྗོད་བླ་མའི་ལེའུ་བཞི་པ་ཡེ་ཤེས་ཚོགས་གསོག་གི་སྐབས་ཉིད་ནས་འདི་སྐད་ཅེས། གཟུགས་བརྙན་ཙམ་གྱི་ཡེ་ཤེས་ནི། །སེམས་ཙམ་དུ་ནི་རྣམ་པར་བརྟག །ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། །ཆོས་མིན་ཆོས་ཉིད་ཀྱང་མ་ཡིན། །ཅེས་གསལ་བར་གསུངས་པ་ལྟར་ཡིན་ནོ། །གཉིས་པ་དངོས་གཞི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ། བརྟེན་པ་ལྷའི་དཀྱིལ་འཁོར། རྣལ་འབྱོར་རྫོགས་བྱེད་ཀྱི་ཡན་ལག་སྟེ་གསུམ་མོ། །དང་པོ་ནི། སྟོང་པའི་ངང་ལས་ཞེས་པ་ནས། །དུས་མཚན་དང་བཅས་པའོ། །ཅེས་པའི་བར་ཏེ། མཁས་བཙུན་རྒྱལ་མཚན་འབུམ་གྱིས་
མཛད་པའི་སྒྲུབ་ཐབས་ལ་སོགས་པ་བར་སྐབས་སུ་བྱུང་བའི་ཡི་གེ་རྣམས་ལས། སྐབས་འདིར་རྡོ་རྗེའི་ས་གཞི་རྭ་གུར་རྣམས་སྒོམ་པའི་གསལ་ཁ་མི་བྱེད་ཅིང་། རི་རབ་ཀྱི་སྟེང་སྣ་ཚོགས་རྡོ་རྗེ་དང་པདྨའི་སྟེང་དུ། བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དུར་ཁྲོད་དང་བཅས་པ་སྒོམ་པར་མཛད་ཀྱང་། ཡེ་ཤེས་མཁའ་འགྲོ་ཉིད་ཀྱི་གསུང་ངག་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཡི་གེར་བཀོད་པ་ལས་འབྱུང་བ་ནི་རང་རེའི་སྒྲུབ་ཐབས་ཀྱི་དཀྱུས་བཞིན་པས། ཡིག་རྙིང་ཉིད་བརྟག་པར་བྱ་བའི་ཡུལ་ཡིན་ལ། སྤྲོས་པ་ལ་དགའ་ན། གཞལ་ཡས་ཁང་སྒོ་ཅན་མ་བསྒོམས་ན་སྒྲུབ་ཐབས་ཕྲ་མོར་སོང་བས་དཀྱིལ་འཁོར་སྒོམ་པར་མི་འགྲོའོ་སྙམ་པའམ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒོ་ཅན་བྱས་ཕྱིན་བདག་བསྐྱེད་ལ་ཡང་དགོས་སྙམས་པ་ཡིན་ན་ནི་ཕྱོགས་རེ་ཁོ་ན་མཐོང་བའི་སྐྱོན་ཏེ། སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་དང་། ཕག་མོ་ལྷ་བཅུ་
གསུམ་མའི་སྒྲུབ་ཐབས་རིགས་ལྡན་ཁྱབ་འཇུག་སྦས་པས་མཛད་པ་དང་། མ་ཧཱ་མཱ་ཡའི་རྒྱུད ་དངོས་བསྟན་གྱི་སྒྲུབ་ཐབས་དང་། བརྟག་གཉིས་ལས་སྐུ་གསུང་ཐུགས་ཀྱི་ཧེ་རུ་ཀའི་སྒྲུབ་ཐབས་གསུངས་པའི་རྒྱུད་དོན་སྒྲ་དྲང་ཐད་རྣམས་ལས་དཀྱིལ་འཁོར་སྒོ་ཅན་མེད་པའི་ཕྱིར། བདག་བསྐྱེད་ཀྱི་དཀྱིལ་འཁོར་སྒོ་ཅན་མེད་ཀྱང་ཆོག་པའི་སྐབས་མང་དུ་གྲུབ་ཅིང་། གོང་དུ་བཤད་པའི་ཕག་མོ་བཅུ་གསུམ་མ་དེའི་དབང་ཆོག་རྒྱ་གཞུང་སློབ་དཔོན་འཇིགས་མེད་ལྷས་མཛད་པའི་མདུན་བསྐྱེད་ལ་སྒོ་ཅན་ཡོད་པ་དང་། གཞན་ཡང་བདག་བསྐྱེད་ལྷ་དཔའ་བོ་གཅིག་པ་ལ་མདུན་བསྐྱེད་དཀྱིལ་འཁོར་སྒོམ་པ་སོགས་རྒྱུད་སྡེ་གོང་འོག་རྣམས་ནས་བདག་མདུན་གྱི་དཀྱིལ་འཁོར་རྒྱས་བསྡུས་དང་རྣམ་པ་མི་འདྲ་བ་མང་དུ་ཡོད་པའི་ཕྱིར། འདིར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེས་ན་འདིར་ལྷའི་བཞུགས་གནས་སྣ་ཚོགས་པདྨ་ཉི་ཟླ་ཡང་གཞལ་མེད་ཁང་ཡིན་ཏེ། གཞལ་མེད་ཁང་པདྨའི་རྣམ་པ་ཅན་
ནི་མཁའ་འགྲོ་རྒྱ་མཚོའི་ལེའུ་ལྔ་བཅུ་པ་ལས་ཀྱང་བཤད་ཅིང་། ཕལ་པོ་ཆེའི་འོག་མིན་གྱི་བཀོད་པ་སོགས་མདོ་སྡེ་ལས་ཀྱང་བཤད་དོ། །ལང་ཀར་གཤེགས་པ་ལས་ཀྱང་། ནམ་ཞིག་སེམས་ནི་འགྱུར་བ་ན། །པདྨོ་འདྲ་བའི་གཞལ་མེད་ཁང་། །སྒྱུ་མའི་སྤྱོད་ཡུལ་བྱུང་བ་ན། །དེ་ཡི་ཚེ་ན་ཐེར་ཟུག་གནས། །ཅེས་འབྱུང་སྟེ། འོག་མིན་ལ་སོགས་པ་དག་པའི་གནས་ན་པདྨོ་ལྟ་བུའི་གཞལ་མེད་ཁང་མང་བའི་ཕྱིར་རོ། །དེས་ན་སྐབས་འདིར་སྔོན་འགྲོའི་སྐབས་ཀྱི་སྲུང་འཁོར་དེ། ཡེ་ཤེས་ཚོགས་གསོག་གིས་སྟོང་པར་སྦྱངས་ཟིན་ཀྱང་། སླར་ཡང་སྟོང་པའི་ངང་ལས་སྲུང་འཁོར་སྔ་མ་བཞིན་དུ་གྲུབ་པའི་རྡོ་རྗེའི་རྭ་ལས་རྡོ་རྗེའི་ས་གཞི་རྒྱ་ཆེ་བས། རྭ་བའི་ཕྱི་ལ་རྡོ་རྗེའི་ས་གཞི་འཁོར་ཡུག་ཏུ་ཞིང་ཆེ་བ་ཞིག་བྱུང་བ། དེའི་སྟེང་དུ་དུར་ཁྲོད་བརྒྱད་མཚན་ཉིད་སྤྱི་དང་མཚུངས་པར་སྒོམ་མོ། །སྲུང་འཁོར་གྱི་ནང་དུ་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་བསྒོམ་དགོས་པ་ལས།
བང་རིམ་བཞི་ནི་རི་རབ་ཀྱི་ཕྱེད་ཡན་ཆད་ལ་ཡོད་པ་ཡིན་ཏེ། རི་རབ་ཀྱི་སྙིང་པོ་དེ་ཡང་གྲུ་བཞིའི་རྣམ་པར་གནས་པའི། རྩེ་མོའི་ཕྱོགས་མཚམས་བརྒྱད་ལ་རི་རྩེ་འབུར་པོ་རེ་ཡོད་པ་ནི་ལྕོགས་བརྒྱད་དོ། །རི་རབ་ཀྱི་རྩེ་མོའི་དབུས་སུ་པདྨའི་སྡོང་བུ་ཅུང་ཟད་སྐྱེས་ཏེ་སྟེང་དུ་པདྨ་ཁ་རྒྱས་པས་རི་རབ་ཀྱི་རྩེ་མོ་ཁེབས་པ། པདྨ་དེའི་ལྟེ་བ་ཤིན་ཏུ་རྒྱ་ཆེ་ཞིང་འདབ་མ་འཁོར་ཡུག་པད་རྭའི་ཚུལ་ལོ། །དེའི་ལྟེ་བ་ཁེབས་པར་སྣ་ཚོགས་རྡོ་རྗེ། རྡོ་རྗེའི་ལྟེ་བ་གྲུ་བཞིའི་སྟེང་དུ་ལྷའི་གདན་གཞལ་མེད་ཁང་གི་རང་བཞིན་པདྨ་ནི་སྣ་ཚོགས་རྡོ་རྗེའི་ཕྱོགས་བཞིའི་ལོགས་དང་པདྨའི་འདབ་མའི་ཕྱི་མཐའ་མཉམ་པ། འདབ་མའི་རྩེ་མོ་ཅུང་ཟད་གྱེན་དུ་འཕགས་པའི་ཆ་ནས་སྤྱིར་འདབ་མ་ལས་ལྟེ་བ་ཆེ་བ་ཡིན་ཀྱང་། འཕྲེད་ལ་ཐད་ཀར་དྲང་ཐད་དུ་གཞལ་ན་ཕྱོགས་རེའི་འདབ་མ་དང་ལྟེ་བ་མཉམ་པས་པདྨ་མཉམ་གསུམ་དུ་ཡོངས་སུ་གྲགས་པ་ཡིན་ལ། སྐབས་འདིར་གེ་སར་ཡང་ལྟེ་བ་ཉིད་ལ་ཐེ་བར་
བྱའོ། །གཙོ་བོའི་གདན་ཉི་མའི་དཀྱིལ་འཁོར་ནི། གེ་སར་སྤངས་པའི་པདྨའི་ལྟེ་བ་ཁོ་ན་དང་མཉམ་པ། ཉི་མའི་སྟེང་དུ་འཇིགས་བྱེད་དུས་མཚན་གྱི་གདན་ཏེ། དེ་ཡང་འཇིགས་བྱེད་ནག་པོ་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ་ཁ་སྦུབ་མགོ་བོ་གཡོན་དུ་ཕྱོགས་པ་འགྱེལ་བ་དང་། དུས་མཚན་མ་དམར་མོ་གྲི་ཐོད་འཛིན་པ་གན་རྐྱལ་དུ་མགོ་བོ་གཡས་སུ་ཕྱོགས་པའོ། །འཁོར་གྱི་རོ་གདན་རྣམས་སྐབས་འདིར་བསྐྱེད་ཀྱང་རུང་། འོག་ཏུ་ལྷ་ཉིད་ཀྱི་སྐབས་བསྐྱེད་ཀྱང་རུང་ངོ་། །གཉིས་པ། བརྟེན་པ་ལྷའི་དཀྱིལ་འཁོར་ནི། དེའི་སྟེང་དུ་ཅེས་པ་ནས་འཁོད་པར་གྱུར་གྱི་བར་ཏེ། དེ་ལ་རྒྱུ་མངོན་བྱང་སྒོམ་པ་དང་། འབྲས་བུ་ལྷ་རྫོགས་པ་གཉིས་ཏེ། དང་པོ་ནི། འདིར་སྤྲོས་པ་ཆུང་ངུའི་དབང་དུ་མཛད་ནས་མངོན་བྱང་བསྡུས་པ་ཡིན་ལ། དེ་ཡང་བཤད་རྒྱུད་མངོན་བརྗོད་བླ་མའི་ལེའུ་བཅུ་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་སྐབས་ནས། ཇི་སྐད་དུ། དེའི་དབུས་སྟོང་པར་གྱུར་པ་ལ། ཟླ་བར་ཡི་གེ་ཧཱུྃ་མཆོག་ཡིན། །དེ་ཡོངས་གྱུར་པའི་རྡོ་རྗེ་ལས། །རྡོ་རྗེ་
སེམས་དཔའ་རྣམ་པར་སྒོམ། །ཅེས་འབྱུང་བ་ལྟ་བུ་ཡིན་ཏེ། དེར་ཟླ་བ་ཧཱུྃ་བཅས་པ་རྡོ་རྗེར་སྒྱུར་བའི་དོད། འདིར་འོད་ཟེར་སྤྲོ་བསྡུ་བྱས་ནས་གཅིག་ཏུ་འདྲེས་པ་ཡིན་ལ། དེ་ཡང་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་གསུང་ངག །ཡེ་ཤེས་མཁའ་འགྲོ་ཉིད་ཀྱིས་ཐུགས་སུ་ཆུད་པའི་མན་ངག་གོ །དེས་ན་སྤྱིར་ཡོངས་སུ་གྲགས་པ་ལྟར། ཟླ་བ་དང་ཉི་མ་ལས་མངོན་པར་བྱང་ཆུབ་པའི་དོད། འདིར་ཟླ་བ་དམར་སྐྱ་ཡིན་ཡང་ཟླ་བ་གཅིག་ཉིད་ཡིན་པའི་ཕྱིར་མངོན་བྱང་གཉིས་སུ་བགྲང་མི་བདེ་ལ། གོང་དུ་དྲངས་པའི་ལུང་ལས་ཀྱང་། དེ་དབུས་སྟོང་པར་གྱུར་ཞེས་གསལ་བར་འབྱུང་བ་བཞིན་དུ་སྟོང་ཉིད་ལས་བྱང་ཆུབ་པ་བསྣན། ཉི་ཟླའི་དབྱེ་བ་མི་བྱེད་པར་ཟླ་བ་ལ་བསྡུས་པའོ། །འདིར་མངོན་པར་བྱང་ཆུབ་པ་ལྔ་ནི། ཆོས་ཉིད་སྟོང་པ་ཉིད་ལས་བྱང་ཆུབ་པ། ཟླ་བ་ལས་བྱང་ཆུབ་པ། ས་བོན་ལས་བྱང་ཆུབ་པ། གཅིག་ཏུ་འདྲེས་པ་ལས་བྱང་ཆུབ་པ། སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་རྣམས་སོ། །དང་པོ་ནི།
སྔར་ཡེ་ཤེས་ཚོགས་གསོག་གི་དུས་སུ་ཆོས་ཉིད་སྟོང་པ་ཉིད་ལ་ཞུགས་པ་དེ་ལས་མ་ལངས་པར། ཕྱི་རོལ་དུ་བརྟེན་གྱི་དཀྱིལ་འཁོར་བསྐྱེད་པ་སོགས། སྣང་ཆ་སྣ་ཚོགས་པ་ཤར་དུ་ཟིན་ཀྱང་། སེམས་ཉིད་རང་གི་ངོ་བོ་སྟོང་པའི་ང་རྒྱལ་དུ་གནས་པ་དེ་ཡིན་ལ། གཉིས་པ་ནི། ཟླ་བ་དམར་སྐྱ་དང་། གསུམ་པ་ནི་དེའི་སྟེང་དུ་རང་སེམས་ཧཱུྃ་ཡིག་སྔོན་པོ། བཞི་པ་ནི། འོད་ཟེར་སྤྲོ་བསྡུའི་རྐྱེན་གྱིས་ཟླ་བ་ས་བོན་འོད་ཟེར་རྣམས་གཅིག་ཏུ་འདྲེས་པའི་གོང་བུ། ལྔ་པ་ནི། གོང་བུ་དེ་ཆ་དྲུག་ཏུ་གྱུར་ནས། གཉིས་དབུས་དང་། བཞི་ཕྱོགས་ཀྱི་འདབ་མར་སོང་བའི་སྐད་ཅིག་ལ་གཙོ་འཁོར་ཐམས་ཅད་རྫོགས་པར་སྒོམ་པའོ། །སྐབས་འདིར་ཟླ་བ་དམར་སྐྱ་ཙམ་མ་གཏོགས། ཨཱ་ལི་ཀཱ་ལིས་མཚན་པ་མེད་པས་མངོན་བྱང་དུ་མི་འགྱུར་རོ་སྙམ་ན། ཨཱ་ལི་ཀཱ་ལི་མེད་པར་ཡིག་འབྲུ་རེ་ཙམ་ལས་བསྐྱེད་པའི་མངོན་བྱང་ཡང་མི་གཡོ་བླ་མེད་སོགས་རྒྱུད་ལས་གསུངས་པ་དང་། ཡིག་འབྲུ་ལས་ཡེ་ནས་མ་སྐྱེད་པའི་ཉི་ཟླ་ཁ་སྦྱོར་གྱི་མངོན་བྱང་ཡང་
ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མངོན་བྱང་ཡིན་ནོ་ཞེས་ཤིན་ཏུ་གྲགས་ཆེ་ཞིང་དེ་ལ་ལུང་རིགས་ཀྱིས་གནོད་པ་ཡང་མེད་དོ། །ཡང་སྐུ་ཡོངས་སུ་རྫོགས་པ་མངོན་བྱང་ཡིན་ན་འབྲས་བུ་ལྷ་རྫོགས་པ་ལོགས་སུ་མེད་པར་འགྱུར་རོ་སྙམ་ན། འདི་ལྟར་བརྗོད་དེ། གཅིག་ཏུ་འདྲེས་པའི་གོང་བུ་དེ་ཉིད་ཆ་དྲུག་ཏུ་འགྲོ་བའི་མགོ་བརྩམས་པ་ནས་ལྷ་སྐུར་འགྲུབ་བཞིན་པའི་སྐབས་ནི་རྒྱུ་མངོན་བྱང་ཡིན་ལ། དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ་བཞེངས་ནི་ཟིན། ཡེ་ཤེས་སྤྱན་འདྲེན་གྱི་མགོ་མ་བརྩམས་པའི་བར་དེར་ལྷ་སྐུ་རྣམས་ལ་སེམས་གནས་པའི་སྐབས་འདི་ནི། འབྲས་བུ་ལྷར་རྫོགས་པའི་གནས་སྐབས་སོ། །ཞེས་དབྱེ་བ་ཕྱེད་པར་བྱའོ། །གཉིས་པ་འབྲས་བུ་ལྷར་རྫོགས་པ་ནི་ཚིག་དོན་གོ་སླ་ལ་དག་པ་ནི། ཆོས་ཉིད་མི་འགྱུར་བས་སྐུ་མདོག་སྔོན་པོ། ཆོས་ཐམས་ཅད་དེ་བཞིན་ཉིད་རོ་གཅིག་པས་ཞལ་གཅིག །བདེན་གཉིས་དག་པས་ཕྱག་གཉིས། སྙིང་རྗེ་ཆེན་པོས་སྤྱན་རྩ་དམར་བ། དུས་གསུམ་མཁྱེན་པས་སྤྱན་གསུམ། རྣམ་རྟོག་སྤངས་
པས་ཁྲོ་བ། ཡོན་ཏན་རྒྱས་པས་སྒེག་པ། སྙིང་རྗེ་ཆེན་པོས་ཆགས་པ། བདུད་བཞི་འཇོམས་པས་མཆེ་བ་བཞི། ཉོན་མོངས་པ་ཐམས་ཅད་བཅོམ་པས་བཞིན་ཤིན་ཏུ་འགྱུར་བ་ལ་སོགས་པའོ། །བླ་ན་མེད་པའི་གོ་འཕང་བརྙེས་པས་རལ་པའི་ཐོར་ཚུགས། གཙུག་གི་ནོར་བུ་དང་བཅས་པའི་སྤྱི་བོའི་འཁོར་ལོ་དང་རྣ་ཆ་མགུལ་རྒྱན་གདུབ་བུ་སྐ་རགས་མཆོད་ཕྱིར་ཐོགས་ཏེ་ཕྱག་རྒྱ་དྲུག་ནི་ཕར་ཕྱིན་དྲུག །གདུ་བུ་ལ་དབྱེ་ན། ཕྱག་གདུབ་ཞབས་གདུབ་དཔུང་གདུབ་སོར་གདུབ་བཞི་ཡོད། མཆོད་ཕྱིར་ཐོགས་ནི་སེ་རལ་ཁའོ། །ཕྲིན་ལས་སྣ་ཚོགས་རྡོ་རྗེ། བདེ་བ་ཆེན་པོ་འཕེལ་བཞིན་པའི་ཕྱིར་ཟླ་བ་ཕྱེད་པ། ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་འགྱུར་བའི་ཕྱིར་ཐལ་བས་བྱུགས་པ། ཡེ་ཤེས་ལྔའི་དབུ་རྒྱན་དང་དར་དཔྱངས། སེམས་བྱུང་ལྔ་བཅུ་དག་པའི་མགོ་འཕྲེང་། གདུག་པ་མ་ལུས་པ་འདུལ་བའི་ཕྱིར་སྟག་ལྤགས། གཞན་གྱི་སྒྲིབ་གཉིས་འཇོམས་པར་མཛད་པའི་ཕྱིར་རྡོ་རྗེ། ཆོས་ཀྱི་སྒྲ་སྒྲོགས་པས་དྲིལ་བུ།
ཐབས་བདེ་བ་ཆེན་པོ་ཉིད་ཤེས་རབ་སྟོང་པར་ཤར་བས་ཡུམ་ལ་འཁྱུད་པ། ཞབས་གཡོན་སྤྲོས་བྲལ་རྟོགས་པའི་ཡེ་ཤེས། དེའི་རང་བཞིན་འཇིགས་བྱེད། མྱང་འདས་ཀྱི་མཐའ་གནོན་ཏེ་སྤྲོས་བྲལ་གྱི་ཡེ་ཤེས་རྣམ་པ་ཐམས་ཅད་པར་འཆར་བའི་ཕྱིར། ཞབས་གཡས་བདེ་བ་ཆེན་པོ། དེའི་རང་བཞིན་གྱི་དུས་མཚན་མ་འཁོར་བའི་མཐའ་གནོན་ཏེ་བདེ་བ་ཆེན་པོས་འཁོར་བའི་རྒྱུ་འཛག་བདེ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །སྐབས་གཞན་ལས་གར་གྱི་ཉམས་དགུ་ལ་དག་པ་བཤད་པའང་ཡོད་མོད་ཀྱི། འདིར་ནི་ཉམས་འགྱུར་སྔར་བཤད་པ་རྣམས་ཀྱི་དོན་བསྡུ་ཡིན་པས་དག་པ་ལོགས་སུ་མི་དགོས་ཤིང་། མཚན་དཔེ་རྣམས་ཀྱང་དག་ཆོས་དངོས་ཡིན་པས་དག་པ་ལོགས་སུ་མི་དགོས་སོ། །ཡུམ་ལ་དམར་མོ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་རྗེས་སུ་ཆགས་པ། ཡེ་ཤེས་ཀྱི་སྣང་བ་རྒྱས་པས་མེ་ལྟར་འབར་བ། རྩ་བའི་ཉོན་མོངས་དྲུག་
གཅོད་པས་གྲི་གུག །དངོས་པོར་ཞེན་པ་སྤངས་པས་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་པ། རྣམ་རྟོག་སྤངས་པས་ཐོད་པ། བདུད་བཅོམ་པའི་ཡེ་ཤེས་ནི་དེའི་ནང་གི་ཁྲག །སྤྲོས་པ་ཐམས་ཅད་སྤངས་པའི་གནས་ལུགས་ནི་གཅེར་བུ། སྒྲིབ་པ་ལས་གྲོལ་བའི་ཡེ་ཤེས་སྐྲ་གྲོལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐུ་ལུས་ལ། ཕར་ཕྱིན་གཞན་ལྔའི་ཕྱག་རྒྱ་ལྔས་བརྒྱན་པ། དབུ་རྒྱན་དང་དོ་ཤལ་དང་ཞབས་གཉིས་ཀྱི་དག་པ་གོང་དང་འདྲ་བ་ལས། གཡས་བསྐུམས་པ་ཐབས་བདེ་བ་ཆེན་པོས་མྱང་འདས་ཀྱི་མཐའ་གནོན་པ་དང་། གཡོན་བརྐྱང་བས་ཤེས་རབ་སྟོང་པ་ཉིད་ཀྱིས་འཁོར་བའི་མཐའ་གནོན་པ་སྟེ། སྤྱིར་བརྐྱང་བསྐུམ་གྱི་དག་པ་ལ་ནི་ངེས་པ་མེད་པས་སྣ་ཚོགས་སྣང་ངོ་། །གཉིས་ཀར་ལང་ཚོ་གསར་དུ་བདོ་བ་ནི་ནམ་དུ་ཡང་མི་འགྱུར་བའི་དོན་དང་། མེ་དཔུང་འབར་བ་ནི་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པར་མཚོན་པའོ། །མཁའ་འགྲོ་མ་ནི་ཆུ་ཁམས་རྣམ་པར་དག་པ་དང་། ལཱ་མ་རླུང་། དུམ་སྐྱེས་མ་མེ། གཟུགས་ཅན་
མ་ས་དག་པའོ། །སྐུ་མདོག་རྣམས་ནི། རྡོ་རྗེའི་རིགས་ཡིན་པས་མཐིང་ག །ལས་ཀྱི་རིགས་ཀྱི་ལྗང་གུ། པདྨའི་རིགས་ཀྱི་དམར་པོ། རིན་ཆེན་རིགས་མཚོན་པའི་སེར་མོའོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གྲི་ཐོད་སོགས་ཀྱི་དག་པ་གོང་མ་དང་འདྲ། མཆན་ཁུང་གི་ཁ་ཊྭཱཾ་ག་ནི་རང་རང་གི་ཐབས་མཚོན་ཅིང་། ཐུན་མོང་དུ་བདེ་སྟོང་ལྷ་སྐུར་ཤར་བའོ། །མི་རོའི་གདན་ནི་ཐབས་ལ་མཁས་པའི་ཡེ་ཤེས་ཏེ། ཞབས་གཡོན་ནི་སྙིང་རྗེ་ཆེན་པོ་དང་། གཡས་དོན་དམ་རྟོགས་པའི་ཡེ་ཤེས་སོ། །མཚམས་ཀྱི་འདབ་མ་བཞི་ལ་བུམ་པ་བཞི་ནི། ཡེ་ཤེས་ལྔ་དག་པའི་རང་བཞིན་རྒྱལ་བ་རིགས་བཞི་སྟེ་མི་བསྐྱོད་རིན་འབྱུང་སྣང་མཐའ་རྣམ་སྣང་རྣམས་སོ། །ཐོད་པ་བཞི་ནི། རིགས་བཞི་སོ་སོ་སོ་སོ་ལ་རྗེས་སུ་འགྲོ་བའི་རྟ་མཆོག་དོན་ཡོད་གྲུབ་པའོ། །ཡང་ན་འདི་རྣམས་སེམས་དཔའ་ཡབ་ཡུམ་བརྒྱད་ལ་སྦྱོར་བའི་སྐབས་ཡོད་པས་དབང་པོ་དང་ཡུལ་དག་པའི་ཡེ་ཤེས་སུ་རུང་ངོ་། །གསུམ་པ་རྣལ་འབྱོར་
རྫོགས་བྱེད་ཀྱི་ཡན་ལག་ལ། ཡེ་ཤེས་པ་གཞུག་པ། བྱིན་རླབས་ཀྱི་རྣལ་འབྱོར། དབང་བསྐུར་རྒྱས་བཏབ། བདུད་རྩི་མྱང་བ་བཞིའོ། །དང་པོ་ནི། རང་གི་སྙིང་གའི་ཧཱུྃ་ཞེས་པ་ནས་ཡོ་ག་ཤུདྡྷོ་ཧཾ་གི་བར་ཏེ། ཕེཾ་ཕེཾ་ཞེས་བརྗོད་པའི་སྐབས། འབར་བའི་ཕྱག་རྒྱ་དཔྲལ་བའི་གནས་སུ་གཡོན་བསྐོར་ལན་གསུམ་དང་གཡས་བསྐོར་ལན་གཅིག་བྱ། ཨརྒྷཾ་སོགས་ཀྱིས་མཆོད་པ་ནི་ཡེ་ཤེས་པ་ནམ་མཁར་བྱོན་པ་དེ་ལ་འབུལ་བ་ཡིན། དེ་རྗེས་གཙོ་བོའི་ཐུགས་ཀ་ནས་མཁའ་འགྲོ་མ་བཞི་སྤྲོས་ཏེ། ལྕགས་ཀྱུ་ཐོགས་པས་ཛཿཞེས་ཡེ་ཤེས་པ་རྣམས་བཀུག་ནས་ལྷ་སོ་སོའི་སྨིན་མཚམས་ཀྱི་ཐད་ཀྱི་ནམ་མཁའ་ལ་བཞག །ཞགས་པ་ཐོགས་པས་ཧཱུྃ་ཞེས་དམ་ཚིག་པ་སོ་སོ་ལ་བསྟིམ། ལྕགས་སྒྲོག་ཐོགས་པས་བཾ་ཞེས་དམ་ཡེ་འབྲལ་བ་མེད་པར་བཅིང་། དྲིལ་བུ་ཐོགས་པས་ཧོཿཞེས་ལྷ་དེ་དགྱེས་བཞིན་དུ་བཞུགས་པར་བསམ། དེ་སྐབས་སོ་སོའི་ཕྱག་རྒྱ་ཡང་འཆའ་ཞིང་མཁའ་འགྲོ་མ་བཞི་པོ་དེ་ཡང་རང་གི་ཐུགས་ཀར་བསྡུ། དཀྱིལ་འཁོར་བསྡུས་པའི་
སྐབས་འདིར་དགུག་བཞུགས་བྱེད་མཁན་གྱི་མཁའ་འགྲོ་བཞི་པོ་དེ་ཡང་རྡོ་རྗེ་ཕག་མོ་ཉིད་དོ་ཅེས་པ་ནི་བླ་མའི་མན་ངག་གོ །དེ་ནས་པད་སྐོར་གྱི་མཐར་འཁྱུད་རྒྱ་བྱས་ནས་ཡོ་ག་ཤུདྡྷོའི་སྔགས་བརྗོད། དེ་ལ་ཡོ་ག་ནི་སྦྱོར་བ་སྟེ་དམ་ཚིག་པ་དང་ཡེ་ཤེས་པ་སྦྱོར་བའི་དོན་ནོ། །གཉིས་པ་ནི། རང་གི་དཔྲལ་བར་སོགས་ཏེ་གོ་སླའོ། །གསུམ་པ་ནི། ཡང་སྙིང་གའི་ཧཱུྃ་ཞེས་པ་ནས་དབུ་བརྒྱན་གྱི་བར་སྤྲོ་ན་བྱ་བའི་བར་རོ། །དེ་ལ་གཞན་རྣམས་གོ་སླ་ལ་བཙུན་མོར་བཅས་ཞེས་པ་ནི། སངས་རྒྱས་ཀྱི་བཙུན་མོ་ཡུམ་བཞི། བྱང་ཆུབ་སེམས་དཔའི་བཙུན་མོ་རྡོ་རྗེ་མ་དྲུག །ཁྲོ་བོའི་དབང་པོའི་བཙུན་མོ་མཁའ་འགྲོ་མ་བཅུའམ་བཞི་ལ་སོགས་པའོ། །གཙོ་བོའི་ཐུགས་ཀ་ནས་ཞེས་པ་ནི། དབང་གི་ལྷའི་གཙོ་བོའི་ཐུགས་ཀ་ནས་ཡིན་ལ། ཡུམ་ལྔ་ནི་རྡོ་རྗེ་ཕག་མོ་དང་རྣལ་འབྱོར་མ་བཞིའོ། །འདི་རྣལ་འབྱོར་མ་རྒྱུད་ཀྱི་ལུགས་ཡིན་པའི་ཕྱིར། དབང་བསྐུར་མཁན་དངོས་ལྷ་མོས་མཛད་པ་ཟབ་པར་བཞེད་དོ། །འདིར་རིགས་བདག་རྣམས་ནི་
རང་རིགས་ཀྱི་རྒྱས་བཏབ་ཡིན་ནོ། །བཞི་པ་ནི། བསང་སྦྱངས་ནས་བདེ་བས་མཉེས་པར་བསམ་ཅེས་པའི་བར་ཏེ། དེ་ལ་འདིར་ཐོད་པ་དང་དམ་རྫས་ས་བོན་མེད་པར་སྐད་ཅིག་ཙམ་གྱིས་སྐྱེད་པ་ནི་རྫས་ཀྱི་བདུད་རྩི་དང་། སངས་རྒྱས་ཐམས་ཅད་བདུད་རྩིར་ཞུ་ཞིང་བསྟིམ་པ་ནི་ཡེ་ཤེས་ཀྱི་བདུད་རྩི་དང་། དམ་རྫས་སྟེང་གི་ལྷ་ལྔ་པོ་ཞུ་བ་ནི་ལྷའི་བདུད་རྩི་སྟེ། བདུད་རྩི་རྣམ་པ་གསུམ་གཅིག་ཏུ་འདྲེས་པ་ནི། ལྷ་རྣམས་ཐམས་ཅད་ཚིམ་པར་བྱེད་པའོ་ཞེས་ཡེ་ཤེས་མཁའ་འགྲོ་མའི་མན་ངག་ཐུན་མོང་མ་ཡིན་པའོ། །དེ་ལ་དམ་རྫས་ཤ་ལྔ་ནི། དངོས་གྲུབ་འགུགས་པའི་དོན་གྱི་ལྕགས་ཀྱུ་ལྔ་ཞེས་བྱ་སྟེ་ཐབས་སངས་རྒྱས་ལྔའམ་དཔའ་བོ་རིགས་ལྔའི་དག་པ་ཡིན་ལ། མྱོས་བྱེད་རྣམ་པ་ལྔ་ནི། འགྲོ་བ་དབང་དུ་བྱེད་པའི་རྫས་ཏེ་ཤེས་རབ་ཡུམ་ལྔའི་རྣམ་པར་དག་པ་ཡིན་ཅིང་། བདུད་རྩི་ལྔ་ནི། ལུས་གནས་འགྱུར་བ་འཛིན་པའི་དངོས་གྲུབ་ཀྱི་རྒྱུ་སྟེ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དག་པའོ། །ཤ་ལྔ་སྐུ། མྱོས་བྱེད་གསུང་། བདུད་རྩི་ལྔ་ཐུགས་ཀྱི་
དག་པར་ཡང་འཇོག་གོ །མྱོས་བྱེད་ལྔ་ནི། འབྲུ་ལས་བྱུང་བའི་ཆང་དང་། སྦྲང་རྩི་ལས་བྱུང་བ་དང་། བུ་རམ་ལས་བྱུང་བ་དང་། སྦྱར་བ་ལས་བྱུང་བ་དང་། ཤིང་ལས་བྱུང་བའོ། །འདིར་ནང་མཆོད་བྱིན་རླབས་དཀྱུས་མ་བྱས་ཀྱང་རུང་མོད་ཀྱི་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས་འདི་ཁོ་ན་གནད་ཆེ་ལ། སྤྱིར་ཡང་རང་གཞུང་ཐུན་མོང་མ་ཡིན་པ་ཡོད་ཕྱིན་སྤྱི་འགྲོས་ལ་སྐྱབས་འཚོལ་དགོས་པའང་མིན་པ་ལྟར་བླ་མ་གོང་མ་རྣམས་ཀྱང་འདི་ཉིད་ཁོ་ན་ཕྱག་ལེན་མཛད་དོ། །སྐབས་འདིར་འཕྲོས་དོན་ཅུང་ཟད་བརྗོད་ན། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ལ་ལྷན་སྐྱེས་དང་དཔའ་གཅིག་སོགས་ཕྲ་མོའི་རིགས་ལ་ངེས་པ་མི་འདུག་ཅིང་། དཀྱིལ་འཁོར་གྱི་འཁོར་ལོའི་རིགས་ལ་རྫོགས་པའི་རྣལ་འབྱོར་གྱིས་བསྐྱེད་པ་ལྟ་བུ་འགའ་ཞིག་ལ་མི་དགོས་ཀྱང་། གཞན་ཕལ་ཆེར་ལ་གོ་ཆ་བཀོད་པ་ཡོད་པས། གཙོ་བོའི་སྐུ་ལ་དཔའ་བོའི་གོ་ཆ་དྲུག །གཙོ་མོའི་སྐུ་ལ་དཔའ་མོའི་གོ་ཆ་དྲུག །འགའ་ཞིག་ལ་ཕན་ཚུན་དུ་རྒྱ་ཉིས་རིམ་དང་བཞི་
རིམ་གྱི་བར་དུ་བྱེད་པའང་ཡོད་དོ། །གོ་ཆ་བཀོད་པའི་དགོས་པ་ནི། སྐྱེ་མཆེད་བཅུ་གཉིས་བྱིན་གྱིས་རློབ། སྲུང་བ་ཁྱད་པར་ཅན་མཆོག་ཏུ་འགྱུར། ཡེ་ཤེས་དགུག་གཞུག་གི་རྗེས་ལ་བྱེད་པའི་རིགས་ལ། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མི་ཕྱེད་ཅིང་བརྟན་པར་འགྱུར་བ་སོགས་སོ། །དེ་བཞིན་དུ་དབང་བསྐུར་བའི་རྗེས་སུ་བདུད་རྩི་མྱོང་བའི་མགོ་མཇུག་གང་དུ་སྦྱར་ཀྱང་རུང་སྟེ་མཆོད་གཏོར་བྱེད་པ་སྤྱིར་སྒྲུབ་ཐབས་ཕལ་ཆེར་ལ་ཡོད་ཅིང་། འཁོར་ལོ་སྡོམ་པ་ཉིད་ཀྱི་དཀྱིལ་འཁོར་སྒྲུབ་ཐབས་ཀྱང་ཕལ་ཆེར་ལ་ཡོད་དོ། །མཆོད་པ་རྣམ་གྲངས་ཤིན་ཏུ་མང་པོ་དག་ཀྱང་ཡོད་ཅིང་། ཕྱི་ནང་གསང་གསུམ་ཙམ་བྱེད་པ་དང་། ཕྱི་མཆོད་འབའ་ཞིག་བྱེད་པ་དང་། རིག་མ་བཅུ་དྲུག་གི་མཆོད་པ་ཙམ་བྱེད་པའང་སྣང་ངོ་། །འདིར་ནི་ནང་མཆོད་བདུད་རྩི་མྱང་བ་ལ་འདུས་སོ། །དེ་ལ་འདིར་ཡེ་ཤེས་མཁའ་འགྲོ་མའི་གསུང་ངག་དངོས་ཀྱི་སྒྲུབ་ཐབས་ལས་འདི་རྣམས་མི་འབྱུང་བས་ཁོ་བོས་སྒྲུབ་ཐབས་ཀྱི་དཀྱུས་ལ་ཡང་མ་བྲིས་ལ། རྩ་བའི་སྒྲུབ་ཐབས་སུ་མི་འབྱུང་
བ་ཡང་གནས་གསུམ་བྱིན་རླབས་ཀྱིས་གོ་ཆའི་དགོས་པ་ཡང་འགྲུབ་པ་དང་། ཡེ་ཤེས་པ་ལ་མཆོད་ཡོན་ལ་སོགས་པ་སྔར་ཕུལ་ཟིན་པས་ཕྱིས་བདུད་རྩི་མྱང་བ་ཁོ་ནས་མཆོད་པའི་དོན་འགྲུབ་པར་དགོངས་ཤིང་། ཆོ་ག་བསྡུས་པའི་སྐབས་ཡིན་པས་ཆ་ཤས་ཆ་ཤས་ནས་སྤྲོས་པ་བསྐྱེད་པར་མི་འོས་པར་དགོངས་པའོ། །རྣམ་པ་གཅིག་ཏུ་ན། བླ་མའི་གསུང་ལ་ལྟོས་པར་མཛད་པའང་ཡིན་སྲིད་མོད་ཀྱང་། དེ་ལྟར་ན་བརྒྱུད་པའི་རིམ་པ་གོང་མ་རྣམས་ཀྱིས་འཆད་པར་འགྱུར་ཐང་བ་ལ་ཡང་མ་བཤད་ཅིང་ཕྱག་ལེན་གྱི་རྒྱུན་ལའང་མི་སྣང་བས་ལག་ལེན་བསྡུས་པ་ལ་དགོངས་པ་གཏད་པ་ཉིད་དོ། །བདག་གི་རྣམ་པར་རྟོག་པ་ལ་འབྲས་བུ་ལྷ་རྫོགས་པའི་རྗེས་ཐོག་དེ་ཉིད་ལའམ་སྐུ་གསུང་ཐུགས་བྱིན་རླབས་ཀྱི་སྔོན་དུ་གོ་ཆ་དགོད་པ་དང་། རིགས་བདག་གི་རྒྱས་བཏབ་སོང་མ་ཐག་ཏུ་རིག་མ་བཅུ་དྲུག་གམ་ཕྱི་མཆོད་གང་རུང་ཞིག་ཕུལ་ནས་རྐང་པ་བརྒྱད་པའི་སྔགས་གཉིས་ཀྱིས་བསྟོད་ན་ཆོ་གའི་ཡན་ལག་ཆ་
ཚང་ཞིང་ལེགས་པར་འགྱུར་རོ་སྙམ་མོ། །འོན་ཀྱང་དཀྱུས་སུ་བཤད་པ་ཉིད་གཙོ་བོར་ཉམས་སུ་བླང་བར་བྱ་ལ། ཅུང་ཟད་རྒྱས་པ་ལ་མོས་ན་དེ་བཞིན་དུ་བྱས་པས་གནས་སྐབས་སུ་ཆོ་ག་ཡིད་དུ་འོང་ཞིང་རྩ་བ་དང་བཤད་པའི་རྒྱུད་གཞུང་ཀུན་གྱི་དགོངས་པ་སྤྱིར་བཏང་དུ་འཇུག་པ་ཡིན་པས། བསྲེ་སླད་དུ་མི་འགྱུར་ཞིང་ཡོན་ཏན་དུ་མ་དང་ལྡན་པའང་ཡིན་ནོ། །སྤྲོས་པས་ཆོག་གོ །གཉིས་པ་རྫོགས་པའི་རིམ་པ་ནི། རང་འཁོར་ལོ་སྡོམ་པའི་སྐུ་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ཡར་རྩེ་ཚངས་བུག་མར་སྣ་གསང་གནས་སོ། །རྩ་རོ་རྐྱང་གཉིས་ཡར་རྩེ་སྣ་སྒོ་གཉིས་མར་སྣ་ལྟེ་འོག་སོར་བཞིར་ཟུག་པའི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བར་ཧཾ་དཀར་པོ། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་ལྟེ་བར་ཨོཾ་སེར་པོ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་སྔོན་པོ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བར་ཨ་དཀར་པོའོ། །དེ་ནས་རྩ་
དབུ་མའི་ནང་ལྟེ་འོག་སོར་བཞིར་ཨ་དམར་པོ་མཚལ་ཤད་ལྟ་བུ་ཞིག་བསམས་ནས། སྲོག་རྩོལ་གྱི་སྦྱོར་བས་རླུང་ཁ་སྦྱོར་བས་ཨ་ལས་ཡེ་ཤེས་ཀྱི་མེ་འབར་ཏེ་དབུ་མ་ནས་ཡར་སོང་བས་ལྟེ་བ་ལ་སོགས་པའི་ཡི་གེ་རྣམས་རིམ་གྱིས་བསྲེགས་ཏེ། སྤྱི་བོའི་ཧཾ་ལ་མེ་ཕོག་པས་བདུད་རྩིར་བབས་ནས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བའི་རྩ་འདབ་རྣམས་ཁེངས་པས་ཡི་གེ་རྣམས་གསོས་ནས། འབར་འཛག་ལ་རྩེ་གཅིག་ཏུ་འབད་པས་དྲོད་བདེ་བ་གསལ་བ་མི་རྟོག་པ་གསུམ་འཆར་བར་འགྱུར་རོ། །ཞེས་བཤད་དེ། འདིར་རྫོགས་རིམ་སྟོན་པའི་སྐབས་མ་ཡིན་མོད་ཀྱང་། བསྐྱེད་རིམ་གྱི་ཐུན་གྱི་མཐར་གཏུམ་མོའི་རྣལ་འབྱོར་འདི་བུམ་ཅན་དང་ལྷན་ཅིག་སྦྱར་ཏེ་བསྒོམས་པས་བདེ་བའི་ཉམས་མྱོང་མྱུར་དུ་སྐྱེ་བར་འགྱུར་ལ། དེའི་ཚེ་སྟོང་པ་དང་བསྲེས་ཏེ་ལྷ་སྐུ་ལ་རྒྱས་བཏབ་པས་བསྐྱེད་རིམ་གྱི་ཡེ་ཤེས་མཚན་ཉིད་ཚང་བར་འགྱུར་ཞིང་། བསྐྱེད་རྫོགས་ཟུང་འཇུག་གི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་དོ། །གལ་ཏེ་རྫོགས་རིམ་གཙོ་བོར་
བྱེད་པ་ལ་མོས་ན། སྔར་བཤད་པའི་སྒྲུབ་ཐབས་ཀྱི་རིམ་པ་རྣམས་གསལ་ཞིང་མགྱོགས་པར་བསྒོམས་ལ་ལྷ་སྐུ་ལ་སེམས་འཛིན་པ་སོགས་མི་བྱེད་པར་ཡུད་ཙམ་ཡུད་ཙམ་གསལ་འདེབས་ཤིང་གཙོ་བོར་གཏུམ་མོ་ཉིད་བསྒོམ་པར་བྱ་སྟེ། གལ་ཏེ་བདེ་སྟོང་གི་ཉམས་བརྟན་པོར་སྐྱེས་ན་དེ་ཉིད་ཡུད་ཙམ་ཡུད་ཙམ་ལྷ་སྐུར་འཆར་བ་ལ་བསླབ་པར་བྱའོ། །སྐབས་འདི་དག་ཏུ་བདེ་སྟོང་གི་ཉམས་དངོས་སུ་མ་སྐྱེས་ན་མོས་སྒོམ་ཙམ་གྱི་རྒྱས་བཏབ་བྱས་པས་ཀྱང་དོན་ཁྱད་པར་ཅན་འགྲུབ་བོ། །གསུམ་པ་བཟླས་པའི་རྣལ་འབྱོར་ལ། རྫོགས་རིམ་གྱི་ཕྱོགས་སུ་བསླན་པ་རྡོ་རྗེའི་བཟླས་པ་དང་། བསྐྱེད་རིམ་གྱི་ཡན་ལག་ངག་བཟླས་གཉིས་སོ། །དང་པོ་ནི། རླུང་ཕྱིར་འགྲོ་བའི་ཚེ་སྙིང་གའི་ས་བོན་ལས་ཧཱུྃ་ཡིག་ཕྲ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་སེམས་ཅན་གྱི་དོན་བྱས་པར་བསམ་པ་ནི་ཐུགས་ཀྱི་གསང་བའོ། །རླུང་ནང་དུ་འོང་བ་ན་ཧཱུྃ་ཐམས་ཅད་ཨོཾ་དུ་གྱུར་ཏེ་སླར་ཡང་སྙིང་གའི་ཧཱུྃ་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་སྟོང་ཉིད་དུ་གྱུར་པར་བསམས་
པ་ནི་སྐུའི་གསང་བའོ། །རླུང་ནང་དུ་གནས་པའི་ཚེ་ཧཱུྃ་གི་སྟེང་དུ་ཨཱཿཡིག་གི་རྣམ་པར་གནས་པ་ན་རང་གཞན་ཕྱི་ནང་ཐམས་ཅད་བྲག་ཆ་དང་སྒྱུ་མ་ལྟ་བུར་དྲན་པར་བྱས་ཏེ་གསུང་གི་གསང་བའོ། །དེ་ལྟར་རང་གི་མོས་པ་དང་བསྟུན་ཏེ་ཅི་ནུས་སུ་བཟླ། འདི་སྐབས་ཡི་གེ་འབྲུ་གསུམ་དཀར་དམར་མཐིང་ག་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་མོས་པ་བྱེད་པ་ཡིན་ལ། མཐར་སྙིང་གའི་ཨཱཿཡིག་ལ་སེམས་གཏད་པ་དང་འབྲེལ་བར་ཆོས་ཐམས་ཅད་སྐྱེ་བ་མེད་པར་དྲན་བཞིན་པའི་ངང་དུ་མཉམ་པར་འཇོག་གོ །འདི་དངོས་སུ་བསྐྱེད་རིམ་རྡོར་བཟླས་ཀྱི་ལུགས་ཡིན། མི་ཟབ་པའི་རྫོགས་རིམ་ཡིན་པའི་ཕྱིར་འདི་བསྒོམས་པས་ཀྱང་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གཉིས་པ་ངག་བཟླས་ནི། གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་ས་བོན་ལ་སོ་སོའི་སྔགས་ཀྱིས་བསྐོར་བ་ལ་ཀློག་པའི་ཚུལ་གྱིས་བཟླས་པས། སྔགས་འབྲུ་ལས་འོད་ཟེར་བྱུང་སྟེ་སྐུའི་ནང་ཁེངས་པས་སྡིག་སྒྲིབ་སྡུག་བསྔལ་དྲི་
མ་ཐམས་ཅད་དག་པར་བསམ་པ་ནི་སྤྱི་ཁྱབ་ཏུ་བཀོད་པའི་བཟླས་པ་ཞེས་གྲགས་ཤིང་། ལུགས་འདིར་བསམ་གཏན་གྱི་བཟླས་པའོ། །ཡང་ཡབ་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། གསང་བའི་པདྨ་ནས་རྡོ་རྗེའི་ལམ་དུ་ཞུགས། ཡབ་ཀྱི་སྐུའི་དབྱིབས་བརྒྱུད། ཡར་འོང་སྟེ་ཐུགས་ཀའི་ཧཱུྃ་ལ་ཐིམ། ཚུལ་དེ་ལྟ་བུ་གཙོ་བོར་བྱེད་ལ། ཡུམ་གྱི་བཟླས་པའི་སྐབས་སུ་ཡུམ་ཉིད་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་བྱུང་། ཞལ་ནས་ཐོན་པར་བསམ་པ་སོགས་འཁོར་ཚུལ་དེ་ཉིད་གོ་བཟློག་པར་བྱའོ། །ས་བོན་ཡབ་ལ་ཧཱུྃ། ཡུམ་ལ་བཾ། ས་བོན་སྔགས་ཕྲེང་དང་བཅས་པ་རྣམས་ལས་ལྷའི་སྐུ་མདོག་དང་མཚུངས་པའི་ཁ་དོག་ཅན་འོད་ཟེར་སྣ་ལྔ་འཕྲོ་བའོ། །འདི་ལ་སྤྱི་ཁྱབ་ཏུ་དོ་ལའི་བཟླས་པ་ཞེས་གྲགས་ཤིང་། སྐབས་འདིར་ལས་ཀྱི་བཟླས་པ་ཞེས་བྱའོ། །དུས་རྒྱུན་གྱི་བཟླས་པ་ལ་དམིགས་པ་སྔ་མ་གཙོ་ཆེ་ལ་གྲངས་བསྙེན་ཙམ་དང་ལས་ཚོགས་ཀྱི་སྐབས་སུ་དམིགས་པ་ཕྱི་མ་གཙོ་ཆེའོ། །
འདི་ཉིད་རབ་ཏུ་བསྡུས་པའི་རྣལ་འབྱོར་ཡིན་པའི་ཕྱིར་བཟླ་བྱའི་གཙོ་བོ་ཡང་ཉེ་སྙིང་ལ་མཛད་པར་སྣང་ངོ་། །འདིར་ཤིན་ཏུ་གསང་བ་ཐུན་མོང་མ་ཡིན་པའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་ནི་འདི་ཡིན་ཏེ་དུས་ཀྱི་དབང་གིས་ནུབ་པར་ཕོངས་པ་དང་དོན་གཉེར་རྣམས་ལ་བརྩེ་བའི་སེམས་ཀྱིས་བཤད་པར་བྱའོ། །དེ་ཡང་རང་གི་སྙིང་གའི་ཕྱོགས་སུ་འོད་ཀྱི་གུར་ཁང་དམར་པོ་སྙིང་ཉིད་ཀྱི་དབྱིབས་ཅན་གྱེན་དུ་བསྟན་པ་དང་། ཁོང་སྟོང་འོག་གི་ཕྱོགས་སུ་བུ་ག་ཕྲ་མོ་བརྒྱད། སྟེང་གི་དཕྱོགས་ལ་བུ་ག་གཅིག །འོག་གི་དབུས་ནས་ལྟེ་བའི་བར་རྩ་དབུ་མ་སྟོང་པའི་ཚུལ་དུ་གནས་པ། ལྟེ་བའི་ཐད་ཀར་ཆོས་འབྱུང་གི་དབུས་སུ་ཉི་མ་ལ་བཾ། སྤྱི་བོའི་ནང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བ་ལ་ཧཾ་དཀར་པོ། །སྙིང་འོད་ཀྱི་གུར་ཁང་གི་ནང་དུ་ཉི་མ་ལ་ཧཱུྃ་དཀར་པོ། །དེའི་མཐར་ཡབ་ཡུམ་གྱི་སྔགས་གཉིས་ཀར་གསལ་བཏབ་སྟེ་གོང་བསམ་གཏན་གྱི་བཟླས་པ་ལྟར་བྱ། དེ་རྗེས་རླུང་བུམ་ཅན་བཟུང་སྟེ་འགོག་པའི་བཟླས་པ་བྱ། དེའི་ཚེ་དམིགས་པ་ནི་ས་བོན་སྔགས་ཕྲེང་དང་
བཅས་པ་ལས་འོད་ཟེར་བྱུང་། སྙིང་འོད་ཀྱི་གུར་ཁང་འཇའ་ཚོན་དུ་ཡལ་ཡལ་བ་ལྟར་འདུག་པ་དང་། བུ་ག་བརྒྱད་ནས་འོད་ཟེར་འཕྲོས། རང་ལུས་ཀྱི་ནང་གང་། ལུས་འཇའ་འོད་དུ་བུན་བུན་པ་དང་། སྒོ་དགུ་ནས་ཕྱིར་འཕྲོས་སྣོད་བཅུད་ཐམས་ཅད་འཇའ་འོད་དུ་བུན་བུན་པ་ལ་སྒྱུ་མ་ལྟ་བུའི་འདུན་པ་སྦྱང་། མཐར་འོད་ཟེར་སྙིང་གར་བསྡུ། ཡང་དམིགས་པའི་གནད་གཉིས་པ་ནི། བསམ་གཏན་གྱི་བཟླས་པ་བྱས་ནས་རླུང་ཕྱིར་འབུད་པ་དང་ཕྱིར་འཛིན་པ་ཉིད་གཙོ་བོར་བྱེད། དེས་ན་འདི་ཕྱི་རུ་འགོག་པའི་བཟླས་པ་ཡིན། སྔགས་འབྲུ་རྣམས་སྙིང་ག་ནས་ཡར་བཏེགས་ཏེ་སྙིང་གི་བུ་ག་སྟེང་མ་ནས་ཐོན། བུང་བ་བཞིན་དུ་འཁོར་ལྡིང་དང་བཅས་ཏེ་སྤྱི་བོའི་ཧཾ་གི་མཐའ་ལ་འཁོད། དེ་ལས་འོད་འཕྲོས་པདྨ་དཀར་པོ་དེ་འཇའ་འོད་དུ་ཁྲུགས་ཁྲུགས་འདུག་པ་དེ་ལས་བརྒྱུད་ནས་ལུས་ཐམས་ཅད་འོད་ཀྱིས་གང་། རྩ་དབུ་མ་ནས་ཐོན་ཏེ་སྣོད་བཅུད་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པ་ལྟེམ་ལྟེམ། སྒྱུ་མ་ལྟ་བུའི་འདུན་པ་སྦྱང་། མཐར་སྣོད་བཅུད་ཐམས་ཅད་བདུད་རྩིའི་རྣམ་
པར་བསྡུས་ཏེ་སྤྱི་བོའི་ཡིག་འབྲུ་ལ་ཐིམ། ཡིག་འབྲུ་པདྨ་དང་བཅས་པ་བདུད་རྩིར་ཞུ་སྟེ་གུར་ཁང་རྩེའི་བུ་ག་ནས་ཞུགས་ནས་གུར་ཁང་གི་ནང་བདུད་རྩིས་མེར་གྱིས་གང་། དེ་ལས་བརྒྱུད་ནས་རྩ་བུག་ཐམས་ཅད་ཁྱབ་པར་བསམ། མི་དམིགས་པར་བཞག །གནད་གསུམ་པ་ནི། བསམ་གཏན་གྱི་བཟླས་པ་སྔར་བཞིན། དེ་རྗེས་རླུང་དལ་བུས་རྔུབ་ཅིང་། ཡང་བཟོ་བཅོས་མེད་པར་བཞག །སྙིང་གའི་སྔགས་ཕྲེང་རྣམས་རིམ་པས་གུར་ཁང་གི་འོག་ཕྱོགས་ཀྱི་སྒོ་ཕྱེས་ནས་དབུ་མའི་ལམ་བརྒྱུད་དེ་ལྟེ་བའི་བཾ་གྱི་མཐར་འཁོད། ཡིད་བཟླས་མང་དུ་བྱ། འོད་འཕྲོས་ཆོས་འབྱུང་ཁེངས། ཡང་འཕྲོས་ཏེ་ལུས་ཐམས་ཅད་གང་། འོད་ཟེར་གསང་བ་ནས་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་འོད་དམར་ལམ་ལམ་སྒྱུ་མ་ལྟ་བུའི་འདུན་པ་སྦྱང་། སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་བདུད་རྩིའི་རྣམ་པར་བསྡུས་པ་དང་ལྷན་ཅིག་ཏུ་འོད་ཟེར་ཚུར་འདུས་ལྟེ་བར་ཐིམ། ལྟེ་བར་སྔགས་ཕྲེང་འོད་ཟེར་གྱི་རྣམ་པར་ཞུ་བ་དབུ་མའི་ནང་ནས་ཡར་བྱུང་།
སྙིང་གའི་ཧཱུྃ་ལ་ཐིམ། གུར་ཁང་འདབ་མ་བརྒྱད་དུ་ཁ་བྱེ། ཧཱུྃ་ཡིག་འོད་འབར་བས་ཕྱི་ནང་ཐམས་ཅད་ཁྱབ་པར་བསྒོམ། འདི་ལ་ཡིད་བཟླས་ཁོ་ནའོ། །བསམ་གཏན་གྱི་བཟླས་པ་ཞེས་བྱ་བ་ངག་ནས་བརྗོད་པ་དེ་བཟླས་པའི་ཕྱེད་ཙམ་བྱེད་ཅིང་། ལྷག་མ་སྙིང་གར་བཟླས་པ་དང་ལྟེ་བར་བཟླས་པ་གྲངས་མཉམ་པ་ཙམ་དང་། སྤྱི་བོར་སྔགས་བཟླས་པ་དེ་གཉིས་གཅིག་གི་ཕྱེད་ཙམ་བྱེད། ཡང་ན་ཐོག་མར་བརྗོད་པའི་བཟླས་པ་དང་ལྟེ་བར་བཟླས་པ་འབུམ་མམ་བཞི་འབུམ་སོགས་སོང་བ་ན་སྙིང་གར་དེ་ཙམ་བཟླས། དེ་སོང་བ་ན་ཁྲི་ཕྲག་ལྔའམ་ཉིས་འབུམ་ཙམ་སྤྱི་བོའི་བཟླས་པ་བྱས་ཀྱང་རུང་། ཡང་ཞག་གྲངས་སྤེལ་ནས་ཞག་ལྔ་བརྗོད་བཟླས། ལྟེ་བ་དང་སྙིང་ག་ལ་གཉིས་གཉིས། སྤྱི་བོ་ལ་ཞག་རེ་ལྟ་བུ་སྤེལ་ཀྱང་རུང་། ཡང་ཐུན་གཅིག་གི་ནང་དུ་ཡུན་ཚད་དེ་ལྟར་སྤེལ་ཀྱང་རུང་། ཐུན་སོ་སོའི་གྲངས་མང་ཉུང་ལ་སྤེལ་ཀྱང་རུང་། མཐར་བསྡུ་ན། བརྗོད་བཟླས་བརྒྱ། ལྟེ་བ་དང་སྙིང་གར་ལྔ་བཅུ་ལྔ་བཅུ། སྤྱི་བོར་ཉི་ཤུ་རྩ་ལྔ་བཟླ་བ་ལྟ་བུར་སྤེལ་ཀྱང་རུང་ངོ་། །
བཟླས་པའི་རྣལ་འབྱོར་ནི། ནད་སེལ་བ་དང་། སྡིག་སྒྲིབ་སྦྱོང་བ་དང་། སྒྱུ་མ་རང་ཤར་ལ་སོགས་པའི་ཉམས་མྱོང་འཕྲལ་དུ་སྐྱེད་པར་བྱེད་པ་ཡིན་པས་ཐམས་ཅད་ལ་ཁ་ཁྱེར་དུ་བྱེད་པའི་ཆོས་མ་ལགས། སྣོད་མིན་ལ་སྦ་བར་བྱའོ། །འཁོར་གྱི་བཟླས་པའི་སྐབས་ནི་སྤྱི་དང་འདྲའོ། །རང་གི་ཐུགས་ཀའི་ས་བོན་གྱི་མཐར་འཁོར་གྱི་སྔགས་བཀོད་དེ་འོད་ཟེར་སྤྲོ་བསྡུ་བྱེད་པ་ཡིན་ནོ། །སྔགས་ཀྱི་དོན་ལ། ཨོཾ་དང། ཧཱུྃ་དང་། ཕཊ་དང་། སྭཱ་ཧཱ་རྣམས་ནི་གང་དུ་བྱུང་ཡང་འདྲ་སྟེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་འཆའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་བཅོམ་ཞིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་སྡང་ཞིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །བདུད་དང་སྡུག་
བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པར་བྱས་པ་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་གསུངས་ལ། འདི་ཉིད་ཀྱི་སྙིང་པོ་བོད་སྐད་ནི། །དཔལ་རྡོ་རྗེ་ཀྱེ་སྒྲ་སྒྲོགས་བདེ་བ་ཆེན་པོ་ཧཱུྃ་ཧཱུྃ་ཕཊ། མཁའ་འགྲོ་མའི་དྲྭ་བ་སྡོམ་པ་སྭཱ་ཧཱ། ཉེ་སྙིང་ས་བོན་གྱི་རིགས་ཡིན་པས་དངོས་སུ་སྒྱུར་དུ་མེད། འོན་ཀྱང་ཧྲཱིཿནི་ཕ་རོལ་ཐམས་ཅད་འཇོམས་པའི་དོན་དང་། ཧ་གཉིས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ། །རང་བཞིན་ཆོས་ཉིད་དང་ལམ་གྱིས་བསྡུས་པ་གཉིས་སོ། །ཡུམ་གྱི་སྙིང་པོ་ལ། ཨོཾ་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མ་ལ། རྡོ་རྗེའི་རིགས་ཅན་མ་ལ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། ཨོཾ་རྡོ་རྗེ་རྣམ་པར་སྣང་མཛད་མ་ལ་ཧཱུྃ་ཧཱུྃ་ཕཊ། འདིར་
བསྙེན་པའི་སྐབས་གྲངས་སྤྱི་དང་འདྲ་སྟེ། ཡི་གེ་ཉེར་གཉིས་པ་ལ་བཞི་འབུམ། ཡི་གེ་བདུན་པ་ལ་འབྲུ་འབུམ། ཡུམ་དང་འཁོར་རྣམས་ནི་བཅུ་ཆ་ཡིན་ལ། ཡུམ་ལ་གཙོ་བོར་བྱེད་པ་ཡིན་ན། སྙིང་པོ་དང་ཉེ་སྙིང་ལ་བཞི་འབུམ་དང་འབྲུ་གསུམ་མོ། །གསུམ་པ་རྗེས་རྣལ་འབྱོར་གྱི་ཡན་ལག་ལ། དཀྱིལ་འཁོར་ཉེར་བསྡུ་དང་། གཏོར་མའི་ཆོ་གའོ། །དང་པོ་ནི། སྒོམ་པ་དང་བཟླས་པ་གཏོང་བར་འདོད་པས། བར་འདིར་གཏོར་ཆོག་སྒྲུབ་ན། མཆོད་གཏོར་སོགས་ཤུགས་ལས་འབྱུང་ཞིང་ཐོབ་ཐང་དང་འབྲེལ་བས་ཤིན་ཏུ་ལེགས་པ་ཡིན་ལ། གཏོར་མ་འགྲུབ་ན་མཆོད་བསྟོད་ཞིག་སྦྱར་ནའང་ལེགས་མོད། མེད་ཀྱང་ཆོག་སྟེ་མངོན་རྟོགས་དཀྱུས་ལྟར་དཀྱིལ་འཁོར་འོད་གསལ་དུ་བསྡུས། ཡང་འོད་གསལ་ལས་ཐུན་མཚམས་ཀྱི་ལྷ་སྐུར་ལངས། དེའི་རྒྱུན་ཐུན་མཚམས་ཐམས་ཅད་དུ་དགོས། གནས་གསུམ་བྱིན་གྱིས་བརླབ་པ་ནི། རང་གི་སྒོ་གསུམ་ལ་བྱིན་རླབས་འཇུག །བར་ཆད་སྲུང་། ཐུན་
མཚམས་སུ་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཐུགས་སུ་ཤེས་པའི་དགོས་པ་ཡོད། དེ་རྗེས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཀུན་ཏུ་སངས་རྒྱས་སོགས་གོ་སླ། ཤ་ལོ་ཀ་ཕྱི་མའི་དོན་ནི། བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་གིས་བསྔགས་ཤིང་བསྟོད་པའི་སྤྱོད་པ་གཉིས་ཡོད་དེ། རང་ཉིད་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་སྤྱོད་པའི་རང་དོན་གྱི་སྤྱོད་པ་གང་དང་། རྫོགས་པའི་སངས་རྒྱས་ཐོབ་ནས་སླར་གང་ཞིག་གཞན་དོན་གྱི་སྤྱོད་པ་སྟེ། སྤྱོད་པ་དེ་གཉིས་ཀར་བདག་གིས་རྟག་ཏུ་སྤྱོད་པར་ཤོག །ཅེས་པའོ། །གཉིས་པ་གཏོར་མའི་ཆོ་ག་ནི། སུམྦྷས་བསང་བ་ནས། ཆོས་དབྱིངས་བླ་ན་མེད་པར་བསྔོ། ཞེས་པའི་བར་ཏེ་གཏོར་ཆོག་རང་གི་སྔོན་འགྲོ་གཏོར་མ་བྱིན་རླབས་ཡིན་ལ། དངོས་གཞི་ནི། དམ་ཚིག་གི་འཁོར་ལོ་རིགས་དྲུག་དང་བཅས་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྲེ། སྔགས་བྱིན་གྱིས་བརླབ། ཨོཾ་བཛྲ་ཌཱ་ཀི་སོགས་ཀྱིས་ཡེ་ཤེས་ལྷ་ལ་ཕུལ། ཨོཾ་ཁ་ཁཱ་སོགས་ཀྱིས་མགྲོན་སྤྱི་ལ་ཕུལ། མཆོད་བསྟོད་
འདོད་དོན་གསོལ་བ་འདེབས་པ་སྟེ་དོན་ཚན་བརྒྱད་པོ་དེ་ཡིན་ནོ། །རྗེས་ནི་བཟོད་གསོལ་གཤེགས་གསོལ་སྨོན་ལམ་བཀྲ་ཤིས་བསྔོ་བ་རྣམས་སོ། །དེའི་ཆོ་ག་ཤེས་པས་གཞན་ཐམས་ཅད་གོ་སླ་ལ། དམ་རྫས་བསྐྱེད་པའི་སྐབས། པདྨ་འདབ་བརྒྱད་ཀྱི་ཕྱོགས་བཞིར་ཤ་བཞི་དང་མཚམས་བཞིར་བདུད་རྩི་བཞི་ཡིན་ལ། དབུས་ཀྱི་གཉིས་བརྩེགས་པ་སྟེ་ཤ་ཆེན་གྱི་སྟེང་དུ་དྲི་ཆུའོ། ཆུ་ནི་དྲི་ཆུ། སྨན་ནི་དྲི་ཆེན། རྡུལ་ནི་རཀྟའི་བརྡ་ཚིག་ཡིན་ཅིང་། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོའོ། །ཧཱུྃ་ནི་ཤ་ཆེན་དྲི་ཆུ་བརྩེགས་པའི་སྟེང་དུ་འགོད། ཡི་གེ་གཞན་བཞི་པོ་ཕྱོགས་བཞིར་ཤ་བཞི་པོའི་སྟེང་ཐད་དུ་འགོད་ཀྱང་ཡི་གེ་བཞི་པོའི་འོད་ཟེར་གྱིས་བདུད་རྩི་བཞི་པོའི་སྟེང་ཁེངས་པར་སྒོམས་པ་ཡིན། ཐམས་ཅད་ཞུ་སྟེ་ཞེས་པའི་སྐབས་སུ་ཁ་ཊྭཱཾ་ག་རང་ཡང་ཞུ་བ་ཡིན། ཟླ་བ་ལ་ཨོཾ་ཨཱཿཧཱུྃ་ནི་ཨོཾ་གྱི་སྟེང་དུ་ཨཱཿ དེའི་སྟེང་དུ་ཧཱུྃ་ངོ་། སྦྱང་རྟོགས་སྦར་གསུམ་ཅེས་པ་ལ། སྦྱང་བ་ནི་ཐ་མལ་གྱི་
དངོས་པོ་ངན་པ་དེ་དག་པ་དང་། རྟོགས་པ་ནི་བདུད་རྩིའི་རང་བཞིན་དངོས་པོ་མཆོག་ཏུ་སོང་བ་དང་། སྦར་བ་ནི་དྭངས་མ་མེའི་འོད་ཟེར་ལྟ་བུའི་རང་བཞིན་དུ་གྱུར་པ་དང་རྒྱ་ཆེར་འཕེལ་བའི་དོན་ནོ། །གཞན་ཡང་ཐུན་མཚམས་ཀྱི་སྤྱོད་པ་ཉལ་བ་དང་ལྡང་བ་དང་ཁ་ཟས་ལ་སོགས་པའི་རྣལ་འབྱོར་ཡང་སྤྱི་དང་མཐུན་པར་ཤེས་པར་བྱའོ། །དེ་ལྟར་སྒྲུབ་ཐབས་ཀྱི་རིམ་པ་རྣམས་ཞིབ་མོར་བཤད་ཟིན་ནས། ད་ནི་དེ་དག་གི་སྦྱང་བྱ་སྦྱོང་བྱེད་དམ་དག་སྦྱོར་ངོས་བཟུང་ན། དང་པོར་ལུས་ངག་པ་ནི། དགེ་བའི་བཤེས་གཉེན་བརྟེན་ཅིང་དེ་ལས་དགེ་བ་ཡང་དག་པར་བླངས་པར་མཚོན། ངག་དག་པ་ནི་ཆོས་ཐོས་པ་དང་། སེམས་དག་པ་ནི་རིགས་སད་པ་དང་། སྲུང་བའི་འཁོར་ལོ་ནི་བདུད་ཀྱི་ལས་དང་ཉོན་མོངས་སྤོང་བ་དང་། གསོལ་བ་གདབ་པ་ནི་སོ་སོ་སྐྱེ་བོའི་ལམ་ཚོགས་སྦྱོར་གྱི་ཡོན་ཏན་འཕེལ་བ་དང་། ཚོགས་བསགས་གཉིས་ནི་འཕགས་ལམ་ས་བཅུར་ཚོགས་མཐའ་དག་རྫོགས་པར་མཚོན། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི་སློབ་ལམ་དུ་ཞིང་སྦྱངས་
པས་སངས་རྒྱས་ཀྱི་གནས་སྐབས་ན་ཞིང་རྣམ་པར་དག་སྟེ་འོག་མིན་ལ་སོགས་པ་གྲུབ་པ་དང་། ཆོས་ཉིད་སྟོང་པ་ཉིད་ལ་བྱང་ཆུབ་པ་ནི་ཆོས་སྐུ་ཐོབ་པ་དང་། ཟླ་བ་དང་ཧཱུྃ་བཅས་འོད་ཟེར་སྤྲོ་བསྡུ་དང་བཅས་པ་ནི་ལོངས་སྐུ་ཕྲིན་ལས་དང་བཅས་པ་སྟེ། ཟླ་བ་ནི་སྐུ་མཚན་དཔེ་ཅན། ཧཱུྃ་ནི་ཐུགས་ཡེ་ཤེས་ལྔ། འོད་ཟེར་འཕྲོ་བ་ནི་མཁྱེན་བརྩེ་ནུས་གསུམ་གྱིས་ཤེས་བྱ་ཀུན་ལ་ཁྱབ་པ་དང་། འཕགས་པ་མཆོད་པ་ནི་དག་པའི་འཁོར། སེམས་ཅན་གྱི་དོན་ནི་སེམས་ཅན་སྨིན་པར་བྱེད་པ། གཅིག་ཏུ་གྱུར་པ་ནི་སྤྲུལ་པའི་སྐུའི་རྒྱུ་བྱ་གྲུབ་ཡེ་ཤེས་དང་གནས་གཙང་མ་ཆེན་པོ་ན་བཞུགས་པའི་སྤྲུལ་སྐུའོ། །ལྷ་ལྔ་རྫོགས་པ་ནི་རི་རབ་ཀྱི་རྩེ་མོའམ་འཛམ་གླིང་སོགས་སུ་སྤྲུལ་པའི་སྐུ་སྟོན་པ། ཡེ་ཤེས་པ་བསྟིམ་པ་ནི་སངས་རྒྱས་ཐམས་ཅད་ཡེ་ཤེས་གཅིག་ཏུ་འདྲེས་པ། གོ་ཆ་དང་འབྲུ་གསུམ་འགོད་པ་ནི་ཡོན་ཏན་དཔག་ཏུ་མེད་པ། དབང་བསྐུར་རྒྱས་བཏབ་ནི་སྲིད་ཞི་ཐམས་ཅད་ཀྱི་གཙོ་བོར་གྱུར་ཏེ་འགྲོ་བའི་དོན་ལ་མངའ་བརྙེས་
པ། མཆོད་བསྟོད་བདུད་རྩི་མྱང་བ་ནི་འཇིག་རྟེན་འཇིག་རྟེན་ལས་འདས་པ་ཀུན་གྱིས་བསྐུར་བསྟི་བྱེད་པའོ། །བཟླས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ། ཉེར་བསྡུ་ནི་གདུལ་བྱ་གཞན་སྣང་དུ་མྱ་ངན་ལས་འདའ་བར་སྣང་བའང་འཁོར་འདས་སྣོད་བཅུད་ཐམས་ཅད་ཐུགས་སུ་ཆུད་པ། ཐུན་མཚམས་ཀྱི་ལྷ་སྐུ་ནི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས་རྒྱུན་མི་ཆད་པར་སྟོན་པ་མཚོན་ནོ། །སྐབས་འདིར་རྫོགས་རིམ་ལ་དག་སྦྱོར་གྱི་རིམ་པ་དེ་དག་ཙམ་མི་དགོས་ཏེ་རིམ་པ་གཞན་ཡིན་པའི་ཕྱིར་རོ། །ཅི་སྟེ་རྩ་གསུམ་འཁོར་ལོ་བཞི་སྒོམ་པ་སོགས་བསྐྱེད་རིམ་ཉིད་ཀྱི་གསེབ་ཏུ་བཏང་ནས་སྒོམ་པ་ཀྱཻ་རྡོར་གྱི་སྒྲུབ་ཐབས་མཚོ་སྐྱེས་ལྟ་བུ་ལ་ནི་བདེ་བ་ཆེན་པོའི་སྐུ་བརྙེས་པ་དང་སྦྱར་བ་ཡང་ཡོད་དོ། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་ཏིང་འཛིན་ལ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་དབྱེ་བ་སྦྱོར་གྱི་ཐུན་མཚམས་ཀྱི་སྤྱོད་པ་ལ་ནི་མི་སྦྱོར་ཏེ་འོན་ཀྱང་དག་སྦྱོར་ཅི་རིགས་པ་སྦྱར་དུ་ནི་ཡོད་དོ། །དེ་དག་གིས་སྦྱངས་འབྲས་བཤད་ཟིན་ཏེ་སྦྱང་བྱ་དང་
སྦྱར་ན། ལུས་ངག་ཡིད་གསུམ་དག་པ་ནི་འཁོར་བའི་གནས་སུ་སྒོ་གསུམ་གྱི་ལས་འཕེན་བྱེད་སྣ་ཚོགས་པ་བསགས་པ་སྦྱོང་། སྲུང་འཁོར་ནི་ལས་རྣམས་ཀྱིས་ས་བོན་སེམས་ལ་ཐེབས་ཤིང་ཆུད་མི་ཟ་བར་འཛིན་པ་དང་། གསོལ་གདབ་དང་བསོད་ནམས་ཚོགས་གསོག་ནི་འཕེན་བྱེད་ཀྱི་ལས་ཀྱིས་འཕངས་པའི་ས་བོན་རྣམས་འགྲུབ་བྱེད་ཀྱི་ལས་ཀྱིས་གསོལ་འདེབས་པ་དང་། ཡེ་ཤེས་ཚོགས་གསོག་ནི་སྐྱེ་བ་སྔ་མའི་མཐར་འཆི་བ་འོད་གསལ་དུ་ཕུང་ཁམས་རྣམས་ཐིམ་པ་དང་། རྟེན་གྱི་དཀྱིལ་འཁོར་སྒོམ་པ་ནི་གང་དུ་སྐྱེ་བ་ལེན་པའི་གནས་ཡུལ་ཕྱོགས་དང་བཅས་པ་སྦྱོང་ལ། ཡང་འབྱུང་བཞི་རི་རབ་དང་བཅས་པ་ཕ་མའི་ལུས། པདྨ་ནི་གསང་བའི་པདྨ། སྣ་ཚོགས་རྡོ་རྗེ་ནི་ཐབས་ཀྱི་རྡོ་རྗེ། པདྨ་ཉི་མ་འཇིགས་དུས་དང་བཅས་པ་ནི་མའི་སྐྱེ་གནས་ཀྱི་རྩ་ཁམས་དང་འདོད་ཆགས་གཏི་མུག་དང་བཅས་པའང་མཚོན་ནོ། །རྟེན་གྱི་དཀྱིལ་འཁོར་བསྐྱེད་པའི་བར་ལ།
སེམས་རང་ཉིད་གཟུགས་ཀྱི་རྣམ་པར་ཤར་ཡང་འབྱུང་བཞི་རི་རབ་སོགས་མཐོང་བར་ནུས་པ་དེ་བར་དོ་ཉིད་ཀྱི་སྲིད་པ་མཚོན་ཏེ་ཆོས་ཉིད་སྟོང་པ་ཉིད་ལས་བྱང་ཆུབ་པའོ། །ཟླ་བ་དམར་སྐྱ་ནི་མའི་མངལ་གྱི་ཁམས་དཀར་དམར་དང་། ཧཱུྃ་ནི་དེ་ལ་བར་སྲིད་ཞུགས་པ་དང་། སྤྲོ་བསྡུ་མཛད་པ་གཉིས་གཅིག་འདྲེས་དང་བཅས་པ་རྣམས་མངལ་དུ་ལུས་རིམ་གྱིས་འཕེལ་བ་དང་། སྐུ་ཡོངས་སུ་རྫོགས་པ་ནི་མངལ་ནས་བཙལ་ཏེ་ཀུན་གྱིས་མཐོང་བ། ཡེ་ཤེས་པ་སྤྱན་འདྲེན་ནི་བཙས་མ་ཐག་ནས་དབུགས་ཀྱི་རྒྱུ་བ་ལ་བརྟེན་ནས་རྣམ་རྟོག་རགས་པ་དང་ཁ་ཟས་ལ་སོགས་པའི་བྱ་བས་ལུས་འཕེལ་བའོ། །གོ་ཆ་དང་སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་ནི་དབང་པོ་རྣམས་དང་ལུས་ངག་ཡིད་གསུམ་སྟོབས་འཕེལ་བ་དང་། དབང་བསྐུར་བ་ནི་ལུས་རྫོགས་ཏེ་རང་གི་རིགས་ཀྱི་བྱ་བ་ལ་གནས་པ་དང་། མཆོད་བསྟོད་བཟླས་པ་ནི་ཚེ་གང་གི་ལོངས་སྤྱོད་བྱ་བ་སྣ་ཚོགས་པ་མཚོན་པ། ཉེར་བསྡུ་ནི་མཐར་ཕུང་
ཁམས་འོད་གསལ་དུ་ཞུགས་ཏེ་འཆི་བ་དང་། ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ནི་སླར་ཡང་འགྲོ་བ་དྲུག་ཏུ་སྐྱེ་བ་ལེན་པ་ལ་སོགས་པ་མཚོན་ཏེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་འདི་བསྒོམས་པས་འཁོར་བའི་ཆོས་དེ་དང་དེ་དག་སྦྱོང་བར་ནུས་པ་ཡིན་ནོ། །རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་ཚུལ་ནི། དང་པོའི་ཡེ་ཤེས་ཚོགས་གསོག་དང་། ཐ་མར་ཉེར་བསྡུ་ནི་ལམ་གྱི་རྫོགས་རིམ་འོད་གསལ་གྱི་གཞི་འདིང་བྱེད་ཡིན་ལ། མངོན་བྱང་དང་པོ་ཡན་ཆད་རྟེན་གྱི་དཀྱིལ་འཁོར་སྒོམ་པའི་སྐབས་དང་། དག་པ་གསུམ་དང་སྲུང་འཁོར་གསལ་གདབ་བསོད་ནམས་ཚོགས་གསོག་རྣམས་རྨི་ལམ་དང་སྒྱུ་ལུས་དབང་པོ་རབ་སོགས་ཀྱི་སྨིན་བྱེད་དང་། མངོན་བྱང་ཕྱི་མ་བཞི་ནི་གཏུམ་མོའི་སྨིན་བྱེད་དང་། དམ་ཚིག་པ་དང་ཡེ་ཤེས་སྤྱན་འདྲེན་གྱི་སྐབས་ནི་སྒྱུ་ལུས་ཀྱི་སྨིན་བྱེད་དང་། དབང་བསྐུར་མཆོད་བསྟོད་སོགས་ཐམས་ཅད་ཀྱི་ཐུན་མོང་། ཡན་ལག་གི་ཆོས་
གཉིས་ལ་དངོས་སུ་སྦྱོར་མི་དགོས་ཀྱང་སྤྲོ་ན་རིགས་མཐུན་སྦྱར་བས་ཤེས་ཏེ། འཕོ་བ་འོད་གསལ་དུ་འདུ་ཞིང་། དེའི་ནང་ནས་སྐབས་སུ་བབས་པ་ཉེར་བསྡུ་དང་བར་དོ་ཐུན་མཚམས་ཀྱི་ལྷ་དང་སྦྱར་རོ། །ད་ནི་རྩ་བའི་ཁུངས་རྒྱུད་ཚིག་དང་ཅུང་ཟད་སྦྱར་ན། སྲུང་འཁོར་ནི་མངོན་བརྗོད་བླ་མ་ལས། དྲྭ་བ་རྭ་བ་དེ་བཞིན་ཏེ། རྡོ་རྗེའི་ས་སོགས་བྱིན་གྱིས་བརླབ། །བླ་བྲེ་མདའ་ཡི་དྲྭ་བ་དང་། །རྡོ་རྗེའི་མེས་ནི་རབ་བསྐོར་བ། །ཕྱི་རོལ་རིང་ནས་དགོད་པར་བྱ། །ཞེས་གསུངས། ཚོགས་ཞིང་ལ་སོགས་པ་གསང་སྔགས་སྤྱིའི་རིམ་པས་གོ་བར་ནུས། ཡེ་ཤེས་ཚོགས་གསོག་གི་ལུང་གོང་དུ་དྲངས་ཟིན། འབྱུང་བཞི་རི་རབ་དང་བཅས་པ་ནི། རྩ་རྒྱུད་ལས། བ་ལང་གནས་དང་སྟེང་ཉིད་དང་། །ལྷག་མ་སྐེམ་བྱེད་རྩ་གནས་སོ། །ཞེས་དང་། གཞལ་ཡས་ཁང་སྒོ་ཅན་མི་བྱེད་པར་པདྨ་ཙམ་བྱེད་པ་ཡང་། རྩ་རྒྱུད་ལས། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་
ཨཱ་ལི་ཀཱ་ལིར་སྐྱེ། །ཞེས་ཏེ། འདིར་ཨཱ་ལི་ཀཱ་ལིའི་ཡིག་འབྲུ་དངོས་མེད་ཀྱང་ཨཱ་ལི་མཚོན་བྱེད་ཟླ་བའི་དཀར་ཆ་དང་ཀཱ་ལི་མཚོན་བྱེད་དམར་ཆའོ། །མངོན་བྱང་ལྔའི་ལུང་དྲངས་ཟིན། སྙིང་པོའི་ལྷ་འབའ་ཞིག་གི་དཀྱིལ་འཁོར་ནི་རྩ་རྒྱུད་ལེའུ་ཞེ་བརྒྱད་པ་ལས། ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གསུངས་ཟིན་པའི་རྗེས་སུ་སླར་ཡང་འདི་སྐད་ཅེས། རྣལ་འབྱོར་མ་ནི་མཁའ་འགྲོ་ཉིད། །གཟུགས་ཅན་མ་དང་དུམ་སྐྱེས་མ། །དེ་བཞིན་ལཱ་མ་ལ་སོགས་ནི། །དངོས་གྲུབ་ཐམས་ཅད་དགེ་བ་ཡིན། །ཅེས་སྙིང་པོའི་རྣལ་འབྱོར་མ་བཞི་བཟླས་ཏེ་གསུངས་པས་བསྟན་པ་ཡིན་ནོ། །སོགས་ཁོངས་ནས་བུམ་ཐོད་བཞིའོ། །ཡེ་ཤེས་པ་སྤྱན་འདྲེན་ནི། ཡེ་ཤེས་འཁོར་ལོ་རྣམ་བསྒོམས་ནས། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དམ་ཚིག་འཁོར་ལོར་རབ་གཞུག་བྱ། །ཞེས་རྣལ་འབྱོར་མ་ཀུན་སྤྱོད་ནས་གསུངས། འབར་བའི་ཕྱག་རྒྱ་ནི། མངོན་བརྗོད་ཀུན་
སྤྱོད་གཉིས་ཀ་ལས་གསུངས། དེ་བཞིན་དུ་མངོན་བརྗོད་བླ་མ་ལས། སྟེང་དུ་ཕེཾ་གྱི་སྒྲ་སྒྲོགས་པས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། ཛཿཧཱུྃ་བྃ་ཧོཿ རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དགུག་ཅིང་བཅུག་ལ་བཅིངས་ཏེ་དབང་དུ་བྱའོ། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ནམ་མཁའི་དཀྱིལ་ཡོངས་སུ་གང་བར་བལྟས་ལ། བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པས་དབང་བསྐུར་བའི་ཚུལ་གྱིས་དེ་དག་ལ་དབང་བསྐུར་བར་བསམ་མོ། །ཞེས་ལྷ་དབང་བསྐུར་བའི་ཚུལ་དང་། རླུང་དང་མེའི་དཀྱིལ་འཁོར་གྱི་དབུས་སུ། ཨ་ལས་བྱུང་བའི་ཐོད་པ་ཡེ་ཤེས་ལྔའི་བདུད་རྩིས་ཡོངས་སུ་གང་བ། དེར་ཆ་བཅུ་དྲུག་པ་ལ་ཡི་གེ་ཧཱུྃ་དང་ཨཱཿདང་ཨོཾ་གྱི་བྱིན་གྱིས་བརླབ་ཅེས་དང་། ཡེ་ཤེས་བདུད་རྩིའི་སྦྱོར་བ་ཡིས། །རྡོ་རྗེ་བདུད་རྩིའི་ཆུ་བཏུང་ངོ་། །ཞེས་བདུད་རྩི་མྱང་བར་གསུངས་སོ། །དབང་བསྐུར་བའི་སྐབས་ཀྱི་ཐོད་པ་དང་བུམ་པ་
འདམ་ཁ་ཡིན་ཅིང་། ཆ་བཅུ་དྲུག་པ་ཞེས་ཟླ་བའོ། །བཟླས་པ་ནི་མངོན་བརྗོད་ལས། །དུང་ཆེན་འཕྲེང་བ་བླངས་ནས་ནི། །དེ་ནས་དེ་ལ་བཟླས་པ་བྱ། །རང་སྲོག་རྩོལ་བ་ལེགས་བསྡམས་པར། །བསྒོམས་པས་དེ་མ་ཐག་ཏུ་འབར། །ཅེས་པའི་ཚིག་བཅད་ཕྱེད་དང་པོས་བརྗོད་བཟླས་དང་། ཕྱི་མས་འགོག་བཟླས་གསལ་བར་བསྟན་ཅིང་ཡིད་བཟླས་ཀྱང་ཤུགས་ལའོ། །ཉེར་བསྡུ་ནི་རྣལ་འབྱོར་མ་ཀུན་སྤྱོད་ལས། དེ་ལ་བསྒོམས་པས་དུབ་གྱུར་ན། །བསྡུས་ལ་སྤྱོད་ཚུལ་ཁྱད་པར་གྱི། །སྦྱོར་དང་བྲལ་བར་མི་བྱ་སྟེ། །སྤྱོད་པའི་རྣལ་འབྱོར་དག་པ་ཡིན། །ཅེས་སོ། །གཏོར་མའི་ཆོ་ག་ནི། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ལེའུ་བརྒྱད་པ་དང་མངོན་བརྗོད་བླ་མའི་ལེའུ་དགུ་པ་སོགས་ལས་ཤིན་ཏུ་གསལ་བར་གསུངས་ཏེ། དེ་བཞིན་དུ། མངོན་བརྗོད་ལེའུ་བཅུ་བཞི་པ་དང་། གཞན་ཡང་རྩ་བཤད་ཀྱི་རྒྱུད་ཐམས་ཅད་ནས་བཤད་དེ། ཆོ་ག་འདྲ་མིན་གྱི་ཁྱད་པར་ཙམ་ཡོད་པ་མ་
གཏོགས་ཤིན་ཏུ་རྒྱས་ཤིང་གསལ་བར་སྡོམ་པ་འབྱུང་བ་ལས་གསུངས་ཏེ་འདིར་ལུང་དྲངས་ན་ཧ་ཅང་ཡི་གེ་མང་བར་འགྱུར་རོ། །སྒྲུབ་ཐབས་འདི་ལ་ཏིང་ངེ་འཛིན་གསུམ་ཚང་ཚུལ་ནི། མངོན་བྱང་གསུམ་པ་ཡན་ཆད་དང་པོ་སྦྱོར་བ། དེ་ནས་ལྷ་ལྔ་དམ་ཚིག་པ་རྫོགས་ཀྱི་བར་དཀྱིལ་འཁོར་རྒྱལ་མཆོག །དེ་མན་ཆད་ལས་རྒྱལ་མཆོག་གོ །རྣལ་འབྱོར་བཞི་ཇི་ལྟར་ཚང་ཚུལ་ནི། ཟླ་བ་དམར་སྐྱ་ཡན་ཆད་རྣལ་འབྱོར་དང་པོ། མངོན་བྱང་གསུམ་པ་དང་བཞི་པ་རྗེས་སུ་རྣལ་འབྱོར། དེ་ནས་རྒྱས་བཏབ་ཀྱི་བར་ཤིན་ཏུ་རྣལ་འབྱོར། རྫོགས་རིམ་ལ་རྡོར་བཟླས་ནི་རྣལ་འབྱོར་ཆེན་པོའོ། །མཆོད་གཏོར་བདུད་རྩི་མྱང་བ་ལ་སོགས་པ་ནི་རྣལ་འབྱོར་གྱི་ཡན་ལག་ཡིན་པས་བཞི་པོ་གཅིག་ཏུ་མ་ངེས་སོ། །དེ་ལྟར་ན་ཡེ་ཤེས་ཀྱི་མཁའ་འགྲོ་མི་ནི་དགུའི་ཞལ་གྱི་གདམས་པ་ལས་བྱུང་བ་དཔལ་འཁོར་ལོ་སྡོམ་པའི་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཟབ་དོན་གསལ་བྱེད་ཅེས་བྱ་བ་འདི་ནི། སྙེ་ཐང་པ་དགེ་བཤེས་བླ་མ་ཀུན་དགའ་བསྟན་གསལ་གྱིས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བར་སྐབས་སུ་
ངེས་པར་བརྗོད་པའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ། །བདེ་མཆོག་རྣམ་བཤད་ལུང་གི་བརྒྱུད་པ་ནི། ཏཱ་ར་ནཱ་ཐ། བྱ་བཏང་ཀུན་དགའ་ཡེ་ཤེས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་ལྷུན་གྲུབ། ཀུན་དགའ་བསོད་ནམས་ལྷུན་གྲུབ། ངག་དབང་ཀུན་དགའ་བཟང་པོ། ཀུན་བཟང་བསྟན་འཛིན་རྒྱ་མཚོ། ཡེ་ཤེས་བཟང་པོ། རྨོག་ལྕོག་པ་ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། རྗེ་བཙུན་བཀའ་བརྒྱུད་བསྟན་འཛིན། གྲུབ་མཆོག་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་གཞན་ཕན་འོད་ཟེར། །དེས་བདག་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ལའོ།། །།དགེ་ལེགས་འཕེལ།། །།