Nitartha Digital Library
Tibetan
 
previousརིགས་པའི་འདོད་འཇོ་ལས་ལེའུ་དང་པོའི་རྣམ་བཤད། next

རིགས་པའི་འདོད་འཇོ་ལས་ལེའུ་དང་པོའི་རྣམ་བཤད།

དེ་ཡང་རྟགས་ལ་བརྟེན་ཅིང་རྟེན་རྟགས་གཏན་ལ་ཕབ་པའི་སྒོ་ནས་འཆད་དགོས་པས་དང་པོ་རྟགས་ཀྱི་མཚན་ཉིད་དང་དབྱེ་བ་ལ་སོགས་སྟོན་པ་ལ། བསྒྲུབ་བྱའི་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ཚད་མས་ངེས་པའི་ཕྱོགས་ཆོས་དང་ཕྱོགས་བཏགས་པ་བ་བསྒྲུབ་བྱའི་ཆོས་ཅན་དེའི་ཆ་སྟེ་བསྒྲུབ་བྱའི་ཆོས་ཀྱིས་རྟགས་ལ་ཁྱབ་པའི་རྗེས་སུ་འགྲོ་ལྡོག་ཅན་ནི་གཏན་ཚིག་ཡང་དག་གི་མཚན་ཉིད་དོ། །དེ་འདྲའི་མཚན་ཉིད་ཅན་གྱི་གཏན་ཚིགས་དེ་ནི་རྣམ་གསུམ་ཉིད་དུ་ངེས་པ་ཡིན་ཏེ། རྟགས་ཀྱིས་བསྒྲུབ་བྱ་གོ་བར་བྱེད་པའི་རྩ་བ་བསྒྲུབ་བྱའི་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་བ་ནི་བདག་གཅིག་དེ་བྱུང་གི་འབྲེལ་བ་ཁོ་ན་ལ་ངེས་པའི་ཕྱིར་རོ། །དེས་ན་དེ་འདྲའི་མཚན་ཉིད་ཅན་གྱི་རྟགས་གསུམ་པོ་ལས་གཞན། གཞན་གྱིས་རྟགས་སུ་བཏགས་པའི་ལྡན་པ་དང་འདུ་བ་ཅན་གྱི་འབྲེལ་བ་ལ་སོགས་པ་ལ་བརྟེན་པའི་རྟགས་ནི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། དེ་ལ་རྟགས་ཀྱི་བསྒྲུབ་བྱ་གོ་བར་བྱེད་པའི་རྩ་བ་མེད་ན་མི་འབྱུང་བའི་འབྲེལ་བ་མ་གྲུབ་པའི་ཕྱིར་རོ། །ད་གཏན་ཚིགས་རྣམ་གསུམ་ཞེས་པ་འཆད་པར་བཞེད་ནས། དེ་འདྲའི་རྟགས་གསུམ་པོ་དེའི་ངོ་བོ་དང་བསྒྲུབ་བྱའི་ཆོས་སྟོན་པ་ལ། དང་པོ་འབྲས་རྟགས་ཀྱི་ངོ་བོ་དང་བསྒྲུབ་བྱ་འབྲས་བུ་དུ་བ་ནི་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་རྒྱུ་མེ་ལ་ཡོད་པའི་རང་བཞིན་ནམ་ཆོས་ཇི་སྙེད་གཅིག་རང་ལ་ཕན་བྱེད་དུ་མེད་ན་རང་གི་ངོ་བོ་མི་འབྱུང་བའི་བསྒྲུབ་བྱའི་ཆོས་མེ་གོ་བྱེད་ཀྱི་གཏན་ཚིགས་ཡིན་ཏེ། དེ་འདྲའི་མེ་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པའི་ཕྱིར། དེ་འབྲས་རྟགས་ཡིན་པར་མ་ཟད་ངོ་བོ་བྱས་པ་ཡང་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་རང་གི་རང་བཞིན་ཡོད་ཙམ་དང་མེད་ན་མི་འབྱུང་བའི་འབྲེལ་བ་ཅན་གྱི་རང་གི་བསྒྲུབ་བྱའི་ཆོས་མི་རྟག་པ་གོ་བྱེད་ཀྱི་གཏན་ཚིགས་ཡིན་ཏེ། དེ་འདྲའི་མི་རྟག་པ་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པའི་ཕྱིར། མ་དམིགས་པའི་རྟགས་ལ་མི་སྣང་བ་མ་དམིགས་པའི་རྟགས་ཀྱི་ངོ་བོ་དང་བསྒྲུབ་བྱ་ནི། བསྐལ་དོན་ལ་ཚད་མ་རྣམས་ནི་འཇལ་བྱེད་དུ་མི་འཇུག་པ་སྟེ། བསྐལ་དོན་ཚད་མས་མ་དམིགས་པ་ཆོས་ཅན། མདུན་གྱི་གཞིར་མེད་ལ་སྟེ། བསྐལ་དོན་ཡོད་ངེས་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་མི་འཇུག་པར་བསྒྲུབ་བྱའི་ཆོས་མི་སྣང་བ་མ་དམིགས་པའི་འབྲས་བུ་ཅན་ཏེ་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་སྣང་མི་རུང་གི་ཡུལ་ཅན་བཀག་ནས་དེའི་ཤེས་བརྗོད་ཐ་སྙད་དོན་མཐུན་འགོག་པ་ལ་ཚུལ་གསུམ་ཚང་བ་ཡིན་པའི་ཕྱིར། འོ་ན་མ་དམིགས་པའི་རྟགས་ཐམས་ཅད་ཡོད་ངེས་ཙམ་འགོག་པའི་རྟགས་སུ་འགྱུར་བ་ཡིན་ནམ་སྙམ་ན། མ་དམིགས་པའི་གཏན་ཚིགས་ཆོས་ཅན། ཁྱོད་གང་ཡིན་ཐམས་ཅད་ཡོད་ངེས་ཙམ་འགོག་པའི་རྟགས་སུ་འགྱུར་བ་མ་ཡིན་ཏེ། བལྟ་རུང་གི་བྱེ་བྲག་གམ་ཁྱད་པར་ལ་ལྟོས་པའི་ཁྱོད་ཀྱི་ནང་ཚན་འགའ་ཞིག་དགག་བྱའི་ཆོས་མེད་ཤེས་ཏེ། མེད་པར་སྒྲུབ་པའི་འབྲས་བུ་ཅན་ནམ་གཏན་ཚིགས་སུ་འགྱུར་བའི་ཕྱིར། ད་སྣང་རུང་མ་དམིགས་པའི་རྟགས་ཀྱི་དབྱེ་བ་སྟོན་པ་ནི། མེད་པའི་དོན་ཅན་ནམ་བསྒྲུབ་བྱ་ཅན་གྱི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཆོས་ཅན། ཁྱོད་ལ་རྣམ་པ་བཞིར་དབྱེར་རུང་སྟེ། རང་གི་དགག་བྱའི་ཆོས་ཀྱི་འགལ་ཟླ་དངོས་གྲུབ་པ་སྟེ་དམིགས་པ་དང་། དགག་བྱའི་ཆོས་ཀྱི་འགལ་བའི་འབྲས་བུ་དག་གྲུབ་པ་སྟེ་དམིགས་པ་དང་། དགག་བྱའི་ཆོས་ཀྱི་རྒྱུ་བ་ལྟར་རུང་བའི་བདག་ཉིད་དག་ནི་མ་གྲུབ་པ་སྟེ་མ་དམིགས་པ་དང་། དགག་བྱའི་ཆོས་ཀྱི་ངོ་བོ་ལྟར་རུང་བའི་བདག་ཉིད་དག་ནི་མ་གྲུབ་པ་སྟེ་མ་དམིགས་པ་རྣམས་སུ་ཡོད་པའི་ཕྱིར། འོ་ན་འགལ་འབྲས་དམིགས་པས་འགལ་ཟླ་འགོག་ནུས་ན་འགལ་རྒྱུ་དམིགས་པས་ཀྱང་འགལ་ཟླ་འགོག་པར་ཅིའི་ཕྱིར་མི་ནུས་ཤེ་ན། གྲང་རེག་དེ་དང་འགལ་བའི་མེའི་ནི་རྒྱུ་དམིགས་པའི་སྦྱོར་བ་གང་ཡིན་པ་བུད་ཤིང་དེ་ཆོས་ཅན། ཁྱོད་ཀྱིས་གཞི་འགར་གྲང་རེག་མེད་པར་སྒྲུབ་པའི་ཁྱབ་པ་འཁྲུལ་པ་ཅན་ཡིན་ཏེ། ཁྱོད་རང་གིས་ཀྱང་དགག་བྱའི་ཆོས་ཀྱི་རྒྱུ་དང་ངོ་བོ་འགོག་པར་མི་ནུས་ལ། ཁྱོད་ཀྱི་རྒྱུ་མཚན་ཏེ་རྒྱུས་ཀྱང་དགག་བྱའི་ཆོས་ཀྱི་རྒྱུ་དང་ངོ་བོ་དང་འགལ་བ་ཉིད་མེད་ན་སྟེ་འགོག་པར་མི་ནུས་པ་ཡིན་པའི་ཕྱིར་རོ། །

འོ་ན་འགལ་བའི་རྒྱུ་དམིགས་པས་འགལ་ཟླ་འགོག་མི་ནུས་པ་བཞིན་དུ་འགལ་འབྲས་དམིགས་པས་ཀྱང་འགལ་ཟླ་འགོག་མི་ནུས་སོ་ཞེ་ན། རྒྱུ་ལས་དགག་བྱ་འགོག་པ་ཁྱབ་པ་འཁྲུལ་པར་མ་ཟད། འབྲས་བུ་ཡང་ཡུལ་དུས་སོགས་ལ་མ་ལྟོས་ན་ཁྱབ་པ་འཁྲུལ་ཏེ། གྲང་རེག་དང་འགལ་བ་མེའི་འབྲས་བུ་དུ་བ་ཆོས་ཅན། ཁྱོད་ཀྱིས་གཞི་འགར་གྲང་རེག་མེད་པར་སྒྲུབ་པ་ལ་མེའི་དྲོད་ཀྱིས་ཁྱབ་པའི་ཡུལ་དང་རང་ཡོད་བཞིན་པའི་དུས་ལ་སོགས་པས་གྲང་རེག་འགོག་ནུས་ཀྱི། མེ་ལ་མི་འཁྲུལ་བའི་གནས་སྐབས་ཀྱི་ཁྱད་པར་ལ་ལྟོས་དགོས་ཏེ། དེ་འདྲའི་ཡུལ་དུས་གནས་སྐབས་ལ་ལྟོས་པ་ལས་གཞན་དུ་མ་ལྟོས་ན་དེར་དེ་སྒྲུབ་པའི་ཁྱབ་པ་འཁྲུལ་པར་འགྱུར་བའི་ཕྱིར། དཔེར་ན་མི་གྲང་བ་སྟེ་གྲང་རེག་མེད་པར་སྒྲུབ་པ་ལ་ཡུལ་དུས་སོགས་ལ་ལྟོས་མེད་ཀྱི་ཐལ་བ་ཙམ་རྟགས་སུ་བཀོད་ན་ཁྱབ་པ་འཁྲུལ་པ་བཞིན་ནོ། །གལ་ཏེ་གཏན་ཚིགས་དེ་ལ་རྣམ་གསུམ་ཉིད་དུ་གྲངས་ངེས་ན། རྒྱུ་ཚོགས་པ་གྲངས་ཚང་ལས་འབྲས་བུ་སྐྱེ་བར་དཔོག་པའི་རྟགས་དེ་རྟགས་ཡང་དག་མ་ཡིན་པར་ཐལ་ལོ་ཞེ་ན། དེ་འབྲས་བུ་སྐྱེ་རུང་དཔོག་པའི་རྟགས་ཡང་དག་མ་ཡིན་པར་ཐལ་ཟེར་རམ། འབྲས་བུ་སྐྱེ་ངེས་དཔོག་པའི་རྟགས་ཡང་དག་མ་ཡིན་པར་ཐལ་ཟེར། དང་པོ་ལྟར་ན། སྣམ་བུའི་རྒྱུ་ཚོགས་པ་གྲངས་ཚང་ལས་འབྲས་བུ་སྣམ་བུ་སྐྱེ་རུང་བར་རྗེས་སུ་དཔག་པའི་རྟགས་གང་ཡིན་པ་དེ་ནི་རང་བཞིན་གྱི་རྟགས་ལས་དོན་གཞན་མ་ཡིན་ཏེ། འདི་ལྟར་སྣམ་བུའི་རྒྱུ་ཚོགས་པ་གྲངས་ཚང་བ་དེ་ནི་ཆོས་ཅན། ཁྱོད་འབྲས་བུ་སྣམ་བུ་སྐྱེ་རུང་གི་རང་བཞིན་ཡིན་པར་བརྗོད་དེ། རྒྱུ་ཚོགས་དོན་གཞན་ལ་མི་ལྟོས་པར་ཁྱོད་ཀྱིས་འབྲས་བུ་སྣམ་བུ་བསྐྱེད་པའི་ནུས་པ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཁྱད་པར་ཅན་དུ་གྱུར་པས་ཁྱོད་འབྲས་བུ་སྣམ་བུ་བསྐྱེད་ནུས་སུ་འགྱུར་བའི་ཕྱིར། གཉིས་པ་ལྟར་ན། སྣམ་བུའི་རྒྱུ་ཚོགས་པ་གྲངས་ཚང་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་སྣམ་བུ་བསྐྱེད་པ་ལ་ཁྱབ་པ་མ་ངེས་པ་ཉིད་ཡིན་ཏེ། ཁྱོད་ཀྱིས་འབྲས་བུ་སྣམ་བུ་བསྐྱེད་པ་དེ་རང་གི་ནུས་པ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཁྱད་པར་ཅན་དུ་འགྱུར་བ་དང་འབྲེལ་བ་སྟེ་འགྱུར་བ་ལ་ལྟོས་དགོས་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱིས་འབྲས་བུ་སྣམ་བུ་བསྐྱེད་པའི་ནུས་པ་སྔ་ཕྱིའི་བར་དུ་འགལ་རྐྱེན་གྱིས་གེགས་བྱེད་པ་དག་སྲིད་པའི་ཕྱིར་རོ། །དེས་ན་སྐྱེ་རུང་དཔོག་པ་ནི་རང་བཞིན་གྱི་རྟགས་ཡིན་ལ། སྐྱེ་ངེས་དཔོག་པ་ནི་མ་ངེས་པའི་རྟགས་ཡིན་པས་རྟགས་ཀྱི་གྲངས་འཇིག་པའི་སྐྱོན་མེད་དོ། །གལ་ཏེ་རྟགས་གསུམ་དུ་ངེས་ན། རོ་ལས་གཟུགས་སོགས་དཔོག་པའི་རྟགས་མ་ཡིན་པར་ཐལ་ལོ་ཞེ་ན། དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལུས་ནས་བྱུང་བའི་བུ་རམ་གྱི་གཟུགས་དྲི་མ་ལ་སོགས་པ་བུ་རམ་གྱི་རོ་ལས་རྟོགས་ཤིང་དཔོག་པའི་རྟགས་གང་ཡིན་པ་དེ་ཡང་འབྲས་བུའི་རྟགས་ལས་དོན་གཞན་མ་ཡིན་ཏེ། འདི་ལྟར། བུ་རམ་གྱི་རོ་ད་ལྟར་བ་དེ་ནི་ཆོས་ཅན། ཁ་ནང་གི་བུར་རྡོག་ལ་བུ་རམ་གྱི་གཟུགས་ད་ལྟར་བ་དཔོག་པའི་འབྲས་བུ་རྟགས་ལས་སྐྱེས་པ་སྟེ་འབྲས་རྟགས་ཀྱི་སྒོ་ནས་འོངས་པ་ཡིན་ཏེ། ཁ་ནང་གི་བུར་རྡོག་ལ་རང་གི་རྒྱུ་ཆོས་ཏེ་ཉེར་ལེན་གྱི་ནུས་པ་རྗེས་སུ་དཔག་སྟོབས་ཀྱིས་ཁ་ནང་གི་བུར་རྡོག་ལ་བུ་རམ་གྱི་གཟུགས་ད་ལྟ་བ་དཔོག་པའི་རྟགས་སུ་འགྱུར་བའི་ཕྱིར་རོ། །དཔེར་ན་དུ་བས་མེ་བུད་ཤིང་གི་འགྱུར་བ་བསྐྱེད་པའི་ནུས་པ་དངོས་སུ་དཔག་སྟོབས་ཀྱིས་བུད་ཤིང་གི་འགྱུར་བ་དཔོག་པ་བཞིན་ནོ། །འོ་ན་རོ་ད་ལྟ་བ་དེ་གཟུགས་ད་ལྟ་བ་དཔོག་པའི་རྟགས་སུ་ཇི་ལྟར་འགྱུར་ཞེ་ན། བུ་རམ་གྱི་རོ་ད་ལྟ་བ་ཆོས་ཅན། ཁ་ནང་གི་བུ་རམ་གོང་བུའི་སྟེང་དུ་འདས་པའི་རང་གི་ཉེར་ལེན་གྱི་ནུས་པ་དངོས་སུ་དཔག་སྟོབས་ཀྱིས་རང་དང་དུས་གཅིག་པའི་བུ་རམ་གྱི་གཟུགས་རྣམས་རྟོགས་པར་འགྱུར་ཏེ། ཁྱོད་ཁ་ནང་གི་བུ་རམ་གོང་བུའི་སྟེང་དུ་བུ་རམ་གྱི་གཟུགས་ད་ལྟ་བ་དཔོག་པའི་ཕྱོགས་ཆོས་གང་ཞིག །རང་གི་ཉེར་ལེན་གྱི་ནུས་པ་དངོས་སུ་འཇུག་པ་མེད་པར་ནི་ཁྱོད་སྐྱེ་བ་མེད་ཅིང་། ཁྱོད་ཀྱི་ཉེར་ལེན་གྱི་ནུས་པ་དེ་ཉིད་གཞན་བུ་རམ་གྱི་གཟུགས་སོགས་ཀྱི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པ་དེ་ལྟར་ཏེ་དེའི་ཕྱིར། ད་གཏན་ཚིགས་ལྟར་སྣང་ཞེས་པར་གཞན་གྱིས་བརྟགས་པའི་རྟགས་ཐམས་ཅད་ལྟར་སྣང་དུ་བསྟན་པའི་ཕྱོགས་ཙམ་སྟོན་པ་ལ། ཤེས་བྱ་ཆོས་ཅན། རྒྱུ་མ་ཚོགས་པ་ཁ་ཡར་བ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ལྷག་མ་དང་ལྡན་པའི་གཏན་ཚིགས་ཡིན་ཏེ། རྒྱུ་ཁ་ཡར་བ་ལ་འབྲས་བུ་སྐྱེ་བའི་ནུས་པ་མེད་པའི་ཕྱིར། དཔེར་ན་དཔྱོད་པ་པས་ལུས་སོགས་དེ་ཆགས་སོགས་ཀྱི་རྒྱུ་ཡིན་པར་བསམས་ནས་ལུས་ལས་འདོད་ཆགས་ཞེ་སྡང་སོགས་རྗེས་སུ་དཔོག་པ་བཞིན་ནོ། །དེས་རྒྱུའི་འབྲས་བུ་དཔོག་པའི་རྟགས་འཁྲུལ་པ་ཅན་དུ་བསྟན་ནས་འབྲས་བུ་ལས་རྒྱུའི་ཁྱད་པར་དཔོག་པའི་རྟགས་འཁྲུལ་པ་ཅན་སྟོན་པ་དེ། ཤེས་བྱ་ཆོས་ཅན། རྟགས་ཆོས་འབྲེལ་བ་མེད་པར་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་འབྲས་བུའི་སྤྱི་ཙམ་ཆོས་ཅན་གྱི་སྟེང་དུ་མཐོང་བ་ལ་རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་སུ་ཤེས་པ་སྟེ་འདོད་པའི་རྟགས་གང་ཡིན་པ་དེ་ཡང་ཚད་མ་སྟེ་རྟགས་ལྟར་སྣང་ཡིན་ཏེ། དེ་འདྲ་དེ་བསྒྲུབ་བྱ་ལ་འཁྲུལ་པའི་ཕྱིར། དཔེར་ན་དཔྱོད་པ་པས་ཚིག་སྟེ་ཆགས་སོགས་ཀྱི་འབྲས་བུ་ཡིན་པར་བསམས་ནས་ཚིག་ལས་འདོད་ཆགས་ཞེ་སྡང་ཅན་ལ་སོགས་རྗེས་སུ་དཔོགས་པ་བཞིན་ནོ། །དེ་འདྲའི་རྟགས་དེ་གཉིས་འཁྲུལ་པའི་རྒྱུ་མཚན་དཔེ་དང་བཅས་པ་སྟོན་པ་ནི། ཤེས་བྱ་ཆོས་ཅན། རྟགས་ཆོས་འབྲེལ་བ་མེད་པར་རྟགས་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་རྟགས་བསྒྲུབ་བྱའི་ཆོས་ལ་འཁྲུལ་པ་མེད་པ་མིན་ཏེ། རྟགས་ཆོས་འབྲེལ་བ་མེད་ན་རྟགས་བསྒྲུབ་བྱ་ལ་འཁྲུལ་པ་སྲིད་པ་ཅན་ཉིད་ཀྱི་ཕྱིར་རོ། །དཔེར་ན་ཕྲུ་བ་གཅིག་གི་ནང་དུ་ཚུད་པའི་རྟགས་ཀྱིས་ཕྲུ་བའི་ནང་དུ་ཚུད་པའི་འབྲས་ཐམས་ཅད་ཚོས་པར་དཔོག་ན་ཁྱབ་པ་འཁྲུལ་པ་བཞིན་ནོ། །འོ་ན་རྟགས་ཆོས་ཀྱི་འབྲེལ་བ་མེད་པར་རྟགས་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ཁྱབ་པ་འཁྲུལ་པ་ཅན་དེ་ལ་གང་ཟེར་ཞེ་ན། ཤེས་བྱ་ཆོས་ཅན། དེ་མེད་པར་རྟགས་གང་ཞིག་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མེད་ངེས་ཀྱི་ལྡོག་པའི་ཁྱབ་པ་རབ་ཏུ་སྟོན་པ་དེ་ལ་ལྷག་མ་དང་ལྡན་པའི་རྟགས་ཞེས་བརྗོད་དེ། དེ་འདྲའི་རྟགས་དེ་ནི་བསྒྲུབ་བྱ་ལ་ངེས་པ་བསྐྱེད་མི་ནུས་པར་ཐེ་ཚོམ་ཙམ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ད་མེད་ན་མི་འབྱུང་ཞེས་པ་འཆད་པར་བཞེད་ནས། སློབ་དཔོན་གྱི་སློབ་མ་འགའ་ཞིག །སློབ་དཔོན་རྟགས་ཆོས་འབྲེལ་བ་མེད་པར་བཞེད་པ་འདོད་པ་བཀག་ནས་སློབ་དཔོན་རྟགས་ཆོས་འབྲེལ་བ་དགོས་པར་བཞེད་དོ་ཞེས་སྟོན་པ་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། དེ་ཡིས་ཏེ་ཁྱོད་ཀྱིས་རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་ངེས་པར་དགོས་པ་བཞེད་དེ། ཁྱོད་ཀྱིས་གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་ལའང་ཚད་མའི་ངེས་པ་བརྗོད་པ་མཛད་པ་ཡིན་པའི་ཕྱིར་རོ། ཁྱབ་སྟེ། རྟག་ཆོས་འབྲེལ་བ་མེད་ན་རྟགས་ཀྱི་ཚུལ་གསུམ་ཚད་མས་མི་ངེས་པའི་ཕྱིར་རོ། །ཚིག་གང་གིས་བརྗོད་ན། ཀུན་བཏུས་སོགས་སུ་གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ་ཞེས་པས་སོ། །དགོས་པ་ཅིའི་ཆེད་དུ་བརྗོད་ན། སློབ་དཔོན་གྱིས་རྟགས་ཀྱི་ཚུལ་གསུམ་ལ་ཚད་མའི་ངེས་པ་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། མ་གྲུབ་པའི་རྟགས་དང་བཟློག་དོན་འགལ་བའི་རྟགས་དང་འཁྲུལ་པ་ཅན་མ་ངེས་པའི་རྟགས་ཀྱི་གཉེན་པོར་ཏེ་རྟགས་དེ་རྣམས་རྟགས་ཡང་དག་ཡིན་པ་བཅད་པའི་ཆེད་ཡིན་པའི་ཕྱིར་རོ། །གལ་ཏེ་སློབ་དཔོན་གྱིས་རྟགས་ཆོས་འབྲེལ་བ་མེད་པར་རྟགས་ཡང་དག་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མེད་ངེས་ཀྱི་ལྡོག་ཁྱབ་འགྲུབ་པར་བཞེད་ན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་ཁྱབ་པ་འཁྲུལ་པ་ཅན་མ་ངེས་པའི་རྟགས་ཀྱི་གཉེན་པོར་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བརྗོད་པ་གང་ཡིན་པ་དེ་དོན་མེད་པར་ཐལ། དེ་འདྲའི་སྒྲུབ་ངག་དེས་རྟགས་ཆོས་ཀྱི་འབྲེལ་བ་མ་བརྗོད་པའི་ཕྱིར་རོ། །འདོད་ན། རིགས་སྒོ་ལས་རེ་ཤིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་འདི་ནི་རིགས་སོ་ཞེས་པ་དང་འགལ། གལ་ཏེ་དེ་འདྲའི་སྒྲུབ་ངག་དེ་རྟགས་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་རྟོགས་པའི་འབྲས་བུའམ་དགོས་པ་ཅན་ཡིན་ནོ་ཞེ་ན། དེ་འདྲའི་སྒྲུབ་ངག་དེ་ཆོས་ཅན། རྟགས་ཆོས་འབྲེལ་བ་མེད་པར་རྟགས་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་རྟོགས་པའི་ཆེད་དུ་ཁྱོད་ངེས་པར་སྨོས་དགོས་པ་མ་ཡིན་པར་ཐལ། ཁྱོད་མ་སྨོས་ཀྱང་རྟགས་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་བདེ་བླག་ཏུ་རྟོགས་པར་འགྱུར་བའི་ཕྱིར། གལ་ཏེ་དེ་འདྲའི་སྒྲུབ་ངག་དེ་རྟགས་རང་གི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་ཆེད་དུ་སྨོས་སོ་ཞེ་ན། རྟགས་ཡང་དག་རང་གི་མི་མཐུན་ཕྱོགས་ལ་མེད་ཅེས་བྱ་བའི་ཚིག་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཆོས་ཅན། ཁྱོད་ཀྱིས་རྟགས་དེ་རང་གི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ཚད་མའི་སྟོབས་ཀྱིས་ངེས་པར་བྱེད་པ་མིན་པར་ཐལ། ཁྱོད་ཀྱིས་རྟགས་ཆོས་རང་བཞིན་གྱི་འབྲེལ་བ་མ་བརྗོད་པའི་ཕྱིར། གལ་ཏེ་དེ་འདྲའི་སྒྲུབ་ངག་དེས་རྟགས་རང་གི་མི་མཐུན་ཕྱོགས་ལ་མེད་པར་ཇི་ལྟར་རྟོགས་པར་བྱེད་ཅེ་ན། དེ་ཆོས་ཅན། རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་དེ་བརྗོད་ན་དེའི་ཚེ་རྟགས་རང་གི་མི་མཐུན་ཕྱོགས་ལ་མེད་ཅེས་བྱ་བར་རྟོགས་པར་བྱེད་དེ། རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་དེ་རྟགས་རང་གི་མི་མཐུན་ཕྱོགས་ལ་མེད་པའི་རིགས་པའམ་རྒྱུ་མཚན་ཡང་དག་ཡིན་པའི་ཕྱིར་རོ། །གལ་ཏེ་སློབ་དཔོན་གྱིས་རྟགས་ཆོས་འབྲེལ་བ་མེད་པར་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མེད་ངེས་ཀྱི་ལྡོག་པ་གྲུབ་པར་བཞེད་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། ཁྱོད་ཀྱི་ལུགས་ལ་ཟོས་པའི་ཤིང་ཐོག་དང་། ཤིང་ཕུང་གཅིག་ལས་སྐྱེས་པའི་རྟགས་ཀྱིས་མ་ཟོས་པའི་ཤིང་ཐོག་རྣམས་རོ་མངར་ཅན་དུ་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་རྣམས་ཁྱབ་པ་འཁྲུལ་པ་ཅན་ཅི་སྟེ་ཡིན་ཏེ་མ་ཡིན་པར་ཐལ། ཕྱོགས་སྔ་དེ་ཡིན་པའི་ཕྱིར། འདོད་ན། ཀུན་བཏུས་སུ་རིགས་པ་ཅན་གྱི་ལྷག་ལྡན་འགོག་པའི་སྐབས་སུ་གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པར་འགྱུར་བ་ནི་མ་ཡིན་ནོ། །ཞེས་པ་དང་འགལ་ལོ། །ཡང་དེ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་རིགས་པ་ཅན་སོགས་ཀྱིས་ལྡོག་པ་ཅན་དུ་སྒྲོ་བཏགས་པའི་སྲོག་སོགས་དེ་ཡང་གསོན་ལུས་བདག་བཅས་སུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བར་ཐལ། ཕྱོགས་སྔ་དེ་གང་ཞིག །སྲོག་སོགས་དེ་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྲུབ་པའི་ཕྱིར། འདོད་ན། བསྟན་བཅོས་རིགས་པའི་སྒོ་ལས་བརྟགས་སོགས་སྲོག་སོགས་དེ་དེ་སྒྲུབ་ཀྱི་ལྡོག་ཁྱབ་འཁྲུལ་པ་ཅན་དུ་བཤད་པ་དང་འགལ་ལོ། །ཡང་དེ་ཆོས་ཅན། ཁྱོད་ཀྱིས་ཕྱོགས་ཆོས་མ་གྲུབ་པའི་རྟགས་དང་རྗེས་སུ་འགྲོ་ལྡོག་མ་གྲུབ་པའི་རྟགས་རྣམས་དཔེ་དོན་དུ་སྦྱར་ནས་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའི་རྟགས་རྣམས་ཁྱབ་པ་འཁྲུལ་པ་ཅན་དུ་བརྗོད་པར་བྱས་པ་དེ་རིགས་པ་མ་ཡིན་པར་ཐལ། ཕྱོགས་སྔ་མ་དེ་ཡིན་པའི་ཕྱིར། འདོད་ན། རྣམ་འགྲེལ་ངེས་ཀྱི་རང་འགྲེལ་དུ་དྲངས་ཏེ། སློབ་དཔོན་གྱིས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་ཅི་རིགས་པ་བརྗོད་པར་བྱའོ། །ཞེས་པ་དང་འགལ་ལོ། །ཡང་དེ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་ཁྱད་པར་མཉན་བྱ་དེ་སྒྲ་ལ་མི་རྟག་པ་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་བར་ཐལ། ཕྱོགས་སྔ་དེ་གང་ཞིག །མཉན་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྲུབ་པའི་ཕྱིར། འདོད་ན། དུལ་བ་ལྷས་གཏན་ཚིགས་ཐིགས་པའི་འགྲེལ་པར་དྲངས་པ། སློབ་དཔོན་གྱིས་མཉན་པར་བྱ་བ་ཉིད་ནི་ཇི་ལྟར་ཡང་རྣམ་པར་དཔྱོད་པའི་གཏན་ཚིགས་མ་ཡིན་ནོ་ཞེས་པ་དང་འགལ་ལོ། །གལ་ཏེ་མཉན་བྱས་སྒྲ་ལ་མི་རྟག་པ་གཅོད་ན་སྒྲ་མི་རྟག་པར་བསྒྲུབ་པ་ལ་ཚད་མ་གཞན་གྱིས་གནོད་པ་མི་འཐད་དོ་ཞེ་ན། མཉན་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་མེད་ངེས་ཀྱི་ལྡོག་ཁྱབ་གྲུབ་པ་ལ་ཚད་མ་གཞན་གྱིས་གནོད་པ་དེ་ནི་མཉན་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ལས་མེད་ངེས་མེད་ཀྱི་ལྡོག་ཁྱབ་འགྲུབ་པ་མིན་པ་དེ་བཞིན་དུ་མཉན་བྱ་ལས་གཞན་པའི་རྟགས་རྣམས་ལའང་ཆོས་ཅན། མི་མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་མེད་ངེས་ཀྱི་ལྡོག་ཁྱབ་མ་གྲུབ་པར་ཐལ། དེ་ལྟར་འགྲུབ་པ་ལ་ཚད་མ་གཞན་གྱིས་གནོད་པ་སྲིད་པའི་ཕྱིར་རོ། །ཡང་སྔར་གྱི་ཕྱོགས་སྔ་དེ་ཡིན་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། ཁྱོད་ཀྱི་ལུགས་ལ་བྱེ་བྲག་པས་གྲང་མིན་དྲོ་མིན་གྱི་རེག་བྱ་མ་མཐོང་བའི་ཕྱིར་ཞེས་པའི་རྟགས་ཀྱིས་མཐོང་བའི་རྫས་ས་ཆུ་མེ་གསུམ་ལ་གྲང་མིན་དྲོ་མིན་གྱི་རེག་བྱ་མི་ལྡན་པར་སྒྲུབ་པའི་རྟགས་དེ་ཁྱབ་པ་འཁྲུལ་པ་མེད་པ་ཅན་དུ་ཐལ། ཕྱོགས་སྔ་དེ་ཡིན་པའི་ཕྱིར། འདོད་ན། རླུང་གི་རབ་ཏུ་བྱེད་པ་ལས། གང་ཡང་གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་པ་དང་འགལ་ལོ། །དེ་དག་གི་རང་གི་སྡེ་པས་སློབ་དཔོན་དེ་ལྟར་བཞེད་པར་འདོད་པ་ལ་ལུང་གི་སྒོ་ནས་གནོད་བྱེད་བརྗོད་ནས། ད་དེ་ལྟར་འདོད་པའི་རང་གཞན་གཉིས་ཀའི་སྡེ་པ་ལ་ཐུན་མོང་དུ་མངོན་སུམ་གྱི་སྒོ་ནས་གནོད་པ་སྟོན་པ་སྟེ། ཤེས་བྱ་ཆོས་ཅན། སྐྱུ་རུ་ར་གཅིག་སྨིན་པ་དང་རོ་ནུས་ཁྱད་པར་ཅན་དུ་མཐོང་ནས་དེ་དང་རིགས་གཅིག་པའི་རྟགས་ཀྱིས་སྐྱུ་རུ་ར་གཞན་རྣམས་ཀྱང་སྨིན་པ་དང་རོ་ནུས་ཁྱད་པར་ཅན་དུ་སྒྲུབ་པའི་རྟགས་ཏེ་ཁྱབ་པ་འཁྲུལ་པ་ཅན་མ་ཡིན་པར་ཐལ། སྔར་གྱི་ཕྱོགས་སྔ་དེ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྫས་སྐྱུ་རུ་ར་དེ་ལ་གཅིག་སྨིན་པ་དང་རོ་ནུས་ཁྱད་པར་ཅན་དུ་མཐོང་བས་སྐྱུ་རུ་ར་གཞན་རྣམས་ལ་ཡང་སྨིན་པ་དང་རོ་ནུས་ཁྱད་པར་ཅན་ཏེ་ཡོད་པར་ངེས་པ་རིགས་པ་མ་ཡིན་པར་ཐལ། སྐྱེས་པའི་ཡུལ་དང་དུས་དང་སོ་ནམ་ལ་སོགས་པ་མངོན་པར་འདུ་བྱས་པའི་ཁྱད་པར་ལ་རིགས་གཅིག་པའི་རྫས་སྐྱུ་རུ་ར་རྣམས་ལ་སྨིན་པ་དང་རོ་ནུས་ལ་སོགས་པ་ཐ་དད་དུ་མངོན་སུམ་ལ་སྣང་བའི་ཕྱིར་རོ། །ཡང་སྔར་དེ་ལྟར་འདོད་པའི་གཞན་གྱི་སྡེ་པ་ལ་ཁས་བླངས་ནང་འགལ་གྱི་སྒོ་ནས་གནོད་པ་སྟོན་པ་དེ། ཤེས་བྱ་ཆོས་ཅན། རྟགས་ཆོས་འབྲེལ་བ་མེད་པར་རྟགས་རང་གི་མི་མཐུན་ཕྱོགས་ལ་མ་དམིགས་པ་གང་ཡིན་པ་དེ་ཙམ་ཁོ་ན་གཏན་ཚིགས་དེ་རང་གི་མི་མཐུན་ཕྱོགས་ལ་མེད་པའི་བསྒྲུབ་བྱེད་ཡིན་ནམ་ཅི་སྟེ་མ་ཡིན་པར་ཐལ། གསོན་ལུས་ལ་བདག་དང་ས་སོགས་འབྱུང་བཞི་ལ་ཤེས་པ་དང་སོགས་པས་རྒྱུ་འོ་མ་སོགས་ལ་འབྲས་བུ་ཞོ་སོགས་མ་དམིགས་པ་གང་ཡིན་པ་དེ་གསོན་ལུས་སོགས་ལ་བདག་ལ་སོགས་པ་མེད་པར་རབ་ཏུ་སྒྲུབ་བྱེད་མིན་པའི་ཕྱིར་རོ། །དེ་དག་གིས་རྟགས་ཆོས་འབྲེལ་བ་མེད་པར་རྟགས་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མེད་ངེས་ཀྱི་ལྡོག་ཁྱབ་འགྲུབ་པར་འདོད་པ་རྣམས་བཀག་ནས། ད་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་མདོར་བསྡུས་ཏེ་སྟོན་པ་ནི། རྟགས་ཆོས་འབྲེལ་བ་མེད་པར་རྟགས་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་མེད་ངེས་ཀྱི་ལྡོག་ཁྱབ་འགྲུབ་པར་སློབ་དཔོན་ཡང་མི་བཞེད་ལ། རིགས་པས་ཀྱང་མི་འཐད་ལ་དེའི་ཕྱིར་ངོ་བོ་ཉིད་མི་རྟག་པ་ཆོས་ཅན། ཁྱོད་ལྡོག་པ་ཙམ་གྱིས་ངོ་བོ་ཉིད་བྱས་པ་ཡང་ལྡོག་པར་འགྱུར་བ་ཡིན་ཏེ། བྱས་པ་གྲུབ་པ་དེ་ཙམ་དང་ཁྱོད་རང་ཆས་སུ་རྗེས་སུ་འབྲེལ་བའི་ཕྱིར། འམ་གྱིས་བསྡུས་པ་རྒྱུ་མེ་ཆོས་ཅན། ཁྱོད་ལྡོག་པ་ཡིས་ནི་འབྲས་བུ་དུ་བ་ལྡོག་པ་ཡིན་ཏེ། དུ་བ་དེ་ཁྱོད་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་པ་མེད་པའི་ཕྱིར། ཚིགས་སུ་བཅད་པ་གཅིག་པོ་དེ་བཟློག་པའི་སྒོ་ནས་སྟོན་པ་དེ། དེས་ན་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་དེ་ལྟར་མིན་པར་མ་གྲུབ་ན་གཅིག་བསྒྲུབ་བྱའི་ཆོས་དེ་ལོག་པས་གཞན་རྟགས་ན་ཇི་ལྟར་ལྡོག་པར་འགྱུར་ཏེ་ལྡོག་པས་མ་ཁྱབ་སྟེ། དཔེར་ན་མི་ལ་རྟ་མི་བདོག་ཅེས་ཏེ་མེད་པ་ཙམ་གྱིས་ཕྱུགས་ཀྱང་བདོག་པ་མིན་ནམ་ཅི་སྟེ་མེད་པས་མ་ཁྱབ་པ་བཞིན་ནོ། །རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་མེད་ན་ལྡོག་པ་མི་འགྲུབ་པ་དེ་བཞིན་དུ་རྗེས་འགྲོའང་མི་འགྲུབ་སྟེ། གཅིག་གཅིག་རྟགས་དེ་ཉེ་བའི་ཕྱིར་ཏེ་ཡོད་པས་གཞན་བསྒྲུབ་བྱའི་ཆོས་ནི་ཇི་ལྟར་ཉེ་བར་འགྱུར་ཏེ་ཡོད་པས་མ་ཁྱབ་སྟེ། དཔེར་ན་མི་ལ་ཕྱུགས་ནི་བདོག་ཅེས་ཏེ་ཡོད་པ་ཙམ་གྱིས་དེ་བཞིན་རྟ་ཡང་བདོག་གམ་ཅི་སྟེ་ཡོད་པས་མ་ཁྱབ་པ་བཞིན་ནོ། །ད་གཞན་དག་གིས་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་ཆོས་མི་མཐུན་དཔེ་རྫས་གྲུབ་ལ་ལྟོས་དགོས་པར་འདོད་པ་འགོག་པ་སྟེ། འབྲས་རང་གི་རྟགས་ཆོས་མེད་ན་མེད་འབྱུང་བའི་འབྲེལ་བ་གྲུབ་པའི་དབང་གིས་རྟགས་ཀྱི་ལྡོག་པ་གྲུབ་པ་དེའི་ཕྱིར། འབྲས་རང་གི་རྟགས་གཉིས་པོ་འདི་ལ་ཆོས་ཅན། ཁྱོད་ཀྱིས་རྟགས་ཀྱི་ལྡོག་པ་དེ་ཆོས་མི་མཐུན་དཔེ་བཞི་སྟེ་རྫས་གྲུབ་ལ་ངེས་པར་ལྟོས་དགོས་པ་མི་འདོད་དེ་མ་ཡིན་ཏེ། རྒྱུ་དང་ཁྱབ་བྱེད་ཀྱི་རང་བཞིན་དེ་དག་མེད་ན་འབྲས་བུ་དང་རང་བཞིན་ཅན་དེའང་མེད་དོ་ཞེས་རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་བརྗོད་པ་ལས་ཀྱང་ཁྱོད་ཀྱི་རྟགས་ཀྱི་ལྡོག་པ་བདེ་བླག་དུ་རྟོགས་པར་འགྱུར་བའི་ཕྱིར།

འོ་ན་ཇི་ལྟར་ན་རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་བརྗོད་པས་རྟགས་ཀྱི་ལྡོག་པ་རྟོགས་པར་འགྱུར་བ་ཡོད་དམ་ཞེ་ན། དེ་རྟོགས་པ་ཡོད་དེ། སྒྲུབ་ངག་གིས་དཔེའི་སྟེང་དུ་རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་སྟོན་པའི་ཕྱིར་རོ། །འོ་ན་ཕྱིར་རྒོལ་བ་ཐམས་ཅད་ལ་སྟོན་དགོས་སམ་ཞེ་ན། ཤེས་བྱ་ཆོས་ཅན། ཕྱིར་རྒོལ་གང་ཡིན་ལ་སྒྲུབ་ངག་གིས་དཔེའི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་བ་སྟོན་དགོས་པ་མ་ཡིན་ཏེ། བསྒྲུབ་བྱའི་ཆོས་དེ་རྟགས་དེའི་ངོ་བོའམ་རྒྱུ་དངོས་པོར་མི་ཤེས་པའི་ཕྱི་རྒོལ་དེ་དག་ལ་སྒྲུབ་ངག་གིས་དཔེ་ཡི་སྟེང་དུ་རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་སྟོན་གྱི། རྟགས་ཆོས་ཀྱི་འབྲེལ་བ་ཤེས་ཟིན་ལ་བརྗེད་པའི་ཕྱི་རྒོལ་མཁས་པ་རྣམས་ལ་ནི་གཏན་ཚིགས་ཏེ་ཕྱོགས་ཆོས་འབའ་ཞིག་བརྗོད་པ་ཙམ་གྱིས་བསྒྲུབ་བྱ་རྟོགས་པར་འགྱུར་བའི་ཕྱིར། དེས་ན་སྒྲུབ་ངག་གིས་དཔེའི་སྟེང་དུ་རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་བརྗོད་པ་དེ་ཉིད་ཀྱི་ཕྱིར། རྟགས་ཆོས་རང་བཞིན་གྱིས་འབྲེལ་བ་ཤེས་པ་ན་སྒྲུབ་ངག་གིས་དཔེའི་སྟེང་དུ་རྗེས་སུ་འགྲོ་ལྡོག་གཉིས་ལས་གང་ཡང་རུང་བ་གཅིག་དངོས་སུ་སྨྲས་པས་གཅིག་ཤོས་མ་སྨྲས་པ་དེ་ལ་དྲན་པ་ཡང་དག་སྐྱེ་བར་འགྱུར་ཏེ། དེས་དེ་གཉིས་གང་རུང་གཅིག་དངོས་སུ་སྨྲས་པའི་དོན་གྱི་ཤུགས་ཀྱིས་གཅིག་ཤོས་དངོས་སུ་མ་སྨྲས་པ་དེ་གོ་བར་འགྱུར་བའི་ཕྱིར་རོ། །ངག་དོན། གང་བྱས་མི་རྟག་དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་པའི་སྒྲུབ་ངག་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་ལྡོག་ཁྱབ་གོ་བར་བྱེད་དེ། ཁྱོད་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་རྗེས་ཁྱབ་དངོས་སུ་བསྟན་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། སྣང་རུང་གི་རྒྱུ་དང་ཁྱབ་བྱེད་ཀྱི་རང་བཞིན་དག་མེད་པ་སྟེ་མ་དམིགས་པ་དེ་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་འབྲས་བུ་དང་ཁྱབ་བྱ་འགའ་ཞིག་དགག་པ་སྟེ་མེད་པར་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། འབྲས་བུ་དང་ཁྱབ་བྱ་དེ་དག་རྒྱུ་དང་ཁྱབ་བྱེད་དེ་དག་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། དགག་རྟགས་ལ་རྒྱུ་དང་ཁྱབ་བྱེད་མ་དམིགས་པ་གཉིས་ཙམ་དུ་མ་ངེས་ཏེ། སྣང་རུང་གི་ཆོས་དེ་ཡོད་ན་ཚད་མས་དམིགས་པར་ནི་རིགས་པ་དང་ལྡན་པ་ལ་ཆོས་དེ་ཚད་མས་མ་དམིགས་དེ་ཡང་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་དགག་པའི་ཡུལ་ཅན་མེད་པའི་ཐ་སྙད་སྒྲུབ་པའི་རྟགས་སུ་འགྱུར་བའི་ཕྱིར། དེའི་ཞར་ལ་མ་དམིགས་པའི་རྟགས་ཀྱི་དབྱེ་བསྡུ་སྟོན་པ་སྟེ། སྣང་རུང་མ་དམིགས་པའི་རྟགས་འདི་ཆོས་ཅན། ཁྱོད་ཀྱི་རིགས་བསྡུ་ན་རྣམ་པ་གསུམ་དུ་འདུ་སྟེ། བཤད་མ་ཐག་པ་དེ་ལྟར་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་དུ་འདུ་བའི་ཕྱིར། འོན་ཀྱང་ཁྱོད་ཀྱི་རིགས་གསུམ་དུ་འདུས་པར་བཤད་ཀྱང་འབྲེལ་ཟླ་མ་རྟོགས་པ་སྟེ་མ་དམིགས་པ་དང་འགལ་ཟླ་རྟོགས་པ་སྟེ་དམིགས་པ་གཉིས་ལས་དབྱེ་བའི་སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་རྣམ་པ་དུ་མར་འགྱུར་ཏེ། རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་པོ་དེ་དང་རྒྱུ་ཁྱབ་བྱེད་རང་བཞིན་གསུམ་པོ་དེའི་འགལ་ཟླ་དངོས་དམིགས་པ་གསུམ་དང་ལ་སོགས་པས་འགལ་བའི་འབྲས་བུ་དམིགས་པ་དང་། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་དང་བརྒྱད་དུ་ཡོད་པའི་ཕྱིར་རོ། །ད་འབྲས་རང་གཉིས་ཀྱི་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་མདོར་བསྡུས་ཏེ་སྟོན་པ་ནི། འོ་ན་དེ་འདྲའི་ཚད་མ་དེ་གང་ཞེ་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་དང་མཐུན་ཕྱོགས་ལ་མཐོང་ཙམ་ལས་མེ་ལ་མི་འཁྲུལ་བར་འགྲུབ་པ་མིན་ཏེ་མེ་ཁྱོད་ཀྱི་རྒྱུ་དང་ཁྱོད་མེའི་འབྲས་བུའི་དངོས་པོར་ངེས་པར་བྱེད་པའི་ཚད་མ་ཁྱད་པར་བ་ལས་མེ་ལ་མེད་ན་མི་འབྱུང་བ་སྟེ་མི་འཁྲུལ་བར་ངེས་དགོས་པའི་ཕྱིར། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་དང་། མཐུན་ཕྱོགས་ལ་མཐོང་ཙམ་ལས་མི་རྟག་པ་ལ་མི་འཁྲུལ་བ་འགྲུབ་པ་མ་ཡིན་ཏེ། མི་རྟག་པ་དེ་ཁྱོད་ཀྱི་རང་བཞིན་གཅིག་པའི་ཁྱབ་བྱེད་དང་། ཁྱོད་མི་རྟག་པའི་རང་བཞིན་གཅིག་པའི་ཁྱབ་བྱར་ངེས་པར་བྱེད་པའི་ཚད་མ་ཁྱད་པར་བ་ལས་མི་རྟག་པ་ལ་མེད་ན་མི་འབྱུང་བ་སྟེ་མི་འཁྲུལ་བར་ངེས་དགོས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཅིག་པོ་བཟློག་པའི་སྒོ་ནས་སྟོན་པ་དེ། འབྲས་རང་གི་རྟགས་ཆོས་གཉིས་པོ་དེ་རྒྱུ་དང་འབྲས་བུའི་རང་བཞིན་གཅིག་པའི་ཁྱབ་བྱེད་དང་ཁྱབ་བྱའི་སྒོ་ནས་མེད་ན་མི་འབྱུང་བའི་འབྲེལ་བ་ཚད་མས་ངེས་པ་ལས་གཞན་དུ་མ་ངེས་ན། ཤེས་བྱ་ཆོས་ཅན། བསྒྲུབ་བྱའི་ཆོས་དང་འབྲེལ་མེད་ཀྱི་རྟགས་དོན་གཞན་ནི་བསྒྲུབ་བྱའི་ཆོས་དོན་གཞན་དག་དང་ངེས་པར་ཡོད་པའི་ངེས་པ་གང་སྟེ། རྟགས་ཡོད་པ་ལ་བསྒྲུབ་བྱའི་ཆོས་ཡོད་པས་ཁྱབ་པ་མ་ཡིན་པར་ཐལ། དེའི་ཕྱིར་རོ། །

ད་རང་བཞིན་གྱི་རྟགས་ཆོས་དོན་གཞན་དུ་འདོད་པ་འགོག་པ་ནི། གལ་ཏེ་མི་རྟག་པ་སྟེ་བྱས་པའི་རྒྱུ་ལས་དོན་གཞན་པའི་རྒྱུ་མཚན་ཅན་གྱི་ཆོས་ཏེ་འབྲས་བུས་ཡིན་ན། ཤེས་བྱ་ཆོས་ཅན། བྱས་པ་དེ་གྲུབ་ཙམ་ཉིད་ནས་མི་རྟག་པ་ཡིན་པར་ཚད་མས་མི་ངེས་པར་ཐལ། དེའི་ཕྱིར། དཔེར་ན་གོས་དཀར་པོ་གྲུབ་ཙམ་ནས་ལེ་བརྒན་གྱི་རྩི་ལ་སོགས་པའི་ཚོན་ཅན་དུ་མ་ངེས་པ་བཞིན་ནོ། །དེས་ན་མི་རྟག་པ་དེ་བྱས་པ་ལས་དོན་གཞན་པའི་རྒྱུ་ཅན་གྱི་ཆོས་ཏེ་འབྲས་བུ་ཡིན་པར་འགྱུར་ན། ཤེས་བྱ་ཆོས་ཅན། མི་རྟག་པ་དེ་བྱས་པ་ལས་རྫས་གཞན་ཉིད་ཡིན་པར་ཐལ། དེའི་ཕྱིར། འདོད་ན། མི་རྟག་པ་དེ་བྱས་པའི་རྒྱུ་ཡིན་ནམ་འབྲས་བུ་ཡིན། རྒྱུ་ཡིན་ན་མི་རྟག་པ་ཆོས་ཅན། བྱས་པའི་རྒྱུ་ཉིད་མིན་པར་ཐལ། བྱས་པ་ལས་དུས་ཕྱིས་འབྱུང་བའི་ཕྱིར། འབྲས་བུ་ཡིན་ན་ཡང་། ཤེས་བྱ་ཆོས་ཅན། བྱས་པ་ཡིན་པ་ལ་མི་རྟག་པ་ཡིན་པར་ཚད་མས་ག་ལ་ངེས་ཏེ་མ་ངེས་པར་ཐལ། མི་རྟག་པ་དེ་བྱས་པའི་འབྲས་བུ་ཡིན་པའི་ཕྱིར། རྒྱུ་དང་འབྲས་བུ་དངོས་པོ་ཞེས་པའི་དོན་འཆད་པར་བཞེད་ནས། དེའི་སྐབས་ཀྱི་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་དེ་གང་ཞེ་ན། དུ་བ་ཆོས་ཅན། མེའི་འབྲས་བུའི་ཐ་སྙད་བྱར་རུང་སྟེ་མེའི་འབྲས་བུ་ཆོས་སམ་རང་བཞིན་དེ་ཁྱོད་ཀྱི་རྗེས་སུ་འཇུག་པའི་ཕྱིར་ཏེ། ཁྱོད་དང་མེ་སྣང་རུང་མ་དམིགས་པའི་གཞིར་དང་པོ་མེ་དམིགས། དེ་ནས་ཁྱོད་དམིགས། དེ་ནས་མེ་ལྡོག །དེ་ནས་ཁྱོད་ལྡོག་པར་ཚད་མས་དམིགས་པའི་ཕྱིར་རོ། །དེ་ཡང་རྒྱུ་འབྲས་ལ་ལྡོག་པ་གཙོ་བོར་གྲུབ་དགོས་པས་དེ་སྟོན་པ་སྟེ། གལ་ཏེ་མེ་དེ་ཕན་བྱེད་དུ་མེད་པར་ཡང་དུ་བ་དེ་འབྱུང་བ་ཡོད་དོ་ཞེ་ན། དུ་བ་ཆོས་ཅན། རྒྱུ་དང་ལྡན་པ་ལས་འདས་འགྱུར་ཏེ་རྒྱུ་མེད་དུ་ཐལ། རང་རྒྱུ་མེ་ཕན་འདོགས་བྱེད་དུ་མེད་པར་ཡང་འབྱུང་བའི་དུ་བ་ཡིན་པའི་ཕྱིར། འདོད་ན། ཡུལ་དུས་ཀྱི་གནས་སྐབས་རྟག་ཏུ་ཡོད་པའམ་ནམ་ཡང་མེད་པར་འགྱུར་བར་ཐལ། ཡུལ་དུས་རེས་འགའ་འབྱུང་བའི་རྒྱུ་གཞན་ལ་མི་ལྟོས་པར་ཡང་འབྱུང་བའི་ཕྱིར། རྒྱུ་མེད་དུ་འབྱུང་བའི་ཕྱིར། ཁྱབ་སྟེ། ཤེས་བྱ་ཆོས་ཅན། རྒྱུ་མེད་ཡིན་ན་ཡུལ་དུས་རེས་འགའ་འབྱུང་བས་མ་ཁྱབ་པར་ཐལ། དངོས་པོ་རྣམས་ཡུལ་དུས་རེས་འགའ་ཞིག་འབྱུང་བ་དེ་རྒྱུ་གཞན་ལ་ལྟོས་པ་ལས་ཡིན་པའི་ཕྱིར། གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་དུ་བ་འབྱུང་བ་ཡོད་པས་དུ་བ་མེའི་འབྲས་བུར་མ་ངེས་སོ་ཞེ་ན། བརྒྱ་བྱིན་གྱི་སྤྱི་བོའམ་གྲོག་མཁར་དེ་ནི་ཆོས་ཅན། མེའི་རང་བཞིན་ཏེ་དུ་བའི་སྔར་མེད་གསར་འབྱུང་གི་ཉེར་ལེན་ཡིན་པའི་ཕྱིར། འོན་ཏེ་བརྒྱ་བྱིན་གྱི་སྤྱི་བོ་དེ་རང་བཞིན་ཏེ་དུ་བའི་སྔར་མེད་གསར་འབྱུང་གི་ཉེར་ལེན་མིན་ནོ་ཞེ་ན། བརྒྱ་བྱིན་གྱི་སྤྱི་བོ་དེ་ཆོས་ཅན། ཁྱོད་དངོས་ཀྱི་ཉེར་ལེན་ཅན་གྱི་རྫས་སྔོ་འཕྱུར་བ་དེ་དུ་བ་མ་ཡིན་པར་ཐལ། ཇི་ལྟར་ཁྱོད་ལས་དུ་བ་འབྱུང་སྟེ་མི་འབྱུང་བའི་ཕྱིར། ཚིགས་སུ་བཅད་པ་གཅིག་པོ་དེའི་གཞུང་འཛུགས་པ་སྟེ། མེ་ཆོས་ཅན། ཁྱོད་དུ་བ་དེ་དངོས་སུ་བསྐྱེད་པའི་ནུས་པ་དང་ལྡན་པའི་སྒོ་ནས་མེ་མེད་ཀྱི་བྱེ་བྲག་གམ་ཁྱད་པར་ལྡན་པ་ཡིན་ཏེ། དུ་བའི་རྒྱུའི་རང་བཞིན་ཏེ་དུ་བའི་སྔར་མེད་གསར་འབྱུང་གི་ཉེར་ལེན་ཡིན་པའི་ཕྱིར། དུ་བ་དེ་ནི་ཆོས་ཅན། རྒྱུ་མེད་དུ་འགྱུར་བར་ཐལ། དུ་བའི་སྟེ་རང་རྒྱུ་མེ་མིན་པ་ལས་འབྱུང་བའི་དུ་བ་ཡིན་པའི་ཕྱིར། དེ་དག་གི་དོན་བསྡུ་བ་དེ། དོན་གཞན་སྔ་མ་ཕན་བྱེད་དུ་ཡོད་ན་སྐྱེ་བའི་རྗེས་སུ་འགྲོ་བ་དང་། མེད་ན་སྐྱེ་བ་ལྡོག་པ་ལས་དོན་གཞན་ཕྱི་མ་གང་ཞིག་དོན་གཞན་སྔ་མ་གང་གིས་རྗེས་སུ་མཐོང་བའི་དོན་གཞན་ཕྱི་མ་དེའི་རང་བཞིན་ནི་དོན་གཞན་སྔ་མ་དེའི་རྒྱུ་ཅན་ཏེ་འབྲས་བུ་ཡིན་པ་དེའི་ཕྱིར། མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་མི་འབྱུང་ངོ་། །ཤེས་བྱ་ཆོས་ཅན། མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་མི་འབྱུང་སྟེ། རྒྱུ་འབྲས་ཡིན་ན་རྗེས་སུ་འགྲོ་ལྡོག་མི་འཁྲུལ་དགོས་པའི་ཕྱིར། ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །

ད་རང་བཞིན་ངེས་པར་བྱེད་པ་ཞེས་པའི་དོན་འཆད་པར་བཞེད་ནས། དེའི་སྐབས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་སྟོན་པ་སྟེ། གལ་ཏེ་འབྲས་བུ་ནི་རྒྱུ་ལས་སྐྱེས་པས་རྒྱུ་ལ་མི་འཁྲུལ་མོད། རང་བཞིན་གྱིས་ཁྱབ་བྱེད་ལ་མི་འཁྲུལ་བར་མ་ངེས་སོ་ཞེ་ན། འབྲས་རྟགས་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་ཡོད་པར་མ་ཟད། རང་བཞིན་གྱི་རྟགས་ལའང་མེད་ན་མི་འབྱུང་བ་སྟེ་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་ཡོད་དེ། ཡོད་པའི་བདག་ཉིད་བྱས་པ་ཆོས་ཅན། མི་རྟག་པ་ལ་མི་འཁྲུལ་བ་ཡིན་ཏེ། ཁྱོད་ཡོད་པ་ཙམ་དང་མི་རྟག་པ་རང་ཆས་སུ་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར། རྗེས་འགྲོ་བསྟན་ནས་ལྡོག་པ་ནི། དེ་ཆོས་ཅན། མི་རྟག་པ་དེ་མེད་ན་ནི་ཁྱོད་ཀྱང་མེད་པར་འགྱུར་ཏེ། མི་རྟག་པ་ལ་ངོ་བོ་ཐ་དད་མེད་པར་འབྲེལ་བའི་ཕྱིར་རོ། །གལ་ཏེ་བྱས་མི་རྟག་ངོ་བོ་ཐ་དད་མེད་ན་བྱས་པ་དེ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་མི་འགྱུར་ཏེ་ཆོས་རྟགས་ཐ་དད་མེད་པའི་ཕྱིར་རོ་ཞེ་ན། བྱས་མི་རྟག་གཉིས་དམ་པར་ངོ་བོ་ཐ་དད་མེད་ཀྱང་། སེལ་ངོར་ལྡོག་པ་ཐ་དད་ཡོད་པས་རྟགས་དང་རྟགས་ཅན་དུ་འཐད་དོ། །

འོ་ན་དེ་གཉིས་ལྡོག་པ་ཐ་དད་དུ་ཇི་ལྟར་དབྱེར་རུང་ཞེ་ན། སྒྲ་སོགས་དངོས་པོ་ཀུན་ཆོས་ཅན། རང་དང་རིགས་མཐུན་པའི་དངོས་པོ་དང་། གཞན་རིགས་མི་མཐུན་གྱི་དངོས་པོ་དག་ལས་ལྡོག་པ་ལ་ནི་བརྟེན་པ་ཅན་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་རང་བཞིན་གྱིས་ཏེ་རང་རྒྱུ་ལས་རང་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པར་སྐྱེས་པའི་ཕྱིར། དེས་ན་དོན་སྒྲ་ཆོས་ཅན། སེལ་ངོར་མ་བྱས་རྟག་པ་སོགས་ལོག་པ་གང་དང་གང་ལས་ལྡོག་པ་དེའི་རྒྱུ་མཚན་ཅན་གྱི་བྱས་མི་རྟག་སོགས་ཀྱི་རིགས་ཏེ་ལྡོག་པ་ཐ་དད་དུ་དབྱེར་རུང་སྟེ། རང་དང་རིགས་མཐུན་གྱི་དངོས་པོ་དང་རིགས་མི་མཐུན་གྱི་དངོས་པོ་ཀུན་ལས་ལྡོག་པ་ལ་བརྟེན་པ་དེའི་ཕྱིར། དེས་ན་དེ་ལྟར་ཕྱེ་བའི་ལྡོག་པ་དེའི་ཁྱད་པར་མ་བྱས་པ་ལས་ལོག་ཙམ་དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་རབ་ཏུ་རྟོགས་པར་བྱེད་པར་འགྱུར་བ་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། དེས་ན་སྐབས་སུ་བབ་པའི་ལན་དངོས་སྟོན་པ་སྟེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། ལྡོག་པའི་ཁྱད་པར་མ་བྱས་པ་ལས་ལོག་ཙམ་གང་ཞིག་ཆོས་ཅན། སེལ་ངོར་བྱས་པ་ཞེས་པའི་སྒྲ་དེ་ལས་གཞན་མི་རྟག་ཅེས་པའི་སྒྲ་རྣམས་ཀྱིས་དངོས་སུ་གོ་བར་བྱེད་ནུས་པ་མ་ཡིན་ཏེ། མིང་གི་ཆོས་བྱས་པ་ཞེས་པའི་སྒྲ་གང་གིས་ཐུན་མོང་མ་ཡིན་པར་གོ་བར་འགྱུར་བ་དེ་ཡིན་པའི་ཕྱིར། དེས་ན་བྱས་པ་ཆོས་ཅན། སེར་ངོར་མི་རྟག་པ་དང་ཐ་དད་དུ་རྣམ་པར་གནས་ཏེ། བྱས་པ་ཞེས་པའི་སྒྲ་དེས་ཁྱོད་དངོས་སུ་གོ་བར་ནུས་ལ། མི་རྟག་པ་དངོས་སུ་གོ་བར་མི་ནུས། མི་རྟག་པ་ཞེས་པའི་སྒྲ་དེས་མི་རྟག་པ་དངོས་སུ་གོ་བར་ནུས་ལ། ཁྱོད་དངོས་སུ་གོ་བར་མི་ནུས་པ་དེས་ན་དེའི་ཕྱིར། དེ་ལ་གང་ཕྱིར་དངོས་ཀུན་ཞེས་སོགས་ཀྱིས་རྟགས་དང་རྗེས་དཔག་ཐམས་ཅད་སེལ་བས་འཇུག་ཅིང་། བྱས་མི་རྟག་ཡང་སེལ་ངོར་ལྡོག་པ་ཐ་དད་ཡིན་པས་རྟགས་དང་རྟགས་ཅན་དུ་འཐད་དོ་ཞེས་བསྟན་པ་ལ། ཁོ་ན་རེ། རྟགས་དང་རྗེས་དཔག་རང་མཚན་ལ་མི་འཇུག་པར་སེལ་བས་ཅིའི་ཕྱིར་འཇུག་ཅེ་ན། རྟགས་དང་རྗེས་དཔག་རང་མཚན་ལ་འཇུག་པ་བཀག་ནས་སེལ་བས་འཇུག་གོ་ཞེས་སྟོན་པ་དང་༼དེ༽། འོ་ན་རྟགས་དང་རྗེས་དཔག་རང་མཚན་ལ་འཇུག་ན་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དུ་འཇུག་གམ། མ་ངེས་པ་ངེས་པར་བྱ་བའི་ཕྱིར་དུ་འཇུག་དྲིས་པས། དང་པོ་ལྟར་ན་དོན་གྱི་རང་གི་ངོ་བོ་སྒྲ་རང་མཚན་པ་གཅིག་ཆོས་ཅན། རང་འཛིན་མངོན་སུམ་གྱིས་མ་མཐོང་བའི་རང་གི་ཆ་གཞན་ཅི་ཞིག་རྟགས་དང་རྗེས་དཔག་གི་ཚད་མ་རྣམས་ཀྱི་བརྟགས་བྱ་གང་སྟེ་གཞལ་བྱ་མེད་པར་ཐལ། རང་གི་ཐུན་མོང་མ་ཡིན་པའི་རང་གི་བདག་ཉིད་རང་འཛིན་མངོན་སུམ་ལ་གསལ་བར་མངོན་གྱུར་དུ་སྣང་བ་ཡིན་པའི་ཕྱིར། འོ་ན་སྐྱོན་དེ་ཁྱོད་ལའང་འཇུག་པ་མ་ཡིན་ནམ་ཞེ་ན། གཟུགས་ཀྱི་ཆོས་དཀར་བ་ལ་སོགས་པ་མཐུན་པ་མཐོང་བ་ལས་ཉ་ཕྱིས་ལ་དངུལ་གྱི་རྣམ་པར་སྒྲོ་འདོགས་པ་ལྟར། གལ་ཏེ་ཕྱི་ནང་གི་འཁྲུལ་པའི་རྒྱུ་མཚན་གྱིས་སྒྲའི་སྟེང་དུ་མ་བྱས་པ་རྟག་པ་སོགས་ཀྱི་ཡོན་ཏན་གཞན་སྦྱོར་བ་སྟེ། སྒྲོ་འདོགས་པར་མི་བྱེད་ན་སྒྲ་ལ་བྱས་མི་རྟག་སོགས་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་དོན་མེད་པར་ཐལ་བའི་སྐྱོན་འཇུག་མོད་ཀྱི། དེ་ལྟ་མ་ཡིན་ཏེ། ན་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལ་བྱས་མི་རྟག་སོགས་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་དོན་མེད་པ་མ་ཡིན་ཏེ། ཕྱི་ནང་གི་འཁྲུལ་པའི་རྒྱུ་མཚན་གྱིས་ཁྱོད་ལ་མ་བྱས་རྟག་པ་སོགས་སུ་སྒྲོ་འདོགས་པ་མེད་པས། དེ་བསལ་བའི་ཕྱིར་དུ་ཁྱོད་ལ་བྱས་མི་རྟག་སོགས་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་དགོས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཉིས་པོ་དེའི་དོན་བསྡུ་བ་དེ། རྒྱུ་མཚན་གང་གི་ཕྱིར་དེ་ལྟར་མ་ཡིན་པ་དེའི་ཕྱིར། སྒྲའི་དངོས་པོ་སྟེ་ངོ་བོ་མཐོང་བ་ཡིས་སྒྲའི་བྱས་མི་རྟག་སོགས་ཀྱི་ཡོན་ཏན་མཐའ་དག་མཐོང་བ་ཉིད་ཡིན་ཀྱང་། ཕྱི་ནང་གི་འཁྲུལ་པའི་རྒྱུ་མཚན་གྱིས་མཐོང་བ་ལྟར་ངེས་པར་མི་བྱེད་ཅིང་སྒྲོ་འདོགས་པ་ཡོད་པས། དེ་བསལ་བའི་ཕྱིར་དུ་སྒྲ་ལ་བྱས་མི་རྟག་སོགས་སྒྲུབ་པའི་རྟགས་དང་རྗེས་དཔག་རབ་ཏུ་འཇུག་པ་ཡིན་ནོ། །སྦྱོར་བ་སྔར་ལྟར་ཏེ། བསྡུ་བའི་ཚིགས་སུ་བཅད་པའོ། །གལ་ཏེ་གཉིས་པ་ལྟར་དུ་ཁས་བླངས་ནས་རྟགས་དང་རྗེས་སུ་དཔག་པ་ལས་ཀྱང་དངོས་པོ་རང་མཚན་པ་སྒྲུབ་པའི་སྒོ་ནས་འཛིན་ཞིང་ངེས་ན། སྒྲ་ཆོས་ཅན། ཁྱོད་ལ་བྱས་པ་དང་བདག་མེད་སོགས་སྒྲུབ་པའི་རྟགས་དང་རྗེས་དཔག་གཞན་འཇུག་པ་དོན་མེད་པར་ཐལ། མི་རྟག་པ་ལ་སོགས་པའི་ཁྱོད་ཀྱི་ཆོས་གཅིག་ངེས་པར་གྱུར་པས་ཁྱོད་ཀྱི་ཆོས་ཀུན་སྒྲུབ་པའི་སྒོ་ནས་འཛིན་ཅིང་ངེས་པ་ཡིན་པའི་ཕྱིར། འོ་ན། སྐྱོན་དེ་ཁྱོད་ལའང་འཇུག་པ་མ་ཡིན་ནམ་ཞེ་ན། སྒྲ་མི་རྟག་སོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་སྒྲའི་ཆོས་ཀུན་བཟུང་བས་སྒྲ་ལ་བྱས་མི་རྟག་སོགས་སྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་པ་དོན་མེད་པའི་ཉེས་པ་འདིར་ནི་ཐལ་བར་མི་འགྱུར་ཏེ། ཁྱོད་ཀྱིས་སྒྲ་ལ་རྟག་པ་རྣམ་པར་བཅད་ཙམ་དེ་ངེས་པའི་སྒོ་ནས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཙམ་སེལ་བ་ཡིན་པའི་ཕྱིར། དེའི་དོན་བསྡུས་ཏེ་སྐབས་སུ་བབ་པའི་ལན་ནི། ཤེས་བྱ་ཆོས་ཅན། བཤད་མ་ཐག་པ་དེ་ལྟར་རྟགས་དང་རྗེས་དཔག་ཐམས་ཅད་གཞན་སེལ་བའི་ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས་ཤིང་བརྗོད་དེ། རྟགས་དང་རྗེས་དཔག་རང་མཚན་ལ་སྒྲུབ་པས་འཇུག་པ་ལ་སྐྱོན་ཡོད་ཅིང་། སེལ་བས་འཇུག་པ་ལ་ཉེས་པ་མེད་པ་དེའི་ཕྱིར། དེ་དག་གི་དོན་བཟློག་པའི་སྒོ་ནས་སྟོན་པ་དེ། སྒྲ་རྟོག་སེལ་བས་འཇུག་པ་ལས་གཞན་དུ་རང་མཚན་ལ་འཇུག་ན། ཤེས་བྱ་ཆོས་ཅན། རྟགས་དང་རྗེས་དཔག་འཇུག་པ་དོན་མེད་པར་ཐལ། ཆོས་ཅན་མངོན་སུམ་གྱིས་གྲུབ་པར་གྱུར་པ་ན་དེ་ལས་གཞན་མངོན་སུམ་གྱིས་མ་གྲུབ་པའི་རྟགས་དང་རྗེས་དཔག་གིས་གཞལ་དགོས་གཞན་ཅི་ཡོད་དེ་མེད་པའི་ཕྱིར་རོ། །

སྒྲ་རྟོག་སེལ་བས་འཇུག་པར་ཁས་བླངས་པ་ལ། ཁོ་ན་རེ་མངོན་སུམ་གྱིས་མཐོང་བའི་དོན་འགའ་ལའང་འདི་སྔོན་པོའོ་སྙམ་དུ་འཛིན་པའི་ངེས་པའི་ཤེས་པ་གང་ཡིན་པ་དེ་ཆོས་ཅན། སེལ་བས་མི་འཇུག་པར་ཐལ། སྔར་ཡོད་ཀྱི་སྒྲོ་འདོགས་མི་གཅོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྤྱིའི་དོན་ནམ་ཡུལ་ཅན་གྱི་བློ་ཡིན་པས་རྣམ་པར་རྟོག་པ་ཡིན་ལ། རྣམ་རྟོག་གང་ཡིན་སེལ་བས་འཇུག་པར་ཁས་བླངས་སོ་ཞེ་ན། སྔོ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པ་འདི་སྔོན་པོའོ་སྙམ་དུ་འཛིན་པའི་ངེས་ཤེས་ཆོས་ཅན། གཞན་སེལ་བའི་སྤྱོད་ཡུལ་ཅན་ཡིན་ཏེ། རང་གི་འདུ་བྱེད་ནུས་པ་མ་ཉམས་ཀྱི་བར་དུ་རང་རྒྱུད་ལྡན་ལ་གཞན་རང་གི་བཟློག་ཕྱོགས་ཀྱི་ཆར་སྒྲོ་མ་བཏགས་ཏེ། སྒྲོ་འདོགས་སྐྱེ་བའི་གོ་སྐབས་མེད་པར་བྱེད་པའི་ཕྱིར། ཁྱབ་སྟེ། དེ་ཙམ་ལ་སེལ་བའི་ཡུལ་ཅན་དུ་བཞག་པའི་ཕྱིར་རོ། །དེ་ཉིད་ཀྱི་གཞུང་འཛུགས་པ་ནི། དེ་འདྲའི་ངེས་པའི་ཤེས་པ་འདི་ནི་ཆོས་ཅན། རང་གི་བཟློག་ཕྱོགས་སུ་སྒྲོ་འདོགས་པས་དབེན་པའི་ཡུལ་ལ་ངེས་པས་འཇུག་ཅེས་བྱ་བར་ཤེས་པ་ཡིན་ཏེ། རང་གི་བཟློག་ཕྱོགས་སུ་སྒྲོ་འདོགས་པའི་ཡིད་དེ་ཁྱོད་ཀྱི་གནོད་བྱ་ཁྱོད་དེ་ལ་གནོད་བྱེད་ཀྱི་ངོ་བོར་གྱུར་པའི་ངེས་པ་ཡིན་པའི་ཕྱིར། དེས་གང་ཕྱིར་དངོས་ཀུན་ཞེས་སོགས་ཀྱི་འཕྲོས་བཤད་ནས། ཐ་དད་མེད་ཕྱིར་ཞེས་པ་ལ་རྩོད་པའི་ལན་རྣམ་པ་གཞན་གྱི་སྒོ་ནས་སྟོན་པ་ནི། སྒྲ་ཆོས་ཅན། ཁྱོད་ལ་བྱས་མི་རྟག་སོགས་སུ་ངེས་པའི་རྟོག་པ་དང་། དེ་ལྟར་བརྗོད་པའི་སྒྲ་དུ་མ་འཇུག་སྟེ། ཁྱོད་མ་བྱས་རྟག་པ་སོགས་ཀྱི་ཆ་ཤས་སུ་སྒྲོ་འདོགས་པ་ཇི་སྙེད་པ་ཡོད་པས་དེ་བསལ་བའི་ཕྱིར་དུ་ཁྱོད་ལ་བྱས་མི་རྟག་སོགས་སུ་ངེས་པའི་རྟོག་པ་དང་། དེ་ལྟར་བརྗོད་པའི་སྒྲ་ཡང་དེ་སྙེད་ཁོ་ན་འཇུག་པའི་ཕྱིར། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་དང་དེ་ལྟར་ངེས་པའི་རྟོག་པ་དེ་དག་ཆོས་ཅན། སེལ་ངོར་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཏེ། སྒྲོ་འདོགས་སེལ་བའི་བྱ་བ་ཐ་དད་པ་ཅན་གྱི་སྒྲ་རྟོག་ཐ་དད་པ་ཡིན་པ་དེས་ནའི་ཕྱིར། དེ་ཉིད་བཟློག་པའི་སྒོ་ནས་སྟོན་པ་དེ། སྒྲ་རྟོགས་སེལ་བས་འཇུག་པ་ལས་གཞན་དུ་རང་མཚན་ལ་སྒྲུབ་པས་འཇུག་ན། སྒྲ་རང་མཚན་གྱི་དངོས་པོ་གཅིག་ཏུ་ཆོས་ཅན། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་དང་། དེ་ལྟར་ངེས་པའི་བློ་རྟོག་པ་གཅིག་གིས་ཁྱོད་ཀྱི་ཆོས་ཐམས་ཅད་ཁྱབ་ན་སྟེ་བརྗོད་ཅིང་ངེས་པར་ཐལ། དེ་འདྲའི་སྒྲ་རྟོག་གིས་ཁྱོད་སྒྲུབ་པའི་སྒོ་ནས་བརྗོད་ཅིང་ངེས་པའི་ཕྱིར། འདོད་ན། སྒྲ་བྱས་ཞེས་པའི་སྒྲ་དང་། སྒྲ་མི་རྟག་ཅེས་པའི་སྒྲ་ཆོས་ཅན། སྒྲ་རྣམ་གྲངས་པ་ཉིད་དུ་འགྱུར་བར་ཐལ། ཁྱོད་གཉིས་ཡུལ་གཞན་ཐ་དད་པ་མ་ཡིན་པར་གཅིག་ཡིན་ཞིང་། དགོས་པ་ཐ་དད་མེད་པའི་བརྗོད་བྱེད་ཐ་དད་ཡིན་པ་དེའི་ཕྱིར། གལ་ཏེ་བྱེ་བྲག་པ་གང་དག་གི་ལྟར་ན་སྒྲ་མི་རྟག་པར་ངེས་པའི་བློ་རྣམ་རྟོག་གཅིག་གིས་ཁྱད་པར་གྱི་ཆོས་སྣ་ཚོགས་པ་ཅན་གྱི་སྒྲ་ལས་དོན་རྫས་ཐ་དད་པའི་ཁྱད་པར་མི་རྟག་པ་ཉིད་ཀྱི་སྒྲ་ཁྱད་པར་དུ་བྱས་ནས་འཛིན་ཅིང་། སྒྲ་མི་རྟག་ཅེས་པའི་སྒྲས་ཀྱང་དེ་ལྟར་བརྗོད་པས་རྣམ་གྲངས་པ་ནི་ཉིད་དུ་འགྱུར་བའི་སྐྱོན་མེད་དོ་ཞེ་ན། སྒྲ་མི་རྟག་པར་ངེས་པའི་ངེས་ཤེས་ཆོས་ཅན། ཁྱོད་ཀྱིས་སྒྲའི་ཕན་པ་བྱེ་བྲག་སྟེ། ཁྱད་པར་གྱི་ཆོས་ཐམས་ཅད་གང་མ་ངེས་ཏེ་བཟུང་ཞིང་ངེས་པར་ཐལ། ཁྱོད་ཀྱི་སྒྲས་སྒྲའི་མི་རྟག་པ་སོགས་ལ་ཕན་པའི་ནུས་པ་ཐམས་ཅད་བཟུང་ཞིང་ངེས་པའི་ཕྱིར་ཏེ། ཁྱོད་ཀྱི་སྒྲས་སྒྲའི་ཁྱད་པར་གྱི་ཆོས་སྣ་ཚོགས་ལ་ཕན་པའི་ཡན་ལག་སྟེ་རྒྱུའི་ནུས་པ་ལས་དབྱེར་མེད་པའི་བདག་ཉིད་ཅན་གྱི་རང་བཞིན་ཐུན་མོང་མིན་པའི་སྒྲའི་བདག་ཉིད་ཀྱི་ཆོས་ཀུན་སྒྲུབ་པའི་སྒོ་ནས་བཟུང་ཞིང་ངེས་པའི་ཕྱིར། དེ་ཉིད་ཀྱི་གཞུང་འཛུགས་པ་དེ། ཤེས་བྱ་ཆོས་ཅན། ཕན་གདགས་བྱ་འདོགས་བྱེད་གཉིས་ལས་གང་རུང་གཅིག་ཤེས་ཤིང་ངེས་ན་གཉིས་ཀ་བཟུང་ཞིང་ངེས་པར་ཐལ། ཕན་གདགས་བྱ་འདོགས་བྱེད་དེ་དག་ཕན་ཚུན་རྟོགས་པ་དེ་གཅིག་གིས་བདག་ཉིད་ཁོང་དུ་ཆུད་པ་ལ་འབྲེལ་བ་སྟེ་ལྟོས་དགོས་པའི་ཕྱིར། གལ་ཏེ་སྒྲས་སྒྲའི་ཁྱད་པར་གྱི་ཆོས་རྣམས་ལ་ཕན་འདོགས་པའི་ནུས་པ་རྣམས་སྒྲ་ལས་རྫས་ཐ་དད་ཡིན་པས། ཕན་བྱའི་བྱེ་བྲག་གང་མ་ངེས་ཀྱི་སྐྱོན་མེད་དོ་ཞེ་ན། སྒྲས་སྒྲའི་ཁྱད་པར་གྱི་ཆོས་བྱས་སོགས་རྣམས་ལ་ཕན་འདོགས་པའི་ནུས་པ་དེ་དག་ཆོས་ཅན། སྒྲས་༼སྒྲ་༽དེའི་ཅི་ཡིན་ཏེ། སྒྲ་དང་འབྲེལ་མེད་ཡིན་པར་ཐལ། སྒྲ་ལས་རྫས་ཐ་དད། སྒྲ་དེ་ཡིས་དེ་དག་སྟེ་ཁྱེད་རྣམས་ལ་ཕན་འདོགས་པའི་ནུས་པ་མེད་པའི་ཕྱིར། རྟགས་མ་གྲུབ་པར་སྒྲས་སྒྲའི་ཁྱད་པར་གྱི་ཆོས་བྱས་སོགས་རྣམས་ཕན་འདོགས་པའི་ནུས་པ་དེ་ལ་ཡང་ཕན་འདོགས་པར་ནུས་པ་དེ་ལྟ་ཡིན་ན། སྒྲ་ཆོས་ཅན། ཁྱོད་ཀྱིས་རང་གི་ནུས་པ་ཕྱི་མཐའ་ཐུག་མེད་དུ་བསྐྱེད་པར་འགྱུར་བར་ཐལ། ཁྱོད་ཀྱིས་རང་གི་ཁྱད་པར་གྱི་ཆོས་བྱས་སོགས་རྣམས་ལ་ཕན་འདོགས་པའི་ནུས་པ་ལ་ཡང་ཕན་འདོགས་པ་གང་ཞིག །དེ་ཡིན་ན་ཁྱོད་ཀྱིས་རང་གི་ནུས་པ་ཕྱི་མ་ཕྱི་མ་རྣམས་ལ་ཡང་ཕན་འདོགས་དགོས་པར་རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། ཁྱོད་ཀྱིས་རང་གི་ཁྱད་པར་གྱི་ཆོས་བྱས་སོགས་རྣམས་ལ་དངོས་སུ་ཕན་འདོགས་པའི་ནུས་པ་མཐོང་བའི་སྒོ་ནས་ཁྱོད་རང་གི་ཁྱད་པར་གྱི་ཆོས་བྱས་སོགས་རྣམས་དང་ཁྱད་པར་དང་ཁྱད་པར་ཅན་དུ་བཟུང་ཞིང་ངེས་པ་མི་འཐད་པར་ཐལ། ཁྱོད་ཀྱི་རང་གི་ཁྱད་པར་གྱི་ཆོས་བྱས་སོགས་ལ་དངོས་སུ་ཕན་འདོགས་པའི་ནུས་པ་མ་མཐོང་བའི་ཕྱིར། མ་གྲུབ་ན། ཁྱོད་ཀྱི་ནུས་པ་ཐུག་མེད་ཡིན་པ་བུད། དེ་དག་གི་དོན་བསྡུ་བ་ནི། སྒྲ་མི་རྟག་པར་ངེས་པའི་ངེས་ཤེས་ཆོས་ཅན། ཁྱོད་ཀྱི་སྒྲ་དེ་སྒྲའི་མི་རྟག་པ་ལ་ཕན་འདོགས་བྱེད་དུ་བཟུང་ཞིང་ངེས་ན་སྒྲའི་ཁྱད་པར་གྱི་ཆོས་ཐམས་ཅད་བཟུང་ཞིང་ངེས་པར་ཐལ། ཁྱོད་ཀྱི་སྒྲ་དེ་གཅིག་སྒྲའི་མི་རྟག་པ་ལ་ཕན་འདོགས་བྱེད་དུ་བཟུང་ཞིང་ངེས་ན་སྒྲ་དེའི་ཁྱད་པར་གྱི་ཆོས་བྱས་སོགས་ཐམས་ཅད་ལ་ཕན་འདོགས་པའི་ནུས་པ་ཐམས་ཅད་སྒྲུབ་པའི་སྒོ་ནས་མཐོང་ཞིང་ངེས་པའི་ཕྱིར་ཏེ། སྒྲ་དེ་སྒྲའི་མི་རྟག་པ་ལ་ཕན་འདོགས་པའི་ནུས་པ་མ་མཐོང་བ་སྒྲའི་ཁྱད་པར་གྱི་ཆོས་བྱས་སོགས་རྣམས་ལ་ཕན་འདོགས་པའི་ནུས་པ་རྣམས་དོན་གཞན་མིན་པར་བདག་ཉིད་གཅིག་ཡིན་པ་དེའི་ཕྱིར། གལ་ཏེ་སྒྲ་རྟོག་སྔ་མ་རྣམས་ཀྱིས་རང་མཚན་སྒྲུབ་པའི་སྒོ་ནས་བཟུང་བ་ཡིན་ཡང་ཆོས་གཞན་དུ་འཁྲུལ་ཞིང་སྒྲོ་འདོགས་པ་བཟློག་པའི་ཕྱིར་དུ་སྒྲ་རྟོག་སྔ་མས་བཟུང་བའི་རང་བཞིན་ལ་ཡང་གཞན་སྒྲ་རྟོག་ཕྱི་མ་རྣམས་འཇུག་པར་འདོད་པས་རྣམ་གྲངས་པ་ནི་ཉིད་དུ་འགྱུར་བའི་སྐྱོན་མེད་དོ་ཞེ་ན། སྒྲ་ལ་འཇུག་པའི་སྒྲ་རྟོག་ཕྱི་མ་དེ་རྣམས་ནི་ཆོས་ཅན། རྣམ་གཅོད་སྟེ་སེལ་བའི་ཡུལ་ཅན་དུ་གྲུབ་པར་ཐལ། རང་གི་བཟློག་ཕྱོགས་སུ་སྒྲོ་འདོགས་བཟློག་པའི་ཆེད་དུ་འཇུག་པ་ཡིན་པའི་ཕྱིར། ཕྱི་མ་དེ་ལས་གཞན་པའི་སྒྲ་རྟོག་སྔ་མ་རྣམས་ཀྱང་ཆོས་ཅན། ཕྱི་མ་དེ་དང་འདྲ་བར་སེལ་བའི་ཡུལ་ཅན་དུ་ཐལ། རང་གི་བཟློག་ཕྱོགས་སུ་སྒྲོ་འདོགས་པ་མེད་པའི་ཡུལ་ལ་བརྗོད་ཅིང་ངེས་ནས་འཇུག་པའི་ཕྱིར། དེར་མ་ཟད་སྐྱོན་གཞན་ཡང་ཡོད་དེ། སྒྲ་ལ་འཇུག་པའི་སྒྲ་དང་སྒྲ་ངེས་པའི་རྟོག་པ་སྔ་མ་དེ་རྣམས་ནི་ཆོས་ཅན། སྒྲ་རྟོག་ཕྱི་མའི་ཡུལ་དེ་ནི་ཇི་ལྟར་ན་ཁྱོད་ཀྱི་ཡུལ་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་ངེས་པའི་དབང་གིས་འཇུག་པ་གང་ཞིག །སྒྲ་རྟོག་ཕྱི་མའི་ཡུལ་གྱི་ངོ་བོ་གང་ཡིན་པ་དེ་ཁྱོད་ཀྱིས་མ་ངེས་པ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟ་ཡིན་ན་མངོན་སུམ་གྱིས་རང་མཚན་གྱི་སྐད་ཅིག་མ་རྣམས་མཐོང་བཞིན་དུ་ཅིའི་ཕྱིར་མི་ངེས་ཞེ་ན། དེ་མངོན་སུམ་ངེས་པའི་བདག་ཉིད་མ་ཡིན་ལ་རྗེས་དཔག་ནི་ངེས་པའི་བདག་ཉིད་ཡིན་པས་མི་མཚུངས་སོ་ཞེས་སྟོན་པ་སྟེ། སྒྲ་འཛིན་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་ནི་སྒྲའི་ཁྱད་པར་གྱི་ཆོས་ཆ་ཤས་ཏེ་རྫས་ཐ་དད་པ་རྣམ་པར་སྤངས་པའི་སྒྲའི་ཁྱད་པར་གྱི་ཆོས་ཀུན་སྒྲུབ་པའི་སྒོ་ནས་བཟུང་བ་ཡིན་ཡང་ངེས་པས་མ་ཁྱབ་པར་ཐལ། སྒྲའི་ཁྱད་པར་གྱི་ཆོས་གང་ལ་རྟོགས་ཤིང་ངེས་པ་སྐྱེ་བའི་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཡོད་པ་དེ་ཙམ་ཞིག་ནི་རྟོགས་ཤིང་ངེས་པ་འདྲེན་པར་འགྱུར་བའི་ཕྱིར་རོ། །ཀུན་ལས་བཏུས་ཀྱི་མདོའི་རྩོད་སྤོང་སྟོན་པ་དེ། བྱེ་བྲག་པ་སོགས་ན་རེ། གལ་ཏེ་ལོག་ལྡོག་དོན་གཅིག་གམ་ཐ་དད། དོན་གཅིག་ན་ཆོས་དང་ཆོས་ཅན་སྒྲ་ཐ་དད་དུ་སྦྱར་བར་མི་རིགས་ལ། ཐ་དད་ན་སྤྱི་དོན་གཞན་ལ་བཀོད་པའི་ཉེས་པ་ཁྱོད་ལའང་མཚུངས་སོ་ཞེ་ན། སྒྲ་སེལ་བའི་དོན་ཅན་ཡིན་པ་དེ་ལའང་གཞན་རིགས་མི་མཐུན་ལས་ལྡོག་པའི་ལྡོག་པ་བ་གླང་ཉིད་དང་གཞན་རིགས་མི་མཐུན་ལས་ལོག་པའི་ལོག་པ་བ་གླང་ཞེས་བརྗོད་པའི་སྒྲ་དང་དེ་ལྟར་ངེས་པའི་བློ་དག་ནི་ཆོས་ཅན། ཁྱོད་ཡུལ་བ་ལང་གི་ལོག་ལྡོག་རྫས་ཐ་དད་པ་ཁོ་ནའི་དབང་གིས་འཇུག་པ་མ་ཡིན་ཏེ། ཁྱོད་བརྗོད་པར་འདོད་པའི་རྗེས་སུ་འབྲང་བའི་སྨྲ་བ་པོའི་བརྡའི་རྗེས་སུ་བྱེད་པ་ཙམ་ཡིན་པའི་ཕྱིར། ཁོ་ན་རེ། གལ་ཏེ་ལོག་ལྡོག་དོན་གཅིག་ན་བ་ལང་གི་བ་ལང་ཉིད་ཅེས་རྣམ་དབྱེ་དྲུག་པའི་སྒྲ་སྦྱར་བར་མི་རུང་སྟེ། རྣམ་དབྱེ་དྲུག་པའི་སྒྲ་དེ་ནི་ཆོས་དང་ཆོས་ཅན་ཐ་དད་པ་ཁོ་ན་ལ་འཇུག་པའི་ཕྱིར་རོ་ཞེ་ན། བ་ལང་ཉིད་ཅེས་བརྗོད་པའི་སྒྲ་དང་བ་ལང་ཞེས་བརྗོད་པའི་སྒྲ་གཉིས་ཀས་བརྗོད་བྱ་གཅིག་གཅིག་བརྗོད་མོད་ཀྱི། དེ་ལྟ་ནའང་བ་གླང་ཉིད་ཆོས་ཅན། ཆོས་དང་ཆོས་ཅན་ཐ་དད་འབྱེད་པའི་རྣམ་དབྱེ་དྲུག་པའི་སྒྲ་བ་ལང་གི་བ་ལང་ཉིད་ཅེས་པས། ཁྱོད་བ་ལང་ལས་དོན་ཐ་དད་པ་བཞིན་ནམ་ལྟ་བུར་སྒྲུབ་པར་བྱེད་དེ་སྟོན་པའི་རྒྱུ་མཚན་ཡོད་དེ། བརྗོད་བྱ་བ་ལང་གི་ཁྱད་པར་གྱི་ཆོས་རྣམས་ལས་གཞན་ཏེ་ཁྱོད་ཁྱད་པར་དུ་སྟོན་པའི་ཆེད་ཡིན་པའི་ཕྱིར། གལ་ཏེ་ལོག་ལྡོག་དོན་གཅིག་ན་ཆོས་དང་ཆོས་ཅན་བརྗོད་པའི་བརྡ་ཐ་དད་མི་རིགས་སོ་ཞེ་ན། གཞི་སྟེ་ཡུལ་ཡིན་ནོ་ཞེས་དྲང་ངོ་། །གང་ཞེ་ན། སྒྲའི་བྱེད་པའི་དབང་གིས་བློ་ཡུལ་དུ་བ་ལང་གི་ཁྱད་པར་གྱི་ཆོས་གཞན་ནི་རང་གིས་ཆོས་སུ་སྤོང་ཞིང་མི་བསྟེན་པ་ལྟར་སྣང་བ་བ་ལང་ཉིད་དང་། སྒྲའི་བྱེད་པའི་དབང་གིས་བློ་ཡུལ་དུ་བ་ལང་གི་ཁྱད་པར་གྱི་ཆོས་གཞན་རང་གི་ཆོས་སུ་མི་སྤོང་ཞིང་བསྟེན་པ་ལྟར་སྣང་བ་བ་ལང་དག་གོ ། གང་གི་ཞེ་ན། བ་ལང་ཉིད་ཅེས་བརྗོད་པའི་ཁྱད་པར་གཞན་སྤོང་བའི་སྒྲ་དང་། བ་ལང་ཞེས་བརྗོད་པའི་ཁྱད་པར་གཞན་མི་སྤོང་བའི་སྒྲ་དེ་གཉིས་ཀྱི་བརྡའི་བྱེ་བྲག་སྟེ་བརྡ་ཐ་དད་པ་འཇུག་པའོ། །བརྡའི་བྱེ་བྲག་དེ་ཇི་ལྟ་བུ་ཞེ་ན། རྟོགས་པ་པོའི་རྟོགས་པར་འདོད་པའི་ཤེས་འདོད་ཀྱི་རྗེས་སུ་བྱེད་པ་སྟེ་འབྲངས་ནས་འཇུག་པའི་བརྡ་ཞིག་གོ །དེས་ན་བ་གླང་ཉིད་ཅེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བ་ལང་དེ་བ་ལང་གི་ཁྱད་པར་གཞན་སྤངས་པའི་སྒོ་ནས་བརྗོད་པ་ཡིན་ཏེ། ཁྱོད་ཀྱིས་བ་ལང་དེ་བ་ལང་གི་ཁྱད་པར་གྱི་ཆོས་གཞན་གྱི་རྟེན་དུ་མི་རུང་བའི་བ་ལང་གི་ཆོས་ཙམ་དུ་ཉན་པ་པོའི་བློ་ཡུལ་དུ་འཕེན་པར་བྱེད་པའི་ཕྱིར། མ་གྲུབ་པ་མ་ཡིན་ཏེ། ཉན་པ་པོ་རྣམས་བ་ལང་གི་ཁྱད་པར་གྱི་ཆོས་གཞན་གྱི་རྟེན་དུ་མི་རུང་བའི་ཆོས་ཙམ་དུ་ཤེས་པར་འདོད་པ་ན། དེ་ལྟར་ན་ཤེས་པར་བྱ་བའི་ཕྱིར་དུ་ཁྱོད་བ་ལང་ལ་བརྡ་སྦྱར་བ་ཡིན་པའི་ཕྱིར། བ་ལང་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བ་ལང་དེ་བ་ལང་གི་ཁྱད་པར་གཞན་མི་སྤོང་བའི་སྒོ་ནས་བརྗོད་པ་ཡིན་ཏེ། ཁྱོད་ཀྱིས་བ་ལང་གི་ཁྱད་པར་གྱི་ཆོས་གཞན་གྱི་རྟེན་དུ་རུང་བའི་ཆོས་ཅན་ཙམ་དུ་ཉན་པ་པོའི་བློ་ཡུལ་དུ་འཕེན་པར་བྱེད་པའི་ཕྱིར། མ་གྲུབ་པ་མ་ཡིན་ཏེ། ཉན་པ་པོ་རྣམས་བ་ལང་དེ་བ་ལང་གི་ཁྱད་པར་གྱི་ཆོས་གཞན་གྱི་རྟེན་དུ་རུང་བའི་ཆོས་ཙམ་དུ་ཤེས་པར་འདོད་པ་ན། དེ་ལྟར་དུ་ཤེས་པར་བྱ་བའི་ཕྱིར་དུ་ཁྱོད་བ་ལང་ལ་བརྡ་སྦྱར་བ་ཡིན་པའི་ཕྱིར་རོ། །ད་སྒྲ་དེ་གཉིས་ཀྱི་ཁྱད་པར་ཡུལ་ཀུན་ལ་མཚུངས་པར་སྟོན་པ་ནི། ཡོན་ཏན་དང་ཡོན་ཏན་ཅན་དང་སྤྱི་དང་སྤྱི་ལྡན་པ་ལ་སོགས་པའི་ཡུལ་ཀུན་ལ་ཆོས་ཅན། རྫས་ཆོས་ཅན་བརྗོད་པའི་སྒྲ་དང་དངོས་པོ་ཆོས་བརྗོད་པའི་སྒྲ་དེ་དག་གི་བརྗོད་བྱ་ལ་ངེས་ཤེས་ཀྱི་ཡུལ་དུ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། སྒྲ་གཉིས་པོ་དེའི་ཁྱད་པར་བརྗོད་བྱའི་དོན་གཅིག་ཁྱད་པར་གཞན་སྤངས་པ་དང་མ་སྤངས་པའི་སྒོ་ནས་བརྗོད་པ་འདི་ཉིད་ཙམ་དུ་ཟད་པ་དེ་ཡིན་པ་དེའི་ཕྱིར། དེས་ན་རྗོད་བྱེད་ཐ་དད་པས་བརྗོད་བྱ་ཐ་དད་དུ་མི་འགྱུར་ཏེ། ཤེས་བྱ་ཆོས་ཅན། བརྗོད་བྱའི་དོན་དེ་སྨྲ་བ་པོའི་བསམ་པ་བཞིན་དུ་ཉན་པ་པོས་ཤེས་པར་བྱེད་འདོད་པས་དེ་ལ་ཕན་པའི་རྐྱེན་གྱི་མཐའ་ཅན་ནམ་བྱེད་ལྡན་གྱི་རྐྱེན་གྱི་མཐའ་ཅན་ནམ། གལ་ཏེ་རྐྱེན་གཞན་གྱིས་བརྗོད་ཀྱང་རུང་། རྗོད་བྱེད་ཐ་དད་པ་དེ་ལས་བརྗོད་བྱ་ཐ་དད་པའི་ཁྱད་པར་མེད་དེ། རྗོད་བྱེད་ཀྱི་སྒྲ་རྣམས་དངོས་ཡུལ་ཕྱི་རོལ་གྱི་དོན་ལ་མི་ལྟོས་པར་སྨྲ་བ་པོའི་བརྗོད་འདོད་དང་། ཉན་པ་པོའི་ཤེས་འདོད་ཇི་ལྟ་བ་བཞིན་དུ་དོན་སྟོན་བྱེད་ཡིན་པའི་ཕྱིར། དེ་དག་གི་མཇུག་བསྡུས་ཏེ་སྐབས་ཀྱི་དོན་སྟོན་པ་དེ། སྒྲ་གཞན་སེལ་བའི་ཡུལ་ཅན་དུ་སྨྲ་བའི་ལུགས་ལ་ནི་ཆོས་ཅན། སྤྱི་དེ་དོན་གཞན་དང་ལྡན་པ་སྒྲའི་བརྗོད་བྱར་འདོད་པའི་ཕྱོགས་ལ་སློབ་དཔོན་ཕྱོགས་གླང་གིས། རང་དབང་མེད་ཕྱིར་དེ་ལྡན་མིན། །བཏགས་པའི་ཕྱིར་དང་མི་སྲིད་ཕྱིར། །ཞེས་བརྗོད་པའི་སྐྱོན་འབྱུང་བ་བསལ་བ་ཡིན་ཏེ། ལོག་ལྡོག་དོན་ཐ་དད་མེད་པ་དེའི་ཕྱིར། དེས་ན་བྱེ་བྲག་པ་ཆོས་ཅན། ཁྱོད་ལ་རང་དབང་མེད་ཕྱིར་དེ་ལྡན་མིན། །བཏགས་པའི་ཕྱིར་དང་མི་སྲིད་ཕྱིར། །ཞེས་པའི་ཉེས་པ་འབྱུང་བར་འགྱུར་བར་ཐལ། ཁྱོད་ཀྱི་ལུགས་ལ་རིགས་དང་རིགས་དེ་དང་ལྡན་པའི་གསལ་བ་དག་རྫས་ཐ་དད་པ་ཉིད་ཡིན་པའི་ཕྱིར། དེས་སྤྱི་དོན་གཞན་སྒྲའི་བརྗོད་བྱར་འདོད་པའི་ལུགས་ལ་རང་གིས་བརྗོད་པའི་སྐྱོན་རང་ལ་མཚུངས་པར་འབྱུང་བ་བསལ་ནས། གཞན་གྱིས་བརྗོད་པའི་སྐྱོན་རང་ལ་མི་འབྱུང་བར་གཞན་ལ་འབྱུང་བར་སྟོན་པ་དེ། གལ་ཏེ་ལོག་ལྡོག་དོན་གཅིག་ན་ཆོས་དང་ཆོས་ཅན་ཐ་དད་མེད་པས་རྣམ་དབྱེ་དྲུག་པའི་སྒྲ་དང་གཅིག་ལ་མང་ཚིག་དང་མང་པོ་ལ་གཅིག་ཚིག་གི་རྣམ་དབྱེ་མི་རིགས་སོ་ཞེ་ན། བརྡ་སྤྲོད་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཆོས་ཅན། ཁྱོད་ཀྱིས་ལུགས་ལ་ཆོས་དང་ཆོས་ཅན་ཐ་དད་མེད་པ་ལ་རྣམ་དབྱེ་དྲུག་པའི་སྒྲ་དང་གཅིག་ལ་མང་ཚིག་མང་པོ་ལ་གཅིག་ཚིག་ལ་སོགས་པའི་དབྱེ་བ་མི་རུང་བའི་ཀླན་ཀ་འབྱུང་བར་རིགས་པར་ཐལ། ཁྱོད་ཀྱི་ལུགས་ལ་རྗོད་བྱེད་ཀྱི་ཚིག་རྣམས་བརྗོད་འདོད་ལ་མི་བརྟེན་པར་དངོས་པོའི་དབང་གིས་ལྷུར་ཏེ་གཙོ་ཆེར་རྗོད་བྱེད་དུ་འཇུག་པའི་ཕྱིར། དེས་ན་སྒྲ་སེལ་བའི་ཡུལ་ཅན་དུ་སྨྲ་བའི་ལུགས་ལ་ཆོས་ཅན། བཤད་མ་ཐག་པའི་ཀླན་ཀ་འབྱུང་བ་མ་ཡིན་པར་ཐལ། རྗོད་བྱེད་ཚིག་གང་ཡིན་རྣམས་དངོས་ཡུལ་ཕྱི་རོལ་དོན་ལ་མི་ལྟོས་པར་རང་སྨྲ་བ་པོས་ཇི་ལྟ་བུར་རྗོད་བྱེད་ཉིད་དུ་ངེས་བྱེད་དེ་བརྗོད་པར་འདོད་པ་དེ་བཞིན་དུ་དོན་དེ་རྗོད་བྱེད་ཡིན་པའི་ཕྱིར་རོ། །ཀླན་ཀ་རིགས་ཞེས་པའི་གཞུང་འཛུགས་པ་དེ། བུད་མེད་གཅིག་པུ་འདི་ཆོས་ཅན། ཁྱོད་བཙུན་མོ་རྣམས་ཞེས་པའི་ཐ་དད་པའི་མང་ཚིག་གིས་བཞག་པ་སྟེ། བརྗོད་དུ་མི་རུང་བར་ཐལ། ཁྱོད་ལ་བཙུན་མོ་རྣམས་ཞེས་པའི་མང་ཚིག་འཇུག་པའི་རྒྱུ་ཁྱོད་དུ་མར་ཅི་ཡོད་དེ་མེད་པའི་ཕྱིར། གྲོང་དྲུག་འདི་ཆོས་ཅན། ཁྱོད་ཁང་བཟངས་ཀྱི་ཕྲེང་བ་ཞེས་པའི་ཐ་དད་མ་ཡིན་པའི་གཅིག་ཚིག་གིས་བཞག་པ་སྟེ་བརྗོད་དུ་མི་རུང་བར་ཐལ། ཁྱོད་ལ་དེ་འཇུག་པའི་རྒྱུ་ཁྱོད་གཅིག་ཏུ་ཅི་ཡོད་དེ་མེད་པའི་ཕྱིར། ལོགས་པས་བྱེ་མ་ཉག་གཅིག་ཆོས་ཅན། ཁྱོད་ལ་བྱེ་མ་རྣམས་ཞེས་པའི་མང་ཚིག་གིས་བརྗོད་དུ་མི་རུང་བར་ཐལ། ཁྱོད་ལ་དེ་འཇུག་པའི་རྒྱུ་ཁྱོད་དུ་མར་མེད་པའི་ཕྱིར། འམ་གྱིས་ནམ་མཁའ་འདི་ཆོས་ཅན། ཁྱོད་ལ་ནམ་མཁའི་རང་བཞིན་ཞེས་པའི་དྲུག་སྒྲ་སྦྱར་དུ་མི་རུང་བར་ཐལ། དེའི་རྒྱུ་ཁྱོད་དང་ནམ་མཁའི་རང་བཞིན་རྫས་ཐ་དད་པའི་ཆོས་དང་ཆོས་ཅན་དུ་མ་གྲུབ་པའི་ཕྱིར། ནམ་མཁའ་ཉིད་ཅེས་བྱ་བའི་དངོས་པོའི་རྐྱེན་སྦྱར་དུ་མི་རུང་བར་ཐལ། དེའི་རྒྱུ་ཁྱོད་དངོས་པོར་ཅི་ཡོད་དེ་མེད་པའི་ཕྱིར། ད་སྔར་གང་ཕྱིར་དངོས་ཀུན་ཞེས་སོགས་ཀྱི་དངོས་རྣམས་རང་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་ཞེས་བསྟན་པ་ལ། ཁོ་ན་རེ། དངོས་པོ་རྣམས་རང་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པ་ཡིན་ན་གསལ་བའི་རང་བཞིན་རྣམས་ནི་གཅིག་ལ་གཅིག་རྗེས་སུ་མི་འགྲོ་ཞིང་། དེ་ལས་གཞན་པའི་སྤྱི་དོན་གཞན་ནི་མེད་པས་སྤྱིའི་ཐ་སྙད་ཅི་ལྟར་རུང་ཞེ་ན། དོན་དམ་པར་སྤྱི་རང་མཚན་པ་མེད་ཀྱང་རྟོག་པའི་སྣང་ཡུལ་ལ་སྤྱི་སྒྲོ་འདོགས་པའི་སྒོ་ནས་སྤྱིའི་ཐ་སྙད་བྱེད་པས་སྐྱོན་མེད་དོ་ཞེས་སྟོན་པ་སྟེ། ཤིང་གི་སྤྱི་འཛིན་གྱི་བློ་ཆོས་ཅན། སྒྲིབ་བྱེད་དེ་ཀུན་རྫོབ་པའི་ཡུལ་ཅན་ཡིན་ཏེ། ཤེས་པ་གང་གི་རང་གི་ངོ་བོ་སྟེ་རང་གི་སྣང་ཡུལ་ལ་ཕྱི་རོལ་དུ་ཞེན་པའི་སྒོ་ནས་གཞན་ཕྱི་རོལ་གྱི་ཤིང་རང་མཚན་གྱི་ངོ་བོ་ཇི་ལྟ་བ་བཞིན་དུ་གསལ་བར་སྣང་བ་ལ་སྒྲིབ་པར་བྱེད་པ་ཡིན་པའི་ཕྱིར། སྤྱི་འཛིན་གྱི་བློ་དེ་ཇི་འདྲ་ཞིག་ཅེ་ན། ཤིང་མ་ཡིན་ལས་ཐ་དད་པའི་ཤིང་གསལ་གྱི་དངོས་པོ་རྣམས་ལ་བརྟེན་ཏེ་བརྒྱུད་ནས་བྱུང་ཞིང་དོན་ཤིང་གསལ་རྣམས་རིགས་གཅིག་ཏུ་སྣང་བའི་ཤེས་པ་ཞིག་གོ །དེ་ཆོས་ཅན། ཤིང་གསལ་གྱི་དངོས་པོ་རྣམས་ཤིང་མ་ཡིན་ལས་ལྡོག་པའི་ངོ་བོ་འགའ་ཞིག་གིས་ཐ་དད་མིན་པ་གཅིག་ལྟ་བུར་སྣང་སྟེ། རང་གི་སྣང་ཡུལ་ལ་ཕྱི་རོལ་དུ་ཞེན་པའི་དབང་གིས་ཤིང་གསལ་རྣམས་བདག་ཉིད་ཐ་དད་ཡིན་ཀྱང་རང་ལ་ཐ་དད་དུ་སྣང་བ་ཉིད་སྒྲིབ་པ་ཡིན་པའི་ཕྱིར། དེས་ན་ཤིང་གི་སྤྱི་འཛིན་རྟོག་པའི་སྣང་ཡུལ་དེ་ལ་ཤིང་གི་སྤྱི་བློས་ཕྱི་རོལ་དུ་བསལ་ཞིང་ཞེན་པའི་དབང་གིས་ན་ཐ་སྙད་དུ་ཤིང་སྤྱི་གཅིག་ཡོད་པར་ནི་རབ་ཏུ་བསྒྲགས་ཤིང་བརྗོད་དོ། །

དེ་འདྲའི་སྤྱི་དོན་དམ་དུ་མེད་པར་སྟོན་པ་དེ། དེ་ཆོས་ཅན། ཁྱོད་ཀྱིས་རང་གི་སྣང་ཡུལ་ལ་ཇི་ལྟར་ཕྱི་རོལ་དུ་ཀུན་ཏུ་བརྟགས་པའི་ཤིང་སྤྱི་དེ་ནི་དམ་པའི་དོན་དུ་མེད་དེ། ཤིང་སྤྱི་དེ་ཤིང་གསལ་རྣམས་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ། ཤིང་གི་གསལ་བ་རྣམས་ཆོས་ཅན། ཁྱོད་རྣམས་དང་རྫས་གཅིག་པའི་ཤིང་སྤྱི་དངོས་པོ་བ་མེད་པར་ཐལ། དེ་ཡོད་ན་ཁྱོད་རྣམས་གཅིག་ལ་གཅིག་རྗེས་སུ་འགྲོ་དགོས་པ་ལས་རྗེས་སུ་མི་འགྲོ་བའི་ཕྱིར། ཁྱོད་རྣམས་ལས་རྫས་ཐ་དད་པའི་ཤིང་སྤྱི་དངོས་པོ་བ་མེད་པར་ཐལ། ཁྱོད་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་གཞན་དངོས་པོ་བ་ནི་ཡོད་ན་སྣང་དུ་རུང་བ་ལ་སྣང་བ་མེད་པའི་ཕྱིར། གལ་ཏེ་རང་སྡེ་ཁ་ཅིག །ཤིང་གི་སྤྱི་འཛིན་རྟོག་པའི་གཟུང་རྣམ་དེ་ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བའི་ཤིང་སྤྱིའོ་ཞེ་ན། ཤིང་གི་སྤྱི་འཛིན་རྟོག་པའི་གཟུང་རྣམ་ཆོས་ཅན། ཇི་ལྟར་ན་དོན་གཞན་ཤིང་གསལ་རྣམས་ཀྱི་རྗེས་སུ་འབྲང་བའི་ཤིང་སྤྱིར་འགྱུར་ཏེ་མི་འགྱུར་བར་ཐལ། ཤིང་སྤྱི་འཛིན་ཤེས་པ་ལས་ཐ་དད་མ་ཡིན་པར་དེའི་བདག་ཉིད་ཡིན་པའི་ཕྱིར། དེས་ཡུལ་སྤྱི་དངོས་པོ་བ་མེད་པར་བསྟན་ནས། ད་ཡུལ་ཅན་སྤྱི་འཛིན་ཡང་འཁྲུལ་པར་བསྟན་པ་ནི། ཤིང་གསལ་རྣམས་དང་རྫས་གཅིག་དང་ཐ་དད་ཀྱི་སྤྱི་དངོས་པོ་བ་མེད་པ་དེས་ན་ཤིང་གི་སྤྱི་འཛིན་རྣམ་རྟོག་འདི་ཆོས་ཅན། ལོག་པའམ་འཁྲུལ་པ་ཡིན་ཏེ། རང་གི་སྣང་ཡུལ་དེ་དོན་ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བའི་བདག་སྟེ་སྤྱི་གཅིག་ཏུ་འཛིན་པའི་བློ་ཡིན་པའི་ཕྱིར། འོ་ན་སྤྱི་དངོས་པོ་བ་མེད་ན་སྤྱི་འཛིན་གྱི་རྒྱུ་གང་ཞེ་ན། ཤིང་ཞེས་པའི་མིང་གང་ལྡན་སའི་དོན་ཤིང་གསལ་རྣམས་ཤིང་མ་ཡིན་ལས་ཕན་ཚུན་དུ་ཐ་དད་པར་གནས་པ་ཆོས་ཅན། ཤིང་གི་སྤྱི་འཛིན་འདིའི་བརྒྱུད་པའི་ས་བོན་ནམ་རྒྱུ་ཡིན་ཏེ། ཁྱོད་ཀྱིས་རང་འཛིན་མངོན་སུམ་བསྐྱེད་ཅིང་མངོན་སུམ་གྱིས་བཞག་པའི་བག་ཆགས་ཀྱིས་ཁྱེད་རྣམས་རིགས་གཅིག་ཏུ་འཛིན་པའི་ཤིང་གི་སྤྱི་འཛིན་བསྐྱེད་པའི་ཕྱིར་རོ། །གལ་ཏེ་ཤིང་གསལ་རྣམས་གཅིག་ལ་གཅིག་རྗེས་སུ་མི་འགྲོ་བས་དེ་རྣམས་སྤྱི་འཛིན་གཅིག་གི་རྒྱུར་ཇི་ལྟར་རུང་ཞེ་ན། རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་པའི་རྒྱུ་མཚན་དཔེ་དང་བཅས་པ་སྟོན་པ་དེ། འགའ་ཞིག་སྟེ། ཤིང་གསལ་རྣམས་ནི་ཆོས་ཅན། སྤྱི་དངོས་པོ་བ་གཅིག་མེད་པའི་ཐ་དད་ཡིན་ཀྱང་། ཁྱོད་རྣམས་རིགས་གཅིག་ཏུ་རྟོགས་པའི་དོན་ཤིང་གི་སྤྱི་འཛིན་ཤེས་པ་གཅིག་གིས་མེ་དང་ཁང་པ་ལ་སོགས་པ་བསྒྲུབ་བྱའི་དོན་གཅིག་བསྒྲུབ་པ་ལ་འགལ་བ་མེད་དེ། སྤྱི་དངོས་པོ་བ་མེད་པའི་ཐ་དད་ཡིན་ཡང་རང་བཞིན་གྱིས་ཏེ། རང་རྒྱུ་ལས་དེ་དག་བསྐྱེད་ནུས་སུ་ངེས་པའི་ཕྱིར། དཔེར་ན་དབང་པོ་དང་ཡུལ་དང་ཡིད་བྱེད་ལ་སོགས་པ་རྣམས་སྤྱི་དངོས་པོ་བ་གཅིག་མེད་པའི་ཐ་དད་ཡིན་ཀྱང་གཟུང་འཛིན་དབང་ཤེས་གཅིག་བསྐྱེད་ཅིང་། ཁྱེད་ཀྱི་ལུགས་ལ་ཡང་དབང་པོ་དང་དོན་དང་བདག་དང་ཡིད་དང་དེ་རྣམས་ཕྲད་པ་དེ་སྤྱི་དངོས་པོ་བ་གཅིག་མེད་པའི་ཐ་དད་ཡིན་ཀྱང་། གཟུང་འཛིན་དབང་ཤེས་གཅིག་བསྐྱེད་པར་འདོད་པ་བཞིན་ནོ། །རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་པའི་དཔེ་གསལ་པོ་གཞན་ཡང་སྟོན་ཏེ། དཔེར་ན་སྨན་སླེ་ཏྲེས་དང་པར་པ་ཏ་ལ་སོགས་པ་ཁ་ཅིག་སྤྱི་དངོས་པོ་བ་གཅིག་མེད་པའི་ཐ་དད་ཡིན་ཀྱང་ལྷན་ཅིག་ཏུ་སྦྱར་བའམ། སོ་སོར་སྦྱར་བ་ཡིས་རིམས་ནད་ལ་སོགས་པ་ཞི་བའི་འབྲས་བུ་གཅིག་བྱེད་པར་མཐོང་གི གཞན་དང་ཞོ་དང་ག་གོན་ལ་སོགས་ཀྱིས་མ་ཡིན་པར་བཞིན་ནོ། །གལ་ཏེ་སྨན་དེ་རྣམས་ལ་སྤྱི་དངོས་པོ་བ་གཅིག་ཡོད་པས་དེས་རིམས་ནད་སོགས་ཞི་བའི་འབྲས་བུ་བྱེད་པས་མ་གྲུབ་བོ་ཞེ་ན། སྨན་དེ་དག་ཆོས་ཅན། ཁྱོད་རྣམས་ཀྱི་སྤྱི་དངོས་པོ་བ་གཅིག་གིས་རིམས་ནད་སོགས་ཞི་བའི་འབྲས་བུ་བྱེད་པ་མ་ཡིན་པར་ཐལ། དེ་ཡིན་ན་སྐྱེ་སའི་ཞིང་དང་དུས་དང་སོ་ནམ་ལ་སོགས་འདུ་བྱེད་ཐ་དད་ལས་ཀྱང་རིམས་ནད་ལ་སོགས་པ་ཞི་བ་མྱུར་བ་དང་བུལ་བའི་ནུས་པ་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ཁྱོད་རྣམས་ཐམས་ཅད་ལ་སྤྱི་དངོས་པོ་བ་གཅིག་ཁྱད་པར་མེད་པར་ཡོད་པའི་ཕྱིར་རོ། །གཞན་ཡང་སྨན་སྤྱི་ཆོས་ཅན། རིམས་ནད་ཞི་བའི་རྒྱུ་མ་ཡིན་པར་ཐལ། རྟག་ཅིང་བརྟན་པས་འབྲས་བུ་ལ་ཕན་འདོགས་པ་མེད་པའི་ཕྱིར། གལ་ཏེ་སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས་ཞེས་པའི་སྤྱི་དེ་གསལ་བ་རང་མཚན་པ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་ནམ། རྟོག་པ་ལ་སྣང་བའི་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན། དང་པོ་ལྟར་ན། གསལ་བ་རང་མཚན་པ་རྣམས་རྟོག་པ་ལ་མི་སྣང་བས་མི་རིགས་ལ། གཉིས་པ་ལྟར་ན། འབྲས་བུ་མཚུངས་པ་སྤྱིར་མི་འཐད་དེ། རྟོག་པ་ལ་སྣང་བའི་སྣང་བ་རྣམས་འབྲས་བུ་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ་ཞེ་ན། སྤྱི་དང་གཞི་མཐུན་གྱི་ཐ་སྙད་འདི་རང་མཚན་ལ་མི་འཇོག་པར་རྟོག་པར་སྣང་ཡུལ་ལ་འཇོག་པའི་སྐྱོན་མེད་དོ་ཞེས་སྟོན་པ་སྟེ། ཤིང་གི་སྤྱི་འཛིན་རྣམ་རྟོག་གི་བློ་ཆོས་ཅན། རང་གི་གཟུང་དོན་རང་མཚན་པ་མེད་ཀྱང་ཤིང་རང་མཚན་པ་དེ་རང་གི་གཟུང་དོན་དུ་ཡོད་པ་ཅན་འདྲ་བའམ་ཡོད་པ་ལྟར་སྣང་སྟེ། ཤིང་གསལ་གྱི་རང་བཞིན་དེ་འཛིན་པའི་མངོན་སུམ་གྱིས་བཞག་པའི་བག་ཆགས་ཀྱི་དབང་གིས་རང་གི་སྣང་ཡུལ་ལ་ཕྱི་རོལ་གྱི་ཤིང་དུ་ཞེན་པའི་ཕྱིར་རོ། །དེ་ཉིད་འཆད་པ་སྟེ། ཤིང་དེའི་འབྲས་བུ་ཅན་མིན་པའི་དོན་ལས་ཐ་དད་པའི་མཐར་ཐུག་ཤིང་རང་མཚན་ལས་བརྒྱུད་ནས་སྐྱེ་བའི་ཤིང་གི་སྤྱི་བློ་གང་ཡིན་དེ་ཆོས་ཅན། རང་ལ་སྣང་བའི་ངོ་བོ་སྤྱིར་ཕྱི་རོལ་ལྟ་བུར་དང་། གཅིག་ལྟ་བུར་དང་། གཞན་ཤིང་མ་ཡིན་ལས་ལོག་པ་ལྟར་བུར་སྣང་བ་གང་ཡིན། དེ་རང་ལ་ཇི་ལྟར་སྣང་བ་ལྟར་གྱི་ཕྱི་རོལ་གྱི་ཤིང་དེ་ཉིད་དུ་གྲུབ་པ་མིན་ཏེ། རང་ལ་སྣང་བ་དེ་ཤིང་གི་འབྲས་བུ་དོན་གཉེར་གྱི་སྐྱེས་བུས་བརྟག་ཅིང་འཇུག་པ་ཡན་ལག་ཏུ་མེད་པའི་ཕྱིར། དེས་སྤྱི་བློའི་སྣང་ཚུལ་དང་། དེ་ཉིད་དོན་དམ་དུ་མ་གྲུབ་པར་བསྟན་ནས། ད་རྟོག་པའི་སྣང་ཡུལ་ལ་སྤྱི་དང་གཞི་མཐུན་གྱི་ཐ་སྙད་ཀྱི་རྣམ་གཞག་བྱེད་དོ་ཞེས་སྟོན་པ་སྟེ། རྟོག་པའི་ཤེས་པའི་སྣང་ཡུལ་ལ་ཡོད་པའི་དོན་དེ་རྣམས་ཆོས་ཅན། ཁྱོད་ལ་ཐ་སྙད་དུ་སྤྱི་སྤྱོད་ཡུལ་དུ་ཡོད་པ་ཅན་གྱི་ཤེས་པ་དང་། བརྗོད་པ་དག་གིས་སྤྱིའི་ཐ་སྙད་རྒྱས་པར་བྱེད་དེ། རྒྱུ་མཚན་འདི་ལྟར་སེལ་ངོར་རིགས་མི་མཐུན་ལས་ལྡོག་པའི་ངོ་བོ་ཅན་གྱི་ཐ་དད་མིན་པའི་སྤྱི་གཅིག་ལྟ་བུར་སྣང་བ་དེས་ནའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཐ་སྙད་དུ་གཞི་མཐུན་སྤྱོད་ཡུལ་དུ་ཡོད་པ་ཅན་གྱི་ཤེས་པ་དང་། བརྗོད་པ་དག་གིས་གཞི་མཐུན་གྱིས་ཐ་སྙད་དུ་རྒྱས་པར་བྱེད་དེ། སྤྱིར་རིགས་མི་མཐུན་ལས་ལྡོག་པ་དེ་ཉིད་གཞན་རིགས་མཐུན་ནང་ལས་ཀྱང་ལོག་པ་ལྟ་བུར་ཡང་སྣང་བའི་ཕྱིར། ཐ་སྙད་ཅི་འདྲ་ཞིག་ཅེ་ན། ནོར་བའི་དོན་ཅན་ཞིག་གོ །གལ་ཏེ་ཤེས་བརྗོད་ཀྱི་ཐ་སྙད་ཀུན་ནོར་བའི་དོན་ཅན་ཡིན་ན། ཐ་སྙད་ལས་འབྲས་བུ་ཐོབ་མི་ཐོབ་ཀྱི་ཁྱད་པར་བྱེད་པ་མི་རུང་ངོ་ཞེ་ན། ཤེས་བརྗོད་ཀྱི་ཐ་སྙད་ཀུན་དངོས་སུ་ནོར་བའི་དོན་ཅན་དུ་འདྲ་ཡང་། བརྒྱུད་ནས་དོན་རང་མཚན་དང་འབྲེལ་མ་འབྲེལ་གྱི་སྒོ་ནས་དོན་རང་མཚན་ཐོབ་མི་ཐོབ་ཀྱི་ཁྱད་པར་གྱི་རྣམ་གཞག་བྱེད་དོ་ཞེས་སྟོན་པ་སྟེ། དངོས་པོ་རང་མཚན་པ་རྣམས་དང་བརྒྱུད་ནས་འབྲེལ་བའི་ཤེས་བརྗོད་ཀྱི་ཐ་སྙད་དེ་ཀུན་ཀྱང་ཆོས་ཅན། གཞན་རིགས་མི་མཐུན་སེལ་བའི་དངོས་པོ་རང་མཚན་རྣམས་ཀྱི་ཡུལ་ཅན་ཏེ། དེ་རྣམས་ཐོབ་ཏུ་རུང་སྟེ། སྤྱིར་རིགས་མཐུན་ལས་ལོག་ཅིང་རིགས་མཐུན་ནང་ཕན་ཚུན་ཡང་གཅིག་གཅིག་འདྲེ་བ་མེད་པའི་དངོས་པོ་རང་མཚན་པ་རྣམས་ལ་བརྒྱུད་ནས་བརྟེན་པ་ཅན་ཡིན་པ་དེས་ནའི་ཕྱིར། དེ་ཉིད་རྒྱས་པར་སྟོན་པ་སྟེ། ཐ་སྙད་གང་ལ་དངོས་པོ་རང་མཚན་པ་རྣམས་དང་། བརྒྱུད་ནས་འབྲེལ་བ་ཡོད་པའི་ཐ་སྙད་དེ་དངོས་པོ་རང་མཚན་པ་རྙེད་ཅིང་ཐོབ་པའི་རྟེན་ཡིན་ཏེ། དཔེར་ན། སྔར་ཇི་སྐད་བཤད་པའི་སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་ཇི་ལྟ་བ་བཞིན་ནོ། །ཡང་ཐ་སྙད་ཀུན་དངོས་སུ་འཁྲུལ་པའི་དོན་ཅན་དུ་འདྲ་ཡང་། རྒྱུད་ནས་དོན་རང་མཚན་ནམ་འབྲེལ་བ་གྲུབ་པ་ལས་གཞན་མ་གྲུབ་པའི་ཐ་སྙད་ལས་ནི་དོན་རང་མཚན་ཐོབ་པ་མིན་ཏེ། དཔེར་ན་མར་མེའི་འོད་ལས་ནོར་བུ་མི་ཐོབ་པ་བཞིན་ནོ། །ད་སྤྱི་དང་གཞི་མཐུན་སོགས་ཀྱི་ཐ་སྙད་འཇུག་པའི་རྒྱུ་མཚན་སྟོན་པ་སྟེ། རྟོག་པའི་སྣང་ཡུལ་ལ་སྤྱི་དང་གཞི་མཐུན་སོགས་ཀྱི་ཐ་སྙད་འཇུག་པ་དེ་ལ། ཇི་ལྟར་ན་སྤྱིའི་ཐ་སྙད་འཇུག་ན། བུམ་གསལ་དུ་མའང་ཆོས་ཅན། བུམ་པ་ཞེས་པའི་བརྗོད་པ་དང་། དེ་ལྟར་ངེས་པའི་ཤེས་པས་རིགས་གཅིག་པ་ཉིད་དུ་སྤྱིའི་ཐ་སྙད་རབ་ཏུ་འཇུག་པར་བྱེད་དེ། འབྲས་བུ་རིགས་གཅིག་པ་ཅན་གྱི་བུམ་གསལ་དེའི་འབྲས་བུ་ཅན་མིན་པའི་དོན་ལས་གཞན་ལྡོག་པ་ལ་བརྟེན་པ་ཅན་ཡིན་པའི་ཕྱིར། དེས་དུ་མ་གཅིག་བྱེད་པ་སྤྱིའི་ཐ་སྙད་འཇུག་པའི་རྒྱུ་མཚན་དུ་བསྟན་པས། གཅིག་གི་དུ་མ་བྱེད་པ་གཞི་མཐུན་སོགས་ཀྱི་ཐ་སྙད་འདི་དོན་དམ་པར་མེད་ན་རྒྱུ་མཚན་དུ་བསྟན་པ་དེ། དུ་མས་གཅིག་བྱེད་པ་དེ་བཞིན་དུ་བུམ་གསལ་གཅིག་ཀྱང་ཆོས་ཅན། ཆུ་བསྐྱོར་བ་དང་རང་འཛིན་དབང་ཤེས་བསྐྱེད་པ་ལོག་པའི་འབྲས་བུ་དུ་མ་བྱེད་ཅིང་། དེའི་དངོས་པོར་ཡོངས་སུ་བསྟན་པའི་ཕྱིར་དུ་ཆུ་བསྐྱོར་བ་དང་རང་འཛིན་དབང་ཤེས་བསྐྱེད་པ་སོགས་ལྡོག་པའི་ཆོས་སྣ་ཚོགས་སུ་ཤེས་པའི་ཐ་སྙད་འཇུག་ཏུ་རུང་སྟེ། ཆུ་སྐྱོར་བ་དང་རང་འཛིན་དབང་ཤེས་བསྐྱེད་པ་ལ་སོགས་པ་དེའི་འབྲས་བུ་ཅན་མ་ཡིན་པའི་དོན་ལས་ཐ་དད་པ་སྟེ། ལྡོག་པ་ལ་བརྟེན་པ་ཅན་ཡིན་པའི་ཕྱིར། ད་ཐ་སྙད་ནོར་དོན་ཅན་རྒྱས་བྱེད་ཀྱི་གཞུང་འཛུགས་པ་དེ་སྒྲའི་དོན་སྤྱི་འདི་དང་ལྡོག་པ་དུ་མའི་གཞི་མཐུན་འདི་ནི་ཆོས་ཅན། དངོས་པོ་རང་མཚན་ལ་མི་སྲིད་དེ། དོན་དམ་པར་ཡོད་པ་མིན་ཡང་འཇིག་རྟེན་གྱི་རྟོག་ངོར་ཇི་ལྟར་གྲགས་ཤིང་སྣང་བ་བཞིན་དུ་བརྗོད་པ་ཙམ་ཡིན་པའི་ཕྱིར། འོ་ན་སྤྱི་དང་གཞི་མཐུན་སོགས་ཀྱི་ཐ་སྙད་འདི་དོན་དམ་པར་མེད་ན་རྟོག་པའི་སྣང་ཡུལ་ལ་རྣམ་གཞག་བྱེད་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཆོས་དང་ཆོས་ཅན་དང་གཅིག་ཐ་དད་ཡིན་པ་ཅི་འདྲ་བའི་གཞི་མཐུན་དང་དུ་མ་ཐ་དད་མིན་པ་ཅི་འདྲ་བའི་སྤྱི་དང་། བསྒྲུབ་བྱ་སྒྲུབ་བྱེད་ལ་སོགས་པ་ཀུན་གྱི་རྣམ་གཞག་དེ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་མ་བརྟགས་པར་འཇིག་རྟེན་རྟོག་ངོར་ཇི་ལྟར་གྲགས་ཤིང་སྣང་བ་དེ་ལ། སྣང་བ་དེ་བཞིན་ཁོ་ནར་བརྟེན་ནས་ནི་གནས་སྐབས་དང་མཐར་ཐུག་གི་དམ་པའི་དོན་ལ་སྐྱེས་བུ་འཇུག་པར་བཤད་པའི་ཕྱིར་དུ་རིགས་པ་ཤེས་པའི་མཁས་པ་རྣམས་ཀྱིས་བསྟན་བཅོས་སུ་རྣམ་གཞག་བྱས་པ་ཡིན་ནོ། །ཆོས་ཆོས་ཅན་སྤྱི་གཞི་མཐུན་བསྒྲུབ་བྱ་སྒྲུབ་བྱེད་སོགས་ཀྱི་རྣམ་གཞག་ཆོས་ཅན། མཁས་པས་བསྟན་བཅོས་སུ་བཀོད་པ་ལ་དགོས་པ་ཡོད་དེ། གནས་སྐབས་དང་མཐར་ཐུག་གི་དོན་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །

འོ་ན་གཞི་མཐུན་སོགས་ཀྱི་རྣམ་གཞག་དོན་དམ་དུ་མེད་པའི་རྒྱུ་མཚན་ཅི་ཞེ་ན། ཡུལ་ཅན་དམ་པ་མ་འཁྲུལ་པའི་དོན་ནམ་ཡུལ་གྱི་དོན་རྣམས་ནི་ཆོས་ཅན། ཁྱོད་ལ་སེལ་ངོར་ངོ་བོ་གཅིག་པ་སྤྱི་ལྟར་སྣང་བ་དེ་བློ་རྟོག་པ་ཡིས་བསླད་པ་ཡིན་ཏེ། ཁྱེད་རྣམས་རང་རང་གི་ངོ་བོས་ཕན་ཚུན་འདྲ་བ་མེད་པར་གནས་པའི་ཕྱིར། དེ་ཆོས་ཅན། སེལ་ངོར་ཁྱོད་རེ་རེ་ལ་ཡང་ལྡོག་པ་དུ་མའི་གཞི་མཐུན་ལྟར་སྣང་བ་དེ་བློ་རྟོག་པ་ཡིས་བསླད་པ་ཡིན་ཏེ། ཁྱེད་རེ་རེ་བ་རྣམས་ཐ་དད་མེད་པར་གཅིག་ཏུ་གནས་པའི་ཕྱིར། དེ་དག་གི་དོན་བསྡུ་བ་དེ། ཤེས་བྱ་ཆོས་ཅན། སྤྱི་དང་ཁྱད་པར་རམ་གཞི་མཐུན་ལ་སོགས་པ་ཞེས་བྱ་བའི་ཆོས་ཀྱི་བྱེ་བྲག་འདི་ནི་བློ་རྟོག་པའི་དོན་ནམ་སྣང་ཡུལ་ལ་འཇུག་སྟེ། སྤྱི་དང་གཞི་མཐུན་སོགས་ཀྱི་རྣམ་གཞག་རྣམས་དོན་དམ་དུ་མ་གྲུབ་ཅིང་ཐ་སྙད་དུ་གྲུབ་པ་དེས་ནའི་ཕྱིར། འོ་ན་རྟོག་པའི་སྣང་ཡུལ་ལ་སྤྱི་གཞི་མཐུན་སོགས་ཀྱི་རྣམ་གཞག་ཇི་ལྟར་རུང་ཞེ་ན། རྟོག་པའི་སྣང་ཡུལ་དེ་ཉིད་ཆོས་ཅན། ཁྱོད་ལ་སྤྱི་དང་གཞི་མཐུན་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟག་ཏུ་རུང་སྟེ། ཁྱོད་གཞན་༼རིགས་མི་མཐུན་༽ རིགས་མི་མཐུན་ལས་ལྡོག་པའི་རང་མཚན་གཅིག་ལྟར་དུ་སྣང་བའི་ཕྱིར། འོ་ན་སྤྱི་དང་གཞི་མཐུན་སོགས་ཀྱི་རྣམ་གཞག་དེ་རྟོག་པའི་སྣང་ཡུལ་ལ་བྱེད་ཀྱི་རང་མཚན་ལ་མི་བྱེད་པ་ཅི་ཞེ་ན། ཤེས་བྱ་ཆོས་ཅན་སྤྱི་དང་གཞི་མཐུན་སོགས་ཀྱི་རྣམ་གཞག་དེ་རང་མཚན་ལ་བྱེད་མི་ནུས་ཏེ། བསྒྲུབ་བྱ་སྒྲུབ་བྱེད་དང་སྤྱི་དང་གཞི་མཐུན་ལ་སོགས་པར་རྟོག་པ་ལ་དངོས་པོར་རང་མཚན་མཐོང་བ་ཉམས་ཤིང་མེད་པའི་ཕྱིར་རོ། །གལ་ཏེ་རྟོག་པ་ལ་རང་མཚན་མི་སྣང་ན། སློབ་དཔོན་གྱིས་གཞན་སེལ་བས་ཁྱད་པར་དུ་བྱས་པའི་ཁྱད་པར་འཛིན་ཏེ་ཞེས་རྗེས་དཔག་གིས་གཞན་སེལ་བས་ཁྱད་པར་དུ་བྱས་པའི་རང་མཚན་འཛིན་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་སྐད་བཤད་པ་འདིར་ཡང་རྗེས་དཔག་གི་གཟུང་བྱར་གྱུར་པའི་སྤྱི་དང་འདྲེས་པའི་ཁྱད་པར་འདི་ཆོས་ཅན། རང་གི་མཚན་ཉིད་དུ་གཟུང་བྱ་མིན་ཏེ། བསྒྲུབ་བྱའི་ཆོས་ཀྱི་སྤྱིས་ཁྱད་པར་དུ་བྱས་པའི་རྟོག་པ་ལ་སྣང་བའི་ཆོས་ཅན་ཡིན་པའི་ཕྱིར། དེའི་གཞུང་འཛུགས་པ་དེ། རང་གི་མཚན་ཉིད་དེ་ནི་ཆོས་ཅན། ཁྱོད་སྤྱི་དང་ཁྱད་པར་རམ་གཞི་མཐུན་སོགས་ཀྱི་རྣམ་པ་སྟེ་ཆོས་སུ་ཅིར་ཡང་གཟུང་བྱ་མིན་ཏེ། དེ་སྟེ་ཁྱོད་གཅིག་པུ་ལ་ནི་སྤྱི་དང་གཞི་མཐུན་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་ཁྱད་པར་ཏེ་རྫས་མང་པོ་རྣམས་སུ་མི་རུང་བའི་ཕྱིར། ཚིགས་སུ་བཅད་པ་གཉིས་ཀྱི་དོན་བསྡུ་བ་ན། ཤེས་བྱ་ཆོས་ཅན། རང་མཚན་རྣམས་རང་གི་ངོ་བོ་ཐུན་མོང་མ་ཡིན་པ་དེ་བཞིན་རྟོགས་པར་བྱེད་པའི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཡང་འཇུག་པ་ཡོད་པ་མ་ཡིན་ཏེ། སྒྲ་རྟོག་ཐམས་ཅད་དངོས་ཡུལ་སྤྱི་ཁོ་ན་ཉིད་དུ་འཇུག་པའི་ཕྱིར་རོ། །ཁྱབ་སྟེ། རང་མཚན་དེའི་ངོ་བོ་རང་མ་ཡིན་ཀུན་ལས་ལོག་པའི་ཐུན་མོང་མ་ཡིན་པར་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཅིའི་ཕྱིར་རང་མཚན་སྒྲའི་ཡུལ་མ་ཡིན་ཞེ་ན། བརྡ་དུས་ཀྱི་བ་ལང་རང་མཚན་པ་དེ་ཆོས་ཅན། བ་ལང་ཞེས་པའི་རྗོད་བྱེད་སྒྲའི་དངོས་ཡུལ་མ་ཡིན་ཏེ། ཁྱོད་བ་ལང་ཞེས་པའི་བརྡ་དངོས་སུ་བྱ་བར་ནུས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་ཀྱིས་ནི་རང་གང་ལ་བརྡ་བཏགས་པའི་དོན་དེ་སྟོན་པའི་ཕྱིར་རོ། །རྩ་རྟགས་དེར་ཐལ། ཁྱོད་ཀྱི་ཐ་སྙད་ཀྱི་དུས་དེའི་ཚེ་དགག་ནས་མེད་པ་དེས་ནའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་དེ་ནི་ཐ་སྙད་ཀྱི་དུས་སུ་རང་གང་ལ་བརྡ་བཏགས་པའི་དོན་ཐོབ་པའི་ཆེད་དུ་བྱས་པའི་ཕྱིར། གལ་ཏེ་བརྡ་དང་ཐ་སྙད་ཀྱི་དུས་གཉིས་ཀར་རྗེས་སུ་འགྲོ་བའི་སྤྱི་རྟག་དངོས་པོ་བརྡའི་ཡུལ་དུ་ཡོད་པས། དེ་ཚེ་རང་གི་མཚན་ཉིད་ཀྱི་སྐྱོན་མེད་དོ་ཞེ་ན། སྤྱི་རིགས་ནས་ཅི་ནས་ཏེ་ངེས་པར་འབྲས་བུ་དོན་གཉེར་གྱི་སྐྱེས་བུ་རྣམས་ཀྱིས་མངོན་པར་འདོད་པའི་དོན་བྱེད་པར་ནུས་པར་ཤེས་ནས་དོན་དེ་སྒྲུབ་པའི་ཕྱིར་དུ་ཐ་སྙད་ཀྱི་དུས་སུ་སྒྲ་ལས་དོན་ལ་འཇུག་པར་འགྱུར་རོ་ཞེས་བསམས་ནས་བརྗོད་བྱའི་དོན་རྣམས་ལ་རྗོད་བྱེད་ཀྱི་སྒྲ་རྣམས་སྦྱར་བར་བྱེད་དོ་ཞེས་ཁྱབ་པ་བསྒྲུབས་ནས། ངག་གི་བརྡ་བརྟགས་པའི་དགོས་པ་དེ་ལྟར་ཡིན་པ་དེ་ལ་བ་ལང་གི་རིགས་སམ་སྤྱི་རྟག་དངོས་པོ་ཆོས་ཅན། ཁྱོད་ལ་རྟོག་ལྡན་གྱིས་བ་ལང་ཞེས་པའི་སྒྲ་དངོས་མིང་དུ་བརྡ་བྱེད་པ་མི་རིགས་པར་ཐལ། ཁྱོད་བཞོ་བཀལ་ལ་སོགས་པའི་དོན་བྱེད་པར་རུང་བ་མ་ཡིན་པའི་ཕྱིར། གལ་ཏེ་སྤྱི་རྟག་དངོས་འབའ་ཞིག་བརྡའི་ཡུལ་མ་ཡིན་གྱི་སྤྱིའི་སྒོ་ནས་སྤྱི་དེ་དང་ལྡན་པའི་གསལ་བ་རྣམས་བརྡའི་ཡུལ་ཡིན་ལ། སྤྱི་ལྡན་གསལ་བ་རྣམས་ཀྱི་དོན་བྱེད་ནུས་པས་དོན་བྱེད་རུང་མིན་གྱི་སྐྱོན་མེད་དོ་ཞེ་ན། བརྡའ་དེ་ཡང་ནི་རྒྱུ་མཚན་ཅིའི་ཕྱིར་ན་གསལ་བ་རྣམས་ལ་དངོས་སུ་སྦྱོར་བར་མི་བྱེད་ཅེས་དྲིས་པས། གལ་ཏེ་གསལ་བ་རྣམས་ལ་བརྡ་དངོས་སུ་མི་སྦྱོར་ཏེ་གསལ་བ་རྣམས་ལ་མཐའ་ཡས་པའི་ཕྱིར་རོ་༼ཞེ་ན༽། བ་ལང་ཞེས་པའི་སྒྲ་ཆོས་ཅན། བ་ལང་གི་སྤྱི་གཞན་དང་ལྡན་པའི་བ་ལང་གི་གསལ་བ་རྣམས་ལ་དངོས་སུ་མི་སྦྱོར་བར་ཐལ། དེ་རྣམས་མཐའ་ཡས་པ་འདི་མཚུངས་པའི་ཕྱིར། གཞན་ཡང་བཞོ་བཀལ་སོགས་དེ་བྱེད་པའི་དོན་རྣམས་དེ་བྱེད་པ་མ་ཡིན་པ་ལས་ལོག་པར་མཚུངས་པའི་གཞན་སེལ་བ་ཉིད་ལ་རྒྱུ་མཚན་ཅིས་ན་བརྡ་མ་བྱས་ཞེས་དྲིས་པས། གལ་ཏེ་ལྡོག་པའི་གཞན་སེལ་སྒྲའི་ཡུལ་དུ་བྱས་ན་སྤྱི་དེ་དང་ལྡན་པ་སྒྲའི་ཡུལ་དུ་བྱས་པ་ལ་བཀོད་པའི་ཉེས་པ་མཚུངས་པའི་ཕྱིར་ཞེ་ན། ཉེས་པ་དེར་མི་འགྱུར་མོད། གྱུར་ཀྱང་སླ་སྟེ། བ་ལང་ཞེས་པའི་སྒྲ་ཆོས་ཅན། ཁྱོད་རྗོད་བྱེད་དུ་འཇུག་པ་ལ་བ་ལང་གི་རིགས་གཞན་རྟག་དངོས་བརྗོད་བྱར་མི་དགོས་པར་ཐལ། བ་ལང་གི་གསལ་བ་རྣམས་བ་ལང་མ་ཡིན་པ་ལས་ལོག་པའི་གཞན་སེལ་བ་ཙམ་གྱིས་ཁྱོད་རྗོད་བྱེད་དུ་འཇུག་པའི་དོན་གྲུབ་པའི་ཕྱིར། དེ་ཉིད་འཆད་པ་དེ། འོ་ན་བ་ལང་ཞེས་པའི་སྒྲ་དེས་བརྗོད་བྱར་བ་ལང་མ་ཡིན་པ་གཅོད་དམ་མི་གཅོད། གལ་ཏེ་མི་གཅོད་ན། བ་ལང་ཞེས་པའི་སྒྲ་ཆོས་ཅན། བ་ལང་གི་དངོས་མིང་དུ་བརྡ་བཏགས་པའི་དགོས་པ་དེ་ཇི་ལྟར་ཡོད་དེ་མེད་པར་ཐལ། དེ་ཡིས་ཏེ་ཁྱོད་ཀྱིས་བ་ལང་མ་ཡིན་པ་དེ་དག་རྣམས་ལས་བ་ལང་འདི་མི་གཅོད་ན་ནི་སྟེ་ཁྱད་པར་གོ་བར་མི་བྱེད་པའི་ཕྱིར། ཁྱབ་སྟེ། བ་ལང་དེ་ལ་གཞན་བ་ལང་མ་ཡིན་པ་ཡོངས་སུ་སྤོངས་ནས་བ་ལང་ལ་ཐུན་མོང་མ་ཡིན་པར་འཇུག་པར་འགྱུར་རོ་ཞེས་བསམས་ནས་ཁྱོད་བ་ལང་ལ་བརྡ་བརྗོད་ཅིང་སྦྱོར་བའི་ཕྱིར་རོ། །གལ་ཏེ་རྗོད་བྱེད་ཀྱི་སྒྲ་འདི་ལ་དེ་མ་ཡིན་རྣམ་པར་གཅོད་པའི་ནུས་པ་ཡོད་དོ་ཞེ་ན། སྤྱི་རྟག་དངོས་སྒྲའི་བརྗོད་བྱར་འདོད་པའི་རྒོལ་བ་ཁྱོད་ཀྱི་ལུགས་ལ་ཆོས་ཅན། བ་ལང་ཞེས་པའི་སྒྲ་རྗོད་བྱེད་དུ་འཇུག་པའི་ཡུལ་དེར་སྤྱི་རྟག་དངོས་གཞན་གྱིས་ཅི་ཞིག་བྱ་སྟེ་མི་དགོས་པར་ཐལ། བ་ལང་ཞེས་པའི་སྒྲ་དེས་བརྗོད་བྱ་བ་ལང་མ་ཡིན་པ་བཅད་ནས། བ་ལང་ལ་ཐུན་མོང་མ་ཡིན་པར་འཇུག་པར་བྱེད་པའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་བརྡ་སྦྱར་བའི་དགོས་པ་ནི་བརྗོད་བྱར་མི་འདོད་པའི་དོན་བཅད་ནས་འདོད་པའི་དོན་ལ་རྟོག་ལྡན་འཇུག་པར་བྱེད་པ་དེ་ཙམ་དུ་ཟད་པ་མིན་ནམ་སྟེ་ཡིན་པའི་ཕྱིར་རོ། །གལ་ཏེ་སྤྱི་རྟག་དངོས་པོ་མེད་ན་གསལ་བ་རིགས་མཐུན་ཐ་དད་པ་རྣམས་རིགས་གཅིག་ཏུ་ངོ་ཤེས་པའི་བློ་འཇུག་པར་མི་འགྱུར་རོ་ཞེ་ན། བ་ལང་གི་གསལ་བ་སྔ་ཕྱི་རྣམས་ནི་སྤྱི་རྟག་དངོས་པོ་མེད་པའི་ཐ་དད་པ་ཡིན་ཀྱང་བཞོ་བཀལ་ལ་སོགས་བྱ་བ་རིགས་མཐུན་དེ་དང་དེ་བྱེད་པ་དོན་རིགས་མཐུན་སྔ་མ་རྣམས་མཐོང་ནས་གཞན་རིགས་མཐུན་ཕྱི་མ་རྣམས་མཐོང་བ་ན་ཡང། བཞོ་བཀལ་ལ་སོགས་དོན་བྱེད་པ་དེ་ལས་གཞན་པའི་དོན་དང་བྲལ་བའི་བ་ལང་གི་གཞན་སེལ་བའི་ཡུལ་ཅན་གྱི་ནང་གི་བརྗོད་པའི་སྒྲ་རྣམ་རྟོག་རྣམས་ཀྱིས་བ་ལང་གི་གསལ་བ་སྔ་ཕྱི་རྣམས་ལྷན་ཅིག་སྟེ་རིགས་གཅིག་ཏུ་སྦྱར་ནས་དེ་ཉིད་འདིའོ་ཞེས་ངོ་ཤེས་པར་བྱེད་དོ། །བ་ལང་གི་གསལ་བ་སྔ་ཕྱི་རྣམས་ཆོས་ཅན། ཁྱོད་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་རྟག་དངོས་མེད་ཀྱང་ཁྱོད་རྣམས་རིགས་གཅིག་ཏུ་ངོ་ཤེས་འཇུག་ཏུ་རུང་སྟེ། དེ་མེད་ཀྱང་ཁྱོད་རྣམས་བཞོ་བཀལ་ལ་སོགས་འབྲས་བུ་རིགས་གཅིག་བྱེད་པར་མཚུངས་པའི་ཕྱིར་རོ། །དེ་ལྟར་སྤྱི་དངོས་པོ་བ་མེད་ཀྱང་སྤྱི་བློ་སྐྱེ་བ་འཐད་པར་བསྟན་ནས། ད་སྤྱི་སྨྲ་བ་རང་གི་ལྟར་ན། སྤྱི་བློ་སྤྱི་ལས་སྐྱེ་བ་མི་འཐད་པར་སྟོན་པ་དེ། སྤྱི་དངོས་པོ་བ་སྨྲ་བ་གཞན་གྱི་ལྟར་ནའང་བ་ལང་གི་སྤྱི་བློ་དེ་ནི་ཆོས་ཅན། བ་ལང་གི་སྤྱི་རྟག་དངོས་འབའ་ཞིག་ཉིད་གཟུང་དོན་དུ་བྱས་པ་ལས་སྐྱེ་བ་མིན་པར་ཐལ། བ་ལང་གི་གསལ་བ་རྣམས་ཀྱང་འཛིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བ་ལང་གི་སྤྱི་བློ་ཆོས་ཅན། བ་ལང་གི་གསལ་བ་གཏན་ནས་མི་ཤེས་པར་ཐལ་བར་འགྱུར། དུས་རྟག་ཏུ་བ་ལང་གི་སྤྱི་རྟག་དངོས་དེ་ཙམ་རྣམ་པར་ཤེས་ཤིང་བཟུང་བའི་ཕྱིར་རོ། །འདོད་ན། དེའི་ཚེ་ན་བ་ལང་གི་གསལ་བ་བ་ལང་གི་སྤྱི་དེ་དང་ལྡན་པར་ངེས་པར་མི་འགྱུར་བར་ཐལ། དུས་ནམ་ཡང་ནི་བ་ལང་གི་སྤྱི་དང་སྤྱི་དེ་དང་ལྡན་པའི་བ་ལང་གི་གསལ་བ་རྣམས་ཀྱི་འབྲེལ་བ་མ་བཟུང་བའི་ཕྱིར། འདོད་ན། བ་ལང་གི་གསལ་བ་དེ་རྣམས་ལ་ཇི་ལྟར་ན་བ་ལང་གི་ཐ་སྙད་འདོགས་པར་ནུས་ཏེ་མི་ནུས་པར་ཐལ། བ་ལང་གི་གསལ་བ་རྣམས་བ་ལང་གི་སྤྱི་དང་ལྡན་པར་མ་བཟུང་བའི་ཕྱིར་རོ། །གལ་ཏེ་སྤྱི་དངོས་པོ་བ་གཅིག་གིས་གྲོགས་བྱེད་པའི་གསལ་བ་རྣམས་སྤྱི་འཛིན་ཤེས་པའི་རྒྱུ་ཡིན་པས་སྤྱི་འཛིན་གྱིས་སྤྱི་དངོས་པོ་བ་འབའ་ཞིག་འཛིན་པའི་སྐྱོན་མེད་དོ་ཞེ་ན། བ་ལང་གི་སྤྱི་དངོས་པོ་བ་གཅིག་དེ་ཆོས་ཅན། ཁྱོད་ཀྱིས་བ་ལང་གི་གསལ་བ་དེ་རྣམས་ཀྱི་ཐ་དད་པ་ཉིད་ཀྱི་ཆ་དེ་སེལ་ཏམ་ཅི་སྟེ་སེལ་བར་ཐལ། ཁྱོད་ཀྱིས་བ་ལང་གི་གསལ་བ་རྣམས་བ་ལང་གི་སྤྱི་བློ་གཅིག་གིས་རྒྱུར་བྱས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཁྱོད་ཀྱིས་བ་ལང་གི་གསལ་བ་རྣམས་ཐ་དད་པའི་ཕྱིར་ཡང་བ་ལང་གི་གསལ་བ་དེ་རྣམས་སྤྱི་འཛིན་རྣམ་ཤེས་གཅིག་གི་རྒྱུར་མི་འདོད་པའི་ཕྱིར་རོ། །གལ་ཏེ་སྤྱི་མེད་པའི་གསལ་བ་དུ་མས་འབྲས་བུ་གཅིག་མི་བསྐྱེད་པར་འདོད་ཀྱི། སྤྱི་དངོས་པོ་བ་དང་གསལ་བ་དུ་མ་རྣམས་ཐ་དད་པ་ཡིན་ནའང་། སྤྱི་དངོས་པོ་བ་གཅིག་ལ་བལྟོས་ནས་གསལ་བ་རྣམས་ཐ་དད་མིན་པར་འཛིན་པའི་སྤྱི་བློ་གཅིག་བསྐྱེད་དོ་ཞེ་ན། བ་ལང་གི་སྤྱི་བློ་ཆོས་ཅན། ཁྱོད་ཀྱིས་བ་ལང་གི་གསལ་བ་རྣམས་གཟུང་དོན་དུ་བྱས་ནས་འཛིན་པ་མེད་པ་ཡིན་པར་ཐལ། བློ་ཁྱོད་ལ་བ་ལང་གི་གསལ་བ་དེ་རྣམས་ཀྱིས་ཕན་འདོགས་པའི་ནུས་པ་མེད་པའི་ཕྱིར། དེར་ཐལ། བ་ལང་གི་གསལ་བ་དེ་དག་སོ་སོར་ཁྱོད་ལ་ཕན་འདོགས་བྱེད་དུ་མེད་པར་ཡང་བ་ལང་གི་སྤྱི་དངོས་པོ་བ་དེ་གཅིག་གིས་ཀྱང་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཙམ་གྱིས་གསལ་བ་དུ་མ་ལ་སྤྱི་བློ་གཅིག་བསྐྱེད་པའི་ནུས་པ་མེད་པར་མི་འགྱུར་ཏེ། སྔོ་སོགས་རེ་རེ་བ་མེད་པར་སྔོ་སོགས་ཀྱི་ཚོགས་པ་ལྷག་མས་མིག་ཤེས་བསྐྱེད་ཀྱང་། སྔོ་སོགས་ཀྱི་ཚོགས་པ་ལ་མིག་ཤེས་བསྐྱེད་པའི་ནུས་པ་མེད་པར་མི་འགྱུར་བ་བཞིན་ནོ་ཞེ་ན། དཔེ་དོན་མི་མཚུངས་སོ་ཞེས་སྟོན་པ་དེ། སྔོ་སེར་ལ་སོགས་པ་རྣམས་ཆོས་ཅན། ཁྱོད་རྣམས་རེ་རེ་བར་མ་ཟད། ཚོགས་པ་ལའང་མིག་ཤེས་བསྐྱེད་པའི་ནུས་པ་གྲུབ་སྟེ། ཁྱོད་རྣམས་སོ་སོར་ཡང་མིག་གི་རྣམ་ཤེས་གཅིག་ལ་ཕན་འདོགས་པའི་ནུས་པ་མཐོང་བའི་ཕྱིར། དེས་ན་བ་ལང་གི་གསལ་བ་རྣམས་ཆོས་ཅན། ཁྱོད་རྣམས་སོ་སོ་བ་དང་ཚོགས་པ་ལ་ཇི་ལྟ་ཡང་སྤྱི་བློ་གཅིག་བསྐྱེད་པའི་ནུས་པ་ཡོད་པ་དེ་ལྟར་མིན་པར་ཐལ། སྤྱི་དངོས་པོ་བ་མེད་ན་ཁྱོད་རྣམས་ཀུན་ཚོགས་ཀྱང་སྤྱི་བློ་མི་བསྐྱེད་ལ། སྤྱི་དངོས་པོ་བ་ཡོད་ན་ཁྱོད་རྣམས་ཀུན་མེད་ཀྱང་སྤྱི་བློ་བསྐྱེད་པའི་ཕྱིར་རོ། །གལ་ཏེ་གསལ་བ་དེ་དག་གང་རུང་རེ་རེ་གྲོགས་སུ་ཡོད་པ་ལ་ལྟོས་ནས་སྤྱི་བློ་སྐྱེ་བས་སྤྱི་དངོས་པོ་བ་དེ་འབའ་ཞིག་གི་ནུས་པ་ལས་སྤྱི་བློ་སྐྱེ་བ་མིན་ནོ་ཞེ་ན། བ་ལང་གི་གསལ་བ་དེ་དག་ཆོས་ཅན། ཁྱོད་རྣམས་འབྲས་བུ་གཅིག་ལ་ཕན་འདོགས་བྱེད་དུ་མི་རུང་བའི་རྒྱུ་མཚན་གྱིས་ཇི་ལྟར་ན་སྤྱི་བློ་གཅིག་ལ་ཕན་འདོགས་བྱེད་དུ་མི་རུང་བ་ཡིན་ཏེ་མིན་པར་ཐལ། སྤྱི་དངོས་པོ་བ་དེ་གཅིག་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར་རོ། །

གལ་ཏེ་གསལ་བ་རྣམས་སྤྱི་ལ་ཕན་འདོགས་བྱེད་ཡིན་ཀྱང་སྤྱི་གསལ་བའི་འབྲས་བུ་མ་ཡིན་ནོ་ཞེ་ན། སྤྱི་འདི་ཆོས་ཅན། གསལ་བ་དེ་རྣམས་ཀྱི་འབྲས་བུར་འགྱུར་བར་ཐལ། གསལ་བ་རྣམས་ཁྱོད་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། ཕན་འདོགས་བྱེད་གང་ཡིན་བསྐྱེད་པར་བྱེད་པ་ཡིན་པའི་ཕྱིར། གལ་ཏེ་གསལ་བ་རྣམས་ཐ་དད་མིན་པར་གཅིག་ཏུ་སྣང་བའི་སྤྱི་བློ་དེ་གསལ་བ་ཐ་དད་པ་རྣམས་ལས་སྐྱེ་བར་མི་འདོད་དེ་མི་རིགས་པས་སྤྱི་བློའི་རྒྱུ་སྤྱི་དངོས་པོ་བ་ཡོད་དོ་ཞེ་ན། བ་ལང་གི་སྤྱི་བློ་ཆོས་ཅན། བ་ལང་གི་གསལ་བ་རྣམས་ཐ་དད་དུ་སྣང་བ་ཡིན་པར་ཐལ། སྤྱི་དངོས་པོ་བ་གཅིག་གི་སྒོ་ནས་བ་ལང་གི་གསལ་བ་དེ་དག་མཚུངས་སོ་ཞེས་འཛིན་པའི་ཕྱིར། གལ་ཏེ་གསལ་བ་དེ་དག་ཆོས་ཅན། ཇི་ལྟར་ན་སྣང་བ་ཐ་དད་པའི་བློས་གཟུང་བྱ་ཡིན་ཏེ་མ་ཡིན་པར་ཐལ། མཚུངས་པར་གཟུང་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱི་དངོས་པོ་བ་ཡང་ཡོད། གསལ་བ་ཐ་དད་པ་ཡང་ཡོད་པ་ལ་མཚུངས་པར་འཛིན་པ་རིགས་ཀྱི། ཤིན་ཏུ་ཐ་མི་དད་པ་མཚུངས་པར་འཛིན་པ་མི་རིགས་སོ་ཞེ་ན། བ་ལང་གི་གསལ་བ་རྣམས་ཆོས་ཅན། སྤྱི་དངོས་པོ་བ་ཡོད་པའི་སྒོ་ནས་རིགས་གཅིག་ཏུ་གཟུང་བྱ་མ་ཡིན་པར་ཐལ། ཁྱོད་རྣམས་བཞོ་བཀལ་ལ་སོགས་འབྲས་བུ་རིགས་གཅིག་བྱེད་པར་འདྲ་བའི་སྒོ་ནས་རིགས་གཅིག་ཏུ་གཟུང་བྱ་ཡིན་པའི་ཕྱིར། གལ་ཏེ་བ་ལང་གི་གསལ་བ་དེ་དག་འབྲས་བུ་དབང་བློ་དེ་ཡང་ཐ་དད་ལ། བཞོ་བཀལ་ལ་སོགས་འབྲས་བུ་གཞན་ཡང་ཐ་དད་དོ་ཞེ་ན། བ་ལང་གི་གསལ་བ་རྣམས་འཛིན་པའི་དབང་བློ་རྣམས་ནི་ཆོས་ཅན། རིགས་ཐ་དད་མེད་པ་ཡིན་ཏེ། བ་ལང་གི་གསལ་བ་རྣམས་རིགས་གཅིག་ཏུ་རྟོགས་པའི་སྤྱི་བློའི་རྒྱུར་མཚུངས་པའི་ཕྱིར་ཡང་བ་ལང་གི་གསལ་བ་རྣམས་ཀྱང་ཆོས་ཅན། རིགས་ཐ་མི་དད་པ་ཡིན་ཏེ། རང་འཛིན་དབང་བློ་དང་རང་རིགས་གཅིག་ཏུ་རྟོགས་པའི་སྤྱི་བློ་གཅིག་གི་རྒྱུ་དངོས་པོར་མཚུངས་པའི་ཕྱིར། གལ་ཏེ་གསལ་བ་རྣམས་འབྲས་བུ་མཚུངས་པ་དེ་ཉིད་སྤྱི་ཡིན་ནོ་ཞེ་ན། བ་ལང་གི་གསལ་བ་རྣམས་ཀྱི་འབྲས་བུ་མཚུངས་པ་དེའང་ཆོས་ཅན། སྤྱི་དངོས་པོ་བ་མ་ཡིན་ཏེ། བཞོ་བཀལ་ལ་སོགས་བ་ལང་འབྲས་བུ་ཅན་ཡིན་པ་དང་བྲལ་བའི་གཞན་སེལ་ཡིན་པའི་ཕྱིར་རོ། །དེས་ན་བ་ལང་གི་གསལ་བ་རྣམས་ཆོས་ཅན། རྟོག་པའི་སྣང་ཡུལ་ལས་གཞན་པའི་སྤྱི་དངོས་པོ་བ་མེད་དེ། རྟོག་པའི་སྣང་ཡུལ་དེ་ལས་གཞན་པ་ཁྱེད་རྣམས་ཀྱི་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་བ་ཚད་མས་མ་མཐོང་བའི་ཕྱིར་དང་། དེ་འདྲ་དེ་རིགས་པ་ཡང་དག་གིས་བཀག་པའི་ཕྱིར་ཡང་ངོ་། དེས་ན་བ་ལང་ཞེས་པའི་ངག་གི་བརྡའ་ནི་ཆོས་ཅན། སྤྱི་དངོས་པོ་བ་མེད་ཀྱང་ཁྱོད་སྦྱར་བ་དོན་ཡོད་དེ། བཞོ་བཀལ་ལ་སོགས་པའི་དོན་བྱེད་པ་དེ་རིག་ཅིང་རྟོགས་པའི་དོན་ནམ་དགོས་པ་ཅན་ཡིན་པའི་ཕྱིར། གལ་ཏེ་ངག་གི་བརྡའི་ཡུལ་ནི་སྒྲོ་བཏགས་ཡིན་པས་དོན་བྱེད་མི་ནུས་པའི་ཕྱིར་ན་བརྡ་སྦྱར་བའི་དགོས་པ་མི་གྲུབ་བོ་ཞེ་ན། སྒྲའི་ཡུལ་སྒྲོ་བཏགས་ཡིན་ཀྱང་བརྡའི་དགོས་པ་འགྲུབ་པར་སྟོན་པ་དེ། བ་ལང་ཞེས་པའི་སྒྲ་ཆོས་ཅན། ཐ་སྙད་ཀྱི་དུས་སུ་བཞོ་བཀལ་ལ་སོགས་པའི་དོན་བྱེད་པའི་བ་ལང་རང་མཚན་པ་རྣམས་ལ་མི་བསླུ་བར་ཡོད་པར་འདོད་དེ། ཁྱོད་ཐ་སྙད་ཀྱི་དུས་སུ་བཞོ་བཀལ་ལ་སོགས་པའི་དོན་དེ་མི་བྱེད་པ་ཡོངས་སུ་སྤངས་ནས་བ་ལང་ལ་ཐུན་མོང་མ་ཡིན་པར་འཇུག་པའི་ཡན་ལག་གི་ངོ་བོ་ཡིན་པའི་ཕྱིར་དང་། རིགས་མཐུན་མི་མཐུན་གྱི་དངོས་པོ་ཀུན་ལས་ཐ་དད་པའི་བ་ལང་རང་མཚན་ནས་བརྒྱུད་ནས་བརྟེན་པ་ཅན་ཡིན་པའི་ཕྱིར། རྟགས་ཟུར་སྔ་མ་སྒྲུབ་པ་དེ་ཐ་སྙད་ཀྱི་དུས་སུ་བ་ལང་ལ་ཐུན་མོང་མ་ཡིན་པར་འཇུག་པར་བྱེད་དེ། རང་ཉན་པ་པོའི་རྒྱུད་ལས་བཞོ་བཀལ་ལ་སོགས་པའི་དོན་དེ་བྱེད་པ་མིན་པ་ལ། དོན་དེ་བྱེད་པ་དང་འདྲ་བའི་ངོ་བོར་སྣང་ཞིང་ཞེན་པ་ཅན་གྱི་བློ་རྟོག་པ་བསྐྱེད་པར་བྱེད་པའི་ངག་གི་ཐ་སྙད་ཡིན་པའི་ཕྱིར། དེས་སྒྲ་ལས་སྐྱེས་བུ་དོན་ལ་འཇུག་པའི་རྒྱུ་མཚན་བསྟན་ནས། རྟགས་ཟུར་ཕྱི་མ་སྒྲུབ་པ་དེ། བ་ལང་རང་མཚན་པ་ལ་བརྒྱུད་ནས་བརྟེན་པ་ཅན་ཡིན་ཏེ། རང་ཉན་པ་པོའི་རྒྱུད་ལ་རང་ལ་སྣང་བ་ལྟར་གྱི་གཟུང་དོན་རང་མཚན་པ་མེད་པ་ཡིན་ཀྱང་། རིགས་མཐུན་རིགས་མི་མཐུན་གྱི་དངོས་པོ་ཀུན་ལས་ཐ་དད་པའི་བ་ལང་རང་མཚན་གྱི་དངོས་པོ་ཙམ་གྱི་ས་བོན་ནི་རྒྱུ་ཅན་གྱི་བློ་རྟོག་པ་བསྐྱེད་པར་བྱེད་པའི་ངག་གི་ཐ་སྙད་ཡིན་པའི་ཕྱིར་རོ། །དེས་སྒྲ་ལ་ཞུགས་པ་ན་དོན་ལ་མི་བསླུ་བའི་རྒྱུ་མཚན་བསྟན་ནས། དོན་བསྡུ་བ་ནི། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། བ་ལང་ཞེས་པའི་སྒྲ་ཆོས་ཅན། གཞན་སེལ་བའི་ཡུལ་ཅན་ཡིན་ཏེ། ཐ་སྙད་དུ་བཞོ་བཀལ་ལ་སོགས་པའི་དོན་མི་བྱེད་པ་དེ་སྤོང་བར་བྱེད་ཅིང་། བ་ལང་རང་མཚན་པ་ལས་བརྒྱུད་ནས་བརྟེན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ད་གཞན་སེལ་ལ་བརྡ་སྦྱོར་བ་མི་སྲིད་དོ་ཞེས་རྒོལ་བ་དེ། ཤིང་ལ་བརྡ་སྦྱོར་བའི་སྐྱེས་བུ་ཆོས་ཅན། ཁྱོད་ཀྱིས་ཤིང་དང་ཤིང་མ་ཡིན་གཉིས་པོ་རྟོགས་པ་དག་ཕན་ཚུན་བརྟེན་པར་ཐལ། ཁྱོད་ཀྱིས་ཤིང་མ་ཡིན་ལས་ལྡོག་པ་སྟེ་ཤིང་མ་ཡིན་བཅད་པའི་སྒོ་ནས་ཤིང་དོན་འཛིན་ཅིང་། ཤིང་བཅད་ནས་ཤིང་མ་ཡིན་འཛིན་དགོས་པའི་ཕྱིར། འདོད་ན། ཤིང་དང་ཤིང་མ་ཡིན་གང་རུང་གཅིག་འཛིན་པ་མེད་པར་ཐལ། དེ་ཡང་འདོད་ན། ཤིང་དང་ཤིང་མ་ཡིན་གཉིས་ཀ་མི་འཛིན་པར་འགྱུར། དེ་ཡང་འདོད་ན། དེའི་ཕྱིར་ན་ཤིང་མ་ཡིན་བཅད་ནས་ཤིང་ལ་བརྡ་བཏགས་པ་མི་སྲིད་པར་ཐལ་ལོ་ཞེས་གཞོན་ནུ་མ་ལེན་ལ་སོགས་ཁ་ཅིག་སྨྲའོ། །སྤྱི་དངོས་པོ་བ་སྨྲ་བ་དེ་དག་གི་ལྟར་ན། ཤིང་གི་བརྡ་འདོགས་པའི་ཡུལ་དེ་ལ་ཤིང་མ་ཡིན་རྣམ་པར་གཅོད་དམ་འོན་ཏེ་མ་ཡིན། གལ་ཏེ་རྣམ་པར་གཅོད་ན། ཤིང་ལ་བརྡ་སྦྱོར་བའི་སྐྱེས་བུ་ཆོས་ཅན། ཤིང་ལ་བརྡ་འདོགས་པའི་སྔ་རོལ་དུ་ཤིང་མ་ཡིན་ཇི་ལྟར་ཤེས་ཏེ་མི་ཤེས་པར་ཐལ། དེའི་སྔ་རོལ་དུ་ཤིང་གི་དོན་འཛིན་པ་མེད་པའི་ཕྱིར། འདོད་ན། ཤིང་ལ་ཐ་སྙད་འདོགས་མི་ནུས་པར་ཐལ་ལོ། །གལ་ཏེ་མི་གཅོད་ན། དེ་ཆོས་ཅན། ཤིང་སྒྲ་ལས་ཤིང་ལ་ཐ་སྙད་འདོགས་པར་བྱེད་པའི་སྐྱེས་བུ་རྣམས་ཤིང་མ་ཡིན་དེ་ཡོངས་སུ་སྤངས་ནས་ཤིང་ལ་ཐུན་མོང་མ་ཡིན་པར་འཇུག་པར་མི་འགྱུར་བར་ཐལ། དེའི་སྔ་རོལ་དུ་ཤིང་བརྡའི་ཡུལ་དེ་ལ་ཤིང་མ་ཡིན་དེ་དག་མི་སེལ་བའི་ཕྱིར། དཔེར་ན་སྐབས་དང་ཤུགས་ལ་སོགས་པའི་ངེས་པ་མེད་པར་ཤིང་སྒྲ་ལས་ཤིང་གི་ཁྱད་པར་ཤ་པ་ལ་སོགས་མི་གོ་བ་བཞིན་ནོ། །གལ་ཏེ་གཞན་ཤིང་མ་ཡིན་བཀག་ནས་ཤིང་མི་སྒྲུབ་པར་མདུན་ན་གནས་པའི་ཤིང་སྤྱི་དངོས་པོ་བ་གཅིག་རབ་ཏུ་བསྟན་པ་འདི་ཤིང་ཡིན་ནོ་ཞེས་སྒྲུབ་པའི་སྒོ་ནས་བརྡ་བྱེད་ལ། ཐ་སྙད་ཀྱི་དུས་སུ་ཤིང་སྒྲ་ལས་ཤིང་ལ་ཐ་སྙད་འདོགས་པའི་ཚེ་ན་ཡང་ཤིང་སྤྱི་དངོས་པོ་བ་དེ་རྟོགས་པར་འགྱུར་ལ། རྒྱུ་མཚན་དེའི་ཕྱིར་འཛིན་པ་མེད་ན་ཇི་ལྟར་ཤེས་ཀྱི་ཉེས་པ་འདི་མེད་དོ་སྙམ་ན། འདི་ཡང་ཤིང་ཡིན་ཞེས་བརྡ་སྦྱར་རམ། འདི་ཁོ་ན་ཤིང་ཡིན་ཞེས་སྦྱར། དང་པོ་ལྟར་ན། དེ་ཡོངས་སྤངས་ནས་འཇུག་པར་གྱི་སྐྱོན་ཐལ་བ་ལྡོག་པ་མེད་པར་སོ་ན་གནས་ལ། གཉིས་པ་ལྟར་ན། འཛིན་པ་མེད་ན་ཇི་ལྟར་ཤེས་ཀྱི་སྐྱོན་ཐལ་བ་ལྡོག་པ་མེད་པར་སོ་ན་གནས་སོ། །དེས་མགོ་མཚུངས་ཀྱི་ལན་བསྟན་ནས་རྣལ་མའི་ལན་སྟོན་པ་དེ། ཤིང་གསལ་རྣམས་རིགས་གཅིག་ཏུ་རྟོགས་པའི་ཤིང་གི་སྤྱི་འཛིན་ཤེས་པ་གཅིག་ལ་སེམས་རྒྱུད་གནས་པའི་རྟོགས་པ་པོས་ཤིང་གི་འབྲས་བུ་སྤྱི་བློ་དེའི་རྒྱུ་ཤིང་གསལ་རྣམས་དང་རྒྱུ་དེ་མིན་པའི་དོན་རྣམས་ཤིང་སྤྱི་དངོས་པོ་བ་འཛིན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་བརྡའི་སྔ་རོལ་དུ་ཤིང་དང་ཤིང་མ་ཡིན་སོ་སོར་རྣམ་པར་འབྱེད་པར་བྱེད་པས་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་མེད་དོ། །སྦྱོར་བ་འོག་ལྟར་དུ་འགོད་དེ། དེ་ཉིད་འཆད་པ་དེ་ཤིང་གསལ་ལ་བརྡ་སྦྱོར་བའི་སྐྱེས་བུ་ཆོས་ཅན། ཤིང་སྤྱི་དངོས་པོ་བ་འཛིན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་བརྡའི་སྔ་རོལ་དུ་ཤིང་དང་ཤིང་མ་ཡིན་ཐ་དད་པར་ནི་ཤེས་པར་འགྱུར་ཏེ། ཁྱོད་ཀྱི་རྒྱུད་ཀྱི་སྤྱི་བློ་དེ་ལ་ཡོད་པ་སྟེ་སྣང་བའི་སྣང་ཡུལ་དེའི་དངོས་པོ་དེ་སྤྱི་བློའི་རྒྱུ་ཕྱི་རོལ་གྱི་ཤིང་ལྟ་བུ་དང་རྒྱུ་མིན་པའི་ངོ་བོ་ཤིང་མ་ཡིན་དང་བྲལ་བ་ལྟ་བུ་དང་། ཕྱི་རོལ་གྱི་ཤིང་དང་ངོ་བོ་གཅིག་འདྲ་བར་སྣང་ཞིང་ཞེན་ནས་ཤིང་ལ་འཇུག་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། ཤིང་མ་ཡིན་ལས་ཐ་དད་པའི་ཤིང་གསལ་གཞན་༼སེལ་༽ལ་སྐད་དེ་ཤིང་བརྡ་སྦྱོར་བ་ལ་རྟོག་པ་ཕན་ཚུན་བརྟེན་པའི་ཉེས་པ་མེད་དེ། ཤིང་སྤྱི་དངོས་པོ་བ་འཛིན་པ་ལ་མི་ལྟོས་པར་བརྡ་སྦྱོར་གྱི་སྐྱེས་བུ་རང་ཉིད་ཀྱིས་བརྡའི་སྔ་རོལ་དུ་ཤིང་དང་ཤིང་མ་ཡིན་ཐ་དད་དུ་ཤེས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་སེལ་བ་སྨྲ་བ་ལ་རྟོག་པ་ཕན་ཚུན་བརྟེན་པའི་སྐྱོན་མེད་དུ་ཆུག་ཀྱང་ཐ་སྙད་ཀྱི་ཤིང་ཤིང་དུ་མི་རྟོགས་པའི་སྐྱོན་ཡོད་དེ། ཤིང་སྤྱི་དངོས་པོ་བ་ནི་མེད་ལ། བརྡ་དུས་ཀྱི་ཤིང་རྣམས་ཐ་སྙད་ཀྱི་དུས་སུ་རྗེས་སུ་མི་འགྲོ་བའི་ཕྱིར་ཞེ་ན། ཤིང་སྒྲ་དེ་ཆོས་ཅན། ཤིང་སྤྱི་དངོས་པོ་བ་མེད་པས་ཁྱོད་ལས་ཐ་སྙད་ཀྱི་དུས་སུ་ཤིང་མི་རྟོགས་པའི་སྐྱོན་མེད་དེ། ཁྱོད་ལས་ཤིང་གསལ་དེ་རྟོགས་པར་གྱུར་པའི་བློ་དེ་སྣང་བརྟགས་གཅིག་ཏུ་འཁྲུལ་པའི་སྒོ་ནས་བརྡ་དང་ཐ་སྙད་དུས་ཀྱི་ཤིང་གསལ་རྣམས་དངོས་པོ་གཅིག་ལྟར་དུ་རྟོགས་ནས་ཤིང་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་སྒྲ་ཐམས་ཅད་སེལ་བའི་ཡུལ་ཅན་དུ་མི་འགྲུབ་སྟེ། ཤེས་བྱ་གཞལ་བྱ་ཞེས་སོགས་ཀྱི་སྒྲའི་བསལ་བྱ་ཤེས་བྱ་གཞལ་བྱ་མ་ཡིན་པ་མེད་པའི་ཕྱིར་ཞེ་ན། བུམ་པས་ཆུ་འོན་ཅིག་ཅེས་པའི་སྒྲ་ནི་ཆོས་ཅན། ཉན་པ་པོའི་བློ་དེས་མི་འདོད་པའི་དོན་འགའ་ཞིག་ལས་རྣམ་པར་བཟློག་ནས་འདོད་པའི་དོན་འགའ་ཞིག་ལ་འཇུག་པར་བྱ་བའི་ཕྱིར་དུ་ཁྱོད་རབ་ཏུ་སྦྱོར་བར་བྱེད་དེ། ཁྱོད་ཀྱིས་རང་གི་བརྗོད་བྱའི་དོན་དེ་ངེས་པར་བཟུང་བའི་ཚུལ་གྱིས་སྟོན་པའི་ཕྱིར་རོ། །ཁྱབ་སྟེ། ཉན་པ་པོས་མི་འདོད་པའི་དོན་ལས་བཟློག་ནས་འདོད་པའི་དོན་ལ་འཇུག་པར་བྱེད་པ་ལས་གཞན་དུ་འཇུག་པར་མི་བྱེད་ན་ཁྱོད་ངེས་བཟུང་གི་ཚུལ་གྱིས་བརྡ་སྦྱོར་བ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །དེས་ན་དངོས་མེད་ཤེས་བྱའོ། །ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་གཞལ་བྱའོ་ཞེས་སོགས་བླང་དོར་གྱི་ཐ་སྙད་དུ་འཇོག་པ་སྟེ། གནས་པའི་ཚིག་རྣམས་ཆོས་ཅན། ཁྱོད་ལ་རང་སྨྲ་བ་པོའི་འདོད་པས་དམིགས་པའི་འགལ་ཟླ་འགའ་ཞིག་རྣམ་པར་གཅོད་པར་བྱེད་པ་ཡོད་དེ། ཉན་པ་པོས་མི་འདོད་པའི་དོན་ལས་བཟློག་ནས་འདོད་པའི་དོན་ལ་འཇུག་པར་བྱ་བའི་ཕྱིར་དུ་བརྡ་སྦྱར་བ་དེས་ནའི་ཕྱིར། དེ་ལྟར་དུ་སྒྲ་གཞན་སེལ་བའི་ཡུལ་ཅན་ཡིན་པ་ལ་གནོད་བྱེད་མེད་ཅིང་རིགས་པས་འཐད་དོ་ཞེས་བསྟན་ནས། དེ་ཉིད་སློབ་དཔོན་གྱི་དགོངས་པ་ཡིན་ནོ་ཞེས་སྟོན་པ་ནི། ཤིང་མ་ཡིན་གང་ཞིག་ཤིང་གང་ལས་ཐ་དད་པའི་ཤིང་མ་ཡིན་དེ་རྣམ་པར་བཟློག་ནས་ཤིང་མ་ཡིན་དེ་དག་ལས་ཐ་དད་པའི་ཤིང་གསལ་གྱི་ཁྱད་པར་རྣམས་རྣམ་པ་མཚུངས་པར་སྣང་བ་ཅན་གྱི་ཤིང་གི་གཞན་སེལ་དེ་ཉིད་ལ་ཤིང་ཞེས་པའི་སྒྲ་བརྡ་འགོད་པར་སློབ་དཔོན་གྱིས་རབ་ཏུ་བཤད་དོ། །ཚིག་གང་གིས་ན། དོན་གཞན་ལས་ལྡོག་པ་དངོས་པོ་དེའི་ཆ་འགའ་ཞིག་རྟོགས་པར་འགྱུར། ཞེས་པ་དང་། སྒྲས་ནི་དོན་གཞན་ལས་ལྡོག་པས་ཁྱད་པར་དུ་བྱས་པའི་ཁྱད་པར་གོ་བར་བྱེད་དོ་ཞེས་པས་བཤད་དོ། །ཤིང་འཛིན་རྟོག་པའི་སྣང་ཡུལ་ཆོས་ཅན། ཤིང་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། དེ་ཡིན་པར་སློབ་དཔོན་གྱིས་དོན་མཐུན་དུ་བཤད་པའི་ཕྱིར་རོ། །གལ་ཏེ་ལུང་དང་པོ་དངོས་པོ་དེའི་ཆ་འགའ་ཞིག་རྟོགས་སོ་ཞེས་པས་སྒྲའི་དོན་དངོས་པོ་བ་གཅིག་བསྟན་ཏོ་སྙམ་ན། ཤིང་འཛིན་རྟོག་པ་ལ་སྣང་བའི་ཤིང་གི་གཞན་སེལ་འདི་ཆོས་ཅན། ཁྱོད་ལའང་དོན་དམ་པར་ངོ་བོ་ཅུང་ཟད་ཀྱང་མེད་དེ། འདི་སྟེ་ཁྱོད་དོན་དམ་པར་དངོས་པོར་མེད་ཀྱང་སེལ་ངོར་དོན་དམ་གྱི་དངོས་པོ་དང་ལྡན་པ་ལྟར་དུ་མཐོང་བ་གང་ཡིན་པ་དེ་ཤིང་གི་སྤྱི་འཛིན་གྱི་བློ་ཡིས་བསླད་ཅིང་སྒྲོ་བཏགས་པ་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ན་འདི་སྟེ་ཁྱོད་དོན་དམ་པར་ཡོད་པ་མ་ཡིན་ནོ། །

དེ་ཉིད་བཟློག་པའི་སྒོ་ནས་སྟོན་པ་ནི། རྟོག་པ་ལ་སྣང་བའི་ཤིང་གི་གཞན་སེལ་དེ་སྒྲོ་བཏགས་ཡིན་པ་ལས་གཞན་དུ་དོན་རང་མཚན་པ་ཡིན་ན་ཤིང་མ་ཡིན་གྱི་དངོས་པོ་ལས་ལྡོག་པའི་ཤིང་གི་གཞན་སེལ་དེ་ཆོས་ཅན། དོན་དམ་པར་ཤིང་གི་དངོས་པོར་མི་འགྱུར་བར་ཐལ། པ་ལ་ཤ་ལས་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་ཕྱིར། གལ་ཏེ་རྫས་གཅིག་ཅེ་ན། ཤིང་ད་བ་ལ་སོགས་པ་ཆོས་ཅན། ཤིང་མ་ཡིན་ལས་ལྡོག་པར་མི་འགྱུར་བར་ཐལ། པ་ལ་ཤ་ལས་རྫས་ཐ་དད་ཡིན་པའི་ཕྱིར། གལ་ཏེ་རྫས་ཐ་དད་ཞེ་ན། པ་ལ་ཤ་ཆོས་ཅན། དེར་ཐལ། ཤིང་མ་ཡིན་ལས་ལྡོག་པ་ལས་རྫས་ཐ་དད་པ་ཡིན་པའི་ཕྱིར། གཉིས་ཀའི་ཁྱབ་པ་ཁས་བླངས་སོ། །འདོད་མི་ནུས་ཏེ། པ་ལ་ཤ་འདི་ཤིང་མ་ཡིན་འདི་ལས་ཐ་དད་ཅིང་ལྡོག་གོ་ཞེས་ནི་ཁྱོད་ཀྱིས་བརྗོད་ཅིང་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་ལུང་གཉིས་པ་དེས་ལྡོག་པ་དོན་གཞན་གྱིས་ཁྱད་པར་དུ་བྱས་པའི་ཁྱད་པར་ཞིག་སྒྲའི་བརྗོད་བྱར་བསྟན་ཏོ་སྙམ་ན། སྒྲས་ནི་དོན་གཞན་ལས་ལྡོག་པར་ཁྱད་པར་དུ་བྱས་པའི་ཁྱད་པར་དག་གོ་བར་བྱེད་དོ་ཞེས་པའི་ལུང་དེ་ཆོས་ཅན། ལྡོག་པ་དོན་གཞན་གྱིས་ཁྱད་པར་དུ་བྱས་པ་ཁྱད་པར་ཞིག་སྒྲའི་བརྗོད་བྱར་བསྟན་པ་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་རྣམས་ལས་རྟོག་པ་ལ་སྣང་བའི་མ་ཡིན་དགག་གི་གཞན་སེལ་དེ་དངོས་སུ་རྟོགས་པ་ཉིད་ཀྱིས་གཞན་རིགས་མི་མཐུན་ལས་བཟློག་པ་ལྡོག་པ་མེད་དགག་གི་གཞན་སེལ་དེ་ཤུགས་ལ་རྟོགས་པར་འགྱུར་བ་ཙམ་ཡིན་པའི་ཕྱིར། རྟོག་པ་ལ་སྣང་བའི་ཤིང་གི་གཞན་སེལ་དེ་ཆོས་ཅན། སྒྲ་ལས་བྱེད་ཆོས་དོན་གཞན་འགའ་ཡིས་ཁྱད་པར་དུ་བྱས་པའི་གཞན་སེལ་རྟོགས་པ་མ་ཡིན་ཏེ། ཁྱོད་ལ་ནི་བྱེད་ཆོས་དོན་གཞན་འགའ་ཡིས་ཁྱད་པར་དུ་བྱས་པར་རྟོགས་པར་འགྱུར་བའི་ཆོས་དོན་གཞན་འགའ་ཡང་མེད་པའི་ཕྱིར། གལ་ཏེ་གཞོན་ནུ་མ་ལེན་ལ་སོགས་པ་ན་རེ། ཤིང་མ་ཡིན་གཅོད་པ་དང་ཤིང་གཉིས་སྒྲའི་བརྗོད་བྱར་བྱས་ནས། སྒྲ་གཅིག་གིས་བྱ་བ་གཉིས་མི་འགྲུབ་པས་ཤིང་མ་ཡིན་གཅོད་པའི་སྒྲ་དང་ཤིང་གི་སྒྲ་གཉིས་སྦྱོར་དགོས་པར་འགྱུར་རོ་ཞེ་ན། ཤིང་སྒྲ་ཆོས་ཅན། ཤིང་མ་ཡིན་གཅོད་པ་དང་ཤིང་བརྗོད་པའི་བྱ་བ་དོན་གཞན་གཉིས་བྱེད་པའང་མ་ཡིན་ཏེ། ཤིང་མ་ཡིན་བཅད་ནས་ཤིང་སྟོན་པའི་ཕྱིར་ཏེ། ཤིང་དང་ཤིང་མ་ཡིན་གཉིས་ཕན་ཚུན་གཅིག་ལ་གཅིག་ཡོད་པ་མིན་པར་ཡོངས་གཅོད་རྣམ་གཅད་ཀྱི་སྒོ་ནས་འགལ་བའི་ཕྱིར། གལ་ཏེ་སྤྱི་དངོས་པོ་བ་སྒྲའི་བརྗོད་བྱར་མེད་ན་གསལ་བ་རང་མཚན་པ་རྣམས་སྒྲའི་བརྗོད་བྱར་འགྱུར་ལ། དེ་ལྟར་ཡིན་ན་རང་མཚན་ལ་ཆ་ཤས་མེད་པས་ཆོས་གཅིག་བརྗོད་ཅིང་ངེས་པར་འགྱུར་རོ་ཞེ་ན། སྒྲ་རྟོག་གང་གིས་ཆོས་གཅིག་བརྗོད་ཅིང་ངེས་པར་བྱེད་པ་ལས་དེའི་ཆོས་མ་ལུས་པ་ནི་བརྗོད་ཅིང་དངོས་པོ་རང་མཚན་པ་དེའི་ནུས་པའི་སྟོབས་ཡིན་ན་ཡང་། སྒྲ་མི་རྟག་ཅེས་པའི་སྒྲའམ་དེ་ལྟར་སྒྲུབ་པའི་རྟགས་དང་རྗེས་དཔག་དེ་ནི་ཆོས་ཅན། སྒྲ་དེ་ལ་རྟག་པ་རྣམ་པར་བཅད་པའི་སྒྲ་རང་མཚན་མི་རྟག་པ་རང་མཚན་གྱི་དངོས་པོ་ཅི་ཡང་ཁྱོད་ཀྱིས་བརྗོད་ཅིང་ངེས་པར་བྱ་བའི་ཡུལ་དུ་མེད་དེ། རྟོག་པ་ལ་སྒྲ་དང་འདྲེས་པར་སྣང་བའི་རྟག་པའི་དོན་གཅིག་གཅོད་པའི་སྒོ་ནས་སྒྲོ་འདོགས་དུ་མའི་ནང་ནས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཅིག་པོ་དེ་གཅོད་པའི་བྱ་བ་ཙམ་བྱེད་པ་ཡིན་པའི་ཕྱིར། དེས་ན་སྒྲ་བྱས་མི་རྟག་ཅེས་བརྗོད་ཅིང་ངེས་པའི་སྒྲ་རྟོག་ཆོས་ཅན། ཁྱོད་རྣམས་འབྲས་བུའམ་དགོས་པ་དུ་མ་ཅན་དང་། རྟེན་ཆོས་ཅན་སྒྲ་གཅིག་ལ་འཇུག་པར་འགྱུར་ཏེ། ཁྱོད་རྣམས་རེ་རེས་ཀྱང་སྒྲོ་འདོགས་མི་འདྲ་བ་རེ་རེ་གཅོད་པའི་བྱ་བ་བྱེད་པ་དེས་ནའི་ཕྱིར་རོ། །

ད་སྒྲ་སེལ་བའི་ཡུལ་ཅན་ལ་གཞི་མཐུན་གྱི་ཐ་སྙད་འཐད་དོ་ཞེས་སྟོན་པ་ནི། སྔོན་པོ་ཞེས་པའི་སྒྲ་ཆོས་ཅན། གཞན་ཨུཏྤལ་བརྗོད་བྱར་མི་སྤོང་བར་གནས་ཏེ། སྔོ་མ་ཡིན་རྣམ་པར་གཅོད་པའི་སྔོན་པོའི་ལྡོག་པ་གཅིག་གཅིག་བརྗོད་བྱར་སྟོན་པ་ཙམ་ཡིན་པའི་ཕྱིར། ཁྱབ་སྟེ། སྔོན་པོ་དེས་ནི་ཨུཏྤལ་དེ་ལ་ཁྱབ་པ་སྟེ། དེ་གཉིས་མི་འགལ་བའི་ཕྱིར་རོ། །དེས་ན་གང་གི་ཚེ་ཨུཏྤལ་སྔོན་པོ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་རྗེས་སུ་འབྲང་བའི་བློ་ཡི་ངོར་བྱས་ནས་ཨུཏྤལ་དང་སྔོན་པོ་གཞི་མཐུན་པ་ཉིད་དུ་འགྱུར་ཏེ། ཁྱོད་ཀྱི་རྗེས་སུ་འབྲང་བའི་རྟོག་པ་ལ་ཨུཏྤལ་སྔོན་པོ་ལྡོག་པ་གཉིས་དང་ལྡན་པའི་ཆོས་ཅན་ཅིའི་ལྟར་བུར་སྣང་བའི་ཕྱིར་རོ། །སྒྲས་སེལ་བ་བརྗོད་ན་དོན་རང་མཚན་ཡང་ཐོབ་པར་བསྟན་པ་སྟེ། བུམ་སྒྲ་ནི་ཆོས་ཅན། བུམ་མ་ཡིན་རྣམ་པར་གཅོད་པར་བྱེད་པ་ནི་དངོས་པོའི་ཆོས་བུམ་པ་རང་མཚན་ལ་རེག་འགྱུར་བ་སྟེ་ཐོབ་པར་བྱེད་པ་མི་འགལ་ཏེ། བུམ་མ་ཡིན་གཅོད་པ་དེ་ནི་བུམ་པ་རང་མཚན་དེ་ལ་ཡོད་པའི་ཕྱིར་ཅེས་བྱའོ། །བཤད་མ་ཐག་པའི་ཡོན་ཏན་དེ་དག་སྤྱི་དངོས་པོ་བ་བརྗོད་པའི་ཡུལ་ཅན་ལ་མེད་དོ་ཞེས་སྟོན་པ་ནི། དེ་ཆོས་ཅན། བུམ་སྤྱི་དངོས་པོ་བ་གཅིག་བརྗོད་པ་ལས་བུམ་པ་རང་མཚན་ཐོབ་པར་བྱེད་པ་མིན་ཏེ། བུམ་སྤྱི་དངོས་པོ་བ་ཡོད་ན་བློ་ལ་སྣང་དུ་རུང་བ་ལ། དེ་བློ་ལ་སྣང་རུང་མིན་པའི་ཕྱིར་རོ། །ཁྱབ་སྟེ། སྣང་རུང་གི་དངོས་པོ་མ་དམིགས་པ་ལ་སྣང་རུང་གི་དངོས་པོ་མེད་པས་ཁྱབ་པར་ངེས་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་སློབ་དཔོན་ཕྱོགས་གླང་ཆོས་ཅན། ཁྱོད་ཀྱིས་རྗོད་བྱེད་ཀྱི་སྒྲ་རྣམས་དང་སྤྱིའི་ཡུལ་ཅན་གྱི་བློ་རྟོག་པ་རྣམས་སྤྱི་དངོས་པོ་བའི་ཡུལ་ཅན་དུ་མི་སྟོན་པར་གཞན་སེལ་བའི་ཡུལ་ཅན་དུ་བསྟན་པ་འཐད་དེ། སྒྲ་རྟོག་སེལ་བས་འཇུག་ན་གཞི་མཐུན་དང་དོན་རང་མཚན་ཐོབ་པ་འཐད་ཅིང་། སྤྱི་དངོས་པོ་བ་བརྗོད་པ་ལ་གཞི་མཐུན་དང་དོན་རང་མཚན་དེ་དག་ཐོབ་པར་མི་སྲིད་པའི་ཕྱིར། གལ་ཏེ་སྤྱི་དངོས་པོ་བ་ཡོད་ན་སྤྱི་གསལ་རྫས་གཅིག་གམ་ཐ་དད། གལ་ཏེ་གཅིག་ན། དངོས་པོ་སྟེ་བ་ལང་དང་བ་ལང་གི་གསལ་བ་རྣམས་ཆོས་ཅན། ངོ་བོ་སྟེ་རྣམ་པ་ཐ་དད་པའི་བློས་གཟུང་བྱ་གང་ལས་ཏེ་མ་ཡིན་པར་ཐལ། ངོ་བོ་སྟེ་རང་མཚན་གཅིག་ཉིད་ཡིན་པའི་ཕྱིར། འདོད་ན། གཞི་མཐུན་དུ་མི་རུང་བར་ཐལ་ལོ། །སྐྱོན་གཞན་ཡང་བ་ལང་གི་སྤྱི་ནི་ཆོས་ཅན། བ་ལང་ནག་སྒུར་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་ཡིན་པར་ཐལ། བ་ལང་གི་རིགས་སྤྱི་ཡིན་ཞིང་བ་ལང་དཀར་ཟལ་དང་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། ཆ་མེད་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། དོན་ཆ་མེད་གཅིག་ནི་རྗེས་སུ་འགྲོ་ལྡོག་གི་སྤྱོད་ཡུལ་ཅན་ཏེ་རང་བཞིན་ཅན་དུ་གནས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྫས་ཐ་དད་དུ་གྱུར་ན། ཤེས་བྱ་ཆོས་ཅན། ཨུཏྤལ་སྔོན་པོ་ཞེས་པའི་དབྱེར་མེད་པ་སྟེ་གཞི་མཐུན་གྱི་ཐ་སྙད་དག་ཀྱང་འཇུག་པའི་རྒྱུ་མེད་པར་འགྱུར། སྔོན་པོ་ཞེས་པས་ཡོན་ཏན་རྫས་གཞན་བརྗོད་ལ། ཨུཏྤལ་ཞེས་པས་སྤྱི་རྫས་གཞན་བརྗོད་པའི་ཕྱིར་རོ། །གལ་ཏེ་སེལ་བ་སྨྲ་བ་ལ་སྐྱོན་ཡོད་དམ་སྙམ་ན། སེལ་བ་སྨྲ་བའི་ལུགས་ལ་ཆོས་ཅན། སྤྱི་གཞི་མཐུན་སོགས་མེད་པར་ཐལ་བའི་ཉེས་པ་དེ་དག་མེད་དེ། སེལ་ངོར་རིགས་མི་མཐུན་ལས་ལྡོག་པའི་གཞན་སེལ་དེ་གསལ་བ་རིགས་མཐུན་ཀུན་ལ་ཁྱབ་པར་ཡོད་པའི་ཕྱིར། གལ་ཏེ་སྤྱི་དངོས་པོ་བ་མེད་ན་གསལ་བ་རྣམས་ལ་སྤྱིའི་ཐ་སྙད་མི་འཇུག་སྟེ་དེ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །

དེའི་ཕྱིར་གསལ་བ་རེ་རེ་ལ་བརྡ་མི་འདྲ་བ་རེ་རེ་སྦྱོར་དགོས་པ་ཧ་ཅང་ཐལ་ལོ་ཞེ་ན། རིགས་མཐུན་ཐ་དད་པ་བཞོ་བཀལ་ལ་སོགས་འབྲས་བུ་རིགས་གཅིག་པའི་བ་ལང་གི་གསལ་བ་དག་ལ་བ་ལང་གི་གསལ་བ་དེའི་བཞོ་བཀལ་སོགས་འབྲས་བུ་ཐུན་མོང་བ་གཅིག་ཡོད་པར་ཡོངས་སུ་བསྟན་པའི་ཕྱིར་དུ་བརྡ་ཞེས་པའི་རྒན་པོས་བ་ལང་ཞེས་པའི་སྒྲ་གཅིག་བརྡར་བྱས་པ་ཆོས་ཅན། བ་ལང་གི་སྤྱི་དངོས་པོ་བ་མེད་ཀྱང་ཁྱོད་བ་ལང་ལ་སྦྱར་བའི་རྒྱུ་མཚན་ཡོད་དེ། བ་ལང་གི་གསལ་བ་དེ་རྣམས་བཞོ་བཀལ་ལ་སོགས་པ་འབྲས་བུ་མེད་པ་ཅན་ལས་ལྡོག་པའི་གཞན་སེལ་ཏེ་རྒྱུ་ཅན་ཏེ་རྒྱུ་མཚན་དུ་བྱས་ནས་ཁྱོད་སྦྱར་བ་ཡིན་པའི་ཕྱིར། དེས་ན་བ་ལང་ལ་བརྡ་སྦྱོར་བའི་སྐྱེས་བུ་ཆོས་ཅན། བ་ལང་གི་གསལ་བ་རེ་རེ་ལ་བརྡ་མི་འདྲ་བ་རེ་རེ་སྦྱར་དགོས་པ་མ་ཡིན་ཏེ། གསལ་བ་རེ་རེ་ལ་བརྡ་མི་འདྲ་བ་ཐ་དད་པ་དག་སྦྱར་ཞིང་བསྟན་པ་ནི་ཤིན་ཏུ་དཀའ་བ་དང་མི་ནུས་པ་དང་འབྲས་བུ་དགོས་པའང་མེད་པའི་ཕྱིར་རོ། །གལ་ཏེ་རང་མཚན་སྒྲའི་བརྗོད་བྱར་ཡོད་ན་གསལ་བ་དུ་མ་ལ་སྤྱི་སྒྲ་འཇུག་པ་མི་འཐད་དོ་ཞེས་སྟོན་པ་ནི། ཤེས་བྱ་ཆོས་ཅན། དངོས་པོ་རང་མཚན་སྒྲའི་བརྗོད་བྱར་འདོད་པ་ལ་གསལ་བ་དུ་མ་ལ་སྤྱི་སྒྲ་གཅིག་འཇུག་པར་རིགས་པ་མིན་པར་ཐལ། དངོས་པོ་རང་མཚན་པ་ཀུན་རང་རང་གི་ངོ་བོ་གཞན་དང་མ་འདྲེས་པ་སོ་སོར་གནས་པས་རང་མཚན་ལ་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་བ་མེད་པའི་ཕྱིར་ཏེ། བ་ལང་ཁྲ་བོ་ཡི་ནི་ངོ་བོ་གང་ཡིན་པ་དེ་ནི་བ་ལང་སེར་སྐྱ་ལ་ཡོད་པ་མིན་པའི་ཕྱིར་རོ། །ད་ལྡོག་པ་ཡི་ནི་རྒྱུ་ཅན་གྱི་གཞུང་འཛུགས་པ་དེ། བ་ལང་ཁྲ་བོ་སེར་སྐྱ་གཉིས་ཀས་མཚོན་པའི་བ་ལང་གི་གསལ་བ་ཀུན་ལའང་ཁྱབ་བྱེད་དུ་ཡོད་པའི་བཞོ་བཀལ་ལ་སོགས་པ་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ཟློག་པའི་བ་ལང་གི་གཞན་སེལ་དེ་ཆོས་ཅན། སྤྱི་དངོས་པོ་བ་མེད་ཀྱང་བ་ལང་གི་གསལ་བ་རྣམས་ལ་སྤྱི་སྒྲ་ཐ་དད་མི་རིགས་པ་སྟེ་ཐ་མི་དད་གཅིག་འཇུག་པའི་རྒྱུ་མཚན་ཡིན་ཏེ། སེལ་ངོར་བ་ལང་མ་ཡིན་པ་ལས་ལྡོག་པའི་དོན་བ་ལང གི་གསལ་བ་རྣམས་ལ་ཐ་དད་མེད་པར་རྗེས་སུ་འགྲོ་བའི་གཞན་སེལ་ཡིན་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་ཐུན་མོང་བ་གཅིག་གསལ་བ་དུ་མ་ལ་སྤྱི་སྒྲ་གཅིག་འཇུག་པའི་རྒྱུ་མཚན་ཡིན་པ་དེའི་ཕྱིར་བཞོ་བཀལ་ལ་སོགས་པ་དེའི་འབྲས་བུ་ཐུན་མོང་བ་དེའི་སྤྱི་དངོས་པོ་བར་འདོད་ན། ཡང་བཞོ་བཀལ་ལ་སོགས་པའི་འབྲས་བུ་ཐུན་མོང་བ་ཆོས་ཅན། སྤྱི་དངོས་པོ་བ་མ་ཡིན་པར་ཐལ། བཞོ་བཀལ་ལ་སོགས་པ་དེའི་འབྲས་བུ་ཐུན་མོང་བ་དེ་མེད་པ་ལས་ཐ་དད་ཅིང་ལྡོག་པ་ཙམ་ཡིན་པའི་ཕྱིར་རོ། །དེར་མ་ཟད། གསལ་བ་དུ་མ་ལ་སྤྱི་སྒྲ་འཇུག་པའི་དཔེ་སྟོན་པ་ནི། དཔེར་ན་མིག་གཟུགས་སྣང་བ་ཡིད་བྱེད་ལ་སོགས་པ་ལས་རྫས་ཐ་དད་པའི་སྤྱི་དངོས་པོ་བ་མེད་ཀྱང་གཟུགས་འཛིན་མིག་གི་རྣམ་ཤེས་གཅིག་གིས་འབྲས་བུ་ཅན་ཏེ་རྒྱུའོ་ཞེས་དུས་རེས་འགའ་སྟོན་པ་དག་ནི་སྲིད་པར་འགྱུར་བ་བཞིན་ནོ། །དུས་ནམ་གྱི་ཚེ་ན། གང་ཕྱིར་ཏེ་གང་གི་ཚེ་མིག་གཟུགས་སྣང་བ་ཡིད་བྱེད་རྣམས་ཀྱི་ཁྱད་པར་མེད་པའི་ཐུན་མོང་གི་འབྲས་བུ་མིག་ཤེས་གཅིག་བསྐྱེད་དོ་ཞེས་སྟོན་པ་དེའི་ཚེའོ། །འགའ་ཞིག་སྟེ་མིག་གཟུགས་སྣང་བ་ཡིད་བྱེད་རྣམས་ཆོས་ཅན། དེའི་ངོ་བོ་སྟེ་རང་ལས་རྫས་ཐ་དད་པའི་སྤྱི་དངོས་པོ་བ་མེད་དུ་ཟིན་ནའང་ཁྱོད་རྣམས་ལ་སྤྱི་སྒྲ་གཅིག་བརྡ་སྦྱར་བའི་དགོས་པ་ཡོད་དེ། མིག་ཤེས་ཀྱི་རྒྱུ་ཚོགས་ཀུན་ཅིག་ཅར་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་བརྡ་ལས་བྱུང་བའི་སྒྲས་ཁྱོད་རྣམས་མིག་ཤེས་གཅིག་གི་རྒྱུའོ་ཞེས་བསྙད་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་མཚུངས་པས་གསལ་བ་དུ་མ་ལ་སྤྱི་སྒྲ་གཅིག་འཇུག་པར་མ་ཟད། སྤྱི་དངོས་པོ་བ་གཅིག་གནས་པའི་ཕྱིར་གསལ་བ་མང་པོ་དག་ལའང་མཉན་པ་སྒྲ་གཅིག་འཇུག་གོ་ཞེ་ན། སྤྱི་གསལ་བ་ལ་གནས་པ་དེ་མཁར་གཞོང་ལ་རྒྱ་ཤུགས་ཀྱི་ཚུལ་དུ་བརྟེན་ནམ། གསལ་བས་སྤྱི་གསལ་བར་བྱས་པའི་ཚུལ་གྱིས་བརྟེན་པ་ཡིན། སྤྱི་དེ་ལ་གནས་ཚུལ་གཉིས་པོ་དེ་ལྟར་གང་ཡང་མི་རིགས་སོ། །དེའི་རྒྱུ་མཚན། སྤྱི་ཆོས་ཅན། གསལ་བ་ལ་བརྟེན་པ་མིན་པར་ཐལ། ཁྱོད་ལ་གསལ་བས་ཕན་འདོགས་པ་མེད་པར་ཏེ་ཁྱོད་རྟག་པའི་ཕྱིར། གལ་ཏེ་རྒྱ་ཤུག་ཀྱང་མཁར་གཞོང་ལ་མི་བརྟེན་པར་ཐལ་ལོ་ཞེ་ན། མཁར་གཞོང་ཆོས་ཅན། རང་ནང་གི་རྒྱ་ཤུག་ལ་ཕན་མི་འདོགས་པ་བཞིན་དུ་རྒྱ་ཤུག་གི་རྟེན་བྱེད་པ་མ་ཡིན་པར་ཐལ། རང་ནང་གི་རྒྱ་ཤུག་དེ་ཐུར་དུ་ལྟུང་བའི་ངང་ཚུལ་ཅན་གྱི་དོན་གང་ཞིག །རང་ནང་གི་རྒྱ་ཤུག་དེའི་རིགས་འདྲ་ཕྱི་མ་རྣམས་ཉེར་ལེན་སྔ་མ་རྣམས་དང་ཡུལ་མཚུངས་པར་ཐུར་དུ་མི་ལྷུང་བར་བསྐྱེད་པར་ནུས་པའི་ཕྱིར་རོ། །འོག་གཞི་བརྟན་པོ་ལ་སོགས་པས་ཆུ་མི་གཡོ་བ་སོགས་ལའང་སྦྱོར་རོ། །དེས་ན་བུམ་སྤྱི་དེ་ཆོས་ཅན། ཁྱོད་ལ་བུམ་གསལ་གྱི་ཐུར་དུ་མི་ལྟུང བར་བསྐྱེད་པ་དེ་ཡང་མི་སྲིད་པར་ཐལ། ཁྱོད་རྟག་པའི་ཕྱིར་རོ། །སྤྱི་གསལ་བ་ལ་བརྟེན་པ་དེ་ཁྱོད་རང་གི་ལུགས་ལ་ཡང་མི་རིགས་ཏེ། བུམ་སྤྱི་ཆོས་ཅན། བུམ་གསལ་གྱིས་གནས་པར་བྱས་པ་ཡིན་པར་ཐལ། བུམ་གསལ་དེ་མེད་དུས་ན་ཡང་གནས་པའི་ཕྱིར་དང་། ཁྱོད་གནས་པ་དེ་ཁྱོད་ལས་རྫས་ཐ་དད་དང་ཐ་དད་མ་ཡིན་པའི་གཅིག་ཏུ་རིགས་པས་རྣམ་པར་དཔྱོད་པས་ཀྱང་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །

གལ་ཏེ་གསལ་བས་སྤྱི་གསལ་བར་བྱས་པའི་སྒོ་ནས་སྤྱི་གསལ་བ་ལ་གནས་སོ་ཞེ་ན། བུམ་གཟུགས་གང་ཡིན་པ་དེ་ཆོས་ཅན། སྒྲོན་མེའི་འོད་ཀྱི་གསལ་བྱ་ཡིན་ཏེ། ཁྱོད་བདག་ལ་དམིགས་པའི་མིག་གི་རྣམ་ཤེས་བསྐྱེད་དུ་རུང་བའི་དོན་དུ་གཞན་སྒྲོན་མེའི་འོད་ཀྱི་ངོར་བྱེད་དེ་རང་འཛིན་མིག་ཤེས་ཀྱི་ཡུལ་དུ་གསལ་བར་བྱེད་པ་ལ་ལྟོས་པའི་ཕྱིར། དེས་ན་སྒྲོན་མེའི་འོད་དེ་ཆོས་ཅན། རང་གི་གསལ་བྱ་བུམ་གཟུགས་ཀྱི་གསལ་བའི་རྒྱུ་རུ་འདོད་དེ། ཁྱོད་བུམ་གཟུགས་ཏེ་རང་འཛིན་མིག་ཤེས་བསྐྱེད་རུང་ཉིད་དུ་བྱེད་པ་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་བུམ་གཟུགས་འདི་ནི་སྒྲོན་འོད་ཀྱི་སྔར་ནས་རང་འཛིན་མིག་ཤེས་བསྐྱེད་རུང་ཉིད་དུ་ཡོད་ཅེ་ན། དེའི་ཕྱིར་བུམ་གཟུགས་ཆོས་ཅན། རང་འཛིན་མིག་ཤེས་བསྐྱེད་རུང་དེ་སྒྲོན་འོད་དེ་ལ་ལྟོས་པ་མི་རུང་བར་ཐལ་ལོ། །དེས་ན་སྤྱིར་གསལ་བྱ་གསལ་བྱེད་དེ་ལྟར་ཡིན་ལ། སྤྱི་དངོས་པོ་བ་ལ་ནི་དེ་ལྟར་མི་འཐད་དོ་ཞེས་སྟོན་པ་ནི། སྤྱི་དེ་ནི་ཆོས་ཅན། སྤྱི་ལྡན་གསལ་བ་རྣམས་ཀྱིས་གསལ་བར་བྱས་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། གསལ་བས་རང་འཛིན་ཤེས་པ་བསྐྱེད་རུང་དུ་གསལ་བར་བྱས་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་འགྱུར་བ་མེད་པའི་ཕྱིར། གལ་ཏེ་གསལ་བས་སྤྱིའི་ངོ་བོ་གསལ་བར་བྱས་པ་མ་ཡིན་གྱི། དབང་པོ་དེ་སྤྱི་འཛིན་གསལ་པོ་གཅིག་བསྐྱེད་རུང་དུ་མངོན་པར་འདུ་བྱེད་པའི་སྒོ་ནས་སྤྱི་གསལ་བར་བྱས་པའི་ཐ་སྙད་བྱས་པ་ཙམ་ཡིན་ནོ་ཞེ་ན། བུམ་པའི་གསལ་བ་དེ་ནི་ཆོས་ཅན། ཁྱོད་ཀྱིས་མིག་གི་དབང་པོ་དེ་བུམ་སྤྱི་འཛིན་ནུས་ཀྱི་མིག་ཤེས་གསལ་པོ་གཅིག་བསྐྱེད་རུང་དུ་མངོན་པར་འདུ་བྱེད་པའི་སྒོ་ནས་བུམ་སྤྱི་གསལ་བར་བྱས་པ་རིགས་པ་མ་ཡིན་པར་ཐལ། ཁྱོད་ཡོད་པ་དང་མེད་པའི་དུས་དག་ཏུ་མིག་གི་དབང་པོ་ལ་གཟུགས་འཛིན་པའི་མིག་ཤེས་ཀྱི་རྟོགས་པ་གསལ་མི་གསལ་ཐ་དད་མེད་པའི་ཕྱིར་རོ། །དེ་ཉིད་བཟློག་ཕྱོགས་ཀྱི་དཔེ་སྟོན་པ་དཔེར་ན་མིག་སྨན་དང་སྔགས་ལ་སོགས་པས་མིག་དབང་དེ་གཟུགས་འཛིན་ནུས་ཀྱི་མིག་ཤེས་གསལ་པོ་གཅིག་བསྐྱེད་རུང་དུ་མངོན་པར་འདུ་བྱས་པས་སྨན་སོགས་དེ་དག་ཡོད་མེད་ཀྱི་དུས་ན་མིག་དབང་ལ་མིག་ཤེས་ཀྱི་རྟོག་པ་གསལ་མི་གསལ་གྱི་ཁྱད་པར་ཡོད་པ་བཞིན་ནོ། །དེས་གསལ་བས་སྤྱི་གནས་པ་མི་འཐད་པར་བསྟན་ནས། གལ་ཏེ་སྤྱི་གསལ་བ་སྤྱི་གནས་པར་བྱས་ཀྱང་གསལ་བ་དེ་རིགས་རྣམས་ཀྱི་གསལ་བྱེད་ཡིན་པ་ཙམ་གྱིས་གསལ་བ་དེ་རིགས་དང་ལྡན་པར་འདོད་ན་དེ་ཡང་མི་འཐད་དེ། སྒྲོན་མ་དང་མིག་དབང་ལ་སོགས་ནི་ཆོས་ཅན། བ་ལང་ཉིད་ཅེས་སོགས་ཀྱི་སྤྱི་དེ་དང་ལྡན་པར་ཐལ། བ་ལང་འཛིན་པའི་མིག་ཤེས་བསྐྱེད་རུང་དུ་བྱས་པའི་སྒོ་ནས་སྤྱིའི་གསལ་བྱེད་དུ་འགྱུར་བའི་ཕྱིར། སྤྱི་དངོས་པོ་བ་སྨྲ་བ་ལ་སྐྱོན་གཞན་ཡང་ཡོད་དེ། བྱེ་བྲག་པ་དང་གྲངས་ཅན་པ་གང་དག་རིགས་དེ་ནི་གསལ་བ་ལས་རྫས་གཞན་ནམ་གཞན་མིན་པ་གཅིག་ཉིད་དུ་ཡོད་པར་འདོད་པ་དེའི་ལུགས་ལ་སྔོན་མེད་གསར་བྱུང་གི་བ་ལང་གི་གསལ་བ་རྣམས་ལ་ནི་ཆོས་ཅན། བ་ལང་གི་སྤྱིའི་བློས་ཇི་ལྟར་འཇུག་པ་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་གཅིག་པུ་ལ་ཡོད་པར་མཐོང་བའི་བ་ལང་གི་སྤྱི་ནི་གཞན་བ་ལང་གི་གསལ་བ་སྔ་མ་རྣམས་ལ་མཐོང་བ་མི་སྲིད་ཅིང་། བ་ལང་གི་གསལ་བ་སྔ་མ་རྣམས་ལ་ཡོད་པའི་སྤྱི་ལས་གཞན་ཁྱོད་ལ་རྗེས་སུ་འགྲོ་བའི་སྤྱི་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང་། སྤྱི་དེ་གསལ་བ་སྔ་མ་རྣམས་དང་གཞན་ཉིད་མིན་པར་རྫས་གཅིག་ན། དེའི་ཕྱིར་སྤྱི་ཆོས་ཅན། གསལ་བ་ཕྱི་མ་རྣམས་ལ་རྗེས་འགྲོ་མེད་པར་ཐལ་ལོ། །འོན་ཏེ་རྫས་གཞན་ཉིད་མིན་པར་རྫས་གཅིག་ན། དེའི་ཕྱིར་སྤྱི་ཆོས་ཅན། གསལ་བ་ཕྱི་མ་རྣམས་ལ་རྗེས་འགྲོ་མེད་པར་ཐལ་ལོ། །འོན་ཏེ་རྫས་གཞན་ཉིད་ཡིན་ནའང་། ཁྱོད་གསལ་བ་སྔ་མ་རྣམས་ལ་བརྟེན་པ་མིན་པར་ཐལ། གསལ་བ་སྔ་མ་རྣམས་ལས་རྫས་གང་ཞིག་གསལ་བ་སྔ་མ་རྣམས་ལ་དེ་བྱུང་དུ་མ་འབྲེལ་བའི་ཕྱིར་རོ། །དྲང་སྲོང་གཟེག་ཟན་གྱིས་སྤྱི་ནི་ཐམས་ཅད་དུ་སོང་བའོ་ཞེས་པ་ལ། དེའི་སློབ་མ་པེ་ཐ་ར་ནི། རང་གི་རྟེན་ཙམ་ཐམས་ཅད་དུ་ཁྱབ་པར་འདོད་ལ། པེ་ལུ་ཀ་ནི། གསལ་བ་ཡོད་མེད་ཐམས་ཅད་དུ་ཁྱབ་པར་འདོད་པ་ལ། དང་པོ་ལྟར་ན། བུམ་པས་སྟོང་པའི་ས་ཕྱོགས་ན་གསར་བྱུང་གི་རྫ་བུམ་ཆོས་ཅན། ཁྱོད་ལ་བུམ་སྤྱི་མེད་པར་ཐལ། ཡུལ་གཞན་གྱི་བུམ་སྤྱི་ནི་ཁྱོད་ལ་རྗེས་སུ་མི་འགྲོ། ཡུལ་དེ་ན་ཁྱོད་ཀྱི་སྔར་ནས་བུམ་སྤྱི་ཡོད་པའང་མིན། ཁྱོད་སྔར་བྱུང་ནས་བུམ་སྤྱི་ཕྱིས་བྱུང་བར་ཡོད་པའང་མིན་པའི་ཕྱིར་རོ། །གལ་ཏེ་རྟེན་གསལ་བ་སྔ་མའི་སྤྱི་དེ་རྟེན་གསལ་བ་ཕྱི་མ་ལ་འཕོ་ཞེ་ན། འོ་ན་སྤྱི་དེ་ཆ་གཅིག་རྟེན་གསལ་བ་སྔ་མ་ལ་གནས་ནས་ཆ་གཅིག་རྟེན་གསལ་བ་ཕྱི་མ་ལ་འཕོའམ། རྟེན་གསལ་བ་སྔ་མ་སྤངས་ནས་རིལ་པོ་རྟེན་གསལ་བ་ཕྱི་མ་ལ་འཕོ། དང་པོ་ལྟར་ན་སྤྱི་ཆོས་ཅན། དེ་མ་ཡིན་པར་ཐལ། ཆ་དང་ལྡན་པའང་མིན་པའི་ཕྱིར། གཉིས་པ་ལྟར་ན། དེ་མ་ཡིན་པར་ཐལ། རྟེན་སྔ་མ་ནི་སྤངས་༼སྤོང་སྟེ་༽གཏན་ནས་མི་འདོར་བའི་ཕྱིར་རོ། །དེས་ན་ཀྱེ་མ་སྤྱི་དངོས་པོ་བ་གསལ་བ་ལ་གནས་པར་འདོད་པ་དེ་ནི་ཕོངས་པའི་རྒྱུ་མཚན་ཉིད་ཡིན་ཏེ་དཔྱས་སོ། །ད་མི་འགྲོ་ཅེས་པའི་གཞུང་འཛུགས་པ་དེ། ཡུལ་གཞན་ལ་གནས་པར་གྱུར་པའི་བུམ་སྤྱི་དེ་ནི་རང་གི་གནས་པར་གྱུར་པའི་ཡུལ་ལས་གཞན་དུ་མི་གཡོ་བཞིན་དུ་ཡུལ་དེ་ལ་གནས་ཏེ་ཡུལ་གཞན་དུ་སྐྱེས་པའི་གསར་བྱུང་གི་བུམ་པ་ལ་གནས་པར་འདོད་པ་དེ་ནི་ཤིན་ཏུ་རིགས་པར་ལྡན་ཞེས་བཏིང་ཚིག་གོ །བུམ་སྤྱི་ཆོས་ཅན། བུམ་གསལ་ཕྱི་མ་ལ་མི་གནས་པར་ཐལ། བུམ་གསལ་སྔ་མ་ལས་ཡུལ་གཞན་དུ་མི་གཡོ་བའི་ཕྱིར། དེས་ན་སྤྱི་དེ་ཡུལ་གང་ན་གསར་དུ་སྐྱེས་པའི་རྫ་བུམ་གྱི་དངོས་པོ་དེ་གནས་པར་གྱུར་པའི་ཡུལ་དེར་ནི་འབྲེལ་བ་སྟེ་གནས་པའང་ཡིན་ལ། ཡུལ་དེ་དག་གི་ཡུལ་ཅན་ལ་ཁྱབ་ཅིང་གནས་པར་འདོད་པ་དེ་ནི་ཅི་ག་ངོ་མཚར་ཆེ་ཞེས་དཔྱས་སོ། །བུམ་སྤྱི་ཆོས་ཅན། རྫ་བུམ་ལ་གནས་པ་མ་ཡིན་པར་ཐལ། རྫ་བུམ་གནས་པའི་ཡུལ་ན་མེད་པའི་ཕྱིར་རོ། །གལ་ཏེ་པེ་ལུ་ཀ་ན་རེ། གསལ་བ་ཡོད་མེད་ཀྱི་ཡུལ་ཀུན་ན་རིགས་ཡོད་པས་མི་འགྲོ་ཞེས་སོགས་ཀྱི་སྐྱོན་མེད་དོ་ཞེ་ན། བུམ་སྤྱི་དེ་ཆོས་ཅན། ཡུལ་གཅིག་ཏུ་གསལ་བས་ཡུལ་ཐམས་ཅད་དུ་གསལ་བར་ཐལ། ཆ་ཐ་དད་མེད་པའི་གཅིག་ཡིན་པ་གང་ཞིག །གསལ་བ་ཡོད་མེད་ཀྱི་ཡུལ་ཐམས་ཅད་དུ་ཁྱབ་པ་མཐོང་བའི་ཕྱིར། འདོད་ན། གསལ་བ་མེད་པའི་ཡུལ་ཀུན་ཏུ་ཁྱབ་པར་མཐོང་བར་ཐལ་ལོ། །གལ་ཏེ་སྤྱི་འཛིན་པ་དེ་གསལ་བར་བྱས་པ་ལ་ལྟོས་པས་གསལ་བ་མེད་པ་ན་སྤྱི་མཐོང་བར་མི་འདོད་ཅེ་ན། བུམ་སྤྱི་དེའང་ཆོས་ཅན། ཁྱོད་རྟོགས་པ་བུམ་གསལ་གྱིས་ཁྱོད་གསལ་བར་བྱས་པ་ལ་ལྟོས་པ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་གསལ་བྱེད་བུམ་གསལ་རྟོགས་པ་མ་ཡིན་ན་གསལ་བྱ་ཁྱོད་ཡང་དག་པར་རྟོགས་པ་མ་ཡིན་པའི་སྐྱོན་ཡོད་པའི་ཕྱིར། གལ་ཏེ་གསལ་བ་མ་རྟོགས་པར་སྤྱི་མི་རྟོགས་པ་འདོད་དོ་ཞེ་ན། ཁྱོད་ཀྱིས་སྔར་ནི་སྤྱི་མ་རྟོགས་པ་གསལ་བ་མི་རྟོགས་པར་འདོད་ཅིང་། སྐབས་འདིར་ནི་སྤྱི་དང་སྤྱི་དེ་དང་ལྡན་པའི་གསལ་བ་དག་ཅིའི་ཕྱིར་ན་རྟོགས་ཚུལ་གོ་བཟློག་པར་འདོད་དེ། ཁས་བླངས་ནང་འགལ་བ་ཁས་ལེན་པར་མི་རིགས་སོ། །ཅི་སྟེ་མི་རིགས་པ་ཅི་ཞིག་མཐོང་ནས་ངལ་བ་དུ་མས་སྤྱི་གཅིག་སྨྲ། རྒྱུ་མཚན་གང་གིས་སྤྱི་དངོས་པོ་བ་འདོད་ཅེས་དྲིས་པས། གལ་ཏེ་སྤྱི་དངོས་པོ་བ་མེད་ན་སྒྲ་རྟོག་གཅིག་འཇུག་པར་མི་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། སྤྱི་དངོས་པོ་བ་དེ་དུ་མ་ལ་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་མཚན་དུ་ངེས་པར་དགོས་པ་མ་ཡིན་པར་ཐལ། འབྲས་འཚེད་པའི་སྐྱེས་བུ་དུ་མ་ལ་ཐ་དད་མེད་པའི་དོན་སྤྱི་དངོས་པོ་བ་མེད་པར་ཡང་འཚེད་པ་པོ་དང་ཀློོག་པ་པོ་ལ་སོགས་པའི་སྒྲ་བརྗོད་པར་མཐོང་བ་ཡིན་པའི་ཕྱིར། གལ་ཏེ་འབྲས་འཚེད་པའི་སྐྱེས་བུ་དུ་མ་ལ་ཐབ་འཛུགས་པ་ལ་སོགས་པའི་ལས་ཐུན་མོང་བ་ཡོད་པས། དེ་འདྲའི་སྐྱེས་བུ་དུ་མ་ལ་འཚེད་པ་པོའི་སྒྲ་རྟོག་གཅིག་འཇུག་པའི་རྒྱུའོ་ཞེ་ན། སྐྱེས་བུ་དུ་མས་འཚེད་པའི་ལས་དེ་ཆོས་ཅན། འབྲས་འཚེད་པའི་སྐྱེས་བུ་དུ་མ་ལ་འཚེད་པ་པོའི་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་མཚན་མིན་པར་ཐལ། ཁྱོད་རྣམས་རྫས་ཐ་དད་པ་དུ་མ་ཡིན་པའི་ཕྱིར། གལ་ཏེ་སྐྱེས་བུ་དུ་མས་འབྲས་འཚེད་པའི་ལས་ཀྱི་སྤྱི་གཅིག་ཡོད་པས། དེ་འདྲའི་སྤྱི་དེ་སྐྱེས་བུ་དུ་མ་ལ་དེ་འདྲའི་སྒྲ་རྟོག་གཅིག་འཇུག་པའི་རྒྱུའོ་ཞེ་ན། སྐྱེས་བུ་དུ་མས་འབྲས་འཚེད་པའི་ལས་འདི་ཡི་རིགས་དེ་ཆོས་ཅན། དེ་ལ་དེ་འཇུག་པའི་རྒྱུ་མ་ཡིན་པར་ཐལ། འབྲས་འཚེད་པ་པོ་ཞེས་པའི་མཉན་པ་ལས་གཞན་འཚེད་པ་ཉིད་ཅེས་སོགས་ཀྱི་སྤྱི་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་མཚན་ཡིན་པའི་ཕྱིར། དེར་ཐལ། འབྲས་འཚེད་པའི་རྫས་ལ་དངོས་སུ་མི་འབྲེལ་བར་ལས་དངོས་སུ་འཕྲོད་འདུས་འབྲེལ་བའི་ཕྱིར། གཞན་ཡང་དེ་འདྲའི་ལས་དེ་འདྲའི་སྒྲ་རྟོག་གི་རྒྱུ་ཡིན་ན། སྔར་འབྲས་འཚེད་པའི་ལས་བྱས། ད་ལྟ་འབྲས་འཚེད་པའི་ལས་མི་བྱེད་པའི་སྐྱེས་བུ་ཆོས་ཅན། ཁྱོད་ལ་ད་ལྟ་འབྲས་འཚེད་པ་པོ་ཞེས་པའི་སྒྲ་རྟོག་གཅིག་མི་འཇུག་པར་ཐལ། ད་ལྟ་དེ་འཇུག་པའི་རྒྱུ་ཁྱོད་ལ་ད་ལྟ་འབྲས་འཚེད་པའི་ལས་ཀྱང་གནས་པ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟ་འབྲས་འཚེད་པའི་ལས་མེད་ཀྱང་སྔར་འབྲས་འཚེད་པའི་ལས་ཀྱི་སྤྱི་རྟག་དངོས་གཅིག་ཡོད་པས་དེ་འདྲའི་སྤྱི་དེ་དེ་ལ་འཇུག་པའི་རྒྱུའོ་ཞེ་ན། སྔར་འབྲས་འཚེད་པའི་ལས་ཀྱི་སྤྱི་ཆོས་ཅན། ཁྱོད་སྔར་འབྲས་འཚེད་པའི་ལས་བྱས། ད་ལྟ་འབྲས་འཚེད་པའི་ལས་མི་བྱེད་པའི་སྐྱེས་བུ་ལ་དེ་འདྲའི་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་ཡིན་པ་མི་རིགས་པ་མིན་པ་མིན་ནས་མི་རིགས་པར་ཐལ། དེ་འདྲའི་སྐྱེས་བུ་ལ་དངོས་སུ་འཕྲོད་འདུས་འབྲེལ་བ་མེད་པའི་ཕྱིར། ཁྱབ་སྟེ། ཤེས་བྱ་ཆོས་ཅན། ཆོས་དེ་ལ་དངོས་སུ་འབྲེལ་བ་མེད་ན། ཆོས་དེ་ལ་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་མ་ཡིན་པས་ཁྱབ་པར་ཐལ། ཆོས་དེ་ལ་དངོས་སུ་འབྲེལ་བ་མེད་ཀྱང་། ཆོས་དེ་ལ་སྒྲ་རྟོག་གཅིག་ཏུ་འཇུག་པའི་རྒྱུ་ཡིན་ན་བ་ལང་གི་སྤྱི་ཡང་རྟ་ལ་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་ཡིན་པ་སོགས་ཧ་ཅང་ཐལ་ཆེས་པའི་ཕྱིར། ལས་ཀྱང་གནས་པ་ཡོད་མ་ཡིན། །ཞེས་པའི་ཁྱབ་པ་སྒྲུབ་པ་སྟེ། སྔར་འབྲས་འཚེད་པའི་ལས་ཆོས་ཅན། ཁྱོད་རྫས་སུ་མེད་ན་སྔར་འབྲས་འཚེད་པའི་ལས་བྱས། ད་འབྲས་འཚེད་པའི་ལས་མི་བྱེད་པའི་སྐྱེས་བུ་ལ་འབྲས་འཚེད་པ་པོའི་ཤེས་བརྗོད་དག་འཇུག་པའི་རྒྱུ་མ་ཡིན་པས་ཁྱབ་པར་ཐལ། དེར་མེད་ཀྱང་དེ་མེད་ན་དེ་ལ་འཇུག་པའི་ཤེས་བརྗོད་དེ་རྒྱུ་མཚན་ཅན་མིན་ཐོབ་སྟེ་རྒྱུ་མེད་དུ་འགྱུར་བར་ཐལ་བའི་ཕྱིར་རོ། །གལ་ཏེ་སྐྱེས་བུ་ལ་འབྲས་འཚེད་པའི་ནུས་པ་ཐུན་མོང་བ་གཅིག་ཡོད་པས་དེ་འདྲའི་ནུས་པ་དེ་དེ་ལ་འཇུག་པའི་རྒྱུའོ་ཞེ་ན། དེ་འདྲའི་ནུས་པའང་ཆོས་ཅན། དེ་ལ་འཇུག་པའི་རྒྱུ་མིན་པར་ཐལ། ཁྱོད་རྣམས་ཕན་ཚུན་གཅིག་ལ་གཅིག་རྗེས་སུ་འགྲོ་བ་མེད་པའི་དུ་མ་ཡིན་པའི་ཕྱིར། གལ་ཏེ་འབྲས་འཚེད་པ་པོ་ཉིད་དང་། ཀློག་པ་པོ་ཉིད་སོགས་ཀྱི་སྤྱི་དེ་ལ་འཇུག་པའི་རྒྱུའོ་ཞེ་ན། འབྲས་འཚེད་པའི་སྐྱེས་བུ་ཆོས་ཅན། དང་པོ་སྐྱེས་མ་ཐག་ཉིད་དུ་ནས་འཚེད་པ་པོ་ཉིད་ཀྱི་སྤྱི་དེ་ཁྱོད་ལ་འཕྲོད་འདུས་འབྲེལ་ཞིང་མངོན་སུམ་ལ་ཡང་གསལ་བར་འགྱུར་བར་ཐལ། འཚེད་པ་པོ་ཉིད་སྤྱི་དེ་ཁྱོད་ཀྱི་སྤྱིར་འཕྲོད་འདུས་འབྲེལ་བའི་ཕྱིར། དཔེར་ན་ཡོད་པ་ཉིད་དང་རྫས་ཉིད་ཅེས་སོགས་ཀྱི་སྤྱི་དེ་དང་པོ་ནས་འཕྲོད་འདུས་འབྲེལ་ཞིང་མངོན་སུམ་ལ་གསལ་བར་ཁྱོད་འདོད་པ་བཞིན་དུའོ། །མ་ཁྱབ་ན། དོན་ལ་འཕྲོད་པ་འདུ་བའི་ཆོས་ཅན་གྱི་སྤྱི་ཇི་སྙེད་པ་དེ་དག་ནི་འདིའི་སྐྱེ་བ་དང་ལྷན་ཅིག་འཕྲོད་པ་འདུ་བ་ཡིན་པར་ཁྱོད་འདོད་པ་དང་འགལ་ལོ། །གལ་ཏེ་འཚེད་པ་པོ་ཉིད་ཀྱི་དེ་འབྲས་འཚེད་པའི་སྐྱེས་བུ་ལ་དང་པོ་ནས་འཕྲོད་འདུས་འབྲེལ་བ་མ་ཡིན་ལ། མངོན་སུམ་ལའང་གསལ་བ་མིན་ན་ནི་འབྲས་འཚེད་པའི་སྐྱེས་བུ་ཆོས་ཅན། ཕྱིས་འབྲས་འཚེད་བཞིན་པ་ན་ཡང་འཚེད་པ་པོ་ཉིད་ཀྱི་སྤྱི་དེ་ཁྱོད་ལ་འཕྲོད་འདུས་འབྲེལ་ཞིང་མངོན་སུམ་ལའང་གསལ་བར་མི་འགྱུར་བར་ཐལ། འཚེད་པ་པོ་ཉིད་ཀྱི་སྤྱི་དེ་ཁྱོད་ལ་དང་པོ་ནས་འཕྲོད་འདུས་མ་འབྲེལ་ཞིང་། མངོན་སུམ་ལའང་གསལ་བ་མ་ཡིན་པ་གང་ཞིག །ཁྱེད་རྣམས་སྤྱིའི་རྟེན་བྱེད་པ་ལ་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། གལ་ཏེ་འཚེད་པ་པོ་ཉིད་ཀྱི་སྤྱི་དེ་འབྲས་འཚེད་པའི་སྐྱེས་བུ་ལ་འཕྲོད་འདུས་འབྲེལ་བ་ཡིན་ཀྱང་། མངོན་སུམ་ལ་གསལ་བ་མ་ཡིན་ཏེ། ཐབ་འཛུགས་པ་ལ་སོགས་འབྲས་འཚེད་པའི་བྱ་བས་ཕན་འདོགས་པ་ལ་ལྟོས་པའི་འབྲས་འཚེད་པའི་སྐྱེས་བུས་འཚེད་པ་པོ་ཉིད་ཀྱི་སྤྱི་སྟེ་གསལ་བར་བྱེད་པ་ཡིན་ཞེ་ན། འབྲས་འཚེར་པའི་སྐྱེས་བུ་ཆོས་ཅན། ཐབ་འཛུགས་པ་ལ་སོགས་འབྲས་འཚེད་པའི་བྱ་བས་ཕན་འདོགས་པ་ལ་ལྟོས་པ་མེད་པར་ཐལ། འགྱུར་བ་མེད་པའི་ཕྱིར། གལ་ཏེ་འབྲས་འཚེད་པའི་སྐྱེས་བུ་འདི་ནི་འབྲས་འཚེད་པའི་ལས་ཀྱི་ཕུལ་བྱུང་སྟེ་ཁྱད་པར་དུ་བྱས་པ་ཡོད་པ་ཡིན་ནའང་། འབྲས་འཚེད་པའི་སྐྱེས་བུ་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། ལས་སྐད་ཅིག་མ་གཅིག་གིས་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར། འདོད་ན། རང་འབྲས་སུ་གྱུར་པའི་བྱ་བས་ཕན་འདོགས་པ་མ་ཡིན་པར་ཐལ། དེ་སྐྱེས་པའི་ཚེ་ཁྱོད་འགགས་ནས་མེད་པའི་ཕྱིར་ཏེ། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར། འདོད་ན། དེའི་ཕྱིར། རང་འབྲས་སུ་གྱུར་པའི་བྱ་བས་ཕན་འདོགས་པ་ལས་རང་གི་སྤྱིའི་གསལ་བྱེད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ་ལོ། །གལ་ཏེ་སྤྱི་དངོས་པོ་བ་མེད་ན་ཤིང་ད་བ་དེ་སེང་ལྡེང་ལ་སོགས་པ་དང་རིགས་གཅིག་ཏུ་འཛིན་པའི་བློ་སྐྱེ་ལ། བ་ལང་ལ་སོགས་པ་དང་རིགས་གཅིག་ཏུ་འཛིན་པའི་བློ་མི་སྐྱེ་བ་མི་འཐད་དེ། ཤིང་ད་བ་དང་སེང་ལྡེང་དང་བ་ལང་རྣམས་སྤྱི་དངོས་པོ་བ་མེད་པའི་ཐ་དད་ཡིན་པའི་ཕྱིར་ཞེ་ན། ཤིང་ད་བ་ཆོས་ཅན། ཁྱེད་སེང་ལྡེང་བ་ལང་ལ་སོགས་པ་རྣམས་སྤྱིའི་དངོས་པོ་བ་མེད་པའི་ཐ་དད་དུ་མཚུངས་པ་ཡིན་ན་ཡང་། ཁྱོད་དང་སེང་ལྡེང་འགའ་ཞིག་ལ་རིགས་གཅིག་པ་སྒྲ་བློ་རབ་ཏུ་འཇུག །གཞན་བ་ལང་ལ་སོགས་པ་ལ་འཇུག་པ་མིན་པའི་རྒྱུ་མཚན་ཡོད་དེ། ཁྱོད་སེང་ལྡེང་ལ་སོགས་པ་དང་ཤིང་མ་ཡིན་ལས་ལྡོག་པའི་སྒོ་ནས་ཤིང་གི་རིགས་ཅན་དུ་ཉེ་བ་གང་གིས་ཏེ་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། ཤིང་མ་ཡིན་ལས་ལྡོག་པ་དེ་ཉིད་ཤིང་སྒྲ་དང་། ཤིང་གི་སྤྱི་འཛིན་ཤེས་པ་འཇུག་པའི་རྒྱུ་མཚན་ཡིན་པའི་ཕྱིར། གྲངས་ཅན་པ་ན་རེ། གལ་ཏེ་དེ་མ་ཡིན་ལས་ལྡོག་པའི་གཞན་སེལ་ལས་སྤངས་པ་སྟེ་མ་གཏོགས་པའི་དངོས་པོ་རྣམས་ཀྱི་རྗེས་སུ་འགྲོ་བའི་སྤྱི་གཞན་དངོས་པོ་བ་མེད་ན་ས་བོན་གཅིག་གིས་འབྲས་བུ་མྱུ་གུ་དེ་ཆུ་ལུད་ལ་སོགས་པ་གཞན་གྱི་འབྲས་བུར་འགྱུར་བ་མ་ཡིན་ཏེ། ས་བོན་དང་ཆུ་ལུད་ལ་སོགས་པ་རྣམས་སྤྱི་དངོས་པོ་བ་མེད་པའི་ཤིན་ཏུ་ཐ་དད་པའི་ཕྱིར་ཞེ་ན། ཞེས་གཞན་ལུགས་བཀག་ནས་རང་ལུགས་འཇོག་པ་ནི། གལ་ཏེ་དངོས་པོ་ཀུན་གཙོ་བོའི་ངང་དུ་བདག་ཉིད་གཅིག་པའི་སྒོ་ནས་ས་བོན་ཆུ་ལུད་ལ་སོགས་ཀྱི་རྒྱུ་དུ་མས་འབྲས་བུ་མྱུ་གུ་གཅིག་བྱེད་པ་མི་འགལ་ལོ་ཞེ་ན། འབྲས་བུ་མྱུ་གུ་དེ་ཆོས་ཅན། ལྷན་ཅིག་བྱེད་པའི་རྐྱེན་ཆུ་ལུད་སོགས་དེ་ཁྱེད་སྐྱེད་བྱེད་དུ་དོན་མེད་པར་འགྱུར་བར་ཐལ། ས་བོན་གྱི་བདག་ཉིད་གཅིག་ལའང་ཁྱོད་བསྐྱེད་པའི་ནུས་པ་ཡོད་པའི་ཕྱིར། དེས་ན་སྤྱི་གཙོ་བོ་པ་དེས་འབྲས་བུ་བསྐྱེད་ན་ལྷན་ཅིག་བྱེད་རྐྱེན་སོགས་དོན་མེད་པ་དེས་ན། གསལ་བ་རྣམས་ལ་ཐ་དད་མེད་པའི་ངོ་བོ་སྤྱི་གཙོ་བོ་དེ་ཆོས་ཅན། འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པ་མ་ཡིན་པར་ཐལ། རྐྱེན་གྱི་ཁྱད་པར་རྣམས་དང་བྲལ་བའི་རྟག་པ་བ་ཡིན་པའི་ཕྱིར། དེས་ན་འབྲས་བུ་མྱུ་གུ་དེ་དག་ཆོས་ཅན། ཁྱོད་ཆུ་ལུད་ལ་སོགས་པའི་རྐྱེན་གྱི་བྱེ་བྲག་གམ་ཁྱད་པར་རྣམས་ལས་འབྱུང་སྟེ། ཆུ་ལུད་ལ་སོགས་པའི་རྐྱེན་རྣམས་ཚོགས་པས་ཁྱོད་སྐྱེ། དེ་རྣམས་གང་རུང་གཅིག་དང་བྲལ་ན་ཁྱོད་སྐྱེ་བ་མེད་པའི་ཕྱིར། དེ་ལྟར་ན་མྱུ་གུ་བསྐྱེད་པ་ལ་སོགས་པའི་དོན་བྱེད་ནུས་པ་གང་ཡིན་པ་དེ་ཉིད་དོན་དམ་པར་ཡོད་པ་ཡིན་ལ། དོན་བྱེད་ནུས་པ་དེ་ཡང་གསལ་བ་ལ་རྗེས་འགྲོ་མེད་པའི་རང་མཚན་གཅིག་ཡིན་ཏེ། གང་ཞིག་གསལ་བ་ལ་རྗེས་འགྲོ་བྱེད་པའི་སྤྱི་དེ་ལས་ནི་འབྲས་བུ་མི་འབྱུང་བའི་ཕྱིར་ཏེ། སྒྲོ་བཏགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་གཙོ་བོའི་ངང་དུ་བདག་ཉིད་གཅིག་པའི་སྤྱི་དངོས་པོ་བ་མེད་ན། སཱ་ལུའི་མྱུ་གུ་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཆུ་ལུད་སོགས་ལས་སཱ་ལུའི་མྱུ་གུ་སྐྱེ་ལ་ནས་ཀྱི་ས་བོན་སོགས་ལས་སཱ་ལུའི་མྱུ་གུ་མི་སྐྱེ་བ་མི་འཐད་དོ་ཞེ་ན། དེ་འདྲའི་སྤྱི་དངོས་པོ་བས་འབྲས་བུ་མི་བསྐྱེད་པ་དེས་ན་དངོས་པོ་རྣམས་སྤྱི་དངོས་པོ་བ་མེད་པའི་བདག་ཉིད་ཐ་དད་པ་ཡིན་ཀྱང་། སཱ་ལའི་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཆུ་ལུད་ལ་སོགས་པ་འགའ་ཞིག་སཱ་ལུའི་མྱུ་གུའི་རྒྱུ་ཡིན་གཞན་ནས་ཀྱི་ས་བོན་ལ་སོགས་པ་སཱ་ལུའི་མྱུ་གུའི་རྒྱུ་མིན་པ་འདི་ཆོས་ཅན། ཁྱོད་ལ་མི་འཐད་དོ་ཞེས་རྒོལ་བར་མི་འོས་ཏེ། ཁྱོད་རྟེན་འབྲེལ་གྱི་རང་བཞིན་ནམ་ནུས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་གཙོ་བོའི་ངང་དུ་ཐ་དད་པ་མེད་པ་གཅིག་ཡིན་ན། དངོས་པོ་རྣམས་ཆོས་ཅན། ཅིག་ཅར་དུ་སྐྱེ་འཇིག་བྱེད་པར་འགྱུར་བར་ཐལ། དེའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་ཡོན་ཏན་གསུམ་གྱི་ཁྱད་པར་དུ་བྱས་པའི་གཙོ་བོའི་ངང་དུ་ཐ་དད་མེད་པ་གཅིག་ཡིན་ཀྱང་། དེ་ཙམ་ལས་ཅིག་ཅར་དུ་སྐྱེ་འཇིག་བྱེད་པ་དེ་ལྟར་དུ་མི་འགྱུར་ཏེ། ཕྱི་ནང་ལ་སོགས་པའི་གནས་སྐབས་ཐ་དད་པ་ཡིན་པས་སོ་ཞེ་ན། རྣམ་འགྱུར་ཀུན་གྱི་བདག་ཉིད་དུ་གྱུར་པའི་སྤྱི་གཙོ་བོ་དེ་ཆོས་ཅན། རྣམ་འགྱུར་དེའི་རང་བཞིན་མིན་པར་ཐལ། གཅིག་རྣམ་འགྱུར་དེ་འཇིག་པའི་ཚེ་ཁྱོད་རྟག་པར་གནས་པའི་ཕྱིར། འདོད་ན། ཁྱོད་རྣམ་འགྱུར་དང་སྤྱི་དང་ཁྱད་པར་དུ་འཛིན་པའི་བློ་འཇུག་པར་མི་འགྱུར་བར་ཐལ། རྣམ་འགྱུར་རང་བཞིན་ཐ་དད་པ་དེས་ནའི་ཕྱིར་རོ། །གལ་ཏེ་སེལ་བ་སྨྲ་བ་ལྟར་ནའང་གསལ་བ་ཞིག་པའི་ཚེ་སྤྱི་འཇིག་གམ་མི་འཇིག་ཅེས་བརྟགས་ན་ཁོ་བོ་ཅག་ལ་བཀོད་པའི་ཉེས་པ་མཚུངས་སོ་ཞེ་ན། བུམ་གསལ་རྣམས་ལ་བུམ་མ་ཡིན་བཀག་ཙམ་གྱི་ལྡོག་པ་མེད་དགག་གི་གཞན་སེལ་ཆོས་ཅན། བུམ་གསལ་འཇིག་པའི་ཚེ་ཁྱོད་མི་འཇིག་པར་རྟག་ཏུ་གནས་པ་དང་། བུམ་གསལ་འཇིག་པའི་ཚེ་ཁྱོད་རྟག་ཏུ་མི་གནས་པར་འཇུག་གམ་ཞེས་རྟོག་ཅིང་དཔྱད་པར་བྱར་མེད་པར་ཐལ། ཁྱོད་དོན་དམ་པར་ངོ་བོ་ཉིད་ཅུང་ཟད་དུ་མེད་པའི་ཕྱིར། བུམ་སྤྱི་འཛིན་པའི་བློ་ལ། བུམ་པའི་གཟུགས་བརྙན་ཆོས་ཅན། ཁྱོད་ཀྱང་བུམ་གསལ་འཇིག་པའི་ཚེ་འཇིག་གམ་མི་འཇིག་ཅེས་བརྟག་ཅིང་དཔྱད་པར་བྱར་མེད་པར་ཐལ། རྟོག་པས་བསླད་ཅིང་སྒྲོ་བཏགས་པ་ཡིན་པའི་ཕྱིར། དེས་ན་སེལ་བ་སྨྲ་བའི་ལུགས་ལ་ཆོས་ཅན། གསལ་བ་འཇིག་པའི་ཚེ་སྤྱི་འཇིག་གམ་མི་འཇིག་ཅེས་བརྟགས་ནས་སུན་དབྱུང་བར་བྱར་མེད་པར་ཐལ། ལྡོག་པ་མེད་དགག་གི་གཞན་སེལ་དང་། བློའི་གཞན་སེལ་གཉིས་གསལ་བ་འཇིག་པའི་ཚེ་འཇིག་གམ་མི་འཇིག་ཅེས་བརྟག་ཅིང་དཔྱད་པར་བྱར་མེད་པ་གང་ཞིག །དེ་གཉིས་ལས་མ་གཏོགས་པའི་སྤྱི་ཅུང་ཟད་ཀྱང་མི་འདོད་པ་དེའི་ཕྱིར། གལ་ཏེ་སྤྱི་གཙོ་བོ་མེད་ན་ནས་ཀྱི་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ཆུ་ལུད་ལ་སོགས་པ་ཆོས་ཅན། ནས་ཀྱི་མྱུ་གུ་ཇི་ལྟར་བསྐྱེད་དེ་མི་བསྐྱེད་པར་ཐལ། ནས་ཀྱི་མྱུ་གུ་དེའི་སྐྱེད་བྱེད་ཀྱི་ངོ་བོ་ནས་ཀྱི་ས་བོན་གང་ཡིན་པ་དེ་ལས་རྫས་གཞན་ཡིན་པའི་ཕྱིར་ཞེ་ན། ནས་ཀྱི་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་གྱི་ཁྱད་པར་ཆུ་ལུད་སོགས་ཆོས་ཅན། སྤྱི་གཙོ་བོ་བ་མེད་པའི་ཐ་དད་ཡིན་ཀྱང་ནས་ཀྱི་མྱུ་གུ་སྐྱེད་བྱེད་ཡིན་པར་ཐལ། ནས་ཀྱི་ས་བོན་དེས་ཁྱོད་གྲོགས་སུ་ཡོད་ན་ནས་ཀྱི་མྱུ་གུ་བསྐྱེད། མེད་ན་མི་བསྐྱེད་པའི་ཕྱིར། གལ་ཏེ་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ཆུ་ལུད་ལ་སོགས་པ་དེ་ལ་ཐ་དད་མིན་པའི་སྤྱི་གཙོ་བོ་བའང་ཡོད་ལ། དེའི་ནུས་པས་མྱུ་གུ་བསྐྱེད་པས་ཁྱད་པར་ཁོ་ནས་བསྐྱེད་པ་མི་འཐད་དོ་ཞེ་ན། སྤྱི་གཙོ་བོ་བ་དེས་མྱུ་གུ་དེ་བསྐྱེད་པ་མིན་པར་བྱ་མིན་ཁྱད་པར་རྣམས་དང་བྲལ་ཞེས་པར་བརྗོད་ཟིན་ཏོ། །དེ་ལྟར་དངོས་པོ་རྣམས་སྐྱེ་འགག་ཐ་དད་པས་ཐ་དད་དུ་བསྒྲུབས་ནས། བློ་ལ་ཐ་དད་དུ་སྣང་བས་ཀྱང་ཐ་དད་དུ་བསྒྲུབ་པ་ནི། མྱུ་གུའི་ལྷན་ཅིག་བྱེད་རྐྱེན་གྱི་ཁྱད་པར་ཆུ་ལུད་ལ་སོགས་པའི་དངོས་པོ་རྣམས་ཆོས་ཅན། སྤྱི་གཙོ་བོ་བ་མེད་ཀྱང་ཤིན་ཏུ་ཐ་དད་པ་ཡིན་ཏེ། བློ་ལ་ཐ་དད་དུ་སྣང་བ་ལས་གཞན་གཅིག་ཏུ་སྣང་བ་ལ་མི་བརྟེན་པར་བློ་མ་འཁྲུལ་བས་ཐ་དད་དུ་དམིགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་དེ་ཆོས་ཅན། སྤྱི་གསལ་བ་གཉིས་ཀྱི་ནང་ནས་ཁྱོད་ཉིད་དོན་དམ་པར་ཡོད་དེ། གཞན་རིགས་མཐུན་མི་མཐུན་ལས་ལོག་པར་གཞན་དང་མ་འདྲེས་པར་གནས་པ་ཡིན་པའི་ཕྱིར། དེས་ན་ཆུ་ལུད་སོགས་ཀྱི་དངོས་པོ་དེ་ནི་རང་འབྲས་བསྐྱེད་པས་རྒྱུ་དང་། རང་རྒྱུ་ལས་སྐྱེས་པས་འབྲས་བུར་བཤད་ཅིང་། དེ་ནི་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པས་རང་གི་མཚན་ཉིད་དུ་འདོད་ལ། དེ་ནི་ཞུགས་པས་བླང་དོར་གྱི་འབྲས་བུ་འབྱུང་བ་ཅན་ཡིན་པས་འབྲས་བུ་དོན་གཉེར་གྱི་སྐྱེས་བུ་ཐམས་ཅད་འཇུག་པའི་ཡུལ་ཡིན་གྱི། དེ་ལས་གཞན་པའི་སྤྱི་གཙོ་བོ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་དངོས་པོ་རྣམས་གཙོ་བོའི་ངང་དུ་གཅིག་པ་མ་ཡིན་ན་རྒྱུ་ཐམས་ཅད་ཀྱིས་འབྲས་བུ་ཐམས་ཅད་བསྐྱེད་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། ཇི་ལྟར་གྲངས་ཅན་པ་ཁྱོད་ཀྱིས་དངོས་པོ་རྣམས་གཙོ་བོའི་ངང་དུ་ཐ་དད་མེད་པའི་ཁྱད་མེད་གཅིག་ཡིན་ན་ཡང་། རྒྱུ་ཐམས་ཅད་འབྲས་བུ་ཀུན་གྱི་སྒྲུབ་བྱེད་མིན་པར་འདོད་པ་དེ་བཞིན་དུ། སངས་རྒྱས་པ་ཆོས་ཅན། དངོས་པོ་རྣམས་སྤྱི་དངོས་པོ་གཙོ་བོ་མེད་པའི་ཐ་དད་དུ་ཁྱད་པར་མེད་ནའང་། རྒྱུ་ཐམས་ཅད་འབྲས་བུ་ཀུན་གྱི་སྒྲུབ་བྱེད་མིན་པར་ཐལ། དངོས་པོ་རྣམས་སྤྱི་གཙོ་བོ་བ་མེད་པའི་ཐ་དད་ཡིན་ནའང་། དངོས་པོའི་ཆོས་ཉིད་ཀྱིས་རྒྱུ་འགའ་ཞིག་འབྲས་བུ་འགའ་ཞིག་བྱེད་པ་པོར་འགྱུར་བ་ཡིན་པའི་ཕྱིར། གལ་ཏེ་དངོས་པོ་རྣམས་གཙོ་བོའི་ངང་དུ་གཅིག་ན་རྒྱུ་ཐམས་ཅད་ཀྱིས་འབྲས་བུ་ཐམས་ཅད་བསྐྱེད་པ་ཡིན་གྱི། དངོས་པོ་རྣམས་གཙོ་བོའི་ངང་དུ་གཅིག་ན་རྒྱུ་འགའ་ཞིག་གིས་འབྲས་བུ་འགའ་ཞིག་བསྐྱེད་པ་མ་ཡིན་པ་དངོས་པོའི་ཆོས་ཉིད་མ་ཡིན་པ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ཤེས་བྱ་ཆོས་ཅན། དངོས་པོ་རྣམས་གཙོ་བོའི་ངང་དུ་ཐ་དད་མེད་པར་གཅིག་ན་རྒྱུ་འགའ་ཞིག་གིས་འབྲས་བུ་འགའ་ཞིག་བསྐྱེད་པ་མི་འཐད་པར་ཐལ། དེ་དེར་གཅིག་ན་རྒྱུ་ཐམས་ཅད་ཀྱིས་འབྲས་བུ་ཐམས་ཅད་བསྐྱེད་དགོས་པའི་ཕྱིར་ཏེ། དངོས་པོ་གཅིག་ཉིད་ཀྱིས་འབྲས་བུ་བསྐྱེད་པར་བྱེད་པ་དང་མི་བྱེད་པ་གཉིས་འགལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དངོས་རྣམས་གཙོ་བོའི་ངང་དུ་གཅིག་ཀྱང་། རྒྱུ་ཐམས་ཅད་ཀྱིས་འབྲས་བུ་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་པ་མེད་དེ། རྒྱུའི་གནས་སྐབས་ཐ་དད་ཡོད་པ་དེའི་ཕྱིར་ཞེ་ན། ནས་ཀྱི་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ཆུ་ལུད་སོགས་ཆོས་ཅན། ནས་ཀྱི་མྱུ་གུ་བསྐྱེད་པར་མི་བྱེད་པར་ཐལ། ནས་ཀྱི་ས་བོན་ལས་གནས་སྐབས་ཐ་དད་པའི་ཕྱིར། འོན་ཏེ་སྤྱི་གཙོ་བོ་བ་དེས་འབྲས་བུ་རྣམས་གོ་རིམ་བཞིན་དུ་སྔ་ཕྱིའི་གནས་སྐབས་བསྐྱེད་པར་བྱེད་པ་པོ་ཉིད་ཡིན་ནོ་ཞེ་ན། དངོས་པོ་སྤྱི་གཙོ་བོ་བ་ཆོས་ཅན། འབྲས་བུ་རྣམས་གོ་རིམ་བཞིན་དུ་སྔ་ཕྱིའི་གནས་སྐབས་དེ་ཉིད་ཀྱི་བསྐྱེད་པ་པོ་དེ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཆ་མེད་པའི་རྟག་པ་གཅིག་པུ་བ་ཡིན་པའི་ཕྱིར། འམ་གྱིས་སྔ་མའི་གནས་སྐབས་ལས་ནུས་པའི་ཁྱད་པར་གཞན་ཐོབ་པའང་མི་འཐད་པར་ཐལ་ལོ། །གལ་ཏེ་དངོས་པོ་རྣམས་ཆ་མེད་པའི་སྤྱི་གཙོ་བོ་བ་དེའི་བདག་ཉིད་དང་ལྡན་པ་ཡིན་ནོ་ཞེ་ན། དངོས་པོ་སྤྱི་གཙོ་བོ་བ་ཆོས་ཅན། ཤིན་ཏུ་ཐ་དད་ཡིན་པར་ཐལ། དུ་མའི་བདག་ཉིད་ཀྱི་རྣམ་འགྱུར་བ་ཡིན་པའི་ཕྱིར། རྣམ་འགྱུར་ཆོས་ཅན་ཤིན་ཏུ་ཐ་དད་མེད་པར་འགྱུར་བར་ཐལ། སྤྱི་གཙོ་བོ་བ་གཅིག་ཡིན་པའི་ཕྱིར། གཞན་ཡང་རྣམ་གྲངས་ཟེར་ཀྱང་། སྤྱི་ཁྱད་དེ་དག་ཆོས་ཅན། ཕན་ཚུན་ཐ་དད་དུ་འགྱུར་བར་ཐལ། འདྲ་བ་ཐུན་མོང་བ་དང་མི་འདྲ་བ་ཐུན་མོང་མ་ཡིན་པའི་བདག་ཉིད་ཅན་དུ་གནས་པའི་ཕྱིར། གལ་ཏེ་སྤྱི་ནི་ནུས་པ་ཡིན་ལ། ཁྱད་པར་ནི་གསལ་བ་ཡིན་པས་སྤྱི་ཁྱད་དེ་དག་ཐ་དད་དུ་འགྱུར་བ་ཡང་འདོད་ཅེ་ན། གལ་ཏེ་དེ་ཡིན་ན་སྤྱི་ཁྱད་དེ་དག་ཆོས་ཅན། ཤིན་ཏུ་ཐ་དད་པ་ཉིད་དུ་འགྱུར་བར་ཐལ། ནུས་པ་དང་གསལ་བའི་བདག་ཉིད་གང་གིས་འདི་ནི་དེ་དག་གི་ཁྱད་པར་རོ། །འདི་ནི་སྤྱིའོ་ཞེས་བྱ་བར་ཐ་དད་དུ་འཇོག་པའི་ཕྱིར། འདོད་ན། སྤྱི་དང་ཁྱད་པར་དུ་འདོད་པའི་དངོས་པོ་དེའང་ཆོས་ཅན། སྤྱི་དང་ཁྱད་པར་ཅན་གྱི་བློ་འཇུག་པར་མི་འགྱུར་བར་ཐལ། འདོད་པ་དེ་ལྟ་བུའི་ཕྱིར། དཔེ་ཇི་ལྟར་བུམ་སྣམ་སོགས་ཤིན་ཏུ་ཐ་དད་པས་ཕན་ཚུན་སྤྱི་ཁྱད་པར་དུ་འཛིན་པའི་བློ་མི་འཇུག་པ་བཞིན་ནོ། །དེ་ལྟར་ན་དགོས་ནུས་མེད་པའི་སྤྱི་སྟེ་ཁྱད་པར་དང་རྫས་གཅིག་གམ་ཐ་དད་དུ་རྟོག་ལྡན་གྱིས་དཔྱད་པར་བྱ་བ་མ་ཡིན་གྱི། འབྲས་བུ་དོན་གཉེར་གྱི་སྐྱེས་བུས་བསྒྲུབ་བྱ་དེའི་རྟེན་ཐ་དད་པའི་ཁྱད་པར་རམ། ཐ་དད་མེད་པའི་སྤྱི་ཡིན་ཞེས་དཔྱད་པར་བྱ་བ་ཡིན་ནོ། །ཅི་ཞིག་དཔྱད་བྱ་ཡིན་ཞེ་ན། གང་གི་བདག་ཉིད་མདུན་ཏེ་དམིགས་ཡུལ་དུ་བྱས་ནས་བཞོ་བཀལ་ལ་སོགས་པ་དེའི་འབྲས་བུ་འདོད་ཅིང་དོན་དུ་གཉེར་བ་ཅན་གྱི་སྐྱེས་བུ་འདི་ནི་འཇུག་པར་འགྱུར་བ་ཞིག་གོ །བཞོ་བཀལ་ལ་སོགས་པའི་འབྲས་བུ་དོན་གཉེར་གྱི་ལྷ་སྦྱིན་ཆོས་ཅན། བསྒྲུབ་བྱ་བཞོ་བཀལ་ལ་སོགས་པ་དེ་སྤྱིའམ་ཁྱད་པར་ཡིན་དཔྱད་པར་རིགས་ཏེ། བཞོ་བཀལ་ལ་སོགས་པའི་འབྲས་བུ་དོན་གཉེར་ཡིན་པའི་ཕྱིར། དེས་ན་བཞོ་བཀལ་ལ་སོགས་པའི་འབྲས་བུ་འབྱུང་བ་ཅན་གྱི་དངོས་པོ་རྣམས་ཆོས་ཅན། རང་རང་གི་བདག་ཉིད་ཐ་དད་ཅིང་གཞན་དང་མ་འདྲེས་པར་ཡོད་དེ། ཁྱོད་རྣམས་ཕན་ཚུན་གཅིག་ལ་གཅིག་རྗེས་སུ་འགྲོ་བ་མེད་པར་མ་འདྲེས་པར་གནས་པའི་ཕྱིར་ཏེ། ཁྱོད་རྣམས་འདྲེས་ན་མེ་དོན་གཉེར་ཡང་ཆུ་ལ་འཇུག་པ་དང་། གཅིག་ཆར་དུ་སྐྱེ་འགག་བྱེད་པ་ལ་སོགས་སུ་ཐལ་བར་འགྱུར་བའི་ཕྱིར། གལ་ཏེ་སྤྱི་དངོས་པོ་བ་མེད་ན་མེ་ཆུ་དོན་གཉེར་རྣམས་མེ་ཆུ་རིགས་ཐ་དད་ཤེས་པའི་བློ་འཇུག་པའི་རྒྱུ་མེད་པས་མེ་ཆུ་རིགས་ཐ་དད་དུ་མི་ཤེས་སོ་ཞེ་ན། མེ་ཆུ་དེ་དག་ནི་ཆོས་ཅན། སྤྱི་དངོས་པོ་བ་མེད་ཀྱང་ཁྱོད་རྣམས་རིགས་ཐ་དད་དུ་མི་སྐྱེས་པའི་རྐྱེན་མེད་དེ། ཞེས་རིགས་མཐུན་རྣམས་ཕན་ཚུན་རིགས་མི་མཐུན་ལས་ལྡོག་པ་མཚུངས་པ་ཉིད་ཀྱིས་གཞན་སེལ་དུ་ཡོད་པ་ཉིད་ཡིན་པའི་ཕྱིར། དེའི་ཞར་ལ་ངན་རྟོག་གཞན་ཡང་སེལ་བ་སྟོན་པ་ནི། དངོས་པོ་རྣམས་ཕན་ཚུན་ཐ་དད་དུ་བསྒྲུབ་པ་དེ་ཉིད་ཀྱིས་ནི་འཛེམ་པ་སྟེ་ངོ་ཚ་མེད་པའི་གཅེར་བུ་བ་རྣམས་ཀྱིས་ཞོ་རྔ་གཉིས་རང་མཚན་པ་གཅིག་དང་གནས་སྐབས་ཐ་དད་པས་རྔ་མོ་ཞོར་འགྱུར་ཞིང་མི་འགྱུར་རོ་ཞེས་མུན་སྤྲུལ་གང་ཅི་ཡང་རུང་རུང་སྨྲ་བ་དེ་དག་ཀྱང་ནི་བསལ་བ་ཡིན་ཏེ། ཞོ་རྔ་མཐའ་གཅིག་དུ་ནི་ཐ་དད་པ་སྲིད་པའི་ཕྱིར་རོ། །དེའི་གཞུང་འཛུགས་པ་དེ། གལ་ཏེ་དངོས་པོ་ཐམས་ཅད་རང་དང་མ་ཡིན་གཉིས་ཀའི་ངོ་བོ་ཉིད་ཡིན་ན། ཤེས་བྱ་ཆོས་ཅན། ཞོ་འཐུང་ཞེས་ནི་བསྐུལ་བ་ན། ཞོ་དོན་གཉེར་རྣམས་ཅིའི་ཕྱིར་རྔ་མོང་ལ་མི་རྒྱུག་སྟེ་རྒྱུག་འོས་པར་ཐལ། ཞོ་རྔ་ཐ་དད་པ་དེའི་ཁྱད་པར་བསལ་བ་སྟེ་མེད་པའི་ཕྱིར། འོན་ཏེ་ཞོ་དེ་རྔ་མོང་ལས་ཕུལ་དུ་བྱུང་བའི་འོ་མའི་རྣམ་འགྱུར་འགའ་ཞིག་ཏུ་ཡོད་པའི་རྒྱུ་མཚན་གང་གིས་ཞོ་འཐུང་ཞེས་བསྐུལ་བ་ན་ཁྱད་པར་ཞོ་ལ་འཇུག་པར་འགྱུར་གྱི། རྔ་མོ་ལ་མི་འཇུག་གོ་ཞེ་ན། རྔ་མོ་དེ་ཆོས་ཅན། ཞོ་རྔ་གཉིས་ཀ་མིན་པར་ཞོ་ལས་གཞན་ཡིན་པར་ཐལ། གཞན་ལ་སྟེ་འོ་མའི་རྣམ་འགྱུར་དེར་མེད་པའི་ཕྱིར། ཁྱབ་སྟེ། འོ་མའི་རྣམ་འགྱུར་དེ་ཉིད་ཞོ་ཡིན་པའི་ཕྱིར། དེས་ན་ཞོ་རྔ་སོགས་ཀྱི་དངོས་པོ་ཀུན་ཆོས་ཅན། ཁྱོད་ལ་སྒྲ་བློ་ཐ་དད་འཇུག་ པར་མི་འགྱུར་བར་ཐལ། ཁྱོད་ཐམས་ཅད་བདག་ཉིད་གཅིག་ཡིན་པའི་ཕྱིར། རང་གི་སེམས next hit་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །༼རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པའི་ཚིག་རྐང་འདི་ཉིད་བྲིས་མ་ལ་མེད།༽དེ་ལྟར་སྨྲ་བ་ལ་སྟེ། འདོད་ན། གནས་སྐབས་ཐ་དད་ལ་མཐར་ཐུག་རང་མཚན་གཅིག་ཏུ་འདུས་པར་མི་སྲིད་པར་འགྱུར་བར་ཐལ། སྒྲ་བློ་ཐ་དད་འཇུག་པ་དེ་མེད་པའི་ཕྱིར་རོ། །དེས་ཡོད་པའི་སྒྲ་རྟོག་སེལ་བས་འཇུག་པ་བསྟན་ནས། ད་མེད་པའི་སྒྲ་རྟོག་སེལ་བས་འཇུག་པ་སྟོན་པ་ནི། བུམ་མེད་ལ་སོགས་པའི་དངོས་མེད་ཆོས་ཅན། སྒྲ་རྟོག་གིས་ཁྱོད་ཀྱི་ངོ་བོ་བརྗོད་དམ་སེལ་བས་བརྗོད་ཞེས་དཔྱད་པར་བྱ་བ་ཉིད་མ་ཡིན་ཏེ། ཐ་སྙད་ཙམ་དུ་ཡང་ངོ་བོ་མེད་པའི་ཕྱིར། དེས་ན་དེ་དག་ཉིད་ཆོས་ཅན། རང་རྗོད་བྱེད་ཀྱི་སྒྲ་རྟོག་གིས་ནི་རྣམ་གཅོད་ཙམ་དུ་བརྗོད་ཅིང་ཡུལ་དུ་བྱེད་པ་གྲུབ་སྟེ། སྒྲ་རྟོག་གིས་ཡུལ་དུ་བྱས་ལ་སྒྲུབ་པའི་སྒོ་ནས་ཡུལ་དུ་མ་བྱས་པའི་ཕྱིར་རོ། །དེ་ལྟར་ཞར་ལ་སྒྲ་རྟོག་གི་འཇུག་ཚུལ་གཞན་སེལ་བ་རྒྱས་པར་བཤད་ནས། ད་དཀྱུས་མ་རང་བཞིན་རྟགས་ཀྱི་དབྱེ་བ་སྟོན་ཏེ། རང་བཞིན་གྱི་རྟགས་ལ་འདོད་ཡུལ་གྱི་བསྒྲུབ་བྱ་སྒྲུབ་པའི་ཕྱིར་དུ་བརྗོད་ཅིང་བཀོད་པའི་རྟགས་གཉིས་སུ་ཡོད་དེ། སྒྲ་འཇིག་པར་བསྒྲུབ་པ་ལ་འབྲས་བུ་རྟགས་སུ་བཀོད་པ་ལྟ་བུ་རང་མིང་གིས་རང་གི་ཁྱད་པར་བྱེད་ཆོས་བྱེ་བྲག་སྟེ་ཐ་དད་ལྟོས་པར་འཕངས་པའི་ལྟོས་པའམ། འོན་ཏེ་སྒྲ་འཇིག་པར་སྒྲུབ་པ་ལ་ཡོད་པ་ཉིད་རྟགས་སུ་བཀོད་པ་བཞིན་རང་མིང་གིས་རང་གི་ཁྱད་པར་བྱེད་ཆོས་ལ་མ་ལྟོས་པར་འཕངས་པའི་འབའ་ཞིག་པ་སྟེ་དག་པ་གཉིས་སུ་ཡོད་པའི་ཕྱིར་རོ། །གྲངས་ཅན་པ་ན་རེ། གལ་ཏེ་ཡོད་པའི་རང་བཞིན་ཙམ་སྒྲ་མི་རྟག་སོགས་སུ་གྲུབ་པའི་གཏན་ཚིགས་སུ་འགྱུར་ན། ཡོད་པ་དེ་ཇི་ལྟར་གཙོ་བོ་ཡོད་པར་གྲུབ་པའི་བསྒྲུབ་བྱ་མིན་ཏེ་ཡིན་དགོས་ལ། གལ་ཏེ་ཡོད་པ་བསྒྲུབ་བྱར་མི་འགྱུར་ཏེ། ཡོད་ཙམ་ནི་གྲུབ་ཟིན་ལ་ཡོད་པའི་ཁྱད་པར་ནི་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟར་ན་ཡོད་པ་རྟགས་སུ་ཡང་མི་འགྱུར་ཏེ། ཡོད་ཙམ་ནི་གྲུབ་ཟིན་ལ་ཡོད་པའི་ཁྱད་པར་སྒྲ་ལ་ཡོད་པ་ནི་མཐུན་དཔེ་བུམ་པ་ལ་རྗེས་འགྲོ་མེད་བུམ་པའི་ཡོད་པ་ནི་ཆོས་ཅན་སྒྲ་ལ་རྗེས་འགྲོ་མེད་དོ། །དེས་ན་ཡོད་པའི་ཁྱད་པར་ཆོས་ཅན་དང་དཔེ་ལ་རྗེས་འགྲོ་མེད་པ་དེ་ནི་གཏན་ཚིགས་དང་བསྒྲུབ་བྱའི་ཆོས་གཉིས་ཀ་དག་ལས་ཉམས་སོ་ཞེ་ན། དེ་ལྟར་མི་མཚུངས་ཏེ་ཡོད་པ་བསྒྲུབ་བྱ་ཡིན་ན་རང་འདོད་མི་འགྲུབ་ཅིང་། གཞན་འདོད་སྒྲུབ་པར་སྟོན་པ་དེ་གྲངས་ཅན་པས་གཙོ་བོ་ཡིན་པར་སྒྲུབ་པའི་རྟགས་ཁྱད་པར་རྣམས་ལ་རྗེས་འགྲོ་མཐོང་བ་དེ་ཆོས་ཅན། གཙོ་འཛིན་རྟོག་པའི་སྣང་ཡུལ་དུ་གྱུར་པའི་སྤྱིའི་ཆོས་ཅན་གྱི་སྟེང་ལ་རྒོལ་བ་གྲངས་ཅན་པའི་བཞེད་འདོད་ཀྱི་དོན་འགའ་ཞིག་ཀྱང་འགྲུབ་པར་འགྱུར་བར་ཐལ། དེ་འདྲའི་ཆོས་ཅན་གྱི་སྟེང་དུ་ཡོད་པ་ཙམ་ཁོ་ན་ཁྱད་པར་དུ་བསྒྲུབ་བྱ་ཡིན་པའི་ཕྱིར། དེས་ན་ཁྱོད་སངས་རྒྱས་པའི་བློ་ངོར་དེ་འདྲའི་ཆོས་ཅན་གྱི་སྟེང་དུ་ཡོད་ཙམ་གྲུབ་པའི་རྟགས་ཡང་དག་ཏུ་མི་འགྱུར་བར་ཐལ། སངས་རྒྱས་པ་དེས་དེའི་སྟེང་དུ་ཡོད་ཙམ་དེ་འདྲ་བ་ཡང་ཚད་མས་བཀག་པ་མེད་པ་གྲུབ་ཟིན་མ་བརྗེད་པར་ཡོད་པའི་ཕྱིར། གལ་ཏེ་རྟག་པ་གཅིག་བུ་བ་སོགས་ཀྱི་ཁྱད་པར་དུ་བྱས་པའི་ཡོད་པ་ཙམ་དེ་གཙོ་བོ་ཡོད་པར་བསྒྲུབ་པའི་བསྒྲུབ་བྱར་བཟུང་ན། གྲངས་ཅན་གྱི་རྟགས་སུ་བཀོད་པའི་གཏན་ཚིགས་ཁྱད་པར་རྣམས་ལ་རྗེས་འགྲོ་མཐོང་བ་འདིར་ཆོས་ཅན། རྟག་པ་གཅིག་བུ་བ་སོགས་ཀྱི་ཁྱད་པར་དུ་བྱས་པའི་ཡོད་ཙམ་བསྒྲུབ་པའི་གཏན་ཚིགས་རྗེས་འགྲོ་མེད་པ་ཅན་དུ་འགྱུར་བར་ཐལ། དེས་ཁྱད་པར་དུ་བྱས་པའི་ཡོད་ཙམ་དེས་ཁྱོད་ལ་མ་ཁྱབ་པའི་ཕྱིར། དེ་ལྟར་ན་ཡོད་པ་ཙམ་གཙོ་བོར་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་ཡིན་ན་རྟག་པ་གཅིག་པུ་ལ་སོགས་པ་དེས་ཁྱད་པར་དུ་བྱས་པའི་ཡོད་པའི་ཁྱད་པར་དག་ནི་བསྒྲུབ་བྱར་འགྱུར་ལ། དེ་ལྟ་ཡིན་ན་རྟགས་རྗེས་འགྲོ་མེད་པའི་སྐྱོན་དུ་འགྱུར་རོ། །དེས་ན་ཡོད་པ་དེའི་ཁྱད་པར་རྟགས་སུ་བཟུང་བ་མེད་པར་དངོས་པོ་ཙམ་ནི་རྟགས་སུ་བསྒྲུབ་ཙམ་བཟུང་བ་ན། དངོས་པོ་ཙམ་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་བསྒྲུབ་བྱའི་ཆོས་ཀྱི་རྗེས་འགྲོ་བ་ཉམས་པའི་སྐྱོན་མེད་པར་ཐལ། རང་གྲུབ་ཙམ་གྱིས་མི་རྟག་པ་དེ་ཁྱབ་བྱེད་དུ་རྗེས་སུ་འབྲེལ་བའི་ཕྱིར། རིགས་པ་གཞན་གྱིས་ཀྱང་ཡོད་པ་དེ་གཙོ་བོ་ཡོད་པའི་བསྒྲུབ་བྱར་མི་འཐད་དེ། ཤེས་བྱ་ཆོས་ཅན། ཡོད་པ་དེ་ཇི་ལྟར་ན་གཙོ་འཛིན་རྟོག་པའི་སྣང་ཡུལ་རང་མཚན་དུ་སྒྲུབ་པའི་བསྒྲུབ་བྱར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་སྒྲུབ་ཀྱི་རྟགས་སུ་གང་བཀོད་ཀྱང་རྟགས་ལྟར་སྣང་གསུམ་ལས་མ་འདས་པའི་ཕྱིར། རྟགས་མ་གྲུབ་ན། ཡོད་ཆོས་གཉིས་ཆོས་མེད་ཆོས་གང་བཀོད། དང་པོ་ན། ཡོད་ཆོས་དོན་བྱེད་ནུས་པ་ཆོས་ཅན། གཙོ་འཛིན་རྟོག་པའི་སྣང་ཡུལ་རང་མཚན་དུ་སྒྲུབ་པའི་ཕྱོགས་ཆོས་མེད་པར་ཐལ། དེ་འདྲའི་སྣང་ཡུལ་དེ་ཁྱོད་ཡིན་པར་མ་གྲུབ་པའི་ཕྱིར། གཉིས་པ་ན། གཉིས་ཀ་ཤེས་བྱ་གཞལ་བྱ་སོགས་ཆོས་ཅན། དེ་སྒྲུབ་ཀྱི་ཁྱད་པ་འཁྲུལ་པ་ཅན་དུ་ཐལ། དངོས་པོ་དངོས་མེད་གཉིས་ཀ་ལ་བརྟེན་པ་ཅན་གྱི་ཆོས་ཡིན་པའི་ཕྱིར། གསུམ་པ་ན། མེད་པའི་ཆོས་དོན་བྱེད་ནུས་སྟོང་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་འགལ་བ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཐམས་ཅད་ལ་མེད་ཅིང་། མི་མཐུན་ཕྱོགས་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །སྔར་དེ་མེད་ན་ནི་ཡོད་པའི་བདག་ཉིད་འགྱུར་ཅེས་པའི་གཞུང་འཛུགས་པ་དེ། བསྒྲུབ་བྱའི་ཆོས་ཀྱི་རང་བཞིན་དུ་གྲུབ་པའི་བྱས་པ་དེ་གོ་བྱེད་དམ་རྟགས་ཡིན་ལ། རྟགས་དེ་ལ་གྲུབ་ཙམ་ནས་ཁྱབ་བྱེད་དུ་ངེས་པའི་མི་རྟག་པ་དེ་རང་བཞིན་ཅན་དུ་ངེས་པར་བྱ་བ་གོ་བྱའམ་བསྒྲུབ་བྱའི་ཆོས་ཡིན་ནོ། །དེས་ན་མི་རྟག་པ་འདི་ཆོས་ཅན། ཁྱོད་ལྡོག་པ་ན་བྱས་པ་དེ་ལྡོག་པར་བྱེད་དེ། བྱས་པ་དེ་ཁྱོད་ཀྱི་རང་བཞིན་གཅིག་པའི་ཁྱབ་བྱ་ཁྱོད་བྱས་པའི་རང་བཞིན་ཅན་གྱི་ཁྱབ་བྱེད་ཡིན་པའི་ཕྱིར། ཞར་ལ་རང་བཞིན་རྟགས་ཀྱི་སྦྱོར་བ་གཉིས་སྟོན་པ་ནི། དཔེར་ན་གང་བྱས་པ་མི་རྟག་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པ་ལྟ་བུ་ཆོས་ཅན་དང་། མཐུན་དཔེ་བསྒྲུབ་བྱའི་ཆོས་ཅན་དང་རྟགས་སུ་ཆོས་མཐུན་པར་སྦྱར་བ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གམ། གང་མི་འཇིག་པ་མ་བྱས་འདུས་མ་བྱས་ཀྱི་ནམ་མཁའ་བཞིན་སྒྲ་ནི་བྱས་ཞེས་པ་ལྟ་བུ་ཆོས་ཅན་དང་མི་མཐུན་དཔེ་བསྒྲུབ་བྱའི་ཆོས་དང་རྟགས་སུ་ཆོས་མི་མཐུན་པར་སྦྱར་བ་ཆོས་མི་མཐུན་པར་སྦྱོར་གྱི་སྒྲུབ་ངག་གཉིས་བཞིན་ནོ། །སྔར་ཡོད་པ་ཙམ་དང་འབྲེལ་བ་ཡིན་གྱི་གཞུང་འཛུགས་པ་དེ་དངོས་པོ་རྣམས་ནི་ཆོས་ཅན། རང་གི་ངོ་བོ་གྲུབ་ཙམ་གྱིས་འཇིག་པ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། རང་གྲུབ་ཙམ་ནས་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། དངོས་པོ་རྣམས་ཀྱི་འཇིག་པ་དེ་འཇིག་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ནོ་ཞེ་ན། དངོས་པོ་རྣམས་ནི་ཆོས་ཅན། ངེས་པར་འགྱུར་བ་མེད་དེ་འཇིག་པར་མ་ངེས་པར་ཐལ། འཇིག་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར། དཔེར་ན་གོས་དཀར་པོ་ཚོན་ཅན་དུ་འགྱུར་བ་དོན་གཞན་ལ་ལྟོས་པས་གྲུབ་ཙམ་ནས་ཚོན་ཅན་དུ་མ་ངེས་པར་མཐོང་བ་བཞིན་ནོ། །གལ་ཏེ་དངོས་པོ་རྣམས་ཀྱི་འཇིག་རྒྱུ་ཐོ་བ་ལ་སོགས་པ་དུ་མ་ཡོད་པས་ངེས་པར་འཇིག་གོ་ཞེ་ན། དེ་ཆོས་ཅན། ཁྱོད་རྣམས་ཀྱི་འཇིག་རྒྱུ་ཐོ་བ་ལ་སོགས་པ་མང་པོ་ཡོད་ན་ཡང་ཁྱོད་འགའ་ཞིག་ལ་འཇིག་པ་མི་སྲིད་འགྱུར་བར་ཐལ། ཁྱོད་འགའ་ཞིག་ལ་འཇིག་རྒྱུ་ཐོ་སོགས་དེ་མི་གནས་པའི་ཕྱིར། རིགས་པ་དེས་ནི་བཤད་པ་ཡིན་ནོ། །ཅི་ཞིག་བཤད་ན། དངོས་པོ་རྣམས་ལ་འཇིག་པའི་རྒྱུ་དོན་གཞན་དང་ལྡན་པར་སྨྲ་བའི་རྒོལ་བ་རྣམས་ཀྱིས་འཇིག་པའི་རྒྱུར་འདོད་པའི་ཐོ་སོགས་ཐམས་ཅད་དག་ནི་ཆོས་ཅན་རང་འབྲས་བུམ་སོགས་ཀྱི་འཇིག་རྒྱུར་སྒྲུབ་པའི་ཁྱབ་པ་འཁྲུལ་པ་ཉིད་དུ་ཐལ། རང་འབྲས་བུམ་སོགས་ཀྱི་འཇིག་པ་གནས་པས་ཏེ་བསྐྱེད་ངེས་སུ་མེད་པའི་ཕྱིར། རིགས་པ་འདིས་ཀྱང་དངོས་པོ་རྣམས་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་སྟེ། བུམ་སོགས་དེའི་འཇིག་རྒྱུར་འདོད་པའི་ཐོ་སོགས་རྣམས་ཆོས་ཅན། བུམ་སོགས་འཇིག་པ་ལ་ཕན་འདོགས་པའི་ནུས་པ་མེད་པའི་ཕྱིར་ཏེ། བུམ་སོགས་ཀྱི་འཇིག་པ་རྫས་སུ་མ་གྲུབ་པའི་ཕྱིར་རོ། །དེས་ན་འཇིག་པ་འདི་ནི་ཆོས་ཅན། དངོས་པོ་རྣམས་གྲུབ་ཙམ་ནས་ངོ་བོ་ཉིད་ཀྱིས་རྗེས་སུ་འབྲེལ་བར་འགྱུར་ཏེ་ངོ་བོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། རྒྱུན་མི་བརྟན་པའི་གློག་སོགས་གང་ལ་གྲུབ་ཙམ་ནས་འཇིག་པ་རྗེས་སུ་འབྲེལ་བར་འགྱུར་རོ་ཞེས་བྱ་བ་དེ་བཞིན་དུ་དེ་ལས་གཞན་རྒྱུན་བརྟན་པར་འདོད་པའི་རི་ལ་སོགས་པ་ལའང་གྲུབ་ཙམ་ནས་འཇིག་པ་ངོ་བོ་ཉིད་ཀྱིས་རྗེས་སུ་འབྲེལ་བར་འགྱུར་ཏེ། གློག་ལ་སོགས་པ་དང་རི་ལ་སོགས་པ་དེ་དག་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པར་མཚུངས་པའི་ཕྱིར་རོ། །བསྒྲུབ་རྟགས་གཉིས་ཀྱི་དོན་བསྡུ་བ་སྟོན་པ་ནི། འབྲས་རྟགས་སུ་མ་ཟད་རང་བཞིན་གྱི་རྟགས་ལའང་བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་བར་ངེས་པ་ཡོད་པ་དེས་ན་དངོས་པོའི་ཡུལ་ཅན་གྱི་རྗེས་སུ་དཔོག་པ་གང་སྟེ། སྒྲུབ་རྟགས་ཡང་དག་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། རང་གི་བསྒྲུབ་བྱའི་ཆོས་ལ་འབྲས་བུ་དང་། ངོ་བོའི་སྒོ་ནས་འབྲེལ་བའི་མི་འཁྲུལ་བར་ངེས་པའི་འབྲས་རང་གི་རྟགས་ཡོད་པའི་ཕྱིར་རོ། །དེ་དག་གིས་བསྒྲུབ་རྟགས་བཤད་ཟིན་ནས། དགག་རྟགས་སྟོན་པ་ལ། སྔར་ཚད་མ་རྣམས་ནི་མི་འཇུག་པ་ཞེས་པ་འཆད་དེ། ས་ཅན། བསྐལ་དོན་ཚད་མས་མ་དམིགས་པ་དེ་རང་ཕྱོགས་སུ་གྲུབ་པའི་གཞིར་བསྐལ་དོན་ཡོད་ངེས་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་མི་འཇུག་པར་སྒྲུབ་པའི་ཚད་མར་ཏེ་རྟགས་སུ་བཤད་པ་མི་འགལ་ཏེ། ཆོས་དེའི་ངོ་བོ་ཚད་མས་མ་དམིགས་ན་ཆོས་དེ་ཡོད་ངེས་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་འཇུག་པར་མི་བྱེད་པས་ཁྱབ་པའི་ཕྱིར་ཏེ། ཆོས་དེ་ཡོད་ངེས་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་འཇུག་པ་ཡིན་ན། ཆོས་དེ་ཚད་མས་མ་དམིགས་པའི་བློ་སྔོན་དུ་འགྲོ་དགོས་པ་ཅན་ཡིན་པའི་ཕྱིར། གལ་ཏེ་ཅིའི་ཕྱིར་ན་མི་སྣང་བ་མ་དམིགས་པའི་རྟགས་ཀྱིས་ཡོད་ངེས་ཙམ་འགོག་པ་ཡིན་གྱི། མེད་ངེས་སྒྲུབ་པར་མི་ནུས་ཤེ་ན། ཤེས་བྱ་ཆོས་ཅན། མི་སྣང་བ་མ་དམིགས་པའི་རྟགས་ཀྱིས་ཡོད་ངེས་ཙམ་འགོག་པའི་འབྲས་བུ་ཅན་ཡིན་གྱི། མེད་ངེས་སྒྲུབ་པར་མི་ནུས་ཏེ། ཐ་མལ་པ་ལ་ཡུལ་དུས་རང་བཞིན་གྱིས་བསྐལ་བའི་དོན་དེ་རྣམས་ཚད་མས་མ་དམིགས་པ་ཙམ་གྱིས་ཇི་ལྟར་མེད་པས་ཁྱབ་སྟེ་མ་ཁྱབ་པའི་ཕྱིར། རྟགས་སྒྲུབ་པ་སྟེ། བསྟན་བཅོས་རྣམ་དག་ཆོས་ཅན། ཐ་མལ་པ་ལ་རང་བཞིན་གྱིས་བསྐལ་བའི་དོན་རྣམས་བརྗོད་བྱར་མེད་དེ། དེ་ཡོད་ན་སྐབས་སུ་མ་བབས་པ་དང་འབྲེལ་མེད་སྟོན་པར་ཐལ་བའི་ཉེས་པ་ཡོད་པའི་ཕྱིར། དབང་པོའི་མངོན་སུམ་ཆོས་ཅན། དོན་དེ་རྣམས་ཁྱོད་ཀྱིས་གཟུང་དོན་ལས་འདས་པ་ཡིན་ཏེ། དེ་ཤེས་བྱ་ཆོས་ཅན། བསྐལ་དོན་ཚད་མས་མ་དམིགས་པ་དེ་རང་ཕྱོགས་སུ་གྲུབ་པའི་གཞིར་བསྐལ་དོན་ཡོད་ངེས་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་མི་འཇུག་པར་སྒྲུབ་པའི་ཚད་མར་ཏེ་རྟགས་སུ་བཤད་པ་མི་འགལ་ཏེ། ཆོས་དེའི་ངོ་བོ་ཚད་མས་མ་དམིགས་ན་ཆོས་དེ་ཡོད་ངེས་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་འཇུག་པར་མི་བྱེད་པས་ཁྱབ་པའི་ཕྱིར་ཏེ། ཆོས་དེ་ཡོད་ངེས་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་འཇུག་པ་ཡིན་ན། ཆོས་དེ་ཚད་མས་མ་དམིགས་པའི་བློ་སྔོན་དུ་འགྲོ་དགོས་པ་ཅན་ཡིན་པའི་ཕྱིར། གལ་ཏེ་ཅིའི་ཕྱིར་ན་མི་སྣང་བ་མ་དམིགས་པའི་རྟགས་ཀྱིས་ཡོད་ངེས་ཙམ་འགོག་པ་ཡིན་གྱི། མེད་ངེས་སྒྲུབ་པར་མི་ནུས་ཤེ་ན། ཤེས་བྱ་ཆོས་ཅན། མི་སྣང་བ་མ་དམིགས་པའི་རྟགས་ཀྱིས་ཡོད་ངེས་ཙམ་འགོག་པའི་འབྲས་བུ་ཅན་ཡིན་གྱི། མེད་ངེས་སྒྲུབ་པར་མི་ནུས་ཏེ། ཐ་མལ་པ་ལ་ཡུལ་དུས་རང་བཞིན་གྱིས་བསྐལ་བའི་དོན་དེ་རྣམས་ཚད་མས་མ་དམིགས་པ་ཙམ་གྱིས་ཇི་ལྟར་མེད་པས་ཁྱབ་སྟེ་མ་ཁྱབ་པའི་ཕྱིར། རྟགས་སྒྲུབ་པ་སྟེ། བསྟན་བཅོས་རྣམ་དག་ཆོས་ཅན། ཐ་མལ་པ་ལ་རང་བཞིན་གྱིས་བསྐལ་བའི་དོན་རྣམས་བརྗོད་བྱར་མེད་དེ། དེ་ཡོད་ན་སྐབས་སུ་མ་བབས་པ་དང་འབྲེལ་མེད་སྟོན་པར་ཐལ་བའི་ཉེས་པ་ཡོད་པའི་ཕྱིར། དབང་པོའི་མངོན་སུམ་ཆོས་ཅན། དོན་དེ་རྣམས་ཁྱོད་ཀྱིས་གཟུང་དོན་ལས་འདས་པ་ཡིན་ཏེ། དེ་རྣམས་ཁྱོད་ལ་རང་འདྲའི་རྣམ་པ་གཏོད་བྱེད་མ་ཡིན་པའི་ཕྱིར། མདུན་འདིར་ཆོས་ཅན། དེ་རྣམས་སྒྲུབ་པའི་རྟགས་མེད་པ་ཅན་ཡིན་ཏེ། དེ་རྣམས་ཀྱི་ངོ་བོ་འབྲས་བུ་གང་ཡང་ཚད་མས་མ་དམིགས་པའི་ཕྱིར། དེ་ལྟར་ན་མི་སྣང་བ་མ་དམིགས་པའི་རྟགས་ཀྱིས་ཡོད་པ་ཙམ་འགོག་པ་ཡིན་གྱི། མེད་ངེས་སྒྲུབ་མི་ནུས་པ་དེས་ན། སྣང་མི་རུང་གི་ཆོས་ཚད་མས་མ་དམིགས་པ་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་ཆོས་འགའ་ཞིག་མེད་པར་སྒྲུབ་པའི་ཚད་མ་སྟེ་རྟགས་ཡང་དག་ཉིད་དུ་མི་འགྱུར་བར་ཐལ། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་ཆོས་འགའ་ཞིག་ཡོད་མེད་གང་དུ་ཡང་ངེས་པའི་འབྲས་བུ་ཅན་མ་ཡིན་པ་སྟེ་ངེས་པར་མི་བྱེད་པའི་ཕྱིར་རོ། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས་ཞེས་སོགས་ཀྱི་གཞུང་འཛུགས་པ་དེ། མ་དམིགས་པའི་རྟགས་ཀྱི་ཕུལ་བྱུང་སྟེ་ཁྱད་པར་སྣང་རུང་ཡོད་པ་ཅན་གྱི་མ་དམིགས་པའི་རྟགས་ལ་ལ། མེད་ངེས་སྒྲུབ་པའི་ཚད་མ་སྟེ་རྟགས་དག་ཏུ་འགྱུར་རོ། །

འོ་ན་ཚད་མས་མ་དམིགས་པ་མེད་པར་མི་གྲུབ་ཅེས་ཇི་ལྟར་བཤད་ཅེ་ན། ཚད་མས་མ་དམིགས་པ་མེད་པར་མི་གྲུབ་ཅེས་པའི་རིགས་པ་འདི་ནི་ཆོས་ཅན། སྣང་རུང་སྣང་མི་རུང་གི་དོན་སྤྱིར་བཏང་ཁོ་ནའི་དབང་དུ་བྱས་པ་མ་ཡིན་ཏེ། གང་གི་རང་བཞིན་ཤེས་བྱེད་རྟགས་ལས་ཀྱང་མི་ཤེས་པ་མངོན་སུམ་ལ་ཡང་སྣང་དུ་མི་རུང་བའི་དོན་གྱི་དབང་དུ་བྱས་ནས་བརྗོད་པ་ཡིན་པའི་ཕྱིར་རོ། །འོ་ན་མེད་ངེས་སྒྲུབ་པའི་རྟགས་དེ་དག་ཀྱང་གང་ཞེ་ན། སྣང་རུང་གི་རྒྱུ་ཚད་མས་མི་ཤེས་ཤིང་མ་དམིགས་ན་སྣང་མི་རུང་གི་འབྲས་བུ་མེད་པ་ཉིད་དུ་སྒྲུབ་པར་བྱེད་དེ། དཔེར་ན་མེ་མེད་ཀྱིས་དུ་མེད་སྒྲུབ་པ་བཞིན་ནོ། །ཡང་དོན་ཁྱབ་བྱེད་ཀྱི་རང་བཞིན་དུ་གྱུར་པའི་ཁྱབ་བྱ་མ་དམིགས་པ་རྟགས་ཅན་ཏེ་བསྒྲུབ་བྱར་ཡོད་པ་ལ་ཁྱབ་བྱེད་ཀྱི་རང་བཞིན་མ་དམིགས་པ་ཡང་རྟགས་སུ་འགྱུར་བ་ཡིན་ཏེ། དཔེར་ན་ཤིང་མེད་ཀྱིས་ཤ་པ་མེད་པར་སྒྲུབ་པ་བཞིན་ནོ། །འོ་ན་རྒྱུ་དང་ཁྱབ་བྱེད་མ་དམིགས་པ་དེ་ཡང་དུས་ནམ་གྱི་ཚེ་རྟགས་སུ་འགྱུར་ཞེ་ན། གལ་ཏེ་རྒྱུ་དང་ཁྱབ་བྱེད་དེ་དག་སྣང་རུང་མ་དམིགས་པའི་གཏན་ཚིགས་འགའ་ཞིག་གིས་དགག་བྱའི་ཆོས་དེ་མེད་པར་ཚད་མས་རྟོགས་པར་འགྱུར་བ་དེའི་ཚེ་འབྲས་བུ་དང་ཁྱབ་བྱ་མ་དམིགས་པའི་རྟགས་སུ་འགྱུར་རོ། །གལ་ཏེ་སྣང་རུང་གི་དོན་དེ་ཚད་མས་མ་དམིགས་པས་སྣང་རུང་གི་དོན་དེ་མེད་པར་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། སྣང་རུང་བུམ་པ་མཐོང་བ་མེད་པའི་རྒྱུ་སྟེ་བུམ་པ་མཐོང་བའི་གེགས་སྒྲིབ་བྱེད་ལ་སོགས་མི་སྲིད་པར་གྱུར་པ་ན། མདུན་གྱི་གཞི་འདིར་ཆོས་ཅན། སྣང་རུང་བུམ་པའི་དངོས་པོ་ཚད་མས་མ་དམིགས་པས་སྣང་རུང་བུམ་པའི་དངོས་པོ་མེད་པ་རྟོགས་པར་འགྱུར་ཏེ། སྣང་རུང་བུམ་པ་ཡོད་ན་སྣང་རུང་བུམ་པ་ཚད་མས་དམིགས་དགོས་པའི་ཕྱིར། དེས་ན་འབྲེལ་ཟླ་མ་དམིགས་པས་མེད་ངེས་སྒྲུབ་པར་མ་ཟད། འགལ་ཟླ་དམིགས་པས་ཀྱང་མེད་ངེས་གྲུབ་སྟེ། ཤེས་བྱ་ཆོས་ཅན། དགག་བྱའི་ཆོས་དེ་དང་འགལ་བའི་དངོས་པོ་དམིགས་པའི་རྟགས་ཀྱིས་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་དགག་བྱའི་ཆོས་དེ་མེད་པ་ཉིད་དུ་ཚད་མས་ངེས་པར་བྱེད་པར་འགྱུར་ཏེ། དགག་བྱའི་ཆོས་དེ་དང་འགལ་བའི་དངོས་པོ་ཉེ་བར་ཡོད་ན་དེ་འདྲ་དེ་དགག་བྱའི་ཆོས་དེ་ཡོད་པ་ལ་གནོད་བྱེད་ཡིན་པའི་ཕྱིར། གལ་ཏེ་མ་དམིགས་པའི་རྟགས་ལ་ཡོད་ངེས་འགོག་པ་དང་། མེད་ངེས་སྒྲུབ་པའི་རྟགས་གཉིས་སུ་ངེས་ན། སློབ་དཔོན་གྱིས་གཙོ་བོ་ལ་སོགས་པ་གཉིས་ནི་ཡོད་པ་མ་ཡིན་ཏེ་མ་དམིགས་པའི་ཕྱིར་རོ་ཞེས་པའི་རྟགས་དེ་ཡོད་ངེས་འགོག་པ་དང་། མེད་ངེས་སྒྲུབ་པའི་རྟགས་སུ་ཇི་ལྟར་འགྱུར། གལ་ཏེ་ཅིའི་ཕྱིར་མི་འགྱུར་ཞེ་ན། ཁྱོད་ལྟར་ན། གཙོ་བོ་མེད་ཅེས་པའི་དགག་སྒྲ་སྦྱར་དུ་མི་རུང་སྟེ། གཙོ་བོ་མེད་པ་ལ་གཙོ་བོ་ཞེས་པའི་སྒྲ་མི་འཇུག་པའི་ཕྱིར་རོ། །དེའི་ཕྱིར་ན་ཆོས་ཅན་མེད་ངེས་པས་རྟགས་ཕྱོགས་ཆོས་མ་གྲུབ་པར་ཡང་འགྱུར་རོ་ཞེ་ན། རྗོད་བྱེད་ཀྱི་སྒྲའི་དོན་རང་མཚན་དུ་བསམས་ནས་རྩོད་པར་ཟད་དེ་ཤེས་བྱ་ཆོས་ཅན། རྗོད་བྱེད་ཀྱི་སྒྲའི་དོན་རང་མཚན་དུ་མེད་དེ། རྗོད་བྱེད་སྒྲའི་དོན་དེ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་ཏེ་སྒྲོ་བཏགས་པའི་ཆོས་ཡིན་པའི་ཕྱིར། དེས་ན་དེ་འདྲའི་སྒྲ་དོན་ཆོས་ཅན། དངོས་པོའི་ཆོས་ནི་མ་ཡིན་ཏེ། ཁྱོད་ལ་ཡོད་པ་དངོས་པོར་ཞེན་པ་དང་། མེད་པ་དངོས་མེད་དུ་ཞེན་པ་དང་། ཡོད་མེད་གཉིས་ཀར་མངོན་པར་ཞེན་པའི་རྟོག་པ་ལ་བརྟེན་པའི་སྒྲོ་བཏགས་ཀྱི་ཆོས་ནི་རྣམ་པ་གསུམ་དུ་ཡོད་པའི་ཕྱིར། དེས་ན་གཙོ་བོའི་སྒྲ་དོན་དེ་གཙོ་བོ་དངོས་པོའི་ཉེར་ལེན་ཅན་དུ་ཚད་མས་མ་དམིགས་པ་ནི་ཆོས་ཅན། གཙོ་བོའི་སྒྲ་དོན་དེ་གཙོ་བོ་དངོས་པོ་བའི་ཉེར་ལེན་ཅན་དུ་མེད་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་ཏེ། དེ་ལྟར་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ཚད་མས་མ་ངེས་པ་ཡིན་པའི་ཕྱིར། དེ་ལྟར་ན་སློབ་དཔོན་ཕྱོགས་གླང་ཆོས་ཅན། གཙོ་བོའི་སྒྲ་དོན་དེ་ཉིད་མེད་དོ་ཞེས་འགོག་པ་མ་ཡིན་ཏེ། གཙོ་བོའི་སྒྲ་དོན་ཉན་པ་པོ་ལ་བསྟན་པའི་ཕྱིར་དུ་གཙོ་བོ་ཞེས་སྒྲ་སྦྱོར་བའི་ཕྱིར། གལ་ཏེ་རྗོད་བྱེད་ཀྱི་སྒྲ་རྣམས་དོན་དམ་པར་རང་མཚན་པ་གཅིག་པུ་ཉིད་དུ་འཇུག་པ་ཅན་ཡིན་ན། དོན་བུམ་སོགས་རྣམས་ལ་ནི་ཆོས་ཅན། མཐོང་བ་ལྟ་བའི་བྱེ་བྲག་ཐ་དད་པའི་དབང་གིས་རྟག་མི་རྟག་ཅེས་སོགས་ཀྱིས་སྒྲ་རྣམས་འཇུག་པར་མི་འགྱུར་བར་ཐལ། ཁྱོད་ལ་རྟག་མི་རྟག་ཅེས་པའི་སྒྲ་འཇུག་པའི་རྒྱུ་ཁྱོད་རྟག་མི་རྟག་ཏུ་དོན་ལ་མེད་པ་ཅན་ཡིན་པའི་ཕྱིར་དང་། འདས་པ་དང་མ་སྐྱེས་པའི་དོན་ཆོས་ཅན། ཁྱོད་ལ་ཡང་རྗོད་བྱེད་ཀྱི་སྒྲ་མི་འཇུག་པར་ཐལ། རང་མཚན་དུ་མེད་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། རྗོད་བྱེད་ཀྱི་ཚིག་འགའ་ཞིག་ཀྱང་རྫུན་པའི་དོན་ཅན་ཉིད་དུ་མི་འགྱུར་བར་ཐལ། རྗོད་བྱེད་ཀྱི་སྒྲ་རྣམས་དངོས་ཡུལ་རང་མཚན་གྱི་དབང་ཁོ་ནས་འཇུག་པའི་ཕྱིར། དེས་ན་རྗོད་བྱེད་ཀྱི་སྒྲ་དེ་དག་བློ་རྟོག་པའི་དོན་གྱི་ཡུལ་དུ་འདོད་པ་འཐད་དེ། རྗོད་བྱེད་ཀྱི་སྒྲ་རྣམས་བློ་རྟོག་པའི་དོན་གྱི་ཡུལ་ཅན་མ་ཡིན་པར་དངོས་ཡུལ་རང་མཚན་གྱི་དབང་ཁོ་ནས་འཇུག་ན་གནོད་བྱེད་དུ་མ་ཡོད་པའི་ཕྱིར། གལ་ཏེ་སྒྲ་དོན་མེད་དོ་ཞེས་བསྙོན་ན། གཙོ་བོའི་སྒྲ་དོན་གཙོ་བོ་དངོས་པོའི་ཉེར་ལེན་ཅན་དུ་མེད་པ་ཆོས་ཅན། གཙོ་བོའི་སྒྲ་དོན་དང་། གཙོ་བོ་དང་དངོས་པོའི་ཉེར་ལེན་ཅན་དུ་མེད་པའི་ཚོགས་པ་དེ། གཙོ་བོའི་སྒྲ་དོན་གཙོ་བོ་དངོས་པོ་བའི་ཉེར་ལེན་ཅན་དུ་མེད་པར་སྒྲུབ་པའི་བསྒྲུབ་བྱར་མི་འགྱུར་བར་ཐལ། དེ་དེ་ལྟར་སྒྲུབ་པ་ལ་བསྒྲུབ་བྱའི་ཆོས་ཀྱི་རྟེན་ཤེས་འདོད་ཆོས་ཅན་ཚད་མས་བསལ་བའི་ཕྱིར། གལ་ཏེ་རང་མཚན་དུ་མེད་པའི་ཆོས་ཡན་གར་བ་གཅིག་བསྒྲུབ་བྱའོ་ཞེ་ན། དེ་ཆོས་ཅན། རང་མཚན་དུ་མེད་པའི་ཆོས་ཡན་འགར་བ་དེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་མ་ཡིན་པར་ཐལ། དེ་ཚད་མས་གྲུབ་ཟིན་པ་ཡིན་པའི་ཕྱིར། དེས་སྒྲ་དོན་མེད་པར་བསྙོན་པ་མ་ཡིན་ནོ་ཞེས་བསྟན་ནས། རིགས་པ་འདིས་ཀྱང་སྒྲ་དོན་མེད་པ་འགོག་པ་མ་ཡིན་ནོ་ཞེས་སྟོན་པ་ནི། སྒྲ་དོན་མེད་དོ་ཞེས་བསྙོན་པ་མེད་པའི་འབྲས་བུ་དོན་གཉེར་གྱི་སྐྱེས་བུ་རྣམས་ཀྱི་ཆོས་ཅན། དངོས་པོ་རང་མཚན་པ་ཉིད་ལ་ཡོད་མེད་ཀྱི་ཕྱོགས་གཉིས་སུ་བྱེ་བྲག་ཕྱེ་ནས་དཔྱད་པར་བྱ་སྟེ། ཁྱོད་ཀྱིས་དོན་དུ་གཉེར་བྱའི་འབྲས་བུ་འབྱུང་བ་ནི་དངོས་པོ་རང་མཚན་པ་འདི་ལ་རག་ལས་པའི་ཕྱིར། དེས་ན་སྒྲ་དོན་ལ་ཡོད་མེད་དུ་བརྟགས་པས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། སྒྲ་དོན་དེ་ཁྱོད་ཀྱི་དོན་དུ་གཉེར་བྱ་དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར། དཔེར་ན། མ་ནིང་གཟུགས་བཟང་མི་བཟང་ཞེས་འཁྲིག་པ་དོན་གཉེར་གྱི་འདོད་ལྡན་རྣམས་ཀྱིས་བརྟགས་པས་དོན་དུ་གཉེར་བྱའི་དོན་འགྲུབ་པ་ལ་ཅི་ཕན་ཏེ་མི་ཕན་པ་བཞིན་ནོ། །གལ་ཏེ་གཙོ་བོ་དངོས་པོ་བའི་ཉེར་ལེན་ཅན་དུ་ཚད་མས་མ་དམིགས་པ་དེ་གཙོ་བོའི་སྒྲ་དོན་གྱི་ཆོས་ཡིན་ན། སློབ་དཔོན་གྱིས་བརྟགས་པའི་ཆོས་མ་དམིགས་པ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། རིགས་པ་སྨྲ་བའི་ཕྱོགས་གླང་ཆོས་ཅན། ཁྱོད་ཀྱིས་གཙོ་བོ་དངོས་པོའི་རྟེན་ནམ་ཉེར་ལེན་ཅན་དུ་མ་གྲུབ་པ་དེ་ཕྱི་རོལ་གྱི་གཙོ་བོའི་ཆོས་སུ་གསུངས་པ་མ་ཡིན་ནོ། །དེ་གཙོ་བོའི་སྒྲ་དོན་འདིའི་ཆོས་སུ་གསུངས་པ་ཡིན་པའི་ཕྱིར། གཙོ་བོའི་སྒྲའི་དོན་ནི་ཆོས་ཅན། ཁྱོད་ལ་བརྟགས་པ་ཞེས་འདོགས་པའི་རྒྱུ་མཚན་ཡོད་དེ། རྟོག་པའི་ཤེས་པའི་ཡུལ་ཡིན་པ་ཉིད་ཀྱིས་སྒྲོ་བཏགས་པའི་ཆོས་ཡིན་པའི་ཕྱིར། ཞར་ལ་སྒྲ་དོན་གྱི་འབྲེལ་བ་དངོས་པོ་བ་མེད་དོ་ཞེས་སྟོན་པ་ནི། སྔར་མ་དམིགས་ཕྱིར་ཇི་ལྟར་མེད་ཅེས་པ་ཡང་མངོན་རྗེས་ཀྱིས་མ་དམིགས་ན་མེད་པར་མི་འགྲུབ་མོད། ལུང་གིས་མ་དམིགས་ན་མེད་པར་གྲུབ་སྟེ། ལུང་དེ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། རྗོད་བྱེད་ཀྱི་སྒྲ་རྣམས་དེ་ཆོས་ཅན། ཁྱོད་ལས་གཞི་འགར་ཡང་རང་གི་བརྗོད་བྱའི་དོན་དངོས་སུ་གྲུབ་པ་མིན་ཏེ་རང་གི་བརྗོད་བྱའི་དངོས་པོ་དང་ལྷན་ཅིག་ཏུ་མེད་ན་མི་འབྱུང་བའི་འབྲེལ་བ་མེད་པའི་ཕྱིར། འོན་ཀྱང་དེ་དག་ཆོས་ཅན། རང་གི་བརྗོད་བྱའི་དོན་དང་འབྲེལ་བ་མེད་ཀྱང་དགོས་པ་ཡོད་དེ། རང་སྨྲ་བ་པོའི་བརྗོད་འདོད་ཀྱི་བསམ་པ་བཞིན་དུ་ཉན་པ་པོའི་བློ་ཡུལ་དུ་སྟོན་པར་བྱེད་པའི་ཕྱིར། གལ་ཏེ་སྒྲ་དོན་ལ་འབྲེལ་བ་མེད་ན་སློབ་དཔོན་གྱིས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་ལུང་ཚད་མར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སློབ་དཔོན་ཕྱོགས་གླང་ཆོས་ཅན། ཁྱད་པར་གསུམ་དང་ལྡན་པའི་ལུང་དེ་ལས་གཞན་གང་ཡང་རུང་བའི་ལུང་གི་དབང་དུ་བྱས་ནས་ལུང་ཚད་མར་བཤད་པ་མིན་ཏེ། ངག་གམ་བསྟན་བཅོས་གང་ལ་བླང་དོར་བཏང་སྙོམས་སུ་བྱ་བའི་དོན་འབྲེལ་ཆགས་སུ་སྟོན་པ་དང་། སྐྱེས་བུའི་དགོས་པ་སྒྲུབ་པ་དང་རྗེས་སུ་མཐུན་པའི་ཐབས་དང་། སྐྱེས་བུས་མངོན་པར་འདོད་པའི་དོན་བརྗོད་པར་བྱེད་པའི་ཁྱད་པར་རྣམས་ཚད་མས་ཡོངས་སུ་བརྟག་པའི་དབང་དུ་བྱས་ནས་ལུང་ཚད་མར་བཤད་པ་ཡིན་པའི་ཕྱིར། འོ་ན་ལུང་གི་དོན་ལ་ཡོངས་སུ་བརྟག་པའི་ཚུལ་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀྱི་གསུང་རབ་འདི་ཆོས་ཅན། རང་གི་དོན་ལ་སྐྱེས་བུ་མི་བསླུ་བ་ཡིན་ཏེ། མཐོང་བ་མངོན་གྱུར་གྱི་དོན་ལ་མངོན་སུམ་གྱིས་གནོད་པ་མེད། མ་མཐོང་བ་ལྐོག་གྱུར་གྱི་དངོས་པོའི་དོན་དེ་དག་ལ་རྗེས་སུ་དཔག་པ་རྣམ་པ་གཉིས་ཀྱི་ནང་ནས་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གིས་གནོད་པ་མེད། ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་རང་ཚིག་འགལ་བ་སོགས་ཀྱི་སྒོ་ནས་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་པའི་ལུང་ཡིན་པའི་ཕྱིར། གལ་ཏེ་དཔྱད་པ་གསུམ་དང་ལྡན་པའི་ལུང་ངམ། ལུང་ལ་བརྟེན་པའི་རྗེས་དཔག་དེ་ཚད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཚིག་གང་ཡང་བརྗོད་བྱ་དང་འབྲེལ་བ་མེད་པའི་ཕྱིར་རོ། །འོ་ན་ལུང་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་རྟོགས་པའི་བློ་རྗེས་དཔག་ཚད་མར་ཇི་ལྟར་བཤད་ཅེ་ན། ཤིན་ཏུ་ལྐོག་གྱུར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་ནི་ཆོས་ཅན། རང་གི་དོན་ལ་སྐྱེས་བུ་མི་བསླུ་བ་ཡིན་ཏེ། མངོན་ལྐོག་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དང་། ཡིད་ཆེས་པའི་ཚིག་ཏུ་སྤྱི་ལས་ཏེ་མཚུངས་པའི་ལུང་ཡིན་པའི་ཕྱིར། དེས་ན་འདི་ཆོས་ཅན། ཁྱོད་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་རྟོགས་པའི་བློ་ཚད་མར་གསུངས་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་ཡུལ་ཤིན་ཏུ་ལྐོག་གྱུར་ལ་ཚུར་མཐོང་གི་དངོས་པོ་སྟོབས་ཞུགས་ཀྱི་དཔྱད་པ་འཇུག་པའི་གོ་སྐབས་མེད་པའི་ཕྱིར་ན། ཁྱོད་ལ་བརྟེན་པ་ཤིན་ཏུ་ལྐོག་གྱུར་རྟོགས་པའི་བློ་ནི་རྗེས་སུ་དཔག་པ་ཉིད་དུ་གསུངས་པའི་ཕྱིར། ཡང་རིགས་པ་འདིས་ཀྱང་ལུང་རྣམ་དག་གི་བསྟན་བྱ་ལ་མི་བསླུ་བར་གྲུབ་སྟེ། སངས་རྒྱས་པའི་ལུང་རྣམ་དག་ཆོས་ཅན། གཞན་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བར་རྗེས་སུ་དཔག་པ་ཡིན་ཏེ། དོན་དུ་གཉེར་བྱའི་གཙོ་བོའི་དོན་བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པ་ལ་སྐྱེས་བུ་མི་བསླུ་བའི་ཕྱིར་ཏེ། བླང་བྱའི་དེ་ཉིད་འགོག་བདེན་དང་། དོར་བྱའི་དེ་ཉིད་སྡུག་བདེན་ཐོབ་པའི་ཐབས་ལམ་བདེན་བསྟེན་པ་དང་། སྡུག་བདེན་འདོར་བའི་ཐབས་ཀུན་འབྱུང་སྤོང་བ་དང་བཅས་པ་སོགས་རང་གིས་ཇི་ལྟར་བསྟན་པ་ལྟར་དུ་ཚད་མས་རབ་ཏུ་ངེས་པར་བྱེད་པའི་ཕྱིར། དེས་རང་ལུགས་ཀྱི་ལུང་ཚད་མར་འདོད་པའི་འཐད་པ་བསྟན་ནས། ད་གཞན་ལུགས་ཀྱི་ལུང་ཚད་མར་འདོད་པའི་འཐད་པ་འགོག་པ་དེ། གལ་ཏེ་ལུང་བྱེད་པ་པོ་དེ་ཉེས་པ་ཀུན་ཟད། ཡོན་ཏན་ཀུན་དང་ལྡན་པའི་སྐྱེས་བུ་ཕུལ་དུ་བྱུང་བ་ཡིན་པ་ལ་ལྟོས་ནས་དེའི་ཚིག་ཀྱང་ཇི་ལྟ་བ་བཞིན་གྱི་དོན་ཅན་དུ་གཞན་རི་ཁྲོད་རྗེ་པ་སོགས་ཀྱིས་ཤེས་ཤིང་འདོད་དོ། །གལ་ཏེ་ལུང་བྱེད་པ་པོའི་སྐྱེས་བུ་དེ་ཉེས་པ་ཀུན་ཟད། ཡོན་ཏན་ཀུན་ལྡན་གྱི་ཕུལ་དུ་བྱུང་བར་ཚད་མས་ཤེས་པར་ནུས་ན། དེའི་ཚིག་ཚད་མ་ཡིན་པའི་དོན་འདི་ཁོ་བོ་ཅག་ཀྱང་འདོད་མོད། ཉེས་པ་ཀུན་ཟད་ཡོན་ཏན་ཀུན་ལྡན་སྤོང་བ་ནི་སུ་ཞིག་ཡོད། དེ་ལྟ་ནའང་ལུང་ཚད་མར་འདོད་པ་ལ་ལུང་བྱེད་པ་པོ་དེ་སྐྱེས་བུ་ཁྱད་པར་ཅན་དུ་ཚད་མས་ཤེས་དགོས་པ་ནི་མ་ཡིན་ཏེ། ཤེས་བྱ་ཆོས་ཅན། ལུང་ཚད་མར་འདོད་པ་ལ། ལུང་བྱེད་པ་པོ་ཉེས་པ་ཀུན་ཟད། ཡོན་ཏན་ཀུན་ལྡན་དུ་ཚད་མས་ཤེས་དགོས་པ་མ་ཡིན་པར་ཐལ། ཐ་མལ་པས་སྐྱེས་བུ་འདི་ནི་སྐྱོན་ཡོན་གྱི་རྣམ་པ་འདི་ལྟ་བུ་དང་ལྡན་པའམ། འདི་ལྟ་བུ་དང་ལྡན་པ་མིན་ནོ་ཞེས་ཚད་མས་རྟོགས་པར་དཀའ་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཤེས་བྱ་ཆོས་ཅན། ཐ་མལ་པས་སྐྱེས་བུ་གཞན་ལ་འདི་ནི་ཆགས་སོགས་ཀྱི་སྐྱོན་དང་ལྡན། འདི་ནི་ཆགས་སོགས་ཀྱི་སྐྱོན་མེད་པའོ་ཞེས་རྟོགས་པའི་ཚད་མ་རྣམས་ནི་རྙེད་ཅིང་ཡོད་པར་དཀའ་བར་ཐལ། ཐ་མལ་པ་ལ་སྐྱེས་བུ་གཞན་གྱི་རྒྱུད་ཀྱི་ཆགས་སོགས་ཡོད་མེད་ལ་སོགས་པའི་previous hit སེམས་ཀྱི་ཁྱད་པར next hit་རྣམས་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཞེས་པ་ནི་གཞན་སངས་རྒྱས་པ་རྣམས་ཀྱིས་ཤེས་སོ། །གལ་ཏེ་ཉེས་ཟད་ཀྱི་སྐྱེས་བུ་ཚད་མས་རྟོགས་པར་དཀའ་ན། ཉེས་ཟད་ཀྱི་སྐྱེས་བུ་གཏན་ནས་མི་སྲིད་དམ་ཞེ་ན། ཉེས་པ་ཆགས་སོགས་རྣམས་མཐར་ཐུག་པར་གཉེན་པོས་སྤོང་ནུས་པས་ཉེས་ཟད་ཀྱི་སྐྱེས་བུ་ཡོད་པར་སྟོན་པ་དེ། གང་གཉེན་པོ་འཕེལ་བ་ལ་འགྲིབ་པ་དང་། གཉེན་པོ་འགྲིབ་པ་ལ་ཕུལ་བྱུང་བརྟེན་པའི་ཆོས་ཀུན་མི་མཐུན་ཕྱོགས་གནོད་བྱེད་དང་བཅས་པས་ཁྱབ། དཔེར་ན་ཚ་གྲང་བཞིན་ཉེས་པ་ཆགས་སོགས་ཀྱང་གཉེན་པོ་འཕེལ་འགྲིབ་ལས་འཕེལ་གྲིབ་བྱེད་པ་ཡིན་ནོ་ཞེས་པ་འགལ་ཁྱབ་དམིགས་པའི་རྟགས་བཀོད་ནས། ཟག་པ་ཉེས་པ་ཆགས་སོགས་རྣམས་ཆོས་ཅན། སྐྱེས་བུ་ལ་ལའི་རྒྱུད་ལ་གཏན་ནས་ཟད་པར་འགྱུར་བ་སྲིད་དེ། གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དེ་གོམས་པ་རབ་ཀྱི་མཐར་ཕྱིན་པ་ལས། གོམས་མཁན་གྱི་རྒྱུད་དེ་བདག་མེད་རྟོགས་པའི་ཤེས་རབ་དེའི་བདག་གམ་ངང་དུ་འགྱུར་བའི་ཕྱིར། གལ་ཏེ་ཐོག་མ་མེད་པ་ནས་འདྲིས་པའི་ཉེས་པ་ཆགས་སོགས་རྣམས་གཉེན་པོས་འཇོམས་པ་བཞིན་དུ་གཉེན་པོའི་ངང་དུ་གྱུར་པའི་རྒྱུད་ལའང་ཉེས་པ་ཆགས་སོགས་འབྱུང་སྲིད་པས་ཉེས་པ་ཆགས་སོགས་གཏན་ནས་སྤོང་བ་མི་སྲིད་དོ་ཞེ་ན། འཕགས་པའི་སྤངས་པ་སླར་ལྡོག་པ་མི་སྲིད་པའི་རིགས་པ་སྟོན་ཏེ། གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། རང་རྒྱུད་ལྡན་གྱི་སྐྱེས་བུའི་རྒྱུད་ལ་ཉེས་པ་ཆགས་སོགས་ཀྱིས་ཁྱོད་བཟློག་པའི་འབད་པ་མེད་མོད། འབད་དུ་ཟིན་ཀྱང་ཁྱོད་མི་བཟློག་སྟེ། ཁྱོད་འཁོར་བའི་ཉེ་བར་འཚེ་བ་མེད་པ་དང་། མི་རྟག་བདག་མེད་སོགས་ཡང་དག་པའི་དོན་ཅན་དང་སེམས་ཀྱི་ངོ་བོ་ཉིད་དམ་རང་བཞིན་ཡིན་པའི་ཕྱིར། ཁྱབ་སྟེ། ཉེས་པ་ཆགས་སོགས་རྣམས་ནི་རྒྱུ་མཚན་དེ་གསུམ་ལས་ཕྱིན་ཅི་ལོག་ནས་འཁོར་བའི་འཚེ་བ་དང་བཅས་པ་དང་། རྟག་བརྟན་སོགས་སུ་སྒྲོ་འདོགས་པའི་དོན་ཅན་ཡིན་པ་དང་། སེམས་རྒྱུད་ལ་གློ་བུར་དུ་བྱུང་བ་ཡིན་པའི་ཕྱིར་རོ། །ཀྱང་ཞེས་པས་དེ་ཆོས་ཅན། རང་རྒྱུད་ལྡན་གྱི་སྐྱེས་བུའི་རྒྱུད་ལ་ཉེས་པ་ཆགས་སོགས་ཀྱིས་ཁྱོད་བཟློག་པའི་འབད་པ་མེད་དེ། རང་རྒྱུད་ལྡན་གྱི་སྐྱེས་བུའི་བློ་ནི་ཁྱོད་ཉིད་ཀྱི་ཕྱོགས་འཛིན་པའི་ཕྱིར་རོ། །

འོ་ན་གང་སྤངས་ན་སྤོང་བར་འགྱུར་བའི་ཉེས་པ་ཆགས་སོགས་རྣམས་ཀྱི་རྒྱུ་གང་ཞེ་ན། ཉེས་པ་ཆགས་སོགས་ཀྱི་རྣམ་པ་ཐམས་ཅད་དག་ནི་བདག་དང་བདག་གིར་འཛིན་པའི་མཚན་ཉིད་ཅན་གྱི་འཇིག་ཚོགས་སུ་ལྟ་བ་ལས་སྐྱེས་པ་ཡིན་ནོ། །འོ་ན་མདོ་ལས་ཉོན་མོངས་པ་ཅན་གྱི་མ་རིག་པ་དེ་ཉེས་པ་ཆགས་སོགས་ཀྱི་རྒྱུར་བཤད་པ་དང་འགལ་ལོ་ཞེ་ན། འཇིག་ཚོགས་ལ་ལྟ་བ་དེ་ཆོས་ཅན། མདོ་གཞན་ལས་ཁྱོད་ཉེས་པ་ཆགས་སོགས་ཀྱི་རྒྱུར་བཤད་པ་དང་། ཉོན་མོངས་པ་ཅན་གྱི་མ་རིག་པ་ཉེས་པ་ཆགས་སོགས་ཀྱི་རྒྱུར་བཤད་པ་མི་འགལ་ཏེ། ཁྱེད་ཉིད་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱིས་ཕུང་པོ་ལ་བདག་དང་བདག་གི་བ་དེར་བཟུང་བ་ལས་བདག་དང་བདག་གི་བ་དེ་ལ་ཆགས་པ་འབྱུང་ལ། བདག་དང་བདག་གི་བར་ཆགས་པ་དེ་ལས་ཞེ་སྡང་དང་ཕྲག་དོག་ལ་སོགས་པའི་ཉེས་པ་རྣམས་འབྱུང་བའི་རྒྱུ་མཚན་དེ་ཉིད་ཀྱིས་ན་ཉེས་པ་ཆགས་སོགས་རྣམས་ཀྱི་རྒྱུ་ནི་ཉོན་མོངས་པ་ཅན་གྱི་གཏི་མུག་ཡིན་པ་གསུངས་པའི་ཕྱིར། དེས་ན་འཇིག་ཚོགས་ལྟ་བ་དེ་ཆོས་ཅན། མདོ་གཞན་ལས་ཁྱོད་ཉེས་པ་ཆགས་སོགས་ཀྱི་རྒྱུར་གསུངས་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྤངས་པ་ན་ཉེས་པ་ཆགས་སོགས་རྣམས་སྤོང་བའི་རྒྱུ་མཚན་གྱིས་ཁྱོད་ཉེས་པ་ཆགས་སོགས་ཀྱི་རྒྱུར་གསུངས་པའི་ཕྱིར་རོ། །སྐྱེས་བུས་མ་བྱས་པའི་ཚིག་ལུང་ཚད་མར་འདོད་པ་འགོག་པ་དེ། གང་སྐྱེས་བུས་མ་བྱས་པ་ལ་བདེན་དོན་ཅན་ཡིན་པས་ཁྱབ་སྟེ། ཚིག་རྣམས་དོན་ལོག་པ་སྟོན་པ་ཉིད་ཀྱིས་རྒྱུ་ཉེས་པ་ཆགས་སོགས་རྣམས་སྐྱེས་བུ་ལ་བརྟེན་པའི་ཕྱིར་རོ། །དེས་ན་རིག་བྱེད་ཀྱི་ཚིག་ནི་བདེན་དོན་ཅན་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཕྱིར་རོ་ཞེས་ནི་དཔྱོད་པ་པ་ལ་ལ་བརྗོད་པར་བྱེད་དོ། །ཤེས་བྱ་ཆོས་ཅན། སྐྱེས་བུས་མ་བྱས་པ་ལ་ལོག་པའི་དོན་ཅན་ཅིས་མིན་ཏེ་མ་ཡིན་པས་ཁྱབ་པར་ཐལ། ཚིག་རྣམས་དོན་བདེན་པ་སྟོང་པ་ཉིད་ཀྱི་རྒྱུ་ཤེས་རབ་ལ་སོགས་པའི་ཡོན་ཏན་རྣམས་སྐྱེས་བུ་ལ་བརྟེན་པའི་ཕྱིར་ཞེས་ནི་གཞན་སངས་རྒྱས་པ་དག་བརྗོད་དོ། །དེས་མགོ་མཚུངས་ཀྱིས་དགག་ནས། ད་རིགས་པ་གཞན་གྱིས་དགག་པ་དེ། ཨགྣེ་ཧོ་ཏྲ་ཛོ་ཧ་ཡད་ཅེས་པའི་རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། སྐྱེས་བུས་བྱས་པ་མིན་ཡང་དོན་ལོག་པ་སྟོན་པ་ཉིད་དུ་སྲིད་པར་ཐལ། ཁྱོད་ཀྱིས་དོན་ཤེས་པར་བྱེད་པ་དག་གི་རྒྱུ་རིག་བྱེད་ཀྱི་ངག་གི་བརྡ་ནི་སྐྱེས་བུ་ལ་བརྟེན་པ་དེའི་ཕྱིར། གལ་ཏེ་རིག་བྱེད་སྒྲ་དོན་གྱི་འབྲེལ་བ་སྐྱེས་བུས་བྱས་པ་མིན་པར་ངོ་བོ་ཉིད་ཀྱིས་འབྲེལ་བ་ཡིན་པས་སྐྱོན་མེད་དོ་ཞེ་ན། རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་བརྡ་སྦྱར་བ་རིག་པ་མེད་པར་ཡང་ཁྱོད་ལས་དོན་རྟོགས་པར་འགྱུར་བར་ཐལ། ཁྱོད་རང་གི་བརྗོད་བྱའི་དོན་དང་ངོ་བོ་ཉིད་ཀྱིས་འབྲེལ་བའི་སྒོ་ནས་དོན་སྟོན་པའི་ཕྱིར། གལ་ཏེ་ངག་གི་བརྡ་ལས་སྒྲ་དོན་ངོ་བོ་ཉིད་ཀྱིས་འབྲེལ་བ་དེ་ནི་གསལ་བ་ཡིན་པར་རྟོགས་པས་བརྡ་རིགས་མེད་པར་རྟོགས་པའི་སྐྱོན་མེད་དོ་ཞེ་ན། དེ་ཆོས་ཅན། ཁྱོད་ལས་དོན་གོ་བ་ལ་བརྗོད་བྱའི་དོན་དང་ངོ་བོ་ཉིད་ཀྱིས་འབྲེལ་བར་སྒྲོ་བཏགས་པ་གཞན་དག་ནུས་མེད་དུ་འགྱུར་བར་ཐལ། བརྡ་འབྲེལ་ལས་ཀྱང་ཁྱོད་ཀྱིས་དོན་རྟོགས་པའི་ཕྱིར། གཞན་ཡང་རིག་བྱེད་སྒྲ་དོན་གྱི་འབྲེལ་བ་གྲུབ་ན། རིག་བྱེད་ཀྱི་སྒྲ་དེ་དོན་རེ་རེ་དང་འབྲེལ་ལམ། དོན་དུ་མ་དང་འབྲེལ། དང་པོ་ལྟར་ན་རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། ཁྱོད་ལས་དོན་གཞན་དང་གཞན་རྟོགས་པར་མི་འགྱུར་བར་ཐལ། ཁྱོད་དོན་གཅིག་ཁོ་ན་ལ་རྗོད་བྱེད་དུ་ངེས་པའི་ཕྱིར། གཉིས་པ་ལྟར་ན་ཡང་། རང་གི་བརྗོད་བྱའི་དོན་སྔགས་སྦྱངས་ཀྱིས་མར་མེར་བླུགས་པ་དང་འགལ་བ་ཁྱི་ཟ་བ་ལ་སོགས་པ་ཡང་གསལ་བར་ཏེ་བརྗོད་པར་བྱེད་པ་ཡིན་པར་ཐལ། ཁྱོད་དོན་དུ་མ་དང་རྗོད་བྱེད་དུ་མངོན་པར་འབྲེལ་བའི་ཕྱིར། གཞན་ཡང་ཁྱོད་བདེན་པའི་དོན་ཅན་ཁོ་ནར་སྒྲུབ་པའི་ཆེད་དུ་སྐྱེས་བུས་མ་བྱས་པ་ཉིད་དུ་བློས་ཀུན་ཏུ་བརྟགས་པ་དོན་མེད་དུ་འགྱུར་བར་ཐལ། ཁྱོད་བརྡའི་དབང་གིས་དོན་དུ་མའི་རྗོད་བྱེད་དུ་འབྲེལ་བའི་ཕྱིར་རོ། །ད་རིག་བྱེད་སྒྲ་དོན་གྱི་འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་སྟོན་པ་དེ། རིག་བྱེད་ཀྱི་སྒྲ་ཆོས་ཅན། རང་གི་བརྗོད་བྱའི་དོན་དང་ངོ་བོ་ཉིད་ཀྱི་འབྲེལ་བ་མེད་པར་ཐལ། དེ་ཡོད་ན་དེ་རྣམས་ལ་ངོ་བོ་ཉིད་ཀྱི་འབྲེལ་བ་ཡང་རྣམ་པར་བཞག་པའི་ཕྱིར་དུ་དེ་དང་ངོ་བོ་ཉིད་ཀྱི་འབྲེལ་བ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་བརྗོད་དགོས་པ་ལ་དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པའི་ཕྱིར། དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པར་ཐལ། རང་གི་བརྗོད་བྱའི་དོན་དང་རྫས་ཐ་དད་དེ་དང་། རྒྱུ་འབྲས་ཀྱི་འབྲེལ་བ་མེད་པའི་ཕྱིར། དེས་ན་ཁྱོད་སྐྱེས་བུས་ལེགས་པར་མ་བྱས་ན་རྣམ་པ་ཀུན་ཏུ་བདེན་རྫུན་གྱི་དོན་མེད་པར་འགྱུར་བར་ཐལ། སྐྱེས་བུས་མ་བྱས་ན་བདེན་རྫུན་སྟོན་པའི་ནུས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཉེས་པ་དེ་བསལ་བའི་ཕྱིར་དུ་སྐྱེས་བུས་ལེགས་པར་བྱས་པར་ཁས་ལེན་ན། སླར་ཡང་རིག་བྱེད་རྫུན་པའི་དོན་ཅན་དུ་འགྱུར་བའི་སྐྱོན་སོ་ན་གནས་པས། རིགས་པ་འདི་ནི་དངོས་སུ་གླང་ཆེན་གྱི་ཁྲུས་དང་འདྲ་བར་མཁས་པའི་བཞད་གད་ཀྱི་གནས་སུ་འགྱུར་རོ། །གཞན་ཡང་རིག་བྱེད་ཀྱི་སྒྲ་དོན་གྱི་འབྲེལ་བ་གྲུབ་ན་དེ་རྟག་གམ་མི་རྟག །གལ་ཏེ་རྟག་ན། དེ་ཆོས་ཅན། རང་གི་བརྗོད་བྱའི་དོན་མེ་སོགས་དང་འབྲེལ་བ་རྟག་པར་ཡོད་པ་མ་ཡིན་པར་ཐལ། འབྲེལ་བ་ཅན་མེ་སོགས་རྣམས་མི་རྟག་པའི་ཕྱིར། གལ་ཏེ་མི་རྟག་ན། རང་གི་བརྗོད་བྱའི་དོན་ཕྱི་མ་རྣམས་མི་བརྗོད་པར་ཐལ། རང་གི་བརྗོད་བྱའི་དོན་དང་འབྲེལ་བ་དེ་རང་གི་བརྗོད་བྱའི་དོན་སྔ་མ་རྣམས་དང་ལྷན་ཅིག་དུ་འགགས་པའི་ཕྱིར། དེས་ན་རིག་བྱེད་ཀྱི་སྒྲ་ཆོས་ཅན། རང་གི་བརྗོད་བྱའི་དོན་དང་འབྲེལ་བ་དེ་སྐྱེས་བུའི་བློ་ཡིས་ལེགས་པར་སྒྲོ་བཏགས་པར་བྱས་པ་ཙམ་ཡིན་གྱིས། དོན་ལ་མ་སྒྲུབ་པར་ཐལ། དེ་བློ་ངོ་ན་སྣང་ཞིང་དོན་ལ་རྟག་མི་རྟག་གང་དུའང་མ་གྲུབ་པ་དེའི་ཕྱིར། གལ་ཏེ་རིག་བྱེད་སྒྲ་དོན་གྱི་འབྲེལ་བ་དེ་རང་གི་བརྗོད་བྱའི་དོན་ཕྱི་མ་དང་ལྷན་ཅིག་སྐྱེས་པས་སྐྱོན་མེད་དོ་ཞེ་ན། རིག་བྱེད་ཀྱི་སྒྲ་རྣམས་ལ་ནི་ཆོས་ཅན། སྔར་རང་གི་བརྗོད་བྱའི་དོན་ཕྱི་མ་དང་མ་འབྲེལ་བའི་རང་བཞིན་དག་ཏུ་གནས་པ་ལས་ཕྱིས་རྣམ་པར་བཟློག་ནས་འབྲེལ་བ་མི་རིགས་པར་ཐལ། རྟག་པའི་ཕྱིར། དེས་ན་སྒྲ་དོན་གྱི་འབྲེལ་བ་བློས་རྣམ་པར་སྒྲོ་བཏགས་པར་འདོད་པའི་ལུགས་ལ་ཆོས་ཅན། དོན་ཕྱི་མ་མི་བརྗེད་པར་ཐལ་བའི་ཉེས་པ་འདི་མེད་དེ། སྒྲ་དོན་གྱི་འབྲེལ་བ་སྒྲོ་བཏགས་ཡིན་པའི་ཕྱིར་རོ། །གལ་ཏེ་རྟེན་བརྗོད་བྱ་ནི་འཇིག་ན་ཡང་བརྟེན་པ་འབྲེལ་བ་འཇིག་པ་མིན་ཏེ་རྟག་པའི་ཕྱིར་རོ། །དཔེར་ན་རྟེན་གསལ་བ་འཇིག་ཀྱང་། བརྟེན་པ་རིགས་མི་འཇིག་པ་དང་འདྲ་བས་འབྲེལ་བ་ལ་རྟག་ཡོད་མ་ཡིན་གྱི་སྐྱོན་མ་ངེས་སོ་ཞེ་ན། དཔེ་དོན་གཉིས་ཀ་མི་འཐད་དེ། རིག་བྱེད་སྒྲ་དོན་གྱི་འབྲེལ་བ་དང་རིགས་རྣམས་ཆོས་ཅན། རྒྱུ་མཚན་གང་གིས་ན་བརྗོད་བྱ་དང་འགལ་བ་དེ་དག་ཁྱེད་ཀྱིས་དོན་གཞན་དུ་རྟེན་དུ་འདོད་པ་འཐད་པ་ཡིན་ཏེ་མ་ཡིན་པར་ཐལ། བརྗོད་བྱ་དང་གསལ་བ་དེ་དག་གིས་ཁྱོད་ལ་རྟེན་གྱི་སྒོ་ནས་ཕན་འདོགས་པའི་ནུས་པ་གང་སྟེ་མེད་པའི་ཕྱིར་ཏེ་རྟག་པའི་ཕྱིར། གལ་ཏེ་སྐྱེད་བྱེད་མ་ཡིན་ཀྱང་གསལ་བྱེད་ཀྱི་སྒོ་ནས་དོན་གཞན་བརྟེན་པ་དང་མི་འགལ་ལོ་ཞེ་ན། བུམ་གཟུགས་སོགས་ཀྱང་ཆོས་ཅན། སྒྲོན་མེའི་འོད་ཀྱི་དབང་གིས་རང་འཛིན་མིག་ཤེས་ཀྱི་ཡུལ་དུ་གསལ་བར་སྐྱེ་བ་ཙམ་ལས་ནི་ཁྱོད་གསལ་བར་བྱས་པར་འདོད་དེ། རང་འཛིན་ཤེས་པ་བསྐྱེད་པར་བྱེད་པ་ལྷན་ཅིག་བྱེད་རྒྱུ་དབང་སོགས་རྣམས་ཚོགས་པ་ན། ཁྱོད་སྒྲོན་མེའི་འོད་ཀྱིས་གསལ་བར་བྱས་པའི་སྒོ་ནས་རང་འཛིན་ཤེས་པ་དེ་བསྐྱེད་པར་རུང་བ་ཉིད་དུ་བྱས་པའི་ཕྱིར། དེ་ལྟ་བུ་ལ་རིགས་པ་ཤེས་པའི་མཁས་པ་རྣམས་ཀྱིས་གསལ་བྱ་གསལ་བྱེད་དུ་འདོད་ལ་རིག་བྱེད་སྒྲ་དོན་གྱི་འབྲེལ་བ་དང་། རིགས་རྣམས་ཆོས་ཅན། རང་གི་གསལ་བྱེད་དུ་འདོད་པའི་བརྗོད་བྱ་དང་གསལ་བ་དེ་དག་གིས་རང་གི་དོན་ཅི་བྱས་ཏེ་མ་བྱས་པར་ཐལ། ཁྱོད་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པའི་ཕྱིར་ཏེ། འགྱུར་བ་མེད་པའི་ཕྱིར་རོ། །འདོད་ན། དེ་ཆོས་ཅན། རྒྱུ་མཚན་གང་གི་ཕྱིར་ན་བརྗོད་བྱ་དང་གསལ་བ་དེས་ཁྱོད་གསལ་བར་བྱས་པར་འདོད་དེ་མ་ཡིན་པར་ཐལ་ལོ། །གཞན་ཡང་སྒྲ་དོན་གྱི་འབྲེལ་བ་དངོས་པོ་བ་ཉིད་ཡོད་པར་གྱུར་དུ་ཆུག་མོད། རིག་བྱེད་སྒྲ་དོན་གྱི་འབྲེལ་བ་དེ་རིག་བྱེད་ཀྱི་སྒྲ་དོན་གཉིས་དང་རྫས་ཐ་དད་དམ་ཐ་དད་མིན། དང་པོ་ན་རིག་བྱེད་སྒྲ་དོན་གྱི་འབྲེལ་བ་ཆོས་ཅན། བློ་མ་འཁྲུལ་བས་ཁྱོད་རིག་བྱེད་ཀྱི་སྒྲ་དོན་གཉིས་དང་རྫས་སྣ་ཚོགས་ཏེ་ཐ་དད་དུ་དམིགས་པར་འགྱུར་བར་ཐལ། ཁྱེད་དེ་གཉིས་དང་རྫས་ཐ་དད་ཡིན་པའི་ཕྱིར། གཉིས་པ་ན། རིག་བྱེད་ཀྱི་སྒྲ་དོན་གཉིས་པོ་དེ་ཉིད་ཡིན་པར་ཐལ། གཉིས་པོ་དེ་ལས་རྫས་ཐ་དད་མིན་པའི་རང་མཚན་ཡིན་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། རིག་བྱེད་སྒྲ་དོན་གྱི་འབྲེལ་བ་རང་མཚན་མེད་པར་ཐལ། དེ་འདྲའི་འབྲེལ་བ་དེ་རིག་བྱེད་ཀྱི་སྒྲ་དོན་གཉིས་དང་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྫས་གཅིག་པ་དང་ཐ་དད་གཉིས་པོ་འདི་ལས་གཞན་པའི་དངོས་པོ་རང་མཚན་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །

རིགས་པ་འདིས་ཀྱང་རིག་བྱེད་སྒྲ་དོན་གྱི་འབྲེལ་བ་མེད་པར་སྒྲུབ་པ་དེ། རིག་བྱེད་ཀྱི་སྒྲ་ཆོས་ཅན། རང་གི་བརྗོད་བྱའི་དོན་དང་འབྲེལ་བ་དེ་རྟོག་པས་སྒྲོ་བཏགས་པར་བྱས་པ་ཙམ་ཡིན་གྱི། དོན་ལ་མ་གྲུབ་པར་ཐལ། རང་གི་བརྗོད་བྱའི་དངོས་པོའི་ངོ་བོ་དང་ངོ་བོ་ཐ་དད་དུ་མ་འདྲེས་པར་ཡོད་པའི་ཕྱིར། གཞན་ཡང་དེའི་འབྲེལ་བ་དེ་རིག་བྱེད་ཀྱི་སྒྲ་དོན་གཉིས་ལས་ལོག་པར་རྫས་སུ་ཡོད་དོ་ཞེ་ན། རིག་བྱེད་སྒྲ་དོན་གྱི་འབྲེལ་བ་ཆོས་ཅན། གཞན་རིག་བྱེད་ཀྱི་སྒྲ་དོན་གཉིས་ལ་རག་ལས་པའི་འབྲེལ་བ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་གཉིས་ལས་ལོག་པར་ཡོད་པའི་ཕྱིར། འམ་གྱིས་གཞན་རིག་བྱེད་ཀྱི་སྒྲ་དོན་གཉིས་འདྲེས་པའི་སྒྲ་དོན་གྱི་འབྲེལ་བར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་གཉིས་ལས་རྫས་གཞན་ཡིན་པའི་ཕྱིར། གཞན་ཡང་རིག་བྱེད་ཀྱི་སྒྲ་དེ་རང་གི་བརྗོད་བྱའི་དོན་དང་འབྲེལ་ན། སྒྲ་དེའི་ཡི་གེ་དོན་དང་འབྲེལ་ལམ། ཚིག་དོན་དང་འབྲེལ། དང་པོ་ན། རིག་བྱེད་ཀྱི་ཡི་གེ་ཨཱ་ལི་ལ་སོགས་པ་རྣམས་ཆོས་ཅན། རང་གི་བརྗོད་བྱ་དང་འབྲེལ་བ་རང་མཚན་པ་མེད་པར་འགྱུར་བར་ཐལ། རང་གི་བརྗོད་བྱའི་དོན་མེད་པ་ཅན་ཡིན་པའི་ཕྱིར། གཉིས་པ་ན། རིག་བྱེད་ཀྱི་ངག་ཚིག་སོགས་ཆོས་ཅན། རང་གི་བརྗོད་བྱ་དང་དངོས་པོ་བའི་འབྲེལ་བ་འདི་ཇི་ལྟ་བུར་འཇུག་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཡི་གེའི་བཀོད་པ་ལ་རྟོག་པས་ངག་ཚིག་སོགས་སུ་ཀུན་བཏགས་པ་ཙམ་ཡིན་གྱི་དངོས་པོར་མེད་པའི་ཕྱིར། དེས་རིག་བྱེད་ཀྱི་སྒྲ་སྐྱེས་བུས་མ་བྱས་པར་གྲུབ་ཀྱང་བདེན་དོན་ཅན་དུ་མ་གྲུབ་པར་བསྟན་ནས། ད་སྐྱེས་བུས་མ་བྱས་པར་སྟོན་པ་དེ། ཅིའི་ཕྱིར་རིག་བྱེད་སྒྲ་སྐྱེས་བུས་མ་བྱས་དྲིས་པས། དཔྱོད་པ་བ་ན་རེ། རིག་བྱེད་ཀྱི་སྒྲ་བདེན་དོན་ཅན་དུ་མ་ཟད། སྐྱེས་བུས་མ་བྱས་པར་ཡང་འདོད་དེ། རིག་བྱེད་ཀྱི་བྱེད་པ་པོ་རྣམས་ཅུང་ཟད་ཀྱང་མི་དྲན་པའི་ཕྱིར་ཟེར་ལོ། །འདི་ལྟ་བུའི་རིགས་པ་ལའང་ད་ལྟ་རྟོགས་ལྡན་དུ་རློམ་པ་དག་དེ་ལྟར་ཡིན་ནོ་ཞེས་རྗེས་སུ་བརྗོད་ཅིང་བདེན་པར་ཞེན་པ་ཡོད་པ་དེས་ན་དཔྱོད་པ་བ་འདི་ནི་ངན་པ་རྨོངས་པའི་མུན་པས་ཁྱབ་པ་ཞིག་གོ །བྱེད་པ་པོ་མི་དྲན་པའི་རྒྱུ་མཚན་ཅི་དྲིས་པས། རྒྱུ་མཚན་དགོད་པ་དེ། ད་ལྟ་རིག་བྱེད་འདོན་པ་ལས་གཞན་རིག་བྱེད་བྱེད་པ་པོར་འདོད་པའི་སྐྱེས་བུ་ཆོས་ཅན། ཁྱོད་ལའང་རིག་བྱེད་འདོན་པ་གཞན་སྔོན་དུ་སོང་སྟེ། ཁྱོད་རིག་བྱེད་འདོན་པའི་ཕྱིར། དཔེ་ཇི་ལྟར་ན། ད་ལྟ་རིག་བྱེད་འདོན་པའི་སྐྱེས་བུ་འདི་སློབ་དཔོན་གཞན་ལས་མ་ཐོས་པར་ནི་རིག་བྱེད་ཀྱི་ཡི་གེའི་བཀོད་པ་ཚིག་དང་ཚིག་གི་བཀོད་པ་ངག་ནི་བརྗོད་པའི་ནུས་པ་མེད་པ་དེ་ལྟར་དུ། དེ་ལ་ཡང་རིག་བྱེད་འདོན་པ་གཞན་སྔོན་དུ་སོང་བ་སོགས་ཐུག་མེད་དུ་འགྱུར་བས་བྱེད་པ་པོ་མི་དྲན་ནོ་ཞེས་དཔྱོད་པ་པ་འགའ་ཞིག་སྨྲའོ། །དེ་འགོག་པ་ནི། རིག་བྱེད་ལས་གཞན་ཡང་སྐྱེས་བུས་སྤེལ་བའི་གཞོན་ནུ་འབྱུང་བ་ཅན་གྱི་གཞུང་དེ་ཡང་ཆོས་ཅན། རྒྱུ་མཚན་གང་གིས་ན་རིག་བྱེད་དེ་ལྟར་ཁྱོད་ཀྱང་སྐྱེས་བུས་མ་བྱས་པར་རྗེས་སུ་མི་དཔོག་སྟེ་དཔོག་པར་རིགས་པར་ཐལ། སློབ་དཔོན་གཞན་གྱི་མན་ངག་ཡོད་པ་ལས་གཞན་མེད་པར་ད་ལྟ་གཞན་དག་གིས་འདོན་པ་གང་མཐོང་སྟེ་མེད་པའི་ཕྱིར། གཞན་ཡང་རིག་བྱེད་སྐྱེས་བུས་བྱས་པའི་རྒྱུ་མཚན་ཡང་དག་ཡོད་ཅིང་། སྐྱེས་བུས་མ་བྱས་པའི་རྒྱུ་མཚན་དུ་གང་བཀོད་པ་ཐམས་ཅད་འཁྲུལ་པ་ཅན་དུ་སྟོན་པ་དེ། འབྲས་བུའི་རིགས་གང་རྒྱུའི་རིགས་གང་ལས་སྐྱེས་པར་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མས་གྲུབ་པ་ན། རྒྱུ་མཚན་དེ་ལས་སྐྱེས་པར་མཐོང་བའི་འབྲས་བུ་དེ་དང་ཁྱད་མེད་པར་རྒྱུ་དེ་ལས་སྐྱེས་པར་མ་མཐོང་བ་ཅན་གྱི་འབྲས་བུ་གཞན་ཡང་རྒྱུ་དེའི་རིགས་གཞན་ལས་སྐྱེ་བར་འགྱུར་བར་ཡང་དག་པར་ཤེས་ཏེ། དཔེར་ན། མེ་གཅིག་བུད་ཤིང་ལས་སྐྱེས་པ་མཐོང་བས། བུད་ཤིང་དེ་ལས་སྐྱེས་པར་མ་མཐོང་བའི་མེ་གཞན་ཡང་དེའི་རིགས་ཅན་གྱི་བུད་ཤིང་གཞན་ལས་སྐྱེས་པར་མཐོང་བ་བཞིན་ནོ། །རིག་བྱེད་ཀྱི་སྒྲ་ཆོས་ཅན། སྐྱེས་བུས་བྱས་པར་ཐལ། སྐྱེས་བུས་བྱས་པར་གྲུབ་པའི་འཇིག་རྟེན་པའི་ངག་ཚིག་གཞན་དང་རང་བཞིན་མཚུངས་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་སྐྱེས་བུས་མ་བྱས་པར་སྒྲུབ་པའི་རྟགས་ཀྱི་ཁྱད་པར་དག་ནི་མ་བསྟན་པར་ཏེ་སྟོན་མི་ནུས་པར་ཐལ། ཁྱོད་སྐྱེས་བུའི་འབྲས་བུར་གྲུབ་པའི་འཇིག་རྟེན་པའི་ངག་ཚིག་གཞན་དང་རང་བཞིན་མཚུངས་པར་མཐོང་བའི་ཕྱིར་རོ། །འདོད་ན། ཁྱོད་སྐྱེས་བུས་མ་བྱས་པར་སྒྲུབ་པའི་གཏན་ཚིགས་རབ་ཏུ་སྤྲོས་པ་གང་དང་གང་བཤད་པ་དེ་དག་ཐམས་ཅད་ཁྱབ་པ་འཁྲུལ་པ་ཅན་དུ་ཐལ་ལོ། །

གཞན་ཡང་བྱེད་པ་པོ་མི་དྲན་པའི་རྟགས་ཀྱིས་རིགས་བྱེད་ཀྱི་སྒྲ་དེ་རྣམ་པ་ཀུན་ཏུ་ཐོག་མ་མེད་པར་གྲུབ་པར་གྱུར་དུ་ཆུག་མོད། དེ་ལྟར་ཡིན་པ་ཙམ་གྱིས་རིག་བྱེད་ཀྱི་ངག་སྐྱེས་བུས་བྱས་པ་མ་ཡིན་པ་ལ་བརྟེན་པ་ཅན་དུ་རིགས་པ་མིན་ལ། ཐོག་མ་མེད་པ་དེའི་ཕྱིར་རིག་བྱེད་ཀྱི་ངག་སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་གཞན་སྐྱེས་བུས་བྱས་པར་གྲུབ་པའི་འཇིག་རྟེན་པའི་ཐ་སྙད་དུ་མ་ཡང་མིའམ་སྐྱེས་བུ་ལ་མི་བརྟེན་པར་འགྱུར་ཏེ། ཇི་ལྟར་ན། ཀླ་ཀློ་སོག་པོ་རྣམས་ཀྱི་ཕ་ཤི་ནས་བུ་ཐུ་བོས་མ་བག་མར་བླང་བར་བྱའོ་ཞེས་པ་ལ་སོགས་པའི་ཐ་སྙད་དང་། མེད་པར་སྨྲ་བ་རྒྱང་འཕེན་པ་རྣམས་ཀྱིས་ལས་དགེ་སྡིག་ལ་སྐུར་པ་འདེབས་པ་ལ་སོགས་པའི་ཚིག་རྣམས་ཀྱང་ཆོས་ཅན། རིག་བྱེད་ཀྱི་ངག་དེ་བཞིན་དུ་སྐྱེས་བུས་མ་བྱས་པར་འགྱུར་བར་ཐལ། ཐོག་མ་མེད་པའི་ཕྱིར་ཏེ། སྔོན་ཀླ་ཀློ་དང་རྒྱང་འཕེན་པ་སྔ་མ་སྔ་མ་རྣམས་ཀྱིས་མངོན་པར་འདུས་བྱས་པའི་རྒྱུ་མཚན་གྱིས་འཇུག་པའི་ཐ་སྙད་ཡིན་པའི་ཕྱིར། གལ་ཏེ་ཐ་སྙད་དེ་དག་ཐོག་མེད་ཡིན་པས་སྐྱེས་བུས་མ་བྱས་པས་གྲུབ་བོ་ཞེ་ན། ཤེས་བྱ་ཆོས་ཅན། སྐྱེས་བུས་མ་བྱས་པ་ལ་བདེན་པའི་དོན་ཅན་ཡིན་པའི་ཡོན་ཏན་ཅི་ཞིག་ཡོད་དེ་མེད་པར་ཐལ། ཀླ་ཀློ་རྒྱང་འཕེན་པ་སོགས་ཀྱི་དེ་འདྲའི་ཐ་སྙད་རྣམས་ཀྱང་སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་པའི་ཕྱིར། ཡང་རིག་བྱེད་ཀྱི་ངག་ཆོས་ཅན། བརྗོད་བྱའི་དོན་གཅིག་ཁོ་ན་སྟོན་པ་ལ་ཐེ་ཚོམ་ཟ་བ་དག་ཀྱང་ཡིན་པར་ཐལ། འཆད་པ་པོའི་བརྗོད་འདོད་ཀྱི་འདུ་བྱེད་ཀྱི་ཁྱད་པར་རྣམས་ལས་དོན་གྱི་ཁྱད་པར་དུ་མ་སྦྱོར་བར་མཐོང་བའི་ཕྱིར། གཞན་ཡང་རིག་བྱེད་སྐྱེས་བུས་མ་བྱས་པར་བསྒྲུབ་ན། རིག་བྱེད་ཀྱི་ཡི་གེ་སྐྱེས་བུས་མ་བྱས་སམ། ངག་སྐྱེས་བུས་མ་བྱས་པར་སྒྲུབ། དང་པོ་ན། རིག་བྱེད་ཀྱི་ཡི་གེ་ཨ་ཨི་ལ་སོགས་པ་རྣམས་ཆོས་ཅན། སྐྱེས་བུས་མ་བྱས་པར་སྒྲུབ་པར་བྱེད་ན་དཔྱོད་པ་པས་མངོན་པར་འདོད་པའི་འབྲས་བུ་བདེན་དོན་ཅན་ཅི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། གཞན་འཇིག་རྟེན་པའི་ཡི་གེ་ཨ་ཨི་སོགས་དང་ཁྱད་པར་མེད་པའི་ཕྱིར། གཉིས་པ་ན། རིག་བྱེད་ཀྱི་ངག་ཆོས་ཅན། རིག་བྱེད་ཀྱི་ཡི་གེ་ལས་རྫས་ཐ་དད་པའི་ངག་དུ་ཡོད་པ་མ་ཡིན་ཏེ། དེར་ཚད་མས་མ་དམིགས་པའི་ཕྱིར། གཞན་ཡང་ཡི་གེ་ལས་རྫས་ཐ་དད་པའི་ངག་ཡོད་དུ་ཆུག །རིག་བྱེད་ཀྱི་ངག་དེ་ཡན་ལག་གི་ཆ་ཤས་དུ་མའི་བདག་ཉིད་ཡིན་ནམ། ཆ་མེད་གཅིག་ཡིན། དང་པོ་ལྟར་ན་ངག་གི་ཆ་ཤས་དེ་རྣམས་ཐ་དད་པ་རེ་རེ་ལ་བརྗོད་བྱའི་དོན་མེད་པ་ཉིད་ཡིན་ནམ། དོན་རྫོགས་པར་སྟོན་པ་དང་བཅས་པ་ཡིན། དང་པོ་ན། རིག་བྱེད་ཀྱི་ངག་ཆོས་ཅན། སྐྱེས་བུས་མ་བྱས་པར་ཐལ། རྗོད་བྱེད་དེའི་དངོས་པོ་ཅན་མ་ཡིན་པའི་ཡན་ལག་གི་ཆ་ཤས་དུ་མ་ལ་རྗོད་བྱེད་དེའི་དངོས་པོ་ཅན་དུ་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར། དཔེར་ན་སེང་གེ་མ་ཡིན་པའི་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཉིད་དུ་སྒྲོ་བཏགས་པ་སོགས་བཞིན་ནོ། །

གལ་ཏེ་ངག་གི་ཆ་ཤས་རེ་རེ་ཡང་བརྗོད་བྱའི་དོན་རྫོགས་པ་དང་བཅས་པ་ཉིད་ཡིན་ཞེ་ནའང་། ཡན་ལག་གམ་ཆ་ཤས་དུ་མ་ཉིད་དུ་བཏགས་པ་དེ་ལོག་པ་སྟེ་དོན་མེད་ཡིན་པར་ཐལ་བ་དང་། ཁྱོད་ཀྱི་ཡན་ལག་གམ་ཆ་ཤས་གཅིག་ནི་རྟོགས་པས་ཀྱང་ངག་གི་དོན་མཐའ་དག་རྟོགས་པར་འགྱུར་བར་ཐལ། ཁྱོད་ཀྱི་ཆ་ཤས་རེ་རེས་ཀྱང་བརྗོད་བྱའི་དོན་རྫོགས་པར་སྟོན་པའི་ཕྱིར། གལ་ཏེ་ངག་གི་ཆ་ཤས་ཐམས་ཅད་གཅིག་ཆར་ཐོས་པས། ཆ་ཤས་གཞན་དོན་མེད་པའི་སྐྱོན་མེད་དོ་ཞེ་ནའང་། རང་གི་ཆ་ཤས་རྣམས་ཉན་ཤེས་ཀྱིས་སྔ་ཕྱི་རིམ་གྱིས་ཐོས་པའི་དུས་ཀྱི་ཁྱད་པར་མི་རུང་བར་ཐལ། དེ་རྣམས་གཅིག་ཆར་ཐོས་པའི་ཕྱིར། གལ་ཏེ་ངག་དེ་ཆ་མེད་གཅིག་ཉིད་ཡིན་ཞེ་ནའང་། ཁྱོད་ཉན་ཤེས་ཀྱིས་རིམ་གྱིསརྟོགས་ཤིང་དྲན་ཤེས་ཀྱིས་རིམ་གྱིས་དྲན་པ་མི་སྲིད་པར་ཐལ། ཆ་ཐ་དད་མེད་པའི་གཅིག་ཡིན་པའི་ཕྱིར། གཞན་ཡང་རིག་བྱེད་ཀྱི་སྒྲ་དེ་རྟག་གམ་མི་རྟག །གལ་ཏེ་མི་རྟག་ན་ནི། དེ་ཆོས་ཅན། ཅེས་ན་སྐྱེས་བུས་བྱས་པ་མིན་ཏེ་ཡིན་པར་ཐལ། ལྕེ་རྐན་ལ་སོགས་པའི་རྩོལ་བ་ལས་གསར་དུ་བྱུང་བའི་ཕྱིར། གལ་ཏེ་རྟག་ཉིད་ཡིན་ནའང་། ཁྱོད་རང་འཛིན་ཉན་ཤེས་ཀྱིས་རྟག་ཏུ་དམིགས་པར་འགྱུར་བར་ཐལ། དེས་དམིགས་རུང་དུ་ཡོད་པའི་རྟག་པ་གང་ཞིག་དེས་དམིགས་པའི་སྒྲིབ་གཡོགས་མེད་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་བྱེད་རྐྱེན་རྩོལ་བ་འགའ་ཞིག་མ་ཚང་བའི་ཚེ་ཐོས་པ་མ་ཡིན་པས་སྐྱོན་མེད་དོ་ཞེ་ན། རྒྱུས་འབྲས་བུ་བསྐྱེད་པ་ཅིས་ཀྱང་རྐྱེན་གཞན་ལ་ལྟོས་པ་ཡིན་པ་སླ་སྟེ། ཉན་ཤེས་ཀྱི་ཡུལ་དུ་གྱུར་པའི་རིག་སྒྲ་ཆོས་ཅན། སྔར་ཉན་ཤེས་ཀྱི་ཡུལ་དུ་མ་གྱུར་པའི་རང་བཞིན་དུ་ངེས་པ་དག་ནི་འགལ་བ་ཡིན་པར་ཐལ། ཉན་ཤེས་ཀྱི་ཡུལ་དུ་གྱུར་པ་རྐྱེན་ལ་ལྟོས་པའི་ཕྱིར། གཞན་ཡང་རིག་སྒྲ་དེ་ཡུལ་ཐམས་ཅད་དུ་ཁྱབ་བམ་མ་ཁྱབ། གལ་ཏེ་རིག་སྒྲ་དེ་དག་ཡུལ་ཐམས་ཅད་དུ་ཁྱབ་བྱེད་མ་ཡིན་ན། རིག་བྱེད་ཀྱི་སྒྲ་ཆོས་ཅན། ཡུལ་གཅིག་ལས་གཞན་པའི་ཡུལ་ཐམས་ཅད་དུ་དམིགས་པར་མི་འགྱུར་བར་ཐལ། ཡུལ་གཅིག་ཁོ་ན་ལ་གནས་པའི་རྟག་པ་ཡིན་པའི་ཕྱིར། གལ་ཏེ་ཡུལ་ཐམས་ཅད་དུ་ཁྱབ་ན། ཁྱོད་ཐོས་པའི་རྐྱེན་ཚང་བའི་ཉན་ཤེས་ཐམས་ཅད་ཀྱིས་ཁྱོད་ཐམས་ཅད་ཅིག་ཆར་དམིགས་པ་དག་ཏུ་འགྱུར་བར་ཐལ། ཉན་ཤེས་ཀྱིས་དམིགས་རུང་དུ་ཡོད་པའི་ཡུལ་ཐམས་ཅད་ན་ཁྱབ་པའི་རྟག་པ་ཡིན་པའི་ཕྱིར། གལ་ཏེ་རྐྱེན་གྱིས་འདུས་བྱས་པའི་རིག་སྒྲ་དམིགས་པ་ཡིན་ལ། གཞན་མི་དམིགས་པས་སྐྱོན་མེད་དོ་ཞེ་ནའང་། ཁྱོད་རྐྱེན་གང་གིས་འདུ་བྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། འགྱུར་མེད་ཡིན་པའི་ཕྱིར། གལ་ཏེ་རིག་སྒྲ་རྐྱེན་གྱིས་འདུ་མ་བྱས་ཀྱང་དབང་པོ་རྐྱེན་གྱིས་ལེགས་པར་འདུ་བྱས་པའི་དབང་པོས་རིག་སྒྲ་ཐོས་པར་འགྱུར་བས་སྐྱོན་མེད་དོ་ཞེ་ན། རྐྱེན་གྱིས་འདུ་བྱས་པའི་རྣ་བའི་དབང་པོ་དེ་ཆོས་ཅན། ཁྱོད་ཀྱིས་ཀྱང་རིག་སྒྲ་མ་ལུས་པ་ཐོས་པར་འགྱུར་བར་ཐལ། རིགས་སྒྲ་དེ་ཁྱོད་ཀྱིས་ཐོས་རུང་དུ་ཡོད་པའི་ཡུལ་ཐམས་ཅད་ལ་ཁྱབ་པར་ཡོད་པའི་ཕྱིར། གལ་ཏེ་རྐྱེན་གྱིས་ལེགས་པར་འདུ་བྱས་པའི་ཁྱད་པར་ལས་དབང་པོ་རྣམས་ཐ་དད་པའི་ཕྱིར་རྣ་བའི་དབང་པོས་དོན་གཅིག་སྟེ་སྒྲ་རེ་རེ་ཁོ་ན་ཐོས་པར་ངེས་པ་ཡིན་ཞེ་ན། རྣ་བའི་དབང་པོ་ཆོས་ཅན། སྙན་ངག་དང་རྫ་རྔ་ལ་སོགས་པའི་སྒྲའི་ཚོགས་དུ་མའི་ཅ་ཅོ་གཅིག་ཅར་དུ་ཇི་ལྟར་དུ་ཐོས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་རྐྱེན་གྱིས་སྒྲ་རེ་རེ་ཁོ་ན་ཐོས་པར་འདུས་བྱས་པའི་ཕྱིར། གལ་ཏེ་ཅ་ཅོ་དེ་ལ་སྒྲ་ཙམ་ཡན་གར་བ་དུ་མ་ཐོས་པར་འགྱུར་གྱི། རྗོད་བྱེད་དུ་མ་ཐོས་པ་མ་ཡིན་པས་སྐྱོན་མེད་དོ་ཞེ་ན། སྙན་ངག་འདོན་པ་ལ་སོགས་པའི་སྒྲ་ཙམ་ལས་རྫས་ཐ་དད་པའི་རྗོད་བྱེད་ཡོད་དོ་ཞེས་པ་འདི་ལ་ཤིན་ཏུ་ཆེས་དད་པར་བྱ་བ་ཙམ་ཡིན་གྱི། སྒྲུབ་བྱེད་ཡང་དག་ནི་ཅུང་ཟད་ཙམ་ཡང་མེད་དེ། དེའི་རྒྱུ་མཚན་ནི། སྙན་ངག་གི་སྒྲ་འདོན་པ་པོ་གཞན་དག་ནི་རེ་ཤིག་མི་འདོན་པར་གནས་ནས། སྐྱེས་བུ་གཅིག་གིས་སྙན་ངག་གསལ་པོར་འདོན་པའི་ཚེ་ན་ཆོས་ཅན། སྒྲ་ཙམ་ལས་ཐ་དད་པའི་རྗོད་བྱེད་མེད་པར་ཐལ། དེ་ཡོད་ན་ཉན་ཤེས་ཀྱི་ཐོས་སུ་རུང་བ་ལས་དེ་འདྲའི་རྗོད་བྱེད་ཉན་ཤེས་ཀྱིས་ཇི་ལྟར་ཐོས་པ་ཡིན་ཏེ་མ་ཡིན་པར་ཐལ། སྒྲ་ཙམ་ལས་ཐ་དད་པའི་རྗོད་བྱེད་མེད་པ་ལས་གང་ན་ཡོད་དུ་ཆུག །རྣ་བའི་དབང་པོ་ཆོས་ཅན། ཇི་ལྟར་ན་ཐ་དད་པའི་སྒྲ་ཙམ་དུ་མ་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་རྐྱེན་གྱིས་སྒྲ་རེ་རེ་ཁོ་ན་ཐོས་པའི་ནུས་པ་ངེས་པར་བྱས་པའི་ཕྱིར། གལ་ཏེ་སྒྲ་ཙམ་ལས་རྫས་ཐ་དད་པའི་རྗོད་བྱེད་ཡོད་དེ། སྒྲ་ཙམ་གྱིས་བརྗོད་བྱ་སྟོན་པའི་ནུས་པ་མེད་པའི་ཕྱིར། རྒྱུ་མཚན་ཡང་སྒྲ་ཙམ་ནི་སྔ་ཕྱིའི་ཆ་ཤས་དུ་མ་དང་བཅས་ལ། སྔ་ཕྱིའི་ཆ་ཤས་དུ་མ་དང་ལྷན་ཅིག་ཏུ་ཚོགས་པ་མེད་ཅིང་། སྔ་ཕྱིའི་ཆ་ཤས་རེ་རེ་བས་བརྗོད་བྱ་སྟོན་པའི་ནུས་པ་མེད་པའི་ཕྱིར་ཞེ་ན། སྒྲ་ཙམ་གྱིས་གསལ་བྱར་གྱུར་པའི་རྗོད་བྱེད་ཆོས་ཅན། ཁྱེད་ཀྱིས་བརྗོད་བྱའི་དོན་མི་སྟོན་པར་ཐལ། སྒྲ་ཙམ་ནི་སྔ་ཕྱིའི་ཆ་ཤས་དུ་མ་དང་བཅས། སྔ་ཕྱིའི་ཆ་ཤས་དུ་མ་དང་ལྷན་ཅིག་ཏུ་ཚོགས་པ་མེད་ཅིང་། སྔ་ཕྱིའི་ཆ་ཤས་རེ་རེ་བས་བརྗོད་བྱ་སྟོན་པའི་ནུས་པ་མེད་པའི་ཉེས་པ་གང་དང་གང་གིས་ཀྱང་སྒྲ་ཙམ་རྗོད་བྱེད་དུ་མི་འདོད་པའི་ཉེས་པ་དེ་དང་དེ་ཇི་ལྟར་ཁྱོད་ལ་མེད་དེ་ཡོད་པའི་ཕྱིར། ཁྱོད་སྔ་ཕྱིའི་ཆ་ཤས་དུ་མ་དང་བཅས་པར་ཐལ། སྔ་ཕྱི་རིམ་ཅན་དུ་འབྱུང་བའི་སྒྲ་ཙམ་དག་གིས་གསལ་བར་བྱས་པ་ཡིན་པའི་ཕྱིར། གལ་ཏེ་རིག་བྱེད་ཀྱི་ཡི་གེའི་ངོ་བོའི་གོ་རིམ་དེ་སྐྱེས་བུས་མ་བྱས་ངག་ཡིན་ཞེ་ན། རིག་བྱེད་ཀྱི་ཡི་གེའི་ངོ་བོའི་གོ་རིམ་ཆོས་ཅན། སྐྱེས་བུས་མ་བྱས་པའི་ངག་མིན་པར་ཐལ། རིག་བྱེད་ཀྱི་ཡི་གེའི་ངོ་བོ་རྣམས་དང་ཐ་དད་མེད་པའི་ཕྱིར། རིག་བྱེད་ཀྱི་ཡི་གེ་དེ་དག་ཆོས་ཅན། མཐའ་གཅིག་ཏུ་རྣམ་པར་བཞག་པའི་རྟག་པའི་གོ་རིམ་ཡང་མེད་པར་ཐལ། འདོད་པ་ཙམ་གྱིས་གོ་རིམ་གཞན་དང་གཞན་དུ་བསྒྱུར་ནུས་པའི་ཕྱིར། མ་གྲུབ་ན། འཇིག་རྟེན་པའི་ཡི་གེ་རྣམས་ཆོས་ཅན། འདོད་པ་ཙམ་གྱིས་གོ་རིམ་གཞན་དང་གཞན་དུ་བསྒྱུར་ནུས་པ་འགལ་བར་ཐལ། རིག་བྱེད་ཀྱི་ཡི་གེ་རྣམས་གོ་རིམ་གཞན་དང་གཞན་དུ་བསྒྱུར་མི་ནུས་པ་གང་ཞིག །རིག་བྱེད་ཀྱི་ཡི་གེ་དང་གཅིག་ཡིན་པའི་ཕྱིར་རོ། །

རིག་བྱེད་ཀྱི་ཡི་གེ་ཆོས་ཅན། ཡུལ་དང་དུས་ཀྱི་གོ་རིམ་གང་ཡང་མེད་པར་ཐལ། ཡུལ་ཐམས་ཅད་དུ་ཁྱབ་པ་དང་རྟག་པར་གནས་པའི་ཕྱིར། གལ་ཏེ་སྐྱོན་དེ་བསལ་བར་འདོད་ནས་རིག་བྱེད་ཀྱི་ཡི་གེ་མི་རྟག་པ་དང་ཁྱབ་བྱེད་མ་ཡིན་པར་འདོད་ན་དེའི་སྐྱོན་ཡང་སྔར་མི་རྟག་ན་ནི་རྩོལ་བྱུང་ཕྱིར་དང་། ཐམས་ཅད་དུ་ནི་དམིགས་མི་འགྱུར། །ཅེས་སོགས་སུ་ནི་བརྗོད་ཟིན་པ་ཡིན་ནོ། །གལ་ཏེ་བྱེད་པ་ལྕེ་རྐན་སོགས་ཀྱིས་གསལ་བར་བྱས་པའི་ཡི་གེའི་རིམ་པ་ངག་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། བྱེད་པ་ལྕེ་རྐན་སོགས་ཀྱིས་གསལ་བར་བྱས་པའི་ཡི་གེའི་རིམ་པའང་ངག་མིན་པར་ཐལ། རིག་བྱེད་ཀྱི་ཡི་གེ་ལ་སོགས་པའི་རྟག་པ་རྣམས་ལ་རྐྱེན་གྱིས་གསལ་བར་བྱས་པ་ཚད་མས་བསལ་བའི་ཕྱིར་རོ། །གཞན་ཡང་རིག་བྱེད་ཀྱི་ཡི་གེ་དང་བྱེད་པ་ལྕེ་རྐན་ལ་སོགས་པ་རྣམས་བསྐྱེད་བྱ་སྐྱེད་བྱེད་ཡིན་གྱི། གསལ་བྱ་གསལ་བྱེད་ཙམ་ནི་མ་ཡིན་ནོ་ཞེས་སྟོན་པ་དེ། རིག་བྱེད་ཀྱི་ཡི་གེ་དེ་དག་ཆོས་ཅན། བྱེད་པ་ལྕེ་རྐན་རྣམས་ཀྱི་བསྐྱེད་འབྲས་ཉིད་ཡིན་གྱི། གསལ་བྱ་ཙམ་མ་ཡིན་ཏེ། བྱེད་པ་ལྕེ་རྐན་རྣམས་ཀྱི་བྱ་བ་བསྐྱོད་པ་དང་འཕྲད་པ་ལ་སོགས་པ་ཉིད་ལས་གྲུབ་པའི་ཕྱིར། དེའི་གཞུང་འཛུགས་པ་དེ། དོན་གཞན་གསལ་བྱེད་ཡིན་ན་དེའི་གསལ་བྱ་རིགས་འདྲ་སྔར་ནས་གྲུབ་ཟིན་པའི་དོན་ལ་རང་ཉིད་ཤེས་པ་སྟེ་གསལ་བའི་སྒོ་ནས་གཞན་གསལ་བྱའི་བློའི་རྒྱུར་འགྱུར་བ་གཅིག་འདོད་དགོས་ཏེ། དཔེར་ན་གསལ་བྱ་རིགས་འདྲ་སྔར་ནས་གྲུབ་ཟིན་པའི་བུམ་གཟུགས་གསལ་བྱེད་ཀྱི་སྒྲོན་མེའི་འོད་བཞིན་ནོ། །གསལ་བྱ་རིགས་འདྲ་སྔར་ནས་གྲུབ་ཟིན་གསལ་བར་བྱེད་པ་ལས་གཞན་དུ་སྔར་མེད་གསར་དུ་གསལ་བར་བྱེད་ནའང་གསལ་བྱེད་འདི་དེ་སྐྱེད་པར་བྱེད་པ་པོའི་རྒྱུ་ལས་ཁྱད་པར་ཅི་ཡོད་དེ་མེད་མོད། ཤེས་བྱ་ཆོས་ཅན། དོན་གཞན་གསལ་བྱེད་ཡིན་ན་གསལ་བྱ་རིགས་འདྲ་སྔར་ནས་གྲུབ་ཟིན་ལ་ཕན་འདོགས་བྱེད་ཡིན་ཏེ། དེ་ལྟར་མ་ཡིན་ན་གསལ་བྱེད་དང་སྐྱེད་བྱེད་ཁྱད་མེད་དུ་འགྱུར་བའི་ཕྱིར། དེས་ན་རིག་བྱེད་ཀྱི་ཡི་གེ་ཆོས་ཅན། བྱེད་པ་ལྕེ་རྐན་རྣམས་ཀྱིས་བསྐྱེད་པའི་འབྲས་བུ་ཉིད་ཡིན་གྱི། གསལ་བྱ་ཙམ་མ་ཡིན་ཏེ། བྱེད་པ་ལྕེ་རྐན་རྣམས་ཀྱི་ཚོགས་པའི་བྱ་བ་བསྐྱོད་པ་དང་ཕྲད་པ་སོགས་ལས་ངེས་པ་སྟེ་གདོན་མི་ཟ་བར་ཡང་འབྱུང་བ་དམིགས་པའི་ཕྱིར། ཁྱབ་སྟེ། གསལ་བྱེད་ལ་ནི་དེའི་ནུས་པ་ལས་གསལ་བྱ་གདོན་མི་ཟ་བར་འགྱུར་བ་དེ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དཔྱོད་པ་བ་ཁྱོད་ཀྱི་ལུགས་ལ་རིག་བྱེད་ཀྱི་ཡི་གེ་དེའི་དེ་ཐོས་པའི་ཉན་ཤེས་སྒྲིབ་བྱེད་དང་བྲལ་བ་ཙམ་རིག་སྒྲ་གསལ་བ་ཡིན་ལ། དེ་བྱེད་པ་ལྕེ་རྐན་སོགས་ཀྱིས་བསྐྱེད་པར་འདོད་ན། རིག་བྱེད་ཀྱི་ངོ་བོ་སྒྲིབ་བྱེད་དང་བྲལ་ཙམ་དེ་ཆོས་ཅན། ཅིའི་ཕྱིར་ཁྱོད་ལ་བྱེད་པ་ལྕེ་རྐན་ལ་སོགས་པའི་ཚོགས་ཀྱི་ནུས་པ་དེ་འཇུག་ཏུ་རུང་བར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་པོར་མེད་པའི་ཕྱིར་རོ། །གཞན་ཡང་ཤེས་བྱ་ཆོས་ཅན། གཞན་དག་རྫ་མཁན་ལ་སོགས་པ་རྣམས་ཀྱང་རྫ་བུམ་གྱི་གསལ་བྱེད་ཙམ་དུ་འགྱུར་བར་ཐལ། བྱེད་པ་ལྕེ་རྐན་སོགས་དེ་རིག་སྒྲའི་གསལ་བྱེད་ཙམ་གང་ཞིག །བྱེད་པ་ལྕེ་རྐན་སོགས་ལས་རིག་སྒྲ་འབྱུང་བ་དང་། རྫ་མཁན་སོགས་ལས་རྫ་བུམ་འབྱུང་བའི་ཚུལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་ཐོབ་བོ། །གལ་ཏེ་གསལ་བྱེད་ཙམ་ཡིན་པ་དེ་བཞིན་དུ་ནི་ཁས་ལེན་ན། ཤེས་བྱ་ཆོས་ཅན། རྒྱུ་རྣམས་འབྲས་བུ་ཀུན་གྱི་གསལ་བྱེད་ཙམ་དུ་དོན་མེད་པར་ཐལ། འབྲས་བུ་སྔར་མེད་གསར་བྱུང་མེད་ལ་རྟག་པའི་འབྲས་བུ་ལ་རྒྱུ་གསལ་བྱེད་ཙམ་དོན་མེད་པའི་ཕྱིར་རོ། །ཞར་ལ་རིག་སྒྲ་རྟག་པའི་སྒྲུབ་བྱེད་འགོག་པ་ནི། གཞན་ཡང་རིག་སྒྲ་རྟག་སྟེ་འདིའོ་ཞེས་ངོ་ཤེས་འཇུག་པའི་ཕྱིར་དང་། དོན་བསྟན་པའི་ཆེད་དུ་སྦྱོར་བའི་ཕྱིར། ཁྱབ་སྟེ། དོན་བསྟན་པའི་ཆེད་དུ་སྦྱོར་བ་ཡིན་ན་སྔར་ནས་ཡོད་པ་གཅིག་དགོས་ཏེ་སྟེའུ་ལོག་པ་བཞིན་ནོ། །སོགས་པས་ཕྱིས་ཡི་གེ་ཨ་ཐོས་པ་ཆོས་ཅན། སྔར་ཡི་གེ་ཨ་ཐོས་པ་དང་ཡུལ་གཅིག་སྟེ་ཨ་ཐོས་པའི་ཕྱིར་ཞེས་སོགས་གང་ཡིན་སྒྲུབ་བྱེད་རྟག་ཏུ་འདོད་ན་ནི། ངོ་ཤེས་སོགས་ཆོས་ཅན། ཁྱོད་ཀྱིས་རིག་སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེ་མེད་པ་ཅན་ཡིན་པར་ཐལ། དངོས་པོ་རྣམས་ནི་སྐད་ཅིག་གིས་འཇིག་པའི་ཕྱིར་རོ། །རིགས་པ་འདིས་རིག་སྒྲ་རྟག་དངོས་སུ་སྒྲུབ་པའི་རྟགས་ངན་གཞན་ཡང་སུན་དབྱུང་བར་བྱའོ། །གལ་ཏེ་རིག་སྒྲ་ཐོས་པའི་ཉན་ཤེས་རིག་སྒྲ་གསལ་བ་ཡིན་ལ། དེ་བྱེད་པའི་ལྕེ་རྐན་སོགས་ཀྱིས་མ་བྱས་སོ་ཞེ་ན། དེ་ལྟར་ཡིན་ན་རིག་སྒྲ་ཐོས་པའི་ཉན་ཤེས་སྐྱེས་བུ་ལ་མི་བརྟེན་པའི་ངག་ཏུ་འགྱུར་ལ། དེ་མི་རིགས་ཏེ། བློ་ཉན་ཤེས་ནི་ཆོས་ཅན། དབང་ཡིད་ལ་སོགས་པའི་མཚན་ཉིད་ཅན་གྱི་སྐྱེས་བུ་ལ་བརྟེན་པ་ཅན་མ་ཡིན་པར་དཔྱོད་པ་བས་དམ་བཅས་པ་མི་འཐད་པར་ཐལ་ལོ། །

དེ་ལྟར་དམ་བཅས་པ་ལ་དཔྱོད་པ་བའི་ཁས་བླངས་མངོན་སུམ་གྲགས་པ་དང་རྗེས་སུ་དཔག་པ་རྣམས་ཀྱིས་གཅིག་ཅར་དུ་གནོད་པའི་ཕྱིར། ཁྱོད་དེ་ལྟར་དམ་བཅས་པ་ལ་དཔྱོད་པ་བའི་ཁས་བླངས་ཀྱིས་གནོད་པར་ཐལ། ཁྱོད་དཔྱོད་པ་བས་སྐྱེས་བུའི་ཡོན་ཏན་དུ་འདོད་པའི་ཕྱིར། དེ་ལ་མངོན་སུམ་གྱིས་གནོད་པར་ཐལ། ཁྱོད་དབང་ཡིད་སོགས་ཕན་བྱེད་དུ་ཡོད་ན་སྐྱེ་བ་རང་རིག་གིས་དངོས་སུ་གྲུབ་ནས་མེད་ན་མི་སྐྱེད་བར་ཤུགས་ལ་གྲུབ་པའི་ཕྱིར། དེ་ལ་རྗེས་དཔག་གིས་གནོད་པར་ཐལ། ཁྱོད་དབང་ཡིད་སོགས་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རྟགས་ཀྱིས་དབང་ཡིད་སོགས་ཀྱི་འབྲས་བུར་དཔོག་པར་ནུས་པའི་ཕྱིར། དེ་ལ་གྲགས་པས་གནོད་པར་ཐལ། ཁྱོད་སྐྱེས་བུ་ལ་བརྟེན་པར་མངོན་རྗེས་ཀྱིས་གྲུབ་པ་བཞིན་འཇིག་རྟེན་ན་ཡང་དོན་མཐུན་དུ་གྲགས་པའི་ཕྱིར། དེ་ལྟར་ན་སྔར་བཤད་པ་རྣམས་ཀྱི་དོན་བསྡུ་བ་ནི། རིག་བྱེད་ཀྱི་ཡི་གེ་རྣམས་ལས་རྫས་ཐ་དད་པའི་ཡི་གེའི་གོ་རིམ་ཡོད་པར་འདོད་པའང་རིགས་པ་ཡང་དག་གིས་འགོག་པ་སྔར་ནས་གསལ་བར་དཔྱད་ཟིན་ཏོ། །དེས་ན་རིག་བྱེད་ཡི་གེའི་གོ་རིམ་དེ་ནི་ཆོས་ཅན། ཇི་ལྟར་སྐྱེས་བུའི་རྟེན་ཅན་མིན་ཏེ་ཡིན་པར་ཐལ། རྟོག་པས་སྒྲོ་བཏགས་ནས་བཞག་པའི་གོ་རིམ་ཡིན་པའི་ཕྱིར། དེ་དག་གིས་རིག་བྱེད་སྐྱེས་བུས་མ་བྱས་པ་བཀག་ནས། ད་རིག་བྱེད་མི་རྟག་པར་སྒྲུབ་པའི་སྒོ་ནས་རྟག་པ་འགོག་པ་དེ། རིག་བྱེད་ཀྱི་སྒྲ་ནི་ཆོས་ཅན། མི་རྟག་ཉིད་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། འཇིག་པ་ནི་དངོས་པོ་དང་ཡོད་ཙམ་གྱིས་རྗེས་སུ་འབྲེལ་བ་ཅན་ཉིད་ཀྱི་ཕྱིར་རོ། །གལ་ཏེ་བུམ་པ་དང་ཤིང་གི་འཇིག་རྒྱུར་ཐོ་བ་དང་མེ་ལ་སོགས་པ་དག་ལ་དེ་དག་གི་འཇིག་པ་དོན་གཞན་དུ་གྱུར་པ་དག་སྐྱེ་བས་འཇིག་པ་ཡོད་ཙམ་གྱིས་རྗེས་སུ་འབྲེལ་བ་མ་ངེས་སོ་ཞེ་ན། འོ་ན་མེ་དེས་ཤིང་གི་འཇིག་པ་ཤིང་ལས་དོན་གཞན་པ་གཅིག་བསྐྱེད་དམ་ཤིང་དང་གཅིག་པ་གཅིག་བསྐྱེད། དང་པོ་ལྟར་ན། ཤིང་ནི་ཆོས་ཅན། མེས་ཞིག་པར་བྱས་པའི་རྗེས་སུ་ཡང་མཐོང་བ་ཉིད་དུ་འགྱུར་བར་ཐལ། དེའི་རྗེས་སུ་ཡང་འཇིག་པ་མེད་པར་མི་འཇོར་པར་གནས་པའི་ཕྱིར་ཏེ། མེ་དེས་ཁྱོད་ཀྱི་འཇིག་པ་ཁྱོད་ལས་དོན་གཞན་གཅིག་སྐྱེས་པའི་ཕྱིར། གལ་ཏེ་མེས་བསྐྱེད་པའི་འཇིག་པ་དོན་གཞན་དེ་ཉིད་ཤིང་འདིའི་འཇིག་པ་ཡིན་པས་མཐོང་བའི་སྐྱོན་མེད་དོ་ཞེ་ན། མེས་བསྐྱེད་པའི་འཇིག་པ་དོན་གཞན་ནི་ཆོས་ཅན། ཇི་ལྟར་ན་གཞན་ཤིང་གི་འཇིག་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཤིང་དང་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། གཞན་ཡང་མེས་བསྐྱེད་པའི་ཤིང་གི་འཇིག་པ་དོན་གཞན་ཡོད་ཀྱང་སླ་སྟེ་ཅིའི་ཕྱིར་ན་མེས་བསྐྱེད་པའི་ཤིང་གི་འཇིག་པ་དོན་གཞན་དེ་ཡོད་པའི་གནས་སྐབས་སུ་ཤིང་མི་སྣང་དྲིས་པས། དེ་འདྲའི་འཇིག་པ་དེས་ཤིང་བདག་གི་བར་བཟུང་བའི་ཕྱིར་ན་ཤིང་སྣང་བ་མིན་ཞེ་ན། མེས་བསྐྱེད་པའི་ཤིང་གི་འཇིག་པ་དོན་གཞན་དེ་ཆོས་ཅན། ཁྱོད་ཀྱིས་ཤིང་དེ་བདག་གི་བར་བཟུང་བའི་སྒོ་ནས་ཤིང་མི་སྣང་བར་བྱས་པ་མིན་པར་ཐལ། གང་གི་ཕྱིར་ཁྱོད་ཀྱིས་ཤིང་སྣང་བ་ལ་མི་སྒྲིབ་པའི་ཕྱིར། དེས་ན་ཤིང་གི་འཇིག་པ་ཆོས་ཅན། འཇིག་པ་ཅན་དུ་འགྱུར་བར་ཐལ། འཇིག་རྒྱུ་མེ་ལས་སྐྱེས་པའི་ཕྱིར། འདོད་ན། ཁྱོད་ཀྱིས་རྗེས་སུ་ཡང་ཤིང་མཐོང་བར་འགྱུར་བར་ཐལ། ཁྱོད་ཀྱིས་ཤིང་མཐོང་བ་སྒྲིབ་པ་གང་ཞིག །འཇིག་པ་ཅན་ཡིན་པ་དེ་ལྟར་ཡིན་པའི་ཕྱིར། གལ་ཏེ་སྔར་ནག་པ་བསད་ནས་ཕྱིས་ནག་པ་གསོད་བྱེད་བསད་པ་ན་བསད་ཟིན་གྱི་ནག་པ་སླར་ནག་པ་འབྱུང་བ་མ་ཡིན་པ་ཇི་བཞིན་དུ་ཤིང་འདི་ལའང་ཤིང་ཞིག་པ་ཞིག་ན་ཞིག་ཟིན་གྱི་ཤིང་སླར་ཤིང་དུ་མི་འབྱུང་བ་དེ་བཞིན་ཡིན་ཞེ་ན། མི་མཚུངས་ཏེ། ཤེས་བྱ་ཆོས་ཅན། ནག་པ་གསོད་བྱེད་བསད་པས་བསད་ཟིན་གྱི་ནག་པ་སླར་ནག་པར་མི་འབྱུང་བ་དང་། ཤིང་ཞིག་པ་ཞིག་པས་ཞིག་ཟིན་གྱི་ཤིང་སླར་ཤིང་དུ་མི་འབྱུང་བ་གཉིས་མཚུངས་པ་མ་ཡིན་པར་ཐལ། ནག་པ་གསོད་བྱེད་ནི་བསད་ཟིན་གྱི་ནག་པ་འགགས་པའི་ཆ་ཉིད་མ་ཡིན་ལ། ཤིང་ཞིག་པ་ནི་ཞིག་ཟིན་གྱི་ཤིང་འགགས་པའི་ཆ་ཡིན་པའི་ཕྱིར་རོ། །གལ་ཏེ་མེས་བསྐྱེད་པའི་ཤིང་གི་འཇིག་པ་དེ་ཤིང་ལས་གཞན་ཉིད་མ་ཡིན་པར་གཅིག་ཡིན་ནོ་ཞེ་ན། ཤིང་གི་འཇིག་པ་ཉིད་ཆོས་ཅན། ཤིང་ཉིད་དུ་འགྱུར་བར་ཐལ། ཤིང་དང་གཅིག་ཡིན་པའི་ཕྱིར། འདོད་ན། མེ་དེ་ཁྱོད་ཀྱི་རྒྱུ་མ་ཡིན་པར་ཐལ། མེ་དེ་མེད་པའི་སྔར་ནས་ཁྱོད་ཡོད་པའི་ཕྱིར། དེས་ན་མེ་ཆོས་ཅན། ཤིང་གི་འཇིག་པ་སྐྱེད་བྱེད་མ་ཡིན་པར་ཐལ། ཤིང་གི་འཇིག་པ་ཤིང་དང་གཅིག་དང་ཐ་དད་གང་དུ་ཡང་མ་བསྐྱེད་པའི་ཕྱིར་རོ། ཁྱབ་སྟེ། གཅིག་དང་ཐ་དད་དེ་ལས་གཞན་པའི་དངོས་པོའི་རྣམ་པ་གང་ཡང་མེད་པའི་ཕྱིར། གལ་ཏེ་དངོས་པོའི་འཇིག་པ་ཆོས་ཅན། ཡུལ་དུས་ཐམས་ཅད་དུ་རྟག་ཏུ་ཡོད་པར་ཐལ། རྒྱུ་མེད་དུ་འབྱུང་བ་ཅན་ཡིན་པའི་ཕྱིར། འདོད་ན། དེའི་ཕྱིར་དངོས་པོ་རྫས་སུ་ཡོད་པ་དང་འཇིག་པ་རྫས་སུ་མེད་པ་དག་ལྷན་ཅིག་ཏུ་ཡོད་པར་འགྱུར་བར་ཐལ་ལོ་ཞེ་ན། བུམ་སོགས་ཞིག་ནས་མེད་པ་ཆོས་ཅན། རྟག་པ་ཉིད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དངོས་པོར་མེད་པའི་ཕྱིར། ཁྱབ་སྟེ། རྟག་མི་རྟག་གཉིས་ཀ་དངོས་པོའི་ཆོས་ཡིན་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། དངོས་པོའི་འཇིག་པ་དངོས་པོར་མེད་པ་ལ་དངོས་པོ་རྣམས་འཇིག་པར་བྱེད་པའི་རྒྱུ་མེད་པ་ཉིད་ཀྱིས། དངོས་པོ་རྣམས་གཏན་ནས་མི་འཇིག་པར་ཐལ་བར་འགྱུར་བའི་སྐྱོན་ཡང་མི་རུང་སྟེ། གང་གི་ཕྱིར་དངོས་པོ་རྣམས་འཇིག་རྒྱུས་བསྐྱེད་པའི་སྒོ་ནས་འཇིག་པ་དག་ཏུ་མི་འདོད་པའི་ཕྱིར། གལ་ཏེ་དངོས་པོར་འཇིག་པ་དངོས་པོར་མེད་ན་དངོས་པོའི་འཇིག་པ་རྒྱུ་མེད་པ་ཅན་ནོ་ཞེས་པའི་དྲུག་སྒྲ་སྦྱར་དུ་མི་རུང་ངོ་ཞེ་ན། དངོས་པོ་རྣམས་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་རང་གི་ངང་གིས་འཇིག་པའི་ཕྱིར། དེ་ལྟར་ཤེས་པའི་དོན་དུ་རྟོག་པའི་སེམས་ཀྱིས་དངོས་པོ་སྐད་ཅིག་མར་གནས་པའི་གནས་སྐབས་དེ་ཉིད་ལ་དངོས་པོ་འཇིག་པ་དངོས་པོ་ལས་ཐ་དད་དུ་སྒྲོ་བཏགས་ནས་དངོས་པོའི་འཇིག་པ་རྒྱུ་མེད་པ་ཅན་ནོ་ཞེས་བཤད་པ་ཡིན་གྱི། དངོས་པོ་འཇིག་པ་དངོས་པོ་ལས་རྫས་ཐ་དད་དུ་བཤད་པ་ནི་མ་ཡིན་ནོ། །དངོས་པོ་སྐད་ཅིག་མར་གནས་པའི་གནས་སྐབས་ཆོས་ཅན། དངོས་པོའི་འཇིག་པ་དངོས་པོ་ལས་རྫས་ཐ་དད་དུ་མེད་ཀྱང་། དངོས་པོའི་འཇིག་པ་ཞེས་དངོས་པོ་ལས་ཐ་དད་དུ་རྟོག་པས་སྒྲོ་བཏགས་པའི་རྒྱུ་མཚན་ཡོད་དེ། དངོས་པོ་རྣམས་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་རང་གི་ངང་གིས་འཇིག་པར་ཤེས་པའི་ཆེད་དུ་ཁྱེད་ལ་དངོས་པོའི་འཇིག་པ་ཞེས་བཏགས་པ་ཡིན་པའི་ཕྱིར། གལ་ཏེ་མེད་པ་དངོས་པོའི་འཇིག་པ་དེ་དངོས་པོ་རང་ཉིད་གྲུབ་ཙམ་ནས་རང་ལ་ཡོད་ན་དངོས་པོའི་འཇིག་པ་དངོས་པོ་དང་རྫས་གཅིག་གམ་ཐ་དད། གཅིག་ན་དངོས་པོ་རྣམས་དངོས་པོར་གྲུབ་པར་མི་འགྱུར་ལ། ཐ་དད་ན་དངོས་པོའི་འཇིག་པ་ཡོད་པའི་ཚེ་དངོས་པོ་ཅིའི་ཕྱིར་མི་སྣང་ཞེས་པའི་རྣམ་རྟོག་འདི་ནི་མཚུངས་སོ་ཞེ་ན། དངོས་པོ་རྣམས་ཞིག་ནས་མེད་པ་དེ་ཆོས་ཅན། ཁྱོད་དངོས་པོ་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་ཅུང་ཟད་ཀྱང་འགྱུར་བ་མེད་དེ། ཁྱོད་དངོས་པོ་རྣམས་ཞིག་ནས་མེད་པར་འགྱུར་བའི་མེད་དགག་ཙམ་ཞིག་ཡིན་པའི་ཕྱིར། ཡང་དངོས་པོའི་འཇིག་པ་རྣམས་རྒྱུ་ལས་བྱུང་བའི་རྫས་སུ་ཡོད་པར་འདོད་པའི་ལུགས་ལ། ཁྱོད་དངོས་པོ་དང་རྫས་གཅིག་དང་ཐ་དད་གང་རུང་ཡིན་པའི་རྣམ་རྟོག་འདིར་འགྱུར་ཏེ། རྒྱུས་བསྒྲུབ་པའི་དངོས་པོ་རྣམས་རྫས་གཅིག་དང་ཐ་དད་ཀྱི་དངོས་པོ་དང་འབྲེལ་བའི་ཕྱིར་རོ། །དེས་ན་དངོས་པོ་སྐད་ཅིག་མར་སྨྲ་བ་རྣམས་ཀྱིས། དངོས་པོ་རྣམས་ཞིག་ནས་མེད་པར་འགྱུར་བ་ཡིན་ཞེས་གསུངས་པའི་ཚིག་ནི་ཆོས་ཅན། དངོས་པོ་རྣམས་ཞིག་ནས་མེད་པའི་རྗེས་སུ་ཡང་མེད་པའི་རྫས་གཅིག་འབྱུང་ངོ་ཞེས་སྟོན་པ་མ་ཡིན་ཏེ། དངོས་པོ་རྣམས་ཞིག་ནས་དངོས་པོར་གྲུབ་པ་མ་ཡིན་ཞེས་བྱ་བའི་མེད་དགག་གཅིག་སྟོན་པ་ཡིན་པའི་ཕྱིར། བུམ་སོགས་དངོས་པོ་རྣམས་ཀྱི་འཇིག་པ་ཆོས་ཅན། ཅི་སྟེ་ཁྱོད་འཇིག་རྒྱུར་འདོད་པའི་ཐོ་སོགས་འགའ་ཞིག་གིས་བསྐྱེད་པ་ལ་ལྟོས་པར་འགྱུར་ཏེ་མི་ལྟོས་པར་ཐལ། ཁྱོད་ལ་ཐོ་སོགས་ཀྱིས་ཕན་ཐོག་པའི་བྱ་བ་གང་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་ཏེ། ཁྱོད་དངོས་པོར་མེད་པའི་ཕྱིར། སྔ་མ་ཁྱབ་སྟེ། གལ་ཏེ་རྒྱུ་དོན་གཞན་ལ་ལྟོས་པར་འགྱུར་ན་ལས་སུ་བྱ་བ་ཅུང་ཟད་གཅིག་ཡོད་དགོངས་པའི་ཕྱིར་རོ། །དངོས་པོ་ཞིག་ནས་མེད་པའི་འཇིག་པ་དེ་དངོས་པོར་མེད་པར་བསྟན་པ་དེས་ནི་བསལ་བ་ཡིན་ནོ། །ཅི་ཞེ་ན། བུམ་སོགས་དངོས་པོ་རྣམས་ཆོས་ཅན། རང་མ་སྐྱེས་པའི་སྔ་རོལ་ན་ཡང་ཁྱོད་ཀྱི་འཇིག་པ་འབྱུང་བར་འགྱུར་བར་ཐལ། ཁྱོད་ཀྱི་འཇིག་པ་རྒྱུ་མེད་དུ་འབྱུང་བ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་མེད་དུ་འབྱུང་ན་རྟག་ཏུ་སྔ་ཕྱི་ཡོད་དགོས་པའི་ཕྱིར། འདོད་ན། དེའི་ཕྱིར་རང་མ་སྐྱེས་པའི་སྔ་རོལ་ན་ཡང་ཁྱོད་ཀྱི་ཡོད་པ་སྐྱེ་བ་ཉིད་དང་འཇིག་པ་གཉིས་ཀ་ཡོད་པར་ཐལ་ལོ། ཁྱབ་སྟེ། འཇིག་པ་ལ་སྐྱེ་བ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །

གལ་ཏེ་བུམ་སོགས་དངོས་པོ་རྣམས་ཀྱི་འཇིག་པ་དེ་རང་མ་སྐྱེས་པའི་སྔར་མེད་ཅིང་ཕྱིས་འབྱུང་ན་རེས་འགའ་བར་འགྱུར་ལ། དེ་ལྟར་ན་རྒྱུ་མེད་དུ་འགལ་ལོ་ཞེས་པའི་སྐྱོན་ཧ་ཅང་ཐལ་བ་དེའོ། །སེལ་ཚུལ་ནི། བུམ་སོགས་དངོས་རྣམས་ཆོས་ཅན། ཁྱོད་ཞིག་ནས་མེད་པའི་འཇིག་པ་དེ་རྒྱུ་མེད་དུ་འབྱུང་བའི་རྒྱུ་མཚན་གྱིས་རང་མ་སྐྱེས་པའི་སྔར་ཡང་སྐྱེ་འཇིག་བྱེད་པའི་སྐྱོན་མེད་པར་ཐལ། ཁྱོད་ཞིག་ནས་མེད་པའི་འཇིག་པ་རྒྱུ་མེད་དུ་འབྱུང་བ་མ་ཡིན་པའི་ཕྱིར་ཏེ། དེ་དངོས་པོར་མེད་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་ན་སྐྱེ་ལྡན་བུམ་སོགས་འགའ་ཞིག་ཉིད་ཐོགས་བཅས་ཉིད་ཡིན་ཀྱང་། སྐྱེ་ལྡན་ཤེས་པ་འགའ་ཞིག་ཐོགས་བཅས་མ་ཡིན་པར་འདོད་པ་དེ་བཞིན་དུ། སྐྱེ་ལྡན་གྱི་ཡོད་པ་རྣམས་འཇིག་པའི་རང་བཞིན་ཡིན་ཡང་། སྐྱེ་ལྡན་མིན་པའི་ནམ་མཁའ་སོགས་འཇིག་པའི་རང་བཞིན་མིན་པས་ཡོད་པའི་རྟགས་ཀྱིས་དངོས་པོ་འཇིག་པར་སྒྲུབ་པ་མ་ངེས་སོ་ཞེ་ན། དངོས་པོ་རྣམས་ཆོས་ཅན། ཁྱོད་རྟག་མི་རྟག་གི་ངོ་བོ་ཐ་དད་དུ་མེད་པར་ཐལ། ཁྱོད་རྟག་མི་རྟག་ཐ་དད་དུ་འབྱུང་བའི་རྒྱུའི་ཁྱད་པར་རྣམས་ཐ་དད་དུ་མེད་པའི་ཕྱིར། ཁྱབ་སྟེ། རྒྱུའི་རང་བཞིན་ཐ་དད་དུ་ངེས་པ་ལས་འབྲས་བུའི་རང་བཞིན་ཐ་དད་དུ་ངེས་པའི་ཕྱིར། དེས་ན་ཡོད་པ་ལ་མི་རྟག་པ་ཡིན་པ་དེའི་ཕྱིར་རིག་བྱེད་དེ་རྣམས་ཀྱིས་སྒྲ་དོན་འབྲེལ་བ་ཡང་རྟག་པ་ཉིད་དུ་འདོད་པ་ན་བསལ་བ་ཡིན་ཏེ་ཡོད་པའི་ཕྱིར་རོ། །ཡང་དཔྱོད་པ་བས་རིག་བྱེད་སྒྲའི་ནུས་པ་རུང་བ་ཉིད་ཅེས་སོགས་སྒྲ་དོན་གྱི་འབྲེལ་བ་འདོད་པའང་སྔར་བཤད་པའི་སྒྲ་དོན་གྱི་འབྲེལ་བ་རྟག་པ་ལ་བཀོད་པའི་སྐྱོན་གྱིས་བསལ་བ་ཡིན་ནོ། །གཞན་ཡང་སྐྱེས་བུས་མ་བྱས་པའི་རྟགས་ཀྱིས་རིག་བྱེད་བདེན་དོན་ཅན་དུ་བསྒྲུབས་ན། སྐྱེས་བུའི་ཉེས་པ་ཆགས་སོགས་ཀྱིས་ཀུན་ནས་བསླངས་ནས་མ་བྱས་ཞེས་སྨྲའམ། རྒྱུ་རྐྱེན་གྱིས་གཏན་ནས་མ་བྱས་པར་སྨྲ། དང་པོ་ན། ཤེས་བྱ་ཆོས་ཅན། སྐྱེས་བུའི་ཉེས་པ་ཆགས་སོགས་ཀྱིས་ཀུན་ནས་བསླངས་ནས་མ་བྱས་ཞེས་བྱ་བ་དེ་ཉིད་ཇི་ལྟར་བ་བཞིན་གྱི་དོན་ཤེས་པའི་ཡང་དག་ཤེས་པའི་སྒྲུབ་བྱེད་ཡང་དག་མིན་པར་ཐལ། སྐྱེས་བུའི་ཉེས་པ་ཆགས་སོགས་ཀྱིས་ཀུན་ནས་སླངས་ནས་བྱས་པའི་སྐྱོན་མེད་པའི་སྒྲོན་མེ་དང་ཟླ་འོད་ལ་སོགས་པ་རྣམས་ཡང་དག་ཤེས་པའི་རྒྱུ་བྱེད་པ་ལས་རྣམ་པ་གཞན་དུ་ལོག་ཤེས་ཀྱི་རྒྱུ་བྱེད་པར་མཐོང་བའི་ཕྱིར། གཉིས་པ་འདོད་ན། རིག་བྱེད་ཀྱི་ངག་དེ་ནི་ཆོས་ཅན། ཡང་དག་པའི་ཤེས་པ་ཉིད་ཀྱི་རྒྱུར་མི་འགྱུར་བར་ཐལ། རྒྱུ་རྐྱེན་གྱིས་གཏན་ནས་མ་བྱས་པར་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་རྟག་པ་དག་ལས་རྗེས་སུ་འགྲོ་ལྡོག་གི་དངོས་པོའི་ནུས་པ་མ་མཐོང་བས་འབྲས་བུ་འགའ་ཡང་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྟག་པ་ལས་འབྲས་བུ་བསྐྱེད་པའི་ནུས་པ་མེད་པ་མ་གྲུབ་ཏེ། ནམ་མཁའ་རྟག་ཀྱང་རང་འཛིན་ཤེས་པ་བསྐྱེད་པར་མཐོང་བའི་ཕྱིར་ཞེ་ན། འདུས་མ་བྱས་ཀྱི་ནམ་མཁའ་ལ་རྟོག་པའི་བློ་དག་ཆོས་ཅན། རང་གི་གཟུང་དོན་གྱིས་སྟོང་པའི་འགའ་ཞིག་སྟེ་ཡན་གར་བའི་རྣམ་པ་ཅན་དུ་རྣམ་པར་རྟོག་པའི་བག་ཆགས་དེ་ལས་སྐྱེ་བར་འགྱུར་གྱི་དོན་རང་མཚན་གྱི་སྤྱོད་ཡུལ་ཅན་མ་ཡིན་ཏེ། ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་རྣམ་པར་རྟོག་པའི་བག་ཆགས་ལས་རང་གི་སྣང་ཡུལ་ལ་ཕྱི་རོལ་དུ་སྒྲོ་བཏགས་པའི་སྤྱོད་ཡུལ་དུ་འབྱུང་བའི་ཕྱིར་རོ། །གལ་ཏེ་སྐྱེས་བུས་མ་བྱས་པའི་ཚིག་ནི་བདེན་དོན་ཅན་ཡིན་པས་ཁྱབ་སྟེ། མ་བྱས་པ་ལས་བཟློག་པ་བྱས་པས་བདེན་དོན་ཅན་དང་འགལ་བ་ལོག་དོན་ཅན་ལ་ཁྱབ་པའི་ཕྱིར་ཏེ། ལོག་དོན་ཅན་གྱི་ངག་ཐམས་ཅད་སྐྱེས་བུས་བྱས་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དེས་ན་སྐྱེས་བུས་མ་བྱས་པ་དེ་རིག་བྱེད་བདེན་དོན་ཅན་དུ་སྒྲུབ་པའི་རྗེས་འགྲོ་མེད་ཀྱང་། ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡིན་ནོ་ཞེ་ན། སྐྱེས་བུས་མ་བྱས་པ་དེ་ནི་ཆོས་ཅན། རིག་བྱེད་བདེན་དོན་ཅན་དུ་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པར་དོགས་པར་འགྱུར་བར་མེད་པར་ཐལ། དེ་སྒྲུབ་བྱེད་ཀྱི་མི་མཐུན་ཕྱོས་ལ་མེད་པའི་རྒྱུ་མཚན་ཡོད་པ་ལ་གནོད་བྱེད་ཀྱི་གཏན་ཚིགས་མ་བསྟན་པའམ་མེད་པའི་ཕྱིར། གལ་ཏེ་སྐྱེས་བུས་མ་བྱས་པའི་ལོག་དོན་ཅན་མེད་དེ། སྐྱེས་བུས་བྱས་པའི་ལོག་དོན་ཅན་མཐོང་བའི་ཕྱིར། ཁྱབ་སྟེ། སྐྱེས་བུས་བྱས་མ་བྱས་གཉིས་འགལ་བའི་ཕྱིར་རོ་ཞེ་ན། ཤེས་བྱ་ཆོས་ཅན། ལོག་དོན་ཅན་ལ་སྐྱེས་བུས་བྱས་པ་མཐོང་བས་སྐྱེས་བུས་མ་བྱས་པ་མ་མཐོང་བས་མ་ཁྱབ་པར་ཐལ། རྩོལ་བྱུང་དང་རྩོལ་མ་བྱུང་ལྟ་བུའི་དངོས་པོ་འགལ་བ་དག་ལ་ཡང་མི་རྟག་པ་ལྟ་བུའི་ཆོས་གཅིག་ཁྱབ་བྱེད་ཐུན་མོང་བར་རྗེས་འགྲོ་བྱེད་པར་མཐོང་བའི་ཕྱིར་རོ། །གལ་ཏེ་དེ་འདྲའི་རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་དེ། དེ་ལ་མ་དམིགས་པའི་ཕྱིར་རོ་ཞེ་ན། རྟགས་ཀུན་ལ་དེའི་མི་མཐུན་ཕྱོགས་ལ་མ་དམིགས་པ་ཙམ་གྱིས་དེ་ལ་མེད་པ་མི་གྲུབ་བོ་ཞེས་ནི་སྔར་རྒྱས་པར་བཤད་ཟིན་ཏོ། །དེས་ན་སྐྱེས་བུས་མ་བྱས་པ་ཆོས་ཅན། རིག་བྱེད་བདེན་དོན་ཅན་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པ་ཉིད་ལ་ཐེ་ཚོམ་ཟ་ནས་ལྡོག་ཁྱབ་མེད་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་ནི་མ་གྲུབ་པའི་ཕྱིར་རོ། །དེས་ན་རྟགས་རྗེས་འགྲོ་མེད་པའི་ལྡོག་པ་རྐྱང་པ་ཅན་ནི་ཡན་ལག་ཏུ་མི་འགྱུར་ཏེ། གལ་ཏེ་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་རྗེས་འགྲོ་དང་། མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་ལྡོག་པ་དང་བསྒྲུབ་བྱའི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ངེས་པ་ཉིད་ཀྱི་ཕྱོགས་ཆོས་དང་། ཚུལ་གསུམ་པོ་དེ་ངེས་པའི་འབྲས་བུ་ཅན་གྱི་ཚད་མའི་ཤེས་པ་ཡིས་གྲུབ་པར་གྱུར་ན་སྒྲུབ་བྱེད་རྟགས་ཡང་དག་ཡིན་གྱི། ཚུལ་གསུམ་པོ་གང་རུང་གཅིག་མ་ཚང་ན་ཡང་རྟགས་ཡང་དག་ཏུ་མི་འགྱུར་བའི་ཕྱིར་རོ། །

གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་བསྒྲུབ་པ་ཡིན་ན། གཞན་ཡང་ཤེས་བྱ་ཆོས་ཅན། རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་པའི་གཏན་ཚིགས་མཐུན་ཕྱོགས་ལ་ཡོད་པ་རྗེས་འགྲོ་ཅན་ཡིན་པར་ཐལ། ཡུལ་གང་ལ་བསྒྲུབ་བྱའི་ཆོས་ཀྱི་མི་མཐུན་ཕྱོགས་ལས་བཟློག་པ་ཉིད་ཆོས་བརྗོད་པའི་ཡུལ་དེ་ཉིད་ནི་རྟགས་འདིའི་བསྒྲུབ་བྱའི་ཆོས་ཀྱི་མཐུན་ཕྱོགས་སུ་འགྱུར་དགོས་པ་དེས་ནའི་ཕྱིར། གཞན་ཡང་རིག་བྱེད་སྐྱེས་བུས་མ་བྱས་པ་དང་རིག་བྱེད་ཀྱི་སྔགས་ནད་ཞི་བ་སོགས་ཀྱི་འབྲས་བུ་སྟེར་བྱེད་ཡིན་པའང་འགལ་ཏེ། རིག་བྱེད་ཀྱི་སྔགས་རྣམས་ཆོས་ཅན། སྐྱེས་བུ་ཤེས་མཐུ་ཅན་འགའ་ཡིས་བརྡ་བྱས་ཤིང་བྱིན་གྱིས་བརླབས་པ་ཉིད་ཡིན་པར་ཐལ། ཞི་སོགས་འབྲས་བུ་སྒྲུབ་བྱེད་ཀྱི་སྔགས་ཡིན་པའི་ཕྱིར། ཅི་སྟེ་རིག་བྱེད་སྔགས་ཀྱི་ཡི་གེའི་དངོས་པོའི་ནུས་པ་ཁོ་ནར་ཞི་སོགས་འབྲས་བུ་སྟེར་བས་བརྡ་ལ་ལྟོས་པ་མ་ཡིན་ནོ་ཞེ་ན། ཆོ་ག་དང་འདོན་པ་ལ་སོགས་ཕྱིན་ཅི་ལོག་ཏུ་སྦྱར་བའི་སྔགས་གཞན་ལའང་ཆོས་ཅན། ཞི་སོགས་འབྲས་བུ་སྟེར་བའི་ནུས་པ་ཡོད་པར་འགྱུར་བར་ཐལ། ཆོ་ག་དང་འདོན་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་སྦྱར་བའི་སྔགས་དང་ཡི་གེའི་ངོ་བོར་ཁྱད་པར་མེད་པའི་ཕྱིར། གལ་ཏེ་ཆོ་ག་དང་འདོན་པ་ལ་སོགས་ཕྱིན་ཅི་ལོག་ཏུ་སྦྱར་བའི་སྔགས་ཀྱིས་ཞི་སོགས་ཀྱི་འབྲས་བུ་སྟེར་ནུས་པ་མ་ཡིན་ཏེ། དེའི་ཡི་གེའི་བཀོད་པ་ཉམས་པའི་ཕྱིར། ཁྱབ་སྟེ། ཡི་གེའི་བཀོད་པ་དེ་ཡིག་སྔགས་ཡིན་པའི་ཕྱིར་རོ་ཞེ་ན། རིག་བྱེད་སྔགས་ཀྱི་ཡི་གེ་ཆོས་ཅན། ཁྱོད་ལ་དོན་གཞན་ཉིད་དུ་འགྱུར་བའི་ཡི་གེའི་བཀོད་པའང་སྔགས་མ་ཡིན་པར་ཐལ། དེ་སྔགས་ཡིན་པ་སྔགས་ཡིག་རྣམས་ཐ་དད་མེད་ཕྱིར་མིན་ཞེས་སོགས་སུ་ནི་རིགས་པ་ཡང་དག་གིས་བསལ་ཟིན་པ་ཡིན་པའི་ཕྱིར། ཡང་རིག་བྱེད་ཀྱི་སྔགས་དེ་ཆོས་ཅན། རང་གི་དོན་ཞི་སོགས་འབྲས་བུ་རྟག་ཏུ་འགྲུབ་པར་འགྱུར་བར་ཐལ། རང་གི་ཡི་གེའི་དངོས་པོའི་ནུས་པ་ཁོ་ནས་ཞི་སོགས་འབྲས་བུ་སྟེར་ནུས་པ་གང་ཞིག །རྟག་པའི་ཕྱིར། གལ་ཏེ་སྔགས་ཀྱིས་འབྲས་བུ་སྟེར་བ་ཆོ་ག་སོགས་ལ་ལྟོས་པ་ཡིན་པས་རྟག་ཏུ་འབྲས་བུ་སྟེར་བ་མ་ཡིན་ནོ་ཞེ་ན། ཁྱོད་ཀྱི་ཡི་གེའི་དངོས་པོའི་ནུས་པ་ཁོ་ན་ལས་ཞི་སོགས་འབྲས་བུ་སྟེར་བ་ནུས་མེད་དུ་འགྱུར་བར་ཐལ། ཁྱོད་ཀྱིས་ཞི་སོགས་འབྲས་བུ་སྟེར་བ་ཆོ་ག་སོགས་ལ་ལྟོས་དགོས་པའི་ཕྱིར། གཞན་ཡང་། གལ་ཏེ་ཡི་གེའི་དངོས་པོའི་ནུས་པ་ཁོ་ན་ལས་ཞི་སོགས་འབྲས་བུ་སྟེར་བ་དེ་འདྲ་ཡིན་ན། དེའི་ཕྱིར་དེ་ནི་ཆོས་ཅན། སྐྱེས་བུ་ཀུན་གྱི་ཞི་སོགས་འབྲས་བུ་སྒྲུབ་བྱེད་དུ་འགྱུར་བར་ཐལ་ལོ། །

གལ་ཏེ་སྔགས་ཀྱིས་འབྲས་བུ་སྟེར་བ་སྦྱོར་བ་པོ་བྲམ་ཟེ་གཙང་སྦྲ་ཅན་སོགས་ལ་ལྟོས་པས་སྐྱེས་བུ་ཀུན་ལ་འབྲས་བུ་སྟེར་བ་མ་ཡིན་ནོ་ཞེ་ན། ཁྱོད་ཀྱིས་ཞི་སོགས་འབྲས་བུ་སྟེར་བ་དེ་སྦྱོར་བ་བྱེད་པ་པོ་བྲམ་ཟེ་ལ་སོགས་པའི་ཁྱད་པར་ལ་ཡང་ལྟོས་པར་མི་རུང་བར་ཐལ། ཁྱོད་རྐྱེན་གྱིས་ལེགས་པར་ཁྱད་པར་དུ་བྱས་པ་མ་ཡིན་པའི་ཕྱིར། དེའི་གཞུང་འཛུགས་པ་དེ། རྐྱེན་གྱིས་འདུས་བྱས་པའི་འབྲས་བུའི་དངོས་པོ་ཐ་དད་དུ་འབྱུང་བ་ཡང་རྒྱུའི་དངོས་པོ་ཐ་དད་པས་ཐ་དད་དུ་སྐྱེད་པར་བྱེད་ཀྱི། བྲམ་ཟེ་གདོལ་པ་ལ་སོགས་པའི་རིགས་བཟང་ངན་ཙམ་གྱིས་བྱེད་པ་མ་ཡིན་ན་རྟག་པ་ལ་ནི་སྨོས་ཅི་དགོས། དེས་ན་དེ་ཆོས་ཅན། སྦྱོར་བ་བྱེད་པ་པོ་བྲམ་ཟེ་གདོལ་པ་ལ་སོགས་པའི་རིགས་བཟང་ངན་གྱི་ཁྱད་པར་ཙམ་ལས་ཞི་སོགས་འབྲས་བུ་སྟེར་མི་སྟེར་གྱི་ནུས་པ་སོ་སོར་ངེས་པ་མ་ཡིན་པར་ཐལ། རྟག་པའི་ཕྱིར། དེས་ན་སྦྱོར་བ་པོ་འབྲས་བུ་སྐྱེས་བུ་ཤེས་མཐུ་ཅན་གྱིས་བརྡ་སྦྱར་བའི་སྟོབས་ལས་ཞི་སོགས་འབྲས་བུ་སྟེར་བར་འགྱུར་ན། བྲམ་ཟེ་གདོལ་པ་ལ་སོགས་པའི་རིགས་བཟང་ངན་ལ་སྟེར་མི་སྟེར་གྱི་ཁྱད་པར་རིགས་ཏེ། དེ་ལྟ་ཡིན་ན་རང་སྦྱོར་བ་པོས་ཇི་ལྟར་བརྡ་སྦྱར་བ་བཞིན་དུ་ཞི་སོགས་འབྲས་བུ་སྟེར་བ་ཡིན་པའི་ཕྱིར། གཞན་ཡང་། སྔགས་དེ་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པ་ཅན་ཡིན་ན་ཁྱད་པར་ཅི་ཞིག་བྱས་ནས་བྲམ་ཟེ་ཁོ་ན་སྦྱོར་བ་བྱེད་པ་པོར་འགྱུར་དྲིས་པས། གལ་ཏེ་སྔགས་རྟག་པ་དེ་སྦྱོར་བ་པོའི་རྐྱེན་གྱིས་མངོན་པར་གསལ་བར་བྱས་པ་ཉིད་སྔགས་སྦྱོར་བ་སྟེ་གསལ་བ་ཡིན་ཞེ་ན། རྟག་པ་རྐྱེན་གྱིས་གསལ་བར་བྱས་པ་དེ་ནི་གོང་དུ་འགྱུར་བ་མེད་རྣམས་ཁྱད་མེད་པས། །ཞེས་སོགས་སུ་རིགས་པ་ཡང་དག་གིས་བསལ་ཟིན་ཏོ། །གལ་ཏེ་སྦྱོར་བ་པོ་གང་གིས་བརྡ་སྦྱར་བའི་སྔགས་ལས་བྱུང་བའི་སྔགས་སྒྲའི་ཡུལ་ཅན་གྱི་བློ་དེས་སྔགས་སྒྲ་གསལ་བ་ཡིན་ན། སྔགས་སྒྲ་གསལ་བ་དེ་ནི་ཞི་སོགས་འབྲས་བུ་སྟེར་བ་ལ་སྦྱོར་བྱེད་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། ཞི་སོགས་འབྲས་བུ་སྟེར་བའི་སྔགས་སྒྲ་ཉན་པ་པོའང་ཞི་སོགས་འབྲས་བུ་དང་འབྲེལ་བར་འགྱུར་བར་ཐལ། སྔགས་སྨྲ་བ་པོའི་རྒྱུད་ཀྱི་སྔགས་སྒྲ་གསལ་བའི་ཉན་ཤེས་དེ་ཡང་ཞི་སོགས་འབྲས་བུའི་རྒྱུ་ཡིན་པའི་ཕྱིར། ཡང་སྔགས་སྒྲ་ཉན་ཤེས་ལ་མངོན་པར་གསལ་བ་མ་ཡིན་པར་སྔགས་དག་གི་བྱེད་པ་ལྕེ་རྐན་ལ་སོགས་པ་རྣམས་ཀྱི་སྦྱོར་བ་ཕྲད་པའམ་བསྐྱེད་པ་ཙམ་གྱིས་སྔགས་ཤུབ་བུའམ་ཡིད་ཀྱིས་བཟླས་པ་ཡང་དོན་མེད་དུ་འགྱུར་བར་ཐལ། ཞི་སོགས་འབྲས་བུ་སྟེར་བའི་སྔགས་དེ་ནི་རྣ་བའི་སྤྱོད་ཡུལ་དུ་གྱུར་པའི་སྒྲ་རང་མཚན་ཡིན་པའི་ཕྱིར། གལ་ཏེ་ཡིད་བཟླས་དུས་ཀྱི་སྔགས་སྒྲའི་རྣམ་པ་སྣང་བའི་བློ་དེའང་སྔགས་སྒྲ་གསལ་བ་ཡིན་ཏེ། དེ་བརྒྱུད་པས་སྔགས་སྒྲ་དེ་ལས་སྐྱེས་པའི་ཕྱིར། དེའི་ཕྱིར་དེས་ན་ཡིད་བཟླས་དོན་མེད་དུ་མི་འགྱུར་རོ་ཞེ་ན། ཡིད་བཟླས་དུས་ཀྱི་སྔགས་སྒྲའི་རྣམ་པ་སྣང་བའི་བློ་དེ་ཆོས་ཅན། སྔགས་སྒྲ་རང་མཚན་གྱི་གཟུང་དོན་ཅན་ཡིན་པར་མི་འགྲུབ་པར་ཐལ། རྣམ་པར་རྟོག་པ་སྔ་མའི་བག་ཆགས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །གལ་ཏེ་ཁྱོད་ལ་ཡང་ཅིའི་ཕྱིར་ཡིད་བཟླས་དོན་མེད་པར་མི་འགྱུར་ཞེ་ན། ཤེས་བྱ་ཆོས་ཅན། སྔགས་ཡིད་བཟླས་སོགས་ལས་སྔགས་ཀྱི་འབྲས་བུ་འགྲུབ་པ་མི་འགལ་ཏེ། སྔགས་སྒྲ་རང་མཚན་དང་སྔགས་སྒྲའི་སྤྱིའི་རང་བཞིན་ཏེ་རྣམ་པ་རྣམས་ངོ་བོ་གཅིག་ཏུ་ནི་བརྗོད་འདོད་ཀྱི་རྟོག་པས་སྒྲོ་བཏགས་ནས་སྔགས་ཀྱི་བརྡ་བྱེད་པའི་སྐྱེས་བུ་རྣམས་ཀྱིས་སྔགསཀྱི་བརྡ་བརྗོད་པ་སྟེ་སྦྱར་བའི་ཕྱིར། དེས་ན་སྔགས་ཀྱི་ཡི་གེའི་དངོས་པོའི་ནུས་པ་ཁོ་ནས་ཞི་སོགས་འབྲས་བུ་སྟེར་བར་འདོད་པའི་ལུགས་ལ་ནི་ཡིད་བཟླས་དོན་ཡོད་པ་མ་ཡིན་ཏེ། ཡིད་བཟླས་དུས་སུ་སྔར་སྒྲ་རང་མཚན་པ་མེད་པའི་ཕྱིར་རོ། །བཀོད་པའང་སྔར་ནི་བསལ་བ་ཡིན་ལ་རྩོད་དེ། གལ་ཏེ་ཡི་གེ་ལས་དོན་གཞན་པའི་ཡི་གེའི་གོ་རིམ་མེད་ན་ནི་རོ་སྟེ་ས་རཿདང་། མཚོ་སྟེ་ར་སཿཞེས་ཐོས་པ་ལས་འབྲས་བུ་རོ་མཚོ་ཐ་དད་དུ་གོ་བ་མེད་པར་འགྱུར་ཏེ། ཡི་གེ་དེ་དག་ལས་དོན་གཞན་པའི་གོ་རིམ་མེད་ཅིང་། དེའི་ངོ་བོ་ཡང་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། ཡི་གེ་དེ་དག་གི་གོ་རིམ་གཏན་ནས་མེད་པ་མ་ཡིན་ལ། ཡི་གེ་དེ་དག་གི་གོ་རིམ་དེ་ནི་སྐྱེས་བུའི་རྟེན་ཅན་དུ་ཡོད་དེ། རྒྱུ་མཚན་ཡང་དེ་དག་ལས་ཡི་གེ་ས་དང་སའི་སྲོག་ཨ་དང་ར་དང་རའི་སྲོག་ཨ་དང་ཚེགས་དྲག་ལྔ་ཡོད་པ་ལས། ཡི་གེ་སྔ་མ་རྣམས་ཀུན་ནས་སློང་བའི་ཤེས་པ་ལས་ཡི་གེ་ཕྱི་མ་རྣམས་ཀུན་ནས་སློང་བའི་ཤེས་པ་སྐྱེ་ལ། ཀུན་སློང་གི་ཤེས་པ་རིམ་ཅན་ལས་སྒྲ་སྟེ་ཡི་གེ་རིམ་ཅན་དུ་སྐྱེ་བས་རྒྱུ་ཀུན་སློང་ཡང་རིམ་ཅན་དུ་གྲུབ་ལ། ཀུན་སློང་རིམ་ཅན་ལས་རིམ་ཅན་དུ་སྐྱེ་བ་དེའི་ཁྱད་པར་ཅན་གྱི་ཡི་གེ་སྔ་ཕྱི་དེ་རྣམས་ནི་རང་འཛིན་རྣ་བའི་ཤེས་པས་རིམ་ཅན་དུ་ངེས་པ་སྟེ་འཛིན་པར་འགྱུར་བས་འབྲས་བུ་ཤེས་པ་ཡང་རིམ་ཅན་དུ་འགྲུབ་པ་ཡིན་ནོ། །འོ་ན་དེ་ལྟ་བུའི་རྒྱུ་འབྲས་རིམ་ཅན་དུ་ཅིས་ཤེས་ཞེ་ན། དྲན་ཤེས་ཀྱི་རིམ་ཅན་དུ་དྲན་པས་ཤེས་སོ་ཞེས་སྟོན་པ་སྟེ། རྒྱུ་ཀུན་སློང་གི་ཤེས་པ་རིམ་ཅན་དེས་བསྐྱེད་ཅིང་རང་འཛིན་ཤེས་པས་རིམ་ཅན་དུ་རྟོགས་ཤིང་ཤེས་པ་ཅན་གྱི་ཡི་གེ་ས་རཿདེ་རང་ཐོས་པའི་ཉན་ཤེས་ཀྱིས་མྱུར་བ་མིན་པར་དལ་བུས་ཐོས་པ་ན་ཡི་གེ་ཕྱི་མ་རྣམས་སྔ་མ་དེ་དྲན་པ་ལ་ལྟོས་ནས་ཕྱིས་ཡི་གེ་ཕྱི་མ་བདག་ཉིད་ལ་དམིགས་པའི་དྲན་པ་བསྐྱེད་པར་བྱེད་དོ། །དེ་ལྟར་ན་དྲན་ཤེས་ཀྱིས་རིམ་ཅན་དུ་དྲན་པས་རང་འཛིན་ཤེས་པས་རིམ་ཅན་དུ་བཟུང་བར་ཤེས་ལ། རང་འཛིན་ཤེས་པས་རིམ་ཅན་དུ་བཟུང་བས་རང་རྒྱུ་ཀུན་སློང་ལས་རིམ་ཅན་དུ་སྐྱེས་པར་རྗེས་སུ་དཔོག་པར་ནུས་སོ། །ད་སྐབས་སུ་བབ་པའི་ལན་དངོས་སྟོན་པ་ནི། ས་རཿར་ས་སོགས་ཀྱི་ཡི་གེ་རྣམས་ཆོས་ཅན། སྐྱེས་བུས་བྱས་པའི་ཁྱོད་ཀྱི་གོ་རིམ་དག་ནི་གྲུབ་པ་ཡིན་ཞེས་བརྗོད་དེ། རང་རྒྱུ་ཀུན་སློང་རིམ་ཅན་གྱི་འབྲས་བུ་དང་རང་འཛིན་པའི་སེམས་ཉན་ཤེས་རིམ་ཅན་གྱི་རྒྱུ་ཉིད་དུ་གྲུབ་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བུའི་གོ་རིམ་དེ་དག་སྐྱེས་བུས་བྱས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། ས་རཿཞེས་པའི་ཚིག་དང་། ར་སཿཞེས་པའི་ཚིག་གི་ཡི་གེའི་ངོ་བོ་ས་གཉིས་དང་ར་གཉིས་པོ་དེ་ཆོས་ཅན། དོན་གཞན་ཉིད་ཡིན་གྱི། གཅིག་མ་ཡིན་ཏེ། རང་ཀུན་ནས་སློང་བར་བྱེད་པ་པོའི་ཀུན་སློང་གི་འདུ་བྱེད་ཐ་དད་པ་ལས་ཐ་དད་དུ་སྐྱེས་པའི་ཕྱིར། དེས་ན་ས་རཿར་སཿསོགས་ཀྱི་ཡི་གེ་རྣམས་ཆོས་ཅན། རང་ལས་དོན་གཞན་པའི་གོ་རིམ་མེད་ཀྱང་འབྲས་བུ་རོ་མཚོ་སོ་སོར་གོ་བའི་རྒྱུ་མཚན་ཡོད་དེ། རང་སྨྲ་བ་པོས་ཡི་གེ་སྔ་ཕྱི་གོ་རིམ་མ་འཆོལ་བར་ལྷན་ཅིག་སྟེ་བར་མ་ཆད་དུ་བརྗོད་པ་ལས། བརྡའི་དབང་གིས་འབྲས་བུ་རོ་མཚོ་སོ་སོར་གོ་བའི་ཁྱད་པར་བྱེད་པའི་ཕྱིར། ཡང་། རིགས་པ་འདིས་ཀྱང་ཡི་གེའི་གོ་རིམ་སྐྱེས་བུས་བྱས་པར་གྲུབ་སྟེ། ས་རཿར་སཿསོགས་ཀྱི་ཡི་གེ་རྣམས་ཀྱི་གོ་རིམ་དེའང་ཆོས་ཅན། རང་སྤེལ་བར་བྱེད་པའི་སྐྱེས་བུ་ལས་འཇུག་པ་སྟེ་སྐྱེ་བ་ཡིན་ཞིང་རྟག་པ་མ་ཡིན་ཏེ། རང་སྨྲ་བ་པོའི་འདོད་པ་དང་མི་འགལ་བར་འདོད་པ་ཇི་ལྟ་བ་བཞིན་དུ་གྲུབ་པ་ཅན་གྱི་གོ་རིམ་ཡིན་པའི་ཕྱིར། ཁྱབ་ན། དེ་འདྲའི་གོ་རིམ་ཡིན་ན་རྟག་པར་གནས་པ་འགལ་བའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། འཇིག་རྟེན་པའི་ཡི་གེ་དང་རིག་བྱེད་ཀྱི་ཡི་གེའི་གོ་རིམ་ཀུན་སྐྱེས་བུ་ལས་སྐྱེས་པ་ཡིན་ཏེ། སྐྱེས་བུ་རྣམས་ཡི་གེའི་རྒྱུ་དང་ནི། ཡི་གེ་རྣམས་སྐྱེས་བུའི་འབྲས་བུ་ཉིད་དུ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མས་གྲུབ་པའི་ཕྱིར། དཔེར་ན་མེ་གཅིག་བུད་ཤིང་ལས་སྐྱེས་པར་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མས་གྲུབ་པ་ན་མེ་གཞན་ཡང་བུད་ཤིང་ལས་སྐྱེ་བར་རིགས་པས་གྲུབ་པ་བཞིན་ནོ། །གཞན་ཡང་ཞི་སོགས་འབྲས་བུ་སྟེར་བའི་སྔགས་སྐྱེས་བུ་ཤེས་མཐུ་ཅན་གྱིས་བྱས་པར་གྲུབ་པ་ན། ཤེས་པ་མཐུ་ཅན་གྱི་སྐྱེས་བུ་ཁྱད་པར་ཅན་གྲུབ་བོ་ཞེས་སྟོན་པ་དེ། ཞི་སོགས་འབྲས་བུ་སྟེར་བའི་སྔགས་ཞེས་པའི་མིང་ཅན་གྱི་ཡི་གེའི་གོ་རིམ་གསར་དུ་རྩོམ་པར་བྱེད་པའི་ངང་ཚུལ་ཅན་གྱི་སྐྱེས་བུ་ཆོས་ཅན། ཐ་མལ་པའི་སྐྱེས་བུ་གཞན་རྣམས་དང་ཡོན་ཏན་ཐུན་མོང་མ་ཡིན་པ་ཉིད་དུ་གྲུབ་སྟེ། ཞི་སོགས་འབྲས་བུ་སྟེར་བའི་སྔགས་ཀྱི་སྡེབས་དང་ཆོ་ག་ལ་སོགས་པ་མ་ནོར་བར་ཤེས་ཤིང་། དེ་རང་ཇི་ལྟར་འདོད་པ་བཞིན་དུ་ཞི་སོགས་འབྲས་བུ་སྟེར་ནུས་སུ་བྱིན་གྱིས་རློབ་པའི་ནུས་མཐུ་དག་དང་ལྡན་པའི་ཕྱིར། ཁྱབ་སྟེ། ཐ་མལ་པའི་སྐྱེས་བུ་གཞན་རྣམས་ལ་ཤེས་མཐུ་དེ་དག་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་མཐུ་སོགས་དང་མི་ལྡན་པའི་ཐ་མལ་པའི་སྔགས་ཀྱི་སྦྱོར་བ་ལས་ཀྱང་དུག་ཞི་བ་ལ་སོགས་པའི་ནུས་པ་མཐོང་བས་སྔར་བྱེད་པའི་སྐྱེས་བུ་ཡིན་པ་ལ་ཤེས་མཐུ་སོགས་དང་ལྡན་པས་མ་ཁྱབ་བོ་ཞེ་ན། གང་ཡང་གཙོ་བོ་ནམ་མཁའ་ལྡིང་གི་རྒྱུད་རིགས་པའི་ཐ་མལ་པའི་སྐྱེས་བུ་འགའ་ཞིག་གསང་སྔགས་ཀྱི་སྦྱོར་བ་འགའ་ཞིག་བྱེད་ཅིང་། བྱས་པ་ལས་བྱུང་བར་འགྱུར་བའི་དུག་ཞི་བ་ལ་སོགས་པ་དེ་དག་གི་ནུས་པ་དེ་ཆོས་ཅན། སྔགས་ཀྱི་སྦྱོར་བ་བྱེད་པ་ཐ་མལ་པའི་སྐྱེས་བུ་ཁོ་ནའི་ནུས་པ་མ་ཡིན་ཏེ། གཙོ་བོ་ནམ་མཁའ་ལྡིང་གི་རྒྱུད་རྩོམ་པ་པོའི་མཐུ་ལས་བྱུང་བའི་ཕྱིར་ཏེ། དེ་རྩོམ་པ་པོ་དེས་བཤད་པའི་རིགས་པ་མན་ངག་དང་དམ་ཚིག་བསྲུང་བ་ལ་སོགས་པའི་རྗེས་སུ་འཇུག་པ་ལས་བྱུང་བའི་ཕྱིར་རོ། །དེས་ན་ཞི་སོགས་འབྲས་བུ་སྟེར་བའི་སྔགས་རྣམས་ནི་ཆོས་ཅན། ཁྱོད་ལས་ཞི་སོགས་འབྲས་བུ་འབྱུང་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་ཁྱོད་རྒྱུ་རྐྱེན་གྱིས་བྱས་པ་དང་བྱེ་བྲག་སྐྱེས་བུས་བྱས་པར་བརྗོད་ཅིང་ཁས་བླང་བར་བྱ་བ་ཡིན་ཏེ། རང་སྦྱོར་པ་པོའི་སྐྱེས་བུའི་བརྡའི་དབང་གིས་ཞི་སོགས་འབྲས་བུ་སྟེར་བ་ཡིན་པའི་ཕྱིར། དེས་ན་སྔགས་བྱེད་པའི་སྐྱེས་བུ་ཁྱད་པར་ཅན་དུ་སྒྲུབ་པའི་རིགས་པ་འདི་ཉིད་ཀྱིས་ནི་སྐྱེས་བུ་གང་ཡིན་ལ་དབང་པོ་ལས་འདས་པའི་དོན་མཐོང་བའི་ནུས་པ་མེད་པར་སྒྲུབ་པའི་དཔྱོད་པ་པའི་སྒྲུབ་བྱེད་ལྟར་སྣང་རྣམས་ནི་བསལ་བ་ཡིན་ཏེ། དེ་འདྲའི་རིགས་པ་འདིས་སྐྱེས་བུ་ཁྱད་པར་ཅན་ཡོད་པར་གྲུབ་པའི་ཕྱིར། སྒྲུབ་བྱེད་ལྟར་སྣང་ཇི་ལྟར་ན། སྐྱེས་བུ་ཁྱད་པར་ཅན་དུ་འདོད་པ་དེ་ཆོས་ཅན། སྐྱེས་བུ་ཁྱད་པར་ཅན་མ་ཡིན་ཏེ། བློ་དང་དབང་པོ་དང་སྨྲ་བ་དང་སྐྱེས་བུ་ཉིད་དང་ལག་སོགས་དང་ལྡན་པའི་ཕྱིར་ཞེས་པ་ལ་སོགས་སྒྲུབ་བྱེད་གང་བརྗོད་པ་རྣམས་ཆོས་ཅན། ཁྱོད་ལས་དོན་རང་གིས་བསྒྲུབ་བྱ་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྗེས་དཔག་ཡོད་པ་མ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཚད་མ་སྟེ་རྟགས་ལྟར་སྣང་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བའི་ལྷག་ལྡན་ཡིན་པའི་ཕྱིར། རིག་བྱེད་ཀྱི་དོན་གཅིག་ཁོ་ནར་ངེས་པར་འདོད་པ་འགོག་པ་དེ། ཨགྣེ་ཧོ་ཏྲ་ཛོ་ཧ་ཡད་ཅེས་པའི་རིག་བྱེད་ཀྱི་སྒྲ་ནི་ཆོས་ཅན། སྔགས་སྦྱངས་ཀྱི་མར་མེར་བླུགས་པ་ཁོ་ན་ཁྱོད་ཀྱི་བརྗོད་བྱའི་དོན་དང་ཁྱི་ཟ་བ་སོགས་ཁྱོད་ཀྱི་བརྗོད་བྱའི་དོན་མ་ཡིན་པའི་དོན་ངེས་འདི་སྐྱེས་བུ་དཔྱོད་པ་བས་ཀུན་ཏུ་བརྟགས་པ་ཡིན་ཏེ། ཁྱོད་ཀྱིས་སྔགས་སྦྱངས་ཀྱི་མར་མེར་བླུགས་པ་འདི་ཁོ་ན་རིག་བྱེད་ཁོ་བོས་བརྗོད་བྱའི་དོན་དང་ཁྱི་ཟ་བ་ལ་སོགས་འདི་བརྗོད་བྱའི་དོན་མིན་ནོ་ཞེས་བརྗོད་པར་མི་བྱེད་ཅིང་རིག་བྱེད་དོན་ངེས་དེ་ལྟར་དུ་ནི་དཔྱོད་པ་བས་བརྗོད་པའི་ཕྱིར། འདོད་ན། རིག་བྱེད་དོན་ངེས་རྫུན་པའི་དོན་ཅན་དུ་ཐལ། རིག་བྱེད་དོན་ངེས་དཔྱོད་པས་བརྟགས་པའི་ཕྱིར། ཁྱབ་སྟེ། དཔྱོད་པ་བ་དེ་ཡང་འདོད་ཆགས་ལ་སོགས་ཉེས་པ་དང་ལྡན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱལ་དཔོག་པ་དེ་བཞིན་དུ་དཔྱོད་པ་བ་ཁྱོད་ཀྱང་ཅིའི་ཕྱིར་ན་རིག་བྱེད་དོན་བྱེད་ངེས་ཤེས་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་མི་འདོད་དེ་འདོད་པར་ཐལ། རྒྱལ་དཔོག་པས་རིག་བྱེད་དོན་ངེས་ཤེས་ལ་རྒྱལ་དཔོག་པ་དེ་གཅིག་པུས་རིག་བྱེད་དོན་ངེས་དེ་ཉིད་རིག་ལ། སྐྱེས་བུ་གཞན་གྱིས་རིག་པ་མ་ཡིན་པའི་ཁྱད་པར་ཡང་ནི་སུ་ཡིས་བྱས་ཏེ་རྒྱུ་མཚན་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། རྒྱལ་དཔོག་པ་དང་སྐྱེས་བུ་གཞན་རྣམས་སྐྱེས་བུ་ཉིད་དུ་རྣམ་པ་འགས་ཀྱང་མཚུངས་པའི་ཕྱིར། གལ་ཏེ་རིག་བྱེད་འཆད་པ་པོའི་སྐྱེས་བུ་གང་གི་ཚིག་དེ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཡིས་རང་གི་བརྗོད་བྱ་ཤིན་ལྐོག་ལ་མི་བསླུ་བར་གྲུབ་པའི་སྐྱེས་བུ་དེས་རིག་བྱེད་དོན་ངེས་རིག་པ་ཡིན་གྱི། སྐྱེས་བུ་གཞན་གྱིས་ནི་མ་ཡིན་ནོ་ཞེ་ན། རིག་བྱེད་ཀྱི་དོན་མཐོ་རིས་དང་ཆོས་ཆོས་མིན་ལ་སོགས་པ་རྣམས་ཆོས་ཅན། དཔྱོད་པ་ལ་སོགས་རིག་བྱེད་འཆད་པ་པོའི་ཚིག་ཁྱོད་ལ་མི་བསླུ་བར་འཇལ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མར་ཡོད་པ་སྲིད་པ་མ་ཡིན་པར་ཐལ། ཁྱོད་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྐྱེས་བུས་བྱས་པ་མིན་པ་དེ་ཚིག་ཚད་མའི་མཚན་ཉིད་དུ་དོན་མེད་ཡིན་པར་ཐལ། དཔྱོད་པ་བ་ལ་སོགས་རིག་བྱེད་འཆད་པ་པོ་གང་གི་ཚིག་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཡིས་རང་གི་བརྗོད་བྱ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བར་གྲུབ་པའི་སྐྱེས་བུ་ཡོད་ལ། སྐྱེས་བུ་དེ་ཡིས་བྱས་པའི་ཚིག་དེ་ལུང་ངམ་ཚིག་ཚད་མའི་མཚན་ཉིད་དུ་འཐད་དོ་ཞེས་རིགས་པས་ཐོབ་པ་དེའི་ཕྱིར། ཁས་བླངས་འགལ་བ་གཞན་ཡང་ཡོད་དེ། དཔྱོད་པ་བ་ཆོས་ཅན། དབང་པོ་ལས་འདས་པའི་དོན་རིག་པའི་སྐྱེས་བུ་འགའ་ཞིག་ཡོད་དོ་ཞེས་ནི་མངོན་པར་འདོད་པར་རིགས་པར་ཐལ། མཐོ་རིས་ལ་སོགས་པ་ཤིན་ཏུ་ལྐོག་གྱུར་གྱི་དོན་ལུང་ལ་ལྟོས་པ་མེད་པར་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ཤེས་པ་སྲིད་པ་ཡིན་པའི་ཕྱིར། གཞན་ཡང་རིག་བྱེད་ཀྱི་དོན་ངེས་པ་མི་འཐད་དེ། དཔྱོད་པ་བ་ཆོས་ཅན། དཔྱོད་པ་བ་རང་ཉིད་ཀྱིས་ཀྱང་རིག་བྱེད་དོན་ངེས་རྟོགས་པ་མ་ཡིན་པར་ཐལ། དཔྱོད་པ་བ་བདག་ཉིད་ཀྱང་འདོད་ཆགས་སོགས་དང་ལྡན་པའི་ཕྱིར། རྒྱལ་དཔོག་ལ་སོགས་སློབ་དཔོན་གཞན་གྱི་མན་ངག་ལས་ཀྱང་རིག་བྱེད་དོན་ངེས་རིག་པ་མིན་པར་ཐལ། སྐྱེས་བུ་གཞན་རྣམས་ཆགས་སོགས་དང ལྡན་པའི་ཕྱིར། གཞན་གྱིས་ཉེ་བར་བསྟན་པ་ལ་མི་ལྟོས་པར་རིག་བྱེད་རང་ཉིད་ཀྱིས་ཀྱང་རིག་བྱེད་དོན་ངེས་རིག་པར་བྱེད་པ་མིན་པར་ཐལ། དེ་ཡིན་ན་རིག་བྱེད་མཐོང་བའི་སྐྱེས་བུ་ཐམས་ཅད་ཀྱིས་ཀྱང་རིག་བྱེད་རྟོགས་པར་འགྱུར་བའི་ཕྱིར། དེས་ན་རིག་བྱེད་དོན་ངེས་ནི་ཚད་མས་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། རིག་བྱེད་དོན་ངེས་དེ་དཔྱོད་པ་བ་རང་གིས་ཀྱང་མི་རྟོགས། སློབ་དཔོན་གཞན་གྱིས་ཀྱང་མི་རྟོགས། རིག་བྱེད་རང་ཉིད་ཀྱང་མི་རྟོགས་པའི་ཕྱིར། དེ་ལྟར་ན་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་སོགས་ཀྱི་ཐོས་པ་སྟེ་རིག་སྒྲ་ཆོས་ཅན། སྔགས་སྦྱངས་ཀྱི་མར་མེར་བླུགས་པ་ཁོ་ན་རང་གི་བརྗོད་བྱའི་དོན་ཡིན་ལ། ཁྱི་ཤ་བཟའ་ཞེས་བྱ་བ་དེ་རང་གི་བརྗོད་བྱའི་དོན་མིན་ཞེས་པ་འདི་ལ་སྒྲུབ་བྱེད་ཀྱི་ཚད་མ་གང་ཡོད་དེ་མེད་པར་ཐལ། ཁྱོད་ཀྱིས་དོན་ངེས་ཚད་མས་རྟོགས་པ་དེས་ནའི་ཕྱིར། གལ་ཏེ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་སོགས་ཀྱི་རིག་སྒྲ་དེ་སྔགས་སྦྱངས་ཀྱིས་མར་མེར་བླུགས་པ་ཁོ་ནའི་རྗོད་བྱེད་དུ་འཇིག་རྟེན་གྱི་ཚིག་ལ་རབ་ཏུ་གྲགས་པས་དོན་ངེས་འགྲུབ་བོ་ཞེ་ན། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲིག་སྦྱིན་ཞེས་སོགས་ཀྱི་སྒྲ་ཆོས་ཅན། འཇིག་རྟེན་གྱི་གྲགས་པ་ལས་ཁྱོད་ཀྱིས་དོན་ངེས་མི་འགྲུབ་པར་ཐལ། འཇིག་རྟེན་གྱི་གྲགས་པ་དེ་ལ་རྗོད་བྱེད་ཀྱི་སྒྲ་རྣམས་སྣ་ཚོགས་སྟོན་པའི་དོན་ཅན་དུ་གྲགས་པའི་ཕྱིར། འཇིག་རྟེན་པའི་སྐྱེས་བུ་རྣམས་ཆོས་ཅན། ཁྱོད་ཀྱིས་རྒྱུ་མཚན་གང་གི་ན་རིག་བྱེད་དོན་ངེས་པའི་རྣམ་པ་དབྱེ་བ་ནུས་ཏེ་མི་ནུས་པར་ཐལ། ཁྱོད་དབང་པོ་ལས་འདས་པའི་དོན་མཐོང་བའི་ནུས་པ་གང་ཡོད་དེ་མེད་པ་གང་ཞིག །རིག་བྱེད་དོན་ངེས་དེ་དབང་པོའི་ཡུལ་ལས་འདས་པའི་ཕྱིར། གཞན་ཡང་དཔྱོད་པ་བ་ཆོས་ཅན། འཇིག་རྟེན་གྱི་གྲགས་པ་ལ་རིག་བྱེད་དོན་ངེས་འགྲུབ་པར་འདོད་པ་མི་འཐད་པར་ཐལ། ཁྱོད་རང་ཉིད་ཀྱིས་རིག་བྱེད་འཆད་པ་ན། མཐོ་རིས་དང་ལྷ་མོ་ལ་སོགས་པའི་སྒྲ་འཇིག་རྟེན་ན་གྲགས་པ་མིན་པའི་དོན་ལ་བརྗོད་ཅིང་སྦྱོར་བར་མཐོང་བའི་ཕྱིར། ཇི་ལྟར་སྦྱོར་ན་མཐོ་རིས་ནི་འཁྲིག་པའི་བདེ་བ་ཁྱད་པར་ཅན་ལྷ་མོ་ནི་གཙུབ་ཤིང་ལ་སྦྱོར་བའི་ཕྱིར། གལ་ཏེ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་སོགས་རིག་སྒྲ་དེ་ཁྱི་ཟ་བའི་རྗོད་བྱེད་དུ་མི་རུང་སྟེ། སྔགས་སྦྱངས་ཀྱི་མར་མེར་བླུག་པ་ཁོ་ནའི་རྗོད་བྱེད་དུ་རིག་བྱེད་ཀྱི་གཞུང་གི་ཆ་གཞན་ནས་བཤད་དོ་ཞེ་ན། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་སོགས་ཀྱི་རིག་སྒྲ་སྔགས་སྦྱངས་ཀྱི་མར་མེར་བླུག་པ་ཁོ་ནའི་རྗོད་བྱེད་དུ་སྟོན་པ་དེ་འདྲ་བའི་རིག་བྱེད་ཀྱི་སྒྲ་སྟེ་གཞུང་གཞན་དག་ནི་ཆོས་ཅན། ཁྱོད་ལུང་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལས་རིག་བྱེད་དོན་ངེས་འགྲུབ་པ་མ་ཡིན་པར་ཐལ། ཁྱོད་རང་ཉིད་ཀྱི་བརྗོད་བྱ་ཡང་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་ཏེ། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་སོགས་ཀྱི་རིག་སྒྲའི་དོན་ལ་བདག་ཉིད་འདོད་ཆགས་སོགས་ལྡན་པ་ཞེས་སོགས་ཀྱི་རིགས་པས་བརྟག་དཔྱད་བྱས་པ་དེ་འདྲ་བའི་རྣམ་རྟོག་སྟེ་བརྟག་དཔྱད་བྱས་པ་ཉིད་དུ་འགྱུར་གྱི། རང་གི་བརྗོད་བྱ་མཐའ་གཅིག་ཏུ་ངེས་པའི་རྒྱུ་མཚན་ཡང་དག་མེད་པའི་ཕྱིར། གཞན་ཡང་འཇིག་རྟེན་གྱི་གྲགས་པ་དག་ཀྱང་མི་རྣམས་ཀྱི་ཚིག་ཡིན་པས་གྲགས་པ་དེ་ཡང་དཔྱོད་པ་བ་ཁྱོད་ཚད་མར་མི་འདོད་ན་སླར་ཡང་གྲགས་པ་དེ་ལས་དོན་ངེས་རྟོགས་པར་འདོད་པ་འདི་ནི་ཅི་ཞིག་ཡིན་ཏེ། མི་འཐད་དེ། གྲགས་པ་ཅིག་ཅར་དུ་སྡང་བ་དང་འདོད་པ་གཉིས་འགལ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་འདྲའི་རིག་སྒྲ་དེ་སྔགས་སྦྱངས་ཀྱི་མར་མེར་བླུག་པ་ཁོ་ནའི་རྗོད་བྱེད་དུ་འཇིག་རྟེན་ན་གྲགས་པ་ལས་བརྒལ་ནས་ཁྱི་ཤ་ཟ་བའི་རྗོད་བྱེད་དུ་རྟོག་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། དེ་འདྲའི་རིག་སྒྲ་ཆོས་ཅན། སྔགས་སྦྱངས་ཀྱི་མར་མེར་བླུགས་ཀྱི་མར་མེར་བླུགས་པ་ཁོ་ནའི་རྗོད་བྱེད་དེར་འཛིན་པ་ལ་རྒྱུ་མཚན་ཅི་ཡོད་དེ་མེད་པར་ཐལ། དེའི་རྗོད་བྱེད་དུ་འཇིག་རྟེན་ན་གྲགས་པ་གང་ཞིག །འཇིག་རྟེན་ན་རབ་ཏུ་གྲགས་པ་ཚད་མ་ཉིད་མིན་པའི་ཕྱིར། དེས་ན་འཇིག་རྟེན་གྱི་གྲགས་པ་དེས་རིག་བྱེད་དོན་ངེས་བསྒྲུབ་མི་ནུས་པར་མ་ཟད། འགྲུབ་པ་ལ་གེགས་བྱེད་པར་སྟོན་པ་ནི། དེ་འདྲའི་རིག་སྒྲ་ཆོས་ཅན། འཇིག་རྟེན་གྱི་གྲགས་པ་ལས་རང་གི་དོན་ངེས་མ་གྲུབ་པར་ཐལ། འཇིག་རྟེན་གྱི་གྲགས་པ་ཉིད་ཀྱིས་རང་གི་བརྗོད་བྱའི་དོན་གྱི་ཁྱད་པར་རེ་རེ་ཁོ་ནར་ངེས་པ་ལ་དོགས་པ་བསྐྱེད་པའི་ཕྱིར་ཏེ། གང་གི་ཕྱིར་ན་འཇིག་རྟེན་གྱི་གྲགས་པ་དེ་ལ་རྗོད་བྱེད་ཀྱི་སྒྲ་རྣམས་དོན་སྣ་ཚོགས་སྟོན་པ་ལ་འཇུག་པ་ཅན་ཉིད་དུ་མཐོང་བའི་ཕྱིར། གལ་ཏེ་འཇིག་རྟེན་གྱི་གྲགས་པ་དེ་ལ་སྒྲ་ཁ་ཅིག་གིས་དོན་རེ་རེ་སྟོན། ཁ་ཅིག་གིས་དོན་སྣ་ཚོགས་པ་སྟོན་པས་དོན་རེ་རེ་ངེས་པ་ལ་དོགས་པ་སྐྱེ་བ་མ་གྲུབ་བོ་ཞེ་ན། རིགས་པ་ཤེས་པའི་མཁས་པ་དག་གིས་ཆོས་ཅན། དེ་འདྲའི་རིག་སྒྲ་རང་ཉིད་བརྗོད་བྱའི་དོན་རེ་རེའི་དོན་ཁོ་ནའི་རྗེས་སུ་ངེས་པ་ལ་དོགས་པ་སྐྱེ་བར་འགྱུར་བ་མིན་ཏེ། རྗོད་བྱེད་ཀྱི་སྒྲ་རྣམས་དོན་རེ་རེ་ཁོ་ནའི་རྗོད་བྱེད་དུ་ངེས་པར་བྱེད་པའི་རྒྱུ་མཚན་ཡང་དག་མ་མཐོང་བའི་མཁས་པ་ཡིན་པའི་ཕྱིར། དེ་འདྲ་མ་མཐོང་བར་ཐལ། རྗོད་བྱེད་ཀྱི་སྒྲ་རྣམས་དོན་རེ་རེ་ལས་གཞན་དུ་དོན་སྣ་ཚོགས་པ་ལ་རྗོད་བྱེད་དུ་འཇུག་པ་མི་སྲིད་པའི་རྒྱུ་མཚན་ཡང་དག་མེད་པའི་ཕྱིར་ཏེ། རྗོད་བྱེད་ཀྱི་སྒྲ་རྣམས་དོན་སྣ་ཚོགས་སྟོན་པའི་ནུས་པ་ཅན་ཡིན་པའི་ཕྱིར་རོ། །

གལ་ཏེ་རིག་བྱེད་ཀྱི་དོན་ངེས་དེ་རིག་བྱེད་ཉིད་ཀྱིས་རྒྱལ་དཔོག་པ་ལ་བསྟན། རྒྱལ་དཔོག་པས་ཁོ་བོ་ཅག་ལ་བསྟན་པས་རིག་བྱེད་ཀྱི་དོན་ངེས་ཡོད་དོ་ཞེ་ན། དེ་འདྲའི་རིག་སྒྲ་ཆོས་ཅན། དཔྱོད་པ་བས་རིག་བྱེད་ཀྱི་ཟོལ་གྱིས་རིག་བྱེད་དོན་ངེས་སྨྲས་པ་དང་། མུ་སྟེགས་གཞན་དག་གཡོ་མེད་པར་རང་གི་འདོད་པས་རིག་བྱེད་དོན་ངེས་སྨྲས་པ་དེ་དག་སྐྱེས་བུ་དེ་གཉིས་ཀས་རང་གི་འདོད་པས་རིག་བྱེད་དོན་ངེས་སྨྲས་པ་མ་སྨྲས་ཀྱི་བྱེ་བྲག་བརྟག་པར་གྱིས་ཏེ། དེ་གཉིས་ཀས་རང་གི་འདོད་པས་རིག་བྱེད་དོན་ངེས་སྨྲས་པར་ཁྱད་པར་མེད་པར་ཐལ། རིག་བྱེད་ཉིད་ལ་རིག་བྱེད་དོན་ངེས་སྨྲ་བའི་ནུས་པ་མེད་ལ། དཔྱོད་པ་པས་རིག་བྱེད་ཀྱི་ཟོལ་གྱིས་རིག་བྱེད་དོན་ངེས་སྨྲས་པའི་ཕྱིར། དཔེར་ན་གྲོང་ཁྱེར་པ་ཊ་ལི་པུ་ཊར་འགྲོ་བའི་ལམ་དྲིས་པ་ན། སྐྱེས་བུ་གཡོ་ཅན་འགའ་ཞིག་ལམ་ནི་གཡས་མ་འདི་ཡིན་ཞེས་སྡོང་དུམ་འདི་ནི་སྨྲ་འགྱུར་ཏེ་སྨྲའོ་ཞེས་སྡོང་དུམ་གྱི་ཟོལ་གྱིས་ལམ་སྟོན་པ་དང་། སྐྱེས་བུ་གཞན་ནི་གཡོ་མེད་པར་བདག་ཉིད་ཀྱི་འདོད་པས་ལམ་གཡས་མ་འདི་ཡིན་པར་སྨྲའོ་ཞེས་པ་ན། སྡོང་དུམ་ལ་ལམ་སྨྲ་བའི་ནུས་པ་མེད་པས་སྐྱེས་བུ་དེ་གཉིས་ཀས་རང་གི་འདོད་པས་ལམ་སྟོན་པར་ཁྱད་པར་མེད་པ་དེ་ལྟར་རོ། །གཞན་ཡང་རིག་བྱེད་དོན་ངེས་མེད་ལ་ཡོད་ཀྱང་མི་ཤེས་སོ་ཞེས་སྟོན་པ་དེ། དེ་འདྲའི་རིག་སྒྲ་ཆོས་ཅན། ཁྱོད་དོན་གཅིག་ཁོ་ནའི་གསལ་བྱེད་དུ་ངེས་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དོན་ཐམས་ཅད་ལ་རྗོད་བྱེད་དུ་རུང་བའི་ཕྱིར། ཡང་སྐྱེས་བུས་མ་བྱས་པའི་ཁྱོད་ཀྱི་དོན་ངེས་དེ་སྐྱེས་བུ་གང་གིས་ཤེས་ཏེ་མི་ཤེས་པར་ཐལ། དེ་འདྲ་དེ་དབང་པོ་ལས་འདས་པའི་ཕྱིར། གལ་ཏེ་འཇིག་རྟེན་པའི་ངག་ཚིག་ལ་ཡང་དོན་ངེས་མེད་ལ། ཡོད་ཀྱང་མི་ཤེས་སོ་ཞེ་ན། འཇིག་རྟེན་པའི་ངག་ཚིག་ཆོས་ཅན། རང་སྨྲ་བ་པོའི་བརྗོད་འདོད་ཀྱིས་བཞག་པའི་དོན་ངེས་བརྗོད་པ་མ་གཏོགས་པར་སྐྱེས་བུས་མ་བྱས་པའི་དོན་ངེས་མེད་དེ། སྐྱེས་བུས་མ་བྱས་པའི་དོན་ངེས་ཚད་མས་མ་དམིགས་པའི་ཕྱིར་རོ། །གཞན་ཡང་སྐྱེས་བུས་མ་བྱས་པའི་དོན་ངེས་སྟོན་པའི་རྒྱུ་མེད་པར་སྟོན་པ་དེ། རྗོད་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། རང་སྨྲ་བ་པོའི་བརྗོད་འདོད་དེ་རང་གི་བརྗོད་བྱ་སོ་སོར་ངེས་པའི་རྒྱུ་ཡིན་ཏེ། རང་སྨྲ་བ་པོའི་བརྗོད་འདོད་གང་སྣང་བ་དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། མིང་དང་མིང་ཅན་དུ་འབྲེལ་བར་བྱེད་པའི་ངག་གི་བརྡ་ནི་ངག་གི་བརྗོད་བྱ་སོ་སོར་ངེས་པ་དེའི་གསལ་བྱེད་ཡིན་ཏེ། རང་གང་ལ་བརྡ་སྦྱར་བའི་དོན་དེ་གོ་བར་བྱེད་ལ། གཞན་གོ་བར་མི་བྱེད་པའི་ཕྱིར་རོ། །དེས་ན་རིག་སྒྲ་དེ་ཆོས་ཅན། བརྗོད་བྱའི་དོན་གཅིག་ཁོ་ནར་ངེས་པ་ཅན་ཏེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། བརྗོད་བྱའི་དོན་གཅིག་ཁོ་ནར་ངེས་པའི་རྒྱུ་བརྗོད་འདོད་དང་། གསལ་བྱེད་བརྡ་དེ་ནི་ཁྱོད་ལ་མེད་པའི་ཕྱིར་ཏེ། ཁྱོད་སྐྱེས་བུས་བྱས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རིག་སྒྲ་ལ་སོགས་པའི་རྗོད་བྱེད་ཀྱི་སྒྲ་རྣམས་རང་བཞིན་གྱིས་ནི་བརྗོད་བྱའི་དོན་གཅིག་ཁོ་ནར་ངེས་པ་ཡིན་ཞེ་ན། རིག་སྒྲ་ལ་སོགས་པའི་རྗོད་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། བརྗོད་འདོད་དེས་ཀྱང་དོན་གཞན་དང་གཞན་ལ་སྦྱར་དུ་མི་རུང་བར་ཐལ། དེར་མ་ཟད་བརྗོད་བྱའི་དོན་ལ་བརྡ་སྦྱར་བ་ཡང་དོན་མེད་པ་ཅན་དུ་འགྱུར་བར་ཐལ། རང་བཞིན་གྱིས་བརྗོད་བྱའི་དོན་གཅིག་ཁོ་ནར་ངེས་པའི་ཕྱིར། གལ་ཏེ་ངག་གི་བརྡ་ལས་སྒྲ་དོན་རང་བཞིན་གྱིས་འབྲེལ་བའི་ཁྱད་པར་གསལ་བར་བྱེད་དོ་ཞེ་ན། རིག་སྒྲ་ཆོས་ཅན། བརྗོད་བྱའི་དོན་རེ་རེ་ཁོ་ནར་ངེས་པའང་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། ངག་གི་བརྡ་ལས་དོན་དུ་མ་གསལ་བར་བྱེད་པའི་ཕྱིར། དེའི་གཞུང་འཛུགས་པ་དེ། ངག་གི་བརྡ་དེ་ཆོས་ཅན། ཁྱོད་ལ་ཡུལ་རེ་རེ་ཁོ་ནར་ངེས་པ་ཞེས་བྱ་བ་གང་སྟེ་མེད་པར་ཐལ། ཡུལ་གང་ལས་སྐྱེས་བུའི་འདོད་པ་ཙམ་གྱིས་རང་རྒྱུ་སྟེ་རང་དགར་སྦྱོར་བའི་ཕྱིར། རྒྱུ་མཚན་དེས་ན་ངག་གི་བརྡ་ནི་ཆོས་ཅན། དཔྱོད་པ་བའི་འདོད་པའི་དོན་རེ་རེ་ཁོ་ནའི་གསལ་བྱེད་དུ་མི་འགྱུར་བར་ཐལ། དོན་དུ་མ་ལ་སྦྱར་དུ་རུང་བ་ཉིད་ཡིན་པའི་ཕྱིར། དེས་རིག་བྱེད་དོན་ངེས་བཀག་ནས། རིག་ཅན་བདེན་དོན་ཅན་དུ་སྒྲུབ་བྱེད་ཀྱི་རྣམ་པ་གཞན་ཡང་འགོག་པ་དེ། གཞན་ཡང་སྔར་དེ་འདྲའི་རིག་སྒྲ་ཆོས་ཅན། མེ་གྲང་བ་བཟློག་བྱེད་ཡིན་པ་དེ་དང་འདྲ་བར་བདེན་དོན་ཅན་ཡིན་ཏེ། གང་གིས་ཕྱིར་རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་མེ་གྲང་བ་བཟློག་བྱེད་ཟླ་བ་བཅུ་གཉིས་ལོ་ཡིན། རིག་བྱེད་ཀྱི་ངག་བདེན་པ་བ་བཞིན་ནོ་ཞེས་དེ་སྐད་དུ་དཔྱོད་པ་བ་གཞན་དག་ཟེར་ལོ། །རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་རྟགས་ཀྱིས་རིག་བྱེད་ཀྱི་རྣམ་པ་གཞན་བདེན་དོན་ཅན་དུ་སྒྲུབ་པའི་རྟགས་འདི་ཆོས་ཅན། ཁྱོད་རིག་པ་ཤེས་པའི་ཕྱོགས་གླང་གིས་བཀག་སྟེ། དེ་སྒྲུབ་ཀྱི་ལྷག་ལྡན་འཁྲུལ་པ་ཅན་གྱི་རྟགས་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ཟོས་པའི་ཤིང་ཐོག་དང་ངོ་བོ་སྟེ་གཟུགས་མཚུངས་པའི་ཕྱིར་གྱི་རྟགས་ཀྱིས། མ་ཟོས་པའི་ཤིང་ཐོག་ཟོས་པའི་ཤིང་ཐོག་དང་རོ་འདྲ་བར་སྒྲུབ་པ་དང་། ཚོས་པའི་འབྲས་དང་སྣོད་གཅིག་ལ་ཚུད་པའི་རྟགས་ཀྱིས་འབྲས་ཐམས་ཅད་ཚོས་པར་སྒྲུབ་པའི་རྟགས་བཞིན་དུ། ཁྱབ་པ་འཁྲུལ་པའི་རྟགས་འདི་འདྲ་ཐམས་ཅད་རྟགས་ཡང་དག་ཡིན་པ་ཕྱོགས་གླང་གིས་བཀག་པའི་ཕྱིར་རོ། །དེས་ན་འདིར་རྒྱས་པར་མི་སྤྲོའོ། །དེ་ལྟར་ན་རིག་བྱེད་ཚད་མ་ཡིན་པའི་སྒྲུབ་བྱེད་རྒྱས་པར་བཀག་ཟིན་ནས། འགལ་བ་དུ་མ་སྟོན་པས་རིག་བྱེད་བདེན་དོན་ཅན་དུ་ཁས་ལེན་པ་མི་རིགས་སོ་ཞེས་སྟོན་པ་དེ། རིག་བྱེད་ཆོས་ཅན། བདེན་དོན་ཅན་མ་ཡིན་ཏེ། འགལ་བ་དུ་མ་སྟོན་པའི་ཕྱིར་རོ། །ཇི་ལྟར་ན་སྐྱེས་བུའམ་བདག་རྟག་པ་གཅིག་རྒྱུ་ལས་བྱེད་པ་པོ་དང་འབྲས་བུ་རྣམ་སྨིན་ལོངས་སྤྱོད་པ་པོ་ཉིད་དང་། དངོས་པོ་རྣམས་རྟག་པ་དང་དབང་པོ་ལས་འདས་པ་སྤྱི་ལ་སོགས་པ་དབང་པོས་གཟུང་བྱ་དང་། དངོས་པོ་རྣམས་རྒྱུ་མི་མཉམ་པ་རྟག་ཀྱང་རྐྱེན་ལ་ལྟོས་ནས་འབྲས་བུ་བསྐྱེད་བྱེད་དང་། གནས་པ་མི་མཉམ་པ་གྲུབ་ཟིན་རྐྱེན་གྱིས་གནས་པར་བྱེད་པ་དང་། འཇིག་པ་མི་མཉམ་པ་འཇིག་རྒྱུ་དོན་གཞན་གྱིས་འཇིག་པ་དང་། གཞན་ཡང་མངོན་རྗེས་ཀྱི་ཚད་མ་རྣམ་གཉིས་ཀྱིས་རྣམ་པར་བསལ་བ་སྟེ་གནོད་པའི་སྤྱོད་ཡུལ་ལམ་བརྗོད་བྱ་དང་། ཆགས་སོགས་ཆོས་མིན་གྱི་རྩ་བ་དང་། ཁྲུས་ཀྱིས་སྡིག་པ་འདག་སོགས་ཁས་བླངས་འགལ་བའི་སྒོ་ནས་ལུང་ལ་བལྟོས་པ་རྗེས་དཔག་དང་འགལ་བ་སྟེ། དེ་དག་རྣམས་ནི་བརྗོད་པར་བྱེད་པའ་ིརིག་བྱེད་དེ་བདེན་དོན་ཅན་ནོ་ཞེས་ཁས་ལེན་པའི་སྤྱོད་པ་དེ་བུད་མེད་གཡེམ་མ་སྤྱོད་ངན་ཅན་གྱིས་མུ་ཅོར་སྨྲས་པས་བདག་པོ་ལས་རྒྱལ་བ་དང་འདྲའོ། །ཅི་ཞིག་མ་བྱས་པར་ཁས་ལེན་ཞེ་ན། ཚད་མ་གསུམ་དང་འགལ་བའི་དོན་ཀུན་ཏུ་རིགས་པས་མ་བསལ་ཞིང་། རྟོགས་ལྡན་བསྟན་བཅོས་ལ་འཇུག་པའི་དོན་དགོས་པ་དང་འབྲེལ་བ་ལ་སོགས་པས་ཡང་མ་བསྟན་པར་དད་པ་ཙམ་གྱིས་ཁས་བླངས་པའི་ཕྱིར་རོ། །

གལ་ཏེ་རིག་བྱེད་ཀྱི་ཕྱོགས་གཅིག་བདེན་པ་དེ་ལྟར་ཏེ་དེ་ཙམ་གྱིས་རིག་བྱེད་ཐམས་ཅད་ཚད་མར་གྲུབ་ན། འོ་ན་ཤེས་བྱ་ཆོས་ཅན། འཇིག་རྟེན་པའི་སྐྱེས་བུའི་ཚིག་འདི་ལ་ཚད་མ་མིན་པ་ཅི་ཡོད་དེ་མེད་པར་ཐལ། སྐྱེས་བུ་མང་དུ་སྨྲ་བ་ལ་བདེན་པའི་དོན་གཅིག་ཙམ་མེད་པ་མིན་པའི་ཕྱིར་རོ། །དེ་དག་གིས་སྒྲ་དོན་གྱི་འབྲེལ་བ་རྒྱས་པར་བཀག་ནས་དེ་དག་གི་མཇུག་བསྡུ་བ་ནི། བུམ་པ་ཞེས་སོགས་ཀྱི་སྒྲ་འདི་ཆོས་ཅན། རང་གི་བརྗོད་བྱའི་དངོས་པོའི་རང་བཞིན་ནམ་འབྲས་བུ་གང་ཡང་མིན་པར་ཐལ། རང་བརྗོད་པ་པོའི་བརྗོད་འདོད་ཙམ་གྱིས་གནས་པས་ཏེ་འཇུག་པའི་ཕྱིར། འདོད་ན། རང་གི་བརྗོད་བྱ་དང་འཁྲུལ་པ་མེད་པ་སྟེ་མི་འཁྲུལ་བའི་འབྲེལ་བ་ཡོད་པ་མ་ཡིན་པར་ཐལ། རང་གི་བརྗོད་བྱ་དང་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་འདི་ལས་རྣམ་པར་བཟློག་པས་ཀྱང་སྟེ་དེ་གཉིས་གང་ཡང་མེད་པའི་ཕྱིར། གལ་ཏེ་རྗོད་བྱེད་ཀྱི་སྒྲ་རྣམས་ཀྱིས་འཇུག་པ་ནི་འདི་ལྟ་སྟེ། བརྗོད་བྱ་མཐོང་བས་དེ་འཛིན་མངོན་སུམ་དེ་ལས་བརྗོད་འདོད་དེ་ལས་རྗོད་བྱེད་འཇུག་པས་བརྗོད་བྱ་དང་འབྲེལ་བ་མ་ཡིན་ནོ་ཞེ་ན། སྒྲ་ལ་སོགས་པའི་ཆོས་གཅིག་ཆོས་ཅན། ཁྱོད་ལ་ཕན་ཚུན་འགལ་བའི་དོན་རྟག་མི་རྟག་སོགས་ཀྱི་རྗོད་བྱེད་དེ་ནི་ཇི་ལྟར་འཇུག་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་རྟག་མི་རྟག་གཉིས་སུ་མ་གྲུབ་པའི་ཕྱིར། སྒྲ་དོན་འབྲེལ་བ་མེད་པ་དེས་ན་ལུང་ལས་ལུང་དོན་རྟོགས་པར་འདོད་པ་པོའི་སྐྱེས་བུ་ཆོས་ཅན། ལུང་དེ་ལས་ལུང་གི་དོན་གང་ཡང་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ངེས་པ་ཡིན་ཏེ་མ་ཡིན་པར་ཐལ། ལུང་དང་དོན་གྱི་དངོས་པོ་རྣམས་རྣམ་པ་འགའ་ཙམ་ཡང་མེད་ན་མི་འབྱུང་བའི་འབྲེལ་བ་མི་གྲུབ་པའི་ཕྱིར། དེས་ན་ལུང་དེ་ནི་ཆོས་ཅན། བསྐལ་དོན་སོགས་སྟོན་བྱེད་དུ་ལོག་ན་ཡང་། དེ་ཙམ་གྱིས་བསྐལ་དོན་སོགས་ཀྱི་དངོས་པོ་མེད་པར་མི་འགྲུབ་པར་ཐལ། བསྐལ་དོན་སོགས་དང་འབྲེལ་བ་གང་ཡང་མེད་པར་དེའི་ཕྱིར་རོ། །དེས་ན་མ་དམིགས་ཕྱིར་ན་ཇི་ལྟར་མེད་ཀྱི་དོན་བསྡུ་བ་དེ། ཤེས་བྱ་ཆོས་ཅན། བསྐལ་དོན་སོགས་ཚད་མས་མི་དམིགས་པས་མེད་ངེས་ཀྱི་འབྲས་བུ་ཅན་དུ་མི་འགྲུབ་སྟེ། བསྐལ་དོན་སོགས་ཡོད་ཀྱང་མངོན་རྗེས་ཀྱིས་མི་འ གྲུབ་ལ། ལུང་དང་འབྲེལ་བ་མེད་པ་དེས་ནའི་ཕྱིར་རོ། །

དེ་ལྟར་ན་སྒྲ་དོན་ཙམ་འབྲེལ་བ་མེད་ཅིང་ཚད་མས་མ་གྲུབ་པའི་འགལ་བ་ཁས་ལེན་པ་ནི་བླུན་པོས་སོ་ཞེས་སྟོན་པ་དེ། དཔྱོད་པ་བ་སོགས་ཆོས་ཅན། ཁྱོད་བླུན་པོ་ཡིན་ཏེ། ཤེས་རབ་འཆལ་བའི་རྟགས་ལྔ་ཚང་བའི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། རིག་བྱེད་ཐམས་ཅད་ཚད་མར་སྨྲ་བ་དང་། བདག་སོགས་རྟག་པ་འགས་ལུང་སོགས་སྐྱེད་བྱེད་དུ་སྨྲ་བ་དང་། ཁྲུས་ལས་སྡིག་པ་འདག་སོགས་དཀར་ཆོས་སུ་འདོད་པ་དང་། ཚུལ་ཁྲིམས་སོགས་ཀྱི་ཡོན་ཏན་མེད་ཀྱང་བྲམ་ཟེ་ཡིན་ནོ་ཞེས་རིག་སྨྲས་དྲེགས་ཤིང་ཁེངས་པ་དང་། སྡིག་པ་གཞོམ་པའི་ཕྱིར་དུ་ལུས་དུབ་པའི་གདུང་བ་སྣ་ཚོགས་རྩོམ་དགོས་སོ་ཞེས་སྨྲ་བའི་ཕྱིར་རོ། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའི་དངོས་བསྟན་༼ཙམ་གྱི་༽ཚིག་དོན་ལེགས་པར་བཤད་པའོ། །


previousརིགས་པའི་འདོད་འཇོ་ལས་ལེའུ་དང་པོའི་རྣམ་བཤད། next