བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་མཆོག་གི་སྣང་བ། དྷརྨཱ་སྭ་མི།
བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་མཆོག་གི་སྣང་བ་ཞེས་བྱ་བ་བཞུགས་སོ། །
བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་མཆོག་གི་སྣང་བ་ཞེས་བྱ་བ། བླ་མ་དང་རྩ་གསུམ་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །རྨད་བྱུང་ཐུགས་རྗེ་ཉིན་མོར་བྱེད་པའི་གཟིས། །འཆི་བདག་བདུད་སྡེའི་སྨག་རུམ་མཐར་བསྐྲད་ནས། །ཕན་བདེའི་འདབ་བརྒྱ་ཀུན་ཏུ་རྒྱས་མཛད་པའི། །འོད་མཚན་སྟོང་གི་སྣང་བས་རྟག་ཏུ་སྐྱོངས། །འདི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྔོན་འགྲོ་ལའང་གཉིས་ཏེ། ཐུན་མོང་ཁྱད་པར་གྱི་རིམ་པའོ། །དང་པོ་ནི་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་ལ་སོགས་པར་ས་ཆོག་སོགས་སྤངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བྱ་བའི་ཆེད་དུ་སྟེ། གང་དུ་བྱ་བའི་གནས་ཁང་བྱི་དོར་བྱ་ཞིང་དཀྱིལ་འཁོར་གྱི་གཞི་དེར་བདུད་རྩི་ལྔ་དང་དྲི་སྨན་སྣ་ཚོགས་སྦྱར་བའི་ཆག་ཆག་བྱ། ཁ་དོག་ལྔ་པའི་ཐིག་སྐུད་དཀར་ཆལ་གྱིས་སྦགས་པ་འདུ་བྱས་ལ།
རང་ཉིད་སྐད་ཅིག་གིས་གར་དབང་འཆི་མེད་རྩ་གསུམ་དྲིལ་སྒྲུབ་བདེ་བ་ཡབ་དང་། གཟུང་མའམ་ལས་སློབ་སྟོང་ཉིད་ཡུམ་གྱི་སྐུར་གསལ་བར་གྱུར་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བྱང་ཆུབ་སེམས་ཐིག་སྐུད་དང་རོ་གཅིག་ཏུ་འདྲེས་པ་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་པར་མོས། ཨོཾ་ཨཱཿཧཱུྃ། ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ། ནམ་མཁར་ཐིག་ཆེན་བརྒྱད་གདབ་ཅིང་ས་ལའང་དེ་བཞིན་དུ་གདབ་སྟེ་སྔགས་ནི། ཨོཾ་ཛྙཱ་ན་ཙཀྲ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་པའོ། །དེ་ཡང་གཞལ་ཡས་ཁང་གྲུ་བཞི་སྒོ་རྟ་བབས་དང་ལྡན་པ་དུར་ཁྲོད་སྤངས་པའི་འཁོར་ཡུག་སོགས་སྤྱི་མཐུན་ལ། ནང་ལྷ་སྣམ་སྟེང་དུ་པདྨ་འདབ་བཞི་ལྟེ་བར་ཟླ་གམ་སྒོ་གཅིག་པའི་རྣམ་པ་ཅན་ཏེ་མན་ངག་བཞིན་དུ་ཤེས་པར་བྱའོ། །ཚོན་སྣ་ལྔ་ཚེ་དཔག་ཏུ་མེད་
པ་རིགས་ལྔའི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། ཨོཾ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡ་ཧཱུྃ། རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར། དེ་ཉིད་ཀྱིས་ཟླ་གམ་སྒོ་གཅིག་ལྷ་སྣམ་དཀར་པོ་པད་འདབ་བཞི་ཕྱོགས་ཚོན་གཞན་སྤྱི་དང་མཐུན་ཞིང་ལྷའི་གནས་རྣམས་སུ་སྐུ་ཡིག་ཐིག་ལེ་ཅི་རིགས་ཀྱི་མཚན་མ་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་བུམ་པ་ཆས་སུ་བཅུག་ཅིང་བཅུད་ཀྱིས་བཀང་པ་ལྷའི་ཙཀ་ལི་དང་བཅས་པ། ཤར་དུ་ཚེ་གཏོར་བུམ་གཟུགས་རྒྱན་ལྡན། ལྷོར་ཚེ་རིལ། ནུབ་ཏུ་མདའ་དར། བྱང་དུ་ཚེའི་ཛ་གད། མདུན་ངོས་སུ་ཚེ་གལ་གྱི་གཏོར་མ། གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་། བཀའ་སྲུང་དང་གཏེར་སྲུང་གི་གཏོར་མ། ཚོགས་ཀྱི་ཡོ་བྱད། སྔོན་འགྲོའི་གཏོར་མ་སོགས་ཀྱང་འདུ་བྱ། སློབ་དཔོན་གྱི་མདུན་དུ་ལས་བུམ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། སྤོས་ཐུན། མེ་ཏོག་གི་སྣོད་སོགས་བཤམ། རྣལ་འབྱོར་པ་རྣམས་ཁྲུས་དང་གཙང་སྦྲར་ལྡན་པས་གྲལ་ཚུལ་ཕྱག་སོགས་སྔོན་དུ་འགྲོ་བས། སྟན་ལ་འཁོད་དེ་སྤྲོ་ན་རོལ་མོའི་བྱིན་དབབ་པ་དང་བརྒྱུད་འདེབས་ཀྱང་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བཅུའི་དང་པོ་སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་ཡུལ་བདེ་བར་གཤེགས་པ་ཐམས་ཅད་གར་དབང་འཆི་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་དཀྱིལ་འཁོར་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛ༔ ཞེས་པས་སྤྱན་དྲངས་ལ། ན་མོ༔ འཆི་མེད་ལྷ་ཚོགས་ཐུགས་རྗེ་ཅན༔ རྒྱལ་བ་རྒྱ་མཚོ་འདུས་པའི་སྐུར༔ བདག་གཞན་འཆི་མེད་ཐོབ་བྱའི་ཕྱིར༔ བྱང་ཆུབ་བར་དུ་
སྐྱབས་སུ་མཆིའོ༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། མཁའ་མཉམ་སྐྱེ་རྒ་ན་འཆི་ཡི༔ སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ འཆི་མེད་འཇའ་ལུས་བསྒྲུབས་ནས་ཀྱང༔ འགྲོ་དོན་བྱ་བར་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་བགེགས་ལ་གཏོར་མ་སྦྱིན་ཏེ་བསྐྲད་པ་ནི། རང་སྐད་ཅིག་གིས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་དཔལ་ཆེན་རྟ་མཆོག་ཧེ་རུ་ཀ་བཟོད་པར་དཀའ་བའི་གཟི་བྱིན་བསྐལ་པའི་མེ་ལྟར་འབར་བར་གྱུར། གཏོར་མ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་བཟའ་བཏུང་འདོད་ཡོན་གྱི་སྤྲིན་ཕུང་ཅི་ཡང་འཆར་བའི་ཟག་པ་མེད་པའི་བདུད་རྩིར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་གྱི་བྱིན་གྱིས་བརླབས་པ་བསྔོ་ཞིང་བཀའ་བསྒོ་བ་ནི། ཧཱུྃ༔ མ་རྟོགས་བགེགས་དང་ལོག་པར་འདྲེན་པའི་གདོན༔ རང་རིག་གཉིས་མེད་ཁྲོ་རྒྱལ་བཀའ་བྱུང་གི༔ སྤྲུལ་བསྒྱུར་འདོད་ཡོན་གླུད་གཏོར་འདི་ཁྱེར་ལ༔ ཡེ་ཤེས་མ་སྒྲིབས་ཀ་དག་དབྱིངས་སུ་དེངས༔ གལ་ཏེ་མི་འགྲོ་བར་ཆད་འབྲས་འབྱིན་ན༔ སྙིང་རྗེའི་རང་སྣང་རྟ་མཆོག་ཧེ་རུ་ཀ༔ སྟོང་གསུམ་གང་བའི་ཕོ་ཉ་མེ་ཆར་གྱིས༔ སྐད་ཅིག་བརླག་པར་འགྱུར་བ་གདོན་མི་ཟ༔ པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་གནོད་བྱེད་
འབྱུང་པོ་ཨུ་ཙཏ་ཡ་ཕཊ༔ སྤོས་ཐུན་དང་རོལ་མོའི་སྒྲ་དྲག་པོས་བསྐྲད་ལ། བཞི་པ་མཚམས་གཅོད་པ་ནི། ཧཱུྃ༔ བདག་ཉིད་དབང་ཆེན་འབར་བའི་ཐུགས་ཀ་ནས༔ ལྔ་ལྡན་ཡེ་ཤེས་རྡོ་རྗེ་ལུག་རྒྱུད་ཀྱི༔ ཟེར་ཐག་ཕྱོགས་དང་ཕྱོགས་མཚམས་སྟེང་འོག་ཟུག༔ ཕྱི་ནང་མེད་པར་འཇའ་ཟེར་འོད་ཀློང་འཁྱིལ༔ ཛྙཱ་ན་བཛྲ་རཀྵ་ཧཱུྃ༔ ལྔ་པ་གཏོར་མཆོད་སོགས་བྱིན་གྱིས་བརླབ་པ་ནི། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་ཐར་པ་ཆེན་པོའི་གཞལ་ཡས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་ནང་དུ་རྡོ་རྗེ་ལྷ་མོ་བཅུ་དྲུག་སོགས་མཆོད་པའི་སྤྲིན་རབ་འབྱམས་འཛིན་པས་ཡོངས་སུ་གང་བར་གྱུར་པར་མོས་ལ། ཧཱུྃ༔ བདག་གི་ཐུགས་ལས་མཆོད་པའི་ལྷ་མོ་ནི༔ འདོད་ཡོན་ཉེར་སྤྱོད་ཚེ་བུམ་འཛིན་པ་འཕྲོས༔ ཚེ་ཡི་ཕོ་བྲང་ཕྱི་ནང་གྲུ་ཆད་འཁོད༔ མཆོད་སྤྲིན་བདེ་ཆེན་སྐུ་ལ་རྒྱས་ཕྱིར་འབུལ༔ བཛྲ་པུཥྤེ་སོགས་ནས་ཤབྡ་སརྦ་པཱུ་ཙ་ཨཱཿཧཱུྃ༔ བདུད་རྩི་བསང་སྦྱང་། སྟོང་པའི་ངང་ལས་སྨན་ཐོད་ཡེ་ཤེས་ཀྱི་ཀ་པཱ་ལ་མཁའ་དབྱིངས་དང་མཉམ་པའི་ནང་དུ་བཅུད་རྫས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བའི་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་དང་། དུང་ཆེན་སྣོད་དུ་རིགས་ལྔ་ཡབ་ཡུམ་གྱི༔ བདེ་སྟོང་བྱང་སེམས་བདུད་རྩིའི་རྒྱ་
མཚོར་བསྐྱིལ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། གཏོར་མ་བསང་སྦྱང་། གཏོར་གཞོང་ཟླ་གམ་དམར་གསལ་གྱི་ནང་དུ་བྷྲཱུྃ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་ཐབས་ཟླ་བ་དཀར་པོ་དང་། ཤེས་རབ་ཉི་མའི་དཀྱིལ་འཁོར་ཟུང་དུ་འཇུག་པ་ལས་འདོད་ཡོན་གྱི་འོད་ཟེར་མཐའ་ཡས་པར་སྤྲོ་བར་གྱུར། གཏོར་གཞོང་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ༔ ཚེ་དང་གལ་གྱི་སྒྲུབ་རྫས་མ་ཧཱ་བྷྲཱུྃ༔ མ་ཧཱ་བྷྲཱུྃ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་དམར་གྱི་དུང་ཆེན་དུ་དུག་ལྔ་བསྒྲལ་པའི་ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པར་གྱུར། ལྕང་ལོར་བཅས་པའི་མགོ་བོའི་སྣོད་ནང་དུ༔ དུག་ལྔ་བསྒྲལ་པའི་དམར་གྱི་རཀྟ་བསྐྱིལ༔ མ་ཧཱ་རཀྟ་ཛྭ་ལ་མ་དྷ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། དྲུག་པ་བྱིན་འབེབས་པ་ནི། ཧཱུྃ༔ དབྱིངས་ཀྱི་ཡེ་ཤེས་དཀྱིལ་འཁོར་རྣམས༔ ཐུགས་རྗེས་འགྲོ་དོན་སྐུར་བཞེངས་པས༔ གཟུགས་བརྙན་བཀྲམ་པའི་དཀྱིལ་འཁོར་དུ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་བྷྲཱུྃ་མ་དྷ་ལ་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿཨ༔ སྤོས་དུད་རོལ་མོའི་སྒྲ་སྦྱར་ཞིང་གཟུགས་བརྙན་གྱི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་ལྷ་ཚོགས་དབྱེར་མེད་དུ་གྱུར་པར་མོས། བདུན་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ ཀུན་ནས་ཐམས་ཅད་རང་རིག་རྩ་གསུམ་ལྷ༔ རང་སྣང་རྣམ་དག་རྒྱལ་བའི་
དཀྱིལ་འཁོར་ཉིད༔ དེ་ལྟར་མ་རྟོགས་གཉིས་འཛིན་སྒོ་མོ་བཅད༔ ད་ནི་རང་རིག་རྟོགས་པའི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ བརྒྱད་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ༔ བདེ་གཤེགས་རྩ་གསུམ་འཆི་མེད་དཀྱིལ་འཁོར་ལྷ༔ རང་སེམས་རྡོ་རྗེ་དབྱིངས་ཀྱི་རྩལ་ཤར་བ༔ སེམས་ལས་མ་གུད་སེམས་དང་རོ་གཅིག་པ༔ གཉིས་མེད་དེ་ལྟར་རྟོགས་པས་ཕྱག་འཚལ་ལོ༔ ཙིཏྟ་བྷྲཱུྃ་ཨ་ཏི་པཱུ་ཧོ༔ དགུ་པ་དམ་བཅའ་བ་ནི། ཧཱུྃ༔ དེ་ནི་དེ་ཉིད་རྟོགས་པས་སྒོ་གསུམ་པོ༔ རྩ་གསུམ་ལྷ་ཡི་གསང་བ་གསུམ་གྱི་ངང༔ འཕོ་མེད་འཇའ་ལུས་གཉུག་མ་རྡོ་རྗེའི་སྲོག༔ སྐད་ཅིག་ཙམ་ཡང་མི་གཡེལ་རྩེ་གཅིག་བསྒྲུབ༔ བཛྲ་ས་མ་ཡ་ཧཱུྃ༔ བཅུ་པ་བཤགས་པ་བྱ་བ་ནི། ཧཱུྃ༔ རང་ལུས་དཀྱིལ་འཁོར་རང་སེམས་ཡེ་ཤེས་ལྷ༔ སྲིད་བཅུད་ཀུན་ཀྱང་དེ་ལྟར་ཡིན་པ་ལ༔ མ་རྟོགས་གཉིས་སུ་འཛིན་པས་སྒྲིབ་བསགས་ཀུན༔ རང་རིག་ཡེ་ཤེས་ལྷ་ལ་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཧོ༔ དེ་ཡན་ཆད་ནི་སྔོན་དུ་འགྲོ་བའི་རིམ་པའོ། །གཉིས་པ་དངོས་གཞི་ལའང་ས་བཅད་བཅུའི་དང་པོ་ཏིང་འཛིན་གསུམ་དྲན་ལས་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཧཱུྃ༔ ཆོས་དབྱིངས་སྤྲོས་དང་བྲལ་བ་ལས༔ ཡིད་དཔྱོད་འཛིན་པ་རང་སར་དག༔ རང་རིག་ཡེ་ཤེས་གསལ་བའི་ངང༔ དང་པོའི་སྟོན་པ་དེ་སྐད་སྨྲ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། ཨཱ༔ ཡེ་ནས་ཐམས་ཅད་དེ་ལྟ་བུར༔ ཡིན་ཀྱང་གཉིས་སུ་འཛིན་པས་བསྒྲིབས༔
གཉིས་འཛིན་མ་རྟོགས་འགྲོ་རྣམས་ལ༔ བཅོས་མིན་སྙིང་རྗེའི་འོད་ཟེར་སྤྲོ༔ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། སྟོང་དང་སྙིང་རྗེ་ཟུང་འཇུག་ལས༔ གསལ་དྭངས་རིག་པའི་སྙིང་པོ་ནི༔ སྲིད་བཅུད་དྭངས་མ་ཡི་གེ་ཧྲཱི༔ དེ་ལས་གངས་ཞུན་ཐིགས་བཞིན་ཆགས༔ གཉིས་པ་གཞལ་ཡས་ཁང་ལྷ་དང་བཅས་པ་བསྐྱེད་པ་ནི། ཧཱུྃ༔ ནམ་མཁའ་རླུང་ཆུ་ས་གཞིའི་སྟེང༔ རི་རབ་རྡོར་ར་ཡེ་ཤེས་མེ༔ དེ་དབུས་སྣ་ཚོགས་པདྨ་དང༔ ཉི་མའི་ལྟེ་བར་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ འདོད་སྣམ་རྩིག་པ་ཕ་གུ་དང༔ དྲྭ་ཕྱེད་མདའ་ཡབ་པུ་ཤུར་བཅས༔ ཀ་བ་བརྒྱད་བཏེགས་བཅུ་དྲུག་གདུང༔ དབུས་སུ་ཕྱུར་བུར་པདྨའི་ཏོག༔ ཚད་དང་མཚན་ཉིད་ཡོངས་སུ་རྫོགས༔ ཕྱི་ནང་མེད་པར་གསལ་བ་ལ༔ ལྔ་ལྡན་འཇའ་ཟེར་ལུག་རྒྱུད་གཏིབས༔ དེ་ནང་པདྨ་འདབ་མ་བཞིའི༔ ལྟེ་བར་ཆོས་དབྱིངས་དབང་གི་ཞིང༔ དམར་གསལ་ཟླ་གམ་སྒོ་གཅིག་པ༔ དེ་ནང་རྨ་བྱ་སེང་གླང་རྟ༔ ཁྱུ་མཆོག་གིས་བཏེགས་རིན་ཆེན་ཁྲི༔ པདྨ་དམར་པོ་ཉི་མའི་སྟེང༔ ནམ་མཁའི་ཧྲཱིཿཡིག་རྡོ་རྗེར་གྱུར༔ རྡོ་རྗེ་གནས་འགྱུར་དྲན་རྫོགས་སུ༔ རང་རིག་རྩ་གསུམ་དྲིལ་སྒྲུབ་སྐུ༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར༔ རྩ་ཞལ་དམར་པོ་སྒེག་བཞད་ཆགས༔ གཡས་ཞལ་དཀར་པོ་ཞི་ཞིང་འཛུམ༔ གཡོན་མཐིང་ཁྲོ་
ཞལ་གཏུམ་ལ་རྔམ༔ དབུ་སྐྲ་སྣུམ་འབོལ་གྱེན་དུ་འཁྱིལ༔ དར་གྱི་ཅོད་པན་ནོར་བུས་བརྒྱན༔ སྤྱི་གཙུག་རྟ་གདོང་ཧཱུྃ་སྒྲ་ལྡིར༔ ཕྱག་དྲུག་དང་པོ་མཉམ་གཞག་སྟེང༔ འཆི་མེད་ཚེ་ཡི་བུམ་པས་བརྒྱན༔ བར་གཉིས་པད་འཕྲེང་ཨུཏྤལ་དམར༔ མཐའ་གཉིས་གྲི་གུག་ཐོད་ཁྲག་འཛིན༔ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ རཏྣ་དམར་པོའི་རྒྱན་འཕྲེང་དང༔ ལེ་བརྒན་ན་བཟའ་ཡུག་གོས་ཅན༔ གསང་བ་ཡེ་ཤེས་མནྡཱ་ར༔ དམར་གསལ་བཅུ་དྲུག་ལང་ཚོ་ངོམ༔ སྤྱི་གཙུག་ཕག་གདོང་ཕེམ་སྒྲ་ངུར༔ རྗེས་ཆགས་ཟིམ་བུའི་སྤྱན་གྱིས་གཟིགས༔ གྲི་ཐོད་འཛིན་པས་མགུལ་ནས་འཁྱུད༔ ཆུ་སྐྱེས་རྒྱས་འདྲའི་ཞལ་གྱིས་སྡུད༔ རྡོ་རྗེ་པདྨ་མཉམ་སྦྱོར་བས༔ ཡབ་ཀྱི་སྐུ་ལ་བདེ་ཆེན་སྐུལ༔ ཡབ་ཡུམ་གཉིས་མེད་རོལ་པ་ལས༔ སྲས་ཀྱི་ཚུལ་དུ་ཧྲཱིཿཡིག་འཕྲོས༔ འཕྲིན་ལས་རྟ་མཆོག་ཧེ་རུ་ཀ༔ དམར་གསལ་ཁྲོ་ཆས་དོར་སྟབས་འགྱིང༔ གཡས་གཡོན་པད་དབྱུག་ཞགས་པ་བསྣམས༔ གཞལ་ཡས་ནང་མའི་སྒོ་བ་མཛད༔ ཕྱི་རིམ་པདྨ་འདབ་བཞི་ལ༔ རིགས་གསུམ་མགོན་པོ་པདྨ་འབྱུང༔ རང་རང་སྐུ་མདོག་ཕྱག་མཚན་དང༔ རྒྱན་དང་ཉམས་འགྱུར་གང་འདུལ་སྟོན༔ གཞལ་ཡས་གྲུ་ཆད་སྒོ་བཞི་ལ༔ སྒོ་མ་བཞི་དང་མགྱོགས་མ་བཞི༔ ལྷ་ཡི་ན་ཆུང་ལས་མདོག་གསལ༔ གཡས་རྣམས་རང་རང་ཕྱག་མཚན་
དང༔ གཡོན་རྣམས་ཚེ་ཡི་བུམ་པ་བསྣམས༔ ལྔ་ལྡན་དར་དང་རིན་ཆེན་བརྒྱན༔ གཡས་འགྱིང་འགྲེང་སྟབས་པད་ཟླར་བཞུགས༔ གཞན་ཡང་བླ་མ་ཡི་དམ་དང༔ རྒྱལ་བ་སྲས་བཅས་སྤྲུལ་འཁོར་བཅས༔ ལྷ་དང་དྲང་སྲོང་གྲུབ་པ་པོ༔ དཔའ་བོ་དྷཱ་ཀི་ཆོས་སྐྱོང་སོགས༔ སྟེང་འོག་ཕྱོགས་མཚམས་སྤྲིན་ལྟར་གཏིབས༔ འཛིན་མེད་ཀློང་དུ་གསལ་ཧྲིག་གེ༔ མ་འདྲེས་སོ་སོར་གསལ་ལམ་མེ༔ འགྲོ་དོན་སྤྲུལ་བསྒྱུར་ཅིར་ཡང་སྣང༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་མ་དྷ་ལ་ཧཱུྃ༔ པདྨ་སཱུརྻ་མ་དྷ་ལ་ཧཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧྲཱིཿམ་སརྦ་སིདྡྷི་ཧཱུྃ༔ ཧྲཱིཿཔདྨ་ཀྲོ་དྷ༔ མཱུྃ་ཧྲཱིཿཧཱུྃ་ཨཱ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཛཿཧཱུྃ་བཾ་ཧོ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་མ་འདྲེས་པར་བསྐྱེད་ལ། གསུམ་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི། ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔའི་བདག་བཅོམ་ལྡན་འདས༔ རྒྱལ་བ་རིགས་ལྔ་འོག་མིན་ཞིང་ནས་བཞེངས༔ དབང་སྐུར་བྱིན་རློབས་ཡེ་ཤེས་ལྔ་རུ་མཛོད༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གཏེར་གཞུང་ལས་ཨ་བྷི་ཥིཉྩ་ཧྲཱི༔ རིགས་ལྔའི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་བདུད་རྩི་བཀང་བས་སྤྱི་བོ་ནས་མངོན་པར་དབང་བསྐུར། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན་པར་གྱུར། སླར་ཡང་ལྷ་རྣམས་ཀྱི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་ཡིག་གིས་མཚན་པ། མགྲིན་པར་
པདྨ་དམར་པོ་ཨཱཿཡིག་གིས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པར་གྱུར། རྒྱལ་བའི་སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧོ༔ བཞི་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་སྤྲོས་པའི་འོད་ཟེར་དང་ཕེཾ་གྱི་སྒྲས་དག་པའི་ཞིང་ཁམས་རྣམས་ན་བཞུགས་པའི་བདེ་གཤེགས་རྩ་གསུམ་འཆི་མེད་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བསྒོམས་པ་ཇི་ལྟ་བའི་སྤྲུལ་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཧཱུྃ༔ ཆོས་དབྱིངས་མཐའ་བྲལ་པདྨ་དབང་གི་ཞིང༔ རིག་རྩལ་རྣམ་དག་ཡེ་ཤེས་ལྷའི་འཁོར་ལོ༔ རྩ་གསུམ་ཡོངས་འདུས་གར་གྱི་དབང་ཕྱུག་རྩལ༔ འགྲོ་དོན་ཐུགས་དམ་དབང་གིས་འདིར་གཤེགས་ཤིག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ལྔ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཡེ་ནས་ཡེ་ཤེས་རང་ལ་བཞུགས་པའི་ཕྱིར༔ གཤེགས་བཞུགས་མ་དམིགས་རང་ངོ་དག་པའི་ངང༔ མ་རྟོགས་ཨ་འཐས་སྒྲིབ་པ་འཛད་པའི་ཆེད༔ གཉིས་སུ་མེད་པར་བརྟན་པར་བཞུགས་སུ་གསོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛནྟུ༔ དམ་ཡེ་གཉིས་མེད་དུ་མོས། དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ༔ ཆོས་སྐུ་མི་འགྱུར་རྒྱལ་བ་འོད་དཔག་མེད༔ ལྔ་ལྡན་ཡེ་ཤེས་རྫོགས་པ་ཚེ་དཔག་མེད༔ བདེ་སྟོང་བརྫུས་འཁྲུངས་སྤྲུལ་སྐུ་པདྨ་འབྱུང༔ སྐུ་གསུམ་རྩ་གསུམ་ལྷ་ལ་
ཕྱག་འཚལ་ལོ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོ་པྲ་ཏཱིཙྪ་ཧོ༔ བདུན་པ་མཆོད་པ་འབུལ་བ་ནི་ལྔ་ལས། དང་པོ་ཕྱིའི་མཆོད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་རྩ་གསུམ་ལ༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་འདོད་ཡོན་རྣམ་པ་ལྔ༔ དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི༔ ཐུན་མོང་མཆོད་པའི་སྤྲིན་ཕུང་རྒྱ་མཚོ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཛ་ཧཱུྃ༔ རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་སརྦ་པཱུ་ཛ་ཧོ༔ རྒྱས་པར་སྤྲོ་ན། རྙིང་མའི་དཀྱིལ་ཆོག་ཕལ་མོ་ཆེ་རྣམས་ནས་འབྱུང་བའི། འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དག་ཏུ། །མཆོད་ཡོན་རྣམ་པ་ཇི་སྙེད་ཡོད་པ་ཀུན། །བདེ་གཤེགས་རྩ་གསུམ་འཆི་མེད་ལྷ་ཚོགས་མཆོད། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། གུ་རུ་དེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛི་ཏེ་པྲ་ཏཱིཙྪ་ཨཱཿཧཱུྃ། རིགས་འགྲེ་བས། མེ་ཏོག །པུཥྤེ། སྤོས་ཀྱི། དྷཱུ་པེ། མར་མེའི། ཨཱ་ལོ་ཀེ །དྲི་ཆབ། གྷནྡྷེ། ཞལ་ཟས། ནི་ཝི་དྱཱ། རོལ་མོའི། ཤབྡ། རིན་ཆེན་རྣམ་བདུན་འབུལ་བ་ནི་རྫོགས་པ་རང་བྱུང་གི་རྒྱུད་ལས་བྱུང་བ། ཞིང་འདིར་འཁོར་ལོ་རིན་པོ་ཆེས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །
ཨོཾ་ཙཀྲ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་རྣམས། མ་ཎི། སཏྲཱི། པུ་རུ་ཥ། ཧསྟི། ཨ་ཤྭ། ཁཌྒ། ཞེས་རིམ་པ་ཇི་ལྟ་བར་བསྒྱུར་བས་མཆོད། འདོད་ཡོན་རྣམ་ལྔ་ནི་བདེར་འདུས་ཞི་བའི་མཆོད་འབུལ་ལས་བྱུང་བ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་འཆི་མེད་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་ཚེ་དབང་བསྩལ་དུ་གསོལ། ཨོཾ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས༴བཞེས་ཤིང༴ཤབྡ་ཀཱ་མ༴ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས༴བཞེས་ཤིང༴གནྡྷེ་ཀཱ་མ༴ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས༴བཞེས་ཤིང༴རཱ་ས་ཀཱ་མ༴ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ། །མོས་བློས༴བཞེས་ཤིང༴སྤརྴེ་ཀཱ་མ་སོགས་གོང་བཞིན། ཞེས་པ་རྣམས་སྦྱར་ན་ལེགས་སོ། །གཉིས་པ་ནང་གི་མཆོད་པ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ རང་བྱུང་ལུས་ཀྱི་ནང་མཆོད་རྣམ་ལྔ་འབུལ༔
ཚོགས་དྲུག་ཡུལ་གྱི་འདོད་ཡོན་མ་ལུས་བཞེས༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ གསུམ་པ་གསང་བའི་མཆོད་པ་ལ་གཉིས། དང་པོ་སྦྱོར་བའི་མཆོད་པའི་སྔོན་དུ་འགྲོ་བ་རིག་མ་བཅུ་དྲུག་ནི། ཀུན་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་པི་ཝཾ་གླིང་བུ་རྔ་ཐབས་བཟུང་། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་གང་བས་འཆི་མེད་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྲ་ཝཱི་ཎི་ཧཱུྃ། དེ་བཞིན་དུ། ཝཾ་སེ་ཏྲཱཾ། མྲྀ་ཏཾ་གི་ཧྲཱིཿ མུ་ར་ཛེ་ཨཱཿ དེ་ནས་རྐང་པ་མཐའ་མ་གཉིས་གོང་བཞིན་ལས། མཆོག་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། ལཱ་སྱེ་ཧཱུྃ། ཧཱ་སྱེ་ཏྲཱཾ། གཱིརྟི་ཧྲཱིཿ ནྲྀ་ཏྱེ་ཨཱཿ ཁྱད་པར་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མ། པུཥྤེ་ཧཱུྃ། དྷཱུ་པེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཱཿ ལྷན་སྐྱེས་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ། རཱུ་པ་བཛྲ་ཎཱི་ཧཱུྃ། རཱ་ས་བཛྲ་ཎཱི་ཏྲཱཾ། སྤརྴེ་བཛྲ་ཎཱི་ཧྲཱིཿ དྷརྨ་དྷཱ་ཏུ་བཛྲ་ཎཱི་ཨཱཿ དེ་ལྟ་བུའི་མཆོག་གི་རིག་མ་བཅུ་དྲུག་དང་ལྷ་ཚོགས་རྣམས་མཉམ་པར་སྦྱོར་བ་བདེ་བ་ཆེན་པོའི་མཆོད་པས་དགྱེས་པར་གྱུར་པར་མོས་ལ། ཧཱུྃ༔ མཁའ་གསང་རྡོ་རྗེ་པདྨ་སྟེ༔ གཉིས་སུ་མེད་པར་མཉམ་
སྦྱར་ཏེ༔ སྲུབ་དང་བསྲུབས་པས་བདེ་ཆེན་བསྐུལ༔ བྱང་ཆུབ་སེམས་ཀྱི་སྤྲིན་འཕྲོ་བ༔ ཟུང་འཇུག་སྦྱོར་བའི་མཆོད་པ་བཞེས༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཏངྒི་པཱུ་ཛ་ཧོ༔ གཉིས་པ་བསྒྲལ་མཆོད་ནི། ཁམས་གསུམ་གྱི་བྲུབ་ཁུང་དུ་གཟུང་འཛིན་གྱི་རུ་ཏྲ་རྣམས་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཕུར་པས་བསྒྲལ་བས་ཉོན་མོངས་རྒྱུ་རྐྱེན་གྱི་ལྔ་ཕུང་ལྷག་མེད་དུ་གཞོམ་པ་ཁམས་གསུམ་ཡོངས་སྒྲོལ་མཆོད་པས་དགྱེས་པར་མོས་ལ། ཧཱུྃ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ ང་དང་བདག་ཏུ་འཛིན་པ་རྣམས༔ བདག་མེད་ཕུར་པས་བསྒྲལ་བར་བྱ༔ ཉོན་མོངས་རྒྱུ་རྐྱེན་དྲུངས་ནས་ཕྱུང༔ ཁམས་གསུམ་བསྒྲལ་བའི་མཆོད་པ་བཞེས༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཏྲཾ་རུ་ཏྲ་པྲ་བྷཉྩཀྲ་ཧཱུྃ་ཨེ་སྥ་ར་ཎ་ཕཊ༔ བཞི་པ་དེ་བཞིན་ཉིད་ཀྱི་མཆོད་པ་འབུལ་བ་ལ་གསུམ། དང་པོ་བདུད་རྩི་སྨན་མཆོད་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་མཆོག་རྫས༔ རྩ་བརྒྱད་སྟོང་སྦྱར་འཆི་མེད་སྨན་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་པཱུ་ཛ་ཧོ༔ ཆོས་སྐུ་སྣང་མཐའ་ཡུམ་ཆེན་གོས་དཀར་མོར། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རིགས་འགྲེ །ལོངས་སྐུ་བློ་ལྡན་མཆོག་སྲེད་མནྡཱ་རར། །སྤྲུལ་སྐུ་པད་འབྱུང་ཡེ་ཤེས་
མཚོ་རྒྱལ་ལ། །རྗེ་འབངས་གྲོགས་གསུམ་གཏེར་སྟོན་སྤྲུལ་སྐུ་ལ། །བྱང་ཆུབ་རྡོ་རྗེ་ཆོས་ཀྱི་དབང་པོ་ལ། །བསྟན་པའི་ཉིན་བྱེད་ཕྲིན་ལས་རྣམ་རྒྱལ་ལ། །པདྨ་ཉིན་བྱེད་རྩ་བའི་བླ་མ་ལ། །གར་དབང་རྩ་གསུམ་དྲིལ་སྒྲུབ་ལྷ་ཚོགས་ལ། །བསྟན་སྲུང་གཙོ་མོ་དབང་གི་ལྷ་མོ་ལ། །གཏེར་སྲུང་གཞི་བདག་སྲིད་གསུམ་ཀ་དག་ལ། པཉྩ་ཨ་མྲྀཏ་སརྦ་སིདྡྷི་ཧོཿ ཞེས་སྨན་གྱི་ཐིག་པ་དངོས་གྲུབ་ཏུ་མྱང་ངོ་། །གཉིས་པ་རཀྟ་ཁྲག་མཆོད་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ འདོད་ཆགས་རྣམ་དག་པདྨ་རཀྟ་འདི༔ རྒྱུ་དྲུག་ཀུན་སྒྲོལ་ཁམས་གསུམ་དབང་སྡུད་རྫས༔ བདེ་མཆོག་བདེ་སྤྱོད་རཀྟའི་མཆོད་པ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་རཀྟ་པཱུ་ཛ་ཧོ༔ གསུམ་པ་ཚེ་གལ་གཏོར་མའི་མཆོད་པ་ནི། ཧཱུྃ༔ གཞོང་པ་ཡོངས་དག་ཟླ་གམ་གཞལ་ཡས་སུ༔ ཚེ་གལ་མཐུན་བསྡེབས་དམ་རྫས་མ་ཧཱ་བྷྲཱུཾ༔ ཐབས་ཤེས་རྒྱན་ལྡན་གཏོར་མཆོད་ཆེན་པོ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་བྷྲཱུཾ་བ་ལིཾ་ཏ་པཱུ་ཛ་ཧོ༔ ལྔ་པ་མཆོག་གི་མཆོད་པ་ནི། གོང་གི་མཆོད་པ་དེ་རྣམས་འཁོར་གསུམ་ཡོངས་དག་ཏུ་ཤེས་པ་བློ་འདས་ཀྱི་དོན་དྲན་པར་བྱས་ལ། ཧཱུྃ༔ བླ་མེད་
མཆོག་གི་མཆོད་པ་ནི༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ བློས་བླངས་མཆོད་པ་དེ་དག་ཀུན༔ གསལ་སྟོང་རིག་རྩལ་འཕྲོ་འདུ་སྟེ༔ མཆོད་ཡུལ་མཆོད་མཁན་མཆོད་པ་ཀུན༔ འཁོར་གསུམ་ཡོངས་དག་ཆོས་ཀྱི་སྐུ༔ མི་རྟོག་རྡོ་རྗེར་ལྷུན་གྲུབ་པ༔ གནས་ལུགས་ཤེས་པའི་མཆོད་པ་འདི༔ ཟག་པ་མེད་པའི་མཆོད་པ་མཆོག༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་ཤཱུནྱ་ཏཱ་དྷརྨཱ་དྷཱ་ཏུ་པཱུ་ཛ་ཧོ༔ བརྒྱད་པ་བསྟོད་པ་བྱ་བ་ནི། ཧཱུྃ༔ གར་གྱི་དབང་ཕྱུག་པདྨ་ཚེ་ཡི་བདག༔ འཁོར་ལོའི་གཙོ་བོ་གཅིག་གི་སྐུ་མཆོག་ལ༔ བདེ་གཤེགས་རྩ་གསུམ་ཞི་ཁྲོ་མ་ལུས་རྫོགས༔ རྒྱལ་བ་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་སྐུ་ལ་མཚན་མ་མི་དམིགས་ཀྱང༔ ཐུགས་རྗེའི་སྟོབས་ཀྱིས་གང་འདུལ་དེ་ལྟར་སྣང༔ དབང་ཆེན་འབར་བ་གསང་བའི་མ་དྷལ་ནས༔ བརྡ་རྟགས་རྣམ་འགྱུར་སྟོན་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་ཧྲཱིཿལས་གནས་འགྱུར་བསྟན་པ་ནི༔ ཆོས་ཉིད་ཀློང་ནས་གཟུགས་སྐུར་བཞེངས་པའི་བརྡ༔ སྐུ་མདོག་དམར་པོ་ཆགས་པར་བསྟན་པ་ནི༔ འགྲོ་དོན་ཐུགས་རྗེས་རྗེས་སུ་ཆགས་པའི་བརྡ༔ ཞི་ཆགས་དྲག་པོའི་ཞལ་གསུམ་ལྡན་པ་ནི༔ སྐུ་གསུམ་རྩ་གསུམ་སོ་སོར་མཚོན་པའི་བརྡ༔ རྩ་ཞལ་དམར་པོ་འཛུམ་ཁྲོ་སྒེག་པ་ནི༔ ཡེ་ཤེས་དབང་གི་ཕྲིན་ལས་
མཛད་པའི་བརྡ༔ གཡས་ཞལ་དཀར་པོ་ཞི་དུལ་འཛུམ་པ་ནི༔ བྱམས་དང་སྙིང་རྗེས་འགྲོ་དོན་མཛད་པའི་བརྡ༔ གཡོན་མཐིང་ཁྲོ་ཞལ་གཏུམ་ལ་རྔམ་པ་ནི༔ སྙིང་རྗེ་ཁྲོས་པས་གདུག་པ་འདུལ་བའི་བརྡ༔ རལ་པ་སྣུམ་འབོལ་གྱེན་དུ་འཁྱིལ་པ་ནི༔ སེམས་ཅན་ཐུགས་རྗེས་དབྱིངས་སུ་འདྲེན་པའི་བརྡ༔ དེ་ལ་དར་གྱི་ཅོད་པན་འཕུར་བ་ནི༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་བརྡ༔ རྩེ་མོར་ཡིད་བཞིན་ནོར་བུས་སྤྲས་པ་ནི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བའི་བརྡ༔ རྟ་གདོང་ལྗང་གུ་ཧཱུྃ་སྒྲ་སྒྲོག་པ་ནི༔ ལོག་འདྲེན་བར་ཆད་འབྱུང་པོ་འདུལ་བའི་བརྡ༔ སྐུ་ལ་ཐབས་ཤེས་ཕྱག་དྲུག་ལྡན་པ་ནི༔ ཕ་རོལ་ཕྱིན་དྲུག་འགྲོ་དྲུག་འདུལ་བའི་བརྡ༔ རྩ་བའི་ཕྱག་གཉིས་མཉམ་གཞག་ཕྱག་རྒྱ་ནི༔ ཏིང་འཛིན་མི་གཡོ་ཡེ་ཤེས་བརྙེས་པའི་བརྡ༔ དེ་སྟེང་ཚེ་ཡི་བུམ་པ་བསྣམས་པ་ནི༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བའི་བརྡ༔ གཡས་ཀྱི་བར་པས་པད་ཕྲེང་བསྣམས་པ་ནི༔ འཁོར་བ་དོང་སྤྲུགས་འཇིག་རྟེན་འདྲེན་པའི་བརྡ༔ གཡོན་གྱི་བར་པས་ཨུཏྤལ་བསྣམས་པ་ནི༔ མ་ཆགས་ཐབས་ཀྱིས་འགྲོ་བ་འདུལ་བའི་བརྡ༔ གཡས་ཀྱི་འོག་མས་གྲི་གུག་བསྣམས་པ་ནི༔ གཟུང་འཛིན་སྐྱེ་འཆི་རྩད་ནས་གཅོད་པའི་བརྡ༔ གཡོན་གྱི་འོག་མས་ཐོད་ཁྲག་བསྣམས་པ་ནི༔ སྣོད་བཅུད་ཟུང་འཇུག་བདེ་སྟོང་རོལ་པའི་བརྡ༔
ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས་པ་ནི༔ ཡེ་ཤེས་རྡོ་རྗེར་འགྱུར་བ་མེད་པའི་བརྡ༔ རཏྣ་དམར་པོའི་རྒྱན་ཕྲེང་འཕྱང་བ་ནི༔ དབང་གི་ཡིད་བཞིན་ཆར་ལྟར་འབེབས་པའི་བརྡ༔ ལེ་བརྒན་དར་གྱི་ན་བཟས་བཀླུབས་པ་ནི༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ་བའི་བརྡ༔ གསང་ཡུམ་མནྡཱ་ར་དང་སྦྱོར་བ་ནི༔ ཐབས་ཤེས་ཟུང་འཇུག་གཉིས་སུ་མེད་པའི་བརྡ༔ གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ་ནི༔ སྣང་སྟོང་ཡབ་ཡུམ་འདུ་འབྲལ་མེད་པའི་བརྡ༔ རྗེས་ཆགས་སྤྱན་གྱིས་ཡབ་ལ་གཟིགས་པ་ནི༔ བདེ་སྟོང་ཡེ་ཤེས་ཏིང་འཛིན་སྐུལ་བའི་བརྡ༔ ཕག་ཞལ་མཐིང་ག་ཕེཾ་སྒྲ་སྒྲོག་པ་ནི༔ རྟོག་མེད་དབྱིངས་ཀྱི་ང་རོ་སྒྲོག་པའི་བརྡ༔ རྡོ་རྗེ་པདྨ་གཉིས་མེད་རོལ་པ་ནི༔ དགའ་བཞིའི་བདེ་ཆེན་ཕྱག་རྒྱར་སྤྱོད་པའི་བརྡ༔ ལས་རབ་དབང་ཆེན་ནང་སྒོ་སྲུང་བ་ནི༔ གཉིས་མེད་ལོག་འདྲེན་བར་ཆད་སྲུང་བའི་བརྡ༔ འདབ་བཞིར་རིགས་གསུམ་མགོན་པོ་བཞུགས་པ་ནི༔ མཁྱེན་བརྩེ་མཐུ་སྟོབས་སྙིང་རྗེས་འགྲོ་འདུལ་བརྡ༔ ཚེ་དབང་རིག་འཛིན་པད་འབྱུང་བཞུགས་པ་ནི༔ རིགས་གསུམ་ཡོངས་འདུས་ཕྲིན་ལས་མཛད་པའི་བརྡ༔ མཚམས་བཞི་ལྷ་མོ་མགྱོགས་མ་རྣམས་བཞི་ནི༔ དངོས་གྲུབ་སྐུལ་ཞིང་ཚེ་བཅུད་སྡུད་པའི་བརྡ༔ ཕྱོགས་བཞིར་སྒོ་མ་རྣམ་བཞི་བཞུགས་པ་ནི༔ དངོས་གྲུབ་བར་གཅོད་ཕྱི་ནང་མི་བསྲེ་བརྡ༔ བཀྲམ་པའི་དཀྱིལ་འཁོར་ཚུལ་དུ་བཞུགས་པ་
ནི༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་བའི་བརྡ༔ བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཐིབས་པ་ནི༔ བརྒྱུད་འཛིན་བུ་ལ་བྱིན་རླབས་སྩོལ་བའི་བརྡ༔ ཡི་དམ་མཁའ་འགྲོ་སྤྲིན་ལྟར་འཐིབས་པ་ནི༔ སྐལ་ལྡན་རྣམས་ལ་དངོས་གྲུབ་སྩོལ་བའི་བརྡ༔ དཔའ་བོ་ཌཱ་ཀི་གློག་ལྟར་འཁྱུགས་པ་ནི༔ བར་ཆད་སེལ་ཞིང་ཕྲིན་ལས་མཛད་པའི་བརྡ༔ གྲུབ་པའི་རིག་འཛིན་དྲང་སྲོང་བསྐོར་བ་ནི༔ ཚེ་དབང་སྨོན་ལམ་དངོས་གྲུབ་སྩོལ་བའི་བརྡ༔ བདེ་གཤེགས་རྩ་གསུམ་སྐུ་ལ་ཕྱག་འཚལ་བསྟོད༔ གར་གྱི་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ གསང་ཡུམ་མནྡཱ་ར་ལ་ཕྱག་འཚལ་བསྟོད༔ ལས་རབ་དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་རིགས་གསུམ་མགོན་ལ་ཕྱག་འཚལ་བསྟོད༔ ཚེ་བདག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷ་མོ་མགྱོགས་མ་བཞི་ལ་ཕྱག་འཚལ་བསྟོད༔ ལྷ་མོ་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ཚེ་ཡི་མུ་རན་སྐྱོང་ལ་ཕྱག་འཚལ་བསྟོད༔ དགུ་པ་འཛབ་བྱ་བ་ནི། བདག་མདུན་གཉིས་པོ་བཞིན་དང་མེ་ལོང་བཞིན་དུ་སོ་སོར་ཕྱེས་ལ་བདག་ཉིད་གཙོ་མཆོག་གི་ཐུགས་ཀར་ཉི་ཟླའི་གའུ་སྔགས་ཕྲེང་ལུག་རྒྱུད་དང་བཅས་པ་སྤྲོ་བསྡུས་སྲིད་ཞིའི་ཚེ་བཅུད་ཐམས་ཅད་བདག་མདུན་སྒྲུབ་རྫས་རྣམས་ལ་བསྟིམ་པའི་དགོངས་པ་གསལ་བས། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་གཙོ་མཆོག་ཐུགས་ཀ་རུ༔ ཉི་ཟླའི་གྭ་འུ་ཁ་སྦྱོར་དེའི་ནང་དུ༔ སྐྱེ་མེད་ཐུགས་སྲོག་བཅུད་ཕུར་ཡི་གེ་ཧྲཱི༔ དེ་ལས་ལྔ་ལྡན་
འོད་ཟེར་ཟེར་ཐག་ནི༔ རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ་བའི་ནང༔ སྔགས་ཀྱི་ཡི་གེ་བུང་བ་བཅུད་ལ་འཁོར༔ རང་གདངས་གྲགས་སྟོང་འགྱུར་ཁུག་དི་རི་རི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔གུ་རུ་དེ་ཝ་ཌཱ་ཀི་ནཱི་པདྨ་རཱ་གཱཀྵོ་བྷྱ༔ ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ་ཧཱུྃ་ནྲྀ་ཛ༔ ཤམ་བུར། ཚེ་བསོད་རྒྱས་དབང་དུ་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལས་སྔགས་ཕྲེང་ཐིག་ལེ་ཟེར་ཐག་སྦྲེང༔ ལུ་གུ་རྒྱུད་དུ་ལྗགས་ཀྱི་པདྨོར་ཨཱ༔ དེ་ལས་གཡས་བསྐོར་རྟ་གདོང་ཞལ་ནས་ཐོན༔ ཕྱི་རོལ་ནམ་མཁའ་ས་ཆུ་མེ་རླུང་དང༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དྭངས་མའི་བཅུད༔ གསང་བ་སྐུ་དང་ཞིང་ཁམས་མཐུ་བྱིན་ཀུན༔ འོད་ཟེར་སྔགས་ཕྲེང་ལུག་རྒྱུད་རྣམ་པར་བསྡུས༔ ཕག་གདོང་ཞལ་ནས་ཡུམ་གྱི་སྐུ་དབྱིབས་བརྒྱུད༔ མཁའ་དབྱིངས་གང་བ་རྡོ་རྗེའི་ལམ་ནས་རྔུབས༔ མས་ཡར་སྤྱན་དྲངས་ཚེ་ཡི་གྭ་འུར་བསྟིམས༔ ཚེ་ཡི་དངོས་གྲུབ་ཡར་བ་ཐམས་ཅད་ཁུག༔ བླ་ཚེ་ཉམས་གསོས་བརྟན་གཡོ་སྲིད་བཅུད་ཀྱི༔ ཚེ་དཔལ་ཀུན་བསྡུས་བདུད་རྩི་དྭངས་མར་སྦར༔ དེ་ཡང་འཛག་མེད་བདེ་བ་ཆེན་པོར་བསྐྱིལ༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་གྲུབ་བསྒོམ༔ ཞེས་མོས་ལ་བཟླའོ། །ལས་བུམ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ལས་རབ་དབང་ཆེན་སྐུ་མདོག་དམར་པོ་གཡས་པདྨས་མཚན་པའི་དབྱུག་ཐོ་འཕྱར་ཞིང་གཡོན་སྡིགས་
མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཧྲཱི༔ རྣམ་དག་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ཟུང་འཇུག་འགག་མེད་ལོངས་སྐུ་ཧཱུྃ་སྒྲ་སྒྲོག༔ གནས་མེད་སྤྲུལ་པས་འཇིགས་བྱེད་སྐུར་སྟོན་པ༔ ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་འཕྲེང་བ་གཡས་བསྐོར་དུ་འཁོར་བར་མོས་ལ། ཨོཾ་ཧྲཱིཿཔདྨ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅི་ནུས་བཟླ། མཐར་ཁྲོ་བོ་འོད་དུ་ཞུ་སྟེ་ཆུར་ཐིམ་པ་དེའི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་པའི་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་གྱུར་པར་མོས། བཅུ་པ་ཚོགས་ཀྱི་མཆོད་པ་ནི། བདུད་རྩིས་བསང་གཏོར་བྱས་ལ། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་འབག་བཙོག་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཧོཿ བདུད་རྩི་དྭངས་མ་ཆེན་པོར་སྦྱངས༔ ཡེ་ཤེས་བདུད་རྩིར་རྟོགས་པར་བྱས༔ འདོད་ཡོན་ཟག་མེད་ཁྱབ་པར་སྦར༔ བཀྲམ་པའི་ལྷ་ཚོགས་དགྱེས་པར་གྱུར༔ ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་གཙོ་མཆོག་གི་རྩ་ཞལ་དབུས་མར་མཆོད་པ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔
འདོད་ཡོན་མ་སྤངས་ཡེ་ཤེས་རྒྱན༔ དངོས་གྲུབ་ཆེན་པོ་སྒྲུབ་པའི་རྫས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གཉིས་པ་གཡས་ཞལ་དཀར་པོར་ཕུལ་ནས་བཤགས་པ་བྱ་བ་ནི། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ཅག་ལུས་ངག་སེམས༔ སྐུ་གསུང་ཐུགས་ཀྱི་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཧོ༔ གསུམ་པ། ཧཱུྃ་ཞེས་བརྗོད་པས་འདོད་ཡོན་གྱི་ལྷ་མོ་རང་ལ་ཐིམ༔ བདག་ཉིད་ལས་རབ་དབང་ཆེན་གྱི་སྐུར་གྱུར༔ ན་མོ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ༔ བདེ་གཤེགས་རྩ་གསུམ་འཆི་མེད་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག༔ ནྲྀ་ཡཾ་ཛཿཏྲི་ཡཾ་ཛ༔ བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ འགུགས་བཅིངས་བསྡམས་ནས་མྱོས་པར་བྱས་ལ། ཧཱུྃ༔ ང་ནི་ལས་རབ་དབང་ཆེན་སྐུ༔ གཏུམ་རྔམས་སྤྲུལ་པ་བཀའ་སྡོད་འཕྲོས༔ བདག་འཛིན་བདུད་དང་རུ་དྲ་ཀུན༔ བདག་མེད་རྡོ་རྗེ་ཕུར་པས་གཟིར༔ ཁྲོ་མོ་རོལ་པའི་གཏུན་ཁུང་དུ༔ ཁྲོ་བོ་རོལ་པའི་གཏུན་གྱིས་བརྡུང༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ༔ སྙིགས་མའི་ཤ་ཁྲག་ཚོགས་སུ་སྦར༔ ཞེས་བསྒྲལ་ཞིང་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིར་
སྤར་པ་གཡོན་ཞལ་མཐིང་ག་ལ་བསྟབ་པར་མོས་ལ། གུ་རུ་དེ་ཝ་ཌཱ་ཀི་ནཱི་མཱཾ་ས་ཙིཏྟ་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཁཱ་ཧི༔ བར་འདིར་བདུད་རྩི་གསང་ནན་གྱིས་ཀྱང་མཆོད་དོ། །རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི༔ དུག་ལྔ་སྨན་གྱུར་དམ་པའི་རྫས༔ ཛ་གད་དཔའ་བོའི་བདུད་རྩི་འདིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་ཛ་གད་པཱུ་ཛ་ཧོ༔ ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་རྣམས་སློབ་དཔོན་ལ་བསྣོལ་མར་སྟོབ་ཅིང་། ཀྱེ་གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །ཞེས་སོགས་ཀྱིས་ཕུལ། ལེན་པ་པོས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང་། ཨ་ལ་ལ་ཧོཿ ཞེས་བླང་། རྣལ་འབྱོར་པ་ཐམས་ཅད་ལ་བྲིམས་ཏེ་ནང་གི་སྦྱིན་སྲེག་དང་ལྡན་པས་རོལ་པའི་མཐར། ཧོཿ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མ་ལུས་དབང་དུ་འདུ་བར་གྱུར་ཅིག །མ་ཧཱ་མཱཾ་ས་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཅིག །རྡོ་རྗེའི་ཚེ་གལ་གསོལ་བས་ཚེ་དཔག་ཏུ་མེད་པའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་རྩ་གསུམ་ཞི་ཁྲོའི་ཕྲིན་ལས་ཀྱི་རྫུ་འཕྲུལ་སྣ་ཚོགས་ལ་དབང་འབྱོར་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །ལྷག་མ་རྣམས་བསྡུས་ནས་སློབ་དཔོན་མཁའ་དབྱིངས་ཀྱི་རྒྱས་ཛ་གད་ཀྱི་ཞལ་ཕྲུ་བཏབ་ལ། ཨ་ཀཱ་རོས་བྱིན་བརླབས་ལ། ཧཱུྃ། ལས་ཀྱི་རྡོ་རྗེ་བྱེད་པོར་དབང་བསྐུར་བའི། །མཁའ་འགྲོ་ལྷག་སྡུད་མ་སྲིང་གིང་གི་ཚོགས། །ལྷག་མ་ཁ་
ཆུས་དམ་ལ་བཏགས་པ་རྣམས། །དམ་ཚིག་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ། ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས། ཧཱུྃ༔ བདེ་བཤེགས་རྩ་གསུམ་དཀྱིལ་འཁོར་ནས༔ ཡེ་ཤེས་ལས་དང་འཇིག་རྟེན་པའི༔ དཔའ་བོ་དྷཱ་ཀི་ཤུགས་འགྲོའི་ཚོགས༔ དབང་ཕྱུག་ཉེར་བརྒྱད་གིང་ལང་ཀ༔ རྡོ་རྗེ་ཕྲ་མེན་བཀའ་སྡོད་ཚོགས༔ རིགས་དང་སྐུ་མདོག་མ་ངེས་ཤིང༔ རྒྱན་དང་ཕྱག་རྒྱ་སྣ་ཚོགས་སྟོན༔ གནས་བཟང་དེ་ནི་དུར་ཁྲོད་རྒྱུ༔ གོས་སུ་ཞིང་ཆེན་རེ་ལྡེ་དཀྲིས༔ སྐྱོགས་སུ་བྷནྡྷ་སྐྲ་ཅན་འཆང༔ ཟས་སུ་ཤ་ཁྲག་ལྷག་གཏོར་ཟ༔ རྣལ་འབྱོར་དྲོད་ཉུལ་ཚོགས་ཁང་འགྲིམ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ མི་མཐུན་གནོད་པའི་རྐྱེན་རྣམས་སྲུངས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨུ་ཙྪིཥྚ་བྷཀྵེ་བྷྱཿསྭཱ་ཧཱ༔ ཞེས་ལྷག་མ་ཕྱི་རོལ་དུ་དོར། གསུམ་པ་རྗེས་ཀྱི་རིམ་པ་ལ་དོན་ཚན་དགུའི་དང་པོ་ཐུགས་དམ་བསྐུལ་བ་ལ་གཉིས། དང་པོ་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐུལ་བ་ནི། སྤོས་བཏུལ་མདའ་དར་གཡབ་ཅིང་དྲིལ་བསིལ་དང་བཅས། ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ འཆི་མེད་ཆོས་འདི་སུས་བསྒྲུབས་པ༔ སྒྲུབ་པའི་གནས་མཆོག་གང་དུ་ཡིན༔ དངོས་གྲུབ་སྙིང་པོ་སུ་ཡིས་བརྙེས༔ ཧཱུྃ༔ སྔོན་བྱུང་བསྐལ་པའི་དང་པོ་ལ༔ བདེ་ཆེན་དབང་གི་ཕོ་བྲང་དུ༔ བཅོམ་ལྡན་ཚེ་བདག་ཡབ་ཡུམ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བསྟན་ཏེ༔ བགྲེས་རྒུད་མེད་པའི་
གྲུབ་རྟགས་ཐོབ༔ དེ་ཡི་བྱིན་རླབས་དེང་འདིར་བསྐུལ༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ དེ་ནས་བར་གྱི་བསྐལ་པ་ལ༔ རཱ་ག་རཀྟའི་བྲག་ཕུག་ཏུ༔ བདག་ཉིད་པདྨ་ཡབ་ཡུམ་གྱིས༔ ཚེ་ལྷ་གསང་བའི་སྒྲུབ་པ་མཛད༔ འཇའ་ལུས་རྡོ་རྗེའི་སྲོག་བསྒྲུབས་པས༔ སྐྱེ་འཆི་མེད་པའི་སྐུར་བསྟན་ཏེ༔ བགྲེས་རྒུད་མེད་པའི་གྲུབ་རྟགས་ཐོབ༔ དེ་ཡི་བྱིན་རླབས་དེང་འདིར་བསྐུལ༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ དེ་འོག་ད་ལྟའི་བསྐལ་པ་ལ༔ མཁའ་འགྲོ་འདུ་བ་དགའ་བའི་ཚལ༔ ཟག་མེད་འཇའ་ཚོན་ཀེའུ་ཚང་དུ༔ སྐལ་ལྡན་ཆོས་བདག་སྐྱེས་བུ་ཡིས༔ ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ༔ སྐྱེ་འཆི་མེད་པའི་གདིང་རྙེད་ཅིང༔ འཆི་མེད་གྲུབ་པའི་མཚན་མ་ཐོབ༔ དེ་ཡི་བྱིན་རླབས་དེང་འདིར་བསྐུལ༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ གཉིས་པ་དཀྱིལ་འཁོར་ལྷ་ཚོགས་བསྐུལ་བ་ནི༔ ཧཱུྃ༔ དཀྱིལ་འཁོར་དབུས་ནས་རྩ་གསུམ་རིགས་འདུས་ལྷ༔ ཡབ་ཡུམ་སྲས་བཅས་ཐུགས་དམ་དེང་འདིར་བསྐུལ༔ རྒྱལ་བ་རིགས་གསུམ་མགོན་པོ་པདྨ་འབྱུང༔ མགྱོགས་མ་བཞི་དང་སྒོ་མ་བཞི་ལ་སོགས༔ ཚེ་ཡི་གསང་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་ཐུགས་དམ་གནད་ནས་བསྐུལ༔ ཚེ་བདག་རྣམས་ཀྱིས་བླ་ཚེ་ཡར་བ་ཁུག༔ སྲིད་གསུམ་
བརྟན་གཡོའི་ཚེ་དཔལ་དངོས་གྲུབ་སྡུས༔ རིག་འཛིན་སྒྲུབ་པོར་བྱིན་རླབས་ཆར་ཆེན་ཕོབ༔ ཚེ་ཡི་ཕོ་ཉ་སྲུང་མ་ཐམས་ཅད་ཀྱིས༔ ཚེ་བཅུད་དངོས་གྲུབ་བསྒྲུབ་པའི་སྡོང་གྲོགས་མཛོད༔ འདི་གཉིས་ཐུགས་དམ་བསྐུལ་བ་དང་ཚེ་འགུགས་སྦྲགས་མ་ལྟ་བུ་ཡིན་པས་བླ་མ་རིག་འཛིན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རང་གཞན་གྱི་བླ་ཚེ་ཡར་པ་འཐོར་བ་སོགས་བཀུག་ཅིང་བརྟན་གཡོའི་ཚེ་དཔལ་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བདག་དང་སྒྲུབ་རྫས་ལ་བསྩལ་ཞིང་བསྟིམ་པའི་དམིགས་པ་ཡང་དག་བྱའོ། །གཉིས་པ་ཆད་ཐོ་བྱ་བ་ནི། སྐབས་འདིར་བཀའ་སྲུང་དང་གཏེར་སྲུང་རྣམས་ལ་རང་རང་གི་ཆོ་ག་བཞིན་དུ་གཏོར་མ་བཏང་ཞིང་དེའི་མཐར་ཆད་ཐོའི་གཏོར་མ་ཟུར་པ་ཞིག་ཀྱང་བཤམས་ལ་འབུལ་བ་ནི། ཧཱུྃ༔ སྔོན་ཚེ་བདེ་ཆེན་དབང་གི་ཞིང་ཁམས་སུ༔ པདྨ་དབང་ཆེན་འོད་མི་འགྱུར་བ་ཡིས༔ རང་སྣང་འཁོར་ལོ་ཚེ་ཡི་རྒྱུད་སྡེ་རྣམས༔ དགོངས་པས་བརྒྱུད་ཅིང་འཁོར་གྱིས་བསྡུས་པའི་ཚེ༔ ཚེ་བདག་སོ་སོས་ཇི་ལྟར་ཁས་བླངས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་རཱ་ག་རཀྟའི་བྲག་ཕུག་དང༔ བྲག་དམར་བསམ་ཡས་གཡའ་མ་ལུང་རྣམས་སུ༔ བདག་ཉིད་ཚེ་བདག་པདྨ་འབྱུང་གནས་དང༔ སྒྲུབ་པའི་གྲོགས་མོ་མཁར་ཆེན་བཟའ་སོགས་ཀྱིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ ཚེ་བདག་བཀའ་སྲུང་དམ་ཅན་རྒྱ་མཚོ་ཡིས༔ ཇི་ལྟར་ཁས་བླངས་དམ་བཅའ་དེ་བཞིན་དུ༔ མཆོད་
གཏོར་བཞེས་ལ་འཕྲིན་ལས་གྲུབ་པར་མཛོད༔ དེ་འོག་ཟག་མེད་འཇའ་ཚོན་ཕུག་པ་དང༔ སྦས་ཡུལ་པདྨ་འོད་ཀྱི་དབུ་རྩེ་རུ༔ སྐལ་ལྡན་ལས་ཅན་ཆོས་བདག་སྐྱེས་བུ་ཡིས༔ ཟབ་གཏེར་བཏོན་དང་སྒྲུབ་ཅིང་སྤེལ་བའི་ཚེ༔ སྔགས་སྲུང་ཞི་སྐུ་དབང་གི་ལྷ་མོ་དང༔ ལྷ་བདུད་བཙན་སོགས་གནས་དང་གཏེར་སྲུང་གིས༔ ཇི་ལྟར་ཁས་བླངས་དམ་ཚིག་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབ་པར་མཛོད༔ གསུམ་པ་བརྟན་མ་བསྐྱོང་བ་ནི། རིན་པོ་ཆེའི་སྣོད་དུ་ཏྲཱཾ་ལས་བྱུང་བའི་གཏོར་མ་རིན་པོ་ཆེའི་ གུར་ཁང ་ལོངས་སྤྱོད་ཟད་མི་ཤེས་པས་གང་བར་གྱུར་པར་མོས་ལ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཧཱུྃ༔ བརྟན་མ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ རང་རང་རིགས་མཐུན་སྨན་བཙུན་འབུམ་སྡེ་རྣམས༔ དར་གྱི་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ དགུང་སྔོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ སྔོན་ཚེ་བདག་ཉིད་པདྨ་ཐོད་ཕྲེང་དང༔ སློབ་མའི་དམ་པ་དཔལ་གྱི་སེང་གེ་ཡིས༔ ཁ་ལ་ཤོད་དང་བོད་ཡུལ་སྦས་གནས་སུ༔ པདྨ་དབང་གི་དལ་དུ་བཀར་བཏགས་པའི༔ དམ་ཚིག་གཉན་པོ་བསྐུལ་གྱིས་གཏོར་མཆོད་བཞེས༔ མཐའ་བཞིའི་དམག་ཟློག་རིམས་དང་དལ་ཡམས་ཆོད༔ ཆར་ཆུ་དུས་འབབ་ལོ་ཕྱུགས་སྲིད་རྣམས་འཕེལ༔ ཟག་མེད་
འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི༔ སྨིན་གྲོལ་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ ཨོཾ་ལ་ལཱ། ལེ་ལེ། ཏཾ་ཏཾ། ཏེ་ཏེ་ཁ་རཀྨ། མ་མ་སྲིཾ་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི། བཞི་པ་རྟ་བྲོ་བྱ་བ་ནི། གཏོར་གཞོང་གི་འོག་ཏུ་ལོག་པར་འདྲེན་པ་ཐམས་ཅད་མནན་པར་བསྒོམས་ལ། ཧཱུྃ༔ བདག་ཉིད་རྟ་ཡི་བརྟུལ་ཞུགས་ཀྱིས༔ ཐབས་ཤེས་གཉིས་མེད་རོལ་པ་ལས༔ རྡོ་རྗེའི་བྲོ་བརྡུང་ཆེམས་སེ་ཆེམ༔ ཧཱུྃ་ཕེཾ་ང་རོ་དི་རི་རི༔ ཁམས་གསུམ་ཡོངས་སྒྲོལ་དཀྱིལ་འཁོར་དུ༔ ཡེ་ཤེས་ཁྲོ་ཚོགས་འཁྲུགས་པ་རྣམས༔ གཟུང་འཛིན་བསྒྲལ་བའི་ལས་བྱས་པས༔ མ་ཏྲཾ་མནན་པའི་ཆོ་ག་རྫོགས༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟམ་བྷ་ཡ་ནན༔ ལྔ་པ་དངོས་གྲུབ་བླང་བ་འདིའི་ཁོངས་སུ་རང་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་ཚེའི་དབང་བླང་བ་སྤྲོ་ན་བྱ་སྟེ་ལས་བུམ་གྱིས་ཁྲུས་བྱ། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། མཎྜལ་མེ་ཏོག་དང་བཅས་པ་ཕུལ་ནས་གསོལ་བ་གདབ་པ་ནི། ཨེ་མ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དགོངས༔ བདག་གཞན་འཆི་མེད་ཐོབ་བྱའི་ཕྱིར༔ ཚེ་ཡི་དབང་དང་དངོས་གྲུབ་སྩོལ༔ ལན་གསུམ། སྤྲོ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ཞེས་པའི་རྒྱུན་བཤགས་ཀྱང་ལན་གསུམ་བྱ། རང་ཉིད་སྐད་ཅིག་གིས་གར་དབང་རྩ་གསུམ་དྲིལ་སྒྲུབ་ཏུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་བ་ཅན་པདྨ་འོད་སོགས་དག་
པའི་ཞིང་རབ་འབྱམས་ནས་བསྒོམ་པ་ཅི་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བདག་ལུས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཅེས་མོས་ལ་སྤོས་དུད། ཌ་དྲིལ་འཁྲོལ། སྔགས་ཀྱི་མཇུག་ཏུ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱཿ བཏགས་པ་མང་དུ་བརྗོད། སུ་པྲ་ཏིཥྛ་བརྗོད་པས་བརྟན་པར་བྱའོ། །དཀྱིལ་འཁོར་གྱི་གཙོ་བོ་ལས་རྒྱལ་ཐེབས་པདྨའི་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་ཞིག་སྤྲོས་པ་དེས་དབང་བསྐུར་གྱི་བྱ་བ་རྣམས་མཛད་པར་མོས་ལ། ཧཱུྃ༔ བདེ་གཤེགས་ཚེ་ཡི་གསང་བའི་ཕོ་བྲང་མཆོག༔ བཀྲ་ཤིས་རིན་ཆེན་བུམ་པ་རྒྱན་ལྡན་པ༔ ནང་ན་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ གཉིས་མེད་བདུད་རྩིའི་ཆུ་ཡིས་དབང་བསྐུར་བས༔ ལས་དང་ཉོན་མོངས་བག་ཆགས་དྲི་མ་བཀྲུས༔ ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་སཏྭཾ༔ བུམ་པ་སྤྱི་བོར་བཞག་ཅིང་ཚེ་ཆུ་མྱང་། ཧཱུྃ༔ དུང་ཆེན་བདེ་བ་ཆེན་པོའི་སྣོད་ནང་དུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཛ་གད་སྨན༔ རྩ་གསུམ་ལྷ་ཚོགས་མཉམ་སྦྱོར་བྱང་ཆུབ་སེམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྩ་ཁམས་མདུད་གྲོལ་ཡེ་ཤེས་རྩ་ཁ་བྱེ༔ བདེ་སྟོང་གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གུ་ཧྱ་ཨ་བྷི་ཥིཉྩ་སཏྭཾ༔ ཐོད་པ་བདུད་རྩི་དང་བཅས་པ་མགྲིན་པར་བཞག་ཅིང་བདུད་རྩི་མྱང་། ཧཱུྃ༔ འབྲུ་
བཅུད་དམ་རྫས་སྦྱར་བ་ཚེའི་བཅུད་ལེན༔ ཐབས་ཤེས་ཟུང་འཇུག་མྱང་གྲོལ་རིལ་བུ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མྱང་སྟོང་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་སཏྭཾ༔ ཚེ་རིལ་སྙིང་གར་རེག་ཅིང་མྱོང་། ཧཱུྃ༔ ཕྱི་ལྟར་དམ་རྫས་རྫས་མཆོག་ཉི་ཤུ་ལྔ༔ ནང་ལྟར་བ་ལིཾ་བུམ་གཟུགས་ལྷའི་གཞལ་ཡས༔ གསང་བ་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་དང་འཛད་མེད་ཟས་ནོར་སོགས༔ ཡོན་ཏན་རེ་བ་སྐོང་བའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གུ་ཎ་ཨཱ་ཡུཿསིདྡྷི་ཚེ་བྷྲཱུཾ༔ ཚེ་གཏོར་སྤྱི་བོར་བཞག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག༔ ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག༔ ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག༔ ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ མདའ་དར་གཡབ་ཅིང་ལུས་ཀྱི་གནས་གསུམ་དུ་རེག །ཧཱུྃ༔ བདེ་གཤེགས་ཚེ་ཡི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་རྒྱས་བཏབ་བོ༔ འཆི་མེད་རྡོ་རྗེའི་སྲོག་ཏུ་གྲུབ་ནས་ཀྱང༔ འགྱུར་མེད་རྡོ་རྗེ་གཡུང་དྲུང་ཚེ་ཐོབ་ཤོག༔
ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ཨ་བྷི་ཥིཉྩ་སཏྭཾ༔ ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། ཞེས་སོགས་ཀྱི་ཤིས་བརྗོད་ཀྱང་ཅི་རིགས་བྱ་ཞིང་གཏང་རག་གི་མཎྜལ་ཀྱང་དབུལ་ལོ། །ཚེའི་བདག་འཇུག་བླང་བ་འདི་བྱས་ཕྱིན་དངོས་གྲུབ་ལེན་ཆོག་ཟུར་དུ་མ་བྱས་ཀྱང་ཆད་སྐྱོན་མེད་ལ་བསྡུས་པའི་ཚེ་དངོས་གྲུབ་ལེན་ཆོག་ཁེར་རྐྱང་བྱ་བ་ནི། ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ བདེ་གཤེགས་རྩ་གསུམ་ཞི་ཁྲོ་ཐུགས་དམ་ཅན༔ གར་གྱི་དབང་ཕྱུག་བཅོམ་ལྡན་ཚེ་དཔག་མེད༔ ཚེ་ཡི་གསང་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་ནི༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ འབད་མེད་ལྷུན་གྲུབ་དངོས་གྲུབ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རེ་སྐོང་ཡོན་ཏན་དངོས་གྲུབ་བསྩལ་དུ་གསོལ༔ འགྲོ་འདུལ་འཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧོ༔ སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ཅིང་ལོངས་སྤྱོད་པ་སྟེ་གཞུང་གི་དགོངས་
པ་ལ་ནི་འདི་ཙམ་ལས་བདག་འཇུག་ལེན་པ་ཆེད་དུ་གསུངས་པ་མེད་ལ་བཀག་པ་ཡང་མ་མཆིས་སོ། །དྲུག་པ་བཟོད་པར་གསོལ་བ་ནི། སྔགས་ཙམ་གྱིས་མཆོད། ཨཱ་ལི་ཀཱ་ལི་དང་ཡིག་བརྒྱ་སྦྲེལ་བ་ལན་གསུམ་བཟླས་པའི་མཐར། ཧཱུྃ༔ བདེ་གཤེགས་རྩ་གསུམ་དཀྱིལ་འཁོར་དུ༔ ཆོ་ག་ལྷག་ཆད་ཉམས་པ་དང༔ མ་ངྷལ་མཆོད་ཚོགས་ཆུང་བ་དང༔ ལྟ་སྒོམ་ཏིང་འཛིན་བྱིང་རྨུགས་སོགས༔ ཉེས་ལྟུང་ཐམས་ཅད་མཐོལ་ལོ་བཤགས༔ ཕྱིན་ཆད་སྒྲིབ་པར་མི་འགྱུར་བར༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ བདུན་པ་གཤེགས་ཤིང་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་རང་བཞིན་ཀློང་དུ་གཤེགས༔ སེམས་ཀྱི་སྒྱུ་འཕྲུལ་ཙམ་དུ་སྣང་བའི་དལ༔ མི་དམིགས་གདོད་མའི་སྟོང་ཆེན་ངང་དུ་ཐིམ༔ སྐྱེ་བ་མེད་ལས་སྐྱེ་བའི་ཚུལ་དུ་སླར༔ འགག་མེད་རང་རྩལ་གློ་བུར་ལྷ་རུ་ལྡང༔ ས་མཱ་དྷི་ཧཱུྃ༔ རྡུལ་ཚོན་དགོས་འདོད་འབྱུང་བའི་རིན་པོ་ཆེའི་ཕུང་པོར་གྱུར་པར་མོས་ལ་རིན་པོ་ཆེའི་བུམ་པར་བསྩལ་ཞིང་ཆུ་ཀླུང་ཆེན་པོར་དོར། ཨ་ཀཱ་རོ་བརྗོད་པས་ཐིག་ཤུལ་རྣམས་དྲི་བཟང་པོའི་ཆུས་དབྱི་ཞིང་སྒྲུབ་རྫས་མཆོད་པའི་རས་མ་རྣམས་དབེན་པར་བསྡུའོ། །བརྒྱད་པ་སྨོན་ལམ་གདབ་པ་ནི། ཧོ༔ བདག་ཅག་རྡོ་རྗེ་སློབ་དཔོན་དང༔ ཚོམ་བུ་གཅིག་ཏུ་འདུས་པ་རྣམས༔ རྡོ་རྗེ་འདའ་དཀའ་གཉན་གྱིས་སྦྲེལ་བ་དང༔ ཚེ་ཡི་མ་དྷལ་གསང་བའི་ཕོ་བྲང་དུ༔ འཇའ་ལུས་རྡོ་རྗེའི་སྲོག་ཏུ་བསྒྲུབས་པ་དེས༔ ཁམས་གསུམ་འོད་
སྐུར་ཡོངས་སྒྲོལ་ཕྱིར་དུ་བསྔོ༔ དགུ་པ་ཤིས་པ་བརྗོད་པ་ནི། ཧཱུྃ༔ ཐུགས་རྗེའི་བྱིན་རླབས་མྱུར་སྩོལ་བའི༔ བླ་མ་བརྒྱུད་པའི་བཀྲ་ཤིས་ཤོག༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས༔ བདེ་གཤེགས་ཞི་ཁྲོའི་བཀྲ་ཤིས་ཤོག༔ བར་ཆད་ཀུན་སེལ་འཕྲིན་ལས་སྒྲུབ༔ མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག༔ འཇའ་ལུས་རྡོ་རྗེའི་སྲོག་རྩ་སྒྲུབ༔ རྫོགས་པ་ཆེན་པོའི་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་པས་མཐའ་བརྒྱན་པར་བྱའོ། །བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་མཆོག་གི་སྣང་བ་ཞེས་པ་འདི་ནི། དགའ་ཆགས་ནས་དད་ལྡན་མིའི་དབང་པོ་ལྷ་དབང་རྣམ་པར་རྒྱལ་བའི་སྡེས་དྲི་བཟང་གི་སྡོང་པོ། སྣ་ལྔའི་ལྷ་རྫས་ཡུག་དང་བཅས་ཏེ་བསྐུལ་བར་མཛད་པ་ལྟར། དྷརྨཱ་སྭ་མིས་ཆོས་སྡིངས་རྒྱལ་བའི་རི་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི་རྭ་སྟོན་འཇམ་དཔལ་གྱིས་བགྱིས་པ་སྟེ། འགྲོ་ཀུན་འཆི་བ་མེད་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག། །།